Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 66
Văn bản gốc(Tây Tạng)
Trang 2 / 22 (50.000 ký tự/trang)
་ཕྱག་རྒྱ་བཞིས་རྒྱས་གདབ་པ་སྟེ། དེ་ཡང་ཕྱག་རྒྱས་གདབ་པ་ནི། ལས་མཆོག་གི་སྐབས་བཞིན་ཤེས་པར་བྱའོ། །དེ་ནས་མཆོད་པའི་བྱེ་བྲག་གིས། །མཆོད་ནས་ཞེས་ བྱ་བས་མཆོད་པ་དབུལ་བ་སྟོན་ཏེ། དེ་ཡང་མཆོད་པ་དབུལ་བ་ནི། །ཐུན་མོང་གི་མཆོད་པ་རྣམ་པ་ལྔ་དང་། ཕྱི་ནང་གི་ལྷ་མོ་བརྒྱད་ཀྱི་མཆོད་པ་དང་། བསྒྲུབ་ཆོས་བཅུ་དྲུག་དང་། མཆོད་པ་གཞན་ཡང་ཅི་འབྱོར་ཚད་དུ་དབུལ་ལོ། །ཕྱག་བཞི་བྱ་བ་ནི། དང་པོ་སངས་རྒྱས་ལ་སོགས་ པའི། །གནས་སུ་བྱ་བའི་རིམ་པའོ། །ཞེས་བྱ་བས་ཕྱག་བཙལ་བར་སྟོན་ཏེ། དེ་ཡང་ཕྱག་བཞི་བཙལ་བ་ནི། །ཤར་ཕྱོགས་ཀྱི་སྒོ་ནས་རྡོ་རྗེ་རིགས་ཀྱི་ཕྱག་བཙལ་བ་དང་། ལྷོ་ཕྱོགས་ཀྱི་སྒོ་ནས་རིན་པོ་ཆེའི་རིགས་ཀྱི་ཕྱག་བཙལ་བ་དང་། ནུབ་ཕྱོགས་ཀྱི་སྒོ་ནས་པདྨའི་རིགས་ཀྱི་ཕྱག་བཙལ་ བ་དང་། བྱང་ཕྱོགས་ཀྱི་སྒོ་ནས་ལས་ཀྱི་རིགས་ཀྱི་ཕྱག་བཙལ་བ་སྟེ། ལུས་ཀྱི་བཅའ་ཐབས་དང་ཏིང་ངེ་འཛིན་གྱི་རིམ་པ་དང་ཕྱག་རྒྱ་དང་སྔགས་དང་ཕྱོགས་དང་ལྔས་ཤེས་པར་བྱ་སྟེ། སྔོན་བཞིན་ནོ། །དེའི་འོག་ཏུ་བླ་མའི་གདམས་ངག་གིས་མཉམ་པ་གསུམ་དང་བསྙེན་པ་ནི་བསྒོམ་པ་དང་། མཚན་བརྗོད་པའི་གསུང་རབ་གདོན་པ་དང་སྔགས་བཟླས་པ་རྣམས་སྟོན་པ་ནི། དེ་ཡང་མཉམ་པ་རྣམ་པ་གསུམ་གྱིས་མཉམ་པར་བསྲེས་ལ། བསྒོམ་བཟླས་བྱ་བ་ནི། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དང་བདག་སྐུ་གསུང་ཐུགས་རྡོ་རྗེ་མཉམ་པས་མཉམ་པ་ཉིད་ དུ་བསམ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། ཞེས་བརྗོད་པས། ལྷ་ཐམས་ཅད་དང་བདག་རང་བཞིན་གྱིས་རྣམ་པར་དག་པར་མཉམ་པས་མཉམ་པ་ཉིད་དུ་བསྒོམ། ཨོཾ་སརྦ་ས་མོ྅ཧཾ་ཞེས་བརྗོད་པས། ལྷ་ཐམས་ཅད་དང་བདག་མེད་པར་མཉམ་པས་མཉམ་པ་ཉིད་དུ་བསྒོམ་མོ། །དེ་ལྟར་མཉམ་པ་ ཉིད་གསུམ་གྱིས་མཉམ་པར་བསྲེས་ལ། ལྷ་ཐམས་ཅད་ཀྱི་རང་བཞིན་བདག་ཡིན་ནོ་བར་བསམས་ལ་བསྒོམ་པ་དང་། མཚན་དང་སྔགས་ཀྱི་བཟླས་པ་བྱེད་ན་ཡང་། ལྷ་ཐམས་ཅད་ཀྱི་རང་བཞིན་བདག་ཡིན་ནོ་བར་བསམས་ལ། བདག་གིས་མཚན་དང་སྔགས་ཀྱི་བཟླས་པ་བྱས་པའི་དུས་སུ་ལྷ་ ཐམས་ཅད་ཀྱི་ཞལ་ནས་ཀྱང་བཟླས་པའི་སྒྲ་འབྱུང་བར་བསམ། དེ་ལྟར་བྱས་ནས་བསྙེན་པ་ལྔར་འགྱུར་ཏེ། བསྒོམ་པའི་བསྙེན་པ་ལ་དུས་ཀྱི་བསྙེན་པ་དང་། མཚན་མའི་བསྙེན་པ་གཉིས་སོ། །བཟླས་པའི་བསྙེན་པ་ལ། དུས་ཀྱི་བསྙེན་པ་དང་། མཚན་མའི་བསྙེན་པ་དང་། གྲངས་ཀྱི་བསྙེན་པ་ དང་གསུམ་མོ། །དེ་ལྟར་བསྙེན་པ་རྣམ་པ་ལྔའོ། །དེ་ལ་སྔགས་རྣམས་འདི་ཡིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་ར་ཧཱུཾ། ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་རཏྣ་ཧཱུཾ། ཨོཾ་བཛྲ་དྷརྨ་ཧཱུཾ། ཨོཾ་བཛྲ་ཀརྨ་ཧཱུཾ། ཨོཾ་བཛྲ་བཛྲི་ཎི་ཧཱུཾ། ཨོཾ་རཏྣ་བཛྲི་ཎི་ཧཱུཾ། ཨོཾ་དྷརྨ་བཛྲི་ཎི་ཧཱུཾ། ཨོཾ་ཀརྨ་བཛྲི་ཎི་ཧཱུཾ། ཨོཾ་བཛྲ་ལཱ་སྱ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཧཱུཾ། ཨོཾ་བཛྲ་གཱི་ཏི་ཧཱུཾ། ཨོཾ་བཛྲ་ནཱི་རྟི་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་རཱ་ཛ་ཛ། ཨོཾ་བཛྲ་རཱ་ག་ཧོ། །ཨོཾ་བཛྲ་སཱ་དྷུ་ས། ཨོཾ་བཛྲ་རཏྣ་ཨོཾ། ཨོཾ་བཛྲ་ཏེ་ཛ་ཨོཾ། ཨོཾ་བཛྲ་ཀེ་ཏུ་ཏྲཱཾ། ཨོཾ་བཛྲ་ཧཱ་ས་ཧ། ཨོཾ་བཛྲ་དྷརྨ་ཧྲཱིཿ། ཨོཾ་བཛྲ་ཏཱིཀྵྞ་དྷཱིཿ། ཨོཾ་བཛྲ་ཧེ་ཏུ་མཾ། ཨོཾ་བཛྲ་བྷཱ་ཥ་རཾ། ཨོཾ་བཛྲ་ཀརྨ་ཀཾ །ཨོཾ་བཛྲ་རཀྵ་ཧཾ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་སནྡྷི་བཾ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཨོཾ་བཛྲ་བཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཨ། ཁྱད་པར་གྱི་ སྙིང་པོའི་སྔགས་སོ། །ཨོཾ་བཛྲ་པྲཛྙཱ་ཛྙཱ་ན་མཱུརྟ་ཡེ་ཡ་ཏེ་ན་མཿ། ཨོཾ་དུཿཁཙྪེ་ད་ཡ་ཏེ་ན་མཿ། ཨོཾ་བཛྲ་ཏཱིཀྵྞ་ཡ་ཏེ་ན་མཿ། ཨོཾ་ཝཱ་གཱི་ཤྭ་ར་ཡ་ཏེ་ན་མཿ། ཨོཾ་ཛྙཱ་ན་ཀཱ་ཡ་ཡ་ཏེ་ན་མཿ། ཨོཾ་ཨ་ར་པ་ཙ་ན་ཡ་ཏེ་ན་མཿ། ཐུན་མོང་གི་སྔགས་ཏེ། གོ་བཟློག་པར་ཤེས་པར་བྱའོ། །ཨོཾ་སརྦ་དྷརྨཱ་ཨ་བྷཱ་བ་སྭ་བྷཱ་ བ། བི་ཤུདྡྷ། བཛྲ་ཨ་ཨཱ་ཨཾ་ཨ། བྲ་ཀྲྀཏ་པ་རི་ཤུདྡྷ། སརྦ་དྷརྨཱ། ཡ་དུ་ཏ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ། མཉྫུ་ཤྲཱི་པ་རི་ཤུདྡྷི་ཏ་མུ་པ་ད་ཡ་ཏི། ཨ་ཨཱ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿ། བྷ་ག་བཱན། ཛྙཱ་ན་མཱུརྟི་ཝཱ་གཱི་ཤྭ་ར། མ་ཧཱ་བ་ཙ། སརྦ་དྷརྨཱ་ག་ག་ན། ཨ་མ་ལ་སུ་བ་རི་ ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཿ། ཞེས་བྱ་བ་ནི། ལྷ་ཐམས་ཅད་ཀྱི་སྤྱིའི་སྐུའི་སྔགས་དང་རྩ་བའི་སྔགས་དང་ཕྲེང་སྔགས་སོ། །བསྙེན་པ་བསྟན་པའོ།། །།དེ་ནས་སྒྲུབ་པ་ལ་འཇུག་པ་ནི། དེ་ནས་རང་དགའི་གནས་ཉིད་དུ། །གཟུགས་བརྙན་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བས། བསྒྲུབ་ པའི་གནས་དང་བསྒྲུབ་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་བྱ་བ་སྤྱིར་མདོར་བསྟན་ཏེ། དེ་ཡང་གནས་ནི་ཉམས་དགའ་ཞིང་ཡིད་འཇུག་པ། རྒྱལ་པོ་དང་ཐེག་པ་དམན་པ་ལ་སོགས་པས་དབེན་པར་བྱ་བར་གསུངས་སོ། །ས་དེ་གཞུང་བཞིན་སྦྱང་བྱ་དང་། །གཟུང་དང་ལྡན་པ་གཞུང་ བཞིན་དུ། །བྱ་བའི་བྱེ་བྲག་གཞན་ནའོ། །ཞེས་བྱ་བས། སའི་ཆོ་ག་རྒྱས་པར་བྱ་བར་སྟོན་ཏེ། དེ་ཡང་བླ་མས་གསང་བ་སྤྱི་དང་རྩ་རྒྱུད་ཆེན་པོ་ལ་སོགས་པར་སའི་ཆོ་ག་སྤྱི་དོན་བརྒྱད་ཀྱིས་ཤེས་པར་བྱ་བ་ནི། ཚེས་གཅིག་ནས་བཅོ་ལྔའི་བར་དུ་གཟའ་སྐར་བཟང་པོ་ལ་ཞུགས་ཏེ། སློབ་དཔོན་སློབ་མའི་སྤྱོད་ལམ་བྱ་བ་ནི། ཟ་གཅིག་གི་སྨྱུང་བ་དང་དཀར་གསུམ་བཟའ་བ་ལ་སོགས་པའི་སྤྱོད་ལམ་བྱའོ། །གྲོང་ཁྱེར་ཆེན་པོའམ། གཙུག་ལག་ཁང་ངམ། ལྷ་ཁང་ལ་སོགས་པའི་ཤར་རམ་བྱང་ཕྱོགས་སུ་བྲི་བར་བྱའོ། །དེ་ནས་ཇི་ཙམ་བྱེད་པའི་དཀྱིལ་འཁོར་ གྱི་ས་བཅད་ལ་སའི་ལྟོ་འཕྱེ་བརྟག་པར་བྱས་ལ། ལྟོ་བ་ནས་ས་བརྐོས་ཏེ་སའི་རོ་ལྔ་སྤངས་པ་དང་ལྡན་པར་བྱའོ། །སའི་རོ་ལྔ་ནི། སའི་རོ་གསེག་མ་དང་། མིའི་རོ་རུས་པ་དང་སྐྲ་ཤད་ཀྱི་དུམ་བུ་དང་། རྫའི་རོ་གྱོ་དུམ་དང་། ཤིང་གི་རོ་མགལ་དུམ་ལ་སོགས་པ་དང་། རྩྭའི་རོ་ཕུབ་མ་ལ་སོགས་པ་ མེད་པར་བྱའོ། །རྒྱལ་པོས་ནི་དཀྱིལ་འཁོར་ཁྲུ་བརྒྱ་ལྔ་བཅུ་པ་ལ་བྱའོ། །བློན་པོ་དང་བློན་པོ་ཆེན་པོས་ནི་ཁྲུ་ལྔ་བཅུ་པ་ལའམ་དེའི་ཕྱེད་ལ་བྱའོ། །སྒྲུབ་པ་པོས་ནི་ཁྲུ་བཅུ་གཉིས་སམ་དྲུག་ལ་བྱའོ། །ས་བརྟག་པ་ནི་ཉིས་འགྱུར་ཚུན་དུ་བརྟག་གོ། །དེ་ནས་ཡུལ་གྱི་རྒྱལ་པོ་དང་བློན་པོ་ལ་སོགས་པ་ལ་ བསླང་བའོ། །སའི་ལྷ་མོ་ལ་བསླང་བ་དང་། དཀོན་མཆོག་གསུམ་ལ་བསླང་བ་དང་། ས་བདག་ལ་སོགས་པ་ལ་བསླང་བའོ། །དེ་ནས་ཡིད་ཀྱིས་སའི་ལྷ་མོ་གསེར་གྱི་མདོག་ཅན། ལག་ན་གསེར་གྱི་བུམ་པ་ཐོགས་པ་ཅིག །སའི་འོག་ནས་སྐུ་ཕྱེད་ཙམ་འཐོན་པར་བསམས་ལ། སྤོས་ཆུས་ བརླན་པར་བྱས་པའི་ལག་པས་ས་ལ་ལན་གསུམ་བརྡབས་ལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་ ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་པས། སའི་ལྷ་མོའི་ཞལ་ནས་ཁྱོད་ཅི་བདེ་བར་བྲིས་ཤིག་ཟེར་ནས་སའི་ནང་དུ་ཐིམ་པར་བསམ་མོ། །ཡང་ན་དཀྱིལ་འཁོར་གྱི་དབུས་སུ་མཎྜལ་ཁྲུ་གང་གྲུ་བཞི་པ་ཅིག་བྱས་ལ། དེར་མཆོད་པ་རྣམ་པ་ལྔ་དང་གཏོར་མ་ ཆ་གཅིག་བཤམས་ལ། དཀོན་མཆོག་གསུམ་ལ་མཆོད་པ་རྣམ་པ་ལྔ་ཕུལ་ཏེ། སྤོས་ཀྱི་སྣོད་ཐོགས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། དགོངས་ཤིག་བདག་ལ་སངས་རྒྱས་དགོངས། །སངས་རྒྱས་ཐམས་ཅད་མཆོད་པ་དང་། །སེམས་ཅན་རྣམས་ལ་སྨན་སླད་དུ། །རྣམ་པར་ སྣང་མཛད་ཆེན་པོ་ཡི། །དཀྱིལ་འཁོར་དམ་པ་བྲི་བར་འཚལ། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །དེ་སྐད་ཅེས་ལན་གསུམ་བརྗོད་པས། དཀོན་མཆོག་གསུམ་གྱིས་གནང་བ་བྱིན་པར་བསམ་མོ། །ཡང་གཏོར་མ་ཨ་ཀཱ་རོ་ལ་སོགས་པས་ བྱིན་གྱིས་བརླབས་ལ། དཔུང་པ་བཟང་པོའི་རྒྱུད་ལས་བྱུང་བའི་ཚིགས་སུ་བཅད་པས་གཏོར་མ་བྱིན་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་སྤོས་ཐོགས་ཏེ། ཕྱོགས་བཅུར་བཞུགས་པའི་ལྷ་ཀླུ་དང་། །གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །ཡང་དག་རྫུ་འཕྲུལ་ཆེར་ ལྡན་པའི། །འབྱུང་ལ་གནས་པའི་འབྱུང་པོ་ཀུན། །བདག་མིང་འདི་ཞེས་བགྱི་བ་ཡིས། །སངས་རྒྱས་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་དོན་དུ། །དམ་པའི་དཀྱིལ་འཁོར་ཆེར་འབྱུང་བ། །ཇི་ལྟར་བསམས་པ་བཞིན་འབྲི་ན། །ཁྱེད་ཀྱིས་བར་ཆད་མ་བྱེད་པར། །དགེ་ བའི་གྲོགས་པོ་ཉིད་དུ་མཛོད། །ད་ལྟར་བདག་གིས་ཁྱོད་ལ་ནི། །བཟོད་པར་གསོལ་གྱིས་མི་སླུ་བར། །རྨི་ལམ་ལ་སོགས་མཚན་མ་ཡི། །ལེགས་ཉེས་ལྟས་རྣམས་བསྟན་དུ་གསོལ། །ལན་གསུམ་གསོལ་བ་བཏབ་པས། ས་བདག་ལ་སོགས་པས་དཀྱིལ་འཁོར་གྱིས་ཤིག་པའི་ གནང་བ་བྱིན་པར་བསམ་མོ། །དེ་ནས་ཆག་ཆག་དང་སྐྱང་ནུལ་ལེགས་པར་བྱ་སྟེ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱིས། ཡུངས་ཀར་གཏོར་ཞིང་བགེགས་བསྐྲད་ནས། ཨོཾ་ཧཱུཾ་ཧྲཱི་ཞེས་པའམ། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་བྱ་བ་ལན་གསུམ་མམ། བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད་པར་བྱའོ། །དེ་ནས་ ཞི་བའི་སྦྱིན་སྲེག་གིས་བགེགས་ཉེ་བར་ཞི་བར་བྱའོ། །ཡང་ན་དང་པོར་སའི་པྲ་བརྟག་པར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་དབུས་སུ། རྡོ་རྗེ་སློབ་དཔོན་བདག་ཉིད་ཀྱི་པུས་མོ་ནུབ་ཙམ་མམ་ལྟེ་བ་ནུབ་ཙམ་བརྐོས་ལ། དེ་ཡང་གོང་གི་སའི་ལྷ་མོ་ནམ་མཁའ་ལ་ཨོཾ་བཛྲ་ཨུ་པ་ཏ་ཡ་ཞེས་བརྗོད་ ལ་གདེག །དེ་ནས་དོང་གི་ནང་དུ་ཆུས་བཀང་སྟེ། མེ་ཏོག་ཡང་བཅུག་ལ། ཨོཾ་ཧཱུཾ་ཧྲཱི་འམ། ཨོཾ་བཛྲ་སཏྭ་ཧཱུཾ། ཟློས་ཤིང་ཤར་ཕྱོགས་སུ་གོམ་པ་མི་དྲག་མི་དལ་བ་བརྒྱ་ཕྱིན་ཏེ། ཚུར་ལོག་ནས་ཆུ་དེ་མ་སྐམས་ན་དངོས་གྲུབ་ཡོད་པར་སྟོན། ཆུ་སྐམས་ན་གཞན་དུ་སྤོ་བར་བཤད། དེ་ནས་ རྫ་སོ་མ་བཏང་བ་ཞིག་ཏུ་རིན་པོ་ཆེ་སྣ་ལྔ་དང་འབྲུ་ལྔ་དང་སྨན་དང་སྙིང་པོ་དང་སྤོས་དང་ལྔ་བླུགས་ལ། དོང་གི་ནང་དུ་གཞུག་གོ། །དེ་ནས་བརྐོས་པའི་ས་དེ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་བཏབ་པའི་སྤོས་ཆུས་བྲལ་བྲུལ་དུ་སྤྲུས་ལ་ནང་དགང་བར་བྱའོ། །ལྷག་པར་གྱུར་ན་དངོས་གྲུབ་མཆོག་ཡོད་ པར་བསྟན། ཆད་ནས་གཞན་དུ་སྤོ། །དེ་ནས་རྡོ་རྗེ་གནོད་སྦྱིན་བཟླས་པའི་སྤོས་ཆུས་ཆག་ཆག་གདབ། འཐས་པར་བཅགས་ལ་མེ་ལོང་གི་རྒྱབ་བཞིན་དུ་བྱས་པ་ནི་ས་ལས་དང་བྱ་བས་སྦྱང་བའོ། །རྡོ་རྗེ་གནོད་སྦྱིན་ནམ་རྡོ་རྗེ་རྩེ་མོ་བཟླས་པའི་སྤོས་ཆུས་བསང་གཏོར་བྱ་བ་དང་། ཞི་བའི་སྦྱིན་སྲེག་བྱས་ པའི་ཐལ་བ་དང་། ཡུངས་ཀར་གྱིས་གཏོར་བ་ནི་སྔགས་ཀྱིས་སྦྱང་བའོ། །ཏིང་ངེ་འཛིན་གྱིས་སྦྱང་བ་ནི། སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། རྡོ་རྗེ་ཆེན་པོ་ནས་གཞལ་ཡས་ཁང་ལ་ཐུག་པའི་བར་དུ་བསྒོམས་ལ་སྒོ་བཞི་རྟ་བབས་དང་བཅས་པའི་ནང་དུ་ས་ཆུད་པར་བསྒོམ་པར་ བྱའོ། །ས་སྦྱང་བའོ། །དེ་ནས་སློབ་དཔོན་ལྷའི་རྣལ་འབྱོར་དང་ལྡན་པས། ས་ཕྱོགས་འདི་ཉིད་དུ་བདག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ་ཞེས་བསམ་པ་སྔོན་དུ་བཏང་བ་ནི། སེམས་ཀྱི་དབང་གིས་ས་བཟུང་བའོ། །དེ་ནས་སློབ་དཔོན་གྱིས་རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱ་ ཆེན་པོར་བསྒོམས་ནས། ཏིང་ངེ་འཛིན་གསུམ་དང་ལྡན་པར་བྱས་ལ་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། ཨོཾ་བཛྲ་ཏཱིཀྵྞཱ་དུཿཁཙྪེ་ད། པྲཛྙཱ་ཛྙཱ་ན་མཱུ་རྟི། ཛྙཱ་ན་ཀཱ་ཡ། བཱ་གཱི་ཤྭ་ར། ཨ་ར་པ་ཙ་ན། ཡ་ཏེ་ན་མ། ཞེས་ཟློས་ཤིང་འདུག་པ་ཡན་ཆད་ནི། སློབ་དཔོན་གྱི་ཏིང་ངེ་འཛིན་ནོ། །དེ་ནས་བསྒྲུབ་ པའི་གྲོགས་མཆོག་རིགས་བཞིའི་ང་རྒྱལ་དང་ལྡན་པ་བཞིས། ཤར་ཕྱོགས་ཀྱི་སྒོ་ནས་འདུད་ཉི་ཤུས་བསྟོད་དེ། མཚན་བརྒྱ་རྩ་བརྒྱད་འདི་དག་གིས། །བདག་ཅག་གིས་ནི་བསྟོད་པ་ཡིས། །ཚུལ་ཆེན་ཡང་ནི་རྒྱས་པར་མཛད། །མགོན་པོ་ཁྱོད་ལ་གསོལ་བ་ནི། །སངས་རྒྱས་ཀུན་གྱི་འཁོར་ ལོ་ཆེ། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་བྱ་བ་ནི། བགེགས་ཚར་གཅད་པར་གསོལ་བ་གདབ་པའོ། །དེ་ལ་མིག་བྱིན་གྱིས་བརླབ་པ་ནི། གཡས་སུ་མ་ལས་ཉི་མ་གཡོན་དུ་ཊ་ལས་ཟླ་བ། དེ་གཉིས་ཀྱི་སྟེང་དུ་ཧཱུཾ་གིས་མིག་འབྲས་ཚུལ་དུ་བྱས་པ་ནི་མིག་བྱིན་གྱིས་བརླབ་པའོ། ། རྐང་མཐིལ་གཉིས་སུ་ཨ་ལས་སྣ་ཚོགས་རྡོ་རྗེ་བསྒོམ་པ་ན་རྐང་པ་བརླབ་པའོ། །བདག་ཉིད་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཉིད། །བདག་པོ་རྡོ་རྗེ་ཆེན་པོར་བདག །བྱིན་གྱིས་བརླབས་པ་མི་འདོར་ རོ། །རྡོ་རྗེ་ལྟ་བས་ཚར་བཅད་པའི་མིག་གཡོན་གྱི་ཟླ་བའི་དཀྱིལ་འཁོར་གཡོན་ཕྱོགས་སུ་བསྐོར་བས། བགེགས་ཐམས་ཅད་གསལ་བཏབ་པར་བསམ། གཡས་ཀྱི་ཉི་མའི་དཀྱིལ་འཁོར་གྱིས་གཡས་ཕྱོགས་སུ་བསྐོར་བས་བགེགས་ཐམས་ཅད་བསྲེག་ པར་བསམ་མོ། །དེ་ནི་རྡོ་རྗེ་ལྟ་བས་ཚར་གཅོད་དོ། །དེ་ནས་དཀྱིལ་འཁོར་གྱི་དབུས་ནས་བྱང་ཤར་མཚམས་སུ་བྱིས་པ་གཞོན་ནུ་བཞིན་དུ་མཆོངས་ཏེ་ཕྱིན་ལ། ཁ་ལྷོ་ཕྱོགས་སུ་བལྟས་ལ། དྲིལ་བུ་དཀུར་བརྟེན་ལ། རྡོ་རྗེ་ལན་གསུམ་གསོར་ཞིང་། ཚིག་འདི་སྐད་ཅེས་བརྗོད་དེ། རྡོ་རྗེ་སློབ་དཔོན་མིང་འདི་ཞེས་བྱ་བས། སློབ་མ་ཆེ་གེ་མོ་ཞེས་བྱ་བ། རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། ས་ཕྱོགས་འདིར་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་ངས་འབྲི་ ཡིས། ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། འབྱུང་པོ་དང་། བརྗེད་བྱེད་དང་། མཁའ་འགྲོ་མ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། རིག་སྔགས་འཆང་གྲུབ་པ། རྒན་པོ་དང་། རྒན་མོ་གཡོག་དང་འཁོར་དུ་བཅས་པ། གང་དག་འཁོད་པ་དེ་དག་དེངས་ཤིག །འདི་ལྟར་རྡོ་རྗེ་འཆང་གི་བཀའ་ཐོས་ནས། མྱུར་བ་ཉིད་དུ་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ངའི་ཡེ་ཤེས་ཀྱི་རྡོ་རྗེས་མགོ་ཚལ་པ་བརྒྱར་དགས་པར་བྱའོ་ཞེས་ལན་གསུམ་བརྗོད་དོ། །དེ་ནས་རྐང་པའི་སོར་མོས་རྡོ་རྗེ་རྩེ་གཅིག་པ་ས་ལ་འབྲི་ཞིང་། ཧཱུཾ་ཧཱུཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་བསྐོར་བ་ནི་རྡོ་རྗེ་འགྲོས་ཀྱིས་ཚར་གཅད་པའོ། །དཀྱིལ་འཁོར་གྱི་ཕྱོགས་བཞིར་རྐང་སྟབས་བདུན་དང་། ལག་སྟབས་བཞི་བཅུ་རྩ་གཉིས་བྱ་བ་ནི། རྡོ་རྗེ་སྟངས་སྟབས་ཀྱིས་ཐམས་ཅད་ཐལ་ཀར་གཅིག་པུའམ། ཡང་ན་དེ་བས་མང་ཡང་རུང་། །ཤར་གྱི་ ཕྱོགས་སུ་གཟུགས་པར་བྱ། །པོག་ཕོར་ཁམ་པ་ལས་བྱས་པ། །སོ་མ་བཏང་བ་དཀར་པོ་བཅུ། །བྱས་ནས་ཕྱོགས་དང་མཚམས་སུ་ནི། །བརྒྱད་པ་དེ་བཞིན་བདུན་དུ་དགོད། །པོག་ཕོར་དག་ཏུ་མ་འབྱོར་ན། །ཁམ་པའི་ཕོར་བུའི་ནང་ནས་དབུལ། །དེ་དག་ཀྱང་ནི་མ་འབྱོར་ན། །གཅིག་ ཅིག་སྒོར་ནི་གཞག་ནས་དབུལ། །མེ་ཏོག་ཕྲེང་བས་བརྒྱན་པ་ཡི། །རྟ་བབས་དག་ཀྱང་ཕྱོགས་བཞིར་བྱ། །ནས་དང་གྲོ་དང་འབྲུ་རྣམས་ཀྱི། །མྱུ་གུ་ལེགས་པར་སྐྱེ་བར་དགོད། །དྲིལ་བུ་གདུགས་དང་རྔ་ཡབ་དང་། །སྲད་བུ་དག་ཀྱང་ཕྱོགས་བཞིར་ནི། །རྟ་བབས་སོགས་ལས་ཕྱི་རོལ་དུ། ། མཛེས་པར་བྱ་ཕྱིར་མཁས་པས་གདགས། །འབྲས་ཡོས་འབྲུ་དང་བཅས་པ་ཡི། །མེ་ཏོག་སིལ་མ་རབ་ཏུ་དགྲམ། །དཀྱིལ་འཁོར་དག་གི་ཕྱི་རོལ་དུ། །ཕྱི་མའི་རི་མོ་སྡུ་གུ་བྲི། །འཇིག་རྟེན་འདི་ན་གྲགས་པ་ཡི། །བཀྲ་ཤིས་ལ་སོགས་གང་ཡིན་རྣམས། །དཀྱིལ་འཁོར་བདག་གི་ཕྱི་རོལ་ དུ། །ཕྱོགས་བཞི་དག་ཏུ་མཁས་པས་དགོད། །ཡི་གེ་བརྒྱ་པ་བཟླས་པའི་ཆུས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་ཕྱི་དང་ནང་དུ་བཅས་པ་བསང་གཏོར་བྱའོ། །དེ་ནས་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ཁའི་དབུས་སུ་བཞག་ལ། ཨོཾ་བཛྲ་ཙཀྲ་ཧཱུཾ། ཞེས་བཟླས་བརྗོད་བྱའོ། །དེ་ནས་ཕྱི་དྲོའི་དུས་སུ། གླུ་དང་རོལ་མོའི་མཆོད་པ་རྣམས་དང་། མེ་ཏོག་དང་། སྤོས་ལ་སོགས་པ་རྣམས་ཀྱིས་དང་པོའི་འཁོར་ལོ་ཇི་སྙེད་པ་དང་། ཅི་འདོད་པ་དེ་བཞིན་དུ་མཆོད་ཅིང་བརྟག་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་ སེམས་དཔའི་སྐུ་གཟུགས་ལུགས་མ་ལ་སོགས་པ་དཀར་པོ་ས་མ་ཡ་སྟྭཾ་ཞེས་བརྗོད་ལ། རང་གི་སྙིང་པོས་བཞུགས་སུ་གསོལ་ཏེ། ཡང་ན་ཕྲེང་སྔགས་སམ། ཡང་ན་སངས་རྒྱས་ཀྱི་སྙིང་པོ་ཨོཾ་ཧཱུཾ་ཧྲིས་བཞུགས་སུ་གསོལ་ལ། དེ་བཞིན་དུ་ལྷ་གཞན་གྱི་ཡང་སྐུ་བཞུགས་པའམ། མཚན་མ་ རྣམས་བཏབ་ལ། སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་འབྲུ་གསུམ་བརྗོད་ཅིང་འཁོར་ལོའི་ཕྱག་རྒྱ་བཅས་ལ་དཀྱིལ་འཁོར་བསླང་ལ། དེ་ནས་ཏིང་ངེ་འཛིན་རྣམ་པ་གསུམ་སྔོན་བཞིན་བསྒོམས་ལ། དེ་ནས་ནམ་མཁའི་ལྷ་བསྲེ་བར་བྱ་སྟེ། ཡི་གེ་ཕྱིན་ཅི་མ་ལོག་པས་ཁ་སྦྱར་གྱི་སྦྱོར་བ་བསལ་ ལོ། །བར་སྣང་ལ་བཞུགས་པའི་བཅོམ་ལྡན་འདས་རང་གི་དམ་ཚིག་གི་ཕྱག་རྒྱས་བཀུག་པ་ལ་སོགས་པའི་ཚུལ་གྱིས་བཀུག་ལ་བཅུག་སྟེ། བཅིངས་ནས་དབང་དུ་བྱས་ཏེ། ཕྱག་རྒྱ་བཞིས་རྒྱས་བཏབ་པ་བྱས་ལ། བྱིན་གྱིས་རློབ་ཅིང་མཉེས་པར་བྱས་ནས་གཞག་པར་བྱ་སྟེ། དེ་ནས་མཆོད་ པ་རྒྱ་ཆེན་པོ་མདོ་ཀློག་པ་ཡན་ཆོད་བྱས་ལ། སྤྱིའམ་སོ་སོའི་སྔགས་ཀྱི་བསྙེན་པ་བྱས་ལ་ཕྱིས་འབྱུང་བ་བཞིན་དུ་སློབ་དཔོན་རང་ཉིད་བཞུགས་ཤིང་དབང་ལྷ་ལས་བླང་ངོ་། །དེ་ནས་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བར་བྱ་བར་བསྟན་པའི་ཕྱིར་དཀྱུས་མ་ཉིད་ འཁྲུགས་སྡེབ་སྟེ། དེ་ཡང་། དེ་ནས་འདིར་དབང་དམ་པར་གསུངས། །དབང་བསྐུར་མེད་ན་འགྲུབ་པ་མེད། །ཡོན་ཏན་ལྡན་པའི་སྔགས་པ་ཡིས། །འདི་ལ་དབང་བྱིན་ཡོན་ཏན་འགྲུབ། །ཅེས་བྱ་བས་དབང་ནོད་པའི་ཡོན་ཏན་སྟོན་ཏེ། དབང་བསྐུར་ཞིང་དམ་ཚིག་དང་ལྡན་ན། དངོས་ གྲུབ་རྣམ་པ་གཉིས་འཐོབ་པར་ལུང་གིས་བསྟན་པའོ། །དང་པོར་ཁྲུས་བྱས་གོས་གྱོན་ཏེ། །རྒྱལ་པོའི་ཆ་ལུགས་འདྲ་བ་དང་། །བུད་མེད་ལྟ་བུའི་ཚུལ་ལྡན་པས། །སློབ་དཔོན་བླ་མར་གྱུར་པ་ལ། །དབང་རྣམས་ནོད་པར་རབ་ཏུ་གསུངས། །ཞེས་བྱ་བས། དབང་ནོད་པའི་ཕྱིར་དབང་གི་ སྔོན་དུ་སྤྱོད་ལམ་དེའི་སྒོ་ནས་དཀྱིལ་འཁོར་དུ་འཇུག་པ་སྟོན་ཏེ། དེ་ནས་བཟླས་པ་དང་། བསྒོམ་པ་ལ་སོགས་པའི་ཆོ་ག་རྣམས་བྱས་ལ། ཕྱིར་འབྱུང་ལ་སློབ་མ་གཞུག་པར་བྱ་སྟེ། སློབ་དཔོན་དུ་འོས་པའི་སློབ་མ་ལས་ཐམས་ཅད་པའི་ཆུས་བསངས་ལ། རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་གོས་དམར་པོའི་སྟོད་གཡོགས་དང་། སྨད་གཡོགས་བསྐོན་ལ། ཨོཾ་བཛྲ་ཏིཥྛ་ཧཱུཾ་ཕཊ། ཅེས་མངོན་པར་བསྔགས་ལ། གོས་དམར་པོ་ལས་བྱས་པའི་གཙུག་ཏོར་དང་། སྒོ་སྲུང་བཞིའི་སྙིང་པོ་ཡོངས་སུ་བཟླས་ པའི་གོས་དམར་པོས་གདོང་བཅིངས་ལ། ཡོན་གྱི་དམ་པ་དག་ཕུལ་བ་ཡོངས་སུ་བཟུང་སྟེ་དེའི་སྙིང་ག་དང་དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོ་རྣམས་སུ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་ཟླ་བའི་སྟེང་དུ་དེའི་ས་བོན་གྱི་རྣམ་པར་དགོད་པ། ཕྱོགས་བཞི་ནས་སྔོན་བཞིན་ཕྱག་ འཚལ་དུ་བཅུག་ལ། དེས་ཀྱང་དེ་བཞིན་དུ་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབས་ལ། ཕྱི་ནང་གསང་བའི་མཆོད་པ་བྱེད་དུ་ནུས་པར་བྱིན་གྱིས་བརླབ་པར་བསམ་མོ། །དེ་ནས་ཤར་ཕྱོགས་ཀྱི་སྒོར་བཞག་ལ། དེ་བཞིན་དུ་སྡོམ་པ་སྦྱིན་ནོ། །ཨོཾ་བོ་དྷི་ཙིཏྟོཏྤཱ་ད་ཡཱ་མི། ཞེས་བརྗོད་དོ། ། བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་ནས་སུ། །སྙིང་པོས་རབ་ཏུ་གཞག་པར་བྱ། །དེ་ནས་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ། སིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བསྐུལ་ལོ། །དེ་ནས་ས་མ་ཡ་སྟྭཾ། ཞེས་བྱ་བའི་སྔགས་ཀྱིས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་འཆིང་དུ་གཞུག་ཅིང་། དེ་ བཞིན་དུ་ཕྲེང་བ་འཛིན་དུ་གཞུག་གོ། །དེ་ནས་ས་མ་ཡ་ཧཱུཾ། ཞེས་བརྗོད་ལ་སློབ་མ་ནང་དུ་གཞུག་གོ། །དེ་ནས་འདི་སྐད་ཅེས་ཀྱང་བསྒོའོ། །དེང་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་འགྲུབ་པའང་ ཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཞིག །དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་སེམས་མའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་ལ། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་སྟེ་ འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་རྡོ་རྗེ་དམ་ཚིག་ཡིན་གྱིས། གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། མནའི་ཆུའི་སྙིང་པོས་ལན་ཅིག་བསྔགས་ལ། སློབ་མ་འཐུང་དུ་གཞུག་གོ། །དེ་ལ་མནའི་སྙིང་པོ་ནི་འདི་ ཡིན་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་མཛད་ཀྱིས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲོད་ཀ་ཋ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། ། རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲོས། །སྐྱེ་བོའི་ཚོགས་ན་འདུག་པའམ། །དད་པ་མེད་པར་བགད་པར་འགྱུར། །དེ་ནས་སློབ་མ་དེ་ལ་འདི་སྐད་བསྒོ་ཤིག །དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ནི་ང་ཡིན་གྱིས། ངས་འདི་གྱིས་ ཞེས་བསྒོ་བ་གང་ཡིན་པ་དེ་ཡང་བྱ་དགོས་སོ། །ཁྱོད་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པར་ཁྱོད་འཆི་བའི་དུས་བྱས་ནས། དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་སྨྲས་ལ་འདི་སྐད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་ འབབ་པར་གྱུར་ཅིག་ཅེས་སྨྲོས་ཤིག་ཅེས་བསྒོའི། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་དུ་སེམས་དཔའ་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། འདི་སྐད་དུ་བརྗོད་དུ་གཞུག་གོ། །འདི་ནི་རྡོ་རྗེའི་དམ་ཚིག་སྟེ། རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་རིང་ཉིད་ དུ་དབབ་པར་ཤོག །ཨོཾ་བཛྲ་ཨཱ་བེ་ཤ་ཨ། ཞེས་བརྗོད་དོ། །དེ་ནས་ཕྱག་རྒྱ་བཅིངས་པ་ལས་བྱུང་ནས། དེའི་སྙིང་གར་ཞུགས་ཏེ། རྡོ་རྗེ་སེམས་དཔའ་བབས་པར་གྱུར་པར་བསམས་ན། བབས་པར་འགྱུར་རོ། །ཡང་ན་ཧོ་ཨ་ཧོ་ཞེས་བྱ་བ་རང་གི་སྙིང་གའི་ཟླ་བ་ལ་བཀོད་དེ། སེའུའི་མེ་ཏོག་དང་འདྲ་ བའི་རྡོ་རྗེ་སེམས་དཔའ་རང་གི་དམ་ཚིག་དང་བཅས་པ་རང་གི་སྙིང་པོ་ལས་ངེས་པར་ཕྱུང་ལ། བཛྲ་བནྡྷ་ཏྲཊ་ཅེས་བྱ་བས་དེའི་སྙིང་ཁ་ཕྱེ་ལ། དེར་བཅུག་སྟེ། རྡོ་རྗེ་དབབ་པའི་ཕྱག་རྒྱ་བཅིངས་ལ། སྔགས་བརྗོད་དེ། བཅོམ་ལྡན་འདས་ཀྱིས་གང་ལས་གྱུར་པར་བསམས་ན་ཡང་འབབ་པར་ འགྱུར་རོ། །ཁྲོ་བོའི་ཁུ་ཚུར་བཅིངས་ལ་རྡོ་རྗེ་སེམས་དཔའ་ཕྱེ་ན་ཡང་འབབ་པར་འགྱུར་རོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྡོ་རྗེ་ཚིག་ལན་བདུན་ནམ་བརྒྱད་བརྗོད་པས་ཀྱང་འབབ་པར་འགྱུར་རོ། །སློབ་མའི་གཙོ་བོའི་སྙིང་གར་རྡོ་རྗེ་བྱ། །ཡི་གེ་བརྒྱ་པས་བརྟན་པོར་བྱས་ནས་ནི། །བདག་ ལུས་ཀྱིས་ཡིན་སྣོད་ཀྱི་སྒོ་དབྱེ་ཞིང་། །སྙིང་ལ་གནས་པའི་རྡོ་རྗེ་དབུས་སུ་བལྟ། །སྔགས་ཀྱི་བདག་པོ་ཡི་གེ་ཨ་དམར་གཟུགས། །བརྗོད་པས་ཡང་དག་ཆགས་པར་གཡོ་བར་བལྟ། །ཞེས་པས་སོ། །དེ་ནས་ཨོཾ་པ་ར་མ་སུ་ཁཱ་ཤ་ཡ་སུ་ལ་ལི་ཏ། བི་ས་ལ་ན་མི་ཏེ་ར། ན་མ་མི་བྷ་ག་བཱན་ཏ་ ཛཿཧཱུཾ་བཾ་ཧོཿ། ཧི་ཧི་ཧི་ཧི་ཧིཿ། པྲ་ཏིཙྪ་བཛྲ་ཀུ་སུ་མ། ཨཉྫ་ལི་ནཱ་ཐ་ཧོ། ཞེས་བརྗོད་པའི་སྔགས་འདིས་ཕྲེང་བ་དེ་དཀྱིལ་འཁོར་དུ་དོར་རོ། །དེ་ནས་དངོས་གྲུབ་རབ་འབྲིང་མེ་ཏོག་བབས་པ་ལས་བརྟག་པར་བྱ་སྟེ། ལྷ་རྣམས་ཀྱི་ཁྱད་པར་དང་། གནས་ཀྱི་ཁྱད་པར་ལས་བརྟག་པར་བྱ་སྟེ། གང་ཚེ་ སངས་རྒྱས་བཅོམ་ལྡན་གྱི། །དབུ་ལ་མེ་ཏོག་བབས་གྱུར་ན། །དེ་ཚེ་གཙུག་ཏོར་མཛོད་སྤུ་དག །འགྲུབ་པར་འགྱུར་བར་གདོན་མི་ཟ། །ཞལ་དུ་བབ་ན་འགྲུབ་པར་འགྱུར། །སྟོད་དུ་བབ་ན་མཆོག་རྣམས་འགྲུབ། །རྐེད་དུ་བབ་ན་འབྲིང་རྣམས་འགྲུབ། །རོ་སྨད་ཕྱོགས་སུ་བབ་ན་ནི། ། དངོས་གྲུབ་ཕལ་རྣམས་འགྲུབ་པར་འགྱུར། །བར་གྱི་སྐུ་ལ་བབ་ན་ནི། །སྙིང་པོ་ལ་སོགས་འགྲུབ་པར་འགྱུར། །སྨད་དུ་བབ་པར་གྱུར་ན་ནི། །མངག་གཞུག་ལ་སོགས་འགྲུབ་པར་འགྱུར། །རིམ་པ་དེ་དག་ཐམས་ཅད་ནི། །རིགས་བཞི་རྣམས་ལས་ཤེས་པར་བྱ། །དེ་བཞིན་ལྷ་རྣམས་ གཞན་ལ་ཡང་། །དངོས་གྲུབ་རྣམ་པ་གསུམ་དུ་བཤད། །གལ་ཏེ་ལྷ་ཡི་གཟུགས་དག་ལས། །མེ་ཏོག་རིང་དུ་ལྷུང་གྱུར་ན། །དེ་ནི་དངོས་གྲུབ་ཡུན་རིང་འགྱུར། །ཉེ་ན་དངོས་གྲུབ་མྱུར་དུ་འགྲུབ། །གསང་སྔགས་རྣམས་ཀྱི་མཆོད་པ་དག །གང་དུ་འགྲམ་པ་ཚུན་ཆོད་ནི། །དེ་ཡི་ས་ཡིས་ དེ་ཡིན་ཏེ། །མེ་ཏོག་དེ་ལྷུང་དེ་ཡི་རིགས། །ལྷ་གཉིས་ཀྱི་ནི་བར་དག་ཏུ། །གལ་ཏེ་མེ་ཏོག་བབ་གྱུར་ན། །གང་དུ་ཉེ་བར་གྱུར་པ་ནི། །དེ་ནི་དེ་ཡི་རིགས་སུ་བཤད། །གལ་ཏེ་ལ་ལའི་མེ་ཏོག་ནི། །དཀྱིལ་འཁོར་མང་པོ་འདས་ནས་བབས། །དེ་ལ་དངོས་གྲུབ་ཕལ་འགྲུབ་ཅིང་། །དེ་ནི་ དད་པའང་རབ་ཏུ་ཆུང་། །གལ་ཏེ་མེ་ཏོག་བོར་བ་དག །ར་བའི་རི་བོ་ལ་བབ་ན། །ཞི་བའི་བྱ་བས་དེ་ནས་སྡོད། །ནན་ཏན་བསྐྱེད་དེ་འདོར་དུ་གཞུག །དེ་སྟེ་ཐེ་ཚོམ་གྱུར་ན་ནི། །མཁས་པས་བཟླས་ཏེ་འདོར་མི་གཞུག །དེ་ནི་གང་ཡང་ངེས་མེད་པས། །དེ་ནི་དངོས་གྲུབ་འཐོབ་མི་ འགྱུར། །གཉིས་ཀྱི་བར་དུ་མཉམ་པ་དང་། །དོན་མེད་ཕྱི་རོལ་ལྟུང་ན་ནི། །ཞི་བའི་སྦྱིན་སྲེག་བྱས་ནས་སུ། །དེ་ནས་མེ་ཏོག་འདོར་དུ་གཞུག །སྙིང་པོར་མེ་ཏོག་བབ་ན་ནི། །རྟག་ཏུ་དོན་མེད་མི་འགྱུར་བཤད། །སྲད་བུ་དག་གི་ཆོ་ག་བཞིན། །དེ་ཡི་ཉེ་འཁོར་ཤེས་པར་བྱ། ། དེ་ལ་སོགས་པའི་རྣམ་པ་ཡི། །མེ་ཏོག་རྣམས་ནི་བོར་བ་ལས། །བདག་གི་མདུན་དུ་གང་ལྷུང་ནི། །དེ་ལ་ཞི་བ་བརྩམ་པར་བྱ། །སྦྱིན་སྲེག་གིས་ནི་ཞི་བྱས་ནས། །དེ་ནི་སླར་ལ་འདོར་དུ་གཞུག །ལན་གསུམ་སྩོགས་ཏེ་བོར་ན་ཡང་། །གལ་ཏེ་ལེགས་པར་མ་བབས་ན། །རེ་ཐག་ གཅད་དེ་སླར་གཏང་ངོ་། །དེ་ནས་མེ་ཏོག་བབ་པ་ལས་ལྷ་ཡང་དག་པར་ཤེས་པར་བྱས་ནས་ཕྲེང་བ་བླངས་ཏེ། ཨོཾ་པྲ་ཏི་གྲིཧྞཱ་སྭ་མི་མཾ། སཏྭཾ་མ་ཧཱ་བ་ལ། ཞེས་བརྗོད་ནས། དེའི་མགོ་ལ་བཅིང་ངོ་། །ཡེ་ཤེས་བབས་པའི་མཚན་མ་ལས། །ཉེ་བར་མཚོན་ནས་དེ་ལ་མིག་གིས་ ཅི་མཐོང་ཞེས་དྲིས་ཏེ། དེས་ཅི་ལྟར་མཐོང་བ་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །གལ་ཏེ་དཀར་པོ་སྣང་བ་མཐོང་ན་ནི། །དེ་ལ་དངོས་གྲུབ་མཆོག་བསླབ་བོ། །གལ་ཏེ་སེར་པོ་མཐོང་ན་དེ་ལ་དོན་འབྱུང་བའི་ཡེ་ཤེས་བསླབ་པར་བྱའོ། །གལ་ཏེ་དམར་པོ་མཐོང་ན་ དེ་ལ་རྗེས་སུ་ཆགས་པའི་ཡེ་ཤེས་བསླབ་བོ། །འོན་ཏེ་ནག་པོར་མཐོང་བ་དེ་ལ་མངོན་སྤྱོད་ཀྱི་ཡེ་ཤེས་བསླབ་བོ། །གལ་ཏེ་སྣ་ཚོགས་པར་མཐོང་ན། །དེ་ལ་དངོས་གྲུབ་ཐམས་ཅད་ཀྱི་ཡེ་ཤེས་བཀྲོལ་ནས་བསླབ་པར་བྱའོ་ཞེས་རྒྱ་ཆེར་སྦྱར་རོ། །དེ་ནས་སྙིང་པོ་འདིས་གདོང་གཡོགས་བཀྲོལ་ ཏེ། ཨོཾ་བཛྲ་སཏྭ་ཡ་ཡན་ཏེ་ཏྱ། ཙཀྵུ་གྷ་ཏ་ན་པ་རོཏ་གྷ་ཏ་མ་ཏི། སརྦ་ཀྵོ་བཛྲ་ཙཀྵུ་མ་ནུཏྟ་རཾ། དེ་ནས་ཧེ་བཛྲ་པཱ་ཤྱ། ཞེས་བརྗོད་དོ། །དེ་ནས་གདོང་གཡོགས་བཀྲོལ་ནས་ནི། །དཀྱིལ་འཁོར་བཟང་པོ་བསྟན་པར་བྱ། །དེ་ནས་བླ་མ་དགར་གྱུར་ནས། །སློབ་མ་དེ་ལ་འདི་སྐད་བསྒོ། །དཀྱིལ་ འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་རིག་པས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་དངོས་གྲུབ་ཀྱང་། །ཐམས་ཅད་ཁྱོད་ལ་མངོན་དུ་འགྱུར། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོངས། །གསང་སྔགས་ལ་ཡང་ བརྩོན་པར་གྱིས། །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། མི་མཉམ་མེད་པར་ཟུར་བཞི་སྙོམས། །དྲན་དང་དབང་པོ་སྒོ་བཞི་སྟེ། །བསམ་གཏན་རྣམས་ཀྱི་རྟ་བབས་བཞི། །ཏིང་འཛིན་ཁྱམས་སུ་ཤེས་པར་བྱ། །ཁྱམས་ལས་བདེན་པའི་རྡོ་རྗེ་དག །གཟུངས་རྣམས་ལྷ་མོས་ མཆོད་པ་ཡིན། །རྒྱན་རྣམས་ཀུན་གྱིས་བཀྲ་བ་ཡང་། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །གདུལ་བྱས་བསྐྱོད་པ་སྣ་ཚོགས་མཆོག །དར་འཕན་དྲིལ་བུ་སྒྲོག་པ་ཡིན། །མེ་ལོང་ཡེ་ཤེས་རྟག་མི་རྟོག །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །དྲ་བ་དྲ་ཕྱེད་རིན་ཆེན་མཆོག །ཉི་མ་ཟླ་བ་ ཡང་དག་ལྡན། །ཀུན་འགྲུབ་མི་ཟད་བདེ་བ་སྟེ། །བདེ་བ་ཆེན་པོ་ཞེས་གྲགས་པའོ། །དེ་ནི་ནང་གི་དཀྱིལ་འཁོར་གྱི། །ཀ་བ་དཀྱིལ་འཁོར་བརྒྱད་པ་ཡི། །དངོས་གྲུབ་བདེ་བ་ཀུན་སྟེར་བའི། །རྣམ་ཐར་བརྒྱད་པོ་དེ་ཉིད་ཡིན། །ཐེག་པ་ཆེན་པོ་བྱང་ཆུབ་སེམས། །མདོ་སྡེ་འཁོར་ལོ་བསྐོར་ བས་ན། །རྡོ་རྗེ་ཐིག་གིས་ཡོངས་གདབ་ཅིང་། །ཐམས་ཅད་དུ་ཡང་ཡོངས་སུ་རྫོགས། །གང་དག་འཇུག་པ་ཙམ་གྱིས་ནི། །མི་ཚུགས་པ་དང་མི་ལྡོག་དང་། །བདེ་བ་ཆེན་པོ་རབ་འགྲུབ་ཕྱིར། །དེ་དག་དག་པར་ཡང་དག་འགྱུར། །དེ་ནས་ཕྱག་རྒྱ་དང་སྙིང་པོ་ཡང་བཤད་པར་བྱའོ། །དེ་ནས་རྡོ་རྗེ་ འབེབས་པ་ནས་བརྩམས་ཏེ། མགོན་པོ་རྣམ་སྣང་གི་བར་དུ་བསྟན་པར་བྱའོ། །དང་པོ་སྡིག་པ་བསྲེག་བྱས་ནས། །དེ་ལ་དབབ་དང་དྲལ་བ་བྱ། །དེ་དག་ཀུན་གྱི་རིམ་པ་ཡང་། །རྩ་བའི་རྒྱུད་ལས་གསུངས་པ་ལྟར། །འདིར་ནི་དེ་དག་བྱ་བ་ཡིན། །ཞེས་བྱ་བས། དབང་བསྐུར་བའི་སློབ་མ་རྒྱུད་ དག་པར་བྱ་བའི་ཕྱིར་སྡིག་པ་བསྲེག་པ་ནི། ཏིལ་གྱི་སྲེག་བླུགས་སྡིག་པ་བསྲེག་པའི་སྔགས་དང་བཅས་པ་བརྒྱ་རྩ་བརྒྱད་ཀྱིས་ཞི་བའི་སྦྱིན་སྲེག་བྱས་ལ། དེ་ནས་ཐལ་མོ་དམ་དུ་བསྡམས་ལ། སོར་མོ་ཐམས་ཅད་བསྣོལ་བ་ནི། །རྡོ་རྗེ་ཐལ་མོར་བཀའ་སྩལ་ཏེ། །རབ་ཏུ་བསྡམས་ ཕྱིར་རྡོ་རྗེ་བསྡམས། །བཛྲ་ཨཉྫ་ལི་ཞེས་རྡོ་རྗེ་ཐལ་མོའི་སྔགས་སོ། །བཛྲ་བནྡྷ་ཞེས་བརྗོད་ཅིང་སློབ་མའི་སྙིང་གར་ལན་གསུམ་དྲལ་བར་བྱའོ། །དེ་ནས་ཡེ་ཤེས་དབབ་པ་ནི། །བཛྲ་ཨཱ་བེེ་ཤ་ཨ་ཞེས་བྱ་བས་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པ་ལ། ཨ་ཨ་ཞེས་པ་ཨ་བརྒྱས་ སློབ་མ་ལ་དབབ་པར་བྱའོ། །མཆོད་པའི་ལན་དང་སྦྱིན་པ་དང་། །ཞེས་བྱ་བས། སློབ་མས་སློབ་དཔོན་ལ་མཆོད་པ་རྣམ་པ་ལྔ་དབུལ་བ་བསྟན་པའོ། །སྦྱིན་པ་དང་ཞེས་བྱ་བས་དབང་བསྐུར་བའི་སྔོན་ཡོན་བཞིན་དུ་སློབ་དཔོན་ལ་དབུལ་བར་བསྟན་པའོ། །རིམ་པ་དང་ལྡན་པས་དབང་བསྐུར་ཏེ། དེ་ནས་དེ་ལ་ཆུ་དབང་བསྐུར། །གཞན་ཡང་ཕྱག་རྒྱའི་དབང་དང་ནི། །ཅོད་པན་དར་དཔྱངས་རྡོ་རྗེ་དང་། །བདག་པོ་མིང་ལ་སོགས་པ་དང་། །ཞེས་བྱ་བས། རིག་པའི་དབང་ལྔ་དང་། རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་དང་དྲུག་བསྐུར་བར་བསྟན་པ་ནི། གང་དུ་མེ་ཏོག་བབ་པར་གྱུར་པ་དེའི་ རིགས་དང་གཟུགས་སུ་བསྐྱེད་ལ། དེའི་ཕྱག་རྒྱ་དང་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། སྙིང་པོ་འདི་དང་རྡོ་རྗེས་བྱིན་གྱིས་བརླབས་པའི་བུམ་པའི་ཆུས་དབང་བསྐུར་རོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ། དེ་ནས་དེ་དང་རྗེས་སུ་མཐུན་པའི་ཅོད་པན་དང་། དར་དཔྱངས་ཀྱིས་དབང་བསྐུར་ལ། རང་གི་མཚན་ མའི་དབང་བསྐུར་བ་ལག་ཏུ་བྱིན་ཏེ། མཚན་མ་དང་རྗེས་སུ་མཐུན་པར་སྔགས་འདི་བརྗོད་པར་བྱའོ། །སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང་། །དི་རིང་ཁྱོད་ལ་བསྐུར་བར་འགྱུར། །སངས་རྒྱས་ཀུན་དུ་དབང་བསྐུར་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །རང་གི་མཚན་ མས་བདག་པོའི་དབང་གི་སྙིང་པོ་འདིས་སྦྱིན་པར་བྱ་སྟེ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། དེ་ནས་སྙིང་པོ་འདིས་དྲིལ་བུ་སྦྱིན་པར་བྱའོ། །ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱཏ། དེ་ནས་སྙིང་པོ་འདིས་རྡོ་རྗེ་མིང་གི་དབང་བསྐུར། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་ མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་རྡོ་རྗེ་ཞེས་གང་གིས་མིང་གང་བརྗོད་པ་དེར་སྐྱེ་ཞེས་བརྗོད་པར་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་བྱ་བས་ལག་ཏུ་རྡོ་རྗེ་བྱིན་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུཾ། ཞེས་སོ། །དེ་ནས་ཕྱག་རྒྱ་ཆེན་པོའི་ཚུལ་དུ་བཞག་ལ། སྤོས་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ་སྔགས་ཀྱིས་བསྐུལ་བའི་ཚིག་བརྒྱ་རྩ་བརྒྱད་བཟླས་པའི་སྔགས་བྱིན་ལ། ཕྱག་རྒྱ་བཞིའི་ཡེ་ ཤེས་བཟླས་པར་བྱ་བ་ནི། རིག་པའི་དབང་བསྐུར་བའོ། །སློབ་མས་ཀྱང་རྡོ་རྗེ་ཐལ་མོ་བསྐོར་བ་བྱས་ལ་ཕྱག་བྱ་སྟེ། ཕྲེང་བ་བཅིང་བ་ལ་སོགས་ཐམས་ཅད་གཟུང་བར་བྱའོ། །རིག་པའི་དབང་བསྐུར་བའི་ཆོ་གའོ། །དབང་རྣམས་རྫོགས་ནས་དབང་བྱིན་པ། །གསང་བའི་ དབང་དང་ངེས་པའི་དབང་། །རིམ་པ་བཞིན་དུ་རབ་ཏུ་བསྐུར། །དེ་ནས་བཀྲ་ཤིས་བརྗོད་བྱ་ཞིང་། །ཞེས་བྱ་བས། རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་སྟོན་ཏེ། དེ་ཡང་དེ་ནས་སློབ་དཔོན་དུ་འོས་པའི་སློབ་མས་ཡོན་བཟང་པོ་ཕུལ་ལ། གསོལ་བ་གདབ་པར་བྱ་སྟེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ ལ། །ཇི་ལྟར་མཆོག་ཆེན་སྩོལ་མཛད་པ། །བདག་ལ་བསྲུང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །སློབ་དཔོན་རྣམ་པར་སྣང་མཛད་ཆེན་པོ་ཉིད་དུ་གྱུར་པས། ཤར་ཕྱོགས་ཀྱི་སྒོའི་མཐར་སྣ་ཚོགས་པདྨ་བྲིས་ལ། སློབ་མ་རྡོ་རྗེ་འཛིན་པ་ཆེན་པོའི་སྐུར་ཟླ་བའི་ དཀྱིལ་འཁོར་གྱི་སྟེང་དུ་གནས་པར་བསམས་ལ། རྡོ་རྗེ་སེམས་མ་ལ་སོགས་པས་བྱིན་གྱིས་བརླབས་ཏེ། དབང་བསྐུར་བར་བྱའོ། །ཡང་ན་དཀྱིལ་འཁོར་ལས་ཁྲུ་གསུམ་ཙམ་ཡོངས་སུ་དོར་བར་དབང་བསྐུར་བའི་སྒོ་ལ་མངོན་པར་ཕྱོགས་པར་བྱས་ལ། ནང་གི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ ཚད་ཙམ་ལ། ཟུར་བཞི་པ་ལ། སྒོ་ནུབ་ཕྱོགས་སུ་བལྟས་པའི་དཀྱིལ་འཁོར་ཚོན་སྣ་ལྔས་བྲིས་ལ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲིས། དེའི་སྟེང་དུ་སེང་གེའི་གདན་ཟླ་བའི་སྟེང་དུ་དཀྱིལ་འཁོར་རས་ཀྱིས་བཀབ་པ་དང་སེང་གེའི་གདན་གྱི་སྟེང་དུ་བླ་རེ་བྲེ་ཞིང་གཡས་ལོགས་སུ་དར་དང་། མེ་ཏོག་གི་ཕྲེང་བས་བརྒྱན་པའི་གདུགས་རྩེ་མོ་དཀར་བ་དང་། དམར་བ་ལ་གཙུག་ཏོར་གདུགས་དཀར་པོས་ཡོངས་སུ་བཟླས་ལ། གཡོན་དུ་དར་དང་། རས་སྣ་ཚོགས་པས་བཀྲ་བའི་རྒྱལ་མཚན་དང་། བ་དན་ཨོཾ་ཡོངས་སུ་བཟླས་པ་ལེགས་པར་བཞག་ལ་མཆོད་ཡོན་ཕུལ་ཏེ། མེ་ཏོག་ལ་ སོགས་པས་ཡང་དག་པར་མཆོད་ཅིང་། རྔ་བོ་ཆེ་དང་། རྔ་རིངས་དང་། དུང་ལ་སོགས་པའི་རོལ་མོ་ཕྱག་རྒྱས་བྱིན་གྱིས་བརླབས་པ་དང་། ཕྱིའི་གར་དང་གླུ་ལ་སོགས་པ་དང་། སྒེག་མོ་ལ་སོགས་པས་མཆོད་ཅིང་། བཀྲ་ཤིས་ཀྱི་གླུ་ལེན་ཅིང་། དྲིལ་བུ་དཀྲོལ་བཞིན་དུ་རྡོ་རྗེ་འབེབས་པ་ལ་སོགས་ པའི་ཆུ་རྣམས་ཀྱིས། དེའི་སྔགས་གདོན་པ་སྔོན་དུ་འགྲོ་བ་ཉིད་དང་། རྡོ་རྗེ་སློབ་དཔོན་ཆེན་པོ་ཉིད་དུ་དབང་བསྐུར་བར་བྱ་སྟེ། ཨོཾ་བཛྲ་ཨ་བྷི་ཥིཉྩ། ཞེས་བྱ་བ་དང་། ཇི་སྲིད་པར་རྣམ་པར་རྒྱལ་བའི་བུམ་པའི་བར་དང་དབང་བསྐུར་རོ། །དེ་ནས་དེའི་མགོར་ཡང་འཇམ་པའི་རྡོ་རྗེའི་སྐུ་གཟུགས་དེའི་ དམ་ཚིག་གི་ཕྱག་རྒྱས་བཟུང་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ། ཞེས་བྱ་བའི་སྔགས་བཟླས་ལ། རྡོ་རྗེ་འཛིན་པ་ཆེན་པོའི་སློབ་དཔོན་དུ་འགྱུར་རོ། །ཤེས་རབ་ཡན་ལག་འདུས་པའི་རྡོ་རྗེ་ལས་བྱུང་བའི། །བྱང་ཆུབ་སེམས་ཀྱིས་འཇམ་དབྱངས་བྱང་ཆུབ་བདེ་དབང་བསྐུར། ། རྒྱལ་མཆོག་སྲས་བཅས་རྣམས་ཀྱིས་ལེགས་གསུང་བཀྲ་ཤིས་གང་། །དེས་ནི་ཁྱོད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །སངས་རྒྱས་ཀུན་གྱིས་ནམ་མཁའི་ཁམས། །ཡོངས་སུ་གང་བར་རྣམ་པར་བསྒོམ། །ཕྱི་རོལ་དྲི་སོགས་དམ་ཚིག་གིས། །སྤྲིན་ལྟར་བརྟུལ་ཞུགས་ཅན་གྱིས་བསྒོམ། །ཡང་ ན་རྡོ་རྗེ་དབྱིངས་ཀྱི་ནི། །ཏིང་ངེ་འཛིན་གྱིས་རྡོ་རྗེ་བསྒོམ། །དམ་ཚིག་མཆོག་གི་བུམ་པ་ཡང་། །འཛིན་པར་མཁས་པས་བསྒོམ་པར་བྱ། །རྡོ་རྗེ་སློབ་དཔོན་བཀའ་དྲིན་གྱིས། །དེ་ཚེ་དེ་ལ་དབང་བསྐུར་བ། །རྫོགས་སངས་རྡོ་རྗེ་ལྷ་མོ་རྣམས། །རང་ཉིད་གསོལ་བར་མཛད་པར་ འགྱུར། །དེ་ནས་རྣམ་པར་རྒྱལ་བའི་བུམ་པ་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ནས་དབང་བསྐུར་བར་བྱ་སྟེ། ཨོཾ་ཛཿཧཱུཾ་བཾ་ཧོཿ། མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀ་ན་ཧཱུཾ། ཨ་བྷི་ཥིཉྩཱ་མི། སརྦ་བཛྲ་ཨ་དྷི་པ་ཏི་ཏྭཾ་དྲྀ་ཌྷོ་མེ་བྷ་བ། སིདྡྷ་ན་མ་སྟེ་བྷ་ག་བཱན། མ་ཧཱ་བཛྲ་དྷ་ར་སུ་ར་ཏ་སྟྭཾ། མ་ཧཱ་བཛྲ་སཏྭ་ཨོཾ་བྷུར་བྷུ་ཝ་སྭཱ་ཧཱ། ཞེས་བྱ་བ་འདིས་ལག་པ་གཉིས་སུ་རྡོ་རྗེ་བྱིན་ལ། ཕྱི་ནང་གསང་བའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་སྔགས་བརྗོད་པར་བྱའོ། །མེ་ཏོག་མའི་གཟུགས་ཀྱིས་མེ་ཏོག་གིས་གཏོར་ལ། དེང་ཚུན་ཆད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞེད་པས་མཆོད་ན་ཁྱེད་ མཆོད་པའི་ཡན་ལག་རྫོགས་ཤིང་། སྐྱེས་བུ་ཆེན་པོའི་མཚན་དང་། དཔེ་བྱད་རྣམས་ཀྱིས་བརྒྱན་པར་བྱས་པའི་སྐུར་མཐོང་བར་འགྱུར་རོ་ཞེས་བརྗོད་དོ། །དེ་ནས་བདུག་པ་མའི་གཟུགས་ཀྱིས་བདུག་པས་བདུགས་ལ་འདི་སྐད་ཅེས་བརྗོད་དོ། །གང་གིས་སེམས་ཅན་ཐམས་ཅད་ཚིམ་པར་ འགྱུར་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཁྱེད་ལ་བདུག་པར་འཚལ་བར་འགྱུར་རོ། །དེ་ནས་མར་མེ་མའི་གཟུགས་སུ་མར་མེ་ཉེ་བར་བསྟན་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་རྡོ་རྗེ་ཆོས་དང་འདྲ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ལ་ཡང་དག་པར་འབར་ བས། མ་རིག་པས་ཁེབས་པའི་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་སྣང་བས་སྣང་བ་བྱེད་པར་འགྱུར་རོ། །དེ་ནས་བྱུག་པ་མའི་གཟུགས་ཅན་གྱིས་བྱུག་པས་བྱུགས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ཚུན་ཆད་ཁྱོད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་རྟེན་ ཐམས་ཅད་དུ་ཡང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ལ་སོགས་པའི་དྲིའི་རྒྱུན་སྟེར་བར་འགྱུར་རོ། །དེ་ནས་ཧོ་ཞེས་བྱ་བས་གཞུ་བྱིན་ནས། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱིས་ཤིག་ཅེས་བརྗོད་དེ། ཕྱོགས་བཞིར་མདའ་བཞི་འཕེན་དུ་གཞུག་ཅིང་སྟེང་དང་འོག་ཏུ་ ཡང་རེ་རེ་འཕེན་དུ་གཞུག་གོ། །དེ་ནས་ཤ་དྷ་བྷཉྫ་ག་བྱིན་ལ། འདིས་དངོས་གྲུབ་ཐམས་ཅད་དང་། ཉེ་བར་སྤྱོད་པ་ཐམས་ཅད་སྤྲུལ་པ་ཉེ་བར་ལོངས་སྤྱོད་ཅིང་། གཞན་དག་ལ་ཡང་བྱིན་ཅིག །དེ་ནས་ཆོས་ཀྱི་འཁོར་ལོ་རྐང་པ་གཉིས་ཀྱི་དབུས་སུ་བཞག་ཅིང་། དུང་ཡང་ལག་པ་གཡས་པར་བྱིན་ཏེ། ཆོས་ཀྱི་འཁོར་ལོ་དང་། སྨྲ་བ་གཉིས་ཀྱི་ཆོས་ཀྱི་ཡི་གེ་དང་ལྷན་ཅིག་བྱིན་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཅིག །དི་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་ མེད་པས། །ཀུན་དུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པ་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་ པ་དེ་ཀུན་ཀྱང་། །ཀུན་དུ་ཁྱོད་ལ་སྲུང་བར་བྱེད། །དེ་ནས། འཇིག་རྟེན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །རྡོ་རྗེའི་འཁོར་ལོ་བསྐོར་བར་གྱིས། །ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག །རྒྱལ་བར་གྱུར་ཅིག ། རྡོ་རྗེ་རིགས་ཀྱི་བདག་པོའི་རྡོ་རྗེའི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ། །མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ནོར་བུའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག །རྒྱལ་བར་གྱུར་ ཅིག །རིན་པོ་ཆེའི་རིགས་ཀྱི་བདག་པོའི་རིན་པོ་ཆེའི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ། །དེ་ནས། མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག ། རྒྱལ་བར་གྱུར་ཅིག །པདྨའི་རིགས་ཀྱི་བདག་པོའི་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ། །དེ་ནས། མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ། རྒྱལ་བར་ གྱུར་ཅིག །རྒྱལ་བར་གྱུར་ཅིག །ལས་ཀྱི་རིགས་ཀྱི་བདག་པོའི་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ། །དེ་ནས། མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་ བསྐོར། །ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག །རྒྱལ་བར་གྱུར་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའི་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་སློབ་མས་རྡོ་རྗེ་སེམས་དཔར་བསྒོམས་ལ། དེ་བཞིན་དུ་བཞག་སྟེ། གཟེངས་བསྟོད་པས་ནི་དངོས་པོ་ ཀུན། །སངས་རྒྱས་ཀུན་གྱི་བདག་ཉིད་དེ། །རྡོ་རྗེ་མིང་དབང་བསྐུར་བས་ཀྱང་། །དེ་བཞིན་གཤེགས་པར་ལུང་བསྟན་ཏོ། །ཨོཾ། ང་ཡིས་འདི་ལྟར་ཁྱོད་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། ། ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ། སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་ཝ་སྭཿ། གཟེངས་བསྟོད་པ་ནི་འདི་ཡིན་ཏེ། །གཡོན་པའི་ཁུ་ཚུར་སྙིང་ཁར་བཞག་ལ། གཡས་པ་མི་འཇིགས་པ་སྦྱིན་ཏེ། འདིས་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གསང་བའི་ཆོ་གས་ལུང་བསྟན་པར་བྱ་སྟེ། དེ་ལ་དེ་ བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཛིན་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་ཐམས་ཅད་རང་གི་དབང་གི་སློབ་དཔོན་དང་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ། འདི་ལྟ་སྟེ། འདི་ཉིད་ཀྱང་གཟེངས་བསྟོད་པའི་ཕྱག་ རྒྱ་ཆེན་པོས་མཆོག་ཏུ་གསང་བའི་དངོས་གྲུབ་མཆོག་འགྲུབ་པའི་བྱིན་རླབས་དང་། གསང་སྔགས་འདིའི་སྟོབས་ལ་དད་པར་བྱའོ་ཞེས་བརྗོད་པར་བྱའོ། །མཆོག་ཏུ་གསང་བའི་དཀྱིལ་འཁོར་ལ། །མཐོང་བ་དང་ནི་ཞུགས་པ་ཡིས། །སྲིད་པ་ཀུན་ལས་རྣམ་གྲོལ་བར། །ཁྱོད་ ནི་དི་རིང་གནས་པ་ཡིན། །བདེ་ཆེན་ཐེག་པ་འདི་ལས་ནི། །སླར་ཁྱོད་འཆི་བ་ཡོད་མིན་ཏེ། །མི་ཚུགས་པ་དང་མི་སོད་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་ པའི་ཕྱིར། །སྟོན་པའི་མཆོག་ཏུ་གྱུར་པ་ཡིན། །སློབ་མ་གུས་པས་བླ་མ་ཡི། །རྐང་པ་གཉིས་ལ་ཕྱག་བྱས་ཏེ། །དེ་ནས་ཇི་སྐད་གསུངས་པ་ཀུན། །རྗེས་སུ་གྲུབ་པར་ཁས་བླང་ངོ་། །དེ་ལྟར་དམ་བཅས་བྱས་ནས་ནི། །ཆོ་ག་འདི་ཡིས་རང་ཉིད་ཀྱིས། །རྡོ་རྗེ་རྩེ་མོ་ལྔ་པ་ནི། །བླངས་ནས་ ཀྱང་ནི་དེ་ལ་སྦྱིན། །འདི་ནི་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ལག་ན་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅིང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡ་མི་བཛྲ་སཏྭཾ་ཧི་ཧི་ཧི་ཧི་ཧཱུཾ། ཞེས་བརྗོད་དོ། །དེ་ནས། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་རྡོ་རྗེ་རྒྱལ་བས་གསུངས། །ཞེས་བརྗོད་ལ་དྲིལ་བུ་སྦྱིན་ནོ། །དེ་ལྟར་དབང་བསྐུར་བྱས་ནས་ནི། །དེ་ནས་སར་པའི་གོས་རྣམས་བསྐོན། །མེ་ཏོག་དྲི་ལ་སོགས་པས་ མཆོད། །མཆོད་ཕྱིར་གདུ་བུ་བཅང་བར་བྱ། །དེ་ནས་བླ་མ་བདག་ཉིད་ཀྱིས། །དེ་ཡི་སྤྱི་བོར་གདུགས་ཀྱང་གཟུགས། །ཐལ་མོ་སྦྱར་བ་བྱས་ནས་ནི། །དཀྱིལ་འཁོར་ལེགས་པར་བསྐོར་དུ་གཞུག །གདུགས་དང་བཅས་པ་སྒོ་ཕྱོགས་སུ། །སྤྱི་བོ་བཏུད་དེ་ཕྱག་འཚལ་གཞུག །སློབ་མ་འདི་ ནི་ཕུལ་བ་ལགས། །གསང་སྔགས་རྒྱུད་ནི་འཛིན་པར་འགྱུར། །མཁན་པོས་དེ་སྐད་སྨྲས་ནས་སུ། །གདུགས་བཞག་ནས་ནི་སློབ་མ་དེ། །ལག་པར་ལེགས་པར་བླངས་ནས་སུ། །དེ་ནས་འདི་སྐད་བསྒོ་བར་བྱ། །དེ་ནི་དཀྱིལ་འཁོར་སློབ་དཔོན་འགྱུར། །གསང་སྔགས་རྒྱུད་ཀྱང་འཛིན་ པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་བཀུར་བར་འགྱུར། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་གྱིས། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །ཁྱོད་ཀྱིས་ཆོས་ལ་སེར་སྣ་དང་། ། སེམས་ཅན་རྣམས་ལ་མི་ཕན་པ། །ཉམས་པ་ཆེན་པོར་འགྱུར་ཀྱང་ནི། །བུ་ཁྱོད་ཀྱིས་ནི་མི་བྱའོ། །དེ་ནས་བཀྲ་ཤིས་བརྗོད་བྱ་ཞིང་། །ཞེས་བྱ་བས་དབང་བསྐུར་ཟིན་ནས་བཀྲ་ཤིས་བརྗོད་པར་བྱ་སྟེ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་ དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདྲ་བའི་སྤྱན་མངའ་བ། །བཀྲ་ཤིས་དེ་ནི་སྐྱེ་དགུ་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པ་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། ། རྒྱལ་བ་བཞིན་དུ་འགྱིང་བཅས་པས། །གཡོག་དང་ལྡན་པས་སློབ་དཔོན་ལ། །ལན་གསུམ་བསྐོར་བས་ཚིགས་བཅད་ཀྱིས། །བླ་མ་དེ་ནི་གཟེངས་བསྟོད་བྱ། །ཀྱེ་བདག་ནི་རིམ་པས་དབུགས་ཕྱུང་སྟེ། །མྱ་ངན་འདས་པའི་ལམ་ལ་དགོད། །ས་ལ་ངེས་པར་དབང་བསྐུར་ཏེ། །ཤིན་ ཏུ་གཟི་ལྡན་བཀྲ་ཤིས་མཆོག །ཅེས་བརྗོད་པས་གཤེགས་སུ་གསོལ་ཏེ། དེ་ནས་རང་ཡང་ཁྱིམ་དུ་འགྲོ། །ཁྱིམ་དུ་ཕྱིན་ནས་འཁོར་དག་ལ། །སློབ་དཔོན་འདི་ནི་དམ་ཚིག་པས། །བདག་ཀྱང་དམ་ཚིག་མཆོག་དང་ལྡན། །འདི་ལ་རིམ་གྲོ་ཕུན་སུམ་ཚོགས། །རྟ་དང་གླང་པོ་ནོར་ དང་འབྲུ། །རིན་པོ་ཆེ་དང་ཅི་བཞེད་པ། །ཁྱེད་ཅག་ང་ལ་མ་འདྲི་བར། །སློབ་དཔོན་འདི་ལ་དེ་ཕྱིར་ཕུལ། །ཞེས་བྱ་བས། བླ་མ་ལ་ཡོན་དབུལ་བ་དང་། དཀྱིལ་འཁོར་གྱི་ལྷ་གཤེགས་ཤིང་། སྤྲུལ་པ་རང་ལ་བསྡུ་བ་དང་། །ཚོན་ཕྱག་ཅིང་དཀྱིལ་འཁོར་གྱི་རྫས་ལ་སོགས་པ་ཇི་ལྟར་ བྱ་བའི་རིམ་པ་བསྟན་པ་ནི། དེ་ནས། བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང་། །རང་སྲོག་གིས་རྟག་བརྟེན་ བྱས་ན། །ལོངས་སྤྱོད་གཡོ་བས་སྨོས་ཅི་དགོས། །གང་ཕྱིར་བསྐལ་པ་བྱེ་བ་ནི། །གྲངས་མེད་པར་ཡང་རྙེད་དཀའ་བའི། །སངས་རྒྱས་ཉིད་ཀྱང་རྩོད་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །རྟག་ཏུ་ཁྱོད་ཀྱིས་དམ་ཚིག་སྲུངས། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་སྦྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་མཆོག་དག་གིས། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །དེང་ཁྱོད་སྐྱེ་བ་འབྲས་བཅས་ཏེ། །གང་འདིར་ལེགས་པར་གནས་པས་ ན། །དམ་ཚིག་ལྷ་རྣམས་ཀུན་དང་མཉམ། །རང་འབྱུང་དུ་ཡང་དེ་སྐྱེས་སོ། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱིས་དེང་ཁྱོད་དབང་བསྐུར་བས། །ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་པོའི་བདག་པོར་བསྟན་པ་ཡིན། །དེས་ནི་བདུད་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་ མཆོག་ཏུ་རབ་ཏུ་བཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཏེ། །དེ་ཉིད་ཐོབ་པར་ཐེ་ཚོམ་མེད། །དེ་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ་ལེགས་པར་བསྟོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་ཅིང་བཟོད་པར་གསོལ་བ་ལ། ཉི་མ་ འཆར་བའི་དུས་སུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ། གྱེན་དུ་བཀྲོལ་ཏེ་སྙིང་པོ་འདི་བརྗོད་པར་བྱའོ། །ཨོཾ་ཀྲྀ་ཏོ་པ་སརྦ་སཏྭ་ཨརྠ། སིདྡྷི་མ་ཧཾ་དྭ་མ་ཐཱ་ནུ་ག་ཏ། གཙྪ་ཏྭཾ་བུདྡྷ་བི་ཤི་ཡཾ། སུ་ན་ར་ག་མ་ན་ཡ་ཏུ། བཛྲ་སཏྭ་མུ་དེ། མི་བསྐྱོད་པ་ལ་སོགས་པའི་སྤྲུལ་པའི་དཀྱིལ་འཁོར་རྣམས་ ནི། ཛཿཧཱུཾ་བཾ་ཧོཿཞེས་བྱ་བས། རང་གི་ལུས་ལ་ཉེ་བར་བསྡུ་བར་བྱའོ། །དེ་ནས་སྙིང་ག་ནས་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་རང་གི་དབང་བསྐུར་བའི་གནས་ན་འདུག་པས་དབང་བསྐུར་ལ། མཛུབ་མོ་གཉིས་ཀྱིས་ཕྲེང་བ་བཅིངས་པ། གོ་ཆ་བཅིང་བ་སྙིང་པོ་འདིས་བྱ་སྟེ། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ། སརྦ་མུ་ཊ་མེ་དྲཾ་ཊཾ་ཀུ་རུ་པ་ར་ཀ་པ་ཙེ་ན་བཾ། གོ་ཆའི་མཐར་ཕྲེང་བ་བཅིངས་པ་བཀྲོལ་བ་ལ་ཐལ་མོ་སྦྱར་ཏེ། བདག་ཉིད་མཉམ་པའི་ཐལ་མོས་དགྱེས་པའི་སྙིང་པོ་འདིས་བྱའོ། །ཨོཾ་བཛྲ་ཏུ་ཥྱེ་ཧོ། །ཡི་གེ་བརྒྱ་པ་བརྗོད་ལ། རྡོ་རྗེ་དགའ་བས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་རྡོ་རྗེ་ སེམས་དཔའ་ཁྱོད། །རྡོ་རྗེ་རིན་ཆེན་ཁྱོད་ལེགས་སོ། །རྡོ་རྗེ་ཆོས་ཁྱོད་ལེགས་པ་སྟེ། །རྡོ་རྗེ་ལས་ནི་ཁྱོད་ལེགས་སོ། །ཐེག་པ་ཆེན་པོ་བླ་ན་མེད། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ཐེག་པ་ཆེན་པོ་མདོར་བསྡུ་བའི། །མདོ་འདི་ཡང་ནི་ལེགས་པར་བཤད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ ཡ། བཛྲ་བིགྷྣཱཾ་བཛྲ་དྷཱ་ར་ཨཉྫ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཅེས་བྱ་བས་ཕུར་བུ་བཏོན་ལ་འོ་མས་བཀྲུའོ། །ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཏ། ཞེས་པ་འདིས། ཚོན་རྩི་རྣམས་བསྡུས་ལ་འབད་པས། ཆུ་ཀླུང་ཆེན་པོར་དོར་བར་བྱའོ། །དེ་ནས་གནས་ཀྱང་བ་ གླང་གི་ལྕི་བས་ཉེ་བར་བྱུགས་ལ། བཟའ་བ་དང་ནི་བཅའ་བ་རྣམས། །ཅི་དགའ་བར་ནི་སྦྱིན་པར་བྱ། །ཁྱི་དང་བྱ་རོག་ལ་སོགས་ལ། །ཅུང་ཟད་ཙམ་ཡང་མི་སྦྱིན་ནོ། །ཡོ་བྱད་རྫས་རྣམས་ཐམས་ཅད་ནི། །སློབ་དཔོན་དག་གིས་བསྡུས་ནས་ནི། །སློབ་མ་རྣམས་ལ་བགོར་མི་རུང་། ། དཀྱིལ་འཁོར་གྱི་ནི་ཡོ་བྱད་ཀུན། །སློབ་དཔོན་བདག་ཉིད་དབང་བར་བཤད། །གལ་ཏེ་སློབ་མས་སྤྱད་ན་ནི། །དམ་ཚིག་ལས་ནི་ཉམས་པར་འགྱུར། །གང་ཞིག་སྤྱོད་པར་མི་འདོད་ན། །དེ་ཡི་ཆོ་གའི་གོ་རིམས་འདིའོ། །དཀོན་མཆོག་གསུམ་གྱི་ཡོ་བྱད་དུ། །དེ་དག་ཆོ་ག་བཞིན་དུ་ དབུལ། །གདུགས་དང་རྔ་ཡབ་དྲི་ལ་སོགས། །སངས་རྒྱས་ཉིད་ལ་དབུལ་བར་བྱ། །གདན་དང་གདུགས་སྤོས་དྲི་ལ་སོགས། །དམ་པའི་ཆོས་ལ་དབུལ་བར་བྱ། །གོས་དང་ཡོ་བྱད་སྣོད་ལ་སོགས། །དགེ་འདུན་རྣམས་ལ་དབུལ་བར་བྱ། །དེ་དག་ལ་ནི་སློབ་མ་ཡིས། །ཅུང་ཟད་ཙམ་ཡང་ མི་བསྐུར་རོ། །དགེ་འདུན་མེད་ན་དགེ་སློང་སྦྱིན། །ཡང་ན་དགེ་སློང་མ་ལ་སྦྱིན། །གལ་ཏེ་བདག་ཉིད་མི་འདོད་ན། །དགེ་བསྙེན་དག་ལ་སྦྱིན་པར་བྱ། །དེ་ནས་དེ་ཡི་ཕྱི་དེ་ཉིན། །ཉེས་བྱས་ལྷག་མ་ཞི་བྱའི་ཕྱིར། །མཁས་པ་ཡིས་ནི་ཞི་བ་ཡི། །སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །སློབ་ མས་བདག་ཞི་བྱ་བའི་ཕྱིར། །སྤྱན་ལ་སོགས་པའི་གསང་སྔགས་དང་། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བྱམས་པ་ཆེན་པོའང་བསྒོམ་པར་བྱ། །ཉེས་བྱས་ཐམས་ཅད་ཞི་བྱའི་ཕྱིར། །དེ་ནས་ཞི་བ་ཆེན་པོ་བྱ། །དེ་དག་ནི་གཞུག་ཅིང་དབང་བསྐུར་བའི་རིམ་པའོ། །གཞན་ཡང་ སྦྱིན་སྲེག་བྱེད་པ་ན། །ལས་གཞན་དེ་དག་གཞན་པ་མིན། །བདག་གི་ལས་དང་གཞན་དག་སྟེ། །ཤི་དང་གསོན་གྱི་ལས་སུ་བསྟན། །ཞེས་བྱ་བས། བདག་དང་གཞན་དོན་དུ་སྦྱིན་སྲེག་བྱ་བ་སྤྱིར་མདོར་བསྟན་པའོ། །དེ་ཡང་། ཤི་དང་གསོན་གྱི་ལས་སུ་བསྟན། །ཞེས་བྱ་བས་གཞན་ དོན་བྱ་བ་ཁྱད་པར་དུ་མདོར་བསྟན་པའོ། །དེ་ལ་བདག་གི་ལས་བསྟན་པ། །ཞེས་བྱ་བ་ནས། དེ་ནི་བདག་གི་དོན་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བའི་བར་གྱིས་བདག་གི་དོན་བྱ་བའི་སྦྱིན་སྲེག་བསྟན་པའོ། །དེ་ཡང་། དེ་དབུས་གསུམ་ལས་ལྷ་རྣམས་བསྐྱེད། །ཅེས་བྱ་བས་ ཡིག་འབྲུ་དང་ཕྱག་མཚན་དང་ལྷ་བསྐྱེད་པ་སྟེ་ཆོ་ག་གསུམ་ལ་བྱའོ། །དེ་ལ་ཨ་ཡིས་བྱིན་བརླབས་ཏེ། །ཞེས་བྱ་བས་ལྷའི་བྱིན་གྱིས་བརླབ་པ་སྟེ། དབུ་ལ་ཨོཾ་མགྲིན་པར་ཨཱཿའམ་ཧྲཱིཿདང་། ཐུགས་ཀར་ཧཱུཾ་བསམ་པ་ལ་བྱའོ། །འདི་ལས་མ་གསུངས་གཞན་དག་ལས། །རྒྱས་པར་ བསྟན་དེ་དེར་ཤེས་བྱ། །ཞེས་བྱ་བས། གཞུང་འདི་སྦྱིན་སྲེག་མ་རྒྱས་པས། །མཚན་ཡང་དག་པར་རྫོགས་པའི་སྦྱིན་སྲེག་རྒྱས་པ་དང་། རྒྱས་པ་གཞན་དང་གཞན་བཞིན་འདིར་བྱ་བར་གསུངས་པའོ། །གཞན་དོན་བྱ་བའི་རིམ་པ་ཡང་། །ཤི་དང་ན་བ་གཉིས་ཡིན་ཏེ། །ཞེས་བྱ་ བས། གཞན་དོན་བྱ་བ་མདོར་བསྟན་པའོ། །དེ་ལ་ན་བའི་ལས་བྱ་བ་ཞེས་བྱ་བ་ནས། ན་བ་ལས་ཐར་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བའི་བར་གྱིས། གང་དག་བགེགས་ལ་སོགས་པ་རྣམས་ཀྱིས་ན་བ་ལ། ཞི་བའི་སྦྱིན་སྲེག་གིས་ཞི་བའི་ལས་བྱ་ལ། གང་དག་ཞི་བར་མ་གྱུར་པ་རྣམས་ལ་ དྲག་པོའི་སྦྱིན་སྲེག་གིས་ལས་བྱ་ཞེས་པའི་དོན་ཏོ། །དེ་ནས་ཤི་བ་ལ་ཕན་གདགས་པའི་རིམ་པ་འབྱུང་སྟེ། རོའི་སྔོན་དུ་འགྲོ་བའི་ཆོ་ག་དང་། རོ་སྟ་གོན་ལ་གནས་པ་དང་། རོ་སྦྱིན་སྲེག་ཆེན་པོས་སྦྱང་བ་དང་གསུམ་གྱི་རིམ་པ་སྟོན་ཏེ། དཀྱུས་དཀྲུགས་པའི་ཕྱིར་གསལ་བར་བྱ་བ་ནི། དེ་ནས་ ཤི་ལ་ཕན་གདགས་ན། །དང་པོར་གནོད་པའི་བགེགས་བསལ་ནས། །རོ་ལ་ཕན་པའི་ཆོ་ག་ནི། །ཕན་པའི་གནོད་སྦྱིན་ཆུས་བཏབ་ལ། །དང་པོར་བཀྲུ་བའི་ལས་ཡིན་ནོ། །དེ་ནས་རྣམ་རྒྱལ་ཆུས་བཀང་བའི། །བུམ་པས་བཀྲུས་ཏེ་བགེགས་བསྐྲད་ལ། །དེ་ནས་དེ་ལ་བསྲུང་བར་བྱའོ། ། ཨ་ཡིས་ཀུན་ཁྱབ་སྤྱི་སྟེང་བསམ། །ལྷག་འགྱུར་ལྷ་ནི་སྔོན་བཞིན་བསམ། །ཨ་ལས་ཡེ་ཤེས་ལྔ་ཡིས་གང་། །དེ་ནས་ཨ་ཡི་སྤྲོ་བསྡུ་བྱ། །དེ་ནས་གང་ཤི་དེ་ཉིད་ལ། །མིག་ལ་ཨ་ཨ་ཞེས་བཀོད་དེ། །དེ་ནི་སྔོན་གྱི་ཆོ་གའོ། །ཞེས་བྱ་བས། རོའི་སྔོན་དུ་བྱ་བའི་རིམ་པ་ནི། དང་པོར་གནོད་པའི་བགེགས་བསལ་ཏེ། གང་ཞེ་ན། སྣང་ལ་བདེན་པ་བདར་བ་ནི། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་དང་། རིག་སྔགས་དང་། གསང་སྔགས་ དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་། རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱི་རླབས་ཀྱིས། ཚེ་འདས་པ་འདི་ལ་གསོན་གྱི་དུས་སུ་བརྙས་བྱེད་པ། གཤིན་གྱི་དུས་སུ་གཅགས་བྱེད་པའི་བགེགས་དང་ལོག་འདྲེན་གང་དག་ཡོད་པ་དེ་དག་ཐམས་ཅད་སྐད་ཅིག་ ཀྱང་མ་གནས་པར་དེངས་ཤིག་ཅེས་བྱས་ལ། ཡུངས་ཀར་བརྡེག་ཅིང་། ཧཱུཾ་བཞི་པའི་སྔགས་བཟླས་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བྱིན་གྱིས་བརླབས་པའི་བུམ་པའི་ཆུས་བཀྲུས་ལ་བགེགས་ཀྱིས་མི་ཚུགས་པར་བསམ། དེ་ནས་རྣམ་པར་རྒྱལ་བའི་བུམ་པའི་ཆུས་བཀྲུས་ ལ་སྒྲིབ་པ་ཐམས་ཅད་དག་པར་བསམ། དེ་ནས་རོའི་སྤྱི་བོའི་སྟེང་དུ་ཨ་བསམས་ལ། དེ་གྱུར་པ་ལས་ཁོ་རང་གི་ལྷག་པའི་ལྷ་རུ་བསྐྱེད། དེ་ནས་ཡང་སྙིང་གར་ཨ་བསམས་ལ། དེ་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས་རོ་ཡེ་ཤེས་ལྔ་དང་ལྡན་པར་གྱུར་པར་བསམས། དེ་ནས་རོའི་ ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པར་བྱ་སྟེ། སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ་བསམ། མགྲིན་པར་ཟླ་བའི་སྟེང་དུ་ཧྲཱིཿདམར་པོ་བསམ་མོ། །སྙིང་གར་ཟླ་བའི་སྟེང་ཧཱུཾ་ནག་པོ་བསམ། དེ་ནས་སྐྱེ་མཆེད་དྲུག་ལ་དབྱངས་ཀྱི་ཡི་གེ་ཟུང་རེ་རེ་དགོད་དོ། །དེ་ནི་རྟེན་སྦྱང་བའོ། །དེ་ནས་ ཤེས་པ་དགུག་པ་ནི། གོང་གི་བདེན་པ་བདར་ལ། ཚེ་འདས་པའི་མིང་འདི་ཞེས་བྱ་བ་ཁྱོད། འདི་ནས་ཤི་བའི་དུས་བྱས་ནས། ངན་སོང་གསུམ་ལ་སོགས་པ་འགྲོ་བ་གང་ན་གནས་ཀྱང་རུང་། སྐད་ཅིག་གིས་འདིར་ཁུགས་པར་གྱུར་ཅིག །དེ་ནས་སྔགས་བརྗོད་པ་ནི། ཨོཾ་སརྦ་བིད་སརྦ་ པཱ་པཾ་ཨཱ་ཀཪྵ་ཡ་ཧཱུཾ་ཛ་ཨ་ཎི་སུཾ་ཏྲི་པྲེ་དུ་ཛ། ཞེས་བརྗོད་ཅིང་། སྙིང་ག་ནས་འོད་འཕྲོས་པ་ལས་ཁུགས་པར་བསམ་མོ། །ཛཿཧཱུཾ་བཾ་ཧོཿབརྗོད་ལ་ཡང་བསྟིམ་པར་བསམ་མོ། །དེ་ནས་གཅགས་དང་དབྲལ་བ་ནི། གོང་གི་བདེན་པ་བདར་ལ། གོང་མ་ལྟར་འདིར་ཡང་བགེགས་བསྐྲད་ དོ། །དེ་ནས་འགྲོ་བ་རིགས་དྲུག་ནས་དྲང་བ་ནི། འགྲོ་བ་རིགས་དྲུག་གི་སྙིང་པོས་འགྲོ་བ་རིགས་དྲུག་ནས་རོའི་ཤེས་པ་དྲངས་ནས་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པར་བསམ་མོ། །དེ་ནས་གཏང་བར་བྱ་བ་ནི། མཆོད་པའི་བྱེ་བྲག་རོ་ལ་དབུལ་བ་དང་། མེ་ཏོག་གི་ཆར་དབབ་ བར་བྱའོ། །དེ་དག་ནི་སྔོན་དུ་བྱ་བའི་རིམ་པའོ། །དེ་ནས་གནས་པའི་ཆོ་ག་བཤད། །ཤི་བ་དཀྱིལ་འཁོར་དབུས་བཞག་སྟེ། །ཞག་ལྔ་སློབ་དཔོན་སྨྱུང་གནས་ཏེ། །བགེགས་བསྐྲད་ལ་སོགས་བྱས་ནས་ནི། །འཁོར་ལོའི་ལྷ་རྣམས་མདུན་བསམས་ཏེ། །ཕྱག་འཚལ་སྤྲོ་བསྐྱེད་ལ་སོགས་ བྱ། དེ་ནས་ཚིག་འདི་ཆེད་བརྗོད་བྱ། །དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པར་བདག་ནི་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པས། །མི་ལྡོག་པར་ནི་བདག་གྱུར་ཏེ། །དེ་བཞིན་ གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུལ་བའི་མཆོག་ཡིན་ནོ། །དེ་ནས་སྦྱོར་བའི་ཏིང་འཛིན་དང་། །རྒྱལ་མཆོག་ལ་སོགས་ བསྒོམ་བྱ་སྟེ། །སྒོ་དབྱེ་ལ་སོགས་གནས་འདིར་བཤད། །དེ་ནས་སྤོས་ཐོགས་ལ། སྤྱན་དྲང་ཚིག་འདི་བརྗོད་པར་བྱ། །ཀྱེ་དབང་བསྐུར་ངེས་ཏེ་བླ་ན་མེད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ ཡིས། །འདི་ལ་ཕན་གདགས་དོན་ཆེད་དུ། །གནས་འདིར་སངས་རྒྱས་ཀུན་གཤེགས་ཏེ། །འདི་ལ་དབང་ནི་སྩལ་དུ་གསོལ། །དེ་རྗེས་གསང་སྔགས་འདི་བརྗོད་བྱ། །ཨོཾ་ཨ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲི་བྷ་ག་བཱན། ཛྙཱ་ན་མཱུརྟི། ཝཱ་གཱི་ཤྭ་ར་མ་ཧཱ་ཝ་ཙ། སརྦ་དྷརྨ། ག་ག་ ན་ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷཱ་ཏུ། ཛྙཱན་གརྦྷ་ཨཱཿ། ཞེས་ནི་བརྗོད་པའི་སྔགས་བཟླས་སོ། །དང་པོ་སངས་རྒྱས་ང་རྒྱལ་དང་། །ལྡན་པས་དཀྱིལ་འཁོར་བྲི་བའི་ཕྱིར། །ཚིགས་བཅད་འདི་ཡིས་བསྟོད་པར་བྱ། །སངས་རྒྱས་ཀུན་གྱིས་བསྟོད་བྱ་ལ། །རང་དབང་བསྟོད་དེ་ངེས་པའི་མཆོག །འབྲས་ བུ་འབྱིན་པའི་སངས་རྒྱས་ཀྱིས། །ཤི་ལ་ཕན་གདགས་དོན་ཆེད་དུ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །དེས་ནི་གསོལ་བ་གདབ་བྱས་ནས། །ཕྱོགས་བཅུའི་སངས་རྒྱས་ནམ་མཁའ་ལ། །མངོན་སུམ་འདྲ་བར་གང་བར་བསྒོམ། །དེ་ནས་ཕྱོགས་བཅུའི་ རྒྱལ་བ་དང་། །དང་པོའི་སངས་རྒྱས་ལ་སོགས་པ། །ནམ་མཁའ་གང་བར་འདི་བཞེས་ལ། །དེང་བདག་འདུས་པའི་མཆོག་ཡིན་ཏེ། །དེ་ནས་ཏིལ་གྱིས་དེ་ལ་ནི། །བསྐོར་ཏེ་སྦྱིན་སྲེག་དབུལ་བར་བྱ། །ཤི་བ་སྟ་གོན་ལ་གནས་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བས། རོ་སྟ་གོན་ལ་གནས་ པ་བསྟན་ཏེ། དེ་ཡང་དེ་ནས་རོ་སྟ་གོན་ལ་གནས་པ་ནི། ཤིན་ཏུ་དབེན་པའི་གནས་སུ། དཀྱིལ་འཁོར་འདོམ་གང་གྲུ་བཞི་པ་བྱས་ལ། ལྷ་རྣམས་ཀྱི་གནས་སུ་མེ་ཏོག་གི་ཚོམ་བུ་བཀོད་དེ། དབུས་སུ་ཁྲི་བྱས་ལ། རས་བཟང་པོ་ཡུག་གཅིག་གིས་དཀྲིས་ཏེ། དེའི་སྟེང་དུ་རོ་ བཞག་ལ། རྡོ་རྗེ་སློབ་དཔོན་གྱིས་དཀར་གསུམ་བཟའ་ཞིང་ཟ་གཅིག་པའི་སྨྱུང་བ་བྱས་ལ། རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གསུམ་དང་ལྡན་པར་བསྒོམས་ནས། དེ་ནས་ཡང་སྔོན་བཞིན་རོའི་བགེགས་བསྐྲད་ལ། དེའི་འོག་ཏུ་རྡོ་རྗེ་འཁོར་ལོའི་སྔགས་དང་ཕྱག་རྒྱས་ དཀྱིལ་འཁོར་ནམ་མཁའ་ལ་སྤྲུལ་ལ། ཕྱག་དང་མཆོད་པ་དང་བསྟོད་པ་ཡན་ཆད་སྔོན་བཞིན་བྱས་ལ། དེའི་འོག་ཏུ་ཚིག་འདི་བརྗོད་པར་བྱ་སྟེ། དེང་དུས་བདག་ཚེ་འབྲས་བུ་ཡོད། །དེང་བདག་འདུས་པ་མཆོག་ཡིན་ནོ། །ཞེས་པའི་བར་ཏེ། དེ་ལྟར་ཞག་ལྔའི་བར་དུ་ཉིན་ཞག་རེ་ལ་ ཐུན་བཞིའི་སྦྱོར་བས་ལྷ་ལ་མཆོད་པ་དང་རོ་ལ་ཡུངས་ཀར་རམ་བྱེ་མས་བྲབ་ཅིང་སྔགས་རིངས་ཀྱི་བཟླས་པ་བྱའོ། །དེའི་འོག་ཏུ་ནམ་མཁའ་ན་བཞུགས་པ་གཤེགས་སུ་གསོལ་ལ། དེ་ནས་ཞག་ལྔའི་ནང་པར་སློབ་དཔོན་གྱིས་ཏིང་ངེ་འཛིན་རྣམ་པ་གསུམ་སྔོན་བཞིན་བསྒོམས་ལ། དེ་ནས་ སྤོས་ཐོགས་ལ་སྤྱན་དྲངས་ཚིག་འདི་བརྗོད་པར་བྱ། ཀྱེ་དབང་བསྐུར་ངེས་ཏེ་བླ་ན་མེད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །འདི་ལ་ཕན་གདགས་དོན་ཆེད་དུ། །གནས་འདིར་སངས་རྒྱས་ཀུན་ གཤེགས་ཏེ། །འདི་ལ་དབང་ནི་སྩལ་དུ་གསོལ། །ཞེས་བརྗོད་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བར་བསམ་མོ། །དེ་ནས་ཞག་དྲུག་པ་ལ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ། ཞི་བའི་ཐབ་བཅས་ཏེ་ཏིལ་ནག་པོས་སྡིག་པ་སྦྱང་བའི་སྦྱིན་སྲེག་བྱའོ། །དེ་ནས་གཟུགས་བརྙན་ གྱི་དཀྱིལ་འཁོར་བྲི་བའི་ཕྱིར་འདུད་ཉི་ཤུས་བསྟོད་པ་བྱའོ། །དེ་དག་ནི་རོ་སྟ་གོན་ལ་གནས་པའི་ཆོ་གའོ། །དེ་ནས་སྔོན་གྱི་སྦྱོར་བ་ཡིས། །ཆོ་ག་རྣམས་ནི་སྤྱད་པར་བྱ། །དང་པོའི་ཆོ་གའི་རིམ་པ་ནས། །འཁོར་ལོ་རིམ་པ་འདིར་གསུངས་ཏེ། །ཕྱི་རོལ་ཕྱུང་སྟེ་གཏོར་མ་སྦྱིན། །དེ་ནས་ ཁྲུས་བྱས་མཆོད་པའི་ཚོགས། །མ་ལུས་པར་ནི་འདིར་བཤད་དོ། །དེ་ནས་ཕྱི་ཡི་རིམ་ལྡན་པས། །སྔགས་པ་ཆས་གོས་ལྡན་པ་ཡིས། །ཤིན་ཏུ་བསྒྱིངས་པས་བརྒྱན་བྱས་ཏེ། །ཞག་བདུན་ནང་པར་སྦྱིན་སྲེག་བྱ། །མི་ཉིད་ཤི་བའི་གནས་བྱས་ཏེ། །ཤི་ལ་ཕན་པའི་དཀྱིལ་ འཁོར་ལྡན། །གཞལ་ཡས་ཁང་པ་དེ་འདྲ་བ། །འདི་ལ་གསུངས་ཏེ་གཞན་དུ་མིན། །འདི་ལྟར་གསུངས་པའི་ཆོ་ག་ནི། །བདག་གིས་རང་བཟོར་མ་བྱས་ཏེ། །འཇམ་དཔལ་སྒྱུ་འཕྲུལ་དྲ་བ་དང་། །ཆོ་ག་འདུས་པའི་རྒྱུད་ལས་ཏེ། །དེས་ན་འདིར་ནི་འོས་པ་ཡིན། །འདི་ནི་ཤི་བའི་ ཆོ་གའོ། །ཤི་བ་ལ་ཕན་གདགས་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བས། རོ་སྦྱིན་སྲེག་ཆེན་པོས་སྦྱང་བ་སྟེ། དེ་ཡང་དེ་ནས་ཞག་བདུན་པ་ལ་རོ་དཀྱིལ་འཁོར་ཆེན་པོས་སྦྱང་བའི་ཕྱིར། སློབ་དཔོན་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། དང་པོར་གཏོར་མ་བཏང་ལ། དེ་ནས་སའི་ཆོ་ག་དང་། ཐིག་གི་ཆོ་ག་དང་། རྡུལ་ཚོན་འབྲི་བ་གཞུང་བཞིན་དུ་བྱས་ལ། དཀྱིལ་འཁོར་གྱི་དབུས་སུ་བསྲེག་ཁང་བརྩིགས་པ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་ཕྱག་རྒྱས་དགོད་པ་དང་། རྒྱན་དགོད་པ་དང་། མཆོད་པའི་ཡོ་བྱད་ལ་སོགས་པ་གཞུང་བཞིན་དུ་བཀུག་ལ། དེ་ནས་རོ་བསྲེག་ཁང་དུ་ དྲངས་ཏེ། བསྲེག་ཁང་ལ་ལན་གསུམ་བསྐོར་ལ། ཤར་ཕྱོགས་ནས་ནང་དུ་གཞུག །དེ་ནས་སློབ་དཔོན་གྱིས། དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནས་བཟུང་སྟེ། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ཡན་ཆད་བསྒོམས་ལ། དཀྱིལ་འཁོར་གྱི་མཆོད་པ་རྫོགས་པར་བྱས་ཏེ། དེ་ནས་རླུང་ གཡབ་ཀྱིས་མེ་སྦར་ལ་མེའི་པྲ་བརྟག་སྟེ། དམ་ཚིག་གི་མེ་ལྷ་བསྐྱེད་པ་དང་། མཚན་ཉིད་ཀྱི་མེ་ལྷ་སྤྱན་དྲང་བ་དང་། མདུན་གྱི་ནམ་མཁའ་ལ་བསྟོད་པ་དང་། དགུག་གཞུག་བཅིང་བར་བྱ་བ་དང་། ཕྱག་རྒྱས་གདབ་པ་དང་། བྱིན་གྱིས་བརླབ་པ་དང་། དབང་ བསྐུར་བ་དང་། མཆོད་པ་དང་བསྲེག་རྫས་ཕུལ་བ་ཡན་ཆོད་བྱས་པ་ནི་མེ་ལྷའི་མཆོད་པའོ། །དེ་ནས་མེ་ལྷའི་ཐུགས་ཀར་ཡི་གེ་བྷྲཱུཾ་ལས་ཕོ་བྲང་རིམ་པ་གསུམ་དང་ལྡན་པའི་གཞལ་ཡས་ཁང་བསྒོམས་ལ། ཐབ་ཏུ་མེ་ཏོག་རེ་དོར་ཞིང་། གཟུགས་བརྙན་གྱི་དཀྱིལ་འཁོར་ནས་མེ་ལྷའི་ཐུགས་ ཀར་རེ་མོས་སམ་དུས་གཅིག་ཏུ་སྤྱན་དྲངས་ཏེ། བསྲེག་རྫས་རྣམས་དབུལ་བར་བྱའོ། །དེ་ནས་མཇུག་གི་ཆོ་ག་ནི། བཟོད་པ་གསོལ། དགེ་བའི་རྩ་བ་བསྔོ་བ་དང་། ཕྱག་རྒྱ་དགྲོལ་ཅིང་ཡེ་ཤེས་གཤེགས་པ་དང་། བསྐྱེད་པ་སྙིང་གར་བསྡུ་བ་དང་། ཕུར་བུ་གདོན་ཞིང་ཕྱོགས་སྐྱོང་ གསོ་བ་དང་། མཆོད་རྫས་ལ་སོགས་པ་བསྡུ་བ་དང་། དམན་མ་དང་རྡུལ་ཚོན་ཕྱགས་ལ། གདུགས་དང་རྒྱལ་མཚན་ལ་སོགས་པས་སྤྱན་དྲངས་ལ། ཆུ་བོ་ཆེན་པོར་དོར་བར་བྱའོ། །དེ་ནས་བའི་རྣམ་པ་ལྔས་སྐྱང་ནུལ་བྱས་ལ། ཐིག་ལ་སོགས་པ་མི་མཐོང་བར་བྱས་ལ། དཀྱིལ་ འཁོར་གྱི་ཐོག་ཏུ་སྤྱན་གཟིགས་དང་། སྡེར་བཟངས་ལ་སོགས་པ་བཞག་ནས་བཀྲ་ཤིས་བརྗོད་ལ། སློབ་མ་མགུ་བར་བྱའོ། །དཀྱིལ་འཁོར་དུ་ཕུལ་བའི་ཡོ་བྱད་རྣམས་ནི་སློབ་དཔོན་བཀྱེར་བར་བྱའོ། །དེ་དག་ནི་ངན་སོང་ནས་དྲང་བའི་ཆོ་གའོ། །བྱང་ཆུབ་ཀྱི་ལམ་ལ་དགོད་པ་ ནི་གཉིས་སུ་ཤེས་པར་བྱ་སྟེ། དཀྱིལ་འཁོར་དུ་གཞུག་པ་དང་། དབང་བསྐུར་བའོ། །དེ་ནས་ཕྱི་དེ་ནང་པར་རམ་ཞག་གསུམ་ན་ཡང་རུང་སྟེ། རུས་པ་འོ་མས་བཀྲུས་ལ། དཀྱིལ་འཁོར་བཀོད་པའི་རྒྱུད་ཆེན་པོའམ་བྱེ་མ་ལ་ཨུཥྞཱི་ཥའི་གཟུངས་རྒྱུད་ཆེན་པོ་ནས་བྱུང་བ་བཞིན་ དུ་ཚ་ཚ་བཏབ་ལ། ཚ་ཚ་དང་པོ་བཏབ་པ་དང་མིང་བྱང་ལ། ཡིད་ཀྱིས་དཀྱིལ་འཁོར་དུ་གཞུག་པ་དང་། དབང་བསྐུར་བར་བྱ་བའམ། ཡང་ན་སློབ་མ་གསོན་པོ་ཇི་ལྟར་འཇུག་པ་ལྟར་དཀྱིལ་འཁོར་དུ་གཞུག་པ་དང་། རིག་པའི་དབང་བསྐུར་བ་དང་། སློབ་དཔོན་དུ་དབང་ བསྐུར་བ་དང་། རྗེས་སུ་གནང་བའི་དབང་བསྐུར་བའོ། །དེ་ནས་དེ་ལ་ལམ་བསྟན་བྱ། །ཚོགས་བསགས་དགེ་བའི་དོན་ལ་སྦྱར། །ཞེས་བྱ་བས་ཤི་བའི་ལམ་བསྟན་པར་བྱ་བ་སྟོན་ཏེ། རྡོ་རྗེ་སློབ་དཔོན་གྱིས་མེ་ཏོག་གཅིག་གྱེན་དུ་འཕངས་ཏེ། སོང་ཅིག་སོང་ཅིག་རིགས་ཀྱི་བུ། ། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་བསྒོམ་པའི་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །མདོར་ན་ལམ་ནི་དེ་རྣམས་སུ། །ཞུགས་ནས་བྱང་ཆུབ་ཐོབ་གྱུར་ཅིག །ཅེས་བྱའོ། །དེ་ནས་ཤི་བའི་དོན་དུ་སྦྱིན་གཏོང་རྒྱ་ཆེན་པོ་བྱ་སྟེ། ཚ་ཚ་གཤེགས་ སུ་གཞུག་གོ། །རོ་སྦྱིན་སྲེག་ཆེན་པོས་སྦྱང་བའོ། །དེ་ཡང་ལུང་ལས། རྡོ་རྗེ་དྲིལ་བུ་ལག་པར་སྦྱིན། །མགོ་ལ་དབུ་རྒྱན་བསྐོན་པར་བྱ། །རྡོ་རྗེ་སྡོམ་པ་རྣམས་བྱིན་ཏེ། །བུམ་པའི་དབང་བསྐུར་རྣམས་བྱིན་ལ། །མིག་སོགས་རྡོ་རྗེ་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་ གསུམ་དགོད། །རྡོ་རྗེ་ཐབ་ཁུང་རབ་སྦྱོར་གྱིས། །འདུ་བྱེད་རབ་ཏུ་བྱ་བར་བསྟན། །ཉི་མ་གསུམ་ནི་ལོན་པ་ན། །རུས་པའི་ཕྲེང་བ་བསྡུས་བྱས་ལ། །དྲི་དང་འོ་མས་བྲན་ནས་ནི། །དེ་ཡིས་མཆོད་རྟེན་དུ་བྱ་བའོ། །ཞེས་གསུངས་སོ། །དེ་མཐར་དེ་ཉིད་རྟག་བསྒོམ་དང་། །ཞེས་ པ་ནས། རིམ་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བའི་བར་གྱིས་གོང་ཐམས་ཅད་ཀྱི་རིམ་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་སྟོན་ཏེ། སྤྱིར་ཆོ་གའི་རིམ་པ་ཐམས་ཅད་ཟིན་ནས། ཐུན་མཚམས་སམ། ཐུན་ལ་མི་འཇུག་ཀྱང་རུང་སྟེ། ཡེ་ཤེས་པ་གཤེགས་ཤིང་། དེ་ནས་གཞལ་ཡས་ཁང་ལྷ་ལ་ བསྡུ་བ་དང་། ལྷ་ཐམས་ཅད་ཀྱང་གཙོ་བོ་ལ་བསྡུས་ལ་ཡིག་འབྲུར་བསྒོམ་མོ། །ཡིག་འབྲུ་ནི་ཐམས་ཅད་ཀྱི་ངོ་བོ་ཨ་སྟེ། ཨ་སྟོང་པ་ཉིད་ལས་སྐད་ཅིག་མས་ལྷར་དྲན་པར་བྱས་ནས། དགེ་བའི་ལས་རྣམས་བྱ་བར་བསྟན་པའོ། །དེ་ནས་འཁོར་ལོ་བསྟན་པར་བྱ། །ཞེས་བྱ་བ་ནས། ཤེས་རབ་འཁོར་ལོར་གྲགས་པ་ཡིན། །ཞེས་བྱ་བའི་བར་གྱིས་ཤེས་རབ་ཀྱི་འཁོར་ལོ་བསྒོམ་པ་བསྟན་པ་སྟེ། དཀྱུས་ཉིད་གསལ་བའི་ཕྱིར་མ་བཀྲོལ་ལོ། །དེ་ཡང་ཤིན་ཏུ་ཟབ་པ་དང་། བླ་མ་ལ་རག་ལས་པའི་མན་ངག་སྟོན་ཏེ། དེ་ཡང་དང་པོར་བདག་ཉིད་ཁམས་དང་ཟས་སྙོམས་པར་འདུ་ འཛི་སྤངས་ལ། གནས་བསམ་གཏན་གྱི་ཚེར་མ་མེད་པར་སྐྱིལ་ཀྲུང་བཅས་ལ་ལག་པ་གཡོན་གྱི་སྟེང་དུ་གཡས་བཞག་ལ་དཔང་པར་བཀན་ཏེ། སྒལ་པའི་སྟེང་དུ་སྒལ་པ་གཞག་ལ། མིག་སྣ་གོང་དུ་ཕབ་ལ་སོ་སྦྱར་ལ་མ་རེག་པར་བྱས་ལ་ལྷའི་ང་རྒྱལ་དང་ལྡན་པས། རྩའི་ འཁོར་ལོ་བཞི་ཡེ་རང་ཆས་སུ་ལུས་ལ་ཡོད་པ་དཀྱུས་བཞིན་གསལ་བཏབ་ལ། དེ་ནས་དང་པོར་ལྟེ་བའི་འཁོར་ལོ་ལ་སེམས་རྩེ་གཅིག་ཏུ་གཏད་ལ་བསྒོམ། དེ་གསལ་ནས་དེ་བཞིན་དུ་སྙིང་ག་དང་མགྲིན་པ་དང་། མཚོག་མ་རྣམས་རིམ་གྱིས་གསལ་བར་བསྒོམས་ལ། དེ་ནས་ རྐང་པ་དང་། མདོམས་མེར་རླུང་དང་མེ་བསམས་ཏེ། རླུང་གིས་མེ་སྦར་ཏེ་རྩ་གཡས་ན་མར་ཞུགས། ལྟེ་བའི་འཁོར་ལོ་བདེ་བའི་ཐིག་ལེར་ཞུ། དེ་བཞིན་དུ་མེ་རླུང་གིས་ཕུལ་ཏེ་སྙིང་ག་དང་མགྲིན་པ་དང་། མཚོག་མ་རྣམས་རིམ་གྱིས་བཞུ་ནས། ལུས་ཐམས་ཅད་བདེ་བའི་ཐིག་ལེས་ གང་བར་བསམ་ཞིང་། བློ་བསམ་གཏན་གྱི་བདེ་བ་ལ་གནས་པར་བྱ་སྟེ། མེ་ནི་གནས་དེར་ལངས་སོ་ཞེས་བྱའོ། །དེ་ནས་སྤྱི་བོའི་ཧཾ་ལས་མེས་ཞུ་བས་ཐིག་ལེའི་བདེ་བ་རྩ་གཡོན་ན་མར་བབ་ནས། དང་པོར་མཚོག་མའི་འཁོར་ལོ་གསོས་ཏེ། སྔོན་བཞིན་དུ་འཁོར་ལོ་ཉིད་དུ་གྱུར་པར་བསམ་ མོ། །དེ་བཞིན་དུ་མགྲིན་པ་དང་སྙིང་ག་དང་ལྟེ་བའི་འཁོར་ལོ་རྣམས་རིམ་གྱིས་གསལ་བར་བསམ་མོ། །དེ་ལྟར་ཡང་ནས་ཡང་དུ་རྩེ་གཅིག་གི་སེམས་ཀྱིས་གོམས་པས་ཞི་གནས་ཀྱི་བདེ་བ་སྐྱེ་བར་འགྱུར་བ་ནི་མན་ངག་གོ། །འདི་ལྟར་རྟག་ཏུ་གང་བསྒོམ་པ། །ཞེས་པ་ནས། དེ་དག་ནི་ཤེས་རབ་ ཀྱི་འཁོར་ལོའི་བསྒོམ་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བའི་བར་གྱིས། ཤེས་རབ་ཀྱི་འཁོར་ལོ་བསྒོམ་པའི་ཕན་ཡོན་བསྟན་ཏེ། དཀྱུས་ཉིད་གསལ་བས་འདིར་མ་བཀྲོལ་ལོ། །སངས་རྒྱས་ཀུན་དང་ཐབས་ཅིག་པའི། །ཞེས་པ་ནས། མི་དཔྱ་དང་མཚུངས་སེམས་དང་ལྡན་པར་ཤོག །དེས་བྱ་བའི་བར་གྱིས་སློབ་ དཔོན་གྱིས་ཇི་ལྟར་བརྩམས་པ་དང་། དགེ་བའི་རྩ་བ་བསྔོ་བ་བསྟན་པ་སྟེ་སླ་བས་དེ་ཉིད་ཀྱི་ཕྱིར་མ་བཀྲོལ་ལོ། །འདི་བསྡུས་དགེ་རྩ་གང་ཡོད་དེས། འཇམ་དཔལ་དབྱངས་ཀྱི་ཞལ་མཐོང་ཤོག །གསང་བའི་དཀའ་འགྲེལ་བཤད་པ་དོན་བསྡུས་སྒྲོན་མ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དེ་བཱ་ཀ་ར་ཙནྡྲ་ དང་། ལོ་ཙཱ་བ་ཀློག་སྐྱས་བསྒྱུར་བའོ།། ༄༅། །གསང་ལྡན་གྱི་ཐོ་ཡིག་བཞུགས། ༄༅༅། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །རིགས་ཀུན་བདག་པོ་འཇམ་དཔལ་དང་། །བླ་མ་དེ་ལ་ཕྱག་འཚལ་ལོ། །མཆོག་དང་ཐུན་མོང་སྒྲུབ་འདོད་པ། །གང་ ཟག་རྣམས་ལ་ཕན་པའི་ཕྱིར། །བླ་མ་རིམ་པ་བརྒྱུད་པ་ཡི། །ཆོ་གའི་རིམ་པ་བརྗོད་པར་བྱ། །དཀྱིལ་འཁོར་བདུན་གྱི་ཆོ་ག་ལ། །བསྙེན་པ་ས་དང་སྟ་གོན་དང་། །དཀྱིལ་འཁོར་ཞག་གི་ཆོ་གའོ། །བསྙེན་པའི་ལས་སུ་བྱ་བ་ལ། །དང་པོ་ལས་དང་སྦྱོར་བ་གསུམ། །མཆོད་བསྟོད་ བསྙེན་པ་བྱ་བའོ། །དང་པོའི་ལས་སུ་བྱ་བ་ལ། །ཉེ་རེག་འཐོར་འཐུང་སྟོང་པར་བསྒོམ། །སྐུར་གྱུར་ལྕེ་དང་ལག་པ་བརླབ། །བསྲུང་དང་ཚོགས་བསགས་ཕྱག་ལྔ་བྱ། །སྡོམ་བཟུང་ལུས་བསྲེགས་སྐུར་ལྡང་ངོ་། །སྲུང་ལ་བདག་དང་གནས་བསྲུང་སྟེ། །བདག་ཉིད་བསྲུང་བ་བྱ་བ་ཡང་། ། བསྐྱེད་བརླབ་དབང་དང་གོ་བགོའོ། །གནས་བསྲུང་པ་ཡི་རིམ་པ་ལ། །བསྣུན་དང་བསྲེག་དང་བཅིང་བ་བྱ། །ཁྲོ་བོ་རྡོ་རྗེའི་ར་བ་སྒོམ། །ཚོགས་བསགས་པ་ཡི་རིམ་པ་ཡང་། །སྦྱིན་སྲེག་བྱ་ཞིང་མཆོད་པ་བརླབ། །རྟེན་སྤྲུལ་བསྟོད་དེ་གསལ་བོར་སྒོམ། །དགའ་བར་གྱུར་པས་བསྟོད་པ་ བྱ། །ཕྱག་མཆོད་སྡིག་བཤགས་ཡི་རང་བྱ། །བསྐུལ་དང་གསོལ་གདབ་དགེ་བ་བསྔོ། །སྐྱབས་འགྲོ་ལམ་བསྟན་སེམས་བསྐྱེད་དོ། །བསྟོད་བྱ་གནང་སྦྱིན་སླར་བསྟོད་བྱ། །སྦྱོར་བ་གསུམ་ལ་དང་པོ་དང་། །རྒྱལ་མཆོག་དང་ནི་ལས་དག་གོ། །དང་པོའི་སྦྱོར་བ་བྱ་བ་ལ། །ཡེ་ ཤེས་བཞི་དང་གཙོ་བོ་བསྐྱེད། །ཡེ་ཤེས་མེ་ལོང་མཉམ་ཉིད་དང་། །སོ་སོར་ཆོས་དབྱིངས་ན