Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 66

Văn bản gốc(Tây Tạng)

Trang 8 / 22 (50.000 ký tự/trang)
་ལ། །འདི་རྣམས་རང་གི་ངོ་བོ་ནི། །ཁོ་བོས་སྔར་ནི་བསྟན་ཟིན་ཏོ། །འོན་ཀྱང་འདི་ཡི་ཁྱད་པར་ནི། །ད་ནི་རབ་ཏུ་བཤད་པར་བྱ། །མདའ་དང་གཞུ་ནི་འགེངས་པ་དང་། །རྣམ་རྒྱལ་ཕྱག་རྒྱ་རྡོར་དྲིལ་དང་། །རལ་
གྲི་རྡོ་རྗེ་ཞགས་པ་དང་། །ལྕགས་ཀྱུ་དང་ནི་ལྕགས་སྒྲོག་བསྣམས། །ལྷ་ཆེན་ཨུ་མ་མནན་པ་ནི། །རྡོ་རྗེ་ཧཱུཾ་མཛད་ཅེས་བརྗོད་དོ། །འདི་ཡི་རིན་ཆེན་ཧཱུཾ་མཛད་ནི། །ཕྱག་དྲུག་རྣམ་རྒྱལ་ཕྱག་རྒྱ་མེད། །ཞལ་དྲུག་ཞལ་ནི་རེ་རེ་ལ། །སྤྱན་ནི་གསུམ་གསུམ་ལྡན་
པའོ། །འདི་ཡི་པདྨའི་ཧཱུཾ་མཛད་ནི། །མཆེ་གཙིགས་ཧ་ལ་ཧ་ལར་ལྡན། །འདི་ཡི་ལས་ཀྱི་ཧཱུཾ་མཛད་ནི། །རྣམ་རྒྱལ་རང་གི་ཕྱག་རྒྱར་ལྡན། །ལྕགས་ཀྱུ་ཞགས་པ་རལ་གྲི་དང་། །གཏུན་ཤིང་ལྷག་མ་ཕྱག་ན་བསྣམས། །གང་ཡང་རྡོ་རྗེ་རིན་ཆེན་ནི། །འཁོར་ལོས་
སྒྱུར་བར་འདོད་པ་ལ། །སེར་པོ་རིན་ཆེན་གྱིས་མཚན་པ། །ཀུན་ཀྱང་རིན་ཆེན་ཅོད་པན་ཅན། །དེ་ལ་རྣམ་སྣང་སྔར་བཤད་བཞིན། །དོན་ཀུན་གྲུབ་པ་མི་བསྐྱོད་པ། །རྡོ་རྗེ་བསྣམས་ནས་ས་གནོན་ནོ། །རིན་ཆེན་གཙུག་ཕུད་སྔ་མ་བཞིན། །རིན་ཆེན་པདྨ་སྐུ་མདོག་སེར། །
པདྨའི་ཕྱག་རྒྱས་ལྡན་པ་དང་། །ལཾ་ལས་བྱུང་བའི་ས་བོན་ནི། །དཀྱིལ་འཁོར་གྲུ་བཞི་པདྨ་ལ། །གཡས་པ་བཀོད་ནས་གཡོན་པ་ལ། །བསམ་གཏན་དང་པོའི་བར་དུ་གནོན། །རིན་ཆེན་དོན་ཡོད་དོན་ཡོད་དོ། །རྡོ་རྗེའི་ཚིག་ནི་ཐམས་ཅད་ལ། །རང་མིང་རིན་ཆེན་
སྒྲ་དང་ནི། །ཡང་དག་ལྡན་པའི་སྐུ་ཡིན་ནོ། །རིན་ཆེན་རྡོ་རྗེའི་རྡོར་ཚིག་ལ། །ཁྲོ་གཉེར་ལྡན་པར་ཤེས་པར་བྱ། །གཡོན་པས་རྡོ་རྗེ་གནོན་པ་དང་། །གཡས་པས་འདོད་པ་གནོན་པའོ། །རྡོ་རྗེ་རིན་ཆེན་ཉི་མ་འོད། །རིན་ཆེན་དཔལ་ནི་རྒྱལ་མཚན་བརྗོད། །གང་ཡང་
པདྨ་གར་དབང་ཕྱུག །འཁོར་ལོས་སྒྱུར་བར་འདོད་པ་ལ། །རྡོ་རྗེའི་གནས་སུ་པདྨའི་ཚིག །ལྷ་གཞན་ཀུན་ལ་ཤེས་པར་བྱ། །དེ་བཞིན་གཤེགས་ལ་པདྨའི་ཚིག །སྔོན་སོང་རྣམ་པར་སྣང་མཛད་བརྗོད། །རིན་ཆེན་རིན་ཆེན་གཙུག་ཕུད་དང་། །པདྨ་གར་གྱི་དབང་ལ་

ཡང་། །ཏིང་འཛིན་སྒྲ་ཡི་སྔོན་དུ་ནི། །པདྨ་ཞེས་ནི་བརྗོད་པ་ཡིན། །པདྨ་ངེས་པའི་དབང་ཕྱུག་ནི། །པདྨའི་དོན་ཡོད་གྲུབ་པ་ཡིན། །གཞན་གྱི་ཁྱད་པར་འདི་དག་ཀྱང་། །ནོར་བུས་བྱས་པའི་རིན་པོ་ཆེ། །ཉི་མ་ཉི་མའི་གཟུགས་འཛིན་པ། །དཔལ་ནི་ཟླ་བའི་
ངང་པ་ལས། །གནས་པ་ཀུ་མུ་ཏ་ལ་ནི། །ཟླ་བས་མཚན་པའི་གདུགས་བསྣམས་པའོ། །བཞད་པ་ལ་ནི་ཞལ་བཅུ་གཅིག །པདྨའི་སྒྲོལ་མ་བརྒྱ་བྱིན་མདོག །པདྨའི་འཁོར་ལོ་ཁྱབ་འཇུག་འདྲ། །སྨྲ་བ་ཚངས་པའི་རྗེས་སུ་བྱེད། །ལས་ནི་གཞོན་ནུ་ལྟ་བུ་སྟེ། །དེ་ལས་
གཞན་པ་ཁྱད་པར་མེད། །རྟ་མཆོག་གསུམ་གྱི་བདག་ཉིད་དམ། །རྣམ་པ་ལྔའམ་རྣམ་པ་གཅིག །སྔོན་པོ་གསུམ་གྱི་བདག་ཉིད་ནི། །རལ་གྲི་མདའ་གཞུ་ཨུཏྤལ་བསྣམས། །འདི་ཡི་ལྷ་མོ་གཉིས་པོ་ནི། །གཡས་ན་སྣ་ཚོགས་རྡོ་རྗེ་བསྣམས། །དེ་ལ་གཙང་མ་
སྐུ་མདོག་དཀར། །པདྨ་སྔོན་པོས་རྣམ་པར་མཛེས། །དག་མ་པདྨ་རཱ་གའི་མདོག །པདྨ་དམར་པོས་རྣམ་པར་མཛེས། །འདི་ཡི་ནང་གི་སྐྱེ་མཆེད་རྣམས། །ས་སྙིང་ལ་སོགས་བྱིན་གྱིས་རློབས། །ཕྱི་ཡི་སྐྱེ་མཆེད་རྣམས་ལ་ནི། །གཟུགས་རྡོ་རྗེ་སོགས་བྱིན་བརླབས་
པའོ། །གཡོན་པས་འདོད་པའི་འཇིག་རྟེན་གནོན། །གཡས་པས་མནན་པ་བསམ་གཏན་ཡིན། །རྟ་སྐད་འཚེར་བ་ཕྱོགས་ཀྱི་ཞལ། །བསམ་གཏན་དང་པོའི་བར་དུ་རེག །ལྔ་ཡི་བདག་ཉིད་སྔ་མ་བཞིན། །ཡང་ན་འོད་དཔག་མེད་པ་བཞིན། །པུསྟི་དང་ནི་རལ་གྲི་དང་། །
མདའ་གཞུ་བསྣམས་པ་ཡིད་འཕྲོག་པའོ། །ཚངས་པ་བརྒྱ་བྱིན་ཁྱབ་འཇུག་ནི། །པ་བ་སངས་དང་སྐར་མའི་དགྲ། །ཞབས་ཀྱིས་པདྨ་བསྐོར་བ་ཡིས། །གྲོང་ཁྱེར་སུམ་རྩེག་པ་གནོན་པ། །འཕྲོག་པའི་ལྷ་མོ་རྣམས་ཀྱང་ནི། །འདི་དག་འཁྱུད་ནས་བཞུགས་པའོ། །རྟ་ཡི་
གདོང་ཅན་ཐམས་ཅད་ཀྱང་། །འཁོར་ཀུན་ཡོངས་སུ་ཤེས་པར་བྱ། །དེ་ལྟར་ཟླ་གཅིག་ཟླ་དྲུག་གམ། །ལོ་གཅིག་མཚན་མ་ཐོབ་པར་དུ། །དེ་སྲིད་བསྙེན་པ་བྱས་ནས་ནི། །དཀྱིལ་འཁོར་ལས་ལ་འཇུག་པར་བྱ། །གཙུག་ལག་ཁང་ལ་སོགས་པ་ཡི། །ཡིད་དུ་འོང་བའི་ས་

ཕྱོགས་སུ། །ཚད་ལྡན་ཚ་སྒོ་མེད་པར་ནི། །དཀྱིལ་འཁོར་དམ་པ་བྲི་བར་བྱ། །རྒྱལ་པོས་ཁྲུ་ནི་བརྒྱ་ལྔ་བཅུ། །བློན་པོ་ཆེན་པོས་ཉི་ཤུ་ལྔ། །ཚོང་དཔོན་དེད་དཔོན་ཉི་ཤུའམ་ཕྱེད། །སྒྲུབ་པོས་བཅུ་གཉིས་སམ་དེའི་ཕྱེད། །དེར་ནི་མངོན་སྤྱོད་སྦྱིན་སྲེག་
དང་། །ཞི་བ་ཡི་ནི་སྦྱིན་སྲེག་དག །བྱས་ནས་ས་ནི་སྦྱང་བར་བྱ། །ཡོངས་སུ་གཟུང་བར་བྱ་བ་ཡིན། །དེར་ནི་དཀྱིལ་འཁོར་ཡོངས་སྤྲུལ་ནས། །གོང་དུ་ཇི་སྐད་བཤད་པ་བཞིན། །ཕྱག་འཚལ་ལ་སོགས་སྔོན་སོང་ནས། །མཆོད་པ་ཡོངས་སུ་རྒྱས་པར་བྱ། །དེ་ནས་
སྒྲུབ་པའི་གྲོགས་མཆོག་གིས། །མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ནས། །ས་ཡི་ལྷ་མོ་སྤྱན་དྲངས་ལ། །སྣ་ཚོགས་མཆོད་པས་མཆོད་ནས་ནི། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་
ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱའི་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །མིག་གཉིས་ཉི་ཟླ་རྐང་མཐིལ་ནི། །རྡོ་རྗེ་རྒྱ་གྲམ་བྱིན་བརླབས་ནས། །ཞལ་ནས་ཧཱུཾ་གི་སྒྲ་སྒྲོགས་ཤིང་། །
ཡོངས་སུ་བསྐྱོད་པའི་ཚུལ་གྱིས་ནི། །ཕྱོགས་རྣམས་རྡོ་རྗེའི་ས་གཞི་དང་། །རྡོ་རྗེ་ར་བ་དྲ་བ་བསམ། །ལག་གཉིས་རྡོ་རྗེ་དྲིལ་ལྡན་དང་། །གཡས་པ་རྡོ་རྗེ་བསྣུན་པ་ཡི། །ཚུལ་གྱིས་བགེགས་ལ་བཀའ་བསྒོ་དང་། །ཕུར་བུས་བཏབ་པ་ལ་སོགས་བྱ། །དེ་ནས་དེ་ཉིད་དྲིས་
བྱུགས་ལ། །ལྷ་ཡི་གནས་སུ་ཙནྡན་ལ། །སོགས་པའི་དྲི་ཡི་ཐིག་ལེ་དང་། །མེ་ཏོག་སྣ་ཚོགས་དགྲམ་པར་བྱ། །དེ་རྗེས་ནམ་མཁའ་ལ་གནས་པ། །དཀྱིལ་འཁོར་ལྷ་རྣམས་བཀུག་ནས་ནི། །མཆོད་པ་ལྔ་དང་བརྒྱད་རྣམས་ཀྱང་། །མཆོད་ནས་འདི་ལྟར་བརྗོད་པར་
བྱ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ལ་བརྩེ་བར་གྱུར་ནས་ནི། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བ་མཛད་པར་རིགས། །

སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་བཞུགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་དུ་ལྷ་ཡི་སྤྱན་མངའ་བ། །སེམས་ཅན་
བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །འདི་ཞེས་བྱ་བ་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་འབྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །
ཐུགས་ནི་བརྩེ་བར་དགོངས་སུ་གསོལ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ནི་ལན་གསུམ་བརྗོད་པ་ཡིས། །ལྷ་རྣམས་ལྷག་པར་གནས་པའོ། །དེ་ནས་འོག་ནས་འཆད་པ་ཡི། །བུམ་པ་མཚན་ཉིད་
ལྡན་པ་དང་། །འབྲུ་ལ་སོགས་པ་ཐམས་ཅད་དང་། །བཅས་པ་ལྷག་པར་གནས་པར་བྱ། །གཞན་ཡང་སྦྱིན་སྲེག་ཆོ་ག་དང་། །གཏོར་མ་ཤིན་ཏུ་རྒྱ་ཆེན་པོ། །སློབ་མ་ལྷག་པར་གནས་པ་དང་། །རིམ་པ་བཞིན་དུ་ཤེས་པར་བྱ། །དེ་ལ་ཁྲུས་བྱས་གཙང་མ་ཡི། །
གོས་གོན་ནས་ནི་སློབ་མ་ཡིས། །ཐལ་མོ་མེ་ཏོག་བཅས་པ་དང་། །ཕྱག་བྱས་ནས་ནི་འདི་སྐད་བརྗོད། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །
དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །
གསང་སྔགས་སྤྱོད་པའི་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བཞུགས་པའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་དག་ཀུན་གྱིས་གསང་སྔགས་

ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཉམ་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་པ། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་
ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ནས་ཆོ་གའི་ཡན་ལག་ཀུན། །བྱས་ལ་བྱིན་གྱིས་བརླབ་པ་དང་། །མཆོད་ནས་ཨ་ཤྭཏྠ་སོགས་པའི། །སོ་ཤིང་ཀུ་ཤ་སྲུང་སྐུད་སྦྱིན། །རིག་སྔགས་ལྡན་པའི་སྲད་བུ་ནི། །ཚད་
དང་ལྡན་པར་བཀལ་བ་དང་། །ཕན་ཚུན་ལེགས་པར་བསྒྲིལ་བ་ཡིས། །མཁས་པས་དཀྱིལ་འཁོར་ཐིག་གདབ་བོ། །ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿསྥ་ར་སྥ་ར་ཨ་ནུ་ག་ཏ། སརྦ་དྷརྨཱཿཨདྱནྟ་ཨ་ནུ་པྲ་བིཤྚ་སརྦ་དྷརྨཱ་ཧཱུཾ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཤར་
ནུབ་བྱང་དང་ལྷོ་ཕྱོགས་དང་། །མངོན་པར་བལྟས་ལ་ཚངས་ཐིག་གཉིས། །མེ་དང་གནོད་སྦྱིན་དབང་ལྡན་དང་། །གཤིན་རྗེ་མངོན་པར་ཕྱོགས་པ་དང་། །རླུང་དང་གཤིན་རྗེ་བདེན་བྲལ་དང་། །གནོད་སྦྱིན་ཕྱོགས་སུ་ཁ་བལྟས་ལ། །ཤར་དང་ནུབ་ཏུ་ཐིག་གདབ་བོ། །
མེ་དང་བདེན་བྲལ་སྲིན་པོ་དང་། །དབང་པོ་རླུང་དང་དབང་ལྡན་དང་། །རླུང་གི་ཕྱོགས་སུ་ཁ་བལྟས་ལ། །གོ་རིམས་བཞིན་དུ་ལྷོ་བྱང་གི། །ཐིག་གཉིས་དེ་བཞིན་གདབ་པར་བྱ། །སློབ་དཔོན་སློབ་མ་བསྐོར་ཕྱོགས་སུ། །འགྲོ་ཞིང་མེ་དང་རླུང་མཚམས་དང་། །བདེན་བྲལ་
དབང་ལྡན་མཚམས་སུ་ནི། །གནས་ནས་ཐིག་གཉིས་གདབ་པར་བྱ། །གསར་པ་ལས་ནི་བཀལ་ནས་ཀྱང་། །ཚད་དང་མཐུན་པར་མཛད་པ་ཡི། །ཐིག་ནི་མཁས་པས་ཅི་ནུས་ཀྱིས། །དཀྱིལ་འཁོར་གྱི་ནི་ཐིག་གདབ་བོ། །གྲུ་བཞིར་བྱ་ཞིང་སྒོ་བཞི་དང་། །རྟ་བབས་
བཞི་ཡིས་མཛེས་བྱས་ལ། །ཐིག་བཞི་དང་ནི་ལྡན་གྱུར་པ། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་སྤྲས་པར་ནི། །དཀྱིལ་འཁོར་ཕྱི་རིམ་ཐིག་གདབ་བོ། །དེ་ཡི་རིམ་པའི་ནང་

ཞུགས་ལ། །འཁོར་ལོ་འདྲ་བའི་རྡོ་རྗེ་ཡི། །ཐིག་གིས་ཡོངས་སུ་བསྐོར་བྱ་ཞིང་། །ཀ་བ་བརྒྱད་ཀྱིས་མཛེས་བྱས་ལ། །ཕྱོགས་ཀུན་མཉམ་པ་ཉིད་དམིགས་ལ། །ཤེས་རབ་ཅན་གྱིས་ཐིག་གདབ་བོ། །ཤར་དང་ནུབ་དང་བྱང་དང་ལྷོར། །ཐིག་བཞི་བཏབ་པས་དཀྱིལ་
འཁོར་བརྒྱད། །དེ་ལྟར་ལུང་དང་བླ་མ་ཡི། །གདམས་ངག་དག་ལ་བརྟེན་ནས་ནི། །ཆོ་ག་ཇི་ལྟ་བ་བཞིན་དུ། །དཀྱིལ་འཁོར་ཆེན་པོའི་ཐིག་གདབ་བོ། །ཨོཾ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་ནི་ལན་གསུམ་མངོན་བཟླས་པའི། །སྔགས་དང་ཕྱག་རྒྱ་བཅས་པ་དང་། །བྱིན་གྱིས་
བརླབས་ནས་ཚོན་རྩི་ནི། །ཆོ་ག་བཞིན་དུ་བྲི་བར་བྱ། །སྔོན་པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར་ལ་དམིགས་པ་སྟེ། །པདྨ་རཱ་གའི་རང་བཞིན་གཞན། །དེ་བཞིན་གཞན་ནི་མརྒད་འདྲ། །དཀར་པོ་ནང་དུ་ཤེས་བྱ་སྟེ། །དེ་ནི་ཚོན་གྱི་རིམ་པ་བཤད། །ཤར་ཕྱོགས་
སུ་ནི་སྔོན་པོ་སྟེ། །ལྷོར་ནི་སེར་པོ་དང་ལྡན་པ། །ནུབ་ཀྱི་ཆ་ནི་དམར་པོ་སྟེ། །བྱང་ནི་ལྗང་གུར་ཡང་དག་ལྡན། །དབུས་ཀྱི་ས་ཡི་ཆ་ཉིད་ནི། །ཤེལ་ལྟར་དཀར་བ་བླ་ན་མེད། །རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང་། །རབ་མཉམ་གཞག་པའི་སློབ་དཔོན་གྱིས། །ལྷ་རྣམས་
རང་རང་གནས་སུ་ནི། །གཟུགས་དང་ཕྱག་རྒྱ་སོགས་པ་ཡི། །ཁ་དོག་དབྱིབས་ཀྱི་དཀྱིལ་འཁོར་གྱིས། །བྲིས་ནས་སྔོན་གསུངས་མཆོད་པ་རྣམས། །རྒྱ་ཆེན་པོ་ཡིས་མཆོད་བྱ་ཞིང་། །གཞན་ཡང་ཞལ་ཟས་སྣ་ཚོགས་དང་། །འདོད་ཡོན་ལྔ་དང་རིན་ཆེན་དང་། །
གོས་ཀྱི་བྱེ་བྲག་སྣ་ཚོགས་དང་། །རྟ་དང་གླང་པོའི་ཚོགས་ཀྱིས་མཆོད། །མཚན་ཉིད་ལྡན་པའི་བུམ་པ་རྣམས། །མགྲིན་པར་རས་དཀྲིས་ཙུ་ཏ་ལ། །སོགས་པ་ལོ་མར་བཅས་པ་ཡི། །ཤིང་གི་ཁ་རྒྱན་རིན་ཆེན་དང་། །འབྲུ་དང་སྨན་ལྔ་དྲི་ཞིམ་པའི། །སྤོས་ཆུ་
མེ་ཏོག་ལ་སོགས་པས། །རབ་ཏུ་བཀང་ནས་རང་རིགས་ཀྱི། །མཚན་མས་མཚན་ནས་བུམ་པ་ལ། །རང་རང་རིགས་ཀྱི་ལྷར་བསྐྱེད་ནས། །ཡེ་ཤེས་སེམས་དཔའ་གཞུག་པ་དང་། །མཆོད་པ་ལ་སོགས་བྱིན་བརླབས་ནས། །ཆོ་ག་བཞིན་དུ་གནས་པར་བྱ། །འབྲས་

ཆན་ནས་ཆན་སྣུམ་ཁུར་སོགས། །བཟའ་བ་ཤིན་ཏུ་རྒྱ་ཆེན་པོ། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །གཏོར་མ་ཤིན་ཏུ་རྒྱ་ཆེན་གཏང་། །ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ། །དྲི་ཟ་
སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བདག་གིས་པུས་མོ་ས་ལ་བཙུགས་ནས་སུ། །ཐལ་སྦྱར་ཁྱེད་རྣམས་ལ་ནི་གསོལ་འདེབས་ཀྱིས། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་རྣམས། །གནས་ནས་ཕན་གདགས་
སླད་ནས་འདིར་སྤྱོན་ཞིག །འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་། །རིན་ཆེན་གནས་ན་
ལྷག་པར་གང་གནས་དང་། །མཚོ་དང་རྫིང་དང་ལྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་སིལ་མ་དག་ན་གང་གནས་དང་། །གྲོང་དང་གྲོང་ཁྱེར་ཕྱུགས་ལྷས་སྟོང་པ་དང་། །ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང་། །གཙུག་ལག་ཁང་དང་གྲོང་ཁྱེར་གནས་དག་གམ། །དཀའ་
ཐུབ་གནས་དང་གླང་ཆེན་བྲེས་དང་ནི། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་བཞི་མདོ་དང་ནི་འདུན་ས་དང་། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་རྣམས་
དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་གོ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པ་དང་། །བསྟོད་དང་གཏོར་མ་མར་མེ་གུས་
ཕུལ་བས། །འདི་དག་བཞེས་ཏེ་བཏུང་ཞིང་བསྣམས་ནས་སུ། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །ཤར་ཕྱོགས་རྡོ་རྗེ་ཅན་དེ་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་

བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང་། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པོ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་གང་དག་ས་སྟེང་ཀླུ། །རི་ཡི་ལྷ་དང་གསང་བའི་ཚོགས་འདུས་པ། །སོ་སོ་སོ་སོར་གཏོར་མ་ཕུལ་བ་
འདི། །རབ་ཏུ་དགྱེས་པའི་ཡིད་ཀྱིས་བཞེས་ནས་ཀྱང་། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། །ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །མེ་ཏོག་དྲི་དང་བྱུག་པ་གཏོར་མར་བཅས། །འདི་དག་
བཏུང་ཞིང་ལེགས་པར་གསོལ་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཞི་དང་རྒྱས་དང་དབང་དང་ནི། །མངོན་སྤྱོད་ཀྱི་ནི་དབྱེ་བ་ཡིས། །ཐབ་ཁུང་མཆོད་རྫས་རྣལ་འབྱོར་དང་། །འདུག་སྟངས་ཚུལ་བཞིན་ཤེས་པར་བྱ། །དེ་ལ་རེ་ཞིག་ཞི་བ་ནི། །
ས་གཞི་དཀར་པོ་ཐབ་ཁུང་ནི། །ཟླུམ་པོའི་ཆུར་ནི་ཁྲུ་གང་དང་། །ཟབས་སུ་ཁྲུ་ནི་ཕྱེད་ཀྱི་ཚད། །སོར་བཞི་དོར་ལ་དཔངས་སུ་ནི། །སོར་བཞི་སྟོད་ལ་སོར་བཞི་སྨད། །ཕྱི་རོལ་ཀུན་ནས་གྲུ་བཞི་པ། །ཆོ་ག་བཞིན་དུ་བྲི་བར་བྱ། །ཨུ་དུམྺཱ་ར་པ་ལ་ཤ། །ཨ་མྲ་པླག་ཤ་ཀང་
སྨྲ་རྒྱ། །ཨ་ཤྭཏྠ་ལ་སོགས་པ་ཡི། །ཡམ་ཤིང་སོར་ནི་བཅུ་གཉིས་དང་། །ནས་ཞོ་འོ་མ་འབྲས་ཡོས་དང་། །ཏིལ་དང་དཱུར་བ་ཀུ་ཤ་སྔོ། །སཱ་ལུ་འབྲས་ཆན་མེ་ཏོག་དཀར། །སྤོས་དང་སྦྲང་རྩི་མར་ལ་སོགས། །སྲོག་ཆགས་མེད་པའི་མཆོད་སྦྱིན་ཤིང་། །དགོན་
པའི་ལྕི་བ་འོ་མ་ཤིང་། །གོས་དཀར་གོན་ནས་སྙིང་རྗེའི་སེམས། །རྣལ་འབྱོར་པདྨའི་འདུག་སྟངས་སོ། །རང་གི་ས་བོན་ལས་བྱུང་བ། །ལས་དང་རྗེས་མཐུན་བྷ་བ་ཀ །རྡོ་རྗེ་རྩེ་གསུམ་ཕྲེང་བ་དང་། །དབྱུག་པ་གུནྡྷེ་འཛིན་བསམས་ནས། །ཡེ་ཤེས་མེ་ལྷ་དགུག་པ་དང་། །
གཞུག་དང་བཅིང་དང་དབང་བྱས་ནས། །ཕྱག་རྒྱ་བཞིས་གདབ་དབང་བསྐུར་བ། །ཨོཾ་རཏྣ་ཨ་བྷི་ཥིཉྩ་བྷསྨི་ཀུ་རུ་སརྦ། དེ་ནས་མཆོད་ཡོན་སྔོན་སོང་བའི། །ལས་དང་རྗེས་སུ་མཐུན་པ་ཡི། །མཆོད་པ་ལྔ་དང་སྒེག་མོ་སོགས། །གསང་བའི་མཆོད་པ་རྣམས་ཀྱིས་

མཆོད། །དེ་རྗེས་གསང་སྔགས་འདི་དག་གིས། །མར་གྱི་དགང་བླུགས་གསུམ་ཕུལ་ནས། །བགེགས་ནི་ཡོད་མེད་བརྟག་པར་བྱ། །ཨོཾ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་དུཥྚཱ་ན་ཧཱུཾ་ཕཊ། འབར་བའི་མེ་ལ་ཡམ་ཤིང་སྟེ། །དེ་ནས་མར་དང་དེ་འོག་ཏིལ། །དེ་ནས་
འབྲས་ཆན་ལ་སོགས་པའོ། །ཆོ་ག་འདི་ནི་མདོར་བསྡུ་བའོ། །དེ་ནས་མེ་ཡི་དབུས་ཉིད་དུ། །དཀྱིལ་འཁོར་ལྷ་རྣམས་དམིགས་པ་དང་། །ཡེ་ཤེས་སེམས་དཔའ་བཅུག་ནས་ནི། །མཆོད་པ་ཡོངས་སུ་རྒྱས་པར་བྱ། །མེ་ལ་བསང་གཏོར་འཐོར་འཐུང་དང་། །དགང་
བླུགས་དང་ནི་མཆོད་པ་དག །བྱས་ནས་འདོད་པའི་དངོས་གྲུབ་ཕྱིར། །གསོལ་བ་བཏབ་ལ་གཤེགས་སུ་གསོལ། །དེ་ནས་དགེ་བསྙེན་དགེ་ཚུལ་དང་། །དགེ་སློང་སྡོམ་པ་འཛིན་པ་ཡི། །སློབ་མ་དག་ལ་ཆོ་ག་བཞིན། །རིམ་བཞིན་གཞུག་ཅིང་དབང་བསྐུར་རོ། །སྟོད་
གཡོགས་སྨད་གཡོགས་ལྡན་པ་དང་། །ལག་ན་མེ་ཏོག་བཅས་པ་དང་། །ཕྱག་འཚལ་གསོལ་བ་གདབ་པ་དང་། །བཤགས་པ་ལ་སོགས་བྱས་ནས་ནི། །གཙོ་བོ་བདག་ལ་སྡོམ་པ་གསོལ། །ཐུབ་པ་ཉི་མ་མ་ལུས་པ། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །
བདག་མིང་འདི་ཞེས་བགྱི་བ་ནི། །སློབ་དཔོན་དཔང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བ། །མི་ལྡོག་འཁོར་ལོའི་འབྱོར་པར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བའི་རིགས་མཆོག་ཐམས་ཅད་དུ། །
སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང་། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་ཀུན་གྱི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །
དབང་བསྐུར་བ་ནི་རྨད་བྱུང་ཆེ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །ཆེ་གེ་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་ཅིང་། །དམ་ཚིག་སྡོམ་དང་གསང་བ་ཡི། །འཁོར་ལོ་

འདི་ལ་གཞུག་པར་འཚལ། །གསང་བ་ཆེན་པོའི་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱེད་འདོད་དམ། །འཚལ་ཞེས་བརྗོད་ལ་འདི་སྐད་ཅེས། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་
སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་གྱིས། །བླ་མ་
སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །ཕྱི་
ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །འདི་ནི་པདྨའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་
པའི་ལས་ཀྱང་ཅི་ནུས་བྱ། །སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་
བདག་གིས་བསྐྱེད་པར་བགྱི། །ལ་སོགས་ཚིག་ནི་བརྗོད་ནས་ནི། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ། །རྡོ་རྗེ་ལྕགས་ཀྱུ་སོགས་སྔགས་
ཀྱིས། །དགུག་གཞུག་བཅིང་དང་དབང་བྱས་ནས། །དེང་ཁྱོད་ཅེས་བྱ་ལ་སོགས་དང་། །ནམ་མཁའི་སྙིང་པོ་བརྗོད་པར་བྱ། །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །

ཨོཾ་བཛྲ་ཨུ་ད་ཀ་ཋ། དེ་ནས་ཡེ་ཤེས་དབབ་པ་དང་། །མེ་ཏོག་དོར་དང་གདོང་གཡོགས་ནི། །བཀྲོལ་ནས་དཀྱིལ་འཁོར་བསྟན་པར་བྱ། །དེ་ནས་ཆུ་དང་ཅོད་པན་དང་། །རྡོ་རྗེའི་བདག་པོ་མིང་དང་ནི། །བརྟུལ་ཞུགས་རྗེས་གནང་ལ་སོགས་པ། །
ཆོ་ག་བཞིན་དུ་སྦྱིན་པར་བྱ། །དེ་ནས་སློབ་དཔོན་ལ་ནི་ཡོན། །རྗེས་སུ་མཐུན་པར་དབུལ་བྱས་ལ། །དཀྱིལ་འཁོར་ལྷ་ཡི་འཁོར་ལོ་རྣམས། །མ་ལུས་པར་ནི་གཤེགས་སུ་གསོལ། །ལུང་དང་བླ་མ་དམ་པ་རྣམས་ཀྱི་གདམས་ངག་རྗེས་འབྲངས་ནས། །རྒྱུད་རྣམས་
ཀུན་གྱི་སྙིང་པོར་གྱུར་པ་འཇམ་དཔལ་མཚན་བརྗོད་ཀྱི། །དཀྱིལ་འཁོར་ཆོ་ག་ཚུལ་བཞིན་བྱས་ལས་བདག་གི་དགེ་བ་ནི། །ཐོབ་པ་གང་དེས་འགྲོ་ཀུན་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཞལ་མཐོང་ཤོག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་
པའི་དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་སོ་མ་ཤྲཱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མ་ཧཱ་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་གཞོན་ནུ་འོད་ཀྱིས་བསྒྱུར་ཞིང་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་སརྦ་
མཎྜལ་སྟོ་ཏྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་ཐམས་ཅད་ལ་བསྟོད་པ། ཕྱི་དང་ནང་དང་དེའི་ནང་ན། །སྐུ་གསུམ་བདག་ཉིད་ལ་བཞུགས་པ། །སྙིང་རྗེ་ཤེས་རབ་རྗེས་ཞུགས་པ། །གཞོན་ནུ་ཁྱོད་ལ་ཕྱག་འཚལ་
ལོ། །རྣམ་ཀུན་རྣམ་པར་བྱང་ཆུབ་དང་། །རྣམ་ཀུན་དྲི་མ་མེད་པ་དང་། །ཆོས་རྣམས་ཀུན་ལ་གནས་པ་དང་། །ཆོས་ཀུན་གཅིག་ཏུ་སྟོན་པ་དང་། །རྣམ་ཀུན་ཚུལ་ལ་འཇུག་པ་དང་། །རྣམ་ཀུན་ཚུལ་ལ་གནས་པ་དང་། །རྣམ་པ་ཀུན་གྱི་དོན་ཚུལ་གཅིག །འཇམ་པའི་དབྱངས་
ལ་ཕྱག་འཚལ་བསྟོད། །སྒེག་དང་བཞད་དང་མི་སྡུག་དང་། །དྲག་པོའི་ངོ་མཚར་ཉམས་བདག་ཉིད། །ཉོན་མོངས་གཅོད་དང་ཤེས་རབ་ཅན། །དང་པོའི་སངས་རྒྱས་ཁྱོད་ལ་འདུད། །སྲིད་དང་ཞི་བ་སྤངས་པ་དང་། །སྲིད་དང་ཞི་བར་བཞུགས་པར་མཛད། །ཟླ་བ་གཞོན་

ནུ་ལྟར་མཛེས་པ། །ཆོས་སྐུ་དེ་ལ་ཕྱག་འཚལ་ལོ། །ཆོས་རྣམས་ཐམས་ཅད་སྟོང་ཉིད་ཀྱི། །སྲོག་ཏུ་ཁྱོད་ནི་བཞུགས་པ་ཡིན། །མཚན་མ་ལ་ཡང་མཚན་མ་མེད། །དབང་ཕྱུག་ཆེ་ལ་ཕྱག་འཚལ་བསྟོད། །ཁྱོད་མི་བཞུགས་ན་སྤྲོས་འདི་ལ། །ཇི་ལྟར་ཡང་ནི་སྨོན་
པ་ཡིན། །ཁྱེད་འདིར་རྗེས་སུ་ཞུགས་ན་ནི། །འདི་ལ་སྨོན་ལ་ཕྱག་འཚལ་བསྟོད། །ཐོག་མ་བར་དང་མཐར་དགེ་བ། །འདི་ནི་རང་ཉིད་འོད་གསལ་བ། །ཕྲིན་ལས་རྗེས་སུ་འཇུག་པ་ཡིན། །སྣ་ཚོགས་སྟོན་ལ་ཕྱག་འཚལ་བསྟོད། །ལྟ་བ་རྟོག་དག་ལས་འཚོ་བ། །
རྩོལ་དང་དྲན་དང་ཏིང་འཛིན་གྱི། །འཕགས་པའི་ཡན་ལག་འཁོར་ལོ་མཛེས། །འཁོར་ལོས་སྒྱུར་ལ་ཕྱག་འཚལ་བསྟོད། །རང་བཞིན་གྱིས་ནི་ཀུན་རྫོབ་དང་། །སེམས་ཅན་རྣམས་ཀྱི་བསྡུ་བ་དང་། །དགེ་བ་དྲི་མེད་སྣང་བ་དང་། །སྨིན་བྱེད་དེ་ལ་ཕྱག་འཚལ་བསྟོད། །
ཟང་ཟིང་མི་འཇིགས་སྦྱིན་བྱེད་དང་། །བྱམས་པ་སྦྱིན་བྱེད་མཆོག་དང་ནི། །ཆོས་སྦྱིན་ཆོས་ཀྱི་དབང་ཕྱུག་གི། །ཆེན་པོ་དེ་ལ་ཕྱག་འཚལ་བསྟོད། །ཞི་གནས་ལྷག་མཐོང་དག་གི་ནི། །ཤེས་རབ་ཕ་རོལ་ཕྱིན་པར་འགྲོ། །ཉོན་མོངས་གཅོད་པའི་ཤེས་རབ་ཀྱི། །རལ་
གྲི་བསྣམས་ལ་ཕྱག་འཚལ་བསྟོད། །སེམས་ཅན་ཁམས་ནི་མགུ་བ་དང་། །རྫུ་འཕྲུལ་རྐང་པ་ཆེན་པོས་གནོན། །བསྟན་པ་སོ་སོ་རང་རིག་གི། །སྐྱོབ་པའི་མགོན་ལ་ཕྱག་འཚལ་བསྟོད། །གོ་ཆ་ཆེན་པོ་བགོས་པ་དང་། །འཇུག་པ་ཆེ་ལ་གནས་པ་དང་། །སོ་སོར་རྟོག་
པར་བྱེད་པ་དང་། །བྱ་བ་ནན་ཏན་དེ་ལ་བསྟོད། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་སྟོབས་ཆེན་དང་། །ཐབས་དང་སྨོན་ལམ་ཡེ་ཤེས་ཀྱི། །ཕ་རོལ་ཕྱིན་ལ་ཕྱག་འཚལ་བསྟོད། །བརྒྱ་དང་དྲུག་ཅུའི་གྲངས་ཀྱིས་ནི། །དཔལ་གྱི་བྱང་ཆུབ་
འགྲོ་བའི་གཙོ། །གང་ཞིག་གཅིག་ཀྱང་རྣམ་བཅུ་དྲུག །འདོད་ཆགས་ཆེ་ལ་ཕྱག་འཚལ་བསྟོད། །བྱམས་པའི་ཡ་ལད་བགོས་པ་དང་། །ཤེས་རབ་གོ་ཆ་བགོས་པ་དང་། །སྙིང་རྗེ་ཆེན་པོ་བློ་ལྡན་དང་། །ཡེ་ཤེས་ཏོག་ལ་ཕྱག་འཚལ་བསྟོད། །བཟང་པོའི་ལམ་ལ་

སེམས་ཅན་རྣམས། །འཇོག་ཅིང་སྐྱོབ་པར་བྱེད་པ་དང་། །ཟབ་པའི་བློ་དང་རྒྱ་མཚོ་བཞིན། །མི་ཟད་བློ་ཡི་གཏེར་ལ་འདུད། །དབྱེར་མེད་སྤོབས་པ་དག་གིས་ནི། །སྟོབས་ཀྱི་ཕ་རོལ་ཕྱིན་ལ་འདུད། །བགྲོད་དཀའི་ངན་སོང་ཆེན་པོ་ལས། །ཀུན་
དུ་འདྲེན་ལ་ཕྱག་འཚལ་བསྟོད། །མྱ་ངན་མུན་པ་ངེས་འཇོམས་དང་། །དྲ་བའི་འོད་ལ་ཕྱག་འཚལ་བསྟོད། །རྣམ་ཀུན་བདུད་རྩིར་འཛག་པ་ཡི། །ཟླ་བའི་འོད་ལ་ཕྱག་འཚལ་བསྟོད། །འོད་དཔག་མེད་དང་སྤྲིན་མེད་པའི། །ནམ་མཁའི་སྙིང་པོ་ཕྱག་འཚལ་
བསྟོད། །སྒྲིབ་པ་ཐམས་ཅད་སེལ་བ་ལ། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །དད་དང་བརྩོན་འགྲུས་དྲན་བསམ་གཏན། །ཤེས་རབ་ཀྱིས་ནི་རྗེས་བསྲུངས་པ། །སྲུང་བ་མེད་ཀྱང་འོད་དག་ནི། །གནོན་པ་རྨད་བྱུང་རྒྱལ་ལ་འདུད། །ཆོས་ཀྱི་དབྱིངས་ཀྱི་
བདག་ཉིད་ཀྱི། །ལ་ལར་རྡོ་རྗེ་སེམས་དཔའ་དང་། །ཉོན་མོངས་ཤེས་བྱ་སྤངས་པ་ཡི། །ལ་ལར་རྣམ་པར་སྣང་མཛད་དང་། །ལ་ལར་རྡོ་རྗེ་ཧཱུཾ་མཛད་དང་། །ལ་ལར་པདྨ་གར་དབང་ཕྱུག །ལ་ལར་རྡོ་རྗེ་ཉི་མ་ནི། །རྒྱ་ཆེན་རྨད་བྱུང་ཆེན་པོ་མཛེས། །གཅིག་གི་བདག་ཉིད་རྟ་
མཆོག་དང་། །ལ་ལར་གསུམ་གྱི་བདག་ཉིད་དང་། །གང་ཞིག་རྣམ་ལྔའི་སྣ་ཚོགས་པའི། །སྐྱོབ་པ་དེ་ལ་ཕྱག་འཚལ་ལོ། །གཉིས་མེད་འབྱུང་བའི་ཆོས་ཉིད་ཕྱིར། །འཁོར་ལོས་སྒྱུར་གྱི་རིགས་འཛིན་པ། །གཅིག་ཀྱང་སྣ་ཚོགས་བདག་ཉིད་ཀྱི། །རྣམ་པར་སྣང་མཛད་
ཆེ་ལ་འདུད། །མཚན་བརྗོད་དཀྱིལ་འཁོར་མ་ལུས་ལ། །བསྟོད་པས་བསོད་ནམས་གང་སྐྱེས་པ། །དགེ་བ་འདི་ཡིས་སེམས་ཅན་རྣམས། །འཇམ་པའི་དབྱངས་ནི་འགྲུབ་པར་ཤོག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་
ཐམས་ཅད་ལ་བསྟོད་པ། །སློབ་དཔོན་སོ་མ་ཤྲཱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མ་ཧཱ་ཛྙཱ་ན་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་གཞོན་ནུ་འོད་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བ་ལིཾ་བི་དྷི། བོད་སྐད་དུ།

གཏོར་མའི་ཆོ་ག །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །དཔག་བསམ་ཤིང་ཆེན་རྒྱས་འདྲ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །སེམས་ཅན་ཀུན་དོན་བྱེད་ལ་འདུད། །གཏོར་མའི་རིམ་པ་བཤད་པར་བྱ། །དང་པོ་ལྷའི་
རྣལ་འབྱོར་དང་ལྡན་པའི་སྔགས་པས་རིན་པོ་ཆེའི་སྣོད་མཛེས་པའི་ནང་དུ་ཁ་ཟས་ཀྱི་འབྱོར་པ་དྲི་དང་ཁ་དོག་དང་ལྡན་པ་སྣ་ཚོགས་བཅུག་ལ། གཏོར་མའི་ནང་དུ་ཡི་གེ་ཨ་ལས་ཡིད་བཞིན་གྱི་ནོར་བུ་འབར་བ་ཟླ་བའི་སྟེང་དུ་རྣམ་པར་བསམས་ལ། དེ་ལས་བདུད་རྩིའི་
ཆུ་རྒྱུན་དང་། འདོད་པའི་ཡོན་ཏན་གྱིས་རྣམ་པར་སྤྲས་པས་སྣོད་དང་བཅུད་ཆོས་ཀྱི་དབྱིངས་ཁྱབ་པར་བསམ་ཞིང་བསྒོམ་པ་ནི། ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་གདུགས། །ཞེས་བྱའོ། །བདག་ཉིད་ཀྱི་སྙིང་གའི་དྷཱིཿལས། དཔག་
བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །ཅེས་བྱ་བ་ནི་དཔག་བསམ་གྱི་ཤིང་ནམ་མཁའི་མཐའ་དང་མཉམ་པ་བུམ་པ་བདུད་རྩིས་བཀང་བའི་འབྲས་བུ་སྨིན་པ་བདུད་རྩི་རྣམ་པར་འཛག་པའོ། །གཏོར་མའི་རྒྱུད་རྒྱས་པར་བསམ་མོ། །ཐུགས་ཀའི་
འོད་ཟེར་གྱིས་ཡེ་ཤེས་བདུད་རྩི་དབབ་སྟེ་གཉིས་སུ་མེད་པར་བསམ་མོ། །ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་བཱན་ཛྙཱ་ན་མཱུརྟི་བཱ་གཱི་ཤྭ་ར་མ་ཧཱ་ཝ་ཙ་སརྦ་དྷརྨཱ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨཱ་དྷཱ་ཏུ་ཨོཾ་ཨཱཿཧཱུཾ། ཞེས་པས་བྱིན་གྱིས་བརླབ་པའོ། །སྣ་
ཚོགས་གཟུགས་ཅན་ཡིད་ལ་སྐྱེས། །འཇིག་རྟེན་གསུམ་ཡང་གཞོན་ལུས་གཅིག །ཅེས་བྱ་བ་ནི་དེ་ནས་སྙིང་གའི་འོད་ཟེར་གྱིས་ཡང་དག་པའི་སངས་རྒྱས་སྲས་དང་བཅས་པ་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བཀུག་སྟེ། དེ་དག་ཐམས་ཅད་སྙིང་གར་
ཡི་གེ་ཨ་བཀོད་པའི་འོད་ཟེར་གྱིས་རྣམ་པར་སྦྱངས་ཏེ། འཕགས་པ་འཇམ་དཔལ་དུ་བསམ་མོ། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །ཞེས་བྱ་བ་ནི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། དངོས་སམ་ཡིད་

ཀྱིས་ལུས་དཔག་མེད་སྤྲུལ་ལ་མཆོད་དོ། །ནམ་མཁའི་མཐའ་ལ་ལོངས་སྤྱོད་ཅིང་། །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །དེ་ལྟར་ལྗགས་ཀྱི་འོད་ཟེར་གྱིས་བདུད་རྩིའི་རྒྱུན་ལ་ཞུགས་ཏེ། ཀུན་ཀྱང་ཚིམ་པར་དམིགས་ཤིང་འདོད་པའི་ལོངས་
སྤྱོད་ཀྱིས་ཚིམ་པར་བྱའོ། །དེ་ནས། ཆོས་ཀྱི་སྦྱིན་བདག་ཆེན་པོ་སྟེ། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །ཞེས་པས་ཕྲེང་བའི་སྔགས་དང་། ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ། ཨཱདྱན་ནུཏྤནྣ་ཏྭཱ་ཏ། ཨོཾ་ཨཱཿཧཱུཾ་ཞེས་པ་དང་། ཚིགས་སུ་བཅད་པའི་བསྟོད་པས་
ཆོས་ཀྱི་སྦྱིན་པ་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ཤེས་རབ་ཀྱིས་ནི་དེ་ཐོབ་ཤོག །བྱང་ཆུབ་ཆེན་པོར་བསྔོ་ཞིང་སྨོན་ལམ་རྒྱ་ཆེན་པོར་གདབ། ཨོཾ་ཨཱཿཧཱུཾ་ཞེས་པས་གཤེགས་སུ་གསོལ། ཕ་རོལ་ཕྱིན་དང་རྒྱུད་རྣམས་མ་ལུས་དང་། །བདེར་གཤེགས་
རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀྱི། །ཀུན་གྱི་གཙོ་བོར་ཁྱབ་པས་ཐུགས་ལ་གནས། །ཡེ་ཤེས་ལུས་ཅན་མཚན་དོན་རྒྱ་ཆེ་བས། །སྣ་ཚོགས་ཚུལ་ཅན་བསྟོད་ཀྱིས་དེང་འདིར་བདག་གིས་འདིར། །དམ་པའི་གདམས་ངག་ཉེར་བསྟན་རྣལ་འབྱོར་ལམ་དང་སྦྱར། །
སྦྱར་བ་འདི་ལ་དགེ་བ་གང་ཡོད་འདིས། །བདག་སོགས་འཇམ་དཔལ་ཡེ་ཤེས་སེམས་དཔའ་འདྲར་འགྱུར་ཤོག །གཏོར་མའི་ཆོ་ག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་སརྦ་ར་ཧ་སྱ་ནི་བནྡྷ་ར་ཧ་པྲ་དཱི་པོ་ནཱ་མ། བོད་སྐད་དུ། དཔལ་ཐམས་ཅད་
གསང་བའི་བཤད་སྦྱར་གསང་བའི་སྒྲོན་མ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་རྣལ་འབྱོར་རྒྱུད་དུ་གསང་བྱས་པ། །རང་གི་སྐུ་གསུང་ཐུགས་དངོས་སྣ་ཚོགས་པ། །ཐམས་ཅད་གསང་བའི་རྒྱུད་ནི་དེ་བརྟེན་ནས། །གསང་བའི་སྒྲོན་མ་
བཤད་སྦྱར་བརྩམ་པར་བྱ། །ལུས་ཀྱི་ཚོགས་རྒྱས་པར་གྱུར་པ་རྣམས་ནི་སྦྱིན་པ་ལ་སོགས་པ་དཀའ་བའི་སྤྱོད་པ་རྣམས་ཀྱིས་ཡུན་རིང་པོར་བྱང་ཆུབ་པར་འདོད་པ་རྣམས་ལ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྲོ་བ་བསྐྱེད་པའི་ཕྱིར། མི་རྣམས་ཀྱི་ལུས་ནི་ཕྱག་དར་

གྱི་ཕུང་པོ་དང་མཚུངས་པ་ཡིན་གྱི། སེམས་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་མཚུངས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། འབྱུང་ལྔ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འབྱུང་བ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལས་ཀྱིས་བསྐྱེད་པ་སྡུག་བསྔལ་སྣ་
ཚོགས་ཀྱི་རྒྱུར་གྱུར་པ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་ཏེ་ལྔ་པོ་ཉིད་ཀྱིས་སོ། །ངེས་པ་ནི་བརྟག་མི་དགོས་པའོ། །མཐོང་བ་དག་ཅེས་བྱ་བ་ནི་ཚད་མར་གྲུབ་པའོ། །མི་རྣམས་ཀྱི་ལུས་དེ་ལྟ་བུ་ཡིན་དུ་ཟིན་ཀྱང་སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཅི་
ཞིག་བྱས་པས་ཤེ་ན། རང་སེམས་རབ་ཏུ་བསྒོམས་པ་སྟེ་རབ་ཀྱི་མཐར་ཐུག་པར་བསྒོམས་པས་སོ། །ཇི་ལྟར་བསྒོམས་པས་ཤེ་ན། དངོས་དེར་བསྒོམས་པས་ཞེས་བྱ་བ་སྟེ་དངོས་པོ་དེར་འགྱུར་བའི་ཕྱིར་ཏེ་སངས་རྒྱས་ཉིད་དུ་འགྱུར་བའི་ཕྱིར། དངོས་པོ་གང་སེམས་ཀྱི་
དེ་ཁོ་ན་ཉིད་སྒོམ་པ་གང་ཡིན་པས་སོ། །ངེས་པར་ཞེས་བྱ་བ་ནི་གདོན་མི་ཟ་བར་སངས་རྒྱས་ཏེ་དེ་བཞིན་གཤེགས་པར་འགྱུར་རོ། །སེམས་ཀྱི་ཆེ་བའི་བདག་ཉིད་གཞན་དག་ཀྱང་བསྟན་པར་བྱ་བའི་ཕྱིར། རང་ཤེས་གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་
ཡེ་ཤེས་ཏེ་རང་གི་སེམས་ཉིད་ནི་དཔལ་གྱི་ཡོན་ཏན་དང་ལྡན་པས་ན་སངས་རྒྱས་རྣམས་ཀྱང་རབ་ཏུ་འདུད་ཅིང་ཕྱག་འཚལ་བར་མཛད་དོ། །རང་གི་སེམས་ཇི་ལྟ་བུ་ཞེ་ན། གསང་བ་ཞེས་བྱ་བ་སྟེ་འཇིག་རྟེན་ལས་འདས་པ་ཉིད་ཡིན་པའི་ཕྱིར་རོ། །དམ་པ་ནི་འཇིག་རྟེན་ལས་
འདས་པ་ཐམས་ཅད་ལས་མཆོག་ཏུ་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །དེའི་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཡེ་ཤེས་བླ་མེད་དེ། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་རང་གི་སེམས་ཉིད་དེ་བཞིན་གཤེགས་པའི་བླ་ན་མེད་པའི་ཡེ་ཤེས་ཡིན་པས་སོ། །དྲིས་པ་གཉིས་སུ་སྣང་བ་
ཉིད་ཀྱིས་འཁྲུལ་ཅིང་། ཀུན་ནས་ཉོན་མོངས་པའི་སོ་སོའི་སྐྱེ་བོའི་སེམས་ཏེ། ཇི་ལྟར་སངས་རྒྱས་ཀྱི་ཡེ་ཤེས་ཡིན་ཞེ་ན། གཉིས་མེད་གཉིས་ཀྱི་ཚུལ་ཅན་ཏེ། །ཞེས་བྱ་བ་གསུངས་ཏེ། དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཏེ། གཉིས་སུ་སྣང་བ་སྟོང་པ་ཉིད་ཀྱི་

རང་གི་ངོ་བོར་གྱུར་པར་ཡང་དག་པར་རྟོགས་པའི་ཕྱིར་རོ། །དེ་ལྟ་བུ་ཡིན་དུ་ཟིན་ཀྱང་གཉིས་ཀྱི་ཚུལ་ཅན་ཏེ་ཞེས་བྱ་བ་སྟེ། བརྫུན་ཡིན་དུ་ཟིན་ཀྱང་གཟུང་བ་དང་འཛིན་པའི་ཚུལ་དུ་སོ་སོར་སྣང་བའི་ཕྱིར། དེ་ནི་མི་བདེན་པ་ཡིན། གློ་བུར་གྱི་འཁྲུལ་པ་ཅན་
ཡིན་གྱི། དེ་ནི་རང་བཞིན་གྱིས་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པས། རང་བཞིན་གྱིས་སངས་རྒྱས་ཀྱི་ཡེ་ཤེས་ཡིན་ནོ། །དེ་ལྟ་བུའི་ཡེ་ཤེས་ཉིད་ལ་ནི་སངས་རྒྱས་རྣམས་ཀྱང་རབ་ཏུ་འདུད་པར་མཛད་དེ། ཆོས་ཀྱི་སྐུ་ལ་སོགས་པས་གཙོ་བོར་གྱུར་པའོ་ཞེས་བྱ་བའི་
ཚུལ་གྱིས་སོ། །དེ་བས་ན་རང་སེམས་ཉིད་ལ་ཕྱག་འཚལ་བ་ཡིན་ཏེ། དེ་ལྟར་ཕྱག་འཚལ་བ་ནི་རྟག་པར་རབ་ཏུ་འདུད་ཅེས་བྱ་བ་སྟེ། འདི་ནི་ཁྱད་པར་དུ་འཕགས་པ་ཉིད་དུ་གསུངས་པ་ཡིན་ཏེ། འདིས་ནི་ཤིན་ཏུ་མྱུར་དུ་བྱང་ཆུབ་མ་ཐོབ་ཅིང་བསྐལ་པ་གྲངས་མེད་པ་གསུམ་
མམ། མང་པོར་རབ་ཏུ་འདུད་དོ་ཞེས་བྱ་བའི་དོན་ཏོ། །ཡང་དག་པར་ཕྱག་འཚལ་བ་རྣམས་ནི་མྱུར་བ་ཉིད་དུ་བྱང་ཆུབ་རྟོགས་པས་ཡང་ཕྱག་འཚལ་བར་མི་བྱེད་དོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་ཀྱི་དབང་དུ་མཛད་ནས་གང་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་
ཐམས་ཅད་དམིགས་པ་ལ་རང་གི་སེམས་ནི་གཉིས་སུ་སྣང་བ་ནུབ་པར་གྱུར་པ་ནི་བདག་མེད་པ་སྟེ་རྒྱུ་ཉིད་ཀྱི་སྦྱོར་བའོ། །དེ་ལས་ཡང་དག་པར་བྱུང་བ་ནི་ཡང་དག་པར་ཤེས་པས་སངས་རྒྱས་ཀྱི་ངོ་བོར་བྱུང་བ་སྟེ། འབྲས་བུ་འདི་ཁོ་ན་ཉིད་ཀྱི་སྦྱོར་བ་ལ་གནས་པ་ཞེས་བྱ་བའི་དོན་
ཏོ། །རྒྱུ་དང་འབྲས་བུའི་དེ་ཁོ་ན་ཉིད་དབྱེར་མེད་པའི་ཡེ་ཤེས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་སྨྲ་བསམ་ལས་འདས་པའོ། །དེ་ལས་བྱུང་བ་ནི་འདི་དག་མ་ལུས་པ་རྫོགས་པར་གྱུར་པ་ཡིན་པས་ན། གཉིས་མེད་ཡེ་ཤེས་ལས་བྱུང་བ། །ཞེས་བྱ་བ་སྟེ། དེའི་འོག་ཏུ། སྡུག་དང་མི་
སྡུག་རྣམ་སྤངས་པ། །ཞེས་བྱ་བ་སྟེ། སྡུག་པ་ནི་ཐོབ་པར་བྱ་བའི་ཆོས་རྣམས་སོ། །མི་སྡུག་པ་ནི་སྤང་བར་བྱ་བའི་ཆོས་རྣམས་ཏེ་དེ་མ་ལུས་པ་རྣམ་པར་སྤངས་པ་ནི་ཐོབ་དང་སྤངས་པ་མཐར་ཐུག་པའི་བདག་ཉིད་ཐོབ་པའོ། །དེ་ལྟར་གྱུར་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་ཅི་ལ་

ཡང་ཕྱག་ནི་མི་འཚལ་ལོ་ཞེས་བྱ་བ་སྟེ། བྱ་བ་བྱས་པའི་སྒྲུབ་པ་ལ་སྦྱོར་བ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཡང་དག་པར་ཕྱག་འཚལ་བ་དེ་ཉིད་གསལ་བར་མཛད་ཅིང་དེ་ཉིད་ལ་འཇིག་རྟེན་རྣམས་ངེས་པར་སྦྱར་བའི་ཕྱིར། མ་སྐྱེས་པ་ནི་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། རང་གི་ཤེས་པ་སྟེ། རང་གི་སེམས་གཉིས་སུ་སྣང་བ་དང་བྲལ་བའི་ཚུལ་གྱིས་སྔར་མ་སྐྱེས་པ་དེའི་ཚུལ་དུ་བསྐྱེད་ལ། སྐྱེས་པར་གྱུར་པའི་ཕ་རོལ་ཏེ། །རྗེས་ལ་སངས་རྒྱས་ཀྱི་སྐུར་ནི་ཞེས་བྱ་བ་སངས་རྒྱས་ཀྱི་རྣམ་པར་རྟག་ཏུ་ཞེས་བྱ་བ་རྟག་པ་ཉིད་
ཀྱིས་བསྒོམ་པར་བྱ་སྟེ། ཕྱག་འཚལ་བ་དེ་ལ་རང་ཉིད་དེ་ཉིད་ལ་རང་གི་ལུས་དང་ངག་དང་ཡིད་ཀྱིས་ཞུགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ལུས་ཀྱིས་རབ་ཏུ་ཞུགས་པ་ནི་སངས་རྒྱས་ཀྱི་སྐུ་ལས་ཐ་དད་པའི་རང་གི་ལུས་མི་དམིགས་པའོ། །ཚིག་གིས་རབ་ཏུ་
ཞུགས་པ་ནི་སངས་རྒྱས་ནི་བདག་གོ་ཞེས་སྨྲའོ། །འདི་གཉིས་ལས་གཞན་དུ་ཡིད་མི་གཡེང་བ་ནི་སེམས་ཀྱིས་རབ་ཏུ་འཇུག་པའོ། །ལུས་ལ་སོགས་པའི་རབ་ཏུ་འཇུག་པ་འདི་ཉིད་ནི་དེའི་ལུས་དང་ངག་དང་ཡིད་ཀྱིས་ཕྱག་འཚལ་བའི་མཆོག་ཡིན་ཏེ། མྱུར་བ་ཉིད་དུ་བྱང་
ཆུབ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །འདིར་ཡང་སངས་རྒྱས་ཀྱི་སྒྲས་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱང་གཟུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པ་ཉིད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཚུལ་གྱིས་རྣལ་
འབྱོར་གྱི་རྒྱུད་ལ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་རོ། །རྣལ་འབྱོར་འདི་ལ་ནི་འདིའི་སྐལ་བ་དང་ལྡན་པ་མ་ཡིན་ནོ་ཞེ་ན། རྣལ་འབྱོར་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྣལ་འབྱོར་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཉིད་ནི་སྔར་བཤད་པའི་ཚུལ་གྱིས་རྟག་ཏུ་ཡོད་
པ་ཡིན་པས་ན་རྣལ་འབྱོར་པ་སྟེ། སེམས་ཅན་ཐམས་ཅད་དོ། །གལ་ཏེ་ཐམས་ཅད་རྣལ་འབྱོར་པ་ཡིན་ན། འདིར་སྐལ་བ་མེད་པ་ནི་འགའ་ཡང་མེད་པས་འཁོར་བར་ག་ལ་འཁོར་བར་འགྱུར་ཞེ་ན། །དེའི་ཕྱིར་ཉོན་མོངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནི་ཞེས་བྱ་བའི་

སྒྲ་ནི་དགའ་བའི་དོན་ཏེ། ཉོན་མོངས་པ་དང་བག་ཆགས་ཀྱིས་སུན་ཕྱུང་བས་འགྲོ་བ་དེ་དང་དེར་འཁོར་བར་གྱུར་པའོ། །ལུས་ཅན་ཞེས་བྱ་བ་ནི་ལུས་ཐོབ་པ་རྣམས་སོ། །རྒྱུ་གང་གིས་ཉོན་མོངས་པ་དང་བག་ཆགས་ཀྱིས་ལུས་འཐོབ་ཅེ་ན། དེའི་ཕྱིར་སྡུག་དང་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུག་པ་ནི་གནས་དང་ལོངས་སྤྱོད་ལ་སོགས་པའོ། །མི་སྡུག་པ་ནི་དེ་དག་གིས་རྣམ་པར་འབྱེད་པའི་ཁྱད་པར་ལ་ཡོངས་སུ་རྟོགས་པའོ། །དེ་ལས་ནི་བག་ཆགས་ཏེ། དེ་ནས་ཡང་སྡུག་པ་དང་མི་སྡུག་པ་ནི་རྣམ་པར་འབྱེད་པའོ། །དེ་ནས་
དེ་གཉིས་ཐོབ་པ་དང་སྤང་བར་སྲིད་པར་སྐྱེ་ལ། དེས་ནི་ལུས་འཐོབ་པ་ཡིན་ནོ། །དྲིས་པ་ལྷའི་ལུས་དང་ལྡན་པ་རྣམས་དགའ་བའི་ཚལ་ལ་སོགས་པར་འཁོར་བ་ན། བདེ་བ་དང་སྡུག་བསྔལ་བ་ནི་ཅི་ཞིག་ཡོད། ཇི་ལྟར་ན་འཁོར་བ་ཡིན་ཞེ་ན། སྡུག་བསྔལ་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། འདི་ནི་ཉོན་མོངས་པ་དང་ལས་ལས་བྱུང་བའི་ཟག་པ་དང་བཅས་པའི་ལུས་དང་ལོངས་སྤྱོད་དང་གནས་རྣམས་ནི། གང་གིས་སྤྱོད་པ་དང་གང་ལ་སྤྱོད་པ་དང་། གང་དུ་སྤྱོད་པ་སྟེ། དེ་ནི་ལུས་དང་ལྷན་ཅིག་འབྱུང་བས་ན་ལུས་འབྱུང་བའོ། །གང་སེམས་དང་སེམས་
ལས་བྱུང་བའི་ཚོགས་དེ་ཉིད་ནི་སྡུག་བསྔལ་ལོ། །དེ་སྐད་དུ། གང་ཞིག་ཟག་བཅས་ཉེར་ལེན་པའི། །ཕུང་པོ་དེ་དག་ཐབས་བཅས་ཀྱང་། །སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ལྷ་གནས་སྲིད་པའང་དེ་དག་ཡིན། །ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་ཡིན་ན་གོ།
འཇིག་རྟེན་རྣམས་སྡུག་བསྔལ་བ་ཡིན་ན་ཇི་ལྟར་ཐར་བར་འགྱུར་ཞེ་ན། སེམས་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་དེ་གནོན་ཅིང་ཤེས་པའི་འགྲོ་བ་ནི་སེམས་ཀྱིས་སོ་སོར་རྟོགས་ཤིང་ཡོངས་སུ་ཤེས་པར་བརྟེན་པ་ནི་རྟོགས་པ་ཡིན་ཏེ། གདམས་པའི་རྩ་
བ་ཡིན་ནོ། །དེ་བས་ན་གདམས་པ་པོ་ནི་འཁོར་བ་ལས་སྒྲོལ་བར་བྱེད་པ་ཡིན་ནོ། །དེ་སུ་ཞིག་ཡིན་ཞེ་ན། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་དུ་ཐོགས་པ་མེད་ཅིང་ཤིན་ཏུ་རྣམ་པར་དག་ལ་རྟག་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཚུལ་ཅན་ཡིན་པས་ན།

ཁྱབ་པ་རྣམ་པར་སྣང་མཛད་པས་ན་རྣམ་པར་སྣང་མཛད་དོ། །རྣམ་པ་ཐམས་ཅད་དུ་ཆོས་ཀྱི་ལོངས་སྤྱོད་སྐྱེད་པར་མཛད་པས་ན་རྒྱལ་བའོ། །རྣམ་པ་ཐམས་ཅད་དུ་འགྲོ་བའི་དོན་མཛད་པས་ན་མགོན་པོ་སྟེ་ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དང་རིམ་བཞིན་དུ་སྦྱར་རོ། །
དེ་ལྟར་དང་པོའི་ཚིག་ནི་བསྟན་པ་ཡིན་ལ་འོག་མ་གསུམ་ནི་བཤད་པ་ཡིན་ཏེ། སངས་རྒྱས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ། དེ་རྣམས་ཀྱི་རོ་གཅིག་པ་ནི་བསྡུས་པ་ཞེས་བྱ་སྟེ། དེ་ནི་རྣམ་པར་སྣང་མཛད་ཀྱི་དོན་ཡིན་ནོ། །སངས་རྒྱས་ཐམས་ཅད་ནི་སངས་
རྒྱས་ཀྱི་ཆོས་རྣམས་ཏེ། དེ་ཉིད་སངས་རྒྱས་རྣམས་ལ་ལོགས་ཤིག་ཏུ་བྱས་ནས་བཤད་པ་ཡིན་ཏེ། འདིས་ན། སངས་རྒྱས་ཐམས་ཅད་རྟོགས་འགྱུར་བ། །ཞེས་བྱ་སྟེ། འདི་ནི་རྒྱལ་བའི་དོན་ཡིན་ནོ། །སངས་རྒྱས་འཁོར་བ་སྒྲོལ་བ་པོ། །ཞེས་བྱ་བ་ནི་མགོན་པོའི་དོན་ཡིན་ནོ། །
དྲིས་པ་བཅོམ་ལྡན་འདས་དེ་ཉིད་ཀྱི་དོན་གྱི་མཐར་བྱོན་པ་ཡིན་ནམ། འོན་ཏེ་གཞན་དག་ཀྱང་སྒྲོལ་བར་མཛད་པ་ཡིན་ནམ། འོན་ཏེ་ལྟོས་པར་མི་མཛད་པ་ཡིན་ཞེ་ན། དེའི་ཕྱིར་སེམས་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཀུན་ལ་ཕན་པ་དེ་ཉིད་ནི་
དོན་ཡིན་ཏེ་འདོད་པ་ཡིན་པའི་ཕྱིར་རོ། །དེ་ལ་ཐུགས་རྗེ་འབྱུང་བ་གང་ཡིན་པ་དེ་ཉིད་ནི་ཉམས་པ་ཡིན་ཏེ། རབ་ཀྱི་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །དེ་དང་ཡང་དག་པར་ལྡན་པ་ནི་རྟག་ཏུ་བཅས་པ་སྟེ། དེ་བས་ན་བཏང་སྙོམས་མེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གདམས་
པ་བསྟན་པར་བྱ་བའི་ཕྱིར་རྒྱུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིན་ཏུ་མྱུར་བ་དང་ཤིན་ཏུ་བདེ་བར་བྱང་ཆུབ་སྒྲུབ་པར་བྱེད་པའི་སྦྱོར་བ་ནི་རྒྱུའི་དེ་ཁོ་ན་ཉིད་དོ། །དེའི་མཉམ་པར་སྦྱོར་བ་ནི་སྙོམས་པར་འཇུག་པའོ། །དེ་ལས་གང་དུ་ཞེས་བྱ་བ་ནི་བསྟན་པ་དེའི་གོང་དུ་ཞེས་བྱ་བའི་དོན་
ཏོ། །འབྲས་བུའི་དེ་ཉིད་ནི་སངས་རྒྱས་ཀྱི་སྐུའོ། །དེ་སྟོན་པ་ནི་དེའི་སྦྱོར་བ་སྟོན་པར་མཛད་པའོ། །ཅི་བཅོམ་ལྡན་འདས་དེ་གཞན་དག་ཀྱང་སྟོན་པར་མཛད་དམ་ཞེ་ན། འབད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྲས་བུའི་དེ་ཉིད་ཡང་དག་ཞུགས། །ཞེས་བྱ་བ་ནི་རྒྱུ་

དང་འབྲས་བུ་མི་ཕྱེད་པའི་ཡེ་ཤེས་ལ་སོགས་པ་ཡོངས་སུ་རྫོགས་པ་ལ་ཡང་དག་པར་ཞུགས་པའི་རྣལ་འབྱོར་པ་ནི་རྒྱུའི་དེ་ཁོ་ན་ཉིད་མི་འདོད་དེ། བྱ་བ་བྱས་པ་ཉིད་རྟོགས་པ་ཡིན་པའི་ཕྱིར་སླར་འདོད་པར་མི་བྱེད་དོ། །དེ་བས་ན་ཐུན་མཚམས་སུ་གཉིས་པ་
ལ་སོགས་པར་ནི་འབྲས་བུའི་རྣལ་འབྱོར་ཉིད་བྱའི། རྒྱུའི་རྣལ་འབྱོར་ནི་སོ་སོར་རབ་ཏུ་སྒོམ་པ་ཡིན་ལ་སྔར་གྲུབ་པའི་རིམ་གྱིས་འབྲས་བུའི་དེ་ཁོ་ན་ཉིད་ལ་ཡང་དག་པར་ཞུགས་པར་གྱུར་ན། དེ་ཉིད་གལ་ཏེ་ཡང་འདོད་པར་གྱུར་ན་ཅི་འགྱུར་ཞེ་ན། གང་དུ་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། གནས་སྐབས་གང་དུ་འདོད་པ་སྐྱེས་པར་གྱུར་པ་དེ་ཉིད་འཁོར་བའི་བག་ཆགས་ཡིན་ཞིང་དངོས་གྲུབ་ཀྱི་གེགས་སུ་གྱུར་པ་ཡིན་ཏེ། སླར་སྲིད་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འབྲས་བུའི་དེ་ཁོ་ན་ཉིད་ལ་ཡང་དག་པར་ཞུགས་པས་ནི་དངོས་གྲུབ་ཀྱི་
མཐར་ཐུག་པ་བསྟན་པར་བྱའོ་ཞེས་བྱ་བར་དགོངས་ཏེ། འདི་ནི་གདམས་པ་གསུངས་པ་ཡིན་ནོ། །འདིར་དྲིས་པ་གལ་ཏེ་འགྲོ་བའི་དོན་ལ་གྲོགས་སུ་མཛད་པ་ཡིན་ན། དེའི་ཚེ་དེས་ཉན་ཐོས་དང་རང་སངས་རྒྱས་དང་། ཕ་རོལ་ཏུ་ཕྱིན་པའི་སྒོ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་
སྒོམ་པ་ཅིའི་ཕྱིར་མ་གསུངས་ཤེ་ན། ཡིད་ལ་འདོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་ལ་འདོད་པ་ནི་སེམས་ཅན་རྣམས་ཀྱི་འདོད་པ་སྟེ་དེས་ན་སྒོམ་པ་སྣ་ཚོགས་པ་བཅོམ་ལྡན་འདས་ཀྱིས་ཡོངས་སུ་རྟོགས་ཤིང་གསུངས་པ་ཡིན་ནོ། །གང་ལས་ཤེ་ན། ཐེག་པ་
དེའི་ནང་ནས་གདམས་པ་གཅིག་པ་ཉིད་བསྟན་པ་ནི་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་ཞེས་བྱ་བའི་སྒྲ་ནི་ཁྱད་པར་གྱི་དོན་ཏོ། །བཤད་མ་ཐག་པའི་སྒོམ་པ་གཅིག་གིས་རྣལ་འབྱོར་གྱི་དེ་ཁོ་ན་ཉིད་ཐམས་ཅད་དང་འབྲེལ་པར་གནས་པ་གཅིག་པོ་དེ་ཉིད་ནི་རྣལ་འབྱོར་འབྱུང་
བའོ། །དེས་ན་གདམས་པ་གཅིག་པ་ཉིད་ཡིན་ནོ། །ད་ནི་གཙོ་བོ་སྟོན་ཏེ། དེ་ཡང་རྣལ་འབྱོར་ཉིད་ལས་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་འཐོབ་པར་འབྱུང་བ་འདི་ཡིན་པས་ན་རྣལ་འབྱོར་འབྱུང་བ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་བསྒོམ་པ་གང་ཡིན་པ་དེ་ལས་

ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འཐོབ་པ་ཡོད་པ་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་སྒོ་ལ་སྤྱོད་པའི་སྒོམ་པ་ལས་ནི་དེ་འབྱུང་བ་ཡིན་མོད་ཀྱི། འོན་ཀྱང་རྣལ་འབྱོར་འདི་དང་འདྲ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བའི་སྤྱོད་པ་
ཡོངས་སུ་རྫོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དེ་རྣམས་ལས་འབྱུང་བ་ཡིན་ཏེ་གདམས་པ་བསྟན་པའོ། །གདམས་པ་བསྟན་པ་བཤད་པ་ནི། སངས་རྒྱས་རྗེས་དྲན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྗེས་སུ་དྲན་པ་གཉིས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པ་ལས། རྐང་
གཉིས་ཏེ་ལྷ་དང་མི་དེ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡང་དག་པར་རྫོགས་པར་སངས་རྒྱས་པར་གྱུར་པའོ། །བྷ་གར་ལིངྒ་ཞེས་བྱ་བ་ནི་ཟླ་བ་དང་མཚན་མའོ། །རབ་ཏུ་གཞག་ཅེས་བྱ་བ་ནི་ལེགས་པར་བསྒོམ་པའོ། །སངས་རྒྱས་སྐུར་ཞེས་བྱ་བ་ནི་བདག་ཉིད་སངས་རྒྱས་ཀྱི་སྐུར་བསྒོམ་
པ་སྟེ། །བསྒོམ་པ་འདི་ཉིད་ནི་སངས་རྒྱས་རྗེས་སུ་དྲན་པའོ། །རྣལ་འབྱོར་པ་དེས་སངས་རྒྱས་སྤྲིན་ཞེས་བྱ་བ་བསྡུས་ནས་བྱོན་པའི་རྒྱལ་བ་ཐམས་ཅད་རྣམ་པར་བསྒོམ་པར་བྱ་ཞིང་། མངོན་པར་རྫོགས་པར་བྱང་ཆུབ་བསྟན་པར་བྱ་བའི་ཕྱིར་རང་གི་སྙིང་གར་གཞུག་པར་བྱའོ། །
དེ་ནས་སྙིང་གར་ཟླ་བ་ལ་གནས་པའི་རྡོ་རྗེར་བསམ་པར་བྱ་སྟེ། དེ་ཡང་། སངས་རྒྱས་ཀུན་གྱི་དངོས་ཀུན་ནི། །སྙིང་གའི་རྡོ་རྗེ་རྣམ་པར་བསམ། །ཞེས་རྡོ་རྗེ་རྩེ་མོ་ལས་གསུངས་པའི་ཕྱིར་རོ། །འདི་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཆོས་རྗེས་སུ་དྲན་པ་བསྟན་པའི་ཕྱིར། བྷ་
གར་ལིངྒ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བཤད་མ་ཐག་པའི་ཚུལ་དུ་སྙིང་གའི་ཟླ་བར་རྡོ་རྗེ་བསམ་པའོ། །རྡོ་རྗེ་ཆོས་ནི་ཞེས་བྱ་བ་ནི་དཀྱིལ་འཁོར་པ་རྣམས་ཀྱི་སྙིང་པོ་རྣམས་སོ། །ཆོས་ཀྱི་སྤྲིན་ཞེས་བྱ་བ་ནི་དཀྱིལ་འཁོར་རྣམས་ཀྱིའོ། །ཆར་རབ་འབེབས་ཞེས་བྱ་བ་ནི་སྙིང་
གའི་རྡོ་རྗེ་ཉིད་ལས་རྣམ་པར་བསྒོམ་ཞིང་བརྗོད་པ་དང་སྤྲོ་བ་བྱ་བའོ། །འདིར་ལིངྒ་ཞེས་གང་ལ་བྱ་ཞེ་ན། མཚན་མ་ལིངྒ་ཞེས་བཤད་དེ། །ཞེས་བྱ་བ་གསུངས་ཏེ། འདིར་མཚན་མ་ཉིད་ལ་ལིངྒ་ཞེས་བཤད་ཀྱི་གཞན་དག་ནི་མ་ཡིན་ནོ། །མཚན་མ་དེ་ཡང་ཇི་ལྟ་བུ་ཞེ་ན། ཕྱག་

རྒྱའི་མཚན་མ་རྣམ་པ་བཞི། །ཞེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན་བརྟན་པའི་ཁྱད་པར་གྱི་ངོ་བོ་ཉིད་དུ་གྱུར་པས་ཕྱག་རྒྱ་ཉིད་ལ་མཚན་མ་ཞེས་བཤད་དེ། དེ་ནི་ལྷའི་དེ་ཁོ་ན་ཉིད་སྟོན་པར་བྱེད་པ་ཡིན་པས་ན་ཕྱག་རྒྱའི་མཚན་མ་སྟེ། དེ་ཡང་དཔལ་རྡོ་རྗེ་རྩེ་མོ་ལས་ལིངྒའི་
མཚན་མ་ཞེས་བཤད་དེ། མཚན་སྐྱེས་བློ་ལྡན་ཡིན་པར་འདོད། །བྱང་ཆུབ་སེམས་ནི་ཐེག་ཆེན་པོ། །འདི་ནི་ལིངྒ་ཞེས་བྱར་གྲགས། །ཞེས་གསུངས་པ་ཡིན་ནོ། །རྣམ་པ་བཞི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་མཚན་མ་དང་། བྱང་ཆུབ་སེམས་དཔའི་མཚན་མ་
དང་། ལྷ་མོའི་མཚན་མ་དང་། ཁྲོ་བོ་རྣམས་ཀྱི་མཚན་མའོ། །སངས་རྒྱས་སྨོན་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དོ། །ཡང་ན་རྣམ་པར་དབྱེ་བས་དེ་རྣམ་དབྱེའི་དངོས་སུ་ནི་འདི་དག་ཐམས་ཅད་སངས་རྒྱས་ཡིན་ཏེ་གཞན་དུ་ན་བྱང་ཆུབ་སེམས་དཔའ་ལ་སོགས་པའི་རྣལ་
འབྱོར་པ་རྣམས་ལ་འབྲས་བུའི་དེ་ཁོ་ན་ཉིད་བསྒོམ་པ་མེད་པར་འགྱུར་རོ། །འདིར་བྷ་ག་ཞེས་གང་ལ་བྱ་ཞེ་ན། འཇོམས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདིར་འཇོམས་པས་ན་བྷ་ག་ཞེས་བྱའོ། །དེ་ཉིད་གང་ཞེ་ན། ཉོན་མོངས་འཇོམས་པ་དམ་པ་ཡིན། །ཞེས་བྱ་བ་གསུངས་
ཏེ། གང་ཉོན་མོངས་པ་འཇིག་ཅིང་འཇོམས་པ་མཆོག་དམ་པ་སྟེ། དེ་ཡང་རྣམ་པར་རྟོག་པའི་བྱེ་བྲག་རྣམས་ནི་ཉོན་མོངས་པ་ཡིན་ལ། དེ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་འཇོམས་པ་ནི་དམན་པ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཉོན་མོངས་པ་ཅན་དང་། ཉོན་མོངས་
པ་ཅན་མ་ཡིན་པའི་རྣམ་པར་རྟོག་པ་འདི་ཐམས་ཅད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྒྲིབ་པ་ཡིན་པས་ན་ཉོན་མོངས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་རྣམ་པར་རྟོག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པའོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་ཉོན་
མོངས་པ་ཐམས་ཅད་འཇོམས་པའི་ཟག་པ་མེད་པའི་ཡེ་ཤེས་གང་ཡིན་པ་དེ་ནི་འདིར་བྷག་ཡིན་ཏེ། ཇི་སྐད་དུ་དཔལ་རྡོ་རྗེ་རྩེ་མོ་ལས་ཀྱང་། གང་ཞིག་ཉོན་མོངས་ངེས་འཇོམས་པ། །འཇོམས་པས་བྷ་ག་ཞེས་བཤད་དེ། །ཤེས་རབ་ཉོན་མོངས་དེ་གསོད་པས། །དེ་བས་ཤེས་རབ་

བྷ་གར་བཤད། །ཅེས་གསུངས་པ་ཡིན་ནོ། །དོན་འདི་ཉིད་ཀྱིས་ན་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཟླ་བའི་དཀྱིལ་འཁོར་ཉིད་ལ་འདིར་བྷ་ག་ཞེས་བཤད་དོ། །དེའི་དེ་ཁོ་ན་ཉིད་ནི་བྱང་ཆུབ་ཀྱི་སེམས་ཡིན་པས་དེ་བསྟན་པར་བྱ་བའི་ཕྱིར་སེམས་ཅན་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། རང་གི་སེམས་ནི་བྷ་ག་ཡིན་པར་སྦྱར་རོ། །ཇི་ལྟ་བུའི་རང་གི་སེམས་ཤེ་ན། ཆོས་ནི་བསྡུས་པ་ཡིན་ཞེས་བྱ་བ་གསུངས་ཏེ། ཆོས་རྣམས་མ་ལུས་པ་འཛིན་པ་པོ་ཡིན་པ་སྟེ་ཆོས་ཐམས་ཅད་ལ་དམིགས་པ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། བསད་ན་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཞེས་བྱ་བ་ནི་ལྷག་མའོ། །དེ་ཡང་གང་རང་ཉིད་ཤི་བ་ནི་བསད་པའོ། །བསད་པ་དེ་ཅི་ཞིག་ཡིན་ཞེ་ན། སེམས་ཅན་ཀུན་གྱི་དངོས་པོ་ཀུན། །ཞེས་བྱ་བ་སྟེ། ལུས་དང་གནས་དང་ལོངས་སྤྱོད་དང་སེམས་དང་སེམས་ལས་
བྱུང་བར་ཆོས་ཀྱི་བསྡུ་བས་བསྡུས་པའོ། །ཅི་ལྟར་བསད་ཅེ་ན། ཆོས་བདག་མེད་པའི་སྦྱོར་བ་ཡིས། །ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་མི་བདེན་པར་ཡོངས་སུ་བརྟགས་པའི་དམིགས་པས་གཉིས་སུ་གཟུང་བའི་ངོ་བོའི་བྱེ་བྲག་ཏུ་སྣང་བ་ནུབ་པར་གྱུར་པས། གཉིས་
སུ་མེད་པའི་རྣམ་པར་ཤེས་པ་ཙམ་གྱི་ཚུལ་གྱིས་སྣང་བའི་བདག་ཉིད་ཅན་སྡིག་པ་མེད་ཅིང་རོ་མཉམ་པར་གྱུར་པ་ནི་ཆོས་བདག་མེད་པ་སྟེ། རྣལ་འབྱོར་དེ་ལ་རང་གི་སེམས་མཉམ་པར་གཞག་པ་སྟེ། དེ་བསད་ན་རང་ཉིད་འཆི་བར་འགྱུར་ཏེ། རང་ཉིད་ཀྱིས་ཀྱང་ལུས་དང་
གནས་དང་ལོངས་སྤྱོད་ལ་སོགས་པ་གཉིས་སུ་སྣང་བའི་ངོ་བོ་ཉིད་ནུབ་པའི་ཕྱིར་གཉིས་སུ་མེད་པ་ཡང་རང་སྣང་བའི་བདག་ཉིད་ཅན་དང་། སེམས་ཅན་ཐམས་ཅད་ཀྱི་སྣང་བའི་བདག་ཉིད་ཅན་རོ་གཅིག་པ་ཉིད་ཡིན་ཏེ། འདིར་ཡང་ཆོས་ཐམས་ཅད་མཉམ་པ་ཉིད་དང་།
སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་མཉམ་པ་ཉིད་གང་གི་ཚེ་མི་དམིགས་པར་གྱུར་པའི་ཡེ་ཤེས་དེས་རིམ་པ་བཞིན་དུ་མི་དམིགས་པའི་ཤེས་རབ་དང་སྙིང་རྗེ་དང་། འདི་དག་གཉིས་ཀའི་མཚན་ཉིད་ཅན་བྱང་ཆུབ་ཀྱི་སེམས་ནི་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱིས་རྣམ་པར་རྟོག་

པའི་ས་བོན་འབྱིན་པར་བྱེད་པ་ཡིན་པས་ན། ཉོན་མོངས་པ་འཇོམས་པར་བྱེད་པ་ཡིན་ཏེ། དེ་ནི་བྷ་གའི་དེ་ཁོ་ན་ཉིད་དོ། །ཕྱག་རྒྱའི་གཟུགས་ལྟར་ན་ཟླ་བའི་དཀྱིལ་འཁོར་ཏེ་དེ་ནི་འདིར་ཕྱག་རྒྱར་བྱས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་མཉམ་པ་
ཉིད་དང་། སེམས་ཅན་ཐམས་ཅད་ཀྱི་མཉམ་པ་ཉིད་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར་དཀྱིལ་འཁོར་དེའི་དོན་ཏེ། དམིགས་པའི་ཡེ་ཤེས་ཀྱི་ཚུལ་ཡང་དག་པའི་སྣང་བའི་རང་བཞིན་ཡིན་པའི་དོན་ཡིན་ནོ། །ལིངྒའི་ཕྱག་རྒྱའི་གཟུགས་
ཀྱང་མཚན་མ་རྣམ་པ་བཞི་ཡིན་པར་གསུངས་ལ། དེའི་དེ་ཁོ་ན་ཉིད་ནི་མདོར་ན་བྱང་ཆུབ་ཀྱི་སྤྱོད་པ་མ་ལུས་པའི་རྗེས་སུ་འགྲོ་བ་ཡིན་པས། བྱང་ཆུབ་ཀྱི་སེམས་བརྟན་པར་གྱུར་པ་ཡིན་ཏེ། དེ་བསྟན་པ་ནི་རང་གི་སེམས་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་
སེམས་ཉིད་རྫོགས་སངས་རྒྱས། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཉིད་ཀྱིས་ཤེས་བྱ་ཐམས་ཅད་ཡང་དག་པར་རྟོགས་པ་ཡིན་པའི་ཕྱིར་རོ། །དེས་ན་དེ་ཉིད་རྟོགས་པར་བྱ་བ་ཡང་ཡིན་ཏེ། དེ་ཉིད་ཀྱིས་ཤེས་བྱ་ཐམས་ཅད་བསྡུས་པ་ཡིན་པའི་ཕྱིར་རོ། །གསད་བྱ་བ་
ཞེས་བྱ་བ་ནི་གསད་པ་དང་འགོག་པ་དང་མྱ་ངན་ལས་འདས་པ་དང་སྤངས་པ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ནོ། །རང་གི་སེམས་ཉིད་གཟུང་སྟེ་སྒྲིབ་པའི་ས་བོན་ཐམས་ཅད་དགག་པ་ཡིན་གྱི། ཐམས་ཅད་དུ་ཆད་པ་ནི་མ་ཡིན་ནོ། །སེམས་ཉིད་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བར་
བཤད་དེ་སྒྲིབ་པ་རྣམས་ངེས་པར་འགོག་པར་བྱེད་དོ། །དེ་ལྟ་བུའི་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པའི་མཚན་ཉིད་ཀྱིས་ན་འཚང་རྒྱ་བ་འདི་བྱང་ཆུབ་ཀྱི་སེམས་ཉིད་ཡིན་ནོ། །དེ་ལྟར་སྤྱོད་པ་ཡོངས་སུ་བསྡུས་པ་ནི་ལིངྒའི་དེ་ཁོ་ན་ཉིད་དོ། །དེ་ལྟར་རྗེས་སུ་དྲན་པ་གཉིས་
ཀྱིས་བྷ་ག་དང་ལིངྒ་བཤད་པ་ཡིན་ཏེ་ལྷག་མ་ནི་གོ་སླའོ། །དེ་ལ་སངས་རྒྱས་རྗེས་སུ་དྲན་པའི་རྒྱུ་དང་འབྲས་བུ་སྦྱོར་བ་མདོར་བསྡུས་ནས་བསྟན་པ་ཡིན་ལ། དེ་བྱང་ཆུབ་སེམས་དཔའ་ལ་སོགས་པའི་རྡོ་རྗེ་དང་ཟླ་བ་ཉིད་ཀྱི་རིམ་གྱིས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ནི་རྣམ་

པ་ལྔ་སྟེ། ཟླ་བ་ལ་ཟླ་བ་དང་། རྡོ་རྗེ་ལ་རྡོ་རྗེ་དང་སྐུ་སྟེ། སངས་རྒྱས་ཀྱི་སྐུ་དང་རྣམ་པ་ལྔའོ། །བསྒོམ་པ་འདི་དང་ཅི་འདོད་པར་བཟླས་པའི་རང་བཞིན་གྲུབ་པའི་སྔགས་ལྔ་པོ་དཔལ་དེ་ཁོ་ན་ཉིད་བསྡུས་པ་དང་རྡོ་རྗེ་རྩེ་མོ་དང་ཟླ་གསང་ཐིག་ལེ་དང་གསང་བའི་མཛོད་ལས་རྒྱ་ཆེར་
གསུངས་པ་ཡིན་ནོ། །བསྒོམ་པའི་འབྲས་བུ་ཡང་ཟླ་གསང་ཐིག་ལེ་དང་གསང་བའི་མཛོད་དག་ལས་གསུངས་པས་དེ་བརྗོད་པར་བྱ་སྟེ། དེ་ནས་བསམ་གཏན་གྱི་ཕྱག་རྒྱས་གནས་ལ། ཆོས་ཐམས་ཅད་བདག་མེད་པའི་མཉམ་པ་ཉིད་བསམ་པར་བྱ། ཕྱི་དང་ནང་དུ་བཅས་
པ་འདི་དག་ཐམས་ཅད་ནི་སེམས་དང་སེམས་ལས་བྱུང་བ་ཡིན་གྱི། སེམས་དང་སེམས་ལས་བྱུང་བ་ལས་ཐ་དད་པ་གཞན་དག་ཡོད་པ་མ་ཡིན་ནོ་ཞེས་ཡིད་ལ་ངེས་པར་བསམས་ལ་ཆོས་ཐམས་ཅད་ནི་གདོད་མ་ནས་མ་སྐྱེས་པ་ཉིད་ཡིན་པའི་ཕྱིར། སྐྱེ་བ་མེད་ཅིང་རང་བཞིན་
གྱིས་འོད་གསལ་བ་ཉིད་ཡིན་ནོ་ཞེས་ཡིད་ལ་བརྗོད་དོ། །ཆོས་ཐམས་ཅད་བདག་མེད་པ་ཉིད་ཀྱིས་ན་གཉིས་སུ་མེད་ཅིང་སྟོང་པ་ཉིད་ཀྱི་མཉམ་པ་ཉིད་དུ་དེ་བསམ་པར་བྱའོ། །ཇི་ལྟར་བསམ་པར་བྱ་ཞེ་ན། ཆོས་ཐམས་ཅད་ལ་དམིགས་པའི་སེམས་བརྟན་པར་བྱས་ལ། དེ་
རྣམས་ཀྱི་གཟུང་བ་དང་འཛིན་པའི་རྣམ་པས་བསྡུས་པའི་བྱེ་བྲག་ཐ་དད་པ་བསལ་ནས་གཉིས་སུ་མེད་པའི་སྟོང་པ་ཉིད་དུ་སྣང་བའི་བདག་ཉིད་ཅན་སྡིག་པ་མེད་པར་མཐོང་བ་འདི་ནི་དེ་རྣམས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་མཐོང་བ་ཡིན་ཏེ། དེ་ལ་དམིགས་པ་ནི་མི་དམིགས་པའི་
ཚུལ་གྱིས་ཡོངས་སུ་རྫོགས་པའི་ངོ་བོ་ཉིད་དེ། འདིའི་རབ་ཏུ་སྦྱོར་བ་ནི་ཡང་དག་པ་ཉིད་ལ་རབ་ཏུ་བལྟ་བའོ། །དེའི་ངོ་བོ་ཉིད་ནི་ཕྱིན་ཅི་མ་ལོག་པ་ཉིད་དུ་ངེས་པ་ཡིན་པས་དེ་བསྟན་པ་ནི་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདི་ནི་ཞེས་བྱ་བའི་ཏིང་ངེ་འཛིན་
གྱི་དམིགས་པའི་ཕྱི་དང་ནང་གི་དམིགས་པའོ། །ཐམས་ཅད་ཅེས་བྱ་བ་ནི་གཟུང་བ་དང་འཛིན་པ་ཉིད་ཀྱིས་སོ་སོར་སྣང་ཞིང་སེམས་ཀྱིས་བརྟགས་པ་རྣམས་སོ། །དེ་ལྟར་ན་གཟུང་བ་དང་འཛིན་པ་གཉིས་པོ་འདི་དག་ནི་ཡང་དག་པ་མ་ཡིན་པར་ཀུན་དུ་བརྟགས་པ་སྟེ། ཡང་དག་

པ་མ་ཡིན་པ་ཀུན་དུ་བརྟགས་པའི་སེམས་ཉིད་ནི་ཀུན་དུ་བརྟགས་པ་དང་། གཞན་དབང་དག་བསྟན་པར་གྱུར་པ་ལས། ཡང་དག་པར་སོ་སོར་རྟོག་པ་མཐོང་བ་ནི་གོ་རིམས་བཞིན་དུ་མེད་པ་དང་། མེད་བཞིན་དུ་སྣང་བ་ཉིད་ཀྱིས་ན་ཡོངས་སུ་གྲུབ་པའི་ངོ་བོ་
ཉིད་གཉིས་སུ་མེད་པའི་སྟོང་པ་རྣམ་པར་ཤེས་པ་ཙམ་ཉིད་དེ། དེའི་ཡང་དག་པར་སོ་སོར་རྟོག་པར་བསྟན་པའི་ཕྱིར། དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ནི་རྣམ་པར་ཤེས་པ་སྟེ་དེ་ལས་ཐ་དད་ཅིང་ལྷག་པའི་གཟུང་བ་དང་འཛིན་པ་གཞན་དག་ཡོད་པ་མ་
ཡིན་ཏེ། གཉིས་པོས་སྟོང་པའི་རྣམ་པར་ཤེས་པ་ནི་དོན་དམ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡིད་ཀྱིས་བརྗོད་ཅེས་བྱ་བ་ངེས་པར་བྱས་ནས་སོ། །གང་གིས་ཤེ་ན། ཡིད་ཀྱིས་ཏེ་ཡིད་ཀྱིས་བརྗོད་ནས་དེའི་འོག་ཏུ་བསམ་པར་བྱའོ་ཞེས་སྔ་མ་དང་སྦྱར་རོ། །མཉམ་པ་ཉིད་དུ་
མཐོང་བའི་རྗེས་ལ་མཉམ་པ་ཉིད་དུ་ངེས་པར་བྱ་བར་བསྟན་པ་ནི། སྐྱེ་བ་མེད་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཆོས་ཐམས་ཅད་གཉིས་སུ་མེད་པའི་ཚུལ་གྱིས་སྐྱེ་བ་མེད་པ་ཉིད་ཡིན་ནོ། །དེ་ཅི་ལམ་གྱིས་ཡོངས་སུ་སྦྱངས་པས་སྐྱེ་བ་མེད་པ་ཡིན་ནམ་ཞེ་ན། དེ་མ་ཡིན་པའི་
ཕྱིར་གཟོད་ནས་སྐྱེ་བ་མེད་པ་ཞེས་བྱ་བ་གསུངས་ཏེ། གཉིས་པོ་ནི་རྟག་ཏུ་མཉམ་པ་ཉིད་ཡིན་པས་ན་ངོ་བོ་ཉིད་དེས་གདོད་མ་ཉིད་ནས་སྐྱེ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །རང་བཞིན་གྱིས་འོད་གསལ་བ་ཞེས་པ་ནི་རང་བཞིན་གྱིས་དེ་ཁོ་ན་ཉིད་ཅེས་བཤད་ཅིང་དྲི་མ་མེད་ཅེས་
བཤད་པས། གཉིས་སུ་རྟོག་པའི་དྲི་མ་རྣམས་ནི་རྩ་བ་མི་བརྟན་པ་ཉིད་ཡིན་པས་ན་གློ་བུར་དུ་འོངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཨོཾ་ཙིཏྟ་པྲ་ཏི་བི་དྷཾ་ཀ་རོ་མི་ཞེས་ཕྲ་བར་བཟླས་པས་དང་པོར་ཟླ་བའི་དཀྱིལ་འཁོར་དུ་བལྟའོ། །དེའི་དེ་ཁོ་ན་ཉིད་ནི་ཀུན་ནས་ཉོན་མོངས་
པའི་ས་བོན་གྱི་གཞིར་གྱུར་པ་ཉིད་ཀྱིས་ན། སྔར་ཀུན་གཞི་ཞེས་བཤད་པའི་སེམས་དེའི་དེ་ཡོངས་སུ་ཟད་པས་ཟག་པ་མེད་པའི་ཆོས་ཀྱི་ས་བོན་གྱི་གཞིར་གྱུར་པ་གནས་ཡོངས་སུ་གྱུར་པ་ཟག་པ་མེད་པའི་དབྱིངས་གནས་མེད་པ་བཤད་པ་ཤིན་ཏུ་རྣམ་པར་དག་པ་སྟེ། དག་པ་དེ་ཉིད་ནི་ཟླ་བའི་དོན་

ཡིན་ནོ། །ཚོགས་ཡོངས་སུ་རྫོགས་པས་སངས་རྒྱས་པའི་ཕྱིར་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཨ་ལ་སོགས་པའི་གཟུགས་ཟླ་བ་དང་ཤེལ་ལྟ་བུར་དཀར་བའི་ཚུལ་གྱིས་འདིར་རབ་ཏུ་ཞུགས་ཏེ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ། དེའི་སྟེང་དུ་ཨོཾ་བོ་དྷི་ཙིཏྟ་
ཨུཏྤཱ་ད་ཡཱ་མི་ཞེས་ཕྲ་བར་བཟླས་ལ། ཟླ་བའི་དཀྱིལ་འཁོར་གཉིས་པར་བསྒོམ་པར་བྱའོ། །འདིར་ཡང་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀ་ལ་སོགས་པའི་གཟུགས་ཀྱིས་གཟུགས་བརྙན་གྱི་ཚུལ་དུ་ཞུགས་ཏེ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་
ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། འདིའི་དེ་ཁོ་ན་ཉིད་ནི་བྷ་ག་ཞེས་བཤད་པ་བྱང་ཆུབ་ཀྱི་སེམས་ཀུན་དུ་བཟང་པོའི་སེམས་བསྐྱེད་པའོ། །དེའི་སྟེང་དུ་ཏིཥྛ་བཛྲ་ཞེས་ཕྲ་བར་བཟླས་པ་ལས་བདག་ཉིད་རྡོ་རྗེ་དཀར་པོ་འོད་ཟེར་དང་བཅས་པར་བསྒོམ་པར་བྱའོ། །དེའི་དེ་ཁོ་ན་ཉིད་
ནི་བྱང་ཆུབ་ཀྱི་སྤྱོད་པ་བསྡུས་པའི་བྱང་ཆུབ་ཀྱི་སེམས་བརྟན་པར་གྱུར་པའོ། །དེའི་འོག་ཏུ་ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་ཕྲ་བར་བཟླས་ནས་རྡོ་རྗེ་དེ་ཉིད་ལས་རྡོ་རྗེ་དབྱིངས་རྣམས་ཀྱིས་ནམ་མཁའ་ཁྱབ་པར་སྤྲོ་བ་དང་བསྡུ་བ་བསྒོམ་པར་བྱའོ། །དེའི་དེ་ཁོ་ན་ཉིད་ནི་ཆོས་ཀྱི་སྐུ་འཐོབ་
པའོ། །དེའི་འོག་ཏུ་ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཏ་ཐཱ་ཨ་ཧཾ། ཞེས་ཕྲ་བར་བཟླས་པས་ཟླ་བ་གཉིས་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སངས་རྒྱས་ཀྱི་སྐུར་བསྒོམ་པར་བྱའོ། །དེའི་དེ་ཁོ་ན་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་
ཅད་མཁྱེན་པའི་ཡེ་ཤེས་འཐོབ་པ་ཡིན་ནོ། །དེ་ཡང་རྡོ་རྗེ་རྩེ་མོ་ལས། །སྐུ་ཡི་གསང་བ་དེ་བཞིན་སྤྱོད། །སྤྱོད་ཡུལ་ཐུགས་སུ་ཆུད་པ་སྟེ། །ལྔ་པོ་དེ་དག་ཀུན་གྱི་སྤྱི། །སངས་རྒྱས་ཐམས་ཅད་མཉམ་བདག་ཉིད། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །སངས་རྒྱས་ཡེ་ཤེས་བླ་ན་
མེད། །ཅེས་གསུངས་པ་དང་། དཔལ་མཆོག་དང་པོ་ལས་ཀྱང་། དེ་བཞིན་དུ་མངོན་པར་བྱང་ཆུབ་པའི་མཚན་ཉིད་ནི། རང་སེམས་སོ་སོར་རྟོག་པ་ལས། བྱང་ཆུབ་སེམས་མཆོག་རྡོ་རྗེ་ཉིད། །དེ་ཉིད་དེ་ཡི་སངས་རྒྱས་ཉིད། །བདག་ཉིད་སངས་རྒྱས་བསྒོམ་པས་སོ། །ཞེས་

གསུངས་པ་ཡིན་ནོ། །དེ་ལྟར་ན་དང་པོའི་རྣམ་པ་བཞི་ནི་རྒྱུའི་དེ་ཁོ་ན་ཉིད་ལ་ལྔ་པོ་ནི་འབྲས་བུའི་དེ་ཁོ་ན་ཉིད་ཡིན་ནོ། །དྲིས་པ། འབྲས་བུ་ནི་རྒྱུ་ལ་རག་ལས་པ་ཡིན་པས་ན་རྒྱུའི་སྦྱོར་བ་ཉིད་བྱའི་འབྲས་བུའི་སྦྱོར་བས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་སྦྱོར་དང་ཞེས་བྱ་
བ་ལ་སོགས་པ་གསུངས་ཏེ། སྦྱོར་བ་ཉིད་ནི་སངས་རྒྱས་ཀྱི་རྣལ་འབྱོར་དུ་གྱུར་པ་ཉིད་དེ། དེ་དང་གང་ཡང་དག་པར་འབྲེལ་པ་མེད་པར་ནི་རྣལ་འབྱོར་གྱི་རྒྱུད་ལས་ཀྱང་དངོས་པོ་འབྱུང་བར་མ་གསུངས་ཏེ། དེ་ཡང་འདི་ལས་བྱུང་བས་ན་སྲིད་པ་སྟེ་རྒྱུའོ། །དངོས་པོ་དེ་ཉིད་དུ་འབྱུང་བས་
ན། སྲིད་པ་གང་དུ་འབྱུང་འགྱུར་བ། །ཞེས་བྱའོ། །ལ་ལས་ནི། སྲིད་པ་རུ་ནི་འབྱུང་འགྱུར་བ། །ཞེས་ཟེར་ཏེ་གཉིས་ཀ་ཡང་རྣལ་འབྱོར་རྒྱུད་གང་དུ་ཡང་རྒྱུའི་སྦྱོར་བ་འབའ་ཞིག་ལས་འབྱུང་བ་མ་ཡིན་ཞེས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་འབྱུང་ཞེ་ན། གང་ཚེ་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། གང་གི་ཚེ་སངས་རྒྱས་སུ་གྱུར་པར་སྒོམ་པའི་བསྒོམ་བཞིན་པ་ལ་བདག་ཉིད་སངས་རྒྱས་ཀྱི་ཚུལ་དང་ལྡན་པའི་ཕྱིར་རོ། །ཇི་ལྟར་བསྒོམ་ཞེ་ན། སངས་རྒྱས་བདག་ཅེས་བྱ་བ་སྟེ། བདག་ཉིད་སངས་རྒྱས་ཡིན་ནོ་ཞེས་བསྟན་པའི་ངེས་པ་བསྒོམ་པ་སྟེ།
དེའི་ཚེ་ནི་སྦྱོར་ལྡན་ཞེས་པ་རྣལ་འབྱོར་པ་སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏེ། དེའི་ཚེ་རྣལ་འབྱོར་དེས་བྱང་ཆུབ་སྒྲུབ་པ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་ཏེ། དེ་ཡང་སངས་རྒྱས་ཉིད་སྒྲུབ་པའི་རྣལ་འབྱོར་ནི་སངས་རྒྱས་རྣལ་འབྱོར་ཏེ། གང་ཡང་རྒྱུའི་རྣལ་འབྱོར་ཉིད་ཀྱིས་
འཚང་རྒྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་བྱ་བའི་རྒྱུད་ལ་སོགས་པ་ལས་བཤད་པ་སྟེ། དེ་ནི་དུས་ཤིན་ཏུ་རིང་བས་འབྱུང་བ་ཡིན་ནོ། །རྣལ་འབྱོར་གྱི་རྒྱུད་རྣམས་སུ་ནི་རྒྱུ་དང་འབྲས་བུའི་སྦྱོར་བ་ལ་སོགས་པས་ཐེག་པ་ཆེན་པོ་མཐའ་དག་བསྡུས་པ་ཡིན་པའི་ཕྱིར་ཤིན་ཏུ་མྱུར་བ་ཉིད་དུ་བྱང་
ཆུབ་ཐོབ་པ་ཡིན་ནོ། །དེ་བས་ན་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མདོར་བསྡུས་པ་ཞེས་བྱ་བ་དུས་མདོར་བསྡུས་པས་འཚང་རྒྱ་བ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་ཡེ་ཤེས་ལས་བྱུང་བ་ཞེས་བྱ་སྟེ། ཏིང་ངེ་འཛིན་ནི་མངོན་པར་བྱང་ཆུབ་པ་ལྔའི་ཏིང་ངེ་འཛིན་ཏོ། །ཡེ་

ཤེས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེ་གཉིས་ལས་འདི་ཡང་དག་པར་བྱུང་ཞིང་སྐྱེས་པ་ཡིན་པས་དེ་སྐད་ཅེས་བྱའོ། །ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཏེ་དེའི་ཕྱིར་རོ་ཞེས་ཤེས་པར་བྱའོ། །སངས་རྒྱས་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པས་ནི་ཉེ་བར་བསྡུས་པ་ཡིན་ཏེ། གང་འདི་དཔལ་དེ་ཁོ་
ན་ཉིད་བསྡུས་པ་ལས། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན། །སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཡིན། །འདི་ནི་སངས་རྒྱས་སངས་རྒྱས་ཉིད། །གཞན་དུ་སངས་རྒྱས་འགྱུར་མ་ཡིན། །ཞེས་གསུངས་པ་ཡིན་ནོ། །དེའི་དོན་གང་ཡིན་ཞེ་ན། དོན་འདི་ཡིན་ཏེ་མངོན་པར་བྱང་ཆུབ་
པ་རྣམ་པ་ལྔའི་ཏིང་ངེ་འཛིན་གྱི་རིམ་གྱིས་ཏིང་ངེ་འཛིན་གསུམ་བསྒོམས་ལ་ཕྱིས་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཡུན་རིང་དུ་གནས་པར་བྱ་སྟེ། རང་གི་སྙིང་གར་གནས་པའི་རྡོ་རྗེ་ལ་སེམས་མཉམ་པར་གཞག་ནས། ཇི་སྲིད་འདོད་ཀྱི་བར་དུ་གནས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །
རྒྱུ་དང་འབྲས་བུའི་སྦྱོར་བ་བསྟན་པའོ། །འབྲས་བུའི་སྦྱོར་བ་ལ་ཡང་དག་པར་ཞུགས་པ་ཞེས་གསུངས་པ་དེ་ལ་ཡང་དག་པར་ཞུགས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་དང་། ངོ་བོ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལས་གཉིས་སུ་མེད་པའི་ཡེ་ཤེས་བསྟན་པར་བྱ་བའི་ཕྱིར། ཕྲ་མོའི་ཞེས་བྱ་བ་ལ་
སོགས་པ་གསུངས་པ་ཡིན་ཏེ། རང་གི་སེམས་ཉིད་ཆོས་ཐམས་ཅད་དམིགས་པ་ན་སྤྲོས་པའི་མཚན་མ་ཐམས་ཅད་ནུབ་པར་གྱུར་པས་གཉིས་སུ་མེད་པར་སྣང་བའི་བདག་ཉིད་ཀྱིས། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བ་རོ་གཅིག་པར་གྱུར་པ་གང་ཡིན་པ་
དེ། དག་པའི་བདག་ཉིད་གང་གིས་ཇི་ལྟ་བ་བཞིན་དུ་མཐོང་བ་ནི་དང་པོ་མཐོང་བ་སྟེ། དེའི་འོག་ཏུ་རང་གི་སེམས་དེ་སྟུག་པར་གྱུར་པ་སྟེ་ཟླ་བ་དང་རྡོ་རྗེ་དང་སངས་རྒྱས་ལ་སོགས་པའི་དངོས་པོ་ཇི་ལྟ་བ་བཞིན་དུ་འགྱུར་རོ། །དེ་དག་ཀྱང་གང་ལས་ཤེ་ན། དངོས་དང་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། གང་གི་ཕྱིར་དངོས་པོ་དང་དངོས་པོ་མེད་པའི་ཁྱད་པར་དུ་བསྒོམ་པ་དེ་ལ་ཆོས་ཐམས་ཅད་ལ་དམིགས་པའི་ཕྲ་བར་གྱུར་པ་ནི་དངོས་པོ་མེད་པའི་ཁྱད་པར་རོ། །ཕྲ་བར་གྱུར་པ་དེའི་འོག་ཏུ་སྟུག་པོར་གྱུར་པ་ནི་དངོས་པོའི་ཁྱད་པར་ཏེ་དེ་ལྟ་བུའི་དངོས་པོ་

དང་། དངོས་པོ་མེད་པའི་ཁྱད་པར་སྒོམ་པ་ཀུན་དུ་བརྟགས་པ་ཡིན་ཞེས་བྱ་བ་སྟེ། རྣལ་འབྱོར་གྱི་རྒྱུད་རྣམས་སུ་བསྒོམ་པ་རྣམ་པར་གཞག་པ་ཡིན་ནོ། །དེ་དག་ཀྱང་གང་ལས་ཤེ་ན། དངོས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་འབའ་ཞིག་ནི་
བསྒོམ་པ་མ་ཡིན་ཏེ། རྣམ་པ་བཞི་པོ་ལ་སངས་རྒྱས་ཀྱི་སྐུ་སྐྱེས་པ་ཡིན་དུ་ཟིན་ཀྱང་། རང་བཞིན་གྱི་སྐུ་ལས་ཤིན་ཏུ་དམན་པ་ཡིན་པའི་ཕྱིར་དངོས་པོ་མེད་པ་ནི་ཕྲ་བའི་དངོས་པོ་སྟེ། སྒོམ་པ་དེ་ཡང་བསྒོམ་པ་མ་ཡིན་ཏེ་བསྒོམས་ཀྱང་བསྒོམ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
ཇི་ལྟར་སྒོམ་པ་ཡིན་ཞེ་ན། དེས་དོན་དམ་པ་མཐོང་བའི་ཕྱིར་རོ། །ཇི་ལྟར་བསྒོམ་པ་མ་ཡིན་ཞེ་ན། མངོན་པར་བྱང་ཆུབ་པ་ལྔ་བསྒོམས་པའི་འོག་ཏུ་ཤིན་ཏུ་མྱུར་བར་བྱང་ཆུབ་འཐོབ་པའི་ཕྱིར་རོ། །དེ་ནས་ཅི་ཞིག་ཅེ་ན། བསྒོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
ཕྲ་བའི་དངོས་པོ་བསྒོམས་པས་ནི་དོན་དམ་པ་མཐོང་བའི་ཕྱིར་རོ། །དེ་ནས་དེའི་འོག་ཏུ་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་དངོས་པོ་སྒོམ་པ་སྟེ། དངོས་པོ་དེ་བསྒོམས་པས་རང་གི་སེམས་ཡོངས་སུ་སྦྱང་བ་སྟེ། ཡོངས་སུ་དག་པའི་ལས་དག་པའི་གནས་སྐབས་སོ། །དེ་བས་
ན་རྒྱུ་དང་འབྲས་བུ་ནི་རང་གི་སེམས་ཉིད་ལས་གཞན་མ་ཡིན་ནོ་ཞེས་ངེས་པར་བྱས་པ་གང་ཡིན་པ་དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །གལ་ཏེ་རྒྱུ་དང་འབྲས་བུ་རང་གི་སེམས་ཉིད་ཡིན་ན། དེའི་ཚེ་དེ་ཉིད་ནི་དེའི་རིག་པ་ཡིན་པས་རྣལ་འབྱོར་པ་དེ་སངས་རྒྱས་པར་མི་འགྱུར་
ཏེ། དེ་ཐམས་ཅད་མཁྱེན་ན་བདག་ཉིད་དང་གདུལ་བྱ་རྣམས་ཀྱི་སེམས་ཀྱི་སྤྱོད་པ་མི་ཤེས་པས་ཇི་ལྟར་སངས་རྒྱས་པ་ཡིན་ཞེ་ན། དེའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཏེ་ཐམས་ཅད་མཁྱེན་པ་ནི་ཡུལ་མ་ཡིན་ཞིང་གཟུང་བར་བྱ་བ་མ་ཡིན་པས་ན་སངས་རྒྱས་ཀྱི་ཡུལ་
ལོ། །སེམས་ཅན་ནི་གདུལ་བྱ་རྣམས་ཏེ་དེ་རྣམས་ནི་གཟུང་བར་བྱ་བ་མ་ཡིན་པས་དེ་སྐད་ཅེས་བྱའོ། །གལ་ཏེ་དེ་གཟུང་བར་གྱུར་ན་ནི་དེའི་ཚེ་དེ་ལ་གཉིས་ཀྱི་རྟོག་པ་ཡོད་པས་འཁྲུལ་བར་འགྱུར་གྱི་འཚང་རྒྱ་བར་ནི་མི་འགྱུར་རོ། །འོ་ན་ཇི་ལྟར་སངས་རྒྱས་པར་འགྱུར་ཞེ་ན། རང་

གི་སེམས་རྟོགས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་སེམས་ཉིད་ཀྱི་ཆོས་ཐམས་ཅད་རོ་གཅིག་པར་རྟོགས་པས་རང་རིག་པ་ཙམ་གྱི་འཁྲུལ་པ་དང་བྲལ་བའི་ཕྱིར་རོ། །སངས་རྒྱས་ཏེ་ཞེས་བྱ་བ་ནི་བྱང་ཆུབ་ཅིང་ཐམས་ཅད་མཁྱེན་པའོ། །ཉེ་བར་བསྡུ་བའི་ཕྱིར་
གཉིས་མེད་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ལ་མཉམ་པར་གཞག་པའི་ནི་གཉིས་སུ་མེད་པའི་སྦྱོར་བའོ། །ཏིང་ངེ་འཛིན་ནི་འབྲས་བུའི་སྦྱོར་བའོ། །དེའི་ཡེ་ཤེས་ནི་ཡོངས་སུ་ཤེས་པ་སྟེ། དེ་ཁོ་ན་ཉིད་ངེས་པར་བརྟག་པའོ། །དེའི་
དོན་བརྟག་པ་ནི་བསྐྱེད་པའོ། །རྒྱུའི་དེ་ཉིད་ཇི་ལྟར་ཞེས་བྱ་བ་ནི་ཡོངས་སུ་དག་པའི་སེམས་ཀྱི་ངོ་བོ་ཉིད་མཐོང་བ་གང་ཡིན་པའོ། །དེ་ཉིད་ཡིན་ཞེས་བྱ་བ་ནི་མཐོང་བ་ཞེས་བྱ་བ་དང་སྦྱར་རོ། །གཉིས་སུ་མེད་པའི་ཡེ་ཤེས་བསྟན་པའོ། །ངོ་བོ་ཉིད་ཀྱི་ཡེ་ཤེས་བསྟན་པར་བྱ་
བའི་ཕྱིར། རྒྱུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་ནི་ཟླ་བ་ལ་སོགས་པའོ། །འབྲས་བུ་ནི་སངས་རྒྱས་ཀྱི་སྐུ་ལ་སོགས་པ་སྟེ། དེ་གཉིས་ལ་ནི་དེ་ཁོ་ན་ཉིད་ཅུང་ཟད་ཀྱང་མེད་པ་ཡིན་པའི་ཕྱིར་རོ། །མེད་པ་ཉིད་ནི་གཅིག་དང་དུ་མ་དང་བྲལ་བ་ཡིན་ནོ། །དེ་ཡང་
འཕགས་པ་ལང་ཀར་གཤེགས་པ་ལས། ཇི་ལྟར་མེ་ལོང་དག་ལ་གཟུགས། །གཅིག་དང་དུ་མ་རྣམ་སྤངས་པར། །སྣང་ཡང་དེ་ལ་ཡོད་མ་ཡིན། །དེ་བཞིན་དངོས་ལ་དངོས་རྣམས་སོ། །ཞེས་གསུངས་པ་ཡིན་ནོ། །རྒྱུ་ཉིད་ནི་རྒྱུའི་ངོ་བོ་ཉིད་ཡིན་ནོ། །དེ་ཉིད་དེ་ནི་དེ་
བཞིན་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་སྟེ་དོན་དམ་པར་རོ། །ཡེ་ཤེས་དེ་ལ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ཡེ་ཤེས་དེ་ལའོ། །ཀུན་དུ་སྤྱོད་ཅེས་བྱ་བ་ནི་ཡང་དག་པར་སྤྱོད་པའོ། །ཇི་ལྟར་ཡང་དག་པར་སྤྱོད་ཅེ་ན། རྒྱུ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་གཉིས་
པོས་སྟོང་པའི་རྣམ་པར་ཤེས་པ་ཙམ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དེ་ལ་ཀུན་བརྟགས་པ་དང་། གཞན་དབང་གི་རང་བཞིན་ཅན་གྱི་ཡོངས་སུ་ཤེས་པར་གང་གྱུར་པ་དེ་ལ་ནི་རྒྱུ་ལ་རྒྱུའི་ངོ་བོར་ཡོད་པ་མ་ཡིན་ལ་འབྲས་བུ་ལ་འབྲས་བུའི་རང་གི་ངོ་བོར་

ཡོད་པ་མ་ཡིན་ནོ། །བརྟག་པའི་ངོ་བོ་ཉིད་དུ་གྱུར་པའི་བརྫུན་པར་ངེས་པའི་ཡོངས་སུ་ཤེས་པ་ནི་རྒྱུ་དང་འབྲས་བུའི་ཚུལ་དུ་གཟུང་བར་བྱར་མེད་པས་སོ། །དེ་ལྟར་ན་མེད་པ་ལས་དེ་འཛིན་པ་ཉིད་དུ་རང་གི་སེམས་སྣང་བ་ཡིན་ཏེ། སོ་སོར་སྣང་བ་གཉིས་ཀ་མེད་
པའི་ཤེས་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དུ་ཡོངས་སུ་ཤེས་པ་ཡིན་ཏེ། དེ་བས་ན་འདི་དག་ནི་རྣམ་པར་ཤེས་པ་ཙམ་ཉིད་ཡིན་ནོ། །འདི་ལྟ་སྟེ། རྒྱུ་དང་འབྲས་བུ་གཉིས་ནི་སྟོང་པ་ཉིད་ཡིན་ནོ་ཞེས་གང་ཡོངས་སུ་ཤེས་པ་དེ་ནི་དེའི་ཕྱིན་ཅི་མ་ལོག་པ་སྟེ། དེ་བཞིན་ཉིད་ཀྱི་ཡེ་
ཤེས་སོ། །དེ་ལྟར་མེད་པ་ཡིན་ན་ཇི་ལྟར་ཟླ་བ་ལ་སོགས་པར་རང་ཉིད་མི་སྣང་ཞེ་ན། མེད་པ་ནི་སྣང་བའི་གཟུགས་དང་བྲལ་བའི་ཕྱིར་རོ། །རང་ཉིད་སོ་སོར་སྣང་བར་གྱུར་པ་དེ་ལ་ནི་འབྲེལ་པ་མེད་པའི་ཕྱིར། རྒྱུ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་སོ་སོར་སྣང་བ་
དེ་ལ་ནམ་ཡང་ཅི་ཡང་ཡོད་པ་མ་ཡིན་ཏེ། རྒྱུ་མེད་པའི་ཕྱིར་རོ། །འོ་ན་སེམས་ཇི་ལྟར་མེད་པའི་ཚུལ་གྱིས་སྣང་ཞེ་ན། གང་གི་ཕྱིར་སྣང་བའི་བདག་ཉིད་ཅན་གྱི་སེམས་དེ་ནི་གཟུགས་སུ་འཁྲུལ་ཅིང་གཟུགས་ལས་གཞན་ན་མེད་པ་ཡིན་ཏེ། དེ་བས་ན་གཟུགས་དེ་ནི་གཟུགས་
ལས་གྱུར་པ་མ་ཡིན་ལ། དེ་གཟུགས་མེད་པ་ཡང་མ་ཡིན་ཏེ། སེམས་སྣང་བའི་ཚུལ་ཡིན་པའི་ཕྱིར་དེའི་བདག་ཉིད་དང་དེ་ལས་གཞན་པར་སྣང་བའི་འབྲེལ་པ་དང་ལྡན་པ་མ་ཡིན་ནོ། །དེ་བས་ན་སྣང་བ་ཉིད་དུ་ཡང་ཡོད་པ་མ་ཡིན་ཏེ། ཤེས་པ་ལས་དོན་གཞན་ཤེས་པའམ་གཟུགས་
སུ་འཁྲུལ་པ་མེད་དེ། ཉམས་སུ་མྱོང་བར་གྲུབ་པ་ནི་འཁྲུལ་པ་སྟེ། དེ་ཡང་སེམས་ཉིད་གཟུགས་སུ་འཁྲུལ་པས་སྣང་བ་དང་སྣང་བ་མ་ཡིན་པའི་འཁྲུལ་པ་དང་ལྡན་པ་ཡིན་ནོ། །དེ་བས་ན་གཟུགས་ཀྱི་རང་གི་ངོ་བོ་ལྟར་གཟུགས་སུ་འཁྲུལ་པར་གྱུར་པའི་རྗེས་སུ་མྱོང་བར་གྲུབ་པས་
སྣང་བ་ཡིན་ཏེ། དེ་ལ་ཡོད་པ་དང་མེད་པའི་རྒྱུ་མེད་པས་འགལ་བ་ཉིད་དུ་འཁྲུལ་པ་ཡིན་ལ། ངེས་པ་དེ་ཡང་རང་གི་རིགས་དང་མཐུན་པའི་རྣམ་པར་རྟོག་པ་ལ་ཞེན་པའི་བག་ཆགས་ལས་བྱུང་བའི་ཕྱིར་རྣམ་པར་རྟོག་པ་ཙམ་ཡིན་ལ། དེ་བས་ན་མངོན་པར་ཞེན་པ་རྣམ་པར་དག་

པའི་ཡང་དག་པ་ལ་སོ་སོར་རྟོག་པ་ལེགས་པར་བསྒོམས་པའི་རིམ་གྱིས་ཡང་དག་པའི་ཡེ་ཤེས་སྐྱེ་བ་ཡིན་ནོ། །དེ་བས་ན་འཁྲུལ་པ་ཉིད་དུ་གྲུབ་པ་འདི་དག་ངེས་པ་ཡིན་ནོ། །དེ་ཡང་འདི