Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 66

Văn bản gốc(Tây Tạng)

Trang 21 / 22 (50.000 ký tự/trang)
ོར་གྱི་བདག་པོའིའོ། །དེ་ནས་ནི་སེམས་མ་རྡོ་རྗེ་མའི་སྟེ་འཇུག་པའིའོ། །དེ་ནས་ནི་ཤཱཀྱའི་ཏོག་གིའོ། །དེ་ནས་ནི་ཤཱཀྱ་ཐུབ་པ་དང་ཕྱག་ན་རྡོ་རྗེའིའོ། །དེ་ནས་ནི་རྒྱུད་ཀྱི་བདག་པོའིའོ། །དེ་ནས་ནི་རིན་ཆེན་དཔལ་གྱིའོ། །དེ་ནས་
ནི་དཀྱིལ་འཁོར་གཉིས་པར་བཞུགས་པའི་ཤཱཀྱ་ཐུབ་པའི་སྟེ། འདི་ཉིད་ངན་འགྲོ་དགག་པའི་སྡིག་པ་གཞོམ་པ་ལ་སྦྱར་རོ། །དེ་ནས་ནི་བསྲུང་མ་ལ་སོགས་པ་ལས་ཐམས་ཅད་པའི་སྟེ། ཁ་ཅིག་ནི་འདི་ཉིད་མེ་ཏོག་རྒྱས་པའི་ཡིན་ནོ་ཞེས་ཟེར་རོ། །དེ་ནས་བཞི་ནི་རྩ་བའི་དཀྱིལ་འཁོར་གྱི་ཡོ་བྱད་
དོ། །དེ་ནས་དགུ་ནི་གོ་བར་ཟད་དོ། །དེ་ནས་མེ་ཏོག་རྒྱས་པའི་སྟེ། ཁ་ཅིག་ན་རེ་དེ་ཉིད་ཤཱཀྱ་ཐུབ་པའི་ཞེས་ཟེར་རོ། །ལྷག་མ་རྣམས་ནི་གོ་སླའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས་སུ་བྲིའོ་ཞེས་བྱ་བ་ནི་འགའ་ཞིག་དེ་ལ་མོས་པ་ལ་དགོངས་ཏེ། དེ་བས་ན་བདག་ཉིད་གང་
ལ་དད་ཅིང་མེ་ཏོག་ལྷུང་བ་དེ་ཉིད་བྲི་བའོ། །དབུས་ཀྱི་བདག་པོ་ལ་མེ་ཏོག་ལྷུང་བའམ། དཀྱིལ་འཁོར་ལ་མོས་པའི་དབང་དུ་བྱས་ཏེ། དཀྱིལ་འཁོར་གྱི་ཚུལ་དུ་བྲིས་ལ་ཞེས་གསུངས་སོ། །ལྷག་མ་ནི་གོ་བར་སླའོ། །དཀྱིལ་འཁོར་དང་པོའི་འགྲེལ་པའོ།། །།ད་ནི་དེ་ནས་བརྒྱ་བྱིན་དང་། །
ཞེས་བྱ་བ་ལ་སོགས་པ་ཚེ་དཔག་དུ་མེད་པའི་དཀྱིལ་འཁོར་སྟོན་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཀོ་ཊ་ཀྵ། ཀོ་ཏ་པ། ཀོ་ཏྟ། ཀོ་ཏཤྩ། ཀོ་ཊ་ཀ་ར། ཀོ་ལ་ཀྵ། ཀོ་ལ་པ། ཀོ་ལ། ཀོ་ལ་བཤྩ། ཀོ་ལ་སྭཱ་ཧཱ། ཨི་ཏི་ཞེས་བྱ་བ་ལ། ཚིག་འདི་དག་གི་དོན་ཅི་ཞེ་ན། ངག་འདི་ནི་གནོད་སྦྱིན་

རྣམས་ཀྱི་ཡིན་པས། མི་རྣམས་ཀྱིས་རབ་ཏུ་རིག་པ་དཀའ་སྟེ། ཇི་སྐད་དུ་རྒྱལ་བ་སྐྱེད་མ་ལས། ཀྱེ་མ་གནོད་སྦྱིན་རྣམས་ཀྱིས་བརྗོད་པ་དང་། སྐད་དང་སྒྲ་ནི་ཤེས་པར་རུང་གི །འཕགས་པ་རབ་འབྱོར་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ནི་ཤེས་པར་མི་རུང་ངོ་ཞེས་
གསུངས་སོ། །ཅིའི་ཕྱིར་ལྷ་དེ་དག་རང་སྐད་ལེགས་པར་སྦྱར་བ་བཞག་སྟེ། གནོད་སྦྱིན་གྱི་ངག་གིས་སྟོད་པར་བྱེད་ཅེ་ན། བཅོམ་ལྡན་འདས་འདི་ནི་ལྕང་ལོ་ཅན་དུ་གནོད་སྦྱིན་གྱི་ནང་དུ་འཁྲུངས་པས་དེ་དག་གི་དེ་ཉིད་ལས་དེ་ཉིད་གྱི་གསུང་དུ་བསྟོད་པ་སྟེ། ཇི་སྐད་དུ། གནོད་སྦྱིན་བདག་པོ་ཉི་མ་
སྟོང་གི་གཟི། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་ཚིག་འདི་དག་གིས་ནི། བཅོམ་ལྡན་འདས་དེ་ས་བཅུ་ལ་ཤིན་ཏུ་སྦྱངས་པས། ས་ཡོངས་སུ་རྫོགས་ཏེ། སངས་རྒྱས་ཀྱི་ས་ཀུན་དུ་བཟང་པོ་བརྙེས་པར་སྟོན་ལ། དེ་ཉིད་ཀྱིས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་
སྦྱང་ཞིང་། རྫོགས་པའི་རྐྱེན་ཡང་རེ་རེ་ལ་སྦྱར་རོ། །དེ་བས་ན་ཀོ་ཞེས་བྱ་བ་ནི་ཏྭམ་ཞེས་བྱ་བ་ཡིན་ལ། ཊ་ལ་སོགས་པ་ནི་རང་རང་གི་ཕ་རོལ་ཏུ་ཕྱིན་པ་དང་། སའི་རིམ་པ་སྟོན་ཅིང་། ཨི་ཏི་ཞེས་བྱ་བ་ནི་སད་ཛྭ་ཏ་ཞེས་སྟོན་པའོ། །ཁ་ཅིག་ན་རེ་ཚིག་འདི་དག་ནི་དཔལ་བདེ་མཆོག་ལས་གསུངས་
པ་དང་འདྲ་བས། བཅོམ་ལྡན་འདས་འདིས་གྲུ་ལ་སོགས་པའི་རླུང་ལ་མངའ་ཐོབ་པར་སྟོན་པའོ་ཞེས་ཟེར་ཏེ། བདེ་མཆོག་གི་རྒྱུད་འདི་ཉིད་དུ་ཡང་ཚུལ་འདི་ལྟར་དྲང་བ་ལ་གནོད་པ་ཅི་ཞིག་ཡོད་ལ། འདིར་ནི་རླུང་གི་གནས་སྐབས་ཅི་ཡང་མ་ཡིན་ཏེ། མཚར་དུ་མ་འབྲེལ་པ་སྨྲ་བར་ཟད་དོ། །
མདོ་དང་བསྲེས་པ་ལས་ནི། བླ་མའི་མན་ངག་ལས་རག་ལུས་པར་ཆེར་སྟོན་པ་དང་། དེར་ཡང་རླུང་གི་ཚུལ་འབྱུང་དུ་རུང་བས། དེ་ལྟར་དགོངས་པར་ཟད་དོ་ཞེས་བྱ་བ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལེགས་པར་སྒྲུབས་ཤིག་ཅེས་བྱ་བ་ནི། ལེགས་པར་ཉོན་ལ་གུས་ཉོན་ཏེ། །
ཞེས་བྱ་བ་མཚོན་པའོ། །ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པ་ཁྱབ་པ་ཞེས་བྱ་བ་ནི། གསང་སྔགས་གཙོར་གྱུར་པའི་ཐབས་རྣམས་སོ། །དེ་ལྟར་འབྱུང་བའི་རྒྱུ་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྡོ་རྗེ་ལྟར་མི་ཕྱེད་པ་ཉིད་ཡིན་ཏེ། དེ་ལ་སྙོམས་པར་ཞུགས་ནས་ནི། མངོན་སུམ་དུ་མཛད་པ་

ལས་རང་གི་ཐུགས་ཀ་ནས་ཡི་གེའི་ཕྲེང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་མིང་གི་ཁྱད་པར་ཚེ་དང་བསོད་ནམས་དང་ཡེ་ཤེས་དཔག་ཏུ་མེད་པ་འཕེལ་བར་བྱེད་པ་ཞེས་བྱ་བ་འདི་ཕྱུང་ཞིང་། དེ་ཕྱུང་བས་ངན་སོང་ཐམས་ཅད་རབ་ཏུ་ཞི་སྟེ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །དེ་ནས་
ཨོཾ་པུཎྱེ་ཞེས་བྱ་བ་ལ་སོགས་པའི་གསང་སྔགས་རྣམས་ནི། བདག་པོ་དང་། ཚེ་མཐའ་ཡས་དང་། མི་གཡོ་བ་དང་། རིན་ཆེན་ཏོག་དང་། དོན་ཡོད་གྲུབ་པ་རྣམས་དང་། རིམ་བཞིན་དུ་སྦྱར་རོ། །སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་
རྣམས་ཀྱིས་མཛད་པ་ནི་དཔག་ཏུ་མེད་པ་ཡིན་མོད་ཀྱི། འོན་ཀྱང་འཛམ་བུའི་གླིང་འདིར་རྣམ་པར་སྨིན་པའི་སྤྲུལ་པའི་སྐུས་བྱང་ཆུབ་ཏུ་གྱུར་པའི་མཛད་པ་ཆེན་པོ་ནི་བཅུ་གཉིས་ཏེ། དེ་ནི་ཇི་སྐད་དུ་འཕགས་པ་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། དུས་གཅིག་ཏུ་ཕྱོགས་
བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དུ། དགའ་ལྡན་གྱི་གནས་མཆོག་ན་བཞུགས་པ་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པའི་སྦྱོར་བ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་བཅོམ་པ་དང་། མངོན་པར་
རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཆོས་གནས་པ་དང་། ཆོས་ནུབ་པར་སྟོན་པ་ལ་མཁས་པ་དང་ཞེས་གསུངས་ཏེ། འདི་རྣམས་ཀྱང་སྟོབས་བཅུ་རྣམ་པར་གཞག་པ་ལས། དེ་ལྟ་བུར་མཆོག་རྣམས་བསྟན་པར་
ཤེས་པར་བྱ་སྟེ། དེའི་ཕྱིར་ན་འདིར་ཚིག་གི་དོན་ནི་བཅུ་གཉིས་ཀྱིས་གྲངས་སུ་བྱས་པའི་མཛད་པ་རྣམས་ནི། མཛད་པ་བཅུ་གཉིས་ཞེས་བྱ་བ་ལ་གཉིས་པའི་བསྡུས་པ་ཡིན་ནོ། །ལྷག་མ་རྣམས་ནི་གོ་བར་སླའོ། །རྨད་ཀྱི་ཡ་མཚན་འཇིག་རྟེན་དུ་སྣང་བར་གྱུར་ཏོ་ཞེས་བྱ་བ་ནི་ལྟས་ཆེན་པོ་བཅོ་
བརྒྱད་ཚང་བར་འབྱུང་བར་སྟོན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་སྟོན་ཏེ་གོ་སླའོ། །ཁྲོས་པ་ལས་ཞེས་བྱ་བ་ནི་ནང་ངོ་། །ཁྲོས་པའི་དབང་དུ་གྱུར་པར་བྲི། །ཞེས་བྱ་བ་ནི། ཕྱི་རོལ་རབ་ཏུ་མི་སྡུག་ཅིང་གཏུམ་པ་བྲི་བར་བྱའོ། །ཡང་ན་ཁྲོས་པའི་དབང་དུ་མ་རུངས་པ་

རྣམས་གྱུར་པ་སྟེ། སྐྲག་ནས་ཐལ་མོ་སྦྱོར་བར་བྲི་སྟེ། སུམ་ཅུ་པའི་ལྷ་རྣམས་ལྷུང་བ་དང་། བགེགས་རྣམས་བྲེད་ནས་ཐལ་མོ་སྦྱོར། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། དཀྱིལ་འཁོར་སྒྲུབ་པ་ལ་སོགས་པ་སྟོན་པའོ། །འཆི་བདག་
ཉིད་མ་རུངས་པས་ན་སྦྲུལ་ལྟ་བུ་སྟེ། དེས་འཇིགས་པ་དང་ལྡན་པ་རྣམས་ནི་ཤི་བས་འཇིགས་པའོ། །འཆི་བདག་སྟེ་གཤིན་རྗེ་དེ་དག་གཞོམ་པས་ཏེ། རེ་ཞིག་དུས་མ་ཡིན་པར་འཆི་བ་དང་རྣམ་པར་སྨིན་པ་ལས་བྱུང་བ་ཡང་། རིག་པ་འཛིན་པའི་མཐུའི་ཁྱད་པར་གྱིས་གཞོམ་པར་བྱ་བའི་ཕྱིར་
གཞུག་པར་བྱ་སྟེ། དེ་བས་ན་དཀྱིལ་འཁོར་འདིར་ནི་ཚེ་རིང་པོ་དོན་དུ་གཉེར་བའི་སློབ་མ་གཞུག་གོ། །ཇི་ལྟར་གཞུག་ཅེ་ན། དེའི་ཕྱིར་ཨོཾ་བཛྲ་ས་མ་ཡ་ཧཱུཾ་ཞེས་བྱ་བའི་སྔགས་འདིས་ཁྲོ་བོ་རྡོ་རྗེ་ཏི་རཱིནྟི་རི་ཞེས་བྱ་བའི་ཕྱག་རྒྱ་རྡོ་རྗེ་བསྡམས་པ་མཐེ་བོ་དག་ནི་གཤིབས་པས་མནན་པ་འདི་ཉིད།
ཕྱག་རྒྱ་གང་ཡིན་པ་དེ་ཉིད་ལྷ་ཞེས་བྱ་བའི་ཚུལ་གྱིས་རྡོ་རྗེ་ཏི་རཱིནྟི་རི་སྟེ་དེ་བཅིང་བར་བྱས་པའོ། །ལྷག་མ་ནི་གོ་སླའོ། །དཀྱིལ་འཁོར་གཉིས་པའི་འགྲེལ་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་སྟོན་ཏེ། འཕགས་པ་དཔུང་བཟངས་ཀྱིས་ཞུས་
པ་ལས། འཇིག་སྐྱོང་ཚངས་པ་བརྒྱ་བྱིན་ཁྱབ་འཇུག་དང་། །དྲག་པོའམ་རླུང་སོགས་ལྷ་ལ་ཕྱག་མི་བྱ། །དེ་ཡིས་བཤད་པའི་ཆོས་ལ་མི་བརྟེན་ཞིང་། །དེ་དག་དཀའ་ཐུབ་མི་སྤྱད་རྟགས་མི་མཆོད། །དེ་རྣམས་ཆོས་ལ་ངན་སེམས་མི་བྱ་ཞིང་། །དེ་སྤྱོད་རྣམས་ལ་རྣམས་ཀྱང་དགའ་མི་བྱ། །
དེ་དག་བསྟོད་པ་མི་གདོན་སྔགས་མི་བཟླས། །སྔགས་ཀྱང་མི་བཟླས་དེ་དག་མདོ་མི་བཀླག །ཅེས་གསུངས་ལ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོ་ག་ཞིབ་མོ་ལས་ཀྱང་། སྡུག་བསྔལ་སྡིག་པ་འཇིགས་འགྱུར་བའི། །འཇིག་རྟེན་ལྷ་ནི་ཡོངས་མི་བསྟེན། །ཞེས་གསུངས་པ་
མ་ཡིན་ནམ། འདིར་དེ་དག་ཇི་ལྟར་སྒྲུབ་པར་རིགས་ཤེ་ན། འདི་ལ་ལན་ནི་བདག་གིས་སྔོན་དུ་མང་དུ་བརྗོད་ཟིན་ན། གཞན་ཡང་དེར་ནི་ལྷ་མོ་ཏྲི་པུ་ར་དང་ཙ་མུཎྜ་ལ་སོགས་པ་ཉི་ཚེ་བ་བཀག་ལ། འདིར་ནི་བཅོམ་ལྡན་འདས་ཉིད་ཀྱིས་བྱིན་གྱིས་བརླབས་པས་ཅུང་ཟད་དམན་པར་བརྗོད་པའམ།

ཡང་ན་འདི་དག་ནི་གདུལ་བྱའི་དབང་ལས་འཇིག་རྟེན་པར་སྣང་ཡང་། འཇིག་རྟེན་ལས་འདས་པ་ཉིད་དེ། ཇི་སྐད་དུ་འཕགས་པ་དེ་ཁོ་ན་ཉིད་འདུས་པ་ལས། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱིས། །ཐབས་ནི་སྙིང་རྗེའི་བདག་ཉིད་དེ། །གང་དུ་ཐབས་ཀྱིས་འདུལ་མཛད་ན། །ལྷ་རྣམས་སུ་ཡང་འགྱུར་བ་
ཡིན། །ཞེས་གསུངས་ལ་གཞན་ལས་ཀྱང་། གང་དང་གང་གི་གཟུགས་ཀྱིས་ནི། །ལུས་ཅན་རྣམ་པར་འདུལ་འགྱུར་བ། །ཐུགས་རྗེས་ནོན་པ་དེ་དང་དེར། །བརྩེ་བའི་བདག་ཉིད་སྟོན་པར་མཛད། །ཅེས་གསུངས་སོ། །རྒྱ་ཆེར་ནི་སྔར་བརྗོད་ཟིན་ཏོ། །དེ་བས་ན་འདི་ལ་ཉེས་པ་མེད་དོ། །
དེ་ལ་འདིར་ཐུན་མོང་དུ་བདག་པོ་ལ་མཆོད་པ་དགུའམ་ལྔས་མཆོད་ཅིང་། འཇིག་རྟེན་པ་རྣམས་ལ་ནི་མཆོད་པ་ལྔ་ཁོ་ནས་མཆོད་དོ། །དབང་བསྐུར་བ་ཡང་ཇི་ལྟར་སྨོས་པ་བདག་པོ་བཅས་པ་འབའ་ཞིག་ཏུ་ཟད་དོ། །དམ་ཚིག་སེམས་དཔའ་ཡང་བདག་པོ་ཁོ་ནས་བྱའི། འཇིག་རྟེན་པས་མ་
ཡིན་ལ། གང་ལ་མེ་ཏོག་བབ་པ་དེ་ལ་ཡང་ཁྱད་པར་དུ་བདག་པོ་ཁོ་ན་བསྒྲུབ་པར་བྱའོ། །རྒྱལ་པོ་ཆེན་པོ་བཞིས་ཞེས་བྱ་བ་ལ་སོགས་པ་ནི། གཞུང་ཉེ་བར་གཞག་པ་སྟེ་གོ་སླའོ། །བཅོམ་ལྡན་འདས་ནི་སྤྱན་དྲངས་ཏེ་ཞེས་བྱ་བ་ནི། ཨོཾ་ཨེ་ཧྱེ་ཧི་ཞེས་བྱ་བ་ལ་སོགས་པས་སོ། །དེ་ཉིད་ཀྱི་
མཐར་མིང་གི་ཞི་བ་གསལ་ཏེ། དྷྲྀ་ཏ་རཱཥྚཱ་ཡ་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པས་རིམ་པ་བཞིན་དུ་དེ་ནས་རྒྱལ་པོ་རྣམས་དེས་སྤྱན་དྲང་ངོ་། །ལྷག་མ་ནི་གོ་སླའོ། །དེ་ནས་གྲྭ་ན་གཞག་པའི་ཞེས་བྱ་བ་ནི། པདྨ་འདབ་མ་བརྒྱད་པའི་ཕྱོགས་བཞིར་ནི་རྒྱལ་པོ་བཞིའོ། །མཚམས་བཞིར་བཀོད་པའི་
བུམ་པ་ལེགས་པར་བྱིན་གྱིས་བརླབས་པ་བཞིས་ནི་སློབ་མ་དེ་གནས་བསྲུང་བའི་བུམ་པ་ནས་བརྩམས་ཏེ་ཆུའི་དབང་བསྐུར་རོ། །དེ་ནས་དེ་དག་རབ་ཏུ་བརྟན་ཞིང་ངེས་པར་བྱ་བའི་ཕྱིར། དབང་ལྔ་པ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྡོ་རྗེ་རྩེ་མོ་ལྔ་པའི་ཕྱག་རྒྱ་རས་སྔོན་པོས་གཡོགས་པ་སློབ་མས་
མཆོད་ལ། དེ་ནས་དེ་ཡིས་སློབ་མའི་སྤྱི་བོ་དང་། མཛོད་སྤུ་དང་། མགྲིན་པ་དང་། སྙིང་གར་བཞག་པས་སློབ་མ་དེ་དབང་ནི་ལེགས་པར་བསྐུར་བར་བྱ་སྟེ། རབ་ཏུ་གྲུབ་པར་བྱེད་པ་ནི་ཕྱག་རྒྱའི་དབང་འདི་ཉིད་ཡིན་ནོ། །བདག་པོའི་ཕྱག་རྒྱའི་དབང་དེ་ཉིད་དང་པོར་བྱས་ཏེ། དེ་ནས་ངལ་སོས་པའམ།

གནས་བསྲུངས་ནས་བརྩམས་ཏེ། ཕྱག་རྒྱ་གནས་བཞིར་གཞག་པའི་གོ་རིམས་ཀྱིས་དབང་བསྐུར་བའི་དཀྱིལ་འཁོར་ཉིད་དུ་དེ་ལྟར་དབང་བསྐུར་ན། མཐོང་བའི་ཆོས་འདི་ཉིད་ལ་རྒྱལ་པོ་མ་ཡིན་པ་རྒྱལ་པོར་འགྱུར་བ་ལ་སོགས་པའི་ཡོན་ཏན་འཐོབ་སྟེ། འདིར་རིན་པོ་ཆེ་བདུན་
དང་། ཉེ་བའི་རིན་པོ་ཆེ་བདུན་དང་། བཀྲ་ཤིས་ཀྱི་རྫས་བཅུ་དྲུག་ངེས་པར་སྦྱིན་ནོ། །ལྷག་མ་ནི་གོ་སླའོ། །ལན་བཞིར་ཞེས་གཉིས་སྨོས་པ་ནི་དཀྱིལ་འཁོར་ལན་བཞིར་བྲིས་ལ། དེར་ལན་བཞིར་འཇུག་ཅིང་དབང་བསྐུར་གྱི་དཀྱིལ་འཁོར་གཅིག་ཏུ་མ་ཡིན་ཏེ། འབད་པའི་མཐུ་ལས་འབྲས་
བུ་ཁྱད་པར་ཅན་འབྱུང་བས་སོ། །རེ་དང་བསམ་པ་ཞེས་བྱ་བ་ལ་རེ་བ་ནི་འགྲུབ་པར་རེ་བ་ཡིན་ལ། བསམ་པ་ནི་དོགས་པ་དང་བཅས་པའམ། ངེས་པ་གང་ཡང་མ་བྱས་པར་བསམས་པའོ། །དཀྱིལ་འཁོར་གསུམ་པའི་འགྲེལ་པ་བཤད་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་
པས། ཕྱོགས་ཀྱི་བདག་པོ་རྣམས་ཀྱི་དཀྱིལ་འཁོར་ཏེ། ཕྱོགས་སྐྱོང་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཨོཾ་ཨཾ་ཞེས་བྱ་བ་ནི་དབང་ལྡན་ཏེ། ལྷག་མ་ནི་རང་གི་མིང་དང་འབྲེལ་པ་ཡིན་པས་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་སྟོན་ཏེ། འདིར་འཁོར་ལོ་
རྩིབས་བརྒྱད་པ་ལ་ཤར་གྱི་རྩིབས་ལ་ལྷ་གསུམ་བཀོད་པའམ། པདྨ་འདབ་མ་བརྒྱད་པའམ། ཡང་ན་ལྷའི་སྣམ་བུ་དང་ལྡན་པར་བྱའོ། །ཚིག་རྣམས་ནི་གོ་སླའོ། །བུམ་པ་རྣམས་ཀྱིས་དབང་བསྐུར་རོ་ཞེས་བྱ་བ་ནི་བུམ་པ་བཅུ་སྟེ། ཕྱག་རྒྱ་ཡང་ཐམས་ཅད་དུ་སྔ་མ་བཞིན་ནོ། །དེ་ནས་
ཕན་པར་འདོད་པ་ཡིས། །བསྒྲུབ་ཕྱིར་སྙིང་པོ་སྦྱིན་པར་བྱ། །ཞེས་བྱ་བ་ནི། སྔོན་བཞིན་དུ་ལྷ་ཡོངས་སུ་བཟུང་བ་སྟེ། འདིར་ནི་བདག་པོ་དང་གང་ལ་མེ་ཏོག་བབ་པ་དེ་སྦྱིན་ལ། བདག་པོ་ལ་མེ་ཏོག་བབ་ན་ནི་འཇིག་རྟེན་པའི་ལྷ་གང་འདོད་པ་ཞིག་བཟུང་ངོ་། །ལྷག་མ་ནི་གོ་སླའོ། །དུས་མ་ཡིན་པར་
འཆི་བ་བརྒྱད་པོ་ཞེས་བྱ་བ་ནི། ནད་པར་རིམ་གྲོ་པ་དང་མི་ལྡན་པའམ། སྨན་པས་ལོག་པར་བརྩལ་བ་དང་། རྒྱལ་པོའི་ཆད་པ་དང་། མི་མ་ཡིན་པས་མདངས་འཕྲོག་པ་དང་མེས་ཚིག་པ་དང་། ཆུས་ཁྱེར་བ་དང་། དུད་འགྲོ་མ་རུངས་པས་བརྩལ་བ་དང་། གཡང་དུ་ལྷུང་བ་དང་། དུག་དང་

བྱད་དང་། རོ་ལངས་ཀྱིས་བརྩལ་བ་དང་། བཀྲེས་པ་དང་སྐོམ་པས་འཆི་བདག་ནི། དུས་མ་ཡིན་པར་འཆི་བ་ཆེན་པོ་དགུ་ཡིན་ལ། དུས་མ་ཡིན་པར་འཆི་བ་ཕྲ་མོ་དཔག་ཏུ་མེད་དོ་ཞེས་འཕགས་པ་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལས་གསུངས་ཏེ།
དེ་ལས་འདིར་ནི་དྲུག་པ་དང་བརྒྱད་པ་གཅིག་ཏུ་བྱས་ཏེ་བརྒྱད་དུ་བཞག་སྟེ། གདུག་པ་ཅན་ཉིད་དུ་འདི་དག་རབ་ཏུ་འདྲ་བས་སོ། །ལྷག་མ་ནི་གོ་སླའོ། །ཡི་དྭགས་དང་འདྲེས་མ་འཇིགས་པར་བགྱི་ཞེས་བྱ་བ་ལ། ཡི་དྭགས་ནི་ཡི་དྭགས་ཀྱི་རིགས་སུམ་ཅུ་རྩ་དྲུག་ལ་བསམས་ལ་འདྲེ་ནི་གང་ཤ་
ཟ་རྣམས་ཏེ། ལྷག་མ་ནི་གོ་སླའོ། །དེ་ནས་འབྱུང་པོ་ཐམས་ཅད་ཀྱི་བདག་པོ་དབང་བྱེད་ཅེས་བྱ་བ་ལ་སོགས་པ་ནི། སྔགས་བསྒྲུབ་པ་དག་ལ་ནི་ལྷའི་བུའི་བདུད་དང་། ལོག་འདྲེན་དག་ཕལ་ཆེར་བར་དུ་གཅོད་ལ། འདི་ནི་དེ་གཉི་གའི་བདག་པོར་གྱུར་པས་ན། འདིར་བསྲུང་བ་ལས་བྱ་བར་དམ་
བཅས་པའོ། །ཚིག་གི་དོན་ནི་གོ་སླའོ། །དཀྱིལ་འཁོར་བཞི་པའི་འགྲེལ་བའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་གཟའ་ཆེན་པོའི་དཀྱིལ་འཁོར་སྟོན་ཏེ། གཟའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྲིན་པོ་བྱང་སྟོད་སྒྲ་གཅན་བྲི། །ཞེས་བྱ་བ་ནི། སྲིན་པོའི་མཚམས་
སམ། ཡང་ན་བྱང་གི་སྟོད་དེ་ནུབ་བྱང་གི་མཚམས་སུ་གཟའ་ལྷ་མིན་དབང་པོ་སྒྲ་གཅན་ཞེས་བྱ་བ་འདི་བྲི་སྟེ། དེ་ནི་ཕྱོགས་དེ་གཉིས་ལ་བརྟེན། །ཞེས་གྲག་གོ། །དཀྱིལ་འཁོར་གྱི་ཕྱི་རིམ་ལྷའི་སྣམ་བུ་ཉིད་ཁོར་ཡུག་ཏུ་དགོངས་ལ། དེར་སྨིན་དྲུག་ལ་སོགས་པའི་རྒྱུ་སྐར་ཐམས་ཅད་སྔོན་བཞིན་དུ་
བྲི་བར་བྱའོ། །ལྷག་མ་ནི་གོ་སླའོ། །ཨེ་བཛྲ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་དང་པོ་ནི་སློབ་མ་ལ་གསང་བ་བསྒོ་བའོ། །གཉིས་པ་ནི་ཡོལ་བའི་ནང་དུ་དྲང་བའོ། །གསུམ་པ་ནི་མེ་ཏོག་དོར་བའོ། །རྒྱུ་སྐར་དང་ཞེས་བྱ་བ་ནི་སྨིན་དྲུག་ལ་སོགས་པའོ། །སྐད་ཅིག་དང་ཞེས་བྱ་བ་ནི། དེ་ལ་བརྟེན་པའི་
ལྷ་སྟེ། ཡུད་ཙམ་དང་ཐང་ཅིག་ཀྱང་དེ་བཞིན་ནོ། །ཀར་ན་ཞེས་བྱ་བ་ནི་ཞག་གདགས་པའོ། །ཟླ་ཚིགས་ཞེས་བྱ་བ་ནི་ཟླ་བ་རིལ་པོའོ། །སྦྱོར་བ་ཞེས་བྱ་བ་ནི་དུས་མཚམས་སྦྱོར་བ་བཞི་པོ་གང་དུ་ཁམས་རབ་ཏུ་འཁྲུག་པ་སྐྱེ་བའོ། །ཁྱིམ་ཞེས་བྱ་བ་ནི་སྲང་ལ་སོགས་པའོ། །ཉི་ཚོད་ཅེས་བྱ་བ་ནི་ཉི་མ་ལྡོག་

པའི་ཉིན་མཚན་རིང་པོ་གཉིས་སོ། །འཇུག་ཕོད་པ་ཞེས་བྱ་བ་ནི། བཟང་པོའམ། སྒྲ་གཅན་ཉིད་དོ། །འཇིག་རྟེན་པ་རྣམས་ནི་བདེ་བ་དང་སྡུག་བསྔལ་ཕལ་ཆེར་འདི་དག་གིས་བྱས་པར་འདོད་དེ། འདི་དག་ཀྱང་རང་གི་མིང་སྨོས་པའི་དངོས་པོ་ལ་སྲོག་གི་དབང་པོ་གཞན་ལྟར་བརྟེན་པས་ན།
རྟེན་གྱི་མིང་བརྟེན་པ་ལ་སྤྱོད་པ་སྟེ། དེའི་ཕྱིར་འགྲོ་བ་རྣམས་ཀྱི་གནས་དང་རང་བཞིན་ནི་བསམ་གྱིས་མི་ཁྱབ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་། དགེ་སློང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་ནི་ཆེས་ཉུང་གི །ངས་ཤིང་རྟའི་འཕང་ལོ་ཙམ་ལ་ལྷའི་སྤྱན་
གྱིས་གཟིགས་པའི་སེམས་ཅན་ནི་རབ་ཏུ་མང་ངོ་ཞེས་གསུངས་སོ། །འདི་དག་ནི་བྱེད་པ་ཡང་མ་ཡིན་ཏེ། ཇི་སྐད་དུ། གང་ལ་ཡང་བྱེད་པ་པོ་གཞན་མེད་དེ། ལུས་དང་ངག་དང་ཡིད་ཀྱི་ལས། །དགེ་དང་མི་དགེ་རང་བྱས་གང་། །དེ་ཡི་འབྲས་བུ་འཇིག་རྟེན་སྤྱོད། །ཅེས་བསྟན་པའོ། །འོན་ཀྱང་
བྱིས་པ་དག་ལ་དེ་དག་བྱེད་པ་པོར་ཁས་བླངས་ཏེ། ངན་འགྲོའི་དཀྱིལ་འཁོར་ལས་བཟློག་པའི་ཕྱིར་གྲོང་དང་ཞེས་བྱ་བ་ནི། གང་ན་འཁྲིག་པ་མ་སྤངས་པ་གནས་པའི་ཁྱིམ་མོ། །གྲོང་ཁྱེར་དང་ཞེས་བྱ་བ་ནི། གང་ལ་རིག་པའི་གནས་མཆོག་བཅོ་བརྒྱད་སྤྱོད་པའི་གྲོང་གི་ཚོགས་སོ། །གྲོང་རྡལ་དང་ཞེས་བྱ་བ་
ནི། གྲོང་ཁྱེར་རབ་ཏུ་མང་པོ་ཅན་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཚང་བར་སྤྱོད་པའོ། །ལྗོངས་དང་ཞེས་བྱ་བ་ནི། ཆོས་ལུགས་གཅིག་གིས་བསྡུས་པའི་དཀྱིལ་འཁོར་ཆེན་པོའོ། །རྒྱལ་པོའི་ཕོ་བྲང་ཞེས་བྱ་བ་ནི། གང་ན་རྟག་ཏུ་རྒྱལ་པོ་བཞུགས་པའོ། །ཕོ་བྲང་འཁོར་ཞེས་བྱ་བ་ནི། གང་ན་བཙུན་མོ་
གནས་པའི་ཁང་པའོ། །རྒྱལ་པོའི་ཕོ་བྲང་གི་གནས་གླང་པོ་ཆེའི་ར་བ་དང་། རྟའི་ལྷས་དང་། སྲང་དང་། དབང་པོ་ཕུར་པ་ལ་སོགས་པའོ། །འཇིགས་པ་ཆེན་པོ་འབྱུང་བའི་ཚེ། །ཞེས་བྱ་བ་ནི། འཇིགས་པ་ཆེན་པོ་བརྒྱད་དང་། ཐན་པ་མུ་གེ་ལ་སོགས་པའི་ཚེ། དེས་བདག་ཅག་མཆོད་ན་ཞེས་
བྱ་བ་ནི། དཀྱིལ་འཁོར་འདི་ཉིད་བྲིས་ནས་དེ་ལ་མཆོད་པའོ། །དཀྱིལ་འཁོར་ལྔ་པའི་འགྲེལ་པའོ།། །།ད་ནི་དེ་ནས་ཀླུ་ཆེན་པོ་བརྒྱད་ཀྱི་ཞེས་བྱ་བ་ལ་སོགས་པས། ཀླུ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་སྟོན་ཏེ། ཕུཿཞེས་བྱ་བའི་སྒྲ་འདི་ནི་ཀླུ་རྣམས་ཀྱི་རང་གི་རིག་པ་སྲོག་ལྟར་གཅེས་པ་སྟེ།

དེ་བཅོམ་ལྡན་འདས་ལ་སེར་སྣ་མེད་པར་ཕུལ་བ་ཉིད་ཀྱིས། བཅོམ་ལྡན་འདས་རྡོ་རྗེ་འཆང་དེ་མཉེས་པ་ཉིད་དུ་བྱས་པའོ། །ཨོཾ་ཕུཿཞེས་བྱ་བ་ལ་སོགས་པ་ནི། མཐའ་ཡས་ལ་སོགས་པ་སྨོས་པ་དང་རིམ་པར་སྦྱར་རོ། །ལྟོས་འགྲོ་ཆེན་པོ་སྡིག་པར་བྲི། །ཞེས་བྱ་བ་ནི་མཐའ་ཡས་ལ་སོགས་པ་
ཉིད་དོ། །དེ་བས་ན་བདུན་པ་མང་པོ་ཚིག་ཅན་བསྡུས་པའོ། །ཁ་ཅིག་ན་རེ་འདིར་མཐའ་ཡས་ལ་སོགས་པ་ལས་གཞན་པ་ཀླུ་མ་རུངས་པ་གང་ཡང་རུང་བ་ཅིག་བརྫིས་པར་བྱའོ་ཞེས་ཟེར་རོ། །ཆུང་མ་ཡིས་ཞེས་བྱ་བ་ནི་སྦྲུལ་མགོ་གསུམ་གསུམ་པ་རང་རེ་དང་འདྲ་བ་ཡིས་སོ། །གཏོར་མ་དང་ཞེས་
བྱ་བ་ལ་སོགས་པ་ནི། ཀླུ་རྣམས་ཡིད་དགའ་བའི་ཁ་ཟས་སྣ་ཚོགས་པ་གཞག་པའོ། །འབྱུང་པོ་མར་དང་ཞེས་བྱ་བ་ནི། ཏིལ་མར་དང་། སྟ་རྒའི་མར་ལ་སོགས་པ་དགག་པའོ། །སྦྲུལ་མགོས་ཞེས་བྱ་བ་ནི་སྦྲུལ་མགོའི་ཕྱག་རྒྱས་སོ། །སྦྲུལ་མགོ་ཅན་རྣམས་དགུག་ཅེས་བྱ་བ་ནི། ལྷག་མ་
དགུ་པོ་རྣམས་ཏེ། དེ་ཡང་ཨོཾ་ཨེ་ཧྱ་ཧི་བྷ་ག་ཝཱན་ཤྲཱི་བཛྲ་ཧཱུཾ་ཀ་ར་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿཞེས་བྱ་བ་དེ་ཉིད་ལས་མཚན་གསོལ་ཏོ། །ཡམཱནྟ་ཞེས་བྱ་བ་ལ་སོགས་པ་དང་། ཕུ་ཏ་ཛཿཧཱུཾ་བཾ་ཧོཿཞེས་བྱ་བས་སོ། །དེ་ནས་བུ་ནི་ཞེས་བྱ་བ་ནི་སློབ་མ་བཟང་པོ་དང་། རང་གི་བུའོ། །ཁ་ཅིག་ན་རེ་བུ་
ཞེས་བྱ་བ་རང་གི་བུ་ཐ་མལ་པ་ནི་མ་ཡིན་ཏེ། ཕ་ལ་ངན་དུ་སྨྲ་བ་སྲིད་པའི་ཕྱིར་རོ། །དེ་བས་ན་དཔལ་བདེ་མཆོག་ལས་ཀྱང་། སྤུན་དང་བུ་གཅིག་ལྷན་ཅིག་ཏུ། །བདེ་དང་སྡུག་བསྔལ་ཀུན་འབྱུང་བྱ། །ཡེ་ཤེས་དེར་བསྟན་མི་བྱ་སྟེ། །སྔགས་དང་ཕྱག་རྒྱ་དེ་བཞིན་ནོ། །ཞེས་གསུངས་སོ་ཞེས་ཟེར་ཏེ།
དེ་ནི་ངེས་པ་མ་ཡིན་ཏེ། གསང་བ་ཟླ་བའི་ཐིག་ལེ་ལས། །གསང་སྔགས་རྣམས་དང་ཕྱག་རྒྱ་དང་། །དེ་བཞིན་ཐབས་དང་ཤེས་རབ་རྣམས། །ཐབས་དང་ཤེས་རབ་ཐམས་ཅད་ཀྱང་། །སྔགས་པས་གསང་བའི་རྣལ་འབྱོར་གྱིས། །དམྱལ་བ་ངན་སོང་བཟློག་པའི་ཕྱིར། །བུ་དང་སློབ་མ་ལ་སྦྱིན་བྱ། །
ཞེས་གསུངས་ལ། འཕགས་པ་དེ་ཁོ་ན་ཉིད་འདུས་པ་ལས་ཀྱང་། སློབ་དཔོན་མ་ཡིན་གཞན་དང་ནི། །སློབ་མ་མ་ཡིན་བུ་མིན་པའི། །མདུན་དུ་ཕྱག་རྒྱ་མི་བརྗོད་དེ། །དེ་དག་གསང་བས་ཕྱག་རྒྱ་འགྲུབ། །ཅེས་གསུངས་ཏེ། དེ་བས་ན་རང་བཞིན་བཟང་པོ་འབའ་ཞིག་གཙོར་བྱའི། རིགས་ཉེ་

བ་དང་། རིང་བ་དང་། ཕོ་མོ་ལ་སོགས་པ་ནི་འདིར་མི་གཟུང་ངོ་། །དེ་བཞིན་དུ་རྒྱལ་པོ་དང་ཞེས་བྱ་བ་ལ་སོགས་པ་གཞན་དུ་འདྲེན་པ་རྣམས་ཀྱང་བསལ་ཏེ་མི་དགག་པར་བྱས་པའོ། །ལྷག་མ་ནི་གོ་སླའོ། །དེ་ནས་བསླབ་པ་བཤད་དེ་ཞེས་བྱ་བ་ལ་སོགས་པས་ནི། དུག་བསལ་
བའི་སྒྲུབ་པའི་ཐབས་སྟོན་ཏེ། འདི་མི་རྣམས་ལ་འཚེ་བའི་ཀླུ་ནི། གླང་པོ་ཆེ་དང་། རྟ་དང་། སྦྲུལ་དང་། སྦལ་པ་དང་། ཉ་དག་གི་རིགས་སུ་གནས་པར་གསུངས་ལ། དེ་དག་ལས་ཀྱང་སྦྲུལ་གྱི་རིགས་ནི་མི་རྣམས་ལ་རབ་ཏུ་འཚེ་བ་མང་བ་ཡིན་ཞིང་། དེ་ཡང་རིགས་བརྒྱད་ཅུ་ཡོད་དེ། འཕགས་
པ་དཔུང་བཟངས་ཀྱིས་ཞུས་པ་ལས། ས་ཡི་སྟེང་ནི་སྦྲུལ་ནི་བརྒྱད་ཅུ་དག །གཞན་ལ་གནོད་པ་བྱེད་ཅིང་རྣམ་པར་འཁྱམ། །ཞེས་གསུངས་སོ། །དེ་ལ་དུག་མེད་པའི་རིགས་ནི། བཅུ་གཉིས་སུ་ཟད་དེ། ལྷག་མ་རྣམས་ནི་དུག་དང་བཅས་པའོ། །དེ་ལ་དུག་ཅན་དེ་དག་ཀྱང་རིགས་རྣམ་
པ་གསུམ་སྟེ། ཁྲོ་བོ་དང་ལུས་འཁྱིལ་པ་དང་། གདེངས་ཀ་ཅན་རྣམས་སོ། །དེ་ལ་གང་གི་ཚེ་སྦྲུལ་ཁྲོ་བོས་ཟིན་པ་དེའི་ཚེ་ནི། རྨའི་སྒོ་སྐྱ་ལ་སྐྲང་པ་དང་། འབྱིལ་ཞིང་སྣུམ་ལ་ཁྲག་འཛག་པ་དང་། ཅུང་ཟད་སྐམ་ཞིང་བད་ཀན་རྒྱས་པར་འགྱུར་རོ། །གལ་ཏེ་སྦྲུལ་ལུས་འཁྱིལ་པས་ཟིན་ན།
རྨའི་སྲོལ་ཆེན་པོ་ལ། སེར་ཞིང་རབ་ཏུ་སྐྲང་སྟེ། མཁྲིས་པ་རྒྱས་པར་བྱེད་དོ། །གལ་ཏེ་སྦྲུལ་གདེངས་ཀ་ཅན་གྱིས་ཟིན་ན། རྨའི་སྒོ་གནག་སྟེ་རླུང་འཕེལ་བར་བྱེད་དོ། །ཀླུའི་རིགས་མ་ལུས་པའི་དུག་དབྱེ་བ་ནི་ལྟ་བ་དང་། དབུགས་དང་། རེག་པ་དང་། སོའི་དུག་དང་བཞི་ཉིད་དོ། །དེ་ལ་རེག་
པ་ནི་ལུས་དང་། ཁ་ཆུ་དང་བཤང་གཅིས་རེག་པས་དུག་ཏུ་གྱུར་ཏེ། ལྟ་བ་ནི་མིག་གདུག་པ་སྟེ། མཐོང་བ་ཙམ་གྱིས་དུག་ཏུ་འགྱུར་བའོ། །དབུགས་ནི་ཁ་རླངས་མེ་ལྟ་བུར་ཚ་བའམ་ཆུ་ལྟར་བསིལ་བས་རེག་ན་དུག་ཏུ་འགྱུར་བའོ། །སོའི་དུག་ནི་མཆེ་བས་བཏབ་པ་ལས་གྱུར་པའོ། །དེ་ཡང་
དང་པོ་གསུམ་ནི་མཛེ་ནད་དང་། ལྐུགས་པ་དང་། ཞ་བ་དང་། འཐེང་བ་ལ་སོགས་པ་དང་། ལྟོ་སྦོ་བ་ལ་སོགས་པར་འགྱུར་རོ། །སོའི་དུག་ནི་དབྱིབས་ལྟ་བུར་ལྟ་བ་སྟེ། སྔར་བསྟན་པ་གསུམ་ཉིད་དོ། །དེ་ཡང་རྣམ་པ་བཞི་སྟེ། ཇི་སྐད་དུ། འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་གསུངས་

པ། ཟོས་པ་དེ་ཡང་རྣམ་པ་བཞིར་འགྱུར་ཏེ། །མཆེ་བས་ཟིན་དང་སོས་བཅད་གཏད་པའོ། །གང་གིས་མཆེ་བ་གཅིག་གིས་ཁྲག་བྱུང་རྗེས། །དེ་ནི་དུག་བྱུང་བས་ནི་ཟིན་པར་བཤད། །གང་དུ་མཆེ་བ་གཉིས་ཀྱིས་བཏབ་ནས་སུ། །ཁྲག་ཕྱུང་བར་ནི་འགྱུར་བར་ཟོས་པའོ། །གལ་ཏེ་མཆེ་བ་གསུམ་
གྱིས་ཤ་བཅད་ན། །དེ་ནི་བཅད་པར་གྱུར་པ་ཡིན་ཞེས་བསྟན། །གང་དུ་མཆེ་བ་བཞི་ཡིས་བཏབ་ནས་སོ། །སྦྲུལ་གྱི་ལུས་ནི་བཟློག་པར་འགྱུར་བ་དེ། །གཏད་ནས་ཟོས་པ་ཡིན་ཞེས་བཤད་པ་སྟེ། །དེ་ནི་སྨན་རྣམས་ཀྱིས་ཀྱང་བཟློག་པར་དཀའ། །མེ་ཡི་རང་བཞིན་གནད་དུ་འཕེན་པའི་
དུག །མཚོན་དང་འདྲ་ཞིང་མཚུངས་པ་དག །ཇི་ལྟར་སྔགས་ཀྱིས་རབ་ཏུ་ཞི་འགྱུར་བ། །དེ་བཞིན་སྨན་གྱིས་ཞི་བར་མི་ནུས་སོ། །ཇི་ལྟར་མེ་དཔུང་ཆེན་པོ་བུད་ཤིང་ལ། །ངེས་པར་བསྲེགས་ལ་ཆར་འབབ་སྐད་ཅིག་གིས། །ཞི་བར་འགྱུར་བ་དེ་བཞིན་དུག་དག་ནི། །མེ་དཔུང་ལྟ་བུའང་
སྔགས་ཀྱིས་ཞི་བར་བྱེད། །དུག་གི་མཐུ་རྟོགས་ཤེས་ནས་རབ་བསྒྲིམས་ཏེ། །གསང་སྔགས་ཆོ་ག་བཞིན་བརླབས་བསྒྲུབས་ན་ནི། །བ་ལང་ཁྱུ་ན་སེང་གེ་ཇི་ལྟ་བར། །དུག་དང་སྦྲུལ་དང་དོགས་མེད་ལྷན་ཅིག་རྩེ། །ཞེས་སོ། །དེ་དག་གི་དུག་དབྱུང་བའི་རྒྱུ་ཡང་དེ་ཉིད་ལས་གསུངས་
པ། དུག་འཕྲོག་ཁྲོ་བོའི་དབང་གྱུར་སྐྲག་པ་དང་། །དེ་བཞིན་སྔགས་པའམ་བཀྲེས་པའི་ཟས་ཕྱིར་རམ། །ཤ་ཁོན་ཡོད་པའམ་གཤིན་རྗེས་བསྟན་པའམ། །ལུས་ལ་བརྫིས་ན་དེ་དག་ཟ་བར་བྱེད། །ཅེས་གསུངས་སོ། །བྱིས་པ་གང་དག་ཡུལ་གྱི་རང་བཞིན་མ་ཤེས་པ་དེ་དག་ལ་
དུག་དེ་དག་གིས་གནོད་པར་འགྱུར་ཏེ། འདི་སྐད་དུ་དཔལ་སངས་རྒྱས་ཐོད་པ་ལས་གསུངས་པ། ཐ་མལ་ཡུལ་རྣམས་སྦྲུལ་ཡིན་ཏེ། །ཡུལ་རྣམས་ཀྱི་ནི་ཉེས་པ་དུག །ལྷ་རྣམས་ཡུལ་རྣམས་མ་ཤེས་ཕྱིར། །ཐམས་ཅད་དུས་སུ་ཟིན་པ་ཡིན། །ཞེས་ཏེ། བྱིས་པ་དེ་ལྟ་བུ་རྣམས་ལ་
ཐུགས་བརྩེ་བས། རྒྱུད་ཀྱི་རྒྱལ་པོ་རྣམས་ལས་དུག་བསལ་བའི་ཆོ་ག་རྒྱས་པར་གསུངས་ལ། རྒྱུད་འདིར་ཡང་། མིག་དང་། དབུགས་དང་། རེག་པ་དང་། མཆེ་བའི་དུག་རྣམས་བསལ་བའི་ཕྱིར། བསམ་གཏན་དང་། སྔགས་དང་། ཕྱག་རྒྱའི་བྱ་བ་བླ་ན་མེད་པ་གསུངས་སོ། །

དེ་ལ་རེ་ཞིག་རྣལ་འབྱོར་པས་ཡིད་དམིགས་པ་ལ་གནས་པ་ཐོབ་པར་བྱས་ལ། །ཀླུའི་དཀྱིལ་འཁོར་ཇི་སྐད་དུ་གསུངས་པ་ལས། ཅུང་ཟད་དུ་རྡོ་རྗེ་འཆང་དབུ་ལ་སྦྲུལ་མགོ་ཇི་སྙེད་པ་དེ་སྙེད་ཀྱི་འོད་ཟེར་དཀར་པོ་ཁ་བ་ལྟར་བསིལ་བས་བསྐོར་བ་བསྐྱེད་ལ་མཆོད་པའི་བར་དུ་བྱ་སྟེ། ཕུད་
ཅེས་བྱ་བ་འབུམ་ཕྲག་གཅིག་བཟླས་ཏེ། འདི་ནི་སྔོན་དུ་བསྙེན་པའོ། །དེ་ནས་བོང་ལ་སོགས་པའི་དབྱིག་དུག་བླངས་ཏེ། སྲང་ཚད་ལ་ལེགས་པར་བཅལ་ལ། དཀྱིལ་འཁོར་སྔ་མ་བཞིན་བསམས་ལ། བདག་གི་ལག་པ་གཡས་པའི་མཐིལ་དུ་ཡང་། ཕུད་ཅེས་བྱ་བའི་ཡི་གེ་ཁ་དོག་དཀར་པོ་
ལས། པདྨ་དཀར་པོ་འདབ་མ་བརྒྱད་པའི་འདབ་མ་ལ། ལྷ་རྣམས་གནས་པར་བསྐྱེད་ལ། དཀྱིལ་འཁོར་གཉིས་ལས་འོད་ཟེར་དཀར་པོ་བྱུང་བས་དུག་དེ་དག་ལ་ཕོག་པས། བདུད་རྩིའི་བདག་ཉིད་དུ་བསམ་ཞིང་། དུག་དེའི་སྟེང་དུ་ཡི་གེ་ཕུཿདཀར་པོ་གནས་པ་ལས། འོད་ཟེར་དཀར་པོ་
བྱུང་བས་ཀྱང་དེ་ལྟར་བསམ་མོ། །ཡང་ན་དུག་གི་འོག་ཏུ་ཡི་གེ་ཕུཿནག་པོ་ལས་བྱུང་བའི་རླུང་གི་ཚོགས་དྲག་པོས་གཏོར་བར་བྱའོ། །ཡང་ན་ལག་པ་སྦྲུལ་མགོའི་ཞགས་པའི་ཕྱག་རྒྱ་བཅིངས་ཏེ། ཕུཿཞེས་བརྗོད་པ་དང་ཕྱག་རྒྱའི་སྟོབས་ཀྱིས་དུག་དྲངས་ཏེ། ས་དང་ཆུ་དང་མེ་དང་ཀ་
བ་ལ་སོགས་པར་སྤོ་སྟེ། རྣལ་འབྱོར་འདི་གསུམ་གང་ཡང་རུང་བས་དུག་བསལ་བར་གྱུར་པ་ནི། དུག་དེ་སྲང་ལ་བཅལ་བ་ཉུང་བར་གྱུར་པ་ནའོ། །དེ་ནས་དེ་མདའ་དུག་གམ་སྦྲུལ་གྱི་དུག་རྣམས་རྣལ་འབྱོར་གང་ལ་གོམས་པ་དེ་ཉིད་ཀྱིས་བསལ་ཏེ། འདི་ནི་ནང་གི་རྣལ་འབྱོར་ཁོ་ནས་དུག་
བསལ་བ་ཡིན་ལ། ཕྱི་རོལ་གྱི་བྱ་བས་དུག་བསལ་བ་མ་གསུངས་སོ། །དེ་ལ་འདིར་ཕྱག་རྒྱ་ནི། ལག་པ་གཡས་པའི་མཐེ་བོང་དང་མཛུབ་མོ་རྩེ་སྤྲད་པས་ཞགས་མིག་ལྟར་བྱས་ཏེ། སོར་མོ་གཞན་བརྐྱང་ལ། ཅུང་ཟད་དགུ་པོར་བྱས་ལ། སྦྲུལ་མགོའི་གདེངས་ཀ་ལྟར་བྱའོ། །པགས་པ་ཤ་
དང་ཞེས་བྱ་བ་ལ་སོགས་པ་ནི། རབ་ཏུ་ཞེན་པའི་དུག་ལ་སོགས་པ་རྣམས་སེལ་བར་སྟོན་ཏོ། །ཕུད་ཅེས་བྱ་བའི་ལག་པས་དྲང་ཞེས་བྱ་བ་ནི་རྣལ་འབྱོར་གསུམ་གྱི་ཉེ་བར་མཚོན་པའོ། །ཁུ་ཚུར་གྱིས་ཀྱང་ཞེས་བྱ་བ་ནི། ཕྱག་རྒྱ་དང་བྲལ་བའི་ལག་པས་ཀྱང་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་དྲུག་

པའི་འགྲེལ་པའོ།། །།དེ་ནི་དེ་ནས་ལྷ་ཆེན་པོ་ཞེས་བྱ་བ་ལ་སོགས་པས། ལྷ་ཆེན་པོ་རྣམས་ཀྱི་དཀྱིལ་འཁོར་སྟོན་ཏེ། འདི་ནི་ལྷ་ཆེན་པོ་རྣམས་ཀྱི་བདག་པོ་ཡང་ཡིན་ལ། འཇིགས་པར་བྱེད་པ་ཆེན་པོ་ཡང་ཡིན་ལ། དེ་ནི་ལྷའི་ལྷ་ཆེན་པོ་ཞེས་ཟེར་ཏེ། རང་གི་གཟུགས་དང་ལག་ཅ་དང་། རོ་ཕྱེད་ཚིག་
པ་ཟ་བས་དུར་ཁྲོད་དུ་ལྷག་མ་རྣམས་འཇིགས་པར་བྱེད་པའམ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཁམས་གསུམ་གྱི་བདག་པོ་རྣམས་བཏུལ་བ་ན། འདི་འཇིགས་པའི་གཟུགས་བསྟན་ཏེ། བཅོམ་ལྡན་འདས་ལ་ཀྭའི་གནོད་སྦྱིན་ཁྱོད་ཀྱང་ངའི་བཀའ་ཉོན་ཅིག་སྨྲས་པའི་ཕྱིར་རོ། །ཡང་ན་འདི་སྙིང་རྗེ་
ཉིད་ཀྱིས་འཇིགས་སུ་རུང་བར་སྤྲུལ་ཏེ། འགྲོ་བ་རྣམས་གདུལ་བའོ། །བུད་མེད་ཆེན་པོ་བརྒྱད་ཀྱིས་བསྐོར། །ཞེས་བྱ་བ་ནི། འདི་ནི་རྟག་ཏུ་དུས་མཚན་དང་། ཚངས་མ་དང་། ཁྱབ་འཇུག་དང་། གཞོན་ནུ་མ་དང་། ཕག་མོ་དང་། གཤིན་རྗེ་མ་དང་། དབང་མོ་དང་། ལུས་ངན་མ་ལ་སོགས་པའི་
མ་མོ་རང་གི་ཆུང་མ་དྲག་མོ་དང་བཅས་པའི་མ་མོ་རྣམས་ཀྱིས་བསྐོར་བའོ། །བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འཇིགས་པར་བྱེད་པའི་སྒྲ་ཕྱུང་ནས། །ཞེས་བྱ་བ་ནི། ཧ་ཧ་ཞེས་དྲག་ཏུ་སྨྲས་ནས་སོ། །འདི་དག་གི་གསང་སྔགས་རྣམས་ནི་སྔར་ལྷ་རྣམས་བསྟན་པ་དང་སྦྱར་
རོ། །བུམ་པའམ་མགོ་བོའི་ཐོད་པ་ནི། །དེ་ལྟར་བརྒྱད་ཀྱིས་དབང་བསྐུར་རོ། །ཞེས་བྱ་བ་ནི་རང་རང་གི་སྔགས་ཀྱི་མཐར་ཨ་བྷི་ཥིཉྩ་མཾ་ཞེས་བརྗོད་དེ་དབང་བསྐུར་ལ། ཡང་ཕྱག་རྒྱའི་དབང་བསྐུར་རོ། །དེ་ནས་ལས་རྣམས་ཞེས་བྱ་བ་ལ་སོགས་པ་ནི་དངོས་གྲུབ་སྟོན་ཏེ། དཀྱིལ་འཁོར་དུ་བསྒྲུབ་པར་
བྱའོ། །ལྷག་མ་ནི་གོ་སླའོ། །ས་རྣམས་སྦྱིན་པ་མ་གཏོགས་པར། །ཞེས་བྱ་བ་ནི། འདི་དག་རབ་ཏུ་མཐུ་དང་ལྡན་པར་སྟོན་པ་སྟེ། ས་སྦྱིན་པ་ནི་རང་གི་སེམས་རབ་ཏུ་སྦྱང་བ་འབའ་ཞིག་ལ་རག་ལས་པས་དེ་ནི་མི་ནུས་ཏེ་གཞན་སྦྱིན་པ་སྟེ། ཇི་སྐད་དུ། འཕགས་པ་དེ་ཁོ་ན་ཉིད་འདུས་པ་ལས། དེ་
ནས་བཅོམ་ལྡན་འདས་ཀྱིས་ལྷའི་བདག་པོ་དེ་དག་ལ། འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་རྣམས་ཁོ་བོ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྦྱིན་པར་སྒྲུབས་ཤིག །དེ་ནས་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་བྱང་ཆུབ་རྩོལ་བར་མི་

ནུས་སོ། །ཅི་སྟེ་བདག་ཅག་གིས་ནུས་པར་གྱུར་ན། བདག་ཅག་ཉིད་ཡང་དག་པར་འཚང་རྒྱ་བར་བགྱིད་དོ་ཞེས་གསུངས་པ་བཞིན་ནོ། །བདེ་ཆེན་ཞེས་བྱ་བ་ནི་སྒྲུབ་པ་པོ་ལའང་དྲག་པོ་སྟེ་ངེས་སོ། །ཧཱུཾ་གི་ཚུལ་གྱིས་རྩོལ་ཞེས་བྱ་བས་ང་རྒྱལ་བྱས་ལ། བླང་བའམ། ཧཱུཾ་
ཞེས་བརྗོད་ཅིང་དངོས་གྲུབ་སྟེར་བའོ། །ལྷག་མ་ནི་གོ་སླའོ། །སྐྲག་ན་དེ་མ་ཐག་ཏུ་གསོད། །ཅེས་བྱ་བ་ནི་འཇིགས་པར་མི་བྱ་སྟེ། འཕགས་པ་དེ་ཁོ་ན་ཉིད་འདུས་པ་ལས་ཀྱང་། འཇིགས་པས་ལྷག་པའི་བགེགས་གཞན་མེད། །ཅེས་གསུངས་ལ། རྡོ་རྗེ་འཇིགས་པར་བྱེད་པ་ལས་ཀྱང་།
དེ་ལ་འཇིགས་པ་ཆེན་པོ་འབྱུང་བར་འགྱུར་ཏེ། སྔགས་པས་དེ་ལ་འཇིགས་པར་མི་བྱའོ། །ཇི་ལྟར་འཇིགས་པ་དེ་ལྟར་བགེགས་ཀྱི་བར་ཆད་དུ་འགྱུར་རོ། །བར་ཆད་དུ་གྱུར་ན་དངོས་གྲུབ་མེད་དེ། དེའི་ཕྱིར་སྔགས་པས་འཇིགས་པར་མི་བྱའོ་ཞེས་གསུངས་སོ། །གལ་ཏེ་འཇིགས་པ་ན།
ཧཱུཾ་ཧཱུཾ་ཞེས་འབྲུག་ལྟར་སྒྲོགས་ཤིང་། རང་གི་ལྷའི་རྣལ་འབྱོར་དྲན་པས་ཞི་བར་འགྱུར་རོ་ཞེས་ཀྱང་དཔལ་རྡོ་རྗེ་འཆང་གིས་གསུངས་ཏེ། དེ་བས་ན་ཧཱུཾ་གི་ཚུལ་གྱིས་གསོལ་ཞེས་སྔར་གསུངས་སོ། །ཅིའི་ཕྱིར་རབ་ཏུ་ཞི་བའི་ལྷ་རྣམས་སྒྲུབ་པ་པོ་ལ་སྐྲག་པར་བྱེད། ཐོག་མ་ནས་རབ་ཏུ་ཞི་བའི་ལུས་
ཀྱིས་དངོས་གྲུབ་མི་སྦྱིན་ཞེ་ན། ལྷ་རྣམས་ནི་རབ་ཏུ་ཞི་བར་གནས་ཏེ། སྒྲུབ་པ་པོའི་བསམ་པའི་དབང་གིས་ལས་ཀྱི་བག་ཆགས་དང་མཐུན་པར་དྲག་པོ་ལ་སོགས་པར་མཐོང་སྟེ། སྔོན་ཆད་སེར་སྣ་བསྟན་པའི་ཕྱིར། །བགེགས་ནི་རང་གི་སེམས་ལས་བྱུང་། །ཞེས་ཚིགས་སུ་བཅད་པ་
གསུངས་པས་སོ། །དཀྱིལ་འཁོར་བདུན་པའི་འགྲེལ་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་འཇིགས་བྱེད་དེ་དག་ཉིད་ཞི་བར་སྣང་བའི་དཀྱིལ་འཁོར་སྟོན་ཏེ། རང་གི་དཀྱིལ་འཁོར་ཆུང་མ་རྣམས། །ཞེས་བྱ་བ་ནི་སྔར་བསྟན་པ་ཉིད་ཞི་བར་སྣང་བར་མགུལ་ནས་འཁྱུད་པ་སྟེ། འདིར་
དེ་དག་གི་དོན་ནི་སྔར་སྨྲས་ཟིན་ཏོ། །མཐོ་རིས་ཀྱི་ལམ་ཞེས་བྱ་བ་ནི་དགེ་བ་བཅུའོ། །བདེར་འགྲོ་ལམ་ཞེས་བྱ་བ་ནི་བསམ་གཏན་བཞིའོ། །ངན་སོང་མ་ལགས་པའི་ལམ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བའོ། །སྒྲིབ་པ་མ་མཆིས་པའི་ལམ་ཞེས་བྱ་བ་ནི། ཚོགས་ཀྱི་ལམ་ཕལ་

པའོ། །དབེན་པའི་ལམ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བའོ། །རྣམ་པར་དབེན་པའི་ལམ་ཞེས་བྱ་བ་ནི། སྦྱོར་བའི་ལམ་དང་པོ་དྲོད་ཅེས་བྱའོ། །འབྱུང་བའི་ལམ་ཞེས་བྱ་བ་ནི་རྩེ་མོའི་བདག་ཉིད་དོ། །མྱ་ངན་ལས་འདས་པའི་ལམ་ཞེས་བྱ་བ་ནི་བཟོད་པར་འགྱུར་བའོ། །དམ་
པའི་ཆོས་ཀྱི་ལམ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཆོས་མཆོག་གོ། །བདེ་འགྲོའི་ལམ་ཞེས་བྱ་བ་ནི་མཐོང་བའི་ལམ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའོ། །སྤང་བའི་ལམ་ཞེས་པ་ནི། བསྒོམ་པའི་ལམ་ཉིད་དོ། །ཉོན་མོངས་པ་མེད་པའི་ལམ་ཞེས་བྱ་བ་ནི། བར་ཆད་མེད་
པའི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །བསྟན་པར་བགྱིའོ་ཞེས་བྱ་བ་ནི། དངོས་དང་བརྒྱུད་པས་ཞེས་སོ། །ཚིག་དེ་དག་ཀྱང་རང་རང་གི་ལམ་དང་ཇི་ལྟར་འཚམ་པར་དགྲོལ་ཏེ། བདག་གིས་ནི་གཞུང་མངས་པས་འཇིགས་པས་མ་བཀྲོལ་ལོ། །སངས་རྒྱས་ཉིད་ཀྱི་འགྲུབ་པའི་ལམ་
བསྟན་པར་བགྱིའོ་ཞེས་བྱ་བ་ནི། མདོར་ན་ལམ་དཔག་ཏུ་མེད་པ་དེ་དག་ཀྱང་སངས་རྒྱས་ལ་སྦྱར་རོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཉིད་ནི་འདིར་བདེན་པ་མཐོང་བ་ཡིན་ལ། དེའི་ལམ་ཉིད་དེ་འགྲུབ་པར་བྱེད་དེ། ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །བསྟན་པར་བགྱིའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །
རྡོ་རྗེ་འཛིན་པ་ཉིད་འགྲུབ་པའི་ལས་ནི་དབང་བསྐུར་བ་དང་བསྙེན་པ་ལ་སོགས་པའི་ལམ་སྟེ། དེ་སྔ་མ་ལྟར་བསྟན་པར་བགྱིའོ། །དེ་ལ་བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་འཆང་བ་འདི་གཉིས་ཁྱད་པར་ཅི་ཡིན་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་སྒོ་ནས་ས་བརྒྱད་པའི་བར་དུ་མི་
འདྲ་བར་བཞུགས་པ་གཉིས་ལ་དེ་སྐད་ཅེས་བྱ་སྟེ། ཇི་སྐད་དུ། རྒྱལ་བའི་ཞིང་རྣམས་ས་འཐོབ་ཀྱང་། །ཡིད་བསྟོད་པར་ནི་འགྱུར་མིན་ཏེ། །ཇི་སྲིད་ས་བརྒྱད་ལ་གནས་པར། །ཐེག་དམན་འཇིགས་པ་དེ་ལ་ཡོད། །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །རྒྱལ་བའི་སྲས་པོ་རང་
ངེས་ན། །ཡིད་ཆེས་པར་ནི་གྱུར་པ་ན། །ཐེག་ཆེན་པོ་ལ་གཞོལ་བ་ཡིན། །ཞེས་གསུངས་པ་སྟེ། ས་དགུ་པ་ལ་ནི་ལམ་དབྱེར་མེད་པའོ། །དུས་ཐམས་ཅད་དུ་ཞེས་བྱ་བ་ཉིན་མཚན་ཕྱེད་པར་སྔར་བསྟན་པའི་འཇིགས་པ་ཐམས་ཅད་ལས་ཚེ་འདི་ལ་བསྲུང་བ་དང་སྐྱེས་ནས་བསྐྱབ་པ་དང་།

ལན་གྲངས་གཞན་ལ་ཡང་སྦ་བར་བགྱིའོ། །ལྷག་མ་རྣམས་ནི་གོ་སླའོ། །དཀྱིལ་འཁོར་བརྒྱད་པའི་འགྲེལ་པ་སྟེ། འཇིག་རྟེན་གྱི་ལྷའི་དཀྱིལ་འཁོར་དྲུག་རྫོགས་སོ།། །།ད་ནི་འདི་ནས་མར་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གཉིས་པ་བསྟན་པའི་ཕྱིར། དེ་
ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཉིད་ཀྱི་དཀྱིལ་འཁོར་ལ་ཀུན་དུ་གཟིགས་པ་དང་། ཡང་འཛུམ་པ་མཛད་པའི་ཆོས་གསུངས་པའི་རྟགས་གཉིས་བསྟན་ཏོ། །དེའི་བྱིན་རླབས་དེས། འཁོར་གྱི་དཀྱིལ་འཁོར་དེ་དེར་རང་དབང་མེད་པར་ས་གཞི་དང་བཅས་པར་གཡོས་ཤིང་། དེའི་དབང་ལས་
ལུས་ཀྱང་རབ་ཏུ་གཡོས་ལ་དེ་ཉིད་ཀྱིས་དེ་དག་གི་སེམས་ཀྱང་སྔོན་ལས་གྱུར་པས་ཡང་དག་པར་རབ་ཏུ་གཡོས་སོ། །དགའ་བའི་ཚལ་དེ་ཡང་རིམ་པ་དེ་བཞིན་དུ་ཆུང་ངུ་དང་ཆེན་པོ་དང་ཆེན་པོའི་ཆེན་པོར་འགུལ། རབ་ཏུ་འགུལ། ཡང་དག་པར་རབ་ཏུ་འགུལ་ལོ། །དེར་གནས་པའི་འོད་དང་ཟེར་
དེ་དག་ཀྱང་རིམ་པ་གསུམ་སྔ་མ་ལྟར་འབར། རབ་ཏུ་འབར། ཡང་དག་པར་རབ་ཏུ་འབར་རོ། །ངོ་མཚར་དེའི་དབང་གིས་འཁོར་དེ་རིམ་པ་གསུམ་དུ་རིམ་གྱིས་དགོད་པ་ལ་སོགས་པ་དང་། རྩེ་བ་ལ་སོགས་པར་བྱེད་དོ། །གཞན་ཡང་ལྟས་ཆེན་པོ་བཅོ་བརྒྱད་འཇིག་རྟེན་དུ་སྣང་བས་ན། རྨད་ཀྱི་
ཡ་མཚན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། ཞུས་པ་དང་ལན་ཏེ་གོ་སླའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་རིག་སྔགས་འདི། སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་ཞེས་བྱ་བ་ནི་དེ་བཞིན་ཉིད་དོ། །གཤེགས་པ་ཞེས་བྱ་བ་ནི།
ཡི་གེ་བསྒྱུར་བའི་ཚུལ་གྱིས་གསུངས་པ་སྟེ། དེ་བཞིན་ཉིད་གསུངས་པའོ། །ཇི་སྐད་དུ། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཞེས་གསུངས་པའོ། །ཡང་ན་དེ་བཞིན་ཉིད་རྟོགས་པ་ནི་གཤེགས་པ་སྟེ། ཇི་སྐད་དུ། འདུ་ཤེས་ཙམ་ཡང་སྤངས་པའི་ཕྱིར། །
རང་གི་ངོ་བོ་བསྟན་དུ་མེད། །ཡེ་ཤེས་རང་རིག་ཅེས་བྱ་བ། །དེ་ནི་དེ་བཞིན་གཤེགས་ཞེས་བྱ། །ཞེས་གསུངས་པས་སོ། །ཐམས་ཅད་ཅེས་བྱ་བ་ནི། བཅོམ་ལྡན་འདས་ཚེ་མཐའ་ཡས་པ་ཉིད་དེ། ཚོགས་དང་ཆོས་ཀྱི་སྐུ་དག་དང་། །འགྲོ་བའི་དོན་ནི་སྤྱོད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་པ་སྟེ། །

སྐུ་ཚེ་རིགས་དང་ཚད་ཀྱིས་ཡིན། །ཞེས་གསུངས་པས། སངས་རྒྱས་གཅིག་ཉིད་ཐམས་ཅད་དོ། །སྙིང་པོ་ཞེས་བྱ་བ་ནི། ཡི་གེ་འཆད་པར་འགྱུར་བ་རྣམས་སྙིང་གར་བསྒོམས་པས། ཡིད་རྟོགས་ཤིང་ཡིད་ལ་འདོད་པ་སྦྱིན་པས་སྙིང་པོ་སྟེ། ཡིད་ལ་འདོད་པའི་ཆོ་ག་ཡིས། །ཡིད་ལ་གང་འདོད་འགྲུབ་
པར་འགྱུར། །ཏིང་འཛིན་སྒྲུབ་པ་སྙིང་ལ་གནས། །དེ་བས་སྙིང་པོ་ཞེས་བྱའོ། །ཞེས་གསུངས་པའོ། །སྙིང་པོ་དེ་ཉིད་བསྒོམས་པས་རིག་པ་སྐྱེ་བ་ལ་སོགས་པར་བྱེད་པས་ན་དེ་ཉིད་རིག་སྔགས་ཏེ། ཇི་སྐད་དུ། མ་རིག་པ་ཉིད་གཞིག་པ་དང་། །ངག་གི་རིགས་མཆོག་བསྒྲུབ་པའི་ཕྱིར། །དངོས་གྲུབ་དམ་པ་
ཡོད་པ་སྟེ། །དེ་བས་རིག་སྔགས་ཞེས་བྱའོ། །ཞེས་གསུངས་སོ། །འདི་ཞེས་བྱ་བ་ནི་དོན་ཉེ་བར་གནས་པ་འདྲེན་པའི་ཚིག་གི་ཕྲད་དོ། །སྐུ་གསུང་ཐུགས་རྡོ་རྗེ་ལས་ཞེས་བྱ་བ་ལ། སྐུ་ལ་སོགས་པ་དག་དབྱེར་མེད་པ་ནི་རྡོ་རྗེ་སྟེ། སྐུ་དང་གསུང་ཐུགས་གང་དག་ཡིན། །མི་ཕྱེད་སྟོང་པའི་དངོས་ཕྱིར་ན། །
རྡོ་རྗེ་ཞེས་ནི་རབ་ཏུ་བསྟན། །དེ་བས་དབྱེ་བ་ཐམས་ཅད་འབྱུང་། །ཞེས་བཤད་དོ། །ཕྱུང་ངོ་ཞེས་བྱ་བ་ནི་སྐྱེས་པ་སྟེ། དེ་ལྟར་སྔགས་འདི་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ལས་འབྱུང་བར་སྟོན་ཏེ། གནས་དེ་ནི་གསང་སྔགས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་རྣམ་པར་སྣང་མཛད་མངོན་
པར་བྱང་ཆུབ་པའི་རྒྱུད་ལས་གསུངས་པ། འཇིག་རྟེན་འདས་པའི་སྔགས་རྣམས་ཀྱི། །ཐོག་མའི་བྱེད་པ་མེད་པའོ། །ཞེས་པ་དང་། ཡང་དེ་ཉིད་ལས། གསང་བའི་བདག་པོ་གཞན་ཡང་གསང་སྔགས་ཀྱི་མཚན་ཉིད་ནི། སངས་རྒྱས་ཐམས་ཅད་ཀྱིས་མ་བྱས། བྱེད་དུ་མ་བཅུག་རྗེས་སུ་ཡི་རང་བ་མ་
ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི་ཡེ་ནས་གནས་པ་སྟེ། དེ་ཡང་འདི་ལྟར་གསང་སྔགས་རྣམས་ཀྱི་གསང་སྔགས་ཀྱི་ཆོས་ཉིད་དོ། །གསང་བའི་བདག་པོ་དེ་ལ་གང་
གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་འཇིག་རྟེན་དུ་བྱུང་བ་དེའི་ཚེ། ཆོས་ཉིད་ཚུལ་སྣ་ཚོགས་དང་དགོངས་པ་སྣ་ཚོགས་ཀྱིས་སེམས་ཅན་བསམ་པ་སྣ་ཚོགས་པ་རྣམས་ལ་ཚིག་སྣ་ཚོགས་དང་། ཡིག་འབྲུ་སྣ་ཚོགས་དང་། ཡུལ་གྱི་ངེས་པའི་ཚིག་ཏུ་

བརྗོད་པ་སྣ་ཚོགས་དང་། དབྱངས་སྣ་ཚོགས་སུ་གོ་བ་རྣམས་སུ་བྱིན་གྱིས་བརླབས་ཏེ། གསང་སྔགས་ཀྱི་ཚུལ་འཆད་དོ་ཞེས་པ་དང་། ཡང་དེ་ཉིད་ལས། ཇི་ལྟར་ནམ་མཁའ་ཆགས་མེད་སྤྱོད་ཡུལ་ཅན། །འགྲོ་བ་ཀུན་གྱི་གནས་སུ་གྱུར་བ་ལྟར། །དེ་བཞིན་རྣམ་པར་དག་པའི་ཆོས་ཉིད་དེ། །
སྲིད་གསུམ་མ་ལུས་འབྱོར་བ་འབྱུང་བར་བྱེད། །ཅེས་སོ། །སྔགས་ཕྱུང་བ་དེ་གང་ཞེ་ན། ཨོཾ་པུཎྱེ་པུཎྱེ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཁ་ཅིག་ན་རེ། ཕྱག་ན་རྡོ་རྗེ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་དུ་ནི། སཾ་པ་རོ་པ་ཙ་ཡ་ཀ་རི་ནི་ཞེས་གསུངས་པ་འདིར་ནི་སཾ་པ་རོ་པ་ཙི་ཏེ་ཞེས་གསུངས་པས། སློབ་པ་དང་།
མི་སློབ་པའི་བྱེ་བྲག་གོ་ཞེས་རྟོག་པས་ཟེར་ཏེ་དེ་ནི་མ་ཡིན་ཏེ། འདི་ཉིད་ལས། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །ཞེས་བསྟོད་པའི་ཕྱིར་རོ། །སྙིང་པོའི་རིག་པའོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཉེ་བའི་སྙིང་པོའི་རིགས་པའོ། །ཞེས་བྱ་བ་ནི་འདིས་ལྷ་དང་འདོད་པའི་དངོས་གྲུབ་དང་ཉེ་བར་བྱེད་ཅིང་སྙིང་ལ་
གནས་པས་ན་སྙིང་པོ་སྟེ། རིག་པ་ནི་སྔ་མ་བཞིན་ནོ། །སྙིང་པོ་ཉེ་བའི་སྙིང་པོའི་རིག་པའོ་ཞེས་བྱ་བ་ལ། སྙིང་པོ་སྔ་མ་ལྟ་བུ་ཉིད་ལྷ་ལ་སོགས་པ་དང་ཉེ་བར་བྱེད་པ་ཡིན་ལ་དེ་ཉིད་སྙིང་པོ་སྟེ། སྙིང་དགའ་བར་བྱེད་ཅིང་མ་རིག་པ་ལ་སོགས་པ་སེལ་བར་བྱེད་པའི་ཕྱིར་རིག་པའོ། །སྙིང་པོ་ཡང་དག་པར་
བསྐུལ་བའི་ཞེས་བྱ་བ་ནི། སྙིང་པོ་ཉིད་ལྷ་རྣམས་ཡང་དག་པར་མངོན་དུ་ཕྱོགས་པར་བྱ་བའི་ཕྱིར་སྐུལ་བར་བྱེད་པ་སྟེ་འདི་ཡིས་བསྐུལ་བས་མྱུར་དུ་འགྲུབ་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ཉིད་རིག་པ་སྟེ་སྔ་མ་བཞིན་ནོ། །སྙིང་པོ་དམ་པའོ་ཞེས་བྱ་བ་ལ། སྙིང་པོ་ཉིད་འདོད་པ་དམ་པའི་
བར་དུ་བསྒྲུབས་པས་ན། དམ་པའམ་འདི་འཇིག་རྟེན་པའི་ལྷའི་སྙིང་པོ་ལས་དམ་པར་གྱུར་པས་ན་སྙིང་པོ་དམ་པའོ། །གསང་བའི་སྙིང་པོའི་ཞེས་བྱ་བ་ནི། གསང་བར་བྱ་བའི་སྙིང་པོ་ཡིན་པས་ན་གསང་བའི་སྙིང་པོ་སྟེ། ཇི་སྲིད་དུ། ཁ་ཅིག་གིས་གསང་སྔགས་རྣམས་འགྲུབ་པའི་རྒྱུ་ནི་གསང་བ་ཉིད་
ཡིན་ཏེ་ཞེས་བཤད་པ་ལྟ་བུའོ། །འདིར་སྙིང་པོ་དང་གསང་སྔགས་ལ་ཐ་དད་པ་ཅི་ཡོད་ཅེ་ན། སྙིང་པོ་ནི་ཡི་གེ་འབྲུའི་ངོ་བོར་སྙིང་ག་ལ་སོགས་པར་བསྒོམ་པར་བྱ་བ་ཁོ་ན་ཡིན་ལ། གསང་སྔགས་ནི་བརྗོད་པ་ཙམ་གྱིས་ཀྱང་དོན་དེ་ཀུན་འགྲུབ་པར་སྲིད་དེ། གཅིག་ཏུ་བསྒོམ་པ་ཁོ་ནར་མ་ངེས་ཏེ་དབྱེ་བ་ནི་དེ་ཡིན་ནོ། །དེ་

བཞིན་དུ་གསང་སྔགས་རྣམས་ལ་ཡང་རིག་པ་དང་གཟུངས་དང་། གསང་སྔགས་ཞེས་གསུམ་དུ་གསུངས་ཏེ། ལྷ་དེ་འབོད་པ་དང་རིག་པ་བསྐྱེད་པ་ལ་སོགས་པ་དང་། ངན་འགྲོ་ལ་འཛིན་པར་བྱེད་པའི་ཕྱིར་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། ཇི་སྐད་དུ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །མཁའ་འགྲོ་བཙུན་
མོ་བཟང་མོ་རྣམས། །འབོད་ཅིང་སྔོན་དུ་བྱེད་པའི་ཕྱིར། །གསང་སྔགས་ཞེས་ནི་མངོན་པར་བརྗོད། །དཔེར་ན་མི་ཆེན་འགའ་ཞིག་གིས། །སྐད་ནི་དྲག་པོས་བོས་གྱུར་ན། །ཐོས་པ་ཙམ་གྱིས་འོང་བ་ལྟར། །དེ་བཞིན་སངས་རྒྱས་མོད་ལ་བྱོན། །ཞེས་གསུངས་སོ། །མ་རིག་པ་ནི་གཞིག་པ་དང་། །ངག་གི་
རིགས་མཆོག་བསྒྲུབ་པའི་ཕྱིར། །དངོས་གྲུབ་དམ་པ་ཡོད་པ་སྟེ། །དེ་བས་རིག་སྔགས་ཞེས་བྱའོ། །ཞེས་པ་དང་ཡང་། གཟུངས་ནི་རྣམ་གསུམ་དག་གི་ཕྱིར། །ཚིག་དང་དོན་དང་གཉི་གའི་གཟུངས། །ལེགས་པ་ལས་ནི་ཉམས་པ་ན། །འཛིན་པར་བྱེད་པ་དེ་ཕྱིར་གསུངས། །ཞེས་སོ། །འདི་དག་ཀྱང་
གསུངས་ཏེ། བརྗོད་པར་བྱ་བ་ཡིན་པའམ། །ཐབས་དང་ཤེས་རབ་འབྲེལ་པ་དང་། །འདའ་བར་བྱ་བ་མ་ཡིན་ཞིང་། །ཤིགས་པར་དཀའ་བས་གསང་བ་ཉིད། །གསང་བ་སྒྲུབ་ཕྱིར་བསྔགས་པས་ན། །དེ་བས་གསང་སྔགས་ངེས་པར་བརྗོད། །ཅེས་བྱ་བའི་མཚན་ཉིད་དང་ལྡན་པས་ཕལ་ཆེར་གསང་
སྔགས་ཀྱི་སྒྲར་བསྟན་གྱི་རིག་པ་དང་གཟུངས་སུ་མ་ཡིན་ནོ། །འགའ་ཞིག་ཏུ་རྟགས་ཙམ་ལ་བརྟེན་ཏེ། ལྷ་ཕོའི་ངོ་བོ་དང་འབྲེལ་པ་ལ་ནི་གསང་སྔགས་ཞེས་གསུངས་ལ། ལྷ་མོ་དང་འབྲེལ་པ་ལ་ནི་རིག་སྔགས་དང་གཟུངས་སྔགས་ཞེས་གསུངས་སོ། །ཕལ་ཆེར་ནི་སྔགས་གཅིག་ཉིད་དང་ལྷ་གཅིག་
ཉིད་དང་འབྲེལ་པ་ལས། མིང་བཞི་ཆར་བརྗོད་དོ། །འདི་དག་ནི་རང་གི་ངོ་བོ་ཡང་ཤེས་རབ་དང་ཏིང་ངེ་འཛིན་ནི་སྙིང་པོའོ། །ཤེས་རབ་དང་སྙིང་རྗེའི་བདག་ཉིད་ནི་གསང་སྔགས་སོ། །ཤེས་རབ་དང་ཡེ་ཤེས་ནི་རིག་སྔགས་སོ། །ཤེས་རབ་དང་དྲན་པ་ནི་གཟུངས་སྔགས་ཏེ། དེ་ལྟར་ནི་གཞུང་གཞན་དག་
ལས་ཀྱང་དྲན་པ་དང་ཤེས་རབ་ཡང་དག་པར་ལྡན་པའི་སེམས་ནི་གཟུངས་ཞེས་བྱ་བའི་སྒྲར་བཤད་དོ་ཞེས་བསྟན་ཏོ། །རང་རང་གི་ངོ་བོ་དེ་དག་ཀྱང་རང་རང་གི་མིང་ཁོ་ནས་ཁོང་དུ་ཆུད་པར་འགྱུར་རོ། །དེ་བཞིན་དུ་འདི་དག་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པ་པོ་དང་སྒྲུབ་པར་བྱེད་པ་གསུམ་ལ་ཡང་འཇུག་ཅིང་

སྒྲུབ་པར་བྱེད་པ་ལ་སོགས་པ་ཡང་ཅི་རིགས་སུ་དབྱེ་སྟེ་ཞར་ལ་འོངས་པས་ཆོག་གོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བུམ་པ་ལྔ་དང་བརྒྱད་ཅེས་བྱ་བ་ནི་ལྷ་ལྔ་དང་མཆོད་པ་དང་སྒོ་སྐྱོང་དང་བརྒྱད་ལ་ཐུན་མོང་དུ་བཞི་དང་། གསང་བའི་བུམ་པ་དང་
བཅུ་ལས། བདག་པོ་དང་གསང་བའི་བུམ་པ་ནི་སྨོས་མི་དགོས་པས་ལྷག་མ་བརྒྱད་དོ། །དེ་མ་རྙེད་ན་རིགས་ལྔ་དང་གསང་བའི་བུམ་པར་བཅས་པའོ། །ཁ་ཅིག་ནི་དབང་བསྐུར་པའི་བུམ་པ་ལྔ་དང་བཀང་བའི་བུམ་པ་བརྒྱད་དོ་ཞེས་རྟོག་གོ། །འཁོར་ལོས་སྒྱུར་བའི་སྔགས་ཀྱིས་ཞེས་བྱ་བ་ནི་བདག་པོའི་སྔགས་
གཙོ་བོར་བྱས་ཏེའོ། །ལྷག་མ་ནི་གོ་སླའོ། །ཨོཾ་བཛྲ་དྷ་ར་ཞེས་བྱ་བ་ལ་སོགས་པས་ནི་བདག་ཉིད་རིགས་ཐམས་ཅད་ཀྱི་སེམས་པར་མོས་པར་བྱས་ཏེ། སློབ་མ་གཞུག་པ་སྟེ། འདི་ནི་ལུགས་གཞན་དུ་གནས་པའོ། །དེ་ནས་ཕྲེང་བ་དེ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི་དབང་བསྐུར་བ་སྟོན་ཏོ། །དང་པོ་ནི་
ལྷག་མའི་ལྷའི་དབང་ངོ་། །གཉིས་པ་ནི་བུམ་པའི་དབང་ངོ་། །གསུམ་པ་ནི་དམ་ཚིག་སྦྱིན་པའི་དབང་ངོ་། །བཞི་པ་ནི་འཆད་པར་རྗེས་སུ་གནང་བའི་དབང་ངོ་། །ལྔ་པ་ནི་བསྒྲུབ་པར་གནང་བའི་དབང་སྟེ། ལུགས་འདི་ནི་དཀྱིལ་འཁོར་གཞན་དང་ཅུང་ཟད་མི་འདྲ་བ་ཉིད་ཡིན་པས་གཞན་གྱིས་མི་དྲང་ངོ་། །ཚིག་
གི་དོན་ནི་གོ་སླའོ། །དེ་ནས་བླ་མ་ལ་ཁྱོད་ཀྱིས་ཡོན་གྱི་མཆོག་ནི་དབུལ་བར་བྱ་ཞིང་། དེ་ཡང་རྙེད་པས་རྙེད་པ་ལ་སོགས་པ་བསྒྲུབ་པར་སྲིད་པས། བླ་མ་ཁོ་ནའི་ཕྱིར། ནོར་དང་དབྱིག་ལ་སོགས་པ་དབུལ་ཏེ་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དེའི་འབྲས་བུ་སྟོན་ཏེ་གོ་སླའོ། །དེ་ནས་བུ་ལ་
ཞེས་བྱ་བ་ལ་སོགས་པས་མན་ངག་བསྟན་པར་སྟོན་ཏེ། ཆོས་རྣམས་ཐམས་ཅད་དངོས་མེད་པར། །སེམས་ཀྱིས་བསྒོམ་པར་བྱས་ནས་ནི། །ཞེས་བྱ་བ་ནི་ཡེ་ཤེས་དབབ་པའམ། སེམས་སོ་སོར་རྟོགས་པའི་སྐབས་སོ། །དེ་ནས་ནི་ཨ་ཞེས་བྱ་བ་མ་སྐྱེས་པའི་ངོ་བོ་ཉིད་ལས་ཐབས་ཀྱིས་ཟླ་བའི་
དཀྱིལ་འཁོར་དུ་བསམས་ཏེ། ཁ་ཅིག་ན་རེ་ཡི་གེ་ཨ་དཀར་པོ་ཉིད་ལས་ཞེས་ཟེར་རོ། །དེ་ནས་རང་གི་ལྷག་པའི་ལྷའི་ས་བོན་གྱི་ཡིག་འབྲུ་ཟླ་བ་དེའི་དབུས་སུ་འོད་ཟེར་དང་བཅས་པས་བསམས་ནས། དེ་ལས་འོད་ཟེར་འཕྲོ་བ་དང་འདུ་བའི་དབང་ལས་རྡོ་རྗེ་ལ་སོགས་པ་རང་གི་ལྷའི་དམ་ཚིག་གི་ཕྱག་

རྒྱ་དག་ཏུ་གྱུར་པར་བསམ་ཞིང་། དེ་ནས་ཀྱང་འོད་ཟེར་སྤྲོ་བ་དང་བསྡུ་བས་སྟོང་པ་ལས་ཟླ་བ་ལ་སོགས་པར་གྱུར་པ་དེ་བཞིན་དུ་འདིར་ཡང་རང་གི་ལྷའི་དེ་ཉིད་དུ་ཕྱག་རྒྱ་དེ་དང་དེ་ལས་སྒྲུབ་པ་པོ་བདག་ཉིད་ཁ་ནི་བསྒྱུར་བར་བྱ་སྟེ། ནི་ཞེས་བྱ་བ་ནི་ངེས་པར་ཞེས་བྱ་བའི་དོན་ཏོ། །གཞན་དུ་ན་དོན་མེད་པའི་ཕྱིར་རོ། །
དེ་ལྟར་སྔགས་པ་ལྷའི་རྣལ་འབྱོར་གྱི་ཚུལ་དུ་བསྒྱུར་ནས། ད་ནི་ཅི་ཞིག་བྱ་ཞེ་ན། དེ་ནས་དེ་མ་ཐག་ཏུ་རང་གི་ས་བོན་དང་འདྲ་བའི་རྡོ་རྗེ་སེམས་དཔའ་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱས་ཕྱག་རྒྱ་སྟེ་རང་གི་ལུས་ཕྱག་རྒྱ་ཆེན་པོ་དེ་བརྟན་པར་བྱིན་གྱིས་བརླབས་ཏེ། ཇི་སྐད་དུ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །སེམས་
དཔའ་རྡོ་རྗེ་དམ་བྱས་ལ། །སྙིང་ག་མཛོད་སྤུ་མགྲིན་པ་དང་། །སྤྱི་བོར་བཞག་ན་བྱིན་གྱིས་རློབ། །ཅེས་གསུངས་སོ། །ཅིའི་དེ་ཙམ་དུ་ཟད་དམ་སྙམ་པ་ལས། ལྷག་ཅེས་བྱ་བ་དམ་ཚིག་སེམས་དཔའ་ཆེན་པོར་མོས་པ་ལ་སོགས་པ་ཡང་སྔོན་དུ་བྱ་ཞིང་། འགྲོ་ཞེས་བྱ་བ་སྐུ་གསུང་ཐུགས་གཅིག་པུ་མོས་པ་ལ་
སོགས་པའི་བྱ་བ་ཡང་བྱའོ། །དེ་དག་ཀྱང་རྩ་བའི་རྒྱུད་ལས་ཇི་ལྟར་གསུངས་པའི་རིམ་པ་ཇི་བཞིན་དུ་མ་ནོར་བར་བྱའོ། །ཆོ་ག་དེ་དག་ལས་གཙོར་གྱུར་པ་ནི། དབང་བསྐུར་བ་ཡིན་པས་དངོས་སུ་སྨོས་ཏེ། སངས་རྒྱས་ལྔ་རྣམས་ཀྱིས་དབུ་རྒྱན་དུ་དབང་བསྐུར་རོ་ཞེས་བྱ་བ་སྟེ། ཇི་སྐད་དུ། རྡོ་རྗེ་དབྱིངས་དབང་ལ་
སོགས་པ། །སངས་རྒྱས་ཕྱག་རྒྱ་མདུན་ནས་ནི། །བརྩམ་པར་བྱས་ནས་ངོས་བཞིར་ཡང་། །ཕྲེང་བ་ཉིད་ཀྱིས་དབང་བསྐུར་འགྱུར། །ཞེས་གསུངས་སོ། །དེ་ལྟར་སྨོས་པ་དང་མ་སྨོས་པ་དང་ཆོ་ག་མ་ལུས་པའི་སྒོ་ནས་བདག་ཉིད་མཐུ་ཐོབ་པར་བསམས་ཏེ། བསྙེན་པ་ལ་སོགས་པ་བྱས་ནས་འགྲུབ་པོ་
ཞེས་བསྟན་པའི་ཕྱིར། དེ་ནས་ང་རྒྱལ་བསྐྱེད་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དེ་ནས་ཚངས་པ་ལ་སོགས་པ་ཞེས་བྱ་བ་ཡང་གོ་སླ་བ་ཉིད་དོ། །དེའི་ཤ་དང་རུས་པ་དང་སྐྲ་དང་ཞེས་བྱ་བ་ནི། དཀྱིལ་འཁོར་འདིར་རོ་ཉིད་ལེགས་པར་གཏུབས་ཤིང་སྡིག་པ་སྦྱང་བའི་སྔགས་ཀྱིས་
བསྲེགས་ལ། ཐ་མ་ཤི་བ་དེའི་རུས་པའི་ཐལ་བ་ཡང་བསྲེགས་པས་ན་ཐལ་བ་ལ་སོགས་པ་ཞེས་སྨོས་ཏེ། དམན་པས་མཆོག་བསྡུའི་དཀྱིལ་འཁོར་དགུ་པའི་འགྲེལ་པ་སྟེ་རྒྱུད་ཕྱི་མའ་འགྲེལ་པ་རྫོགས་སོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས། རྩ་བ་དང་ཕྱི་མའི་རྒྱུད་དུ་མ་གསུངས་པའི་

ཆོ་ག་མ་ལུས་པ་བསྡུས་པའི་ངོ་བོ་རྒྱུད་ཕྱི་མ་ཕྱི་མ་སྟོན་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ནི་སྔོན་བཞིན་ནོ། །ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནི། ཡེ་ཤེས་ཆེན་པོ་འཛིན་པས་སོ། །སྔགས་དང་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འོ། །རིག་པ་དང་ཞེས་བྱ་བ་ལ་སོགས་པ་ནི་སྤྱན་ལ་སོགས་
པའི་སྔགས་ཏེ། དེ་དག་ནི་རྩ་བའི་དཀྱིལ་འཁོར་པ་ཡང་ཡིན་དུ་ཟིན་ཡང་རྩ་བ་དང་ཕྱི་མར་མ་བསྟན་པའི་ཕྱིར་རོ། །སྙིང་པོ་ཞེས་བྱ་བ་ནི། ཉེ་བར་གྱུར་པ་ཉིད་དོ། །ཨོཾ་བཛྲ་བྲུཾ་དུཾ་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་སྔགས་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའོ། །རིག་པ་ཞེས་བྱ་བ་ནི་ཀུན་དུ་བཟང་པོ་དང་བདེ་བ་ཆེན་
པོའིའོ། །སྙིང་པོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའིའོ། །ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པར་རོ། །བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གསལ་བར་བྱ་བའི་ཕྱིར་རོ། །ཉིད་ཀྱི་སྙིང་པོ་འདི་བཤད་དོ། །ཞེས་བྱ་བ་ནི། ཨོཾ་བྲུཾ་དུཾ་ཞེས་པ་ནི། གལ་ཏེ་དབུས་ན་ཕྱག་ན་རྡོ་རྗེ་ཚེ་དཔག་ཏུ་མེད་པ་གནས་ནས་
ནི། ཨོཾ་བྲུཾ་ཞེས་བྱ་བས་བསྐྱེད་ཅིང་། གལ་ཏེ་ཕྱག་ན་རྡོ་རྗེ་ཁམས་གསུམ་རྣམ་པར་རྒྱལ་བར་གནས་ན། ཨོཾ་བཛྲ་དུཾ་ཞེས་བྱ་བས་བསྐྱེད་དོ། །ཨོཾ་བཛྲ་པཱ་ཎི་དྲྀ་ཌྷ་ཏིཥྛ་ཧཱུཾ་ཞེས་བྱ་བ་ནི། དབུས་སུ་རྡོ་རྗེ་སེམས་དཔའ་འཇོག་ནའོ། །ཨོཾ་ཧཱུཾ་ཞེས་བྱ་བ་ནི། གལ་ཏེ་དབུས་སུ་ཀུན་དུ་བཟང་པོའམ། བདེ་བ་ཆེན་པོ་གནས་
ནས་ནི། དེ་དག་བསྐྱེད་པའི་སྔགས་སོ། །ཨོཾ་ཧཱུཾ་བཛྲ་ཧཱུཾ་ཕཊ། ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་འམ་ཕྱག་ན་རྡོ་རྗེའི་སྔགས་སོ། །ཨོཾ་ཏིཥྛ་བཛྲ་ཧཱུཾ་ཕཊ། ཅེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་སྔགས་སོ། །ཨོཾ་བཛྲ་ཧྲི་སྭ་ཞེས་བྱ་བ་ནི་རྡོ་རྗེ་ཆོས་དམ་པའི་སྔགས་སོ། །ཨོཾ་བཛྲ་ཧཱུཾ་ཨ་ཞེས་བྱ་བ་ནི་རྡོ་རྗེ་ལས་ཀྱི་སྔགས་སོ། །དབུས་
སུ་རྡོ་རྗེ་བྲི་བར་བྱ། །ཞེས་བྱ་བ་ནི་སྔར་བསྟན་པ་གཉིས་ཀྱིའོ། །སྤྱན་སྔར་ཕྱག་ན་རྡོ་རྗེ་ལས། །ཞེས་བྱ་བ་ནི། གལ་ཏེ་བདག་པོར་ཀུན་དུ་བཟང་པོའམ། བདེ་བ་ཆེན་པོ་ཞིག་བཞག་ནའོ། །གལ་ཏེ་བདག་པོར་ཕྱག་ན་རྡོ་རྗེ་གཉིས་ལས་གང་ཡང་རུང་བ་ཞིག་བཞག་ན་ནི། དེའི་ཚེ་ནི་སྤྱན་སྔར་རྡོ་རྗེ་སེམས་དཔའ་འོ། །
ཕྱག་ན་རྡོ་རྗེ་དང་རྡོ་རྗེ་སེམས་དཔའ་ལ་འདིར་ཁྱད་པར་ཅི་ཡོད་ཅེ་ན། འདིར་ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་རིགས་སུ་སྐྱེས་པ་ལྕང་ལོ་ཅན་ན་གནས་པ་ཡིན་ལ། རྡོ་རྗེ་སེམས་དཔའ་དེ་ནི་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་བྱུང་བ་སེམས་དཔའི་ངོ་བོ་དེ་ཉིད་དེ། དང་པོ་ནི་མ་འོངས་པ་ནས་འཚང་རྒྱ་བར་ལུང་བསྟན་པ་

ཡིན་ལ། གཉིས་པ་ནི་སྤྲུལ་པའི་སྐུ་སྟེ། རྒྱུད་འདིར་ནི་ཁྱད་པར་འདི་ཙམ་དུ་ཟད་ཅིང་རྒྱུད་གཞན་དུ་ལུགས་གཞན་ཡིན་ནོ། །འདོད་ཆགས་རྣམས་ཀྱིས་འབྲས་བུར་ནི། །ཞེས་བྱ་བ་ནི་འདོད་ཆགས་མ་སྤངས་པ་རྣམས་ཀྱིས་ཆགས་པའི་འབྲས་བུ་འདོད་པ་ཉེ་བར་གནས་པ་ལ་སོགས་པས་གསུམ་པ་ཡིན་པས་ན་
དེར་ཡང་མེ་ལོང་དང་པི་ཝང་དང་། དྲིའི་དུང་ཕོར་དང་། བཅུད་ཀྱི་གཞོང་བུ་དང་། རས་ཀ་ཤི་ལ་ཞེས་བྱ་བའི་འདོད་པའི་ཡོན་ཏན་ལྔས་མཛེས་པར་ཁྱམས་ལ་ཚོན་གྱིས་དགང་ངོ་། །ཡང་ན་འགྲོ་བའི་དོན་དུ་ཉན་ཐོས་ལྟར། འདོད་ཆགས་མ་སྤངས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡིན་ལ། དེ་
རྣམས་ཀྱིས་བྱིན་གྱིས་བརླབས་པའི་འབྲས་བུའི་བདག་ཉིད་ནི་འབྲས་བུ་སྟེ། འདོད་པའི་ཡོན་ཏན་ལྔས་ལག་པ་བྲེལ་པའི་ལྷ་མོའི་ཚོགས་ཀྱིས་ཁྱམས་ལ་དགང་བར་བྱའོ། །སྟོང་པ་མཚན་མ་མེད་པའི་སེམས། །སྨོན་པ་མེད་པའི་ཡིད་ལྡན་པའི། །ཞེས་བྱ་བ་ནི། ཆོས་ཐམས་ཅད་དངོས་པོ་མེད་པ་དང་། དེ་ཉིད་ཀྱི་རྒྱུད་
མེད་པ་དང་། དེའི་ཕྱིར་སྨོན་པ་ནི་ལོག་པར་ཤེས་པ་རྣམ་པར་ཐར་པའི་སྒོ་གསུམ་སྟེ། ཇི་སྐད་དུ། འཕགས་པ་སྡོང་པོ་བཀོད་པ་ལས་ཀྱང་། སྒྱུ་འདྲ་ཡང་དག་མ་ཡིན་ཚོར་བ་བྱེད་མེད་ཅིང་། །རྨི་ལམ་འདྲ་བ་དེ་བཞིན་མིག་ཡོར་འདྲ་བ་དང་། །བྱིས་པ་བསླུ་བའི་སྨིག་རྒྱུའི་རང་བཞིན་མཚུངས་མཉམ་པ། །དེ་ལྟར་བསྒོམ་
པ་མཁས་པ་སྟོང་པ་ཉིད་ཀྱི་སྒོ། །རྐྱེན་རྣམས་མེད་པ་དེ་ནི་མཚན་མ་མེད་པ་སྟེ། །ལོག་པར་ཤེས་པས་ནམ་ཡང་སྨོན་པ་མེད་པ་ཡིན། །ཞེས་གསུངས་པ་ལ། སློབ་དཔོན་བུདྡྷ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་ཀྱང་། ངོ་བོ་ཉིད་དང་བྲལ་བའི་ཕྱིར་ལོག་པ་སྟེ། །དེ་བཞིན་རྒྱུ་དང་བྲལ་ཕྱིར་མཚན་མ་མེད། །དངོས་པོ་རྟོག་པ་དག་དང་
བྲལ་བའི་ཕྱིར། །མ་ལུས་སྨོན་པ་ལས་ནི་ངེས་གྲོལ་བ། །ཞེས་གསུངས་ཏེ། དངོས་གྲུབ་རྣམས་ནི་ཚད་མེད་པ་བཞི་དང་། སྒོ་གསུམ་པོ་འདི་ལས་འབྱུང་བས་འདི་དག་པར་བྱའོ། །ཨོཾ་བཛྲ་ཧཱུཾ་ཛ་ཞེས་བྱ་བ་ལ་སོགས་པ་ནི། སྔགས་དང་པོས་ནི་རྡོ་རྗེ་འཛིན་པའི་ཕྱག་རྒྱ་བཅིང་དུ་གཞུག་ཅིང་། གཉིས་པས་ནི་དཀྱིལ་
འཁོར་ཡོལ་བ་བསལ་ཏེ་གཞུག་པའོ། །གསུམ་པས་ནི་མེ་ཏོག་དོར་བའོ། །དབང་བསྐུར་བར་བྱའོ་ཞེས་བྱ་བ་ལ་སོགས་པ་ལ་འདིར་བུམ་པ་དང་བཀས་གནང་བ་དང་ལས་སྦྱིན་པས་ཏེ་དབང་གསུམ་ཡིན་ལ། དེ་ཡང་ཕྱག་ན་རྡོ་རྗེ་གཉིས་དཀྱིལ་འཁོར་གྱི་བདག་པོ་ཡིན་ན་ནི། སྔགས་དང་པོ་རྣམ་པར་རྒྱལ་བའི་བུམ་པ་

ཡིན་ལ། རྡོ་རྗེ་སེམས་དཔའ་འམ་ཀུན་དུ་བཟང་པོའམ། བདེ་བ་ཆེན་པོ་དག་དཀྱིལ་འཁོར་གྱི་བདག་པོར་གྱུར་ན་ནི། སྔགས་གཉིས་པ་རྣམ་པར་རྒྱལ་བའི་བུམ་པའོ། །ལྷག་མ་བཞི་ནི་ཅི་རིགས་སུ་སྦྱར་རོ། །བཀའི་དབང་ནོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་འཆད་པའམ་བསྒྲུབ་པ་རྗེས་སུ་གནང་བ་སྟེ།
གལ་ཏེ་འཆད་པར་རྗེས་སུ་གནང་བར་འདོད་ན་ནི། འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྗེས་སུ་འབྲངས་ཏེ། ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་སྦྱིན་ལ། གལ་ཏེ་བསྒྲུབ་པར་རྗེས་སུ་གནང་བ་འདོད་ན་ནི། མེ་ཏོག་ལག་ཏུ་བྱིན་ཏེ་འདི་གྲུབ་པར་གྱུར་ཅིག །བླ་མ་དང་སློབ་མ་གཉི་གས་བརྗོད་དེ་དེ་ཡང་འདིར་གཙོར་
གྱུར་པ་ནི། བསྒྲུབ་པ་ཉིད་ཡིན་པས། དེ་ནས་ལས་ཐམས་ཅད་བྱེད་དུ་གཞུག་ཅིང་དངོས་གྲུབ་ཐམས་ཅད་ཀྱང་སྦྱིན་ནོ་ཞེས་གསུངས་ཏེ། མན་ངག་དང་གནང་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་ལས་དང་དངོས་གྲུབ་ནི་ཕལ་ཆེར་ཏིང་ངེ་འཛིན་ལ་བརྟེན་པ་ཡིན་པས། ཏིང་ངེ་འཛིན་རྣམས་མདོར་བསྟན་པར་བྱ་བའི་ཕྱིར། བདེ་བས་
བདེ་བ་བསྐྱེད་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བས་ཞེས་བྱ་བ་ནི། གསང་སྔགས་ཀྱི་ལམ་འདིར་ནི་དཀའ་ཐུབ་དང་སྡུག་བསྔལ་གཙོར་མ་གྱུར་གྱི། རབ་ཏུ་བདེ་བས་གྲུབ་པ་ཡིན་ཏེ། དེ་བས་ན། ལག་ན་རྡོ་རྗེ་དབང་བསྐུར་བ་ལས། །སྔགས་ཀྱི་ཐེག་པ་སྐྱེད་ཆེན་གྱི། །ཐེག་པ་ལ་ནི་མ་མོས་པ། །དེ་དག་
ནམ་ཡང་གཟུང་མི་བྱ། །དེ་དག་བསྟན་འདིར་སྐལ་བ་མེད། །ཅེས་གསུངས་ལ། ཁྱད་པར་ཡང་རྣལ་འབྱོར་གྱི་རྒྱུད་འདིར་ནི་བདེ་བ་བསྒྲུབ་པ་ཡིན་པས་ནི། དཀའ་ཐུབ་སྡོམ་པ་མི་ཟད་པ། །བསྟེན་པས་འགྲུབ་པར་མི་འགྱུར་གྱི། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པས་ནི་བསྟེན་པས་འགྲུབ། །ཅེས་
གསུངས་ཤིང་། ཕྱི་རོལ་པའི་ལམ་ལས་ལམ་འདི་རྟོགས་པ་མ་ལུས་པ་ཡང་རབ་ཏུ་བདེ་བ་ཡིན་ཏེ། དེ་བས་ན། གང་ཕྱིར་ཁྱོད་ཀྱི་བསྟན་པ་ནི། །བདེ་བས་བདེ་བ་ཐོབ་བགྱིད་པས། །དེ་བས་སྨྲ་བའི་སེང་གེ་ནི། །ཁྱོད་ཀྱི་བསྟན་ལ་མཁས་པ་དགའ། །ཞེས་བསྟོད་པ་བརྗོད་དོ། །བདེ་བ་བསྐྱེད་ནས་ནི་ཞེས་བྱ་བ་ནི། བདེ་བ་
ཆེན་པོའི་བདག་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པར་བྱས་ནས་སོ། །ཇི་ལྟར་དེ་རྣམས་ལ་ཡང་བདེ་བ་གང་ཡིན་པ་མངའ་འམ་ཞེ་ན། བདེ་བ་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་དང་མི་ལྡན་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཇི་སྐད་དུ། འཕགས་པ་སྡོམ་པ་གསུམ་བསྟན་པ་ལས། བདེ་བ་གང་ཞེ་ན། གང་ལ་ཀུན་དུ་

རྟོག་པ་མེད་པ་དེ་བདེ་བའོ། །ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་ཐབས་ལ་མཁས་པའི་དབང་གིས་ལྷ་དང་མིའི་འབྱོར་པ་ལ་ལྷག་པར་ཞེན་པ་ཁ་ཅིག་ནི་དེ་གསལ་བའི་ཕྱིར་དམིགས་པ་དང་བྲལ་བར་བཙུན་མོའི་འཁོར་དང་། གནས་དང་གདན་ལ་སོགས་པའི་བདེ་བ་གྱ་ནོམ་པ་འདི་དག་ལ་མངའ་སྟེ། ཇི་སྐད་དུ། རྣམ་
པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་རྣལ་འབྱོར་གྱི་རྒྱུད་མ་ལུས་པའི་ཆོ་ག་བསྡུས་པ་ལས། གང་དུ་བདེ་ཆེན་རང་བཞིན་རྗེས་ཆགས་པས། །ན་ཆུང་དག་དང་ལྷན་ཅིག་བཞད་མཛད་ཅིང་། །གཡས་ཀྱི་ཕྱག་གིས་རྡོ་རྗེ་གསོར་ནས་སུ། །གཡོན་གྱི་ཕྱག་གིས་དྲིལ་བུ་སྒྲ་སྙན་འཁྲོལ། །ལྷ་མོ་མཐའ་དག་བཙུན་མོར་གྱུར་
པ་ཡིས། །དམ་ཚིག་རྣམས་ཀྱིས་བྱ་བ་བྱས་པར་འགྱུར། །གཅིག་གི་ལག་པས་ཀུན་ནས་འཁྱུད་པ་སྟེ། །གཉིས་པ་རྗེས་སུ་ཆགས་ཕྱིར་བདེ་བའི་མཐུ། །གསུམ་པ་མི་བཟོད་མེ་ཏོག་ཕྲེང་བ་གཏོར། །བཞི་པའི་བདེ་བ་ཡི་ནི་མདའ་ཡང་འཕེན། །ཞེས་གསུངས་ལ། གསང་བ་ཟླ་བའི་ཐིག་ལེ་ལས་ཀྱང་། དེ་ནས་བཅོམ་
ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཀུན་དུ་བདེ་བ་ཆེན་པོ་ཤིན་ཏུ་དགྱེས་པ་གདོན་མི་ཟ་བའི་དམ་ཚིག་རྡོ་རྗེ་འདོད་པའི་དབང་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྣམ་པ་སྣ་ཚོགས་ཀྱི་རོལ་པ་ཆེན་པོས། རབ་ཏུ་རྣམ་པར་རོལ་པ་དང་། སྤྲོ་བ་ཆེན་པོའི་གར་དང་། གླུ་དང་སིལ་སྙན་དང་། གཟུགས་དང་། སྒྲ་དང་།
དྲི་དང་། རོ་དང་། རེག་པའི་བདེ་བ་ཆེན་པོ་བདེ་བར་འཕགས་པར་གྱུར་པ་དང་། རོལ་པ་ལ་སོགས་པའི་རེག་པའི་བདེ་བ་ལ་སྤྱོད་པའི་གང་ཉེ་བར་སྟོན་ཅིང་། རྣམ་པ་སྣ་ཚོགས་ཀྱི་ཚུལ་ཆེན་པོས་འཕགས་པར་གྱུར་པ་དང་། རྣམ་པ་སྣ་ཚོགས་ཀྱིས་གནོན་པ་དང་། རྣམ་པ་སྣ་ཚོགས་ཀྱིས་འཁྱུད་པ་དང་རྣམ་པ་སྣ་ཚོགས་
ཀྱི་སྤྲོ་བ་དང་། རྣམ་པ་སྣ་ཚོགས་ཀྱིས་གར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་ཟ་བར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་ཀུན་དུ་འཇིག་པར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་ཀུན་དུ་མཛེས་པར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་ཟློག་པར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་ཟློས་པར་བྱེད་པ་དང་། རྣམ་པ་སྣ་
ཚོགས་ཀྱིས་མྱོང་བར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་འགྱུར་བར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་འཕྲོད་པར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་བརྩོན་པར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་ཀུན་དུ་རྒྱས་འདེབས་པར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་སྣ་ཚོགས་ཆེན་པོ་ཤིན་ཏུ་དགྱེས་པའི་བདེ་བ་

ཉམས་པར་སྟོབས་ཤིང་རེག་པའི་རོའི་བཅུད་ཀྱིས་བསྐལ་པ་བརྒྱ་སྟོང་མང་པོ་བྱེ་བ་ཕྲག་བརྒྱ་སྟོང་ཚད་མེད་པར་ནམ་མཁའི་དབྱིངས་ཀྱི་རྡུལ་ཕྲན་ལས་འདས་པ་དང་། མཉམ་པར་འཇུག་པས་ཉེ་བར་གནས་ཤིང་འཚོ་སྐྱོང་སྟེ་ཞེས་གསུངས་ལ། ཡང་དེ་ཉིད་ལས། དེ་ནས་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱང་བཞེངས་ནས། བརྗོད་པའི་རྡོ་རྗེ་གར་གྱིས་མཆོད་ཅིང་གླུ་དང་། སིལ་སྙན་དང་། གླིང་བུ་དང་། པི་ཝང་དང་། རྫ་རྔ་དང་། བརྟུན་པ་དང་། པ་ན་པ་དང་། བལ་ལ་རི་དང་། ཞི་བའི་ཐལ་མོ་ལ་སོགས་པ་དང་། རྣམ་པ་སྣ་ཚོགས་ཀྱི་ཀུན་དུ་བརྡུང་བ་དང་། སིལ་སྙན་སྣ་ཚོགས་པའི་རྣམ་པར་རོལ་པས་
ལྷའི་རོ་དང་བཅུད་ཀྱི་ཟས་དང་། བཟའ་བ་དང་། བཅའ་བ་དང་། བཏུང་བ་དང་། བཞོན་པ་དང་། སྟན་དང་། གོས་དང་། བལྡག་པ་དང་། གཞིབ་པ་དང་། མྱང་བ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱིས། བཅོམ་ལྡན་འདས་བདེ་བ་ཆེན་པོ་དཔལ་རྡོ་རྗེ་འཛིན་པ་ལ་བསྟབས་ནས་ཞེས་གསུངས་ཏེ། འོད་ཀྱང་འདི་ལྟ་བུ་ལ་སོགས་པ་
ནི་ཐུགས་རྗེའི་དབང་གིས་གསུངས་པ་ཁོ་ནར་ཟད་ཀྱི་སྒྲ་ཇི་བཞིན་པ་མ་ཡིན་ཏེ། གང་གིས་ང་ལ་སྒྲར་ཤེས་ཤིང་། །གང་གིས་ང་ལ་གཟུགས་སུ་མཐོང་། །ལོག་པར་སྤོང་ལ་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་བལྟ། །ཆོས་ཉིད་ཤེས་པར་བྱ་
མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་ཏེ། རབ་ཏུ་སྤྲོ་བས་ཆོག་གོ། །དཀྱིལ་འཁོར་བཞི་ཡི་ཞེས་བྱ་བ་ནི། རེའུ་ཆ་དབུས་མ་བཞིའི་འོ། །དབུས་སུ་ནི་ཞེས་བྱ་བ་ནི། རེའུ་ཆ་དབུས་མའི་པདྨའི་སྟེང་དུའོ། །སྙིང་གར་ཧཱུཾ་ཞེས་བྱ་བ་བསམས་ན་ཞེས་བྱ་བ་ནི། ཟླ་བའི་དབུས་སུ་ཧཱུཾ་དང་མཐའ་མར་སྔོན་གྱི་སྔགས་
ཀྱིས་བསྐོར་བ་ལྷ་དང་མཐུན་པའི་ཡིག་འབྲུའི་འོད་ཟེར་སྤྲོ་བ་དང་བསྡུ་བར་བྱའོ། །ཧཱུཾ་ལས་སངས་རྒྱས་གཟུགས་གྱུར་ནས། །ཞེས་བྱ་བ་ནི། ཕྱག་ན་རྡོ་རྗེ་ཚེ་དཔག་ཏུ་མེད་པར་རོ། །སྙིང་གར་འཁོར་ལོ་རབ་བསྒོམས་ན། །ཞེས་བྱ་བ་ནི། ཡི་གེའི་འཁོར་ལོ་ཟླ་བ་ལ་གནས་པ་ཅི་རིགས་པར་རོ། །རྡོ་རྗེ་ཁྲོ་བོར་རབ་བསྒོམས་ཏེ། །ཞེས་
བྱ་བ་ནི། ཕྱག་ན་རྡོ་རྗེ་ཁམས་གསུམ་རྣམ་པར་རྒྱལ་བ་སྟེ། འོག་ནས་ཁྲོ་བོ་སྟོབས་ཆེན་ཞེས་སྨོས་པ་ཡང་དེ་ཉིད་དོ། །སྙིང་གའི་དབུས་སུ་ཞེས་བྱ་བ་ནི། ཉི་མའི་དཀྱིལ་འཁོར་དམར་པོ་ལའོ། །ཕཊ་ཅེས་བྱ་ཞེས་བྱ་བ་ནི་ནག་པོ་ཉིད་དོ། །ཧཱུཾ་ཞེས་བྱ་བས་བསྐོར་བསམས་ན། །ཞེས་བྱ་བ་ནི། ཨོཾ་བཛྲ་དུཾ་ཧཱུཾ་ཧཱུཾ་ཞེས་བྱ་བ་རྣམས་ཀྱིས་སོ། །དེ་

ལྟར་གཙོ་བོ་བཞིའི་ཚུལ་བསྟན་ནས། ད་ནི་མེ་ཏོག་ལྷུང་བའི་དབང་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡང་དཀྱིལ་འཁོར་གྱི་བདག་པོར་གྱུར་པ་སྲིད་པས་དེ་དག་གི་དབང་དུ་བྱས་ཏེ། རྡོ་རྗེ་བརྟན་པར་བདག་བསྐུར་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བརྟན་པ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །བདག་ཅེས་བྱ་
བ་ནི་བདག་གི་དེ་ཁོ་ནའོ། །བསྒྱུར་ལ་ཞེས་བྱ་བ་ནི། ལྷའི་དེ་ཁོ་ནས་སོ། །སྙིང་གར་ཧཱུཾ་ཞེས་བྱ་བ་ནི། །སྙིང་གའི་ཟླ་བ་ལའོ། །བསྐོར་བ་ཡིས་ཞེས་བྱ་བ་ནི། ཨོཾ་ཧཱུཾ་བཛྲ་ཧཱུཾ་ཕཊ་ཅེས་པས་སོ། །ཨོཾ་དང་ཏྲཾ་ལྡན་པར་ཞེས་བྱ་བ་འདིར་ཏྲཾ་ནི་དབུས་སུ་ཡིན་ལ། ཨོཾ་དང་པོར་བྱ་སྟེ། ཎི་ཥ་བཛྲ་ཧཱུཾ་ཕཊ་ཅེས་བྱ་བ་ནི། མཐའ་སྐོར་
དུའོ། །དེ་བཞིན་དུ་དང་པོར་ཚིག་རྐང་དང་པོ་དྲང་བར་བྱའོ། །རྡོ་རྗེ་བསྒོམས་ལ་ཞེས་བྱ་བ་ནི་རྡོ་རྗེ་ཆོས་སུ་བསྒོམས་ལའོ། །སྙིང་གི་དབུས་སུ་ནི་ཞེས་བྱ་བ་ནི། སྙིང་གའི་ཟླ་བ་དམར་པོ་ལའོ། །ཧཾ་ས་ཞེས་བྱ་བ་ནི་དབུས་སུའོ། །ཨོཾ་ཞེས་བྱ་བས་བསྐོར་བསམས་ན། །ཞེས་བྱ་བ་ནི། ཨོཾ་བཛྲ་ཧྲི་ས་ཞེས་མཐའ་སྐོར་དུའོ། །
རྡོ་རྗེ་ལས་སུ་བདག་བསྒྱུར་ལ། །ཞེས་ལྷག་པར་དྲང་སྟེ། འཁོར་ལོ་ཞེས་བྱ་བ་ནི། ཡི་གེའི་འཁོར་ལོ་བསྒོམ་མོ། །ཅི་ཟླ་བ་འབའ་ཞིག་ལའམ་ཞེ་ན། དེའི་ཕྱིར་རྒྱ་གྲམ་ཞེས་བྱ་བ་སྨོས་ཏེ། སྙིང་གར་ཟླ་བ་ལ་སྣ་ཚོགས་རྡོ་རྗེ་གནས་པའི་ལྟེ་བ་ལའོ། །དེར་ཡི་གེའི་འཁོར་ལོ་གང་དག་ཅེ་ན། དེའི་ཕྱིར་ཧཱུཾ་ལྡན་པར་ཞེས་སྨོས་ཏེ་
དབུས་སུའོ། །ཚིག་དང་པོ་ལྷག་པར་དྲངས་པ་དེའི་ས་བོན་གང་ཞེ་ན། དེ་བསྟན་པའི་ཕྱིར། ཨ་ཞེས་བྱ་བས་བསྐྱེད་ནས་ཀྱང་། །ཞེས་བྱ་བ་སྨོས་ཏེ། ཨ་ཐུང་ངུ་མདོག་སྣ་ཚོགས་ལས་སོ། །ཨོཾ་ཞེས་བྱ་བས་བསྐོར་བར་བསམ། །ཞེས་བྱ་བ་ནི། ཨོཾ་བཛྲ་ཧཱུཾ་ཨ་ཞེས་བྱ་བ་ཁ་དོག་སྣ་ཚོགས་པས་སོ། །འདིར་ཡི་གེ་རྣམས་
ནི་རྡོ་ལེབ་ཀྱི་ངོས་འཇོམ་པོ་ལ་ཆུའི་ཆུ་བུར་ཆགས་པ་ལྟར་དང་ཞིང་འབུར་དུ་དོད་པར་བསྒོམ་མོ། །སློབ་དཔོན་ཁ་ཅིག་ན་རེ། ཡི་གེ་རྣམས་ནི་གསེར་གྱི་ཤོག་བུ་ལས་བཻ་ཌཱུརྱ་ལ་སོགས་པ་བརྡར་བས་བྲིས་པ་ལྟར་བསྒོམས་པ་ནི་ལུང་དང་མཐུན་པའོ་ཞེས་ཟེར་ཏེ། འདི་ནི་མིང་གི་དབྱེ་བར་ཟད་དོ། །དེ་དག་ནི་ཏིང་ངེ་འཛིན་འབའ་ཞིག་
གི་ལས་སོ། །ད་ནི་སྦྱོར་བ་གཞན་བཤད་པ། རྡོ་རྗེ་སེམས་དཔའ་བདག་བསྒྱུར་ལ། །ཞེས་བྱ་བ་ནས་བརྩམས་ཏེ། སྡིག་ཅན་སེམས་ནི་ཞི་བྱེད་འགྱུར། །ཞེས་བྱ་བའི་བར་གྱིས་ནི་དཀྱིལ་འཁོར་གྱི་གཙོ་བོ་གསུམ་གྱིས་ཞི་བའི་ལས་བྱ་བར་བསྟན་ལ། གསེར་འོད་མཛེས་ཤིང་ཞེས་བྱ་བ་ནས། འོད་ཀྱིས་ལུས་ལ་རབ་ཏུ་དགང་། །ཞེས་

བྱ་བའི་བར་གྱིས་ནི་རྡོ་རྗེ་རིན་ཆེན་གྱིས་རྒྱས་པར་བྱ་བར་སྟོན་ཅིང་། རྣལ་འབྱོར་ལྡན་པ་ཐབ་ཁུང་ནི། །ཞེས་བྱ་བ་ནས། དགའ་དང་ཉེ་བའི་ཉི་མའི་མཐར། །སེམས་ཅན་རྣམས་ནི་དབང་དུ་བྱ། །ཞེས་བྱ་བ་ནི། རྡོ་རྗེ་ཆོས་ཀྱི་དབང་དུ་བྱ་བའི་ལས་བསྟན་ཏོ། །ད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཅུ་དྲུག་གི་ལས་
གང་དག་ཡིན་པར་བསྟན་པའི་ཕྱིར། འདྲེན་པ་ཀུན་དུ་བཟང་པོ་ཡིས། །ཞི་བའི་ལས་ནི་རབ་ཏུ་བྱ། །ཞེས་བྱ་བ་ནས། རྡོ་རྗེ་བསྡམས་པ་བཅིང་བར་མཛད། །ཅེས་བྱ་བའི་བར་དུ་སྨོས་ཏེ། དེ་ལ་རྡོ་རྗེ་སེམས་དཔའ་ནི་ཀུན་དུ་བཟང་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་བདག་ཉིད་ཡིན་པའི་ཕྱིར་
རོ། །འདིས་ནི་རྡོ་རྗེ་རྒྱལ་པོ་ལ་སོགས་པ་གསུམ་ཡང་མཚོན་པ་སྟེ། འདི་དག་གིས་ནི་ཞི་བའི་ལས་བྱའོ། །ཡང་ན་རྡོ་རྗེ་ལྕགས་ཀྱུས་ནི་དགུག་པའི་ལས་བྱ་ཞིང་། རྡོ་རྗེ་ཆོས་དང་ཆ་མཐུན་པས་དེས་དྲངས་ལ། རྡོ་རྗེ་མདའ་ནི་རྡོ་རྗེ་རལ་གྲི་དང་ཆོས་མཐུན་པར་དེར་དྲང་ཞིང་། རྡོ་རྗེ་ལེགས་པ་ཡང་མགུ་ཞིང་དགའ་བ་
ཆགས་པའི་ངོ་བོ་ཡིན་པས་རྡོ་རྗེ་ཆོས་ཀྱིས་དྲངས་པའོ། །རིགས་ལྷག་མའི་སེམས་དཔའ་ཆེན་པོ་རྣམས་ནི་རང་རང་གི་ལས་ལ་གོ་རིམས་བཞིན་དུ་སྦྱར་ཏེ། སྦྱིན་སྲེག་དང་བཟླས་པའི་ཆོ་ག་ལ་ཇི་ལྟར་འདོད་པར་སྦྱར་རོ། །ཚིག་གི་དོན་རྣམས་དང་ལྷག་མ་རྣམས་ནི་གོ་བར་ཟད་དོ། །ད་ནི་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་
སོགས་པས་རྩ་བ་དང་ཕྱི་མའི་རྒྱུད་དུ་མ་གསུངས་པའོ། །ཕྱག་རྒྱ་རྣམས་སྟོན་ཏེ་ལག་པ་གཉིས་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །འདིར་ཕྱག་རྒྱ་དང་པོ་ནི་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའོ། །གཉིས་པ་ནི་འཕགས་པ་ནམ་མཁའི་སྙིང་པོ་སྟེ། མཛུབ་མོ་དང་གུང་མོ་དང་། སྲིན་ལག་རྩེ་སྤྲད་པ་
ལས་མཐེའུ་ཆུང་དང་མཐེ་བོང་བཀུག་པ་རལ་གྲིའོ། །གསུམ་པ་ནི་ཕྱག་ན་རྡོ་རྗེ་དང་རྡོ་རྗེ་ཁྲོ་བོའི་སྟེ། གུང་མོ་གཉིས་བསྒྲེང་སྟེ། སྲིན་ལག་གཉིས་མཐིལ་དུ་བཀུག་པ་ལས་མཐེའུ་ཆུང་དང་མཐེ་བོང་བསྒྲེང་བའོ། །བཞི་པ་ནི་ཕྱག་ན་པདྨའོ། །དེ་ཉིད་གཉིས་སུ་བྱས་ན་ལས་ཀྱིའོ་ཞེས་བྱ་བ་ནི། མཚན་ཉིད་གཉིས་
སུ་བརྟག་པ་ཉིད་གཉིས་སུ་བྱས་པ་སྟེ་དམ་ཚིག་དང་ལས་སོ། །གཡོན་པ་མགོ་ཐོད་ཐོགས་འདྲ་དང་། །ཞེས་བྱ་བ་ནི་ལྷ་ཆེན་པོའོ། །གཡས་པ་མདུང་རྩེ་ཞེས་བྱ་བ་ནི་སྨིན་དྲུག་གི་བུའིའོ། །རྩེ་གསུམ་པ་ཞེས་བྱ་བ་ནི་དབང་ལྡན་གྱི་སྟེ་ཡང་ན་དགྲ་སྟར་བྱའོ། །གཡོན་པ་པདྨ་ཞེས་བྱ་བ་ལ་སོགས་པ་ནི་ཚངས་པའོ། །

གཡོན་པ་འཁོར་ལོ་ཞེས་བྱ་བ་ནི་ཁྱབ་འཇུག་གིའོ། །དབྱུག་ཏོ་ཞེས་བྱ་བ་ནི་གཤིན་རྗེ་དང་ལུས་ངན་གྱི་སྟེ། ཅུང་ཟད་དུ་གཤིན་རྗེ་ནི་ཐོད་པས་མཚན་པ་ལ་ལུས་ངན་གྱི་རིན་ཆེན་མཚན་པའོ། །རྩེ་གསུམ་ཞེས་བྱ་བ་ནི། སྟོབས་བཟངས་ཀྱིའོ། །ཨ་དང་ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་དབང་པོའིའོ། །ཧཱུཾ་དང་ཨོཾ་ཞེས་བྱ་བ་ལ་
སོགས་པ་ནི་འདོད་པའི་ལྷའི་ཕྱག་རྒྱའོ། །འདི་དག་ནི་ལྷ་ཆེན་པོ་དང་འཇིགས་བྱེད་རྣམས་ཐུན་མོང་དུ་བྱ་བའི་ཕྱག་རྒྱའོ། །ལག་པ་གཡས་པ་འཁོར་ལོར་བྱ་བ་ནི་ཉི་མའིའོ། །གཡོན་པ་འཁོར་ལོར་བྱ་བ་ནི་ཟླ་བའིའོ། །ཐལ་མོ་དམ་སྦྱར་སོར་མོ་འཕྲོ། །ཞེས་བྱ་བ་ནི་མིག་དམར་གྱི་ཕྱག་རྒྱའོ། །གཟའ་ལག་གི་ནི་ལག་
པ་གཉིས་ཀ་སེ་གོལ་གཏོགས་པའོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་ཕུར་བུའིའོ། །པ་བ་སངས་དང་སྤེན་པ་ནི་གོ་སླ་སྟེ། བན་གླང་སྣ་ནི་སྒྲ་གཅན་ནོ། །རྒྱུ་སྐར་རྣམས་ཀྱི་ནི་ལག་པ་གཡས་པ་སྟེང་དུ་ཕྱུང་བ་ལས། གཉི་ག་བཀན་ཏེ་བསྣོལ་ལ་སོར་མོ་བཅུ་བསྡུ་ཞིང་སྤྲོས་པས་མེ་སྟག་འཕྲོ་བ་འདྲ་བའོ། །ཕྱག་
རྒྱ་དེ་ཉིད་མྱུར་དུ་ཡན་མན་དུ་བསྐོར་ན་ལྟོ་འཕྱེ་ཆེན་པོ་རྣམས་ཀྱི་ཕྱག་རྒྱ་སྟེ། གློག་གི་ཕྲེང་བའོ། །དེ་ཉིད་ཕྲལ་ཏེ་གཡས་པ་སླར་གཞག་ཅིང་གཡོན་པ་འོག་ཏུ་གཞག་པ་ནི་དགའ་བོ་དང་ཉེ་དགའ་བོའི་སྤྲིན་གྱི་ཕྱག་རྒྱའོ། །འདི་དག་ཉིད་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་ལྟར་གཅིག་ཉིད་ལ་མཚན་ཉིད་གཉིས་སུ་བརྟག་
པའོ། །དེ་བས་ན་རྒྱུད་འདིར་ནི་དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་དག་ཐ་མི་དད་དོ་ཞེས་བདག་གིས་སྔར་སྨྲས་ཟིན་ཏོ། །སྲིན་ལག་རྩ་བ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ཚེ་དཔག་ཏུ་མེད་པའི་ཕྱག་རྒྱའོ། །ནམ་མཁའི་སྙིང་པོ་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་ནོ། །པདྨ་ལས་བྱུང་བ་ཞེས་བྱ་བ་ནི་རྡོ་རྗེ་ཆོས་སོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་
བ་ནི་བདག་པོར་གནས་པ་དང་སེམས་དཔའ་དང་པོའི་གཉི་ག་གཟུང་ངོ་། །བདེ་བ་ཆེན་པོ་དང་ཀུན་དུ་བཟང་པོ་ནི་གོ་སླའོ། །ཁྲོ་བོ་སྣ་ཚོགས་ཀྱི་ཕྱག་རྒྱ་གཟི་ཅན་ནོ་ཞེས་བྱ་བ་ནི་ཕྱག་རྒྱ་གཅིག་པོ་དེ་ཉིད་ཀྱིས་ཁྲོ་བོ་མེ་ཉི་མའི་དཀྱིལ་འཁོར་གྱི་ཁྲོ་བོ་སྣ་ཚོགས་པའི་ཕྱག་རྒྱར་བྱ་བའོ། །བསྡམས་པའོ་ཞེས་བྱ་བ་ལ་སོགས་པས་
ནི་སེམས་དཔའ་ལྷག་མ་རྣམས་ནི་ཕྱག་རྒྱ་བསྟན་ཏེ་གོ་སླའོ། །ཅུང་ཟད་དུ་པདྨའི་འོ་ཞེས་བྱ་བ་ནི། ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་དུ་སངས་རྒྱས་ཚེ་མཐའ་ཡས་ཀྱི་ཕྱག་རྒྱ་ནི་སྔར་པདྨ་ལས་བྱུང་ཞེས་བྱ་བས་བསྟན་ཞིང་རིགས་ལྷག་མ་གསུམ་གྱི་ནི་སྔར་རྩ་བའི་རྒྱུད་ཀྱི་དང་འདྲ་ལ་འདི་ནི་སེམས་དཔའ་རྡོ་རྗེ་ཆོས་ཀྱི་ཕྱག་

རྒྱའོ། །མདོར་ན་ཞེས་བྱ་བ་ལ་སོགས་པ་ནི་འདི་ཡང་དམ་ཚིག་གི་ཕྱག་རྒྱ་ཉིད་ལས་ཀྱི་ཕྱག་རྒྱར་བསྟན་པའོ། །བསྡུས་བཏུད་སྦྲུལ་མགོར་འགྱུར་ཞེས་བྱ་བ་ནི་ལག་པ་གཡོན་པའི་ཐལ་མོའི་རྒྱབ་ཏུ་གཡས་པའི་ཐལ་མོ་ལྟོ་སྦྱར་ལ། སོར་མོ་རྣམས་རེག་པར་བཀྱེད་ཅིང་རྩེ་མོ་ཅུང་ཟད་དགུག་པར་བྱ་བ་སྟེ། ཀླུ་རྣམས་
སམ་གསང་བའིའོ། །མཆེ་བ་འདྲ་ཞེས་བྱ་བ་ནི་སོར་མོ་བསྣོལ་བའི་སྙིམ་པ་ལས་མཛུབ་མོ་གཉིས་མཆེ་བ་ལྟར་བརྐྱང་བའོ། །ཁྲག་འཕྲོག་པ་ཞེས་བྱ་བ་ནི། སོར་མོའི་རྩེ་མོ་བསྣོལ་བའི་སྙིམ་པས་མཐེ་བོང་གཉིས་བཟུང་སྟེ་མཐེ་བོང་གཉིས་གཤིབས་པའོ། །ལག་པས་བསྐོར་བ་ཞེས་བྱ་བ་ནི་ལག་པ་གཉིས་ཀྱི་ཐལ་མོ་ཐ་
དད་པར་ཐད་ཀར་བརྐྱང་ལ་བསྐྱོད་པ་སྟེ། རླུང་གི་ཞེས་བྱ་བ་ནི་རླུང་ལྷ་མ་ལུས་པའིའོ། །དབྱུག་ཏོར་ལྡན་པ་ཞེས་བྱ་བ་ནི་ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་ཕྱར་བའམ་དེའི་ཡང་མཐེ་བོང་བསྒྲེང་བ་ནི་གནོད་སྦྱིན་ནོ་ཞེས་བྱ་བ་ནི་ཕྱོགས་ཀྱི་བདག་པོ་ལུས་ངན་གྱིའོ། །བུམ་པ་གཞག་པ་ཞེས་བྱ་བ་ནི་མཐེ་བོང་དང་མཐེའུ་ཆུང་
བཞི་བསྣོལ་ལ་སོར་མོ་ལྷག་མ་དྲུག་རྩེ་སྤྲད་དེ་བསྒྲེང་བའོ། །ནོར་གྱི་སྟེ་ཞེས་བྱ་བ་ནི་བདག་གི་སྟེ། དེ་བས་ན་སྔར་མཆེ་བའི་ཕྱག་རྒྱ་སྨོས་པའི་སྐབས་སུ་གསེར་གྱི་བུམ་པ་སྦྱར་དུ་ཡང་རུང་ངོ་། །མཐེ་བོང་ནེའུ་ལེའི་རྣ་འདྲར་བྱ། །ཞེས་བྱ་བ་ནི་མཐེའུ་ཆུང་དང་མཐེའུ་ཆུང་བསྣོལ་ཏེ་སོར་མོ་ལྷག་མ་རྣམས་གཤིབས་ལ་
བསྒྲེང་། མཐེ་བོ་གཉིས་སོར་མོ་ཕྲལ་ཏེ་བསྐུལ་བ་འདི་ནི་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་ཕྱག་རྒྱ་སྟེ། ཁ་ཅིག་ནི་རྡོ་རྗེ་བསྡམས་པ་ལས་མཐེ་བོ་གཉིས་ཐ་དད་དུ་བརྐྱང་བར་རྟ