Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 72

Văn bản gốc(Tây Tạng)

Trang 13 / 21 (50.000 ký tự/trang)
་བཞུགས་པ། པདྨའི་གདན་ལ་བཞུགས་པའོ། །ཏདྱ་ཐཱ་ཞེས་བྱ་བ་ནི་འདི་ལྟ་སྟེ། མི་མཇེད་ཀྱི་བདག་པོ་ཚངས་པས་སྨྲས་ཤིང་རྗེས་སུ་
ཡི་རང་བའི་རིག་སྔགས་ཀྱི་གསང་སྔགས་བལྟ་བའོ། །རིག་སྔགས་ཀྱི་གསང་སྔགས་ནི་ཧི་ལི་ཧི་ལི་མི་ལི་ལ་སོགས་པའོ། །དུག་བཅོམ་མོ་དུག་ངེས་པར་བཅོམ་མོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་གསང་སྔགས་ཀྱི་གཟི་བརྗིད་ཀྱིས་ནང་གི་དུག་གསུམ་དང་། ཕྱིའི་དུག་
གསུམ་བཅོམ་མོ། །ནང་གི་དུག་གསུམ་ནི་གཏི་མུག་ཞེ་སྡང་འདོད་ཆགས་སོ། །ཕྱིའི་དུག་གསུམ་ནི་བསྡད་པ་དང་འགྲོ་བ་དང་། བྱས་པའི་དུག་གོ། །གཏི་མུག་ནི་གློ་བུར་གྱི་རྐྱེན་གྱིས་ཤེས་པ་བཀག་ནས་ཡེ་ཤེས་མི་འཆར་བ་སྟེ། དེས་གཏི་མུག་ཡིན་ནོ། །དེ་ཉེ་བར་གཞག་པས་

གཏི་མུག་གི་རྐྱེན་གྱིས་ཞེ་སྡང་དྲག་པོ་འབྱུང་ངོ་། །ཞེ་སྡང་གི་རྐྱེན་གྱིས་ཁམས་གསུམ་འདོད་པའི་རང་བཞིན་གྱིས་འདོད་ཆགས་དྲག་པོ་བྱུང་སྟེ། འདོད་ཆགས་དེས་ཡང་ནས་ཡང་དུ་དམྱལ་བ་དང་བྱོལ་སོང་དང་ཡི་དགས་སུ་སྐྱེ་བའོ། །དེ་ནི་ནང་གི་དུག་གསུམ་མོ། །
ཕྱིའི་དུག་གསུམ་ནི་བསྡད་པའི་དུག་ཡིན་ཏེ། བཙན་དུག་ལ་སོགས་པའི་དུག་གིས་གསོད་པ་དང་། བརྒྱལ་བ་དང་། སྨྱོ་བ་དང་། འགས་པ་དང་། ཆུ་བུར་དང་། ལོང་བ་དང་། ལྕེ་ལྐུགས་པ་དང་། འོན་པ་དང་། རེངས་པ་ལ་སོགས་པའོ། །འགྲོ་བའི་དུག་ནི། བསམས་པ་
དང་། རེག་པ་དང་། ཁ་རླངས་སོ། །དེས་ནི་རླུང་དང་། བད་ཀན་དང་། མཁྲིས་པ་དང་། ཆུ་སེར་བཞི་གཏོང་བར་ནུས་སོ། །དངོས་པོ་ཡོད་པའི་དུག་ནི་རེག་པ་དང་། ཁ་རླངས་དང་། མཆེ་བའི་དུག་གོ། །དེས་ཀྱང་ཤི་བ་དང་། རྒས་པ་དང་། རེངས་པ་དང་། ཆུ་བུར་དང་།
ལྕེ་ལྐུགས་པ་དང་། མིག་མི་མཐོང་བ་དང་། འོན་པ་དང་། ལུས་རེངས་པ་དང་། དེ་ལ་སོགས་པ་གཏོང་ནུས་པའོ། །དངོས་པོ་མེད་པའི་དུག་ནི་བསམ་པ་དང་མཐོང་བའི་དུག་ཡིན་ཏེ། བསམ་པས་གནོད་པ་ནི་སྟོང་ཕྲག་བརྒྱད་ཁྲི་ཙམ་གྱི་བར་ནས་ཀྱང་གནོད་པ་སྐྱེལ་ནུས་པའོ། །མཐོང་
བའི་དུག་ནི་དཔག་ཚད་ལྔ་ནས་ཀྱང་མཐོང་ངོ་། །དེ་གཉིས་ཀྱང་རླུང་བད་ཀན་མཁྲིས་པ་ཆུ་སེར་གྱི་རང་བཞིན་དུ་ཡོད་པ་དེ་ཡང་ས་བདག་གི་ནད་མཛེ་རིགས་མི་གཅིག་པ་བཅོ་བརྒྱད་གཏོང་ནུས་པའོ། །དེ་རྣམས་ཀྱང་ཤུ་བ་དང་། གཡའ་བ་དང་། མཛེ་དང་། ཕོལ་མིག་དང་། གཡན་པ་
དང་། མེ་དབལ་དང་། ལྷོག་པ་དང་། དམུ་ཆུ་དང་། ཆུ་བུར་དང་། འབྲུམ་བུ་དང་། ཤ་བཀྲ་དང་། མཛེར་པ་དང་། སྐྲངས་པ་དང་། གློ་དང་། གཅོང་དང་། ལྦ་བ་དང་། མིག་ཚགས་དང་། ལིང་ཐོག་དང་། གག་པ་དང་ངོ་། །དེ་ཡང་དེ་རྣམས་ཀྱིས་གཏོང་ངོ་། །གཞན་གྱི་ནད་
ཀྱང་ཀླད་པ་ན་བ་ལ་སོགས་པ་ནད་རིགས་མི་གཅིག་པ་ཉི་ཤུ་རྩ་བཞི་གཏོང་ནུས་པའོ། །རིམས་ལ་ཡང་དེ་བཞིན་ནོ། །དུག་དེས་ཀྱང་ཤི་བ་དང་། གས་པ་དང་། རེངས་པ་དང་། ལོང་བ་དང་། ལྕེ་ལྐུགས་པ་དང་། འོན་པ་དང་། རྐང་ལག་ཞ་བ་དང་། དེ་རྣམས་ལ་སོགས་པ་ལུས་

ཀྱི་ན་ཚ་དྲག་པོ་འབྱུང་བའོ། །བསམ་པའི་དུག་ཅན་དང་། མཐོང་བའི་དུག་ཅན་གྱིས་ནི་ལོ་བདུན་བར་དུ་ཕྱིར་འཕང་ངོ་། །དེ་ནི་དངོས་སུ་མེད་པའི་དུག་གོ། །དེ་ལ་བྱེད་པའི་དུག་ནི། ཕྱི་དུག་ནག་པོ་དང་། རིན་པོ་ཆེ་དབྱིག་དུག་དང་། བདུད་རྩི་ལས་བྱུང་བའི་དུག་ལ་སོགས་པའོ། །སྦྱོར་
བའི་དུག་དེ་ནི་བསམ་གྱིས་མི་ཁྱབ་པའོ། །ཕྱི་དུག་ནག་པོ་ནི། དངུལ་ཆུ་དང་སྤུ་དུག་ལས་བྱུང་བའོ། །རིན་པོ་ཆེ་དབྱིག་དུག་ནི་གསེར་དངུལ་ཟངས་ལས་བྱུང་བའོ། །བདུད་རྩི་དུག་ནི་སྦྲང་རྩི་དང་། མར་དང་། འཁར་བ་ལས་བྱུང་བའོ། །དེས་ཀྱང་མཛེ་དང་ཕོལ་མིག་ལ་སོགས་
པ་གཏོང་ནུས་པ། ཚ་བ་དང་། གྲང་བ་དང་། ཚིགས་གཞི་ན་བ་དང་། ཕྱི་ན་བ་དང་། ནང་ན་ན་བ་དང་། ཤི་བ་དང་། སྨྱོ་བ་དང་། རེངས་པ་དང་། ལོང་བ་དང་། འོན་པ་དང་། ལྕེ་ལྐུགས་པ་དང་། མཁྲིས་པའི་རང་བཞིན་དུ་འདར་བ་དང་། ཕོ་བ་ལ་སོགས་པ་ན་ནུས་པའོ། །
རིག་སྔགས་དེས་ནི་དེ་ལྟ་བུའི་དུག་བཅོམ་མོ། །སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་དུག་བཅོམ་མོ་ཞེས་བྱ་བ་ནི། རྒྱུ་མེད་པའི་རང་བཞིན་ངོ་བོ་ཉིད་དང་བྲལ་བ་ནམ་མཁའ་ལྟ་བུའོ། །དེ་ལྟ་བུའི་ངོ་བོ་ཉིད་ཀྱིས་མེ་ལོང་གི་གཟུགས་བརྙན་དང་། སྨིག་རྒྱུ་དང་ཆུའི་ཟླ་བ་བཞིན་དུ་
གནས་སོ། །དེའི་ངང་ལས་འཇིག་རྟེན་ཁམས་སུ་ཁྱབ་པ་ལས་དང་བག་ཆགས་ཞེས་བྱ་བ་བཅོམ་ནས། སེམས་ཅན་རྣམས་ལ་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། ལུས་ངག་ཡིད་གསུམ་སངས་རྒྱས་ནས་བདུད་བཞི་བཅོམ་པའོ། །དེ་ལྟ་བུའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །
རང་སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་དུག་བཅོམ་མོ་ཞེས་བྱ་བ་ནི། རང་སངས་རྒྱས་ཀྱི་གཟི་བརྗིད་ནི་ལྷག་མཐོང་གཉིས་ཡིན། ལྷག་མ་ནི་སྟོང་པ་ཉིད་དུ་བསྒོམ་པ་མཐོང་བ་ནི་ལུས་ཀྱི་བྱ་བ་བསྟན་ནས་སེམས་ཅན་རྣམས་ལ་བསྟན་པའོ། །དེ་གཉིས་ཀྱི་བདེན་པའི་གཟི་བརྗིད་ཀྱིས་རང་
སངས་རྒྱས་ཀྱིས་དུག་བཅོམ་མོ། །དགྲ་བཅོམ་པའི་གཟི་བརྗིད་ཀྱིས་དུག་བཅོམ་མོ་ཞེས་བྱ་བ་ནི། དགྲ་ནི་བདུད་བཞི་སྟེ། བདུད་བཞི་ནི་མ་རིག་པའོ། །མ་རིག་པ་ནི་འཁོར་བའོ། །དེ་ལྟ་བུའི་འཁོར་བའི་དགྲ་བཅོམ་སྟེ། དེའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །ཕྱིར་མི་འོང་བའི་གཟི་

བརྗིད་ཀྱིས་དུག་བཅོམ་མོ་ཞེས་བྱ་བ་ནི་རང་གི་དོན་ལ་གཞན་གྱི་དོན་མི་བྱེད་པ་ནི་ཕྱིར་མི་ལྡོག་པ་རྣམས་སོ། །དེ་རྣམས་ནི་འགོག་པའི་རང་བཞིན། དེའི་གཟི་བརྗིད་ཀྱིས་དུག་བཅོམ་པའོ། །ལན་ཅིག་ཕྱིར་འོང་བའི་གཟི་བརྗིད་ཀྱིས་དུག་བཅོམ་མོ་ཞེས་བྱ་བ་ནི། ཅུང་
ཟད་ཙམ་སེམས་ཅན་གྱི་དོན་བྱེད་པ་སྟེ། བག་ཆགས་ཀྱི་སྒྲིབ་པ་བཅོམ་ནས་ཤེས་བྱ་ཙམ་གནས་པའོ། །དེ་ལྟ་བུའི་གཟི་བརྗིད་ཀྱིས་ཀྱང་དུག་བཅོམ་མོ། །རྒྱུན་དུ་ཞུགས་པའི་གཟི་བརྗིད་ཀྱིས་དུག་བཅོམ་མོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་རང་བཞིན་སེམས་ཅན་རྣམས་
ཀྱི་དོན་བྱེད་པ་མི་དམིགས་པའི་སྙིང་རྗེ་སྐྱེ་བའོ། །དེ་ལྟ་བུའི་གཟི་བརྗིད་ཀྱིས་དུག་བཅོམ་པའོ། །བདེན་པར་སྨྲ་བའི་གཟི་བརྗིད་ཀྱིས་དུག་བཅོམ་མོ་ཞེས་བྱ་བ་ནི། འདས་པའི་སངས་རྒྱས་རྣམས་དང་མ་འོངས་པ་རྣམས་དང་། ད་ལྟར་བྱུང་བ་རྣམས་ཀྱིས་ཀྱང་བཀའ་བདེན་པར་
སྨྲ་བ་གཞན་ཡང་འཇིག་རྟེན་པ་དྲང་སྲོང་རྣམས་ཀྱི་བཀའ་བདེན་པའོ། །དེའི་གཟི་བརྗིད་ཀྱིས་ཀྱང་དུག་བཅོམ་པའོ། །ཚངས་པའི་བེ་ཅོན་གྱི་གཟི་བརྗིད་ཀྱིས་དུག་བཅོམ་མོ་ཞེས་བྱ་བ་ནི། ཚངས་པའི་བེ་ཅོན་ནི་དབྱུ་གུ་གསུམ་ཡིན་ཏེ་དབྱུ་གུ་གཅིག་ནི་སྐུ་བརྟག་པ། གཉིས་པ་
གསུང་བརྟག་པ། གསུམ་པ་ནི་ཡིད་བརྟག་པའོ། །དེ་གསུམ་ནི་ཁམས་གསུམ་གྱི་རང་བཞིན་དེ་ལྟ་བུའི་བདེན་པའི་གཟི་བརྗིད་ཀྱིས་དུག་བཅོམ་པའོ། །དབང་པོའི་རྡོ་རྗེའི་གཟི་བརྗིད་ཀྱིས་དུག་བཅོམ་མོ་ཞེས་བྱ་བ་ནི་དབང་པོའི་རྡོ་རྗེ་ནི་གང་ལ་འཕངས་པའི་སར་དགྲ་རྣམས་འདུལ་
ཞིང་སླར་རང་གི་ལག་ཏུ་འོང་བའོ། །དེ་ལྟ་བུའི་གཟི་བརྗིད་ཀྱིས་ཀྱང་དུག་བཅོམ་པའོ། །ཁྱབ་འཇུག་གི་འཁོར་ལོས་དུག་བཅོམ་མོ་ཞེས་བྱ་བ་ནི། ས་འོག་ས་སྟེང་ས་བླ་གསུམ་ལ་འཕངས་པ་ཙམ་གྱིས་འཁོར་ལོ་དེས་དབང་མཛད་དེ། འཇིག་རྟེན་གསུམ་གྱི་དབང་ཕྱུག་ཏུ་
གྲགས་པའོ། །དེ་ལྟ་བུའི་གཟི་བརྗིད་ཀྱིས་དུག་བཅོམ་པའོ། །མེ་དབལ་གྱི་དུག་བཅོམ་མོ་ཞེས་བྱ་བ་ནི། མེ་ནི་ཚ་བ་དང་སྲེག་པར་ནུས་པ། དེས་ཀྱང་འཇིག་རྟེན་གྱི་ཁམས་སྲེག་པར་ནུས་པ་དེ་ལྟ་བུའི་གཟི་བརྗིད་ཀྱིས་ཀྱང་དུག་བཅོམ་པའོ། །ཆུ་ལྷའི་ཞགས་པས་དུག་བཅོམ་

མོ་ཞེས་བྱ་བ་ནི་ཆུ་ལྷའི་ཞགས་པ་ནི་སྦྲུལ་ཞགས་ཡིན་ཏེ་དེ་ནི་ཀླུ་རིགས་བཞིའི་རང་བཞིན་དུག་བཞིའི་གནས་པ་བཅིང་བར་ནུས་པ་དུག་གིས་དུག་བཅོམ་པའོ། །ལྷ་མ་ཡིན་གྱི་སྒྱུས་དུག་བཅོམ་མོ་ཞེས་བྱ་བ་ནི་ལྷ་མ་ཡིན་རེ་རེས་བྱེ་བ་དུང་ཕྱུར་ཙམ་དུ་སྤྲུལ་ནུས་སོ། །ཇི་ལྟར་སྤྲུལ་ཞེ་ན།
གླང་པོ་ཆེ་དང་རྟ་དང་དེ་ལ་སོགས་པ་གཟུགས་སྣ་ཚོགས་སྟོན་ནུས་པ། །འཇིག་རྟེན་ཁམས་ལ་སྒྱུ་མ་བྱས་པའོ། །ཀླུའི་རིག་པས་དུག་བཅོམ་མོ་ཞེས་བྱ་བ་ནི། ཕན་བྱ་དང་གནོད་བྱེད་དོ་ཤེས་པ་ཚེ་ཕྱི་མ་ལ་སྐྱེ་བ་བདུན་དུ་རིག་པ་དྲན་པའོ། །དྲག་པོའི་མདུང་རྩེས་དུག་བཅོམ་མོ་
ཞེས་བྱ་བ་ནི་དེ་ཡང་རྩེ་གསུམ་དུ་གནས་པས་ཏེ་དེ་ཁམས་ཀྱི་རང་བཞིན་སྲིད་པའི་ཀླུའི་རིག་པས་དུག་བཅོམ་མོ། །སྐེམ་བྱེད་ཀྱི་མདུང་ཐུང་གིས་དུག་བཅོམ་མོ་ཞེས་བྱ་བ་ནི་དེ་ནི་མདུང་རྩེ་གསུམ་ཡིན་ཏེ། དེ་འཕངས་པ་ཙམ་གྱིས་འཇིག་རྟེན་ཁམས་ཙམ་འཇིག་པར་བྱེད་པའོ། །དེས་ཀྱང་
དུག་ངེས་པར་བཅོམ་མོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོས་དུག་བཅོམ་མོ་ཞེས་བྱ་བ་ནི་ཕྱིའི་རིག་སྔགས་དང་། ནང་གི་རིག་སྔགས་སོ། །ཕྱིའི་རིག་སྔགས་ནི་ཀུན་རྫོབ་ཀྱི་རང་བཞིན་ཐབས་ལྟ་བུའོ། །ནང་གི་རིག་པ་ནི་ཡེ་ཤེས་ཀྱི་རང་བཞིན་ནམ་མཁའ་ལྟ་བུའོ། །
སྔགས་ནི་སེམས་ཅན་རྣམས་ལ་ཕན་པར་བྱེད་ཅིང་སྲུང་བ་དང་སྐྱོབ་པར་བྱེད་པའོ། །དེ་ལྟ་བུ་ཡང་སྒྱུ་མ་ལྟ་བུ་སྟེ། འཇིག་རྟེན་ཁམས་མི་རྟག་པར་གནས་པའོ། །དེ་ནི་དུག་ཐམས་ཅད་ཀྱི་གཉེན་པོ་འབྱུང་པོ་ཐམས་ཅད་ཀྱི་གཙོ་མོ། །སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་ཐམས་ཅད་ཀྱི་ཡུམ་དུ་གནས་པའོ། །དེ་ལྟ་བུའི་གཟི་བརྗིད་ཀྱིས་ཀྱང་དུག་བཅོམ་པའོ། །དུག་ངེས་པར་བཅོམ་མོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བདེན་པ་དང་། རིག་སྔགས་ཀྱི་གསང་སྔགས་ཀྱི་གཟི་བརྗིད་ཀྱིས་དུག་ཀྱང་ངེས་
པར་བཅོམ་མོ། །དུག་སའི་ནང་དུ་སོང་ཤིག་ཅེས་བྱ་བ་ནི་ས་ནི་ཡུམ་ལྟ་བུ་སྟེ། དུག་གི་འབྱུང་བ་ནི་ས་ཡིན་ཏེ་ས་དེས་ཀྱང་དུག་སེལ་བ་དུག་གི་ནུས་པ་མེད་པར་བྱེད་པའོ། །བདག་དུག་ཐམས་ཅད་དང་ཞེས་བྱ་བ་ནི་བདག་དང་སེམས་ཅན་ཐམས་ཅད་ལ་གཟི་བརྗིད་དེ་རྣམས་

ཀྱིས་དུག་བཅོམ་མོ། །དུག་ངེས་པར་བཅོམ་མོ། །བེའུ་ལྟ་བུའི་ལྟེ་བའི་དུག་དང་ཞེས་བྱ་བ་ནི་དེ་ལ་གཉིས་ཡོད་དེ་ནག་པོ་མི་སྲུན་པའི་སྡིག་པ་དང་། རྒྱལ་པོ་ལྟ་བུའི་སྡིག་པའོ། །ནག་པོ་མི་སྲུན་པའི་སྡིག་པ་ནི་མཇུག་མ་དང་ལྟེ་བ་ལ་ཡོད་པའོ། །རྒྱལ་པོ་ལྟ་བུའི་
སྡིག་པའི་དུག་ནི་རེག་པའི་དུག་བཞིན་དུ་ལུས་ཐམས་ཅད་དུག་ཏུ་ན་བའོ། །དེ་གཉིས་ཀྱང་ལོ་གཅིག་ལོན་ནས་མདུད་པ་རེ་རེར་སྐྱེ་བའོ། །དེ་གཉིས་ཀྱི་མདོག་ཀྱང་དམར་པོ་དང་། ནག་པོར་སྣང་བའོ། །ཧ་ལ་ཧ་ལའི་དུག་དང་ཞེས་བྱ་བ་ནི། དེ་ནི་འཇིག་རྟེན་གྱི་ལྷ་རྣམས་ཀྱི་དུག་ཡིན་ཏེ།
དེ་ཡང་མཐོང་བའམ་རེག་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་སྲེག་ནུས་པའོ། །ནག་པོ་བརྩེགས་པའི་དུག་དང་ཞེས་བྱ་བ་ནི། དེ་ལ་གཉིས་སུ་ཡོད་དེ། ནང་གི་དུག་གསུམ་བརྩེགས་པ་དང་། ཕྱིའི་དུག་གསུམ་བརྩེགས་པའོ། །ནང་གི་དུག་བརྩེགས་པ་ནི་གཏི་མུག་དང་འདོད་
ཆགས་དང་ཞེ་སྡང་ངོ་། །དེའི་ངང་ལས་སེར་སྣ་དང་། ཕྲག་དོག་ཀྱང་བརྩེགས་པའོ། །ཕྱིའི་དུག་ནི་བསྡད་པ་དང་། འགྲོ་བ་དང་། བྱེད་པའི་དུག་བརྩེགས་པའོ། །ཡང་ན་ནག་པོ་བརྩེགས་པའི་དུག་ནི་འཇིག་རྟེན་པའི་ལྷ་རྣམས་ཀྱིས་མི་ཐུབ་པ་ལྷ་དང་ལྷ་མ་ཡིན་ལ་སོགས་པ་
ལས་བྱུང་བ། ཀླུའི་རྒྱལ་པོ་སྤྱན་མི་བཟང་གི་མིག་ལས་བཏང་བ་མིག་ལོང་བར་གྱུར་ཏེ། དེས་ན་སྤྱན་མི་བཟང་དུ་བཏགས་པའོ། །དབང་ཕྱུག་ཆེན་པོའི་ལྷས་རྣ་རྒྱན་དུ་བཏགས་པའོ། །དེ་བས་ན་ཏྲི་ཀན་ཐ་བཏགས་པའོ། །མཆེ་བའི་དུག་དང་ཞེས་བྱ་བ་ནི། ཀླུའི་ཁ་རླངས་ཀྱི་དུག་
སྦྲུལ་ལ་སོགས་པའི་སེམས་ཅན་ལས་བྱུང་བ་སྟེ། དེ་ཡང་རིགས་བཞི་ལ་གཏོགས་པའོ། །རྩ་བའི་དུག་དང་ཞེས་བྱ་བ་ནི་བཙན་དུག་ལ་སོགས་པ་ལས་བྱུང་བ་སྟེ། དེ་ནི་བསྡད་པའི་དུག་གོ། །དེ་ཡང་རྩ་བ་ལ་སོགས་པའི་དུག་གོ། །ནག་པོ་དང་། དཀར་པོ་དང་དམར་པོ་ལ་
སོགས་པ་བསམ་གྱིས་མི་ཁྱབ་པའོ། །ཕྱེ་མའི་དུག་དང་ཞེས་བྱ་བ་ནི་དེ་སྦྱོར་བའི་དུག་ལས་བྱུང་བ་སྟེ། དེ་ཡང་བསམ་གྱིས་མི་ཁྱབ་པའོ། །ལྟ་བའི་དུག་དང་ཞེས་བྱ་བ་ནི་དེ་ནི་དབང་ཕྱུག་ཆེན་པོའམ་ཀླུ་རྣམས་སམ། འབྱུང་པོའམ་གཞན་དྲང་སྲོང་ལ་སོགས་པ་སེམས་ཅན་ཕལ་ལ་

ཡོད་པའོ། །གློག་གི་དུག་དང་ཞེས་བྱ་བ་ནི། དེས་ཀྱང་སེམས་ཅན་རྣམས་ལ་འཇིགས་པ་དང་སྐྲག་པར་བྱེད་པ་སྟེ། དེས་ཤི་བ་དང་། བརྒྱལ་བ་དང་། སྙིང་ཕྱུང་བ་དང་། ན་བར་ནུས་པའོ། །སྤྲིན་གྱི་དུག་དང་ཞེས་བྱ་བ་ནི། ལྕེ་འབབ་པ་དང་། སེར་བ་འབབ་པ་དང་། ཐོག་འབབ་པ་
དང་། འབྲུག་གིས་འཇིགས་པ་དང་། དེ་རྣམས་ཀྱིས་སེམས་ཅན་ལ་གནོད་པར་བྱེད་པའོ། །སྦྲུལ་དང་ཞེས་བྱ་བ་ནི་སྦྲུལ་གྱི་རིགས་ཀྱང་རིགས་བཞི་ལས་བྱུང་སྟེ། སྦྲུལ་ནག་པོ་ནི་གདོལ་པའི་རིགས། སྔོན་པོ་དམངས་རིགས། དམར་པོ་རྗེའུ་རིགས་ཏེ། དམར་སྐྱ་རྗེའུ་
རིགས་སོ། །སེར་པོ་རྒྱལ་པོའི་རིགས་ཏེ། སེར་སྐྱ་རྒྱལ་རིགས་སོ། །དཀར་པོ་བྲམ་ཟེའི་རིགས་ཏེ། དཀར་སེར་ནི་བྲམ་ཟེའི་རིགས་སོ། །དེ་ཡང་དུག་བཞི་ཚང་བའོ། །བྱི་བ་དང་ཞེས་བྱ་བ་ནི། མཆེ་བའི་དུག་ཡིན་ཏེ། དེ་ཡང་དུག་བཞིར་འཛིན་པ། དུག་བཞིར་གནས་
པའོ། །སྲིན་བུ་ཀི་ཏ་དང་ཞེས་བྱ་བ་ནི། སེམས་ཅན་མཆུ་རིང་བ་ཕྲ་མོའི་རིགས་དེ་ཡང་མཆེ་བའི་དུག་ཅན་ནོ། །ལུ་ཏ་དང་ཞེས་བྱ་བ་ནི་སྦྲང་པོ་ཆེ་དེ་ནི་མཇུག་མ་དང་ལྟེ་བའི་དུག་ཅན་རེག་པའི་དུག་ལ་གཏོགས་པའོ། །ཀ་ན་བྷ་བ་དང་ཞེས་བྱ་བ་ནི། དེ་ཡང་ཆུ་ལ་གནས་པ་ཀུམྦྷི་
ར་དང་། ཆུ་སྲིན་ལ་སོགས་པའི་ཁ་རླངས་དང་མཆེ་བའི་དུག་གོ། །སྦལ་པ་དང་ཞེས་བྱ་བ་ནི། མཇུག་རིངས་དང་། སྦལ་པ་སྦྲུལ་མགོ་ཅན་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ནག་པོའི་རིགས་ཀྱང་ཡོད་དེ། དེ་ཡང་དུས་བཞི་དུག་བཞི་ལ་གནས་པའོ། །
སྦྲང་བུ་དང་ཞེས་བྱ་བ་ནི་ཆུའི་སྦྲང་བུ་དང་སྦྲང་བུ་སེར་པོ་དང་དེ་ཡང་དུས་ཀྱི་ཁྱད་པར་གྱིས་སྦྲང་རྩི་ལས་བྱུང་བའི་དུག་དང་། སྦྲང་བུའི་མཇུག་མ་ལས་བྱུང་བ་དང་། དེས་ཀྱང་རེངས་པ་དང་། ཤི་བ་དང་། རྒས་པར་ནུས་པའོ། །བུང་བ་ཞེས་བྱ་བ་ནི་བུང་བ་ལས་བྱུང་བའི་སྦྲང་རྒོད་ལ་
སོགས་པའོ། །བ་ཏ་རི་དང་ཞེས་བྱ་བ་ནི་བྱང་བ་ནག་པོའོ། །ཏྲེ་མ་བུ་ཀ་དང་ཞེས་བྱ་བ་ནི་དེ་ནི་སེམས་ཅན་སྲེ་མོའོ། །ཏྲཻ་ལ་ཏའི་དུག་དང་ཞེས་བྱ་བ་ནི་མཆེ་བའི་དུག་ཅན་ལ་ཁྱི་དང་སྤྱང་ཀི་དང་། སྟག་དང་དོམ་ལ་སོགས་པ་ལས་བྱུང་བའོ། །མིའི་དུག་དང་ཞེས་བྱ་བ་

ནི། རིག་པའི་ནུས་པས་སྦོད་གཏོང་དང་མ་མོ་ལ་སོགས་པའི་མཐུས་རེངས་པ་དང་ཤི་བ་དང་། སྨོད་པ་ལ་སོགས་པའི་ནུས་པའོ། །སྡིག་པའི་དུག་དང་ཞེས་བྱ་བ་ནི་སེམས་ཅན་སྡིག་པ་དང་། མི་དགེ་བའི་སྡིག་པའོ། །མི་མ་ཡིན་པའི་དུག་དང་ཞེས་བྱ་བ་ནི།
མི་མ་ཡིན་པའི་རིགས་དང་། འབྱུང་པོ་ལ་སོགས་པ་དང་། བསམ་པ་དང་། མཐོང་བ་དང་། རེག་པ་དང་། ཁ་རླངས་ཀྱི་དུག་ཅན་ནོ། །དོགས་པའི་དུག་དང་ཞེས་བྱ་བ་ནི་དེ་ཡང་རྣམ་པར་རྟོག་པའི་དུག་སྟེ། འཇིགས་པ་དང་འཚེ་བ་དང་། ཡིད་འཕྲིག་པའོ། །སྨན་
པའི་དུག་དང་ཞེས་བྱ་བ་ནི་དྲོད་བཏང་བ་བསིལ་དུ་སོང་སྟེ་བསིལ་བ་དྲོད་དུ་སོང་བའོ། །ཡང་ན་རྩེའུ་ཆུང་ལ་སོགས་པ་རྩ་ལ་ལག་ཉེས་སུ་སོང་བའོ། །རིག་སྔགས་ཀྱི་དུག་ལས་བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བ་ནི། སྔགས་དང་འཁྲུལ་འཁོར་དང་། གཤིན་རྗེ་དང་། མ་
མོ་ལ་སོགས་པའི་རིག་པའི་དམོད་མོ་ལས་བྱུང་བའོ། །བདེ་ལེགས་ནི་རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དུག་ནད་ཐམས་ཅད་བཅོམ་པ། སྡུག་བསྔལ་ཐམས་ཅད་ལས་བདེ་བའོ། །རིག་སྔགས་ཀྱི་རྒྱལ་མོ་འདི་ནི་སྟོང་གསུམ་
གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལ་སྨན་པར་གྲགས་པའོ། །དུག་ཐམས་ཅད་ལས་བདག་བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བ་ནི་དུག་རིགས་མི་གཅིག་པ་སུམ་ཅུ་རྩ་གཉིས་ལས་ཐར་པ་དང་། ཕྱིའི་དུག་དང་། ནང་གི་དུག་ཐམས་ཅད་ཀྱང་ས་ལས་
བྱུང་ཞིང་ས་ལ་སོང་བའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཞེས་བྱ་བ་ནི་ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་ལྗང་གུ་སྤྱན་གསུམ་པ་རིགས་ལྔའི་དབུ་རྒྱན་ཅན། རྒྱན་ཐམས་ཅད་ཀྱིས་
བརྒྱན་པ། ཡེ་ཤེས་ལྔ་དང་ལྡན་པ་གཡས་གཉིས་ན་རྡོ་རྗེ་དང་རལ་གྲིའོ། །གཡོན་གཉིས་ན་རྨ་བྱའི་སྒྲོ་དང་། སྦྲུལ་བསྣམས་པའོ། །ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། ཟླ་བའི་གདན་ལ་ཉི་མའི་འོད་དང་ལྡན་པའོ། །ཐབས་ཤེས་རབ་གཉིས་སུ་མེད་པ་དབུ་ལ་

རྡོ་རྗེ་རྒྱ་གྲམ་གྱིས་མཚན་པའོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྨྲས་ཤིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི་གཟི་བརྗིད་ཆེ་ཞིང་མཐུ་དང་ལྡན་པའོ། །དུག་ནད་ཐམས་ཅད་བཅོམ་པ་ལས་དང་བག་ཆགས་ཤེས་བྱའི་སྒྲིབ་པ་སེལ་བ། མ་རིག་པ་ཐམས་ཅད་ལས་རྒྱལ་བ་དེ་ལྟ་བུའི་རིག་
སྔགས་ནི་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྗེས་སུ་ཡི་རང་ཞིང་གུས་པར་བྱས་པའོ། །ལྷའི་དབང་པོ་བརྒྱ་བྱིན་ནི་ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་སེར་པོ་སྤྱན་གསུམ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་གཉིས་ན་རྡོ་རྗེ་དང་མདུང་རྩེ་གསུམ་པའོ། །གཡོན་གཉིས་
ན་གདུགས་དང་ཞགས་པ་བསྣམས་པའོ། །གླང་པོ་ཆེ་ལ་ཞོན་པའོ། །ཏདྱ་ཐཱ་ཞེས་བྱ་བ་ནི་འདི་ལྟ་སྟེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་རིག་སྔགས་ཀྱི་གསང་སྔགས་རྗེས་སུ་ཡི་རང་ཞིང་གསུངས་པ་ལ་བལྟའོ། །རིག་སྔགས་ཀྱི་གསང་སྔགས་ནི། ཛ་ལཱ་ཛན་ཏུ་ལེ་ལ་སོགས་པའོ། །
ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཞེས་བྱ་བ་ནི། ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་དཀར་མོ་སྤྱན་གསུམ་པ་རིགས་ལྔའི་དབུ་རྒྱན་ཅན་ཡེ་ཤེས་ལྔ་དང་ལྡན་པ།
རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་ན་འཁོར་ལོ་གཡོན་ན་རྨ་བྱའི་སྒྲོ་བསྣམས་པའོ། །ཞབས་ཕྱེད་སྐྱིལ་དུ་བཞུགས་སོ། །ཟླ་བའི་གདན་ལ་ཉི་མའི་འོད་དང་ལྡན་པའོ། །ཐབས་ཤེས་རབ་གཉིས་སུ་མེད་པ་དབུ་ལ་འཁོར་ལོས་མཚན་པའོ། །རྒྱལ་པོ་ཆེན་པོ་
བཞིས་སྨྲས་ཤིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི། ནད་རིགས་མི་གཅིག་པ་བཞི་བརྒྱ་རྩ་བཞི་བཅོམ་པ། བགེགས་རིགས་མི་གཅིག་པ་སྟོང་ཕྲག་བརྒྱད་ཅུ། དེའི་གཉེན་པོ་ཐབས་ཤེས་རབ་གཉིས་སུ་མེད་པ་སྟོང་པ་ཉིད་ནམ་མཁའ་ལྟ་བུའོ། །དེ་ལྟ་བུའི་རིག་
སྔགས་ནི་རྒྱལ་པོ་ཆེན་པོ་བཞིས་གསུངས་པའོ། །རྒྱལ་པོ་ཆེན་པོ་བཞིའི་སྐུ་མདོག་དང་ཕྱག་མཚན་ནི་ཞལ་གཅིག་ཕྱག་བཞི་བཞིར་གནས་པ་སྐུ་མདོག་ནི་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའོ། །ཕྱག་གཡས་པ་རྣམས་ན་གོ་རིམས་བཞིན་དུ་

འཁོར་ལོ་དང་། མདའ་དང་། དབྱུག་ཏོ་དང་། མདའ་དང་། སྦྲུལ་ཞགས་དང་། མདའ་དང་། རལ་གྲི་དང་། མདའ་དང་གཡོན་རྣམས་ན་པི་ཝང་དང་གཞུ། རིན་པོ་ཆེ་དང་གཞུ། པདྨ་དང་གཞུ། བུམ་པ་དང་གཞུ་བསྣམས་པའོ། །ཤར་ཕྱོགས་
ཞི་བར་གནས་པ་ནུབ་ཕྱོགས་ཅུང་ཟད་ཁྲོ་བ་ལྷོ་དང་བྱང་ནི་ཁྲོ་བས་ཏེ་བཞིན་མི་སྡུག་པ་པདྨའི་གདན་ལ་བཞུགས་པའོ། །དེ་རྣམས་ཀྱང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དབུ་ལ་རིམ་པ་བཞིན་དུ་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེའོ། །ཏདྱ་ཐཱ་ཞེས་བྱ་བ་
ནི་འདི་ལྟ་སྟེ། རིག་སྔགས་ཀྱི་གསང་སྔགས་ནི་རྒྱལ་པོ་ཆེན་པོ་བཞིས་གསུངས་པ་བལྟ་བའོ། །རིག་སྔགས་ཀྱི་གསང་སྔགས་ནི་ཛྭ་ལ་ཛྭ་ལ་ན་ལ་སོགས་པའོ། །སྦོད་གཏོང་དང་ཞེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དམོད་མོའོ། །གཤིན་རྗེའི་ཕོ་
ཉ་དང་ཞེས་བྱ་བ་ནི་དུས་མ་ཡིན་པར་འཆི་བའི་གློ་བུར་གྱི་འཇིགས་པའོ། །མཚན་མོ་ནག་མོ་དང་ཞེས་བྱ་བ་ནི་བདུད་ཀྱི་ཞགས་པའི་རང་བཞིན་མ་མོའི་རིགས་སོ། །དུས་ཀྱི་ཞགས་པ་དང་ཞེས་བྱ་བ་ནི་བདུད་ཀྱི་རང་བཞིན་དུས་ལས་འདྲེན་པའོ། །འཆི་བདག་གི་ཆད་པ་དང་
ཞེས་བྱ་བ་ནི་འཆི་བདག་གི་བདུད་ནི་དབང་ཕྱུག་ཆེན་པོ་སྟེ་དེའི་ཆད་པའོ། །ཚངས་པའི་ཆད་པ་དང་ཞེས་བྱ་བ་ནི་ཕུང་པོའི་བདུད་ནི་ཚངས་པ་སྟེ་དེའི་ཆད་པའོ། །དབང་པོའི་ཆད་པ་དང་ཞེས་བྱ་བ་ནི་ལྷའི་བུའི་བདུད་དེ་དེའི་ཆད་པའོ། །ཁྱབ་འཇུག་གི་ཆད་པ་དང་ཞེས་བྱ་བ་ནི་ཉོན་
མོངས་པའི་བདུད་དེ་དེའི་ཆད་པའོ། །དྲང་སྲོང་གི་ཆད་པ་དང་ཞེས་བྱ་བ་ནི་དྲང་སྲོང་ནི་མངོན་པར་ཤེས་ཤིང་རྫུ་འཕྲུལ་དང་ལྡན་ཏེ་དེའི་དམོད་མོའི་ཆད་པའོ། །ལྷའི་ཆད་པ་ལ་སོགས་པ་ནི་ལྷའི་གདོན་པ་ལ་སོགས་པ་གདོན་རིགས་མི་གཅིག་པ་རྫུ་འཕྲུལ་དང་ལྡན་པ། རྫུ་འཕྲུལ་
ཆེ་བ་ནད་རིགས་མི་གཅིག་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཉི་ཤུ་རྩ་བཞི་ཕྲག་གི་ཆད་པའོ། །རྒྱལ་པོའི་ཆད་པ་དང་ཞེས་བྱ་བ་ནི་རྒྱལ་པོའི་ཆད་པ་ནོར་དང་སྲོག་དང་ཡན་ལག་བཅད་ནས་ཆད་པ་གཅོད་པའི་འཇིགས་པའོ། །ཆོམ་རྐུན་གྱི་ཆད་པ་དང་ཞེས་བྱ་བ་ནི་ནོར་དང་སྲོག་

གི་ཆད་པའོ། །མེའི་ཆད་པ་དང་ཞེས་བྱ་བ་ནི་རང་གི་ཡུལ་དང་གཞན་གྱི་ཡུལ་དུ་འགྲོ་བའི་བར་དུ་མེས་འཇིགས་པའོ། །ཆུའི་ཆད་པ་དང་ཞེས་བྱ་བ་ནི་གཟིངས་དང་རབ་ལ་སོགས་པའོ། །ཆད་པ་ཐམས་ཅད་ལས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི་ཆད་པ་ལྔ་བཅུ་རྩ་གཉིས་ཀྱི་
འཇིགས་པ་ལས་ཐར་བར་གྱིས་ཤིག །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་གཟི་བརྗིད་ཀྱིས་ཆད་པ་དེ་རྣམས་ཀྱི་འཇིགས་པ་དང་བྲལ་བ། བདག་དང་སེམས་ཅན་རྣམས་སྡུག་བསྔལ་ལས་ཐར་བའོ། །རིག་སྔགས་འདི་ཡི་གཟི་བརྗིད་ཀྱིས། །བསམ་པའི་དུག་དང་མཐོང་བའི་དུག །རེག་པའི་དུག་དང་ཁ་
རླངས་དུག །དེ་ནི་དེ་བཞིན་ཀླུ་ཡི་དུག །དེ་ནི་འཇིག་རྟེན་ཕྱི་ཡི་དུག །འགྲོ་བའི་དུག་ཏུ་གྲགས་པའོ། །རྩ་བ་དང་ནི་ལོ་མ་དང་། །འཇིག་རྟེན་ཕྱི་ཡི་བསྡད་པའི་དུག །སྦྱོར་བ་ཡང་དག་སྨན་སྦྱོར་བ། །འཇིག་རྟེན་ཕྱིན་ཅི་ལོག་པ་སྟེ། །དེ་ནི་སྦྱོར་བའི་དུག་ཏུ་གྲགས། །སངས་རྒྱས་ཆོས་དང་དགེ་འདུན་
གསུམ། །རིག་སྔགས་གཟི་བརྗིད་ཡང་དག་གིས། །དུག་ནི་གསུམ་པོ་འཇོམས་བྱེད་པ། །དུག་ནི་ཕ་དང་མ་ཡིན་ནོ། །དུག་ནི་ས་ལ་འགྲོ་བར་འགྱུར། །རིག་སྔགས་རྒྱལ་མོ་རྨ་བྱ་ཆེན་མོ་ལས། རིག་སྔགས་ཀྱི་གཟི་བརྗིད་དང་དུག་གི་མཚན་ཉིད་བཤད་པའི་གནས་སྐབས་ཏེ་བཅོ་
ལྔ་པའོ།། །།ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའོ། །ཁྱོད་ཀྱིས་ཀླུང་གི་རྒྱལ་པོ་རྣམས་ཀྱི་མིང་ཟུང་ཤིག་ཅེས་བྱ་བ་ནི། ཁམས་གསུམ་ལ་གནས་པ། ཀླུང་གི་རྒྱལ་པོའི་གཙོ་བོ་བཞི་བཅུ་རྩ་གཅིག་ཏུ་གནས་པའོ། །
འདི་ལྟ་སྟེ་ཞེས་བྱ་བ་ནི། ཀླུང་གི་རྒྱལ་པོ་རྣམས་ཀྱི་མིང་བལྟ་བའོ། །ཀླུང་གི་རྒྱལ་པོ་གངྒཱ་དང་ཞེས་བྱ་བ་ནི། །ཤར་ཕྱོགས་ནས་གླང་པོ་ཆེའི་ཁ་ནས་འབབ་སྟེ། འདི་ནི་མཚོ་ཆེན་པོའི་ཆུ་ཞེས་བྱ་བ། གཡས་ཕྱོགས་སུ་བསྐོར་ནས། ཀླུང་ལྔ་བརྒྱ་དང་ལྷན་ཅིག་ཏུ་
ཤར་ཕྱོགས་ཀྱི་རྒྱལ་མཚོ་ཆེན་པོར་འགྲོའོ། །ཀླུང་གི་རྒྱལ་པོ་སིནྡྷུ་དང་ཞེས་བྱ་བ་ནི། ལྷོ་ཕྱོགས་ཁྱུ་མཆོག་གི་ཁ་ནས་འབབ་སྟེ། དེ་ནི་མཚོ་ཆེན་པོའི་ཆུ་ཞེས་བྱ་བ་གཡས་ཕྱོགས་ནས་བསྐོར་ནས། ཀླུང་ལྔ་བརྒྱ་དང་ལྷན་ཅིག་ཏུ་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་

འགྲོའོ། །ཀླུང་གི་རྒྱལ་པོ་པཀྵུ་དང་ཞེས་བྱ་བ་ནི་ནུབ་ཕྱོགས་ནས་རྟའི་ཁ་ནས་འབབ་སྟེ། དེ་ནི་མཚན་ཆུ་ཞེས་བྱ་བ་གཡས་སུ་བསྐོར་ནས། ཀླུང་ལྔ་བརྒྱ་དང་ལྷན་ཅིག་ཏུ་ནུབ་ཕྱོགས་སུ་རྒྱ་མཚོ་ཆེན་པོར་འགྲོའོ། །ཀླུང་གི་རྒྱལ་པོ་སཱི་ཏ་དང་ཞེས་བྱ་བ་ནི།
བྱང་ཕྱོགས་ནས་སེང་གེའི་ཁ་ནས་འབབ་པོ། །དེ་ནི་རྒྱ་མཚོ་ཆེན་པོའི་ཆུ་ཞེས་བྱ་བ་ནི། གཡས་ཕྱོགས་སུ་བསྐོར་ནས་ཀླུང་ལྔ་བརྒྱ་དང་ལྷན་ཅིག་ཏུ་བྱང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་འགྲོའོ། །བྱང་ཕྱོགས་ཁ་གུར་གྱུར་པ་ཡི། །ཆུ་མཚོ་ཡོད་དེ་གཞན་དག་ཀྱང་། །དེ་ནི་
མཚོ་ཆེན་ཆུ་ཞེས་བྱ། །ཐ་དད་རྒྱུ་རྣམས་བྱུང་ནས་ཡོད། །ཆུ་ཀླུང་གངྒཱ་སིནྡྷུ་པཀྵུ་དང་། །སཱི་ཏ་དབའ་རླབས་དབུ་བའི་ཕྲེང་བ་ཅན། །འབབ་ཅིང་ཐམས་ཅད་གསལ་བའི་ཆུ་ཡིན་ཏེ། །ཕྱོགས་བཞི་ཁོ་ར་ཁོར་ཡུག་དག་ནས་འབྱུང་། །ཆུ་ཀླུང་རབ་མཆོག་བཞི་པོ་འདི་དག་ནི། །མཆོག་
ཏུ་བཟང་ཞིང་སོ་སོར་འབབ་པ་སྟེ། །རེ་རེ་ཞིང་ཡང་ལྔ་བརྒྱར་ཁྱེར་ནས་ནི། །ཆུ་ཡི་རྒྱུན་རྣམས་རྒྱ་མཚོ་ཆེན་པོར་འགྲོ། །ཞེས་བྱའོ། །ཀླུང་གི་རྒྱལ་པོ་མདའ་འབྱུང་དང་། ཀླུང་གི་རྒྱལ་པོ་ཁྱིམ་ལྡན་དང་། ཀླུང་གི་རྒྱལ་པོ་གཤིན་རྗེ་སེལ་དང་། ཀླུང་གི་རྒྱལ་པོ་གྱ་གྱུ་དང་ཞེས་
བྱ་བ་ནི། ལྷོའི་འཛམ་བུའི་གླིང་བཞིན་དུ། ནུབ་ཀྱི་བ་ལང་སྤྱོད་ལ་ཡང་ཆུ་བོ་ཆེན་པོ་བཞི་འབབ་སྟེ། རིམ་པ་བཞིན་དུ་ཤར་དང་། ལྷོ་དང་། ནུབ་དང་། བྱང་ཕྱོགས་སོ། །གཡས་སུ་བསྐོར་ནས་ཤར་གྱི་རྒྱ་མཚོར་འབབ་པའོ་དེ་བཞིན་དུ་ལྷོ་ལ་སོགས་པ་ཡང་། ལྷོའི་རྒྱ་མཚོར་དང་།
ནུབ་ཀྱི་རྒྱ་མཚོར་དང་། བྱང་གི་རྒྱ་མཚོར་འབབ་པའོ། །འཛམ་བུའི་གླིང་བཞིན་དུ་ཆུ་ཀླུང་ལྔ་བརྒྱ་ལྔ་བརྒྱར་ཁྲིད་པའོ། །ཀླུང་གི་རྒྱལ་པོ་རྒྱས་འབབ་དང་། །ཀླུང་གི་རྒྱལ་པོ་ཞགས་བྲལ་དང་། ཀླུང་གི་རྒྱལ་པོ་ཞི་བ་འཛིན་དང་། ཀླུང་གི་རྒྱལ་པོ་ས་ལྡན་དང་ཞེས་བྱ་བ་ནི། ནུབ་ཀྱི་བ་ལང་སྤྱོད་
བཞིན་དུ། བྱང་གི་སྒྲ་མི་སྙན་ལ་ཡང་མཚོ་ཆེན་པོར་ཡོད་དེ། དེ་ལ་ཡང་ཆུ་ཆེན་པོ་ཕྱོགས་བཞིར་འབབ་སྟེ། ཤར་དང་ལྷོ་དང་། ནུབ་དང་། བྱང་དུའོ། །དེ་གཡས་ཕྱོགས་སུ་བསྐོར་ནས། རིམ་པ་བཞིན་དུ་ཤར་གྱི་རྒྱ་མཚོ་དང་། ལྷོའི་རྒྱ་མཚོ་རྒྱ་དང་། ནུབ་ཀྱི་རྒྱ་མཚོ་དང་། བྱང་གི་རྒྱ་མཚོའོ། །ཆུ་

ཀླུང་དེ་ཡང་ལྔ་བརྒྱ་ལྔ་བརྒྱ་ཁྲིད་ནས་འབབ་པའོ། །ཀླུང་གི་རྒྱལ་པོ་ཟླ་བའི་ཆ་དང་། ཀླུང་གི་རྒྱལ་པོ་དབྱངས་ཆེན་དང་། ཀླུང་གི་རྒྱལ་པོ་རུས་སྦལ་ཅན་དང་། ཀླུང་གི་རྒྱལ་པོ་ཆུ་དྲོན་ཅན་དང་ཞེས་བྱ་བ་ནི། བྱང་གི་སྒྲ་མི་སྙན་བཞིན་དུ་ཤར་གྱི་ལུས་འཕགས་གླིང་ན་ཡང་མཚོ་ཆེན་པོ་
ཡོད་དེ། མཚོ་དེ་ལ་ཡང་ཆུ་ཀླུང་ཆེན་པོ་བཞིར་འབབ་པ། དེ་ཡང་ཤར་དང་ལྷོ་དང་ནུབ་དང་བྱང་གི་ངོས་སུ་འབབ་པའོ། །དེ་ཡང་གཡས་ཕྱོགས་སུ་བསྐོར་ནས་ཤར་གྱི་རྒྱ་མཚོ་དང་། ལྷོའི་རྒྱ་མཚོ་དང་། ནུབ་ཀྱི་རྒྱ་མཚོ་དང་། བྱང་གི་རྒྱ་མཚོའོ། །ཆུ་ཀླུང་ཆེན་པོ་དེ་བཞིས་ཀྱང་། ཆུ་ཀླུང་ལྔ་
བརྒྱ་ལྔ་བརྒྱ་ཁྲིད་ནས་འབབ་པའོ། །ཀླུང་གི་རྒྱལ་པོ་ཆུ་མཆོག་ཅན་དང་། ཀླུང་གི་རྒྱལ་པོ་ཟངས་འདབ་དང་ཞེས་བྱ་བ་ནི། ལྷོའི་འཛམ་བུའི་གླིང་གི་གཡས་ངོས་ན་ཡོད་པ། གླིང་ཕྲན་རྔ་ཡབ་ཅེས་བྱ་བ་ཡོད་དེ། མཚོ་དེ་ལ་ཡང་ཆུ་ཀླུང་གཉིས་འབབ་སྟེ། ཤར་དང་ནུབ་ནས་བབ་ནས།
ཤར་གྱི་རྒྱ་མཚོ་དང་། ནུབ་ཀྱི་རྒྱ་མཚོར་འབབ་པའོ། །ཀླུང་གི་རྒྱལ་པོ་སྦྲང་རྩི་ཅན་དང་། ཀླུང་གི་རྒྱལ་པོ་དཔའ་ལྡན་དང་ཞེས་བྱ་བ་ནི། ལྷོའི་འཛམ་བུའི་གླིང་གི་གཡོན་ན། གླིང་ཕྲན་རྔ་ཡབ་གཞན་ཞེས་བྱ་བ་ནི། སྔ་མ་བཞིན་དུ་མཚོ་ཆེན་པོ་ཡོད་དེ། མཚོ་ཆེན་པོ་དེ་ལ་ཡང་བྱང་དང་
ལྷོར་འབབ་སྟེ། དེ་ཡང་ལྷོའི་རྒྱ་མཚོ་དང་བྱང་གི་རྒྱ་མཚོར་འབབ་པའོ། །ཀླུང་གི་རྒྱལ་པོ་བུ་རམ་ཤིང་ལྡན་དང་། ཀླུང་གི་རྒྱལ་པོ་བ་ལང་ལྡན་དང་ཞེས་བྱ་བ་ནི། བ་ལང་སྤྱོད་ཀྱི་ཤར་ན། གླིང་ཕྲན་གཡོ་ལྡན་གནས་ཏེ། དེ་ལ་ཡང་སྔ་མ་བཞིན་དུ་མཚོ་ཆེན་པོ་གནས་པ། མཚོ་ཆེན་པོའི་ཁ་ནས་ཡང་།
ཆུ་ཀླུང་ཆེན་པོ་ཤར་དང་ནུབ་ནས་འབབ་པོ། །ཆུ་ཀླུང་ཆེན་པོ་དེ་ཡང་། ཤར་གྱི་རྒྱ་མཚོ་དང་། ནུབ་ཀྱི་རྒྱ་མཚོར་འབབ་པོ། །ཀླུང་གི་རྒྱལ་པོ་འཕགས་པ་ཅན་དང་། ཀླུང་གི་རྒྱལ་པོ་རྩེ་འབྱིན་དང་ཞེས་བྱ་བ་ནི། བ་ལང་སྤྱོད་ཀྱི་གཡོན་ན་གླིང་ཕྲན་ཉེ་བའི་གཡོ་ལྡན་ཡོད་དེ། སྔ་མ་བཞིན་དུ་མཚོ་
ཆེན་པོ་ཡོད་དེ། མཚོ་ཆེན་པོའི་ཁ་ནས་ཡང་ཆུ་ཀླུང་ཆེན་པོ་གཉིས་འབབ་སྟེ། དེ་ཡང་ལྷོ་དང་བྱང་ཕྱོགས་སུ་འབབ་སྟེ། ལྷོའི་རྒྱ་མཚོ་དང་། བྱང་གི་རྒྱ་མཚོར་འབབ་པའོ། །ཀླུང་གི་རྒྱལ་པོ་མཛའ་བཟངས་དང་། ཀླུང་གི་རྒྱལ་པོ་ཀུན་གྱི་བཤེས་དང་ཞེས་བྱ་བ་ནི། བྱང་གི་སྒྲ་མི་སྙན་གྱི་

གཡས་ན། གླིང་ཕྲན་སྒྲ་མི་སྙན་གནས་ཏེ། དེ་ལ་ཡང་སྔ་མ་བཞིན་དུ་མཚོ་ཆེན་པོ་གནས་ཏེ། མཚོ་ཆེན་པོ་དེའི་ཁ་ནས་ཡང་ཆུ་ཀླུང་ཆེན་པོ་ཤར་ནས་ནུབ་ཏུ་འབབ་པའོ། །ཆུ་ཀླུང་ཆེན་པོ་དེ་ཡང་ཤར་གྱི་རྒྱ་མཚོ་དང་། ནུབ་ཀྱི་རྒྱ་མཚོར་འགྲོ་བའོ། །ཀླུང་གི་རྒྱལ་པོ་འཆི་མེད་དང་། ཀླུང་གི་
རྒྱལ་པོ་མེ་ཏོག་པདྨ་དང་ཞེས་བྱ་བ་ནི། སྒྲ་མི་སྙན་གྱི་གཡོན་ན། གླིང་ཕྲན་སྒྲ་མི་སྙན་གྱི་ཟླ་བ་རྣམས་གནས་ཏེ། དེ་ལ་ཡང་སྔ་མ་བཞིན་དུ་མཚོ་ཆེན་པོ་གནས་པ། །མཚོ་དེའི་ཁ་ནས་ཡང་ཆུ་ཀླུང་ཆེན་པོ་ལྷོ་དང་བྱང་ནས་འབབ་པའོ། །ཆུ་ཀླུང་ཆེན་པོ་དེ་ཡང་ལྷོའི་རྒྱ་མཚོ་དང་། བྱང་གི་རྒྱ་མཚོར་འགྲོ་
བའོ། །ཀླུང་གི་རྒྱལ་པོ་ལྔ་ལེན་དང་། ཀླུང་གི་རྒྱལ་པོ་ངོས་བཟངས་དང་ཞེས་བྱ་བ་ནི། ལུས་འཕགས་པོའི་གླིང་གཡས་ན། གླིང་ཕྲན་ལུས་དང་བྱ་བ་གནས་ཏེ། དེ་ལ་སྔ་མ་བཞིན་དུ་མཚོ་ཆེན་པོ་གནས་སོ། །མཚོ་ཆེན་པོ་དེ་ལ་ཡང་ཆུ་ཀླུང་ཆེན་པོ་གཉིས་གནས་ཏེ། ཤར་དང་ནུབ་ནས་འབབ་སྟེ།
ཤར་གྱི་རྒྱ་མཚོ་དང་ནུབ་ཀྱི་རྒྱ་མཚོར་འགྲོ་བའོ། །ཀླུང་གི་རྒྱལ་པོ་དཀའ་ཐུབ་སྦྱིན་དང་། ཀླུང་གི་རྒྱལ་པོ་དྲི་བྲལ་དང་ཞེས་བྱ་བ་ནི། ལུས་འཕགས་ཀྱི་གཡོན་ན། གླིང་ཕྲན་ལུས་འཕགས་གནས་ཏེ། དེ་ལ་ཡང་སྔ་མ་བཞིན་དུ་མཚོ་ཆེན་པོ་གནས་ཏེ། མཚོ་དེ་ལ་ཡང་ལྷོ་དང་བྱང་དུ་འབབ་པ། །ཆུ་ཀླུང་
ཆེན་པོ་དེ་ཡང་ལྷོའི་རྒྱ་མཚོ་དང་བྱང་གི་རྒྱ་མཚོར་འགྲོའོ། །ཀླུང་གི་རྒྱལ་པོ་སྐྱོན་བྲལ་དང་། ཀླུང་གི་རྒྱལ་པོ་ཀླུང་ཆེན་དང་། ཀླུང་གི་རྒྱལ་པོ་གསེར་ལྡན་དང་། ཀླུང་གི་རྒྱལ་པོ་བ་ལང་སྦྱིན་མཆོག་དང་ཞེས་བྱ་བ་ནི། འོག་ཀླུའི་ཡུལ་ནི་འཛམ་བུའི་གླིང་ཇི་བཞིན་དུ། མཚོ་ཆེན་པོ་ཡོད་དེ། ཀླུ་རྣམས་
ལོངས་སྤྱོད་བྱེད་པ། མཚོ་དེའི་ཁ་ནས་ཆུ་ཀླུང་ཆེན་པོ་བཞི་འབབ་པ། དེ་ཡང་ཤར་དང་ལྷོ་དང་ནུབ་དང་བྱང་དུ་འབབ་སྟེ། ཆུ་དེ་ཡང་རིགས་བཞིའི་ཀླུའི་མཚོའི་ནང་དུ་འབབ་པོ། །ཀླུང་གི་རྒྱལ་པོ་གསང་སྲུང་དང་། ཀླུང་གི་རྒྱལ་པོ་བ་ལང་ཅན་དང་། ཀླུང་གི་རྒྱལ་པོ་དྲི་མ་མེད་པ་དང་། ཀླུང་གི་རྒྱལ་པོ་འོད་གསལ་
དང་ཞེས་བྱ་བ་ནི་རི་རབ་ཀྱི་སྟེང་ན་སུམ་ཅུ་རྩ་གསུམ་ན་གནས་ཏེ། དེ་ཡང་འཛམ་བུ་གླིང་གི་མ་དྲོས་བཞིན་དུ་མཚོ་ཆེན་པོར་གནས་པ། མཚོ་ཆེན་པོའི་ཁ་ནས་ཆུ་ཀླུང་ཆེན་པོ་འབབ་པ། ཆུ་ཀླུང་དེ་ཡང་གཡས་ཕྱོགས་ནས་བསྐོར་ནས། ཤར་དང་ལྷོ་དང་ནུབ་དང་བྱང་དང་། རྫིང་བུ་ཆེན་པོར་འགྲོ་བའོ། །ཤར་

ཕྱོགས་ཀྱི་རིམ་པ་བཞིན་དུ་ལྷོ་དང་ནུབ་དང་། བྱང་ཡང་ཤེས་པར་བྱའོ། །ཀླུང་གི་རྒྱལ་པོ་འདུལ་མེད་དག་ཅེས་བྱ་བ་ནི། ལྷོའི་འཛམ་བུའི་གླིང་ན་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ན་གནས་ཏེ། མཚོ་ཆེན་པོ་དེའི་བྱང་ཕྱོགས་ནས་འབབ་པ། རྡོ་རྗེ་གདན་གྱི་འོག་ནས་བབ་ནས་ཆུ་བོ་གངྒཱ་ལ་འགྲོ་བའོ། །ཆུ་དེ་ཡང་ཁའི་
ངོས་ནས་མེད་པ་འོག་ཏུ་འཛུལ་ཏེ། དེས་ན་ཆུ་ཆེན་པོ་ནཻ་རཉྫ་ན་ཞེས་བྱའོ། །མཚོ་ཆེན་པོ་བཅོ་ལྔ་པོ་དེ་ནི་སྲིད་པ་གསུམ་ལ་གནས་པའོ། །རིའི་རྒྱལ་པོ་སྤོས་ངད་ལྡན་ནས། དེ་ནས་དཔག་ཚད་བཅུའི་ཚུ་རོལ་ན་མཚོ་ཆེན་ཆུ་ཞེས་བྱ་བ་ཡོད་དེ། མ་དྲོས་པ་ཞེས་ཀྱང་བྱའོ། །མཚོན་ཆེན་དེའི་ཚད་ནི། ཆུར་དཔག་
ཚད་ལྔ་བཅུ་ཞེང་དུ་དཔག་ཚད་ལྔ་བཅུ། མཐར་སྐོར་དུ་དཔག་ཚད་ཉིས་བརྒྱ། འཕང་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ། མཛེས་པ། ཆུ་བསིལ་བ། སྦྲང་རྩི་ལྟ་བུས་གང་བ། མཚོ་དེའི་ནང་དུ་མེ་ཏོག་པདྨ་དང་། པུཎྜ་རཱི་ཀ་དང་། ཀུ་མུ་ཏ་དང་། ཨུཏྤ་ལ་སྔོན་
པོ་ལ་སོགས་པ། ཆུ་ལས་སྐྱེས་པའི་མེ་ཏོག་སྣ་ཚོགས་ཡོད་པའོ། །ཆུ་དེའི་ནང་དུ་ཡང་བྱ་སྣ་ཚོགས་ཡོད་དེ། ཁྲུང་ཁྲུང་དང་། ངང་སྐྱ་དང་། ཆུ་བྱ་ནག་པོ་དང་། ཆུ་བྱ་རྐེ་རིངས་དང་། ངང་སེར་དང་། ངང་སྐྱ་དང་། ངང་སྐྱའི་རྒྱལ་པོ་དང་། དེ་ལ་སོགས་པ་ཆུ་བྱ་སྣ་ཚོགས་པ་གནས་པའོ། །
མཚོ་ཆེན་པོ་མ་དྲོས་པ་བཞིན་དུ་གཞན་ཡང་དེ་བཞིན་དུ་གནས་པའོ། །དེ་དག་དང་གཞན་ཡང་གང་དག་སའི་དཀྱིལ་འཁོར་འདིར་འབབ་པའི་ཆུ་ཀླུང་དེ་དག་ཐམས་ཅད་ལ་ཞེས་བྱ་བ་ནི། སྲིད་པ་གསུམ་ན་གནས་པའི་ཆུ་ཀླུང་གི་རྒྱལ་པོ་བཞི་བཅུ་རྩ་གཅིག་ལ་གནས་པའོ། །གང་དག་རྒྱུན་དུ་གནས་
པ་ཞེས་བྱ་བ་ནི། ཆུ་ལ་གནས་པ། ལྷ་དང་ལྷ་མ་ཡིན། གནོད་སྦྱིན་འབྱུང་པོ་མ་རུངས་པ་ལ་སོགས་པའོ། །གཟུགས་ཐ་དད་པ་ཞེས་བྱ་བ་ནི། རྐང་མངས་དང་། རྐང་གཉིས་རྐང་བཞི་རྐང་དྲུག་རྐང་བརྒྱད་ལ་སོགས་པའོ། །གཟུགས་མི་སྡུག་པ་ཞེས་བྱ་བ་ནི་བཞིན་མི་སྡུག་ཅིང་། སྦྲུལ་དང་། སྦལ་
པ་དང་། ཉ་དང་། བྱ་དང་། ཁྱི་དང་། ཝ་དང་། སྤྱང་ཀི་དང་། ཆུ་སྲིན་དང་། ཀུམྦྷི་ར་ལ་སོགས་པའི་མགོ་བརྙན་ནོ། །གཟུགས་མང་བ་ཞེས་བྱ་བ་ནི། སེམས་ཅན་ལ་ལ་ཆུ་སྲིན་གྱི་གཟུགས་སུ་ཡོད་པ། རྟའི་གཟུགས་སུ་ཡོད་པ། ཕག་གི་གཟུགས་སུ་ཡོད་པ། གླང་པོ་ཆེའི་གཟུགས་སུ་ཡོད་པ། སྦྲུལ་གྱི་

གཟུགས་ལ་སོགས་པ། སེམས་ཅན་གཟུགས་མི་གཅིག་པ་མང་པོ་ཡོད་པའོ། །གཟུགས་མཐའ་ཡས་པའོ་ཞེས་བྱ་བ་ནི། ཆུང་བ་དང་། ཆེ་བ་དང་། བསམ་གྱིས་མི་ཁྱབ་པ་ཡོད་པའོ། །འདོད་དགུར་སྒྱུར་བའི་གཟུགས་ཅན་གཟུགས་སྣ་ཚོགས་པའི་ལྷ་རྣམས་དང་ཞེས་བྱ་བ་ནི། སྲིད་
པ་གསུམ་ན་གནས་པའི་ལྷ་ལ་སོགས་པའི་འབྱུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའོ། །ཟས་སུ་གཟི་བརྗིད་འཕྲོག་པ་རྣམས་དང་ཞེས་བྱ་བ་ནི། ཟས་སུ་གཟི་བརྗིད་འཕྲོག་པ་ནས། རིགས་མི་གཅིག་པ་སུམ་ཅུ་རྩ་གཅིག །སྲིད་པ་གསུམ་ན་གནས་པའི་ཆུ་ཀླུང་ཆེན་པོ་གནས་པའོ། །དེ་ཡང་
གཟུགས་མི་གཅིག་པ་མང་པོར་གནས་པ། སྲིད་གསུམ་སྐད་ཅིག་རྒྱུ་བའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། གང་ཟག་གང་གིས་རིག་སྔགས་ཀྱི་རྒྱལ་མོ་འདི་ལ་གུས་པར་བྱས་པར་གྱུར་ན། ཆུ་ཀླུང་ཆེན་པོ་དེ་རྣམས་ལ་ཡོད་པ་རྣམས་ཀྱིས་
ཀྱང་ཡང་དག་པར་སྲུང་བ་དང་སྐྱོབ་པར་འགྱུར་རོ། །སྦྲ་བ་ལ་སོགས་པ་དང་ཞེས་བྱ་བ་ནི། འབྱུང་པོ་དེ་རྣམས་ཀྱིས་ཀྱང་སྔ་མ་བཤད་པ་བཞིན་དུ་བྱས་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས་ཆུ་ཀླུང་བཤད་པའི་གནས་སྐབས་ཏེ་བཅུ་དྲུག་པའོ།། །།ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་
རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའོ། །ཁྱོད་ཀྱིས་རིའི་རྒྱལ་པོ་རྣམས་ཀྱི་མིང་ཟུང་ཤིག་ཅེས་བྱ་བ་ནི། སྲིད་པ་ཆགས་པའི་དུས་སུ་ཆགས་པ། རི་རབ་ལ་སོགས་པ་རིའི་རྒྱལ་པོ་ཆེན་པོ་ལྔ་བཅུ་རྩ་བཞིའི་མིང་ཟུང་ཤིག་ཅེས་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་རིའི་རྒྱལ་པོ་རྣམས་
ཀྱི་མིང་བལྟ་བའོ། །རིའི་རྒྱལ་པོ་རི་རབ་དང་ཞེས་བྱ་བ་ནི། དཔག་ཚད་བརྒྱད་ཁྲི་ནི་ཐུར་དུ་གསེར་གྱི་ས་གཞི་ལ་བརྟེན་ཏོ། །དཔག་ཚད་བརྒྱད་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་པའོ། །འཕང་དུ་དཔག་ཚད་འབུམ་དྲུག་ཁྲི་ཡོད་དོ། །རྔམས་སུ་དཔག་ཚད་བརྒྱད་ཁྲི། ཞེང་དུ་དཔག་ཚད་བརྒྱད་ཁྲི་ཡོད་པ།
མཐའ་སྐོར་དུ་དཔག་ཚད་སུམ་འབུམ་ཉི་ཁྲིའོ། །དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། དེ་ལ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་གནས་སོ། །རིའི་རྒྱལ་པོ་རི་རབ་ཀྱི་ངོས་བཞི་ནི། ཤར་ཕྱོགས་ནི་ཤེལ་ལས་གྲུབ་པ། ལྷོ་ཕྱོགས་ནི་བཻ་ཌཱུརྱ་ལས་གྲུབ་པ།

ནུབ་ཕྱོགས་ནི་དངུལ་ལས་གྲུབ་པ། བྱང་ཕྱོགས་ཀྱི་ངོས་ནི་གསེར་ལས་གྲུབ་པའོ། །རིའི་རྒྱལ་པོ་རི་རབ་ལ་རྩེ་མོ་བཞི་ཡོད་དེ། ཤར་ཕྱོགས་ཀྱི་རྩེ་མོ་ནི་ཆུར་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། ཞེང་དུ་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་པ། དཔག་ཚད་ཕྱེད་དང་ལྔ་ནི་རིའི་
རྒྱལ་པོ་རི་རབ་ལས་གྱེན་དུ་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ། མཛེས་པ་ཤེལ་ལས་གྲུབ་པ། དེ་ན་གནོད་སྦྱིན་ལག་ན་རྡོ་རྗེ་རྣམས་གནས་སོ། །ལྷོ་ཕྱོགས་ཀྱི་རྩེ་མོ་ནི། ཆུར་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ་ཞེང་དུ་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ་མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་པ།
དཔག་ཚད་ཕྱེད་དང་ལྔ་ནི་རིའི་རྒྱལ་པོ་རི་རབ་ལས་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། བཻ་ཌཱུརྱ་ལས་གྲུབ་པ། དེ་ན་གནོད་སྦྱིན་ལག་ན་རྡོ་རྗེ་གནས་སོ། །དེ་བཞིན་དུ་གཉིས་པོ་ལ་ཡང་ཤེས་པར་བྱའོ། །དངུལ་ལས་གྲུབ་པ་དང་། གསེར་ལས་གྲུབ་པའོ། །རིའི་རྒྱལ་པོ་
རི་རབ་ནི། བང་རིམ་བཞི་ཡོད་དེ། བང་རིམ་དང་པོ་ནི་ཆུར་ལས་དཔག་ཚད་ཁྲིས་གྱེན་དུ་འཕགས་པ་ལ་རིའི་རྒྱལ་པོ་རི་རབ་ལས་དཔག་ཚད་ཁྲི་དྲུག་སྟོང་ཕྱིར་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེ་ནི་ལག་ན་ཡོལ་གོ་ཐོགས་ཀྱི་ལྷ་རྣམས་སོ། །
བང་རིམ་གཉིས་པ་ནི། བང་རིམ་དང་པོ་ལས་དཔག་ཚད་ཁྲིས་གྱེན་དུ་འཕགས་པ། རིའི་རྒྱལ་པོ་རི་རབ་ལས་དཔག་ཚད་བརྒྱད་སྟོང་ཕྱིར་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེ་ན་ཕྲེང་ཐོགས་ཀྱི་ལྷ་རྣམས་གནས་སོ། །བང་རིམ་གསུམ་པ་ནི།
བང་རིམ་གཉིས་པ་ལས། དཔག་ཚད་ཁྲི་གྱེན་དུ་འཕགས་པ། རིའི་རྒྱལ་པོ་རི་རབ་ལས་དཔག་ཚད་བཞི་སྟོང་ཕྱིར་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེ་ནི་རྟག་ཏུ་མྱོས་པའི་ལྷ་རྣམས་གནས་སོ། །བང་རིམ་བཞི་པ་ནི། བང་རིམ་གསུམ་པ་
ལས། དཔག་ཚད་ཁྲི་གྱེན་དུ་འཕགས་ལ། རིའི་རྒྱལ་པོ་རི་རབ་ལས་དཔག་ཚད་ཉིས་སྟོང་ཕྱིར་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་ཤིང་། རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་ཕྱོགས་བཞི་ན་རྒྱལ་པོ་བཞི་རྣམས་གནས་སོ། །རིའི་རྒྱལ་པོ་གངས་ཅན་

དང་ཞེས་བྱ་བ་ནི། སྒྲ་མི་སྙན་ནས་རི་ནག་པོ་དགུ་འདས་པའི་བྱང་ཕྱོགས་ན་རིའི་རྒྱལ་པོ་གངས་ཞེས་བྱ་བ་ཡོད་དེ། །རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་དང་ཞེས་བྱ་བ་ནི། རི་ནག་པོ་དགུ་འདས་པའི་ཕ་རོལ་ན་ཡོད་དོ། །རིའི་རྒྱལ་པོ་རྩེ་བརྒྱ་པ་དང་ཞེས་བྱ་བ་ནི། ཕྱིའི་རྒྱ་མཚོའི་
འགྲམ་གྱི་དཔག་ཚད་ལྔ་ན་སྲིན་པོའི་ཡུལ་གྱི་བྱང་ངོས་ན་རྩེ་མོ་བརྒྱ་ཡོད་པ། ཞེང་དུ་དཔག་ཚད་སུམ་བརྒྱ་ཡོད་པ། དཔངས་སུ་དཔག་ཚད་བརྒྱ་ཡོད་པ། རྩེ་མོ་དེ་རྣམས་ཀྱང་དཔག་ཚད་གསུམ་གསུམ་མོ། །རིའི་རྒྱལ་པོ་སེང་ལྡེང་ཅན་ཞེས་བྱ་བ་ནི། གཤོལ་མདའ་འཛིན་ནས་དཔག་
ཚད་ཉི་ཁྲི་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན། དཔག་ཚད་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་སོ། །ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། གསེར་ལས་གྲུབ་པ། དེ་ན་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་གྲོང་
དང་གྲོང་ཁྱེར་ལྗོངས་གནས་སོ། །ཅིའི་ཕྱིར་རིའི་རྒྱལ་པོ་སེང་ལྡེང་ཅན་ཞེས་བྱ་ཞེ་ན། རིའི་རྒྱལ་པོ་སེང་ལྡེང་ཅན་གྱི་ཕྱོགས་དེ་དང་དེ་དག་ན། ཇི་ལྟར་གསེར་གྱི་སེང་ལྡེང་ཡོད་པ་བཞིན་དུ་གཞན་ལ་མེད་དེ། དེའི་ཕྱིར་ན་རིའི་རྒྱལ་པོ་སེང་ལྡེང་ཅན་ཞེས་བྱའོ། །རིའི་རྒྱལ་པོ་གསེར་ལོགས་དང་
ཞེས་བྱ་བ་ནི། འཛམ་བུའི་གླིང་གི་བྱང་ངོས་ཀྱི་ཆ་ན་རིའི་རྒྱར་དཔག་ཚད་གསུམ། དཔངས་སུ་དཔག་ཚད་གཉིས་པ། འཛམ་བུའི་གླིང་གི་སེམས་ཅན་གྱི་གསེར་དེ་ན་གནས་སོ། །རིའི་རྒྱལ་པོ་འོད་འཛིན་དང་ཞེས་བྱ་བ་ནི། འཛམ་བུའི་གླིང་གི་ལྷོ་ཕྱོགས་ན་དཔལ་གྱི་རི་ཞེས་
བྱ་བ་ཡིན་ཏེ། དེ་ལ་མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་དོ། །དཔངས་སུ་དཔག་ཚད་ཕྱེད་དང་སུམ་བརྒྱ་དེའི་གནས་ན་ཡང་དངོས་གྲུབ་ཅན་ཐམས་ཅད་གནས་པའོ། །རིའི་རྒྱལ་པོ་མུ་ཁྱུད་འཛིན་དང་ཞེས་བྱ་བ་ནི། རིའི་རྒྱལ་པོ་རྣམ་འདུད་ནས་དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུ་བོར་ཏེ།
དཔག་ཚད་བརྒྱད་ཁྲི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་པ། དཔག་ཚད་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ནི་ཆུ་ལས་གྱེན་དུ་འཕགས་པའོ། །དཔངས་སུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་ཏེ། གསེར་ལས་གྲུབ་པ། དེ་ན་རྒྱལ་ཆེན་བཞིའི་གྲོང་དང་གྲོང་

ཁྱེར་དང་ལྗོངས་གནས་སོ། །ཅིའི་ཕྱིར་མུ་ཁྱུད་འཛིན་ཞེས་བྱ་ཞེ་ན། རིའི་རྒྱལ་པོ་མུ་ཁྱུད་འཛིན་གྱི་རྩེ་མོ། །དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ནི། དཔེར་ན་ཤིང་རྟའི་མུ་ཁྱུད་བཞིན་ཏེ། དེ་བས་ན་རིའི་རྒྱལ་པོ་མུ་ཁྱུད་འཛིན་ཞེས་བྱའོ། །རིའི་རྒྱལ་པོ་འཁོར་ཡུག་དང་ཞེས་བྱ་བ་ནི།
ཕྱིའི་རྒྱ་མཚོ་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན། དཔག་ཚད་སུམ་བརྒྱ་རྩ་ཕྱེད་དང་བཅུ་གསུམ་ནི་ཆུ་ལས་གྱེན་དུ་འཕགས་སོ། །རྔམས་སུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ལྕགས་ལས་གྲུབ་པ། དེ་ན་
གནོད་སྦྱིན་གོས་སྔོན་པོ་ཅན་རྣམས་གནས་སོ། །ཅིའི་ཕྱིར་རིའི་རྒྱལ་པོ་འཁོར་ཡུག་རི་ཞེས་བྱ་ཞེ་ན། རིའི་རྒྱལ་པོ་འཁོར་ཡུག་རི་དེ་དང་དེ་དག་ན། ཇི་ལྟར་གསེར་གྱི་འཁོར་ལོ་ཡོད་པ་བཞིན་དུ། རི་གཞན་དག་ལ་མེད་པ་དང་། གཞན་ཡང་རིའི་རྒྱལ་པོ་འཁོར་ཡུག་རིས་གླིང་བཞི་པ་འདི་
འཁོར་ལོའི་ཚུལ་དུ་བསྐོར་ཏེ། དེའི་ཕྱིར་རིའི་རྒྱལ་པོ་འཁོར་ཡུག་རི་ཞེས་བྱའོ། །རིའི་རྒྱལ་པོ་འཁོར་ཡུག་ཆེན་པོ་དང་ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་འཇིག་རྟེན་ཁམས་རྣམས་བསྐོར་བ། འོག་ནི་གསེར་གྱི་ས་གཞི་ཡན་ཆོད་ཡོད་པ། སྟེང་ནི་ཚངས་པའི་འཇིག་རྟེན་མན་ཆད་ཡོད་པའོ། །གཞི་
ནི་ལྕགས་ལས་བྱས་པ། དེས་བསྐོར་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་སུ་ཤེས་པར་བྱའོ། །ཁྱབ་པ་ཆེ་བས་ན་འཁོར་ཡུག་ཆེན་པོར་བཏགས་སོ། །རིའི་རྒྱལ་པོ་དབང་པོའི་བྲག་དང་ཞེས་བྱ་བ་ནི། རི་རབ་ཀྱི་སྟེང་གི་ས་གཞི་ན་སུམ་ཅུ་རྩ་གསུམ་པའི་
གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ། ཆུར་དཔག་ཚད་ཉིས་སྟོང་ལྔ་བརྒྱ། རྒྱར་ཡང་དེ་དང་འདྲ་སྟེ། མཐར་སྐོར་དུ་ཁྲི་ཡོད་པ། གསེར་གྱི་ར་བས་བསྐོར་བ་སྟེ། ར་བ་དེ་ལ་འཕང་དུ་དཔག་ཚད་ཕྱེད་པ་སྟེ། རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ལྕོག་བཞི་ཡོད་དེ། ལྷའི་གྲོང་ཁྱེར་དེ་ན་སྒོ་དགུ་བརྒྱ་དགུ་བཅུ་རྩ་དགུ་
ཡོད་དོ། །སྒོ་རེ་རེ་ལ་འཕང་དུ་དཔག་ཚད་ཕྱེད་དང་གསུམ་ཞེང་དུ་ཕྱེད་དང་གཉིས་པ། སྒོ་རེ་རེ་ལ་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་གཟེར་སྐར་མའི་གཟུགས་སུ་བྱས་པ་བཞི་བཞི་ཡོད་དོ། །སྒོ་རེ་རེ་ལ་སུམ་ཅུ་རྩ་གསུམ་པའི་སྲུང་མ་གོ་ཆ་གོན་ཞིང་མཚོན་ཆ་ཐོགས་པ་ལྔ་བརྒྱ་ལྔ་བརྒྱ་བཀོད་དོ། །

གྲོང་ཁྱེར་དེའི་དབུས་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བྱེད་ཅེས་བྱ་བ། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། རྒྱར་ཡང་དེ་དང་འདྲ་སྟེ། མཐའ་སྐོར་དུ་སྟོང་ཡོད་པ། ལྷའི་གྲོང་ཁྱེར་ལས་དཔག་ཚད་ཕྱེད་དང་ལྔ་གྱེན་དུ་འཕགས་སོ། །རྨང་རྟེན་དུ་ཡང་རིན་པོ་ཆེ་སྣ་བཞི་
ལས་བྱས་པ། དེའི་ཕྱིར་དབང་པོའི་བྲག་ཅེས་བྱའོ། །རིའི་རྒྱལ་པོ་ཚངས་པ་ལྡན་དང་ཞེས་བྱ་བ་ནི། དེ་ཡང་བསམ་གཏན་དང་པོ་ལ་གནས་ཏེ། ཚངས་པ་གང་ན་གནས་པ་ན་ཚངས་ལྡན་ནོ། །རིའི་རྒྱལ་པོ་དཔལ་ལྡན་དང་ཞེས་བྱ་བ་ནི། འཛམ་བུའི་གླིང་ན་གནས་ཏེ། དཔལ་གྱི་རིའི་བྱང་
ཕྱོགས་ན་རྒྱར་དཔག་ཚད་སུམ་བརྒྱ་ཡོད་དེ། དཔངས་སུ་ཡང་སུམ་བརྒྱའོ། །དེའི་ས་གཞི་ནི་དཔལ་དང་ལྡན་པས་ན་དཔལ་ལྡན་ནོ། །རིའི་རྒྱལ་པོ་བལྟ་ན་སྡུག་དང་ཞེས་བྱ་བ་ནི། རིའི་རྒྱལ་པོ་སེང་ལྡེང་ཅན་ནས་དཔག་ཚད་ཁྲི་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་
གཞི་ཆེན་པོ་ལ་བརྟེན་ཏེ། དཔག་ཚད་ལྔ་སྟོང་ནི་ཆུ་ལས་གྱེན་དུ་འཕགས་སོ། །ཞེང་དུ་ཡང་དེ་དང་འདྲའོ། །དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། གསེར་ལས་གྲུབ་པ་དེ་ན་རྒྱལ་ཆེན་བཞིའི་གྲོང་དང་གྲོང་ཁྱེར་དང་ལྗོངས་གནས་སོ། །ཅིའི་ཕྱིར་རིའི་རྒྱལ་པོ་བལྟ་ན་སྡུག་ཅེས་
བྱ་ཞེ་ན། རིའི་རྒྱལ་པོ་བལྟ་ན་སྡུག་གི་རྩེ་མོ་ཇི་ལྟར་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་བཞིན་དུ་རི་གཞན་དག་མེད་དེ་དེའི་ཕྱིར་ན་རིའི་རྒྱལ་པོ་བལྟ་ན་སྡུག་ཅེས་བྱའོ། །རིའི་རྒྱལ་པོ་ཤིན་ཏུ་རྒྱས་དང་ཞེས་བྱ་བ་ནི། རྒྱ་གར་ཡུལ་དང་བོད་ཡུལ་བར་ན་རིའི་རྒྱར་དཔག་ཚད་གསུམ་
ཡོད་པ། དཔངས་སུ་ཡང་དེ་བཞིན་ཏེ། སའི་རིར་གྲགས་པ། མཐའ་སྐོར་དུ་གླིང་བཞིར་བསྐོར་བའོ། །རིའི་རྒྱལ་པོ་རིན་ཆེན་འབྱུང་གནས་དང་ཞེས་བྱ་བ་ནི། ཟངས་ཀྱི་གླིང་དང་རིན་ཆེན་གླིང་གི་བར་ན་གནས་ཏེ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རྒྱ་མཚོ་ཆེན་པོའི་དབུས་ན་ཡོད་པ།
མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་པ། དཔངས་སུ་དཔག་ཚད་སུམ་བརྒྱ། རྒྱ་མཚོའི་རིན་པོ་ཆེ་ཐམས་ཅད་ཀྱང་དེ་ནས་བྱུང་ངོ་། །རིའི་རྒྱལ་པོ་སྲིན་བུ་ཅན་དང་ཞེས་བྱ་བ་ནི། རྒྱ་གར་དང་བལ་ཡུལ་གྱི་བར་ན་ཡོད་དེ། མཐའ་སྐོར་དུ་དཔག་ཚད་སུམ་བརྒྱ། དཔངས་སུ་དཔག་ཚད་ལྔའོ། །སེམས་

ཅན་ཐམས་ཅད་གནས་པའི་ཕྱིར་ན་སྲིན་བུ་ཅན་ཞེས་བཏགས་སོ། །རིའི་རྒྱལ་པོ་ནོར་བུའི་རྫ་དང་ཞེས་བྱ་བ་ནི། བྱང་གི་སྒྲ་མི་སྙན་གྱི་གླིང་གི་བྱང་ངོས་ན་ཡོད་དེ། མཐའ་སྐོར་དུ་དཔག་ཚད་དྲུག་བརྒྱ། དཔངས་སུ་བཞི་བརྒྱའོ། །དེའི་ས་ན་ཡིད་བཞིན་གྱི་ནོར་བུ་བཞིན་དུ་ཡོད་པས་ན་
ནོར་བུའི་རྫ་ཞེས་བྱའོ། །རིའི་རྒྱལ་པོ་ཐགས་བཟངས་རིས་དང་ཞེས་བྱ་བ་ནི། རི་རབ་ཀྱི་སྟེང་གི་བྱང་ངོས་ན། ལྷ་མ་ཡིན་གྱི་གནས་ཀྱི་དབུས་ན་ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟངས་རིས་ཀྱི་བཞུགས་སོ། །དེ་བཞུགས་པའི་ཕྱིར་ན་ཐགས་བཟངས་རིས་ཞེས་བྱའོ། །རིའི་རྒྱལ་པོ་རྡོ་རྗེ་འབྱུང་
གནས་དང་ཞེས་བྱ་བ་ནི། བལ་ཡུལ་གྱི་ནུབ་ངོས་ན་སྤྲེའུའི་རྒྱལ་པོ་ཧ་ལུ་མ་དྷའི་ལག་གི་བར་ནས་ཤོར་བའི་རི། དེ་ལ་མཐའ་སྐོར་ལ་དཔག་ཚད་ལྔ། འཕང་དུ་དཔག་ཚད་གཉིས། བྲག་རྡོ་རྗེ་ལྟ་བུ་ཡོད་པའི་ཕྱིར་ན། རྡོ་རྗེའི་བྲག་ཅེས་བྱའོ། །རིའི་རྒྱལ་པོ་འགྲམ་ལྡན་དང་ཞེས་བྱ་བ་ནི།
བལ་ཡུལ་གྱི་ཤར་ཕྱོགས་ན་སྤྲེའུའི་རྒྱལ་པོ་ཧ་ལུ་མ་དྷས་བོར་བ། མཐའ་སྐོར་ལ་དཔག་ཚད་ལྔ་བཅུ། འཕང་དུ་དཔག་ཚད་དྲུག་གོ། །འགྲམ་པ་བཞིན་དུ་སྣང་བའི་ཕྱིར་ན་འགྲམ་ལྡན་ཞེས་བྱའོ། །རིའི་རྒྱལ་པོ་ལྷ་མིན་འབབ་དང་ཞེས་བྱ་བ་ནི། རི་སྤོས་ཀྱི་ངད་ལྡན་དེའི་བྱང་ཕྱོགས་
དཔག་ཚད་ཉི་ཤུ་ན། གསེར་གྱི་བྲག་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་བྱ་སྐྱིབས་ཞེས་བྱ་བ་ཡོད་དེ། ཆུར་དཔག་ཚད་ལྔ་བཅུ། ཞེང་དུ་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱ། འཕང་དུ་དཔག་ཚད་ཕྱེད་དང་བཞི་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་
པའོ། །རིའི་རྒྱལ་པོ་གློག་འོད་དང་ཞེས་བྱ་བ་ནི། ནུབ་ཕྱོགས་བ་ལང་སྤྱོད་ཀྱི་ཤར་ཕྱོགས་དཔག་ཚད་ལྔ་བརྒྱའི་བར་ན་རི་བོ་ཡོད་དེ། མཐའ་སྐོར་དུ་དཔག་ཚད་སུམ་བརྒྱ། འཕང་དུ་དཔག་ཚད་ཉིས་བརྒྱ། རྒྱུ་གསེར་ལས་བྱས་པ། གློག་གི་འོད་བཞིན་ལྷན་ནེ་ལྷང་ངེ་ཡོད་པས་
གློག་ཅེས་བྱའོ། །རིའི་རྒྱལ་པོ་ཁྱབ་གནས་དང་ཞེས་བྱ་བ་ནི། ལྷོའི་འཛམ་བུའི་གླིང་བསྐོར་བ་མཐའ་སྐོར་དུ་འཛམ་བུའི་གླིང་ཙམ་ཡོད་དེ། འཕང་དུ་དཔག་ཚད་ཁྲི་ཡོད་པ། རྒྱ་ཆེ་བས་ཁྱབ་གནས་ཞེས་བྱའོ། །རིའི་རྒྱལ་ཟླ་འོད་དང་ཞེས་བྱ་བ་ནི། ཤར་གྱི་ལུས་འཕགས་ཀྱི་ནུབ།

དཔག་ཚད་ལྔ་བརྒྱ་ན་ཤེལ་ལས་གྲུབ་པའི་རི་ཡོད་དེ། མཐའ་སྐོར་དུ་དཔག་ཚད་ཁྲི་ཡོད་པ། འཕང་དུ་དཔག་ཚད་ལྔ་སྟོང་ངོ་། །ཟླ་བ་བཞིན་དུ་བསིལ་བས་ན་ཟླ་འོད་ཅེས་བྱའོ། །རིའི་རྒྱལ་པོ་བྲག་བཟངས་དང་ཞེས་བྱ་བ་ནི། རྒྱ་གར་གྱི་ནུབ་བྱང་
མཚམས་ན་ཀ་ལིངྒའི་འགྲམ་ན་གནོད་སྦྱིན་ཀུ་བེ་རའི་གནས་ཡིན་ཏེ། རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་མཐའ་སྐོར་དཔག་ཚད་ལྔ་བརྒྱ། འཕང་དུ་སུམ་བརྒྱ། གཞན་པས་བཟང་བའི་ཕྱིར་ན་བྲག་བཟངས་ཞེས་བྱའོ། །རིའི་རྒྱལ་པོ་ཉི་མ་མཛེས་དང་ཞེས་བྱ་བ་ནི། གཉའ་ཤིང་
འཛིན་ཡང་ཟེར་རིའི་རྒྱལ་པོ་རི་རབ་ནས་དཔག་ཚད་བརྒྱད་ཁྲི་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ལ་བརྟེན་ཏེ། དཔག་ཚད་བཞི་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་སོ། །ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། གསེར་ལས་གྲུབ་པ་སྟེ།
དེ་ན་རྒྱལ་ཆེན་བཞིའི་གྲོང་དང་གྲོང་ཁྱེར་དང་ལྗོངས་གནས་སོ། །རིའི་རྒྱལ་པོ་ཐིགས་པ་དང་ཞེས་བྱ་བ་ནི། ཟངས་གླིང་གི་མདུན་ན་རི་བོ་ཆེན་པོ་ཡོད་དེ། སྲིན་མོའམ་སྲིན་པོ་རྒྱུ་བ། མཐའ་སྐོར་དུ་དཔག་ཚད་བརྒྱད་པ། འཕང་དུ་དཔག་ཚད་ལྔ་ཡོད་པ། ཐིགས་པ་བཞིན་དུ་སྣང་བས་ན་ཐིགས་པ་
ཞེས་བྱའོ། །རིའི་རྒྱལ་པོ་འབིགས་བྱེད་དང་ཞེས་བྱ་བ་ནི། དེ་ཡང་གསེར་གླིང་ན་ཡོད་དེ་ཕྱིའི་རྒྱ་མཚོའི་འགྲམ་མཐའ་སྐོར་དུ་དཔག་ཚད་ཕྱེད་དང་ཉིས་བརྒྱ་ཡོད་དེ། འཕང་དུ་དཔག་ཚད་བརྒྱའོ། །རི་དེ་ནི་མཚོན་བཞིན་དུ་ཡོད་དེ། དེའི་ཕྱིར་འབིགས་བྱེད་ཅེས་བྱའོ། །རིའི་རྒྱལ་པོ་ཟླ་བའི་བྲག་དང་
ཞེས་བྱ་བ་ནི། ཨོ་ཌྱན་གྱི་ཡུལ་གྱི་ཤར་ཕྱོགས་དཔག་ཚད་གསུམ་ན། རི་དེའི་མཐའ་སྐོར་དུ་དཔག་ཚད་དྲུག་ཡོད་དེ། འཕང་དུ་དཔག་ཚད་ཕྱེད་དང་གཉིས་སོ། །དེའི་རྩེ་མོ་ལ་ཟླ་བ་བཞིན་དུ་གནས་པ་ཟླ་བའི་བྲག་ཅེས་བྱའོ། །རིའི་རྒྱལ་པོ་སྣ་ཚོགས་བརྩེགས་དང་ཞེས་བྱ་བ་ནི། རྒྱ་ནག་པོའི་
ངོས་ན་རི་བོ་རྩེ་ལྔ་པ་མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་པ། འཕང་དུ་དཔག་ཚད་ཕྱེད་དང་སུམ་བརྒྱ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། སྔོན་པོ་དང་། ཁ་དོག་མཛེས་ཤིང་སྣང་བས་ན་སྣ་ཚོགས་མཛེས་ཞེས་བྱའོ། །རིའི་རྒྱལ་པོ་མ་ལ་ཡ་དང་ཞེས་བྱ་བ་ནི། ཟངས་གླིང་གི་ལྷོ་ངོས་ན་ཙནྡན་གྱི་

ནགས་གསེབ་ཡོད་དེ། མཐའ་སྐོར་དུ་དཔག་ཚད་བརྒྱ། འཕང་དུ་དཔག་ཚད་བརྒྱའོ། །དེའི་ལྷོ་ཕྱོགས་ན་བྱ་ཁྱུང་ཡོད་པ་སྟེ། ཤིན་ཏུ་དྲང་བའི་ཕྱིར་ན་མ་ལ་ཡར་བཏགས་སོ། །རིའི་རྒྱལ་པོ་གསེར་གྱི་རྩེ་མོ་དང་ཞེས་བྱ་བ་ནི། གཤོལ་མདའ་འཛིན་ཞེས་བྱ་བའོ། །རིའི་རྒྱལ་པོ་གཉའ་ཤིང་འཛིན་
ལས་དཔག་ཚད་བཞི་ཁྲི་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ལ་བརྟེན། དཔག་ཚད་ཉི་ཁྲི་ཆུ་ལས་གྱེན་དུ་འཕགས་སོ། །ཞེང་དུ་ཡང་དེ་དང་འདྲའོ། །དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། གསེར་ལས་གྲུབ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་གྲོང་དང་གྲོང་ཁྱེར་དང་
ལྗོངས་གནས་སོ། །ཅིའི་ཕྱིར་རིའི་རྒྱལ་པོ་གཤོལ་མདའ་འཛིན་ཞེས་བྱ་བ་ནི། རིའི་རྒྱལ་པོ་གཤོལ་མདའ་འཛིན་གྱི་རྩེ་མོ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། དཔེར་ན་གཤོལ་མདའ་བཞིན་ཏེ། དེའི་ཕྱིར་ན་གཤོལ་མདའ་འཛིན་ཞེས་བྱའོ། །རིའི་རྒྱལ་པོ་ཀུན་ནས་འགྲོ་དང་ཞེས་
བྱ་བ་ནི། ཏི་སེ་གངས་ཀྱི་རིའི་བྱང་ངོས་ན། ཐ་མལ་པའི་ཡུལ་གྱི་སོ་མཚམས། མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ། འཕང་དུ་དཔག་ཚད་ལྔའོ། །འཛམ་བུའི་གླིང་དུ་ཁྱབ་པའི་ཕྱིར་ན་ཀུན་ནས་འགྲོ་ཞེས་བྱའོ། །རིའི་རྒྱལ་པོ་ལག་བཟངས་དང་ཞེས་བྱ་བ་ནི། གསེར་གྱི་རི་སྟེ་རྒྱ་མཚོའི་དབུས་ན་
གནས་ཏེ། འོག་གསེར་གྱི་ས་གཞི་ལ་ཐུག་པ། ཆུ་ལས་འཕགས་པ་ནི་དཔག་ཚད་བརྒྱད་སྟོང་འཕགས་སོ། །ལག་པ་བཞིན་དུ་གནས་པས་ན་ལག་བཟངས་ཞེས་བྱའོ། །རིའི་རྒྱལ་པོ་ནོར་བུ་ལྡན་དང་ཞེས་བྱ་བ་ནི། སྒྲ་མི་སྙན་གྱི་ཤར་ཕྱོགས་ན་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཡོད་པ། མཐའ་སྐོར་
དུ་དཔག་ཚད་ལྔ་བརྒྱ། འཕང་དུ་དཔག་ཚད་ལྔ་བརྒྱའོ། །ནོར་བུ་རིན་པོ་ཆེ་ཐམས་ཅད་དེ་ལ་ལྡན་ཏེ། དེ་ལྟ་བས་ན་ནོར་བུ་ལྡན་ཞེས་བྱའོ། །རིའི་རྒྱལ་པོ་སྡེ་བཟངས་དང་ཞེས་བྱ་བ་ནི། བ་ལང་སྤྱོད་ཀྱི་ནུབ་ངོས་ན། དཔག་ཚད་ཁྲི་མཐའ་སྐོར་དུ་ཡོད་པ། དཔག་ཚད་ལྔ་སྟོང་འཕང་དུའོ། །
ཤིན་ཏུ་དབྱིབས་ལེགས་པ་བལྟ་ན་སྡུག་པའི་ཕྱིར་ན། སྡེ་བཟངས་སུ་བཏགས་པའོ། །རིའི་རྒྱལ་པོ་ཚངས་པའི་མཆུ་དང་ཞེས་བྱ་བ་ནི། ཆུ་གངྒཱའི་འགྲམ་ག་ཡ་ཞེས་བྱ་བ་ན། རི་བོ་རྐེད་སུམ་ཉག་ཡོད་དེ། མཐའ་སྐོར་དཔག་ཚད་བརྒྱད་ཡོད་དོ། །རྐེད་ཉག་ལ་དཔག་ཚད་རེ་རེ། འཕང་

དུ་ཡང་ལྔ་བཅུའོ། །དེ་ན་ཚངས་པ་གནས་པའི་ཕྱིར། ཚངས་པའི་མཆུ་ཞེས་བྱའོ། །རིའི་རྒྱལ་པོ་རིག་བྱེད་སྲུང་དང་ཞེས་བྱ་བ་ནི། དེ་ཡང་དེའི་རྩ་ན་ཡོད་དེ། དབྱིབས་དང་རྒྱ་དང་འཕང་ཡང་དེ་བཞིན་ནོ། །དེ་ལ་ཚངས་པ་གནས་ཤིང་རིག་བྱེད་བཞི་གནས་དེ་ནས་བྱུང་
བས་ན་རིག་བྱེད་ལྡན་ཞེས་བྱའོ། །རིའི་རྒྱལ་པོ་བ་ལང་སྣ་དང་ཞེས་བྱ་བ་ནི། བལ་ཡུལ་གྱི་བྱང་ངོས་ན་ཁྱབ་འཇུག་གི་ལྷ་གནས་པ། དཔག་ཚད་བཞི་ནི་མཐའ་སྐོར་འཕང་དུ་ནི་གསུམ་མོ། །བ་ལང་གི་སྣ་བཞིན་དུ་རྩེ་མོ་ཡོད་པའི་ཕྱིར་ན་བ་ལང་སྣ་ཞེས་བྱའོ། །རིའི་རྒྱལ་པོ་སྣ་ཚོགས་
ཕྲེང་དང་ཞེས་བྱ་བ་ནི། འཛམ་བུ་གླིང་གི་བྱང་ངོས་ན་རྒྱ་ནག་པོའི་བྱང་ཤར་མཚམས་ན་གནས་པ། མཐའ་སྐོར་དུ་དཔག་ཚད་ཁྲི་ཡོད་པ། འཕང་དུ་དཔག་ཚད་ལྔ་སྟོང་ཡོད་པ། རྩེ་མོ་ལ་ཕྲེང་བ་བཞིན་དུ་གནས་པས་ན་སྣ་ཚོགས་ཕྲེང་ཞེས་བྱའོ། །རིའི་རྒྱལ་པོ་མི་འཇིགས་སྣ་ཚོགས་དང་ཞེས་བྱ་བ་ནི།
དེ་ནི་ནུབ་ཀྱི་བ་ལང་སྤྱོད་ཀྱི་ནུབ་ངོས་ན་གནས་ཏེ། མཐའ་སྐོར་ནི་དཔག་ཚད་ལྔ་བརྒྱ། འཕང་དུ་དཔག་ཚད་ཕྱེད་དང་སུམ་བརྒྱའོ། །གཞི་ལྕགས་ལས་གྲུབ་པ། དེ་ལ་གནས་པའི་སེམས་ཅན་རྣམས་ལ་འཇིགས་པ་མེད་པས་ན་མི་འཇིགས་སྣ་ཚོགས་ཞེས་བྱའོ། །རིའི་རྒྱལ་པོ་རལ་གྲི་དང་
ཞེས་བྱ་བ་ནི། འཛམ་བུའི་གླིང་གི་ལྷོ་ངོས་ན། ཡུལ་སྤྱི་བོ་གཙུག་ན་རི་རལ་གྲིའི་དབྱིབས་སུ་ཡོད་པ། མཐའ་སྐོར་དུ་དཔག་ཚད་བརྒྱ། འཕང་དུ་ཉིས་བརྒྱའོ། །རལ་གྲི་བཞིན་དུ་རྩེ་མོ་རྣོ་བས་ན། རལ་གྲི་ཞེས་བྱའོ། །རིའི་རྒྱལ་པོ་གདུང་བ་དང་ཞེས་བྱ་བ་ནི། འཛམ་བུའི་གླིང་གི་དབུས་ན་
ཡོད་དེ། དབྱིབས་ཐོ་བ་དང་འདྲ་བ། མཐའ་སྐོར་དུ་དཔག་ཚད་དྲུག་ཡོད་པ། འཕང་དུ་དཔག་ཚད་བརྒྱད་དོ། །གདུང་བའི་ཚུལ་དུ་ཡོད་པའི་ཕྱིར་ན་གདུང་བ་ཞེས་བྱའོ། །རིའི་རྒྱལ་པོ་མིག་བསྐུ་དང་ཞེས་བྱ་བ་ནི། སྒྲ་མི་སྙན་གྱི་ཤར་ཕྱོགས་ན་རི་ཆེན་པོ་མིག་བསྐུ་ཞེས་བྱ་བར་གྲགས་པ།
མཐའ་སྐོར་དུ་དཔག་ཚད་བརྒྱ་པ། འཕང་དུ་དཔག་ཚད་སུམ་བརྒྱའོ། །མི་མི་ཐར་བ། མི་མ་ཡིན་གནས་པའོ། །རིའི་རྒྱལ་པོ་མུཉྫ་དང་ཞེས་བྱ་བ་ནི། མངའ་རིས་ཀྱི་ཤར་ངོས་གངས་ཀྱི་རི་རྩེ་གཅིག་ཏུ་ཡོད་པ། མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་པ། འཕང་དུ་དཔག་ཚད་སུམ་

བརྒྱ་གནས་པ། རྩེ་མོ་རྣོ་བའོ། །དེ་ན་གནས་པ་ནི་དབང་ཕྱུག་ཆེན་པོའི་བུ་གཞོན་ནུ་གདོང་དྲུག་གནས་སོ། །རིའི་རྒྱལ་པོ་རི་དགས་ཅན་དང་ཞེས་བྱ་བ་ནི། བལ་ཡུལ་གྱི་བྱང་ངོས་ན་གནས་ཏེ། དབྱིབས་རི་དགས་ཤར་ན་བཞིན་དུ་གནས་ཏེ། མཐའ་སྐོར་དུ་དཔག་ཚད་ལྔ་པ། འཕང་
དུ་དཔག་ཚད་གསུམ་མོ། །རི་དགས་བཞིན་དུ་ཡོད་པས་ན་རི་དགས་ཅན་ཞེས་བྱའོ། །རིའི་རྒྱལ་པོ་འཇོམས་བྱེད་དང་ཞེས་བྱ་བ་ནི། བལ་ཡུལ་དང་རྒྱ་གར་གྱི་མཚམས་ན། མཐའ་སྐོར་དུ་དཔག་ཚད་བཞི་ཡོད་པ། འཕང་དུ་གཉིས་སོ། །རིའི་རྒྱལ་པོ་ཏི་སེ་དང་ཞེས་བྱ་བ་ནི།
གངས་ཀྱི་རི་ཡིན་ཏེ། དེ་ཡང་རྩེ་གསུམ་དུ་ཡོད་པ། ལྷ་མ་ཧཱ་དེ་བ་ཡོད་པ། མཐའ་སྐོར་དཔག་ཚད་ལྔ་བརྒྱ་ཡོད་པ། འཕང་དུ་ཡང་ལྔ་བརྒྱའོ། །རིའི་རྒྱལ་པོ་མི་མཇེད་དང་ཞེས་བྱ་བ་ནི། ཏི་སེའི་བྱང་ངོས་ན་དཔག་ཚད་ལྔ་ཡོད་པའི་བར་ན། མཐའ་སྐོར་དུ་དཔག་ཚད་བརྒྱ། འཕང་དུ་དཔག་ཚད་སུམ་
ཅུའོ། །རིའི་རྒྱལ་པོ་ཙནྡན་ཕྲེང་དང་ཞེས་བྱ་བ་ནི། མ་ལ་ཡའི་ཤར་ཕྱོགས་ཀྱི་བར་ན་དཔག་ཚད་ལྔ་ཡོད་དེ། ཙནྡན་གྱི་ནགས་གསེབ་སྦྲུལ་གདུག་པ་ཅན་ཡོད་པ། མཐའ་སྐོར་དུ་དཔག་ཚད་བརྒྱ་ཡོད་པ། འཕང་དུ་ཡང་བརྒྱའོ། །རིའི་རྒྱལ་པོ་སྟོབས་འཛིན་ཁྱམ་དང་ཞེས་
བྱ་བ་ནི། རྒྱ་ནག་པོ་ན་གནས་ཏེ། མཐའ་སྐོར་དུ་དཔག་ཚད་ཁྲི་ཡོད་པ། འཕང་དུ་དཔག་ཚད་ལྔ་བརྒྱ་ཡོད་པ། རིའི་རྒྱལ་པོ་དབང་ཆེན་དང་ཞེས་བྱ་བ་ནི། རྒྱ་བོད་ཀྱི་བར་ན་རི་བོ་ཆེན་པོ། མཐའ་སྐོར་དུ་དཔག་ཚད་བརྒྱ། འཕང་དུ་དཔག་ཚད་ལྔ་བཅུའོ། །རིའི་རྒྱལ་པོ་དུས་
འབྲི་བྱེད་དང་ཞེས་བྱ་བ་ནི། བལ་ཡུལ་དང་རྒྱ་གར་འཁོར་ནས་ཡོད་པ། མཐའ་སྐོར་དུ་དཔག་ཚད་ཁྲི་ཡོད་པ། འཕང་དུ་ལྔ་བརྒྱའོ། །རིའི་རྒྱལ་པོ་སྐེམ་བྱེད་དང་ཞེས་བྱ་བ་ནི། དུས་འབྲི་བྱེད་ཀྱི་བྱང་ངོས་དཔག་ཚད་གཅིག་ན། མཐའ་སྐོར་ཡང་དེ་བཞིན་ནོ། །འཕང་དུ་
དཔག་ཚད་དྲུག་བརྒྱའོ། །རིའི་རྒྱལ་པོ་བ་ལང་སྲུང་ཞེས་བྱ་བ་ནི། བལ་ཡུལ་གྱི་ནུབ་ངོས་ན། དབང་ཕྱུག་ཆེན་པོའི་ལྷ་གནས་པ། དཔག་ཚད་ལྔ་མཐའ་སྐོར་རོ། །འཕང་དུ་དཔག་ཚད་གསུམ་མོ། །རིའི་རྒྱལ་པོ་བྱ་རོག་སྒྲ་ཅན་དང་ཞེས་བྱ་བ་ནི། ཟླུམ་པ་རྒྱ་ཆེ་བ་མཐའ་

སྐོར་དུ་དཔག་ཚད་བཅུ་པ། འཕང་དུ་དཔག་ཚད་བཅུའོ། །སངས་རྒྱས་རྣམས་ཀྱི་ཞིང་ཁམས་སུ་གྲགས་པའོ། །རིའི་རྒྱལ་པོ་བརྟེན་པ་འཛིན་དང་ཞེས་བྱ་བ་ནི། རྒྱ་མཚོའི་ནང་ན་གནས་པ། རྒྱ་ཆེ་བ་གསེར་གྱི་ས་གཞི་ལ་ཐུག་པ། རྒྱུ་ཡང་གསེར་ལས་བྱས་པའོ། །
རིའི་རྒྱལ་པོ་རྟ་རྣ་རི་དང་ཞེས་བྱ་བ་ནི། རི་བལྟ་ན་སྡུག་པ་དཔག་ཚད་ལྔ་སྟོང་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏེ། དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཆུ་ལས་གྱེན་དུ་འཕགས་ཏེ། ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་
པ། དེ་ན་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་གྲོང་དང་གྲོང་ཁྱེར་དང་ལྗོངས་གནས་སོ། །ཅིའི་ཕྱིར་རིའི་རྒྱལ་པོ་རྟ་རྣ་རི་ཞེས་བྱ་ན། རིའི་རྒྱལ་པོ་རྟ་རྣ་རིའི་རྩེ་མོ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ནི། དཔེར་ན་རྟའི་རྣ་བ་བཞིན་ཏེ། དེའི་ཕྱིར་རིའི་རྒྱལ་པོ་རྟ་རྣ་རི་ཞེས་བྱའོ། །རིའི་རྒྱལ་
པོ་རྣམ་འདུད་དང་ཞེས་བྱ་བ་ནི། རིའི་རྒྱལ་པོ་རྟ་རྣ་རི་ནས་དཔག་ཚད་ཉིས་སྟོང་ལྔ་བརྒྱ་བོར་ནས། དཔག་ཚད་བརྒྱད་ཁྲི་ཆུའི་འོག་ནས་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏེ། དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུ་ནི་ཆུ་ལས་གྱེན་དུ་འཕགས་སོ། །རྔམས་སུ་ཡང་དེ་དང་འདྲ་སྟེ། དབྱིབས་
ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། གསེར་ལས་གྲུབ་པ། དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་གྲོང་ཁྱེར་དང་ལྗོངས་གནས་སོ། །ཅིའི་ཕྱིར་རིའི་རྒྱལ་པོ་རྣམ་འདུད་ཅེས་བྱ་བ་ཞེ་ན། རིའི་རྒྱལ་པོ་རྣམ་པར་འདུད་ཀྱི་རྩེ་མོ་དམའ་ཞིང་འདུད་པ་ནི། དཔེར་ན་གཉན་རུ་བཞིན་ཏེ།
དེའི་ཕྱིར་ན་རིའི་རྒྱལ་པོ་རྣམ་པར་འདུད་ཅེས་བྱའོ། །སའི་དཀྱིལ་འཁོར་འདི་ན། རིའི་རྒྱལ་པོ་འདི་དག་དང་ཞེས་བྱ་བ་ནི། རིའི་རྒྱལ་པོ་དེ་རྣམས་ལ་སོགས་པས་གཙོ་བོ་བྱས་པའོ། །གཞན་དག་ཀྱང་ཡོད་པ་དེ་ལ་ལྷ་རྣམས་དང་ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་
རྟེན་གྱི་ཁམས་ལ་གནས་པའི་རིའི་རྒྱལ་པོ་ལ་སོགས་པ་རྣམས་སོ། །ལྷ་ལ་སོགས་པའི་འབྱུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི། བགེགས་རིགས་མི་གཅིག་པ་རི་དེ་རྣམས་ལ་གནས་སོ། །རིག་སྔགས་འཆང་གྲུབ་པ་དང་ཞེས་བྱ་བ་ནི། རི་དེ་རྣམས་ལ་གནས་པའི་རིག་སྔགས་འཆང་

གི་རྒྱལ་པོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་གནས་པའོ། །རྒྱལ་པོ་འཁོར་དང་བཅས་པ་གང་དག་རྒྱུན་དུ་གནས་པ་ཞེས་བྱ་བ་ནི། རྒྱལ་པོ་བཞི་ཡང་རི་དེ་རྣམས་ལ་རྒྱུའོ། །གཞན་ཡང་རྒྱལ་པོ་རྣམས་ཀྱང་རི་དེ་ལ་རྒྱུ་སྟེ། དེའི་འཁོར་རྣམས་ཀྱང་དེ་ལ་རྒྱུའོ། །རི་དེ་རྣམས་ལ་ཡང་
གཟུགས་སྣ་ཚོགས་པ་དང་། གཟུགས་ཐ་དད་པ་དང་། འདོད་པའི་གཟུགས་དང་། གཟུགས་མངོན་པ་དག་རི་དེ་རྣམས་ལ་གནས་པའོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། གང་ཟག་གང་ཡང་རུང་བ་འདི་ལ་
གུས་པར་བྱས་ན། རིའི་རྒྱལ་པོ་དེ་རྣམས་ལ་ཡོད་པའི་ལྷ་ལ་སོགས་པ་སྲུང་ཞིང་སྐྱོབ་པར་འགྱུར་རོ། །སྦ་བ་ལ་སོགས་པ་ཞེས་བྱ་བ་ནི། སྔ་མ་གོང་དུ་སོང་བ་བཞིན་དུ་ཤེས་པར་བྱའོ། །སྡིག་པ་ཐམས་ཅད་སོལ་ཅིག །དགེ་བ་རྣམས་ལ་སྣང་བར་གྱུར་ཅིག་ཅེས་བྱ་བ་ནི། སྡིག་པ་
ནི་མི་དགེ་བ་བཅུ་སྟེ། མི་དགེ་བ་བཅུ་ནི། ལུས་ལ་གསུམ། ངག་ལ་བཞི། ཡིད་ལ་གསུམ་མོ། །ལུས་ལ་གསུམ་ནི་སྲོག་གཅོད་པ། མ་བྱིན་པར་ལེན་པ། མི་ཚངས་པར་སྤྱོད་པའོ། །ངག་གི་བཞི་ནི། བརྫུན་དང་། ངག་འཁྱལ་དང་། ཚིག་རྩུབ་མོ་དང་། འཕྲ་མའོ། །ཡིད་ཀྱི་
གསུམ་ནི་བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་གསུམ་མོ། །གཞན་ཡང་ལས་དང་། བག་ཆགས་དང་ཞེས་བྱ་བ་ལ་སོགས་པ་སེལ་བའོ། །ཡང་ན་མཚམས་མེད་པ་ལྔ་བྱས་ཀྱང་སེལ་བའོ། །དེ་རྣམས་ལས་ལོག་པས་ན་སྡིག་པ་ཐམས་ཅད་སེལ་བའོ། །མི་
དགེ་བ་སོལ་ཅིག །དོན་རྣམས་ལ་སྣང་བར་གྱུར་ཅེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་འདིའི་གཟི་བརྗིད་ཀྱིས་སྡིག་པ་དེ་དག་ཐམས་ཅད་སོལ་ཅིག །དོན་རྣམས་ལ་སྣང་བར་གྱུར་ཅིག་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་སྣང་བའོ། །ཐུན་མོང་ཡང་ལས་བཞི་ལ་སོགས་
པའམ། གཞན་ཡང་ཚངས་པ་ལ་སོགས་པའི་དངོས་གྲུབ་བོ། །ཡང་ན་སྲིད་པ་གསུམ་ལ་སྦྱོར་བའི་ས་བཅུའི་བྱང་ཆུབ་སེམས་དཔའི་དངོས་གྲུབ་བོ། །ཐུན་མོང་མ་ཡིན་པའི་དངོས་གྲུབ་ནི། རིག་སྔགས་ཀྱི་ངོ་བོ་ཉིད་ནམ་མཁའ་ལྟ་བུ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་

པའོ། །གནོད་པ་རྣམས་སོལ་ཅིག་ཅེས་བྱ་བ་ནི། མ་རིག་པའི་དབང་གིས། མི་དགེ་བ་བཅུ་ལས་བདུད་བཞི་འབྱུང་ངོ་། །བདུད་བཞི་ལས་ཀྱང་ལྷའི་གདོན་ལ་སོགས་པ་བགེགས་རྣམས་བྱུང་བ། ལུས་ཀྱི་ན་ཚ་རིམས་ལ་སོགས་པ་འབྱུང་བའོ། །དེ་རྣམས་རིག་སྔགས་ཀྱི་
གཟི་བརྗིད་ཀྱིས་སེལ་བའོ། །མཚན་མོ་བདེ་ལེགས་ཉིན་བདེ་ལེགས། །ཞེས་བྱ་བ་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུམ། དེའི་གཟི་བརྗིད་ཀྱིས་བདེ་བའོ། །ཉི་མའི་གུང་གི་བདེ་ལེགས་དང་། །ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
ཁམས་ཀྱི་ལྷ་དང་ལྷ་མ་ཡིན་ལ་སོགས་པ་འབྱུང་པོ་རྣམས་ཀྱི་གཉེན་པོ་རིག་སྔགས་འདིའི་སྟོབས་ཀྱིས་བདེ་བའོ། །ཉིན་མཚན་ཀུན་གྱི་བདེ་ལེགས་དག །ཅེས་བྱ་བ་ནི། རིའི་རྒྱལ་པོ་དེ་རྣམས་ཀྱིས་ཀྱང་། རིག་སྔགས་འདིའི་སྟོབས་དང་བྱིན་གྱི་རླབས་ཀྱིས་འབྱུང་པོ་ལ་སོགས་པ་དེ་
རྣམས་ཀྱིས་ཀྱང་སྲུང་བ་དང་སྐྱོབ་པར་བྱེད་པའོ། །ཡང་ན་བདེ་བར་འགྱུར་བ་ནི་འཁོར་བའི་སྡུག་བསྔལ་སྤངས་ནས་རིག་སྔགས་ཀྱི་ངོ་བོ་ཐོབ་པའོ། །སངས་རྒྱས་ཀུན་གྱིས་བདག་ལ་སྩོལ། །ཞེས་བྱ་བ་ནི། རྣམ་པར་གཟིགས་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དད་སེལ་དང་།
གསེར་ཐུབ་དང་། འོད་སྲུངས་ལ་སོགས་པ་འདས་པའི་སངས་རྒྱས་བསམ་གྱིས་མི་ཁྱབ་པའོ། །མ་འོངས་པ་བྱམས་པ་ལ་སོགས་པ་ཡང་བསམ་གྱིས་མི་ཁྱབ་པའོ། །ད་ལྟར་ཤཱཀྱ་ཐུབ་པས་བདེ་ལེགས་བྱིན་པའོ། །སྭཱ་ཧཱ་ཞེས་བྱ་བ་ནི་བདེ་བར་འགྱུར་བའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་
མོ་ལས་རིའི་རྒྱལ་པོ་རྣམས་བཤད་པའི་གནས་སྐབས་ཏེ་བཅུ་བདུན་པའོ།། །།ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའོ། །ཁྱོད་ཀྱིས་རྒྱུ་སྐར་གང་དག་ནམ་མཁའ་ལ་རྒྱུ་ཞིང་སྣང་བར་བྱེད་པ་རྣམས་ཀྱི་མིང་ཟུང་ཤིག་ཅེས་བྱ་བ་ནི། དགེ་
བ་དང་མི་དགེ་བར་བྱེད་པ། བདེ་བ་དང་མི་བདེ་བར་བྱེད་པ། ལོ་ལེགས་པ་དང་ལོ་ཉེས་པར་བྱེད་པ། ཚེ་རིང་བ་དང་ཚེ་ཐུང་བར་བྱེད་པ། སྤྲོ་རིང་བ་དང་སྤྲོ་ཐུང་བར་བྱེད་པ། ཕྱུག་པ་དང་ལྟོགས་པར་བྱེད་པ། ན་བ་དང་མི་ན་བར་བྱེད་པ། བཞིན་སྡུག་པ་དང་མི་སྡུག་པར་བྱེད་པ། གཟུགས་

བཟང་བ་དང་ངན་པར་བྱེད་པ། དེ་རྣམས་ནི་ནམ་མཁའ་ལ་རྒྱུ་ཞིང་། འཇིག་རྟེན་གྱི་ཁམས་ཙམ་ལ་གནས་པའི་ལྷ་མོ་ཉི་ཤུ་རྩ་བརྒྱད་དོ། །འདི་ལྟ་སྟེ་ཞེས་བྱ་བ་ནི། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་བལྟ་བའོ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ལུས་ཀྱི་ཚད་བསྟན་པ། ཆེ་བ་ལ་ནི་རྒྱང་གྲགས་བཅོ་བརྒྱད།
ཆུང་བ་ལ་རྒྱང་གྲགས་གསུམ་མོ། །ཕལ་ཆེར་ནི་རྒྱང་གྲགས་བཅུ་གཉིས་སོ། །སྨིན་དྲུག་དང་ཞེས་བྱ་བ་ནི། དེ་ལས་སྐྱེས་པའི་མཚན་མ་ནི་འདི་ལགས་སོ། །དེ་ཡི་གདོང་གི་སོར་བཞི་ན། གཡས་ཕྱོགས་ན་ནི་སྨེ་བ་ཡོད། །སྤུ་ཅན་ནག་ལ་མདོག་ཀྱང་དམར། །ལོངས་སྤྱོད་ཆེ་ཞིང་
གྲགས་དང་ལྡན། །མཁས་ཤིང་རབ་ཏུ་དཔལ་འབར་ཏེ། །སྨིན་དྲུག་ལ་ནི་སྐྱེས་པའི་མཚན་མ་དེ་ཡིན་ནོ། །སྣར་མ་དང་ཞེས་བྱ་བ་ནི། གང་ཞིག་བརླ་ཡི་སོར་བཞི་ན། །སྨེ་བ་འདི་ཉིད་གདའ་བ་སྟེ། །སྣར་མ་ལས་ནི་སྐྱེས་པ་སྟེ། །ཤེས་ཤིང་རྟག་ཏུ་ཆོས་ལ་དགའ། །མཁས་ལ་ལོངས་
སྤྱོད་ཕུན་སུམ་ཚོགས། །རྣམ་པ་ཀུན་དུ་མཛེས་དང་ལྡན། །དཔའ་ཞིང་རྒྱལ་བ་ཕུན་སུམ་ཚོགས། །དགྲ་རྣམས་རྟག་ཏུ་རབ་ཏུ་འཇོམས། །མགོ་དང་ཞེས་བྱ་བ་ནི། །མགུལ་པ་ཡི་ནི་མཛུབ་ཕྱེད་ན། །གང་ལ་ཚིག་པ་འདྲ་བ་ཡོད། །དེ་ནི་མགོ་ལས་སྐྱེས་པ་སྟེ། །དཔའ་ཞིང་
ལོངས་སྤྱོད་ལྡན་པ་སྟེ། །ལག་དང་ཞེས་བྱ་བ་ནི། མཛུབ་ཀྱི་ཕྱེད་པོ་གཉིས་པ་ལ། །གཡོན་ན་སྨེ་བ་གང་ཡོད་པ། །ལག་ལས་སྐྱེས་པ་ཁྲོ་བ་སྟེ། །དེ་ནི་བླུན་ཞིང་ནབ་སོ་དང་། །ཞེས་བྱ་བ་ནི། མཆན་ཁུང་གཡོན་ན་སྨེ་ནག་ཡོད། །ནབ་སོ་ལས་ནི་སྐྱེས་པ་སྟེ། །ནོར་དང་འབྲུ་རྣམས་
འབྱོར་བར་འགྱུར། །དེ་ནི་ཤེས་པ་རྒྱ་ཡང་ཆུང་། །རྒྱལ་ནི་བཀྲ་ཤིས་ཕུན་སུམ་ཚོགས། །ཞེས་བྱ་བ་ནི། མཚན་མཆོག་དག་ནི་རབ་ཏུ་དགའ། །ཕྱག་གི་མཐིལ་ལ་འཁོར་ལོ་ནི། །ཉི་མ་ལྟ་བུར་རབ་ཏུ་མཛེས། །དབུ་སྐྲ་དག་ནི་ཐམས་ཅད་ཀྱང་། །གྱེན་དུ་གཡས་འཁྱིལ་ལེགས་པར་
ཡོད། །སྐུ་ནི་ཆུ་ཞེང་གབ་པ་སྟེ། །འདྲེན་པས་ཁྱོད་ཀྱི་ཉོན་མོངས་ཐུལ། །དེ་ནི་རྒྱལ་ལས་སྐྱེས་པའོ། །དེ་བཞིན་སྐག་སྟེ་བདུན་པ་ཡིན། །ཞེས་བྱ་བ་ནི། ཚིག་འདྲ་གང་གི་སྙིང་གར་མཆིས། །སྐག་ལས་སྐྱེས་ཏེ་འཐབ་ལ་དགའ། །ཚུལ་ཁྲིམས་འཆལ་ཞིང་འགྲོགས་མི་བདེ། །དེ་ནི་

གཡེམ་ལ་དགའ་བའོ། །དེ་ལྟར་རྒྱུ་སྐར་བདུན་པོ་དག་ནི་ཤར་ཕྱོགས་ཀྱི་སྒོ་ན་གནས་པ་དག་སྟེ། སྐར་མ་བདུན་པོ་དེ་དག་ནི་ཆོས་ཀྱི་དབང་དུ་བྱས་ན། །སའི་ཁམས་སུ་གྱུར་པ་སྟེ། །ལྷ་མོའི་གཟུགས་སུ་སྣང་བའོ། །སྨིན་དྲུག་ནི་དམར་མོ་སྟེ། མེའི་དབྱུག་
ཏོ་ཐོགས་པ། མེ་ལ་ཞོན་པ། སྣར་མ་སྔོ་སྐྱ། ལུག་ཐོགས་པ་ཉ་ལ་ཞོན་པའོ། །མགོ་ལྗང་གུ་ལག་ན་ཨུཏྤ་ལ་ཐོགས་པ། ཁ་ཤ་ལ་ཞོན་པའོ། །ལག་དཀར་པོ་ལག་ན་སྦྲུལ་ཐོགས་པ། སྦྲུལ་ལ་ཞོན་པའོ། །ནབ་སོ་སེར་མོ་ལག་ན་རྡོ་རྗེ་དྲིལ་བུ་ཐོགས་པ། ལུག་ལ་ཞོན་
པའོ། །རྒྱལ་དམར་པོ་ལག་ན་དབྱུག་པ་ཐོགས་པ། གདན་བུམ་པ་ལ་འདུག་པའོ། །སྐག་སྔོན་མོ་ལག་ན་ལྕགས་ཀྱུ་ཐོགས་པ། བྱ་རོག་ལ་ཞོན་པའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་པའོ། །གང་དག་ཤར་ཕྱོགས་སྲུང་ཞིང་ཡོངས་སུ་
སྐྱོང་བར་བྱེད་པ་དག་གོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་ལས་མི་འདའ་ཞིང་། རིག་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་ཁྱབ་པའོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། གང་
ཟག་གང་གིས་དེ་ལ་གུས་པར་བྱེད་པ་དེ་ལ། ཤར་གྱི་སྐར་མ་བདུན་པོ་དག་གིས་ཀྱང་སྲུང་ཞིང་སྐྱོབ་སྟེ། ཤར་ཕྱོགས་ཀྱི་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་བྱེད་པའོ། །སྦ་བ་ལ་སོགས་པ་ཞེས་བྱ་བ་ནི། སྔ་མ་བཞིན་དུ་ཤེས་པར་བྱའོ། །མཆུ་ནི་མི་མཛའ་འཇོམས་པ་དང་། །
ཞེས་བྱ་བ་ནི། འོག་གམ་བྲང་ངམ་རྒྱབ་ཅིག་ན། །གང་ལ་བྱི་སྲན་འདྲ་བ་ཡོད། །མཆུ་ལས་སྐྱེས་ཏེ་ནོར་དང་ལྡན། །བཙུན་ཞིང་ཆོས་དང་ལྡན་པའི་མི། །དེ་བཞིན་གྲེ་དང་ཞེས་བྱ་བ་ནི། ལྟེ་བའི་གཡས་གཡོན་གཉིས་ཀ་ན། །གང་ལ་རྨ་འདྲ་ཡོད་པ་དེ། །དེ་ནི་གྲེ་ལས་སྐྱེས་པ་སྟེ།
སེར་སྣ་ཆེ་ཞིང་ཚེ་ཡང་ཐུང་། །དབོ་གཉིས་དང་ཞེས་བྱ་བ་ནི། ལྟེ་བ་མན་ཆད་སོར་བཞི་ན། །གང་ལ་སྨེ་བ་རབ་ཡོད་པ། །དབོ་ལས་སྐྱེས་ཏེ་ལོངས་སྤྱོད་ཆེ། །ཁྲིམས་ལྡན་ཤི་འཕོས་མཐོ་རིས་འགྲོ། །མེ་བཞི་ཞེས་བྱ་བ་ནི། སྨེ་བ་དམར་པོ་ཆུ་སོ་ན། །རྐུ་ཞིང་གཡོ་ངན་སྒྱུ་མ་སྟེ། །

བསོད་ནམས་ཆུང་ཞིང་ཤེས་པ་ཞན། །མེ་བཞི་ལས་ནི་སྐྱེས་པའོ། །ནག་པ་ཞེས་བྱ་བ་ནི། མཚན་མ་ལ་ནི་སྨེ་བ་ཡོད། །འདའ་བར་གྱུར་པར་ངེས་པ་ཡང་། །ནག་པ་ལས་ནི་དེ་སྐྱེས་ཏེ། །འདོད་ཆགས་གླུ་གར་རྟག་ཏུ་དགའ། །ས་རི་དང་ཞེས་བྱ་བ་ནི། མཚན་མའི་འོག་གམ་སྟེང་ན་ནི། །
སྨེ་བ་སེར་པོ་རབ་ཏུ་གདའ། །མི་མཁས་སྐམ་ཞིང་མང་པོ་སྡང་། །ས་རི་ལས་ནི་སྐྱེས་པའོ། །ས་ག་ལ་སྟེ་བདུན་པ་ཞེས་བྱ་བ་ནི། བརླ་གཉིས་ཀྱི་ནི་མཛུབ་གང་ན། །སྨེ་བ་དམར་པོ་དེ་བཞིན་ཏེ། །ས་ག་ལས་སྐྱེས་ཤར་པ་མཆོག །སྐྱེས་པ་བུད་མེད་རྣམས་ཀྱིས་བསྐོར། །མཁས་ཤིང་དཔའ་ལ་དགྲ་ཡང་ཐུལ། །
རྟག་ཏུ་བདེ་ལ་གནས་པ་སྟེ། །ངོ་ཚ་ཤེས་ཤིང་བརྟན་དང་ལྡན། །ཤི་འཕོས་ནས་ནི་མཐོ་རིས་སྐྱེ། །དེ་ལྟར་རྒྱུ་སྐར་བདུན་པོ་འདི་དག་ནི། །ལྷོ་ཕྱོགས་ཀྱི་སྒོ་ན་གནས་པ་དག་སྟེ་ཞེས་བྱ་བ་ནི། སྐར་མ་བདུན་པོ་དེ་དག་ནི་ཆུའི་ཁམས་སུ་གནས་པའོ། །ལྷ་མོའི་ཚུལ་དུ་གནས་པ་སྟེ། །ལྷོ་ངོས་དག་ན་
གནས་པའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། མཆུ་དཀར་པོ་གྲི་གུག་ཐོགས་པ་གླང་ལ་ཞོན་པ། གྲེ་སེར་པོ་པདྨ་ཐོགས་པ་གདན་རྡོ། དབོ་དཀར་མོ་ལག་ན་རྡོ་རྗེ་ཐོགས་པ་གླང་པོ་ཆེ་ལ་ཞོན་པའོ། །མེ་བཞི་སྔོན་མོ་ལག་ན་རྨ་བྱའི་སྒྲོ་ཐོགས་པ་རྨ་བྱ་ལ་ཞོན་པ། ནག་
པ་སེར་མོ་ལག་ན་རིན་པོ་ཆེའི་ཕྲེང་བ་འཛིན་པ་བ་ལ་ཞོན་པ། ས་རི་མདོག་དམར་སྐྱ་ལག་ན་འཕང་མདུང་འཛིན་པ་ཐག་པའི་གདན་ལ་ཞུགས་པ། ས་ག་དུད་ཀ་དགྲ་སྟ་ཐོགས་པ་མིའི་གདན་ལ་བཞུགས་པའོ། །གང་དག་ལྷོ་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དག་གོ་ཞེས་
བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་། སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བར། ལྷོ་ཕྱོགས་ཡོངས་སུ་སྐྱོང་བའོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། གང་
ཟག་གང་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་འདི་ལ་གུས་ཤིང་འཆང་བ་དེ། སྲུང་བ་དང་སྐྱོབ་པར་བྱེད་དོ། །ལྷོ་ཕྱོགས་ཀྱི་འཇིགས་པ་ཐམས་ཅད་ལས་སྐྱོབ་པའོ། །སྦ་བ་ལ་སོགས་པ་ཞེས་བྱ་བ་ནི། སྔ་མ་བཞིན་དུ་ཤེས་པར་བྱའོ། །ལྷ་མཚམས་གཟི་བརྗིད་ཆེན་མོ་དང་། །

ཞེས་བྱ་བ་ནི། བརླ་གཉིས་ཀྱི་ནི་མཛུབ་དོ་ན། །གང་ལ་བྱི་སྲན་འདྲ་བ་ཡོད། །ལྷ་མཚམས་ལས་སྐྱེས་ཚུལ་ཁྲིམས་ཅན། །ཆོས་དང་ལོངས་སྤྱོད་ལྡན་པའོ། །དེ་བཞིན་སྣྲོན་དང་ཞེས་བྱ་བ་ནི། གང་གི་བརླ་འོག་གཉིས་ན་ནི། །སྨེ་བ་ཡོད་པ་སྣྲོན་ལས་སྐྱེས། །མི་སྡུག་ཚེ་ཐུང་
ཚུལ་ཁྲིམས་འཆལ། །དབུལ་ཞིང་སྙིང་རྗེ་མ་མཆིས་སོ། །སྣྲུབས་དང་ཞེས་བྱ་བ་ནི། པུས་མོ་གཉིས་ཀྱི་གོང་ན་ནི། །གང་ལ་སྨེ་ཆུང་ཡོད་པ་སྟེ། །སྣྲུབས་ལས་སྐྱེས་པ་དབང་ཐང་ཅན། །མྱུར་དུ་བདག་ཁྱིམ་འཇིག་པར་བྱེད། །ཆུ་སྟོད་དང་ཞེས་བྱ་བ་ནི། སྨེ་བ་པུས་མོའི་ལྷ་ང་ན། །སྦྱིན་པ་
བགྱིད་ཅིང་ཆོས་ལམ་ཤེས། །ཤི་འཕོས་ནས་ནི་མཐོ་རིས་འགྲོ། །ཆུ་སྟོད་ལས་ནི་སྐྱེས་པའོ། །ཆུ་སྨད་དང་ཞེས་བྱ་བ་ནི། དཀུ་དོ་ལ་ནི་སྨེ་བ་ཡོད། །དེ་ལྟར་འདུག་པ་ཤེས་དང་ལྡན། །ལོངས་སྤྱོད་ལྡན་ཞིང་སེམས་ཅན་བྱམས། །ཆུ་སྨད་ལས་ནི་སྐྱེས་པའོ། །དེ་ལྟར་བྱི་བཞིན་ཞེས་བྱ་བ་ནི།
སྲིན་པོ་ལངྐ་མགྲིན་བཅུའི་སྐར་མ་ཡིན་ཏེ། ལྷ་རྣམས་ལ་གནོད་པས་སྦས་ནས་འདིར་མ་བཤད་དོ། །རྩིས་ལས་མ་བཤད། རྒྱུ་སྐར་ལ་བཤད་པའོ། །གྲོ་བཞིན་ནོ་ཞེས་བྱ་བ་ནི། གྲོ་བཞིན་ལས་སྐྱེས་ལོངས་སྤྱོད་རྟག །དེ་བཞིན་ནད་མེད་སེམས་ཅན་བྱམས། །སྨེ་བ་གཉིས་པོ་ཡོད་པ་ནི། །
ཤི་འཕོས་ནས་ནི་མཐོ་རིས་འགྲོ། །དེ་ལྟར་རྒྱུ་སྐར་བདུན་པོ་དེ་དག་ནི། ནུབ་ཕྱོགས་ཀྱི་སྒོ་ན་གནས་པ་དག་ཅེས་བྱ་བ་ནི། རྒྱུ་སྐར་བདུན་པོ་དེ་དག་ནི། །ནུབ་ཕྱོགས་ན་གནས་པ། ལྷ་མོའི་ཚུལ་དུ་སྣང་བ། མེའི་ཁམས་སོ། །དེ་རྣམ