Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 66
Văn bản gốc(Tây Tạng)
Trang 4 / 22 (50.000 ký tự/trang)
ྱ་སྟེ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་ནང་དུ་གཤེགས་སུ་གསོལ། ། ཞེས་བརྗོད་ལ། རང་གི་སྙིང་ག་ནས་ཁྲོ་བོ་འདོད་པའི་རྒྱལ་པོ་སྤྲོས་ལ། ཊཀྐི་ཧཱུཾ་ཛཿཞེས་བརྗོད་དོ། །དེ་ནས་མདུན་གྱི་ནམ་མཁའ་ལ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། བྱ་བ་ལ་སོགས་པས་བསྟོད་དོ། །དེ་ནས་ནང་དུ་དགུག་གཞུག་བཅིང་དབང་དུ་བྱའོ། །དེ་ནས་བཛྲ་སནྡྷི་ཞེས་ བརྗོད་དོ། །དེ་ནས་ཏིང་ངེ་འཛིན་དང་ལྡན་པར་བྱ། བྱིན་གྱིས་བརླབ་དབང་བསྐུར། དེ་ནས་ཨོཾ་ཧ་ན་ས་མ་ཡ་ཧཱུཾ་ཕཊ། ཅེས་བརྗོད་ལ་དམ་ཚིག་ལ་གཞག་པར་བྱའོ། །དེ་ནས་ཨོཾ་བཛྲ་བནྡྷ་ཞེས་བརྗོད་ལ་ལས་འདི་མཛོད་ཅིག་ཅེས་བསྒོའོ། །དེ་ནས་མཆོད་པའི་ཡན་ལག་གིས་མཆོད། ། དེ་ནས་བསྟོད་པ་བྱའོ། །དེ་ནས་བསྲེག་རྫས་རྣམས་དབུལ་ཏེ། རྡོ་རྗེ་གནོད་སྦྱིན་གྱིས་བསངས་ལ། མེ་ལྷའི་ལྕེ་དང་གཟར་བུའི་ཁ་ལ་ལྷའི་ས་བོན་བཀོད་ནས། པུས་མོའི་བར་དུ་ལག་པ་བཞག་ནས། དང་པོ་མར་གྱི་དགང་བླུགས་གསུམ་ཞལ་ཅུང་ཟད་གདངས་པར་དབུལ་ལོ། །ཨོཾ་ཨགྣ་ ཡེ་ཧ་བྱ་ཀ་བྱ་བ་ཧ་ནེ་དི་བྱཱ་དི་བྱཱ་དྷི་པ་ཡེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་དབུལ་ལོ། །བགེགས་ཀྱི་མཚན་མ་ཡང་ཤེས་པར་བྱའོ། །ཡང་བསང་གཏོར་བྱས་ལ། མར་གྱི་དགང་བླུགས་བདུན་དབུལ་ལོ། །ཨོཾ་སརྦ་པཱ་བཾ་ད་ཧ་ན་སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོའིའོ། །ཨོཾ་སརྦ་བྷསྨི་ཀུ་ རུ་སྭཱ་ཧཱ། ཨུཏྤ་ལའིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དུར་བའིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་ཆག་པའིའོ། །ཨོཾ་བཛྲ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའིའོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། འབྲས་ཀྱི་ལག་པན་གྱིའོ། །ཨོཾ་བཛྲ་མ་ལེ་པུཥྚ་ཡེ་སྭཱ་ཧཱ། མངར་གསུམ་དང་ དཀར་གསུམ་གྱིའོ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་མ་ཧཱ་པ་ལཱ་ཡ་སྭཱ་ཧཱ། སྲན་མ་ཤའིའོ། །ཨོཾ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོའིའོ། །ཨོཾ་བཛྲ་ཨ་ཛྙཱ་ན་སྭཱ་ཧཱ། ཡམ་ཤིང་དང་། དཱུར་བའི་མྱུ་གུའིའོ། །ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། བྱང་ཆུབ་ཀྱི་ཤིང་ལ་སོགས་པའོ། །ཨོཾ་བཛྲ་ར་ཏ་ ཡ་སྭཱ་ཧཱ། ནྱ་གྲོ་དྷའིའོ། །ཨོཾ་བཛྲ་ཡ་ཀ་ར་སྭཱ་ཧཱ། ཨ་མྲའིའོ། །ལན་གྲངས་ཅི་ནུས་དབུལ་ལོ། །དེ་ནས་བསྟོད་པ་བྱ། དེ་དག་ནི་མེ་ལྷའི་ཏིང་ངེ་འཛིན་ཏོ། །དེ་ནས་བསང་གཏོར་བྱས་ལ། དེ་ནས་མེ་ལྷའི་སྙིང་གར་གཞལ་ཡས་ཁང་བསྒོམས་ལ། གཟུགས་བརྙན་གྱི་དཀྱིལ་ འཁོར་ནས་བསྲེག་ཁང་དུ་མེ་ཏོག་གི་རི་མོ་འམ། དུས་གཅིག་ཏུ་སྤྱན་དྲང་ཞིང་དབུལ་ལོ། །སྤྱན་དྲང་བ་ནི། ཧཱུཾ་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མ་ལུས་འཇོམས་མཛད་པ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །བཅོམ་ལྡན་ འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །དེ་ནས་བསྟོད་པ་དང་། དེ་ནས་དགུག་གཞུག་བཅིང་དབང་དུ་བྱ། ཨོཾ་བཛྲ་སནྟི་བཾཾ་ཞེས་བརྗོད། མཆོད་ཡོན་དང་ཞབས་བསིལ་དབུལ། ཕྱག་རྒྱས་གདབ། བདེ་བར་གཤེགས་པ་རྣམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་བྱིན་གྱིས་ བརླབ། སེམས་དཔའ་རྣམས་གནས་བཞིར་ཡུམ་བཞིས་བརླབ། བདེ་བར་གཤེགས་པ་རྣམས་རིན་པོ་ཆེའི་ཅོད་པན་དར་དཔྱངས་ཀྱིས་དབང་བསྐུར། སེམས་དཔའ་རྣམས་རིགས་ལྔའི་ཅོད་པན་གྱིས་དབང་བསྐུར་རོ། །དེ་ནས་མཆོད་པ་རྣམ་པ་ལྔ་ལ་སོགས་པས་མཆོད། དེ་ ནས་བསང་བ་དང་། འཐོར་འཐུང་བྱས་ལ་གོང་མ་ལྟར་རྫས་སྔགས་སམ། ཡང་ན་སྤྱི་སྔགས་སམ། ལྷའི་སྔགས་ཀྱིས་དབུལ་ལོ། །དེ་ནས་བསང་བ་དང་འཐོར་འཐུང་བྱིན་ལ། མར་གྱི་དགང་བླུགས་ཕུལ་ལ་འདུད་ཉི་ཤུས་བསྟོད་པ་བྱའོ། །ཡི་གེ་བརྒྱ་པ་ བཟླས། ཨོཾ་བཛྲ་མུཿཞེས་ཕྱག་རྒྱ་བཀྲོལ་ལ་བསྐྱེད་པ་སྙིང་གར་བསྡུ། སྤྱན་དྲངས་པ་གཤེགས་སུ་གསོལ་ཏེ། འགྲོ་བ་འདི་དག་ཀུན་གྱི་དཔུང་། །སེམས་དཔའ་ཆེན་པོ་བརྟན་མཛོད་ལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་གཤེགས་པར་མཛད་དུ་ གསོལ། །དེ་ནས་བསང་གཏོར་བྱས་ལ། སླར་ཡང་མེ་ཐབ་ཏུ་བསམས་ལ། མཆོད་ཡོན་ལ་སོགས་བྱིན་ལ། རྫས་ལྷག་མ་ཀུན་སྦྱིན་སྲེག་བྱས། ཐ་མར་ཡང་། དགང་བླུགས་དང་འཐོར་འཐུང་ཕུལ་ལ། འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །ཕྱག་རྒྱ་དགྲམ་ པར་བྱས་ལ། སྔ་མ་བཞིན་གཤེགས་སུ་གསོལ་ཏེ། ཨོཾ་ཨཱཿཧཱུཾ་མུཿ། ཞེས་བརྗོད་ལ། ཁྲོ་བོ་ཏི་རིནྟི་རིའི་ཕྱག་རྒྱ་བཅིངས། གྱེན་དུ་བཀྲོལ་ལ་གཤེགས་སུ་གསོལ། གཏོར་མ་གཏང་། ཕྱག་བཙལ། མཆོད་བསྟོད། བཟོད་པར་གསོལ། དངོས་གྲུབ་བླང་། དགེ་བའི་རྩ་བ་བསྔོ། ཕྱག་རྒྱ་དགྲོལ། བསྐོར་བ་བྱ། གཤེགས་སུ་གསོལ། བསྐྱེད་པ་བསྡུ། དམན་མ་ཕྱག །ཕྱོགས་སྐྱོང་གསོལ། ཐ་མ་སློབ་མ་བསྲུང་ལ་དགྱེའོ། །དེ་ནས་སྐར་མ་བཟང་པོ་ལ། རུས་པ་བསྡུས་ལ། ཚ་ཚ་འདེབས་པར་གཞག་གོ། །བདག་གིས་སྒྲུབ་ ཐབས་ལེགས་སྦྱར་བས། །འཇམ་དཔལ་མཚན་མཆོག་ཐོབ་གྱུར་ཅིག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་གསང་བའི་སྒྲོན་མ་སློབ་དཔོན་ཆེན་པོ་པྲ་ཛྙཱ་གུ་རུས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ ཤྲཱི་ནཱ་མ་སངྒཱི་ཏི་ཙཀྲ་ཀྲ་མཿ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འཁོར་ལོའི་རིམ་པ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐོག་མེད་དུས་མཐའ་ནམ་མཁའ་བསོད་ནམས་དཔག་མེད་པ། །མཁའ་ མཉམ་སེམས་ཅན་སྒྲོལ་ཕྱིར་ཐམས་ཅད་མཁྱེན་བསྔོས་པའི། །འཇམ་དབྱངས་མཚན་ལྡན་དུས་གསུམ་བདེ་གཤེགས་དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའི་ཚུལ། །ཀུན་དུ་གཟིགས་པར་ལུང་བསྟན་བསམ་གྱིས་མི་ཁྱབ་དེ་ལ་བདག་ཕྱག་འཚལ། །བླ་མ་དམ་པའི་ གཞུང་ལུགས་ལས། །མན་ངག་རྒྱས་པར་རབ་བསྟན་པ། །སྙིགས་མའི་སེམས་ཅན་བློ་ཞན་རྣམས། །རྣམ་རྟོག་གཡེང་བས་མོས་པ་ཉུང་། །དེ་ལ་དྲན་ཕྱིར་བསྡུས་པ་འདི། །གྲུབ་དང་ལུང་བསྟན་མ་ཐོབ་ཀྱང་། །སྨན་པ་ཕན་པར་ཞུགས་པ་བཞིན། །བདག་གིས་འདི་ནི་བྱས་པ་ ཡིན། །དབང་དང་དམ་ཚིག་ལྡན་པ་ཡིས། །ཡིད་དགའ་བ་ཡི་གནས་དག་ཏུ། །བདེ་བའི་སྟན་ལ་འདུག་ནས་ནི། །སྙིང་གར་ཟླ་བའི་དཀྱིལ་འཁོར་ལ། །ཡི་གེ་ཨ་ནི་རྣམ་བསམས་ནས། །དེ་ཡི་འོད་ཀྱིས་བླ་མ་དང་། །བདེ་གཤེགས་སྲས་དང་བཅས་པ་རྣམས། །མདུན་དུ་མངོན་སུམ་ ལྟ་བུར་དམིགས། །ལུས་ངག་ཡིད་ཀྱིས་ཡང་དག་པར། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །རྒྱ་ཆེན་འདོད་པ་ཐམས་ཅད་གྱིས། །སངས་རྒྱས་ཀུན་ལ་མཆོད་པར་བགྱིད། །སངས་རྒྱས་བྱང་ཆུབ་སེམས་ཀུན་ལ། །སྡིག་པ་ཐམས་ཅད་སོ་སོར་བཤགས། །སངས་རྒྱས་ བྱང་ཆུབ་སེམས་བསྐྱེད་པའི། །དགེ་བ་ཀུན་ལ་རྗེས་ཡི་རང་། །མངོན་སངས་རྒྱས་ནས་མི་རིང་བའི། །རྫོགས་པའི་སངས་རྒྱས་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་དམ་པ་ནི། །བསྐོར་ཕྱིར་བདག་གིས་བསྐུལ་བར་འཚལ། །ཡོངས་སུ་མྱ་ངན་འདའ་བཞེད་པ། །དེ་བཞིན་ གཤེགས་པ་ཐམས་ཅད་ལ། །བསྐལ་པ་རབ་མང་བཞུགས་པར་ནི། །སངས་རྒྱས་ཀུན་ལ་གསོལ་བ་འདེབས། །གང་ཡང་བདག་གི་མཆོད་པ་རྣམ་དྲུག་དང་། །དགེ་བ་བཞིན་བྱས་དེ་དག་ཐམས་ཅད་ནི། །བླ་མེད་རྫོགས་པའི་སངས་རྒྱས་ཉིད་ཐོབ་ཕྱིར། །བདག་གིས་ཆོས་བཞིན་ ཡོངས་སུ་བགྱི། །ཆོས་ལ་དབང་བསྐུར་སངས་རྒྱས་ཐམས་ཅད་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །ཨེ་མ་སེམས་ཅན་བླ་མེད་བསྒྲལ་བའི་ཕྱིར། །བདག་གིས་ཐམས་ཅད་མཁྱེན་པ་ཐོབ་གྱུར་ཅིག །བདག་ཉིད་དངོས་པོ་འབུལ་ལགས་ཀྱིས། །སངས་རྒྱས་བྱང་ ཆུབ་སེམས་རྣམས་ཀྱིས། །ཇི་ལྟར་བཞེད་པ་མཛད་པའི་ཕྱིར། །བདག་ལུས་སོ་སོར་བཞེས་སུ་གསོལ། །བདེ་བར་གཤེགས་པ་ཐམས་ཅད་ཀྱིས། །ཁྱད་འཕགས་ལམ་ནི་བདག་གིས་བསྟེན། །དེ་ནས་ཡེ་ཤེས་རྣམ་ལྔ་ཡི། །གཟུགས་བརྙན་ཙམ་ལ་ རབ་དམིགས་ལ། །རང་བཞིན་གྱིས་ནི་རྣམ་དག་པ། །རང་བཞིན་གྱིས་ནི་བྱིན་གྱིས་བརླབ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ནམ་མཁའ་ལྟ་བུར་རབ་དམིགས་ལ། །ཡི་གེ་བྷྲཱུཾ་ལས་བྱུང་བ་ཡི། །སྟོང་གསུམ་ཚད་དང་མཉམ་པ་ཡི། །མཆོད་རྟེན་བདེ་གཤེགས་གཞལ་ ཡས་ནི། །རིམ་པ་དྲུག་དང་ལྡན་པར་བསྒོམ། །མཚན་ཉིད་ཐམས་ཅད་རྫོགས་པར་བསམ། །དབུས་ཀྱི་སྙིང་པོའི་ཕོ་བྲང་དུ། །དབུས་སུ་སེང་གེའི་གདན་ཉིད་དེ། །གཞན་ཡང་རིམ་པ་ཇི་བཞིན་བསམ། །དེ་ཡི་དབུས་མའི་གདན་ཐོག་ཏུ། །ཨ་ལས་བསྐྱེད་པའི་བཅོམ་ལྡན་ འདས། །མདོག་དཀར་རལ་པའི་ཐོར་ཚུགས་ཅན། །ཞི་བ་རྒྱན་སྤངས་བྱང་ཆུབ་མཆོག །ཀུན་དུ་ཞལ་གྱིས་རྣམ་པར་མཛེས། །དེ་ཐུགས་དྷཱིཿ ལས་བསྐྱེད་པ་ཡི། །གདོང་ལྔ་ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །གཡས་པ་བཞི་ན་རལ་གྲི་སྟེ། །གཡོན་བཞི་ཤེས་རབ་པུ་སྟི་བསྣམས། ། རྒྱན་དང་ན་བཟའ་གཞོན་ནུའི་ཚུལ། །ཐུགས་ཀར་ཨ་ལས་བྱུང་བ་ཡི། །འཁོར་ལོ་རིམ་པ་བཞི་དང་ལྡན། །ཇི་ལྟར་གསང་སྔགས་དགོད་པ་ནི། །འཁོར་ལོའི་ཆོ་ག་མཐོང་བ་ཡིས། །དང་པོའི་སངས་རྒྱས་ཐུགས་ཀར་བསམ། །ལྟེ་བར་ཨ་ལས་བྱུང་བ་ཡི། །ཡེ་ཤེས་སེམས་དཔའ་ ཞལ་དྲུག་པ། །ཨུཏྤལ་དམར་དང་སྔོན་པོ་ནི། །པོ་ཏིས་མཚན་པ་བསྣམས་པའོ། །གཞོན་ནུའི་རྒྱན་ལྡན་ཐུགས་ཀར་ནི། །ཟླ་བའི་སྟེང་དུ་ཨ་དཀར་བསམ། །དེ་ལས་སོ་སོར་འཕྲོས་པ་ཡིས། །རིམ་བཞིན་ཐམས་ཅད་སྣང་བྱས་ནས། །ནམ་མཁའི་མཐའ་མཉམ་ སེམས་ཅན་གྱི། །མ་རིག་མུན་པ་བསལ་བྱས་ནས། །སླར་འདུས་རིམ་བཞིན་རང་ཉིད་ཀྱི། །ཡི་གེའི་ནང་དུ་འདུས་པར་བལྟ། །དེ་ནས་སྔགས་ཀྱི་འཁོར་ལོ་ཡི། །མཚན་བརྗོད་རིམ་པར་བཀླག་པ་ཡང་། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་དང་པོ་ནས་བརྩམས་ ནས། །དོན་ཆེན་ཡི་གེ་དམ་པའི་བར། །རང་གིས་དེ་ཉིད་བརྗོད་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །དེ་མཐར་ཐུག་པ་ཡུམ་བཞི་ཡིན། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་པ་དང་པོར་བརྩམས་བྱས་ནས། །ཆགས་པ་ཐམས་ ཅད་སེལ་བར་བྱེད། །དེ་དག་མཐར་ནི་རིགས་ལྔ་སྟེ། །བདེ་གཤེགས་ཡབ་དང་ཡུམ་རྣམས་ཀྱང་། །མཚན་གྱི་དོན་ལ་རབ་དམིགས་ཏེ། །མཉམ་པར་བཞག་ནས་མཚན་བརྗོད་ནི། །རིམ་བཞིན་ཀློག་པའི་རྣལ་འབྱོར་པས། །རང་གི་དེ་ཉིད་ཡི་གེ་ལས། །རིམ་བཞིན་སྤྲོ་ཞིང་བསྡུ་བ་ ཡིས། །རང་རང་གདན་ལ་དགོད་པར་བྱ། །འདོད་པ་ཆེན་པོ་བདེ་བ་ཆེ། །ཞེས་པ་དང་པོར་བརྩམས་ནས་ནི། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །དེ་ཡི་མཐར་ཐུག་སེམས་དཔའ་ནི། །བཅུ་དྲུག་འཁོར་ལོ་རབ་ཏུ་དགོད། །ཡི་གེ་ཨ་ལས་བསྐྱེད་པ་དང་། །སེམས་ཅན་དོན་བྱས་ སླར་འདུས་ཏེ། །རང་གི་གདན་ལ་དགོད་པར་བྱས། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཞེས་པ་དང་པོར་བརྩམས་བྱས་ནས། །སྨོན་ལམ་ཡེ་ཤེས་རྒྱ་མཚོའི་བར། །ཕྱི་ནང་ལྷ་མོ་བསྐྱེད་པར་བྱ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །དེ་བཞིན་ཐེག་ཆེན་ཚུལ་གནས་པར། །ཡི་གེ་ ཨ་ལས་བསྐྱེད་པ་ཡི། །བསྐལ་བཟང་ཕྱི་རོལ་རིམ་བཞིན་དུ། །འཁོར་ལོ་གསུམ་ལ་དགོད་པར་བྱ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནི། །ཇི་སྲིད་བསྒོམས་པའི་མཐར་ཐུག་པ། །ཚིགས་བཅད་བཅུ་བཞི་དག་གིས་ནི། །མཚན་གྱི་དོན་རྣམས་བསྟན་པ་ཡིན། །འོད་ཟེར་འཕྲོ་ ཞིང་བསྡུ་བ་དང་། །གཟུགས་སུ་གྱུར་ནས་ལྷར་གནས་པ། །ཕོ་བྲང་སྙིང་པོའི་དཀྱིལ་འཁོར་རོ། །རིམ་གཉིས་ཆོས་དབྱིངས་ཡེ་ཤེས་ཀྱི། །དཀྱིལ་འཁོར་དགོད་པ་བསྟན་པར་བྱས། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་དང་པོར་བརྩམས་བྱས་ནས། །རྡོ་རྗེ་ལྕགས་ ཀྱུ་ཞགས་པ་ཆེ། །མཐར་ཐུག་ཨོཾ་གྱི་རྣམ་པར་སྤྲོ། །གཏི་མུག་སྤྱོད་པ་དག་བྱས་ཏེ། །སླར་འདུས་རིམ་པ་གཉིས་པ་ལས། །རྣམ་པར་སྣང་མཛད་ཚུལ་གྱིས་ནི། །མཚན་གྱི་དོན་རྣམས་གྲངས་བཞིན་དུ། །ཕྱོགས་བཞི་དག་ནས་བཞུགས་པ་ཡིན། །ཚིགས་བཅད་ཉི་ཤུ་རྩ་ལྔ་ རུ། །ཚིག་རྐང་གཅིག་གིས་མ་ཚང་བ། །འདི་ཡི་དོན་ལ་དམིགས་ཤིང་དགོད། །དེ་ནས་རིམ་པ་གསུམ་པ་རུ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །ཚུལ་ནས་རབ་ཏུ་བསྟོད་པ་ནི། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་དང་པོར་བརྩམས་ནས་ནི། ། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པ་ཡི་ནི་མཐར་ཐུག་པར། །ཧཱུཾ་གི་རྣམ་པར་སྤྲོ་ཞིང་བསྡུ། །མི་བསྐྱོད་པ་ཡི་རྣམ་པར་དགོད། །ཚིག་རྐང་གཅིག་གིས་ལྷག་པ་ཡི། །ཚིགས་བཅད་བཅུ་ཡིས་ཕྱོགས་བཞི་རུ། །གསང་སྔགས་བདུན་ཅུ་རྩ་གཅིག་སྤྲོས། །ཞེ་སྡང་ བཏུལ་ནས་རྣམ་པར་གནས། །དེ་ནས་རིམ་པ་བཞི་པ་ནི། །ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་པ་དང་པོར་བརྩམས་ནས་ནི། །ཡེ་ཤེས་མེ་ལྕེ་འོད་འབར་གསལ། །དེ་མཐར་ཐུག་པ་སྤྲོ་བསྡུ་སྟེ། །སྣང་བ་མཐའ་ཡས་རྣམ་པ་ཡིས། །ཕྱོགས་བཞི་དག་ཏུ་རྣམ་པར་ གནས། །སོ་སོར་ཀུན་རྟོག་ཡེ་ཤེས་ནི། །ཧྲཱིཿཡི་རྣམ་པར་སྤྲོ་བསྡུ་སྟེ། །འདོད་ཆགས་རྣམ་པར་དག་བྱས་ལ། །ཚིགས་བཅད་བཞི་བཅུ་རྩ་གཉིས་ཀྱི། །མཚན་དོན་གཞུང་ལས་བྱུང་བ་བཞིན། །ཕྱོགས་བཞི་རྣམ་པར་བགོས་པའོ། །དེ་ནས་རིམ་པ་ལྔ་པ་ཡི། །དཀྱིལ་ འཁོར་བདག་གིས་བཤད་པར་བྱ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་པ་དང་པོར་བརྩམས་བྱས་ནས། །ནོར་བུ་ཆེན་པོ་རིན་ཆེན་ཏོག །དེ་མཐར་ཐུག་པ་མཉམ་ཉིད་ཀྱི། །ཡེ་ཤེས་ཚིགས་བཅད་ཉི་ཤུ་གཉིས། །འོད་ཟེར་འཕྲོས་ཤིང་འདུས་པ་ཡིས། ། སེར་སྣ་ཅན་ནི་རྣམ་བཅོམ་ཞིང་། །མཚན་གྱི་དོན་ནི་གྲངས་བཞིན་དུ། །རིན་ཆེན་འབྱུང་ལྡན་ཚུལ་དུ་གནས། །ཏྲཱཾ་གི་རྣམ་པར་འཕྲོ་ཞིང་འདུ། །དེ་ནས་རིམ་པ་དྲུག་པའོ། །དོན་གྲུབ་དཀྱིལ་འཁོར་དགོད་པ་ཡང་། །ཚིགས་བཅད་བཅོ་ལྔའི་མཚན་དོན་ནི། །སངས་རྒྱས་ ཀུན་གྱིས་རྟོགས་བྱ་བ། །ཞེས་པ་དང་པོར་བརྩམས་བྱས་ནས། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །དེ་ཡི་མཐར་ཐུག་མཚན་རྣམས་ནི། །ཨ་ཡི་རྣམ་པར་སྤྲོ་ཞིང་བསྡུ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི། །འགྲོ་བ་ཕྲག་དོག་རྣམ་སྦྱངས་ཏེ། །དོན་གྲུབ་རྣམ་ པར་རིམ་བཞིན་དགོད། །དེ་ལྟ་བུ་ཡི་ཚུལ་ཉིད་ཀྱིས། །འོད་ཟེར་སྤྲོ་ཞིང་བསྡུས་ནས་སུ། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །གང་གི་འོད་ཟེར་རེག་གྱུར་པ། །དེ་ཡི་སངས་རྒྱས་རྣམས་སུ་འགྱུར། །སངས་རྒྱས་ཀུན་ལ་རེག་འགྱུར་ཞིང་། །བསྡུ་ཞིང་བདག་དང་མཉམ་ པར་སྦྱར། །དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱང་། །མདོག་དང་གདན་དང་ཕྱག་རྒྱ་རྣམས། །དེ་བཞིན་དང་པོའི་སངས་རྒྱས་དང་། །འཁོར་ལོ་ལ་སོགས་རིམ་པ་ཡང་། །ཇི་ལྟར་གྲགས་པ་བཞིན་དུ་དགོད། །དེ་ནས་ཛཿཧཱུཾ་བཾ་ཧོཿཡིས། །ཡེ་ཤེས་འཁོར་ལོ་རྣམས་ བཀུག་ཅིང་། །བདག་དང་མཉམ་པར་སྦྱར་བྱས་ནས། །རང་བཞིན་མཆོད་པའི་སྤྲིན་ཚོགས་བསྟིམས། །བསྡུས་པའི་སྒོ་ནས་བསྟོད་པ་ཡང་། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་དང་པོར་བརྩམས་བྱས་ནས། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའི་ ཚིགས་བཅད་བཞི་བཞི་ཡིས། །དཀྱིལ་འཁོར་ལྔ་ལ་བསྡུས་ཏེ་བསྟོད། །དེ་ནས་མཚན་གྱི་ཡོན་ཏན་ནི། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། །ཞེས་པ་དང་པོར་བརྩམས་བྱས་ནས། །ཆོས་ཀྱི་རྒྱལ་པོར་འགྱུར་ཞེས་པ། །ཡོན་ཏན་སྒོ་ནས་བསྟོད་པ་ཡིན། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། ། ཞེས་པ་ལྔ་ཡིས་རྣམ་ཕྱེ་ལ། །དཀྱིལ་འཁོར་ལྔ་ཡི་ཡོན་ཏན་ནི། །རིམ་པ་བཞིན་དུ་མཁས་པས་དབྱེ། །དེ་ཡིས་ཚིགས་བཅད་མཚན་རྣམས་ནི། །དཀྱིལ་འཁོར་ལྔ་ཡི་ཡོན་ཏན་གྲགས། །ཨོཾ་སརྦ་དྷརྨཱ་ཞེས་པ་ནས། །ཛྙཱ་ན་གརྦྷ་ཨཱཿཡི་བར། །སྐུ་ཡི་ཕྲེང་བའི་སྔགས་ཀྱིས་ནི། ། དེ་ལ་བརྟན་ཞིང་རབ་གནས་པར། །སྔགས་ཀྱི་སྒོ་ནས་བསྟོད་པ་ཡིན། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་དང་པོར་བརྩམས་བྱས་ནས། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །དེ་ཡི་མཐར་ཐུག་བསྡུས་པ་ཡི། །སྒོ་ནས་ཡང་དག་སྟོན་པ་ཡིན། །དེ་ལྟར་གང་ཞིག་སྒོམ་ བྱེད་ཅིང་། །ངག་གི་འཁོར་ལོ་རྣམ་འཕྲོས་ཏེ། །རྣམ་གསུམ་དོན་ལ་དམིགས་པ་ཡིས། །རིང་པོར་མི་ཐོགས་འདུལ་དབང་གིས། །ཡོན་ཏན་གཞུང་སོགས་ཐམས་ཅད་ཀྱང་། །མ་ལུས་དེ་ཡིས་ཐོབ་པར་འགྱུར། །ས་མཆོག་བཅུ་གཉིས་རབ་བགྲོད་ནས། །འཇམ་པའི་དབྱངས་དང་ འདྲ་བར་འགྱུར། །ཐུན་བཞིའམ་ནི་ཐུན་གསུམ་གྱིས། །མཚན་མ་བརྟན་པོ་བྱུང་གི་བར། །དེ་ནི་རྒྱུན་དུ་བཀླག་པར་བྱ། །དེ་ནས་དཀྱིལ་འཁོར་དབང་བསྐུར་དང་། །ཞི་སོགས་ལས་རྣམས་བསམ་པར་བྱ། །གཞན་ཡང་ཤི་ལ་ཕན་པ་དང་། །ཆོ་གའི་བྱེ་བྲག་ མ་ལུས་ཀུན། །ཆོ་ག་ཆེན་པོར་མཐོང་བར་བྱ། །དཀྱིལ་འཁོར་བསྡུ་བའི་རིམ་པ་ཡང་། །རིམ་བཞིན་ཡི་གེ་ཨ་ལས་ཏེ། །དེ་ནས་ཐིག་ལེ་དམིགས་པ་མེད། །སྒྱུ་མའི་ཚུལ་དུ་སྤྱོད་ལམ་བརྟག །དམ་པའི་གཞུང་ལུགས་གསལ་མོད་ཀྱི། །བསྡུས་ལ་དགའ་བའི་ངོར་བྱས་ ནས། །བདག་འདྲས་བརྩམས་པར་མི་འོས་ཏེ། །ཁབ་ལེན་དབང་གིས་ལྕགས་བསྡུ་བཞིན། །འཇམ་པའི་དབྱངས་ལ་མོས་པ་ཡིན། །རང་དབང་མེད་པར་རྩོམ་པ་ལ། །འཇམ་པའི་དབྱངས་ཀྱིས་བཟོད་པར་མཛོད། །དེ་ལས་བདག་གིས་དགེ་བ་གང་ཐོབ་དེས། །འགྲོ་བ་རྣམས་ ཀྱི་དོན་རྟོགས་ཞི་གྱུར་ནས། །བདག་སོགས་འཇམ་པའི་དབྱངས་དང་འདྲ་གྱུར་ཏེ། །ནམ་མཁའི་མཐའ་མཉམ་སེམས་ཅན་གྲོལ་བར་ཤོག །འཕགས་པ་མཚན་ཡང་དག་པར་བརྗོད་པའི་འཁོར་ལོའི་རིམ་པ། བླ་མ་དམ་པའི་ཆོ་ག་ཆེན་པོའི་གཞུང་རྣམས་ལས། །བློ་ཞན་པའི་ དོན་དུ་མོས་པ་ཙམ་ལས་འཇུག་པ་འདི་དག་གི་རིམ་པ་ཕྲ་མོ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་མཎྜ་ལ་བི་དྟི་ཙིནྟཱ་མ་ཎི་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡིད་བཞིན་ནོར་བུ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་ དཔའ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ཡེ་ཤེས་སྐུ་ཉིད་ལ་བཏུད་ནས། །འཇམ་དབྱངས་ཀྱིས་ཁྱབ་དཀྱིལ་འཁོར་ནི། །བསྡུས་དང་དབྱེ་བའི་བྱེ་བྲག་གིས། །ཐུན་མོང་ཐུན་ མོང་མ་ཡིན་པའི། །ཆོ་གའི་རིམ་པ་བཤད་པར་བྱ། །དང་པོ་རེ་ཞིག་རྣལ་འབྱོར་པས། །འགྲོ་བ་འདུན་པའི་བསམ་པ་ཡིས། །ཡིད་དགའ་བ་ཡི་ས་ཕྱོགས་སུ། །བདེ་བའི་སྟན་ལ་འདུག་ནས་ནི། །སྒྱུ་མའི་ལུས་ཀྱི་སྙིང་ག་རུ། །རང་གི་ས་བོན་བསམས་ནས་སུ། །འོད་འཕྲོ་བ་ ཡི་སྦྱོར་བ་དང་། །དཀྱིལ་འཁོར་སྤྲུལ་པའི་ཕྱག་རྒྱ་ཡིས། །རང་གི་འཁོར་ལོ་སྤྲུལ་པར་བྱ། །ཕྱག་ལྔ་བྱ་བའི་སྦྱོར་བ་དང་། །མཆོད་པ་རྣམ་པ་ལྔ་ཡིས་མཆོད། །སྒྱུ་འཕྲུལ་དྲ་བ་ལས་གསུངས་ལྟར། །གསུམ་པ་སྐྱབས་འགྲོ་ལ་སོགས་བྱ། །དེ་རྗེས་བསྟོད་པས་མཉེས་ བྱ་བ། །ཐུན་མོང་དང་ནི་དེ་མ་ཡིན། །ཐུན་མོང་རྣམ་པ་གཉིས་ཡིན་ཏེ། །དང་པོ་མདོ་ཉིད་ཇི་བཞིན་པ། །འཆད་པའི་འདུད་པ་ཉི་ཤུའོ། །ཐུན་མོང་མིན་པར་རང་གིའོ། །ཉི་ཤུ་པ་ཡི་རྣམ་པ་ཡང་། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་ཉིད་དེ་དེ་བཞིན་ཉིད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་ པའི་འདོད་ཆགས་ལ་སོགས་སྤངས། །སྲིད་པའི་དགའ་བ་ཆེན་པོ་པ། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་བླ་ན་མེད། །གསང་སྔགས་ལས་བྱུང་ཡི་གེ་མེད། །གསང་སྔགས་དོན་ཀུན་སྐྱེད་པའོ། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སེམས་ ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །འདོད་པའི་དོན་གྲུབ་དམ་པ་སྟེ། །ངན་སོང་ཐམས་ཅད་རྣམ་སྦྱོང་བ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སངས་རྒྱས་ འདོད་ལ་ཕྱག་འཚལ་འདུད། །ཧ་ཧ་ཧི་ཧི་འཇིགས་པར་སྒྲོགས། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །གད་མོ་ཆེན་མོ་གད་རྒྱངས་ཅན། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་ གར་བྱེད་པ། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བ་སྟེ། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་ དམ་པ་མཆོག་གི་གནས། །སངས་རྒྱས་བཞད་པ་ཁྱོད་ལ་འདུད། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཚིག་བདེན་པ་དང་བདེན་པར་སྨྲ། །བདེན་པ་བཞི་ནི་སྟོན་པ་པོ། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་ཐུགས་རིག་པ། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མྱ་ངན་འདས་ཤིང་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་སེལ་བ་མཐར་གྱུར་པ། །མེད་པ་ལས་བྱུང་ཁྱོད་ལ་འདུད། །ཐེག་པ་ཆེན་པོའི་ ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ནམ་མཁའ་ལས་བྱུང་ཁྱོད་ལ་ འདུད། །དང་པོ་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །སྒྱུ་ འཕྲུལ་དྲ་བ་ཁྱོད་ལ་འདུད། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ དེ་སྣ་ཚོགས་སྟོན། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །སྔགས་པ་རྡོ་རྗེ་དྲིལ་འཆང་བ། །བསྟོད་པའི་རྒྱལ་པོ་འདི་ཡིས་བསྟོད། ། རབ་ཏུ་མོས་པས་གུས་བྱེད་ན། །འཇམ་པའི་རྡོ་རྗེ་ངོ་བོར་འགྱུར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ ཡང་ནི་མི་སྤོང་ངོ་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་པ། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཇི་བཞིན་དུས་དྲུག་ཏུ། །སྦྱིན་པ་རྣམ་ བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་ བགྱི། །མཆོད་པའི་ལས་རྣམས་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་རྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་ བགྱི། །དབུགས་མ་ཕྱིན་པ་དབུགས་ཕྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །དེ་ལྟར་སྡོམ་པ་འཛིན་བྱེད་ན། །བདག་ཉིད་སྣོད་དུ་རུང་བར་འགྱུར། །དེ་ནས་ས་བོན་འོད་ཀྱིས་ནི། །དཀྱིལ་འཁོར་རང་གི་ས་བོན་གཞུག །དེ་ལས་ཡེ་ཤེས་མེ་འབར་བས། །རྣམ་སྨིན་ ཕུང་པོ་བསྲེགས་པ་ཡིས། །སྐད་ཅིག་གིས་ནི་སྒྱུ་འདྲར་འགྱུར། །དེ་ནས་སྙིང་རྗེ་སྐྱེད་པ་ནི། །སྡུག་བསྔལ་ཆོས་དང་དམིགས་མེད་པས། །བྱང་ཆུབ་རྣམ་པ་ལྔ་བསྒོམ་སྟེ། །གཟུགས་བརྙན་གྱི་ནི་ཡེ་ཤེས་ལ། །སྡུག་བསྔལ་རྣམས་ནི་སྣང་བ་ནི། །དེ་ལས་འདོན་པའི་བསམ་པ་ནི། །སྡུག་བསྔལ་ལ་དམིགས་ སྙིང་རྗེའོ། །བདག་སྟོང་སེམས་ཅན་ཆོས་རྣམས་ཀུན། །སྟོང་པ་ཉིད་དུ་རབ་སྦྱོར་བས། །ཀུན་གྱི་སྟོང་པ་ལས་འཇུག་པ། །ཆོས་དམིགས་སྙིང་རྗེ་མཉམ་ཉིད་དོ། །དེ་ཡང་མ་སྐྱེས་པའི་ཕྱིར་སྟོང་པར་ཤེས་པ་ནི། །སོ་སོར་རྟོག་པ་ཤེས་པ་ལས། །སེམས་ཅན་ཐམས་ཅད་ དགོད་བསམ་པ། །དམིགས་མེད་ཤེས་རབ་སོ་སོར་རྟོག །སེམས་ཅན་དོན་ནི་རྟོག་མེད་ལས། །ནམ་མཁའ་ལ་ནི་འཇའ་ཚོན་བཞིན། །གང་དང་གང་འདོད་སྣང་བྱེད་པ། །དམིགས་མེད་སྙིང་རྗེ་བྱ་གྲུབ་པའོ། །བདག་དང་གཞན་སོགས་རྟོག་པ་རྣམས། ། སླར་ཞིང་འབྱུང་བར་མི་འགྱུར་ཞིང་། །གང་ལ་ཆགས་དང་རྣམ་བྲལ་བའི། །ཆོས་དབྱིངས་ཡེ་ཤེས་རྣམ་པར་བསྒོམས། །དེ་དག་ནི་ཚོགས་གཉིས་ཀྱི་ཡོངས་སུ་ཏིང་ངེ་འཛིན་ཏོ། །དེ་ནས་ནམ་མཁའ་སྟོང་པ་ལ། །བྷྲཱུཾ་བྱུང་འཁོར་ལོའི་དབུས་སུ་ནི། །ཉི་མའི་དཀྱིལ་འཁོར་དབུས་ གནས་པར། །ཧཱུཾ་ནི་འཇིགས་པ་བསྒོམ་བྱས་ཏེ། །འོད་ཟེར་ཕྱོགས་བཅུར་འཕྲོས་པ་ལས། །ཧཱུཾ་བཅུ་འཁོར་ལོའི་རྩིབས་སྟེངས་སུ། །ཁྲོ་བོ་བཅུ་གཅིག་སྐད་ཅིག་རྫོགས། །ཧཱུཾ་མཛད་གནོད་མཛེས་གཙུག་ཏོར་དང་། །གཤིན་རྗེ་གཤེད་དང་གཞན་མི་ཐུབ། །རྟ་མགྲིན་ དང་ནི་བདུད་རྩི་འཁྱིལ། །འདོད་རྒྱལ་མི་གཡོ་མགོན་པོ་དང་། །དབྱུག་སྔོན་ཅན་དང་སྟོབས་པོ་ཆེ། །ཞལ་གསུམ་ཕྱག་དྲུག་ཞབས་གཉིས་པར། །བསྐྱེད་ལ་དེ་ཉིད་རྣམ་འཕྲུལ་བའི། །བགེགས་བཅུ་བཀུག་པར་བཀའ་བསྒོ་བས། །བཀུག་སྟེ་ཞབས་འོག་ཕུར་བུས་ གདབ། །རྡོ་རྗེ་གསང་སྔགས་བརྗོད་བྱ་བས། །སྐད་ཅིག་གིས་ནི་བགེགས་མེད་འགྱུར། །ཧཱུཾ་མཛད་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ཕྱོགས་མཚམས་སྟེང་འོག་ཏུ། །འཕྲོས་པས་དྲ་བ་གུར་དང་ནི། །ར་བ་གཉིས་དང་ས་གཞི་དང་། །རྡོ་རྗེའི་རང་བཞིན་བསྒོམ་ པར་བྱ། །ཕྱོགས་མཚམས་དཀྱིལ་འཁོར་བཅིངས་པ་ཡི། །ཕྱིས་ཀྱང་འཇུག་པར་མི་འགྱུར་རོ། །དེ་ནས་ཞི་བའི་བསམ་པ་ཡི། །ཀུན་དུ་བཟང་པོར་ཧཱུཾ་མཛད་གྱུར། །དེ་ལས་ཆོས་ཀྱི་འབྱུང་གནས་བསམ། །དབུས་སུ་བྷྲཱུཾ་ལས་གཞལ་ཡས་ཁང་། །སྤྱི་དང་ཐུན་མོང་ ཁྱད་པར་ནི། །རིམ་པ་བཞིན་དུ་ཤེས་པར་བྱ། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་ཀྱིས་ནི་རྣམ་པར་བརྒྱན། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །གྲྭ་དང་སྒོ་ཡི་མཚམས་རྣམས་སུ། །ཟླ་བ་ཕྱེད་ལ་གནས་པ་ཡི། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །དཀྱིལ་འཁོར་ ཕྱི་རིམ་ཐིག་གདབ་བོ། །དེ་ཡི་རིམ་པའི་ནང་བཞུགས་ནས། །དཀྱིལ་འཁོར་ཕྱི་མ་དང་མཚུངས་པར། །མཚན་ཉིད་ཐམས་ཅད་ཤེས་བྱ་སྟེ། །ཀ་བ་བརྒྱད་དང་ལྡན་པ་རུ། །དབུས་ཀྱི་དཀྱིལ་འཁོར་འབྱུང་བ་ནི། །ཀུན་གྱི་ཐུན་མོང་ཡིན་པར་འདོད། །བསྡུས་དང་སོ་སོའི་མཚན་ ཉིད་ནི། །ཕྱི་ནས་འབྱུང་བ་ལས་ཤེས་བྱ། །དབུས་སུ་སཾ་གཾ་ཏཾ་ཧྲཾ་ཨཾ་ལས། ཧཱུཾ་གཉིས་ལྡན་ལས་བྱུང་བའི་གདན། །མིང་ལས་མཚོན་ཏེ་ཤེས་པར་བྱ། །ཨ་ལས་ཟླ་བའི་སྟེང་དུ་བསམ། །དེ་དག་ནི་སྟེང་གི་ཏིང་ངེ་འཛིན་ཏོ། །དེ་ནས་ས་བོན་ལས་བསྐྱེད་པ། །ཨ་ལས་རྣམ་ པར་སྣང་མཛད་ཆེ། །མདོག་དཀར་ཞལ་བཞི་ཕྱག་གཉིས་པ། །མཉམ་གཞག་པ་འམ་བྱང་ཆུབ་མཆོག །རྣ་རྒྱན་ལ་སོགས་སྤངས་པ་ནི། །རྟག་པའི་སངས་རྒྱས་བསྒོམ་པའོ། །ཐུགས་ཀར་པདྨ་གནས་པ་ལས། །ཧྲཱིཿལས་དང་པོའི་སངས་རྒྱས་ནི། །ཞལ་ལྔ་བྱིས་པའི་ རྒྱན་དང་ལྡན། །ཕྱག་བརྒྱད་གཡས་བཞིས་རལ་གྲི་འཛིན། །གཡོན་བཞིས་ཤེས་རབ་པོ་ཏི་འཛིན། །དང་པོའི་སངས་རྒྱས་ཐུན་མོང་པའོ། །སངས་རྒྱས་དེ་ཡི་ཐུགས་ཀ་རུ། །ཨ་ལས་གྱུར་པའི་འཁོར་ལོ་ནི། །རྩིབས་དྲུག་པ་ལ་མུ་ཁྱུད་བཞི། །ལྟེ་བར་ཨ་ལས་འོད་ འཕྲོས་པས། །དོན་བྱས་འདུས་པའི་སྔགས་སུ་འགྱུར། །ལྟེ་བར་ཨ་སྟེ་མུ་ཁྱུད་གཉིས། །ནང་མའི་མུ་ཁྱུད་ལ་དགོད་པ། །ཨོཾ་སརྦ་དྷརྨཱ་ཨ་བྷཱ་བ། བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཿ། ཕྱི་རོལ་དུ་ནི་དགོད་པ་ནི། །རྩིབས་བཅས་སམ་ནི་རྩིབས་མེད་པར། །དབྱངས་ཡིག་ བཅུ་གཉིས་དགོད་པར་བྱ། །དེ་ཡི་ཕྱི་རིམ་རྩིབས་དྲུག་ལ། །གསང་སྔགས་རྒྱལ་པོ་དྲུག་ལྡན་པ། །དང་པོའི་རྩིབས་ལ་དགོད་བྱ་བ། །ཨོཾ་བཛྲ་ཏཱིཀྵྞ་ཡ་ཏེ་ནཱ་མ། གཉིས་པའི་རྩིབས་ལ་དགོད་བྱ་བ། །ཨོཾ་དུཿཁ་ཙྪེ་ད་ཡ་ཏེ་ནཱ་མ། གསུམ་པའི་རྩིབས་ལ་དགོད་བྱ་བ། ། ཨོཾ་པྲཛྙཱ་ཛྙཱ་ན་མུརྟ་ཡེ་ཡ་ཏེ་ནཱ་མ། བཞི་པ་ལ་ནི་བསམ་བྱ་བ། །ཨོཾ་ཛྙཱ་ན་ཀཱ་ཡ་ཡ་ཏེ་ནཱ་མ། ལྔ་པ་ལ་ནི་བསམ་བྱ་བ། །ཨོཾ་ཝཱ་གཱི་ཤྭ་ར་ཡ་ཏེ་ནཱ་མ། དྲུག་པ་ལ་ནི་བསམ་བྱ་བ། །ཨ་ར་པ་ཙ་ན་ཡ་ཏེ་ནཱ་མ། འཁོར་ལོ་མུ་ཁྱུད་གསུམ་པ་ལ། །ཡེ་ཤེས་སེམས་དཔའི་སྐུ་ཡི་ སྔགས། །ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་བཱན། ཛྙཱ་ན་མཱུརྟི་ཝཱ་གཱི་ཤྭ་ར། མ་ཧཱ་ཝ་ཙ་སརྦ་དྷརྨཱ། ག་ག་ན། ཨ་མཱ་ལ་སུ་པ་རི་ཤུདྡྷ་དྷརྨཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ། འཁོར་ལོ་མུ་ཁྱུད་བཞི་པ་ལ། །ཀ་སོགས་ཀྵ་ལ་ཐུག་པར་དགོད། །ཤེས་ རབ་འཁོར་ལོའི་ཏིང་འཛིན་ཏོ། །དེ་ཡི་ལྟེ་བའི་ཨ་ལས་ནི། །གཉིས་སུ་མེད་པའི་འཇམ་དཔལ་དབྱངས། །ཞལ་དྲུག་པ་ལ་ཕྱག་དྲུག་པ། །འཁོར་ལོའི་རྩིབས་དང་ཡི་གེའི་ཞལ། །དཀར་དམར་སྔོ་དང་དཀར་ལྗང་དཀར། །ཕྱིས་ཀྱང་སོ་སོར་བྱ་བ་ཡིན། །ཨུཏྤལ་སྔོན་དམར་ དང་པོ་གཉིས། །མདའ་དང་གཞུ་ནི་གཉིས་པ་གཉིས། །མཉམ་པར་གཞག་པས་གསུམ་པ་གཉིས། །སྐུ་ནི་དུང་ལྟར་དཀར་བའོ། །ཐུགས་ཀར་ཟླ་བ་ས་བོན་ནོ། །རྣམ་སྣང་ཆེན་པོ་ཞེས་བྱ་བའི། །དང་པོ་སྦྱོར་བའི་ཏིང་འཛིན་གྱིས། །སྒྱུ་འཕྲུལ་དྲ་བས་བྱང་ཆུབ་པའོ། །སོ་ སོར་དབྱེ་བའི་སྦྱོར་བ་ཡང་། །དབུས་སུ་རང་གི་གདན་སྟེངས་སུ། །ཧྲཱི་ཧཱུཾ་ཨ་ཨ་ཨོཾ་ཨ་ལས། །པདྨ་གར་དང་ཧཱུཾ་བྱེད་དང་། །རྣམ་སྣང་རྟ་མཆོག་རྡོ་རྗེ་ཉིད། །རྡོ་རྗེ་སེམས་དཔའི་གོ་རིམས་བཞིན། །ཞལ་གཅིག་པ་ལ་ཕྱག་གཉིས་ཏེ། །ཏིང་འཛིན་བདུད་འདུལ་བྱང་ཆུབ་མཆོག ། སྐྱབས་མཛད་མཆོག་སྦྱིན་འགྱིང་བཅས་པས། །འོན་ཀྱང་ཁྱད་པར་ཡོད་པའོ། །པདྨ་རྡོ་རྗེ་རྡོ་རྗེ་དང་། །རྡོ་རྗེ་སྣ་ཚོགས་རིན་ཆེན་དང་། །རྡོ་རྗེ་དྲིལ་བུ་འཛིན་པ་སྟེ། །མདོག་ནི་བསྡུས་པའི་ཞལ་གྱིས་ཏེ། །དང་པོ་སངས་རྒྱས་དྷཱིཿ དཀར་ལ། །སྔར་གྱི་ཀུན་གྱི་ཐུན་མོང་གིས། །འཇམ་ དཔལ་དག་ཏུ་ཐམས་ཅད་མཆོག །དེ་ཡི་ཐུགས་ཀར་ཤེས་རབ་ཀྱི། །འཁོར་ལོ་ས་བོན་རྣམས་ལ་བསྐྱེད། །རྩིབས་བརྒྱད་ཡིན་ཏེ་རྣམ་སྣང་གི། །རྩིབས་བཅུ་པ་ནི་ཡིན་པར་འདོད། །མུ་ཁྱུད་བཞི་སོགས་སྔ་མ་བཞིན། །ཡི་གེ་གྱུར་པས་སྔགས་རྣམས་ནི། །རྩིབས་ ལ་དགོད་པའི་སྔགས་རྣམས་ནི། །ཡེ་ཤེས་སེམས་དཔའི་མིང་ཅན་དུ། །བསྡུས་པའི་སྔགས་རྣམས་ཕྱེ་བའོ། །ཁ་དོག་སྔར་བཞིན་ཤེས་པར་བྱ། །ཤེས་རབ་འཁོར་ལོ་བསྒོམ་པར་བྱ། །ལྟེ་བ་རྣམས་སུ་ས་བོན་གྱི། །སྤྲོ་བསྡུ་ལས་གྲུབ་ཡེ་ཤེས་སེམས། །ཞལ་ གཅིག་པ་ལ་ཕྱག་གཉིས་པ། །དམར་པོ་ལ་སོགས་ཁ་དོག་དྲུག །རྡོ་རྗེ་རྣོན་པོ་སྡུག་བསྔལ་གཅོད། །ཤེས་རབ་ཡེ་ཤེས་ཡེ་ཤེས་སྐུ། །ངག་དབང་ཕྱུག་དང་པ་ཙའི་མཐའ། །རལ་གྲི་ཀུན་གྱི་གཡས་པ་སྟེ། །རང་མཚན་གཡོན་ན་འཛིན་པའོ། །ཡེ་ཤེས་སེམས་དཔའ་བསྒོམ་ པའི་ཏིང་ངེ་འཛིན་ཏོ། །དངོས་གཞི་དཀྱིལ་འཁོར་རྒྱལ་མཆོག་ནི། །བསྡུས་དང་ཕྱེ་བའི་བྱེ་བྲག་གིས། །ཐུན་མོང་ཐུན་མོང་མ་ཡིན་པ། །གོ་རིམས་བཞིན་དུ་ཤེས་པར་བྱ། །བསྡུས་པ་རྣམ་པ་གསུམ་ཡིན་ཏེ། །རྣམ་སྣང་གཉིས་དང་རྡོ་རྗེ་སེམས། །དེ་གསུམ་གཙོ་བོ་གང་རུང་ ངམ། །ཡང་ན་རང་བཞིན་གཅིག་ཡིན་པས། །གཅིག་ཏུ་བསྡུས་པས་ཤེས་པར་བྱ། །ཐུགས་བསྡུས་པ་ལ་འཇམ་པའི་དབྱངས། །སོ་སོ་ལ་ནི་སྔར་བཞིན་འདོད། །དེ་ཡི་ཐུགས་ལ་ས་བོན་རྣམས། །སྤྲོས་པས་རང་རང་དཀྱིལ་འཁོར་འབྱུང་། །ལས་བྱས་འདུས་ནས་དཀྱིལ་ འཁོར་དུ། །འོག་ཏུ་འཆད་པའི་རིམ་པས་གནས། །དབུས་དཀར་ཤར་སྔོ་ལྷོ་སེར་ཞིང་། །ནུབ་དམར་བྱང་གི་ལྗང་གུ་རུ། །ཁ་དོག་ལ་སོགས་ཤེས་པར་བྱ། །ཀུན་གྱི་དབུས་ཀྱི་མཚན་མ་སྟེ། །འོག་ཀྱང་ཁྲོ་བོའི་རྡོ་རྗེ་དང་། །རིན་ཆེན་པདྨ་སྣ་ཚོགས་མཚན། །ཉམས་དང་ དེ་དང་འདྲ་བར་རམ། །ཡང་ན་འགྲེལ་པར་བཤད་པ་བཞིན། །མིང་དང་ཞལ་མདོག་མཚན་མ་སོགས། །ཐ་དད་པར་ནི་ཤེས་པར་བྱ། །གདུལ་བྱའི་བསམ་པའི་དབང་གིས་ནི། །སྣ་ཚོགས་གཟུགས་འཛིན་ནོར་བུ་བཞིན། །སོ་སོ་རང་རང་ས་བོན་ལས། །རང་རིགས་ཐམས་ཅད་ སྤྲུལ་བྱས་ནས། །འདོད་ཆགས་ཅན་སོགས་གདུལ་བྱས་ནས། །འདུས་ནས་དཀྱིལ་འཁོར་ལ་ཞུགས་པ། །དཀྱིལ་འཁོར་རྒྱལ་མཆོག་ཡིན་པར་འདོད། །རྗེས་ཀྱི་ལས་རྒྱལ་ཏིང་འཛིན་ནི། །འོད་ཟེར་སྤྲོ་བསྡུས་འགྲོ་བ་སྦྱོར། །ཀུན་གྱི་ཕྲིན་ལས་མཐུན་པས་ནི། །ཁྱད་ པར་དབྱེ་བ་མ་བཤད་དོ། །སྤྲུལ་པ་བྱིན་གྱིས་བརླབ་པའི་ཕྱིར། །རང་གི་གཙོ་བོའི་སྦྱོར་བ་ཡིས། །ལག་ངར་གཉིས་ནི་རྡོ་རྗེ་བཅིང་། །སེ་གོལ་རྡེབ་ཅིང་སྔགས་བརྗོད་པས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །དེ་ཚེ་སངས་རྒྱས་ཐམས་ཅད་ནི། །རྡོ་རྗེ་སེམས་དཔའ་ལ་ སོགས་བཅས། །དཀྱིལ་འཁོར་ཐམས་ཅད་འདུས་པར་འགྱུར། །སྔར་བཞིན་བསྟོད་པས་བསྟོད་ནས་སུ། །ལྕགས་ཀྱུ་ལ་སོགས་རྣལ་འབྱོར་གྱིས། །དགུག་པ་ལ་སོགས་པ་བྱས་ནས། །སྒོ་བཅད་བསྲུང་བ་རྫོགས་པས་འགྲུབ། །གཙོ་བོའི་དམ་ ཚིག་མཆོག་བཅིངས་པ། །སྙིང་གར་ཧཱུཾ་ལས་རྡོ་རྗེ་བསམ། །དྲྀ་ཤྱ་ཛཿཧཱུཾ་བཾཾ་ཧོཿ། ཞེས་གཙོ་བོའི་སྔགས་ཀྱིས་རྗེས་འགྲོ་བའོ། །ལྕེ་ལ་པདྨ་བསམ་བྱ་སྟེ། །གཙོ་བོའི་སྙིང་པོ་བཀོད་བྱས་པས། །ཆོས་ཀྱི་ཕྱག་རྒྱ་གསུང་སྒྲུབ་པོ། །གཙོ་བོའི་ལས་ཀྱི་ཕྱག་རྒྱ་བཅིང་། །སྤྱི་ བོར་རྡོ་རྗེ་ཀུན་དངོས་བསམ། །ལས་ཀྱི་ཕྱག་རྒྱ་ཕྲིན་ལས་འགྲུབ། །ཡེ་ཤེས་སེམས་དཔའི་སྙིང་ག་རུ། །རང་གི་མཚན་མ་བསམ་བྱས་ནས། །ཕྱག་རྒྱ་ཆེན་པོ་བཅིངས་པས་ནི། །ཕྲིན་ལས་ཐམས་ཅད་འགྲུབ་པར་འགྱུར། །རིགས་ཀྱི་དབུ་རྒྱན་བསམས་ ནས་ནི། །མཆོད་དང་མཉམ་ཉིད་ལ་སོགས་བསྟོད། །དེ་ནས་བཟླས་བརྗོད་བྱ་བ་ནི། །ཤེས་རབ་འཁོར་ལོའི་སྔགས་རྣམས་ལས། །འོད་ཟེར་དེ་འདྲ་འཇིག་རྟེན་དུ། །འགྲོ་བའི་དོན་བྱས་དེར་འདུས་ཐིམ། །དང་པོའི་བཟླས་པ་ཡིན་པར་འདོད། །ཡང་ན་མཚན་མཆོག་ བརྗོད་པ་ནི། །གཉིས་པ་ཡིན་ཏེ་དེར་ཡང་གཉིས། །བསྡུས་ལ་ཀུན་ཏེ་ཕྱེ་བ་ལ། །དུམ་བུ་དྲུག་ཏུ་གདོན་བྱས་ན། །ཕན་ཡོན་དྲུག་ཏུ་རྒྱུད་བཞིན་འགྱུར། །བསྡུས་པའི་མན་ངག་འདི་ཡིན་ཏེ། །རྣམ་སྣང་ཆེ་དང་རྣམ་སྣང་དང་། །རྡོ་རྗེ་སེམས་ལ་མདོ་གཉིས་ཏེ། །སྙིང་ལས་ མཚན་རྣམས་ཐོན་བྱས་ནས། །སྐུ་ཡི་གྲངས་ཀྱིས་འཇིག་རྟེན་དུ། །ཆགས་ཅན་གཏི་མུག་ཅན་དོན་བྱས། །འདུས་ཏེ་དབྱངས་ནས་གསལ་བྱེད་ལ། །ཐིམ་པས་འོད་ཀྱི་འཁོར་ལོར་འགྱུར། །དབུས་ཀྱི་ཆ་ལ་གནས་པའོ། །ཤར་སོགས་མི་བསྐྱོད་ལ་སོགས་པ། །རང་རང་ མཚན་གྱི་གནས་སྐབས་སུ། །སྔགས་དོན་རིགས་ཀྱི་ལྷར་འཕྲོས་ཏེ། །ཞེ་སྡང་ཅན་སོགས་དབང་བྱས་ནས། །འདུས་ཏེ་རང་གི་འཁོར་ལོ་རུ། །སྔགས་ལ་འདུས་ཏེ་སྔར་བཞིན་ནོ། །སོ་སོ་རང་རང་མཚན་གྱིས་སོ། །དང་པོའི་མིང་གི་སྦྱོར་བས་སོ། །ཕྱི་ནས་སྔགས་ནི་ནུས་ ཚད་བཟླས། །གལ་ཏེ་གཏོང་བར་འདོད་ན་ཡང་། །སྔར་བཞིན་མཆོད་བསྟོད་སྔོན་འགྲོ་བས། །ལྷག་ཆད་ཉེས་པ་ཞི་བ་དང་། །བཟོད་པ་གསོལ་དང་གསལ་བ་དང་། །སྔར་བཅིངས་དམ་ཚིག་ཕྱག་རྒྱ་དགྲོལ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་ དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་པར་རིགས། །སྤྲུལ་པའི་འོད་ཀྱིས་དེར་བསྡུས་ལ། །སྟོང་པའི་ང་རྒྱལ་བརྟན་བསྒོམས་ན། །བསྲུང་བ་དམ་པ་ཡིན་པར་འདོད། །སྤྱོད་ལམ་བཞི་ཡི་དུས་སུ་ཡང་། །འཇམ་པའི་རྡོ་རྗེ་ང་ རྒྱལ་འཆང་། །ཡིད་ལ་ཡང་ནི་སྦྱར་བར་བྱ། །སྙིང་པོའི་ཏིང་འཛིན་སྦྱར་བའོ། །དེ་ལྟར་བསྙེན་པར་བྱས་ནས་ནི། །གང་འདོད་ལས་ནི་རྫོགས་འདོད་པས། །དཀྱིལ་འཁོར་ལ་སོགས་ལས་རྣམས་བྱ། །གྲོང་ལ་སོགས་པའི་ཕྱོགས་བདུན་ནི། །རྣལ་འབྱོར་པ་ཡིས་སྤང་བར་བྱ། ། ཡོན་ཏན་ཀུན་དང་ཡོངས་ལྡན་པའི། །བྱང་ཤར་མཚམས་ནི་ཡོངས་སུ་གཟུང་། །སེམས་ལ་ནུས་པ་དང་ལྡན་ན། །གང་དུ་ཡིད་དང་མཐུན་པར་བྱ། །མངོན་པར་འདོད་པའི་ས་ཕྱོགས་སུ། །དྲག་དང་ཞི་བའི་སྦྱིན་སྲེག་གིས། །ས་ནི་སྦྱང་བ་འགྲུབ་པར་བྱ། །གྱོ་མོ་གསེག་མ་ ཐལ་བ་དང་། །རུས་པ་ཕུབ་མ་ལ་སོགས་གྲུབ། །བསལ་བས་གནོད་པ་མེད་པར་འགྱུར། །དབུས་སུ་ས་ནི་བརྐོས་བྱས་ལ། །དག་པའི་ཆུ་ཡིས་བཀང་བྱས་ལ། །མེ་ཏོག་དཀར་པོ་བཟུང་བྱས་ལ། །ཤར་དུ་གོམ་པ་བརྒྱ་ཕྱིན་ནས། །ལོག་སྟེ་དངོས་གྲུབ་བརྟག་པར་བྱ། ། དེ་ནས་མཎྜལ་སྔོན་འགྲོ་བས། །བྲུཾ་སེར་ལས་བྱུང་ལྷ་མོ་ལ། །བསླང་བ་གཞུང་དང་མཐུན་པར་བྱ། །ས་ཡི་དབུས་སུ་ཏིང་འཛིན་གསུམ། །སྔ་མ་བཞིན་དུ་བསྒོམ་བྱ་སྟེ། །འོན་ཀྱང་ཁྱད་པར་དབྱེ་བ་ཡོད། །རྟེན་གྱི་འཁོར་ལོ་རྫོགས་བྱས་ལ། །དེང་དུས་བདག་ཚེ་འབྲས་བུ་ཡོད། ། བདག་གི་གསོན་པ་འབྲས་བུར་བཅས། །ལྷ་དང་དམ་ཚིག་མཉམ་འགྱུར་བར། །གྱུར་པར་བདག་ཉིད་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པས། །མི་ལྡོག་པར་ནི་བདག་གྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་ བདག་ཉི་མ་དམ་པ་སྟེ། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །སྤོས་སྣོད་ལག་ཏུ་ཐོགས་ནས་ནི། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་ བ་ནི། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །དེ་ནས་ཏིང་འཛིན་གསུམ་པ་ནི། །སྔ་མ་བཞིན་དུ་ཤེས་པར་བྱ། །དེ་ནས་གཙོ་བོའི་སྦྱོར་ལྡན་པས། །ལག་ན་རྡོ་རྗེ་ལ་སོགས་པའི། །ང་རྒྱལ་ འཛིན་པས་སྔར་བཞིན་བསྟོད། །སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དཀྱིལ་འཁོར་ཆེན་པོ་བཤད་དུ་གསོལ། །དེ་ལྟར་བསྟོད་པའི་ཚིག་གསན་ནས། །ཕྱོགས་རྣམས་ཀུན་དུ་ཕྱག་བྱས་ ནས། །ང་ནི་རང་ཉིད་རྡོ་རྗེ་ཅན། །འཇམ་པའི་རྡོ་རྗེ་བདག་རང་གིས། །ང་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་སངས་རྒྱས་ཀུན་བདག་ཉིད། །བདག་པོ་རྡོ་རྗེ་ཆེན་པོའི་བདག །བྱིན་གྱིས་བརླབ་པ་མི་འདོར་རོ། །མིག་དང་རྐང་པ་བྱིན་བརླབས་ནས། །དཀྱིལ་འཁོར་ སྟེང་དུ་བདག་བྱས་ལ། །དེང་ཤིག་ཅེས་ནི་བརྗོད་བྱས་ལ། །གཡས་བརྐྱང་ལ་སོགས་འདུག་སྟངས་ཀྱིས། །བགེགས་ཀྱི་ཚོགས་ནི་གཞོམ་པར་བྱ། །དེ་ནས་ཕུར་བུས་གདབ་པ་ཡིས། །འོག་གི་བགེགས་ནི་བཟློག་པར་འགྱུར། །དེ་ནས་སྐྱང་ནུལ་བྱས་ནས་ནི། །སྤོས་ཀྱི་ དཀྱིལ་འཁོར་བྱ་བ་ནི། །བདག་པོའི་གནས་སུ་གྲུ་བཞི་སྟེ། །ལྷག་མའི་གནས་སུ་ཟླུམ་པོ་རུ། །རང་རང་གི་ནི་སྙིང་པོའམ། །སྐུ་ཡི་གསང་སྔགས་ཟློས་པས་སོ། །དེ་ནས་བུམ་པ་བྱ་བ་ཡང་། །རྣམ་པར་རྒྱལ་བ་ལ་སོགས་པ། །རྩ་བ་ནག་པོ་ར་རི་མེད། །རང་གི་མཚན་མས་ མཚན་བཅས་པའོ། །འབྲས་ཆགས་ལྕུག་མས་ཁ་བརྒྱན་ནས། །རས་ཟུང་གིས་ནི་མགུལ་པ་བཅིངས། །འབྲུ་སྣ་རིན་ཆེན་སྣ་ལྔ་དང་། །སྙིང་པོ་ལྔ་དང་ལྡན་པར་བྱ། །དྲི་ཞིམ་ཆུ་ཡིས་རབ་བཀང་ལ། །སྟེང་དུ་མཆོད་ཡོན་ཆུ་བཞག་ལ། །རང་གི་ཆོས་ཀྱི་ས་བོན་ལས། །རང་གི་ ལྷ་རུ་བརྟགས་ནས་ནི། །བསྡུ་དང་བསྟོད་དང་དགུག་པ་དང་། །རྒྱས་གདབ་ལ་སོགས་སྔར་བཞིན་བྱ། །དེ་ནས་དམ་ཚིག་ཕྱག་རྒྱ་ཡིས། །བཟུང་སྟེ་སྐུ་ཡི་སྔགས་བཟླས་ལ། །མཆོད་ཡོན་ཕུལ་ལ་གནས་སུ་གཞག །ལག་བཟངས་ཞུས་པའི་རྒྱུད་གསུངས་པའི། །ཆོ་གས་ གཏོར་མ་སྦྱིན་པར་བྱ། །འོག་ནས་འབྱུང་བའི་ཆོ་ག་ཡིས། །སྦྱིན་སྲེག་གིས་ནི་མཉེས་པར་བྱ། །གསོན་པོའི་སློབ་མའང་ལྷ་གནས་བྱ། །འཁོར་བཞི་རྣམས་ཀྱི་ནང་ནས་ནི། །དཀྱིལ་འཁོར་ཆོ་གས་རྗེས་བཟུང་བས། །རང་ལ་བསླབ་པར་ཤིན་ཏུ་ལྡན། །ཐེག་པ་ཆེ་ལ་རབ་ཏུ་ མོས། །བློ་དང་ལྡན་པས་དཀྱིལ་འཁོར་གཞུག །གཞན་དག་རྗེས་སུ་གཟུང་མི་བྱ། །དེ་ནས་སློབ་མས་ཕྱག་བྱས་ཏེ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་ འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་མཛོད། །བུ་ཚུར་ཐེག་པ་ཆེན་པོ་ཡི། །ཚུལ་ཆེན་སྣོད་ནི་ཁྱོད་ཡིན་ཏེ། །གསང་སྔགས་སྤྱོད་པའི་ཚུལ་ གྱི་མཆོག །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་བཞུགས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། ། དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །སྐྱོབ་པ་འཇམ་པའི་རྡོ་རྗེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་ཕྱིར་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ནས་སློབ་ མས་བརྗོད་བྱ་བ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །སེམས་ཅན་ཐམས་ཅད་མགྲོན་དུ་གཉེར། ། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ས་མ་ཡ་ཨ། སུ་ར་ཏ་སྟྭཾ་ས་མ་ཡ་ཧོ། །བཛྲ་སཏྭ་ཡ་ཐཱ་སུ་ཁཾ། སྙིང་ག་ལ་སོགས་པར་བྱིན་རླབས། །ཨ་ཤྭཏྠ་ལ་སོགས་པའི་ཤིང་། །སོར་ནི་བཅུ་གཉིས་མེ་ཏོག་བཅས། །བྱིན་ནས་ཁ་དང་སོ་ཡང་ བྲུད། །རྩེ་ནས་བཅེམ་སྟེ་དོར་བ་དང་། །ཧུབ་གསུམ་ཆུ་ཡང་སྦྱིན་པར་བྱ། །དཔུང་པ་གཡོན་པར་སྲུང་སྐུད་བཅིང་། །ཀུ་ཤ་བྱིན་ལ་རྨི་ལམ་བརྟག །ང་ལ་ནང་པར་སྨྲོས་ཞེས་བསྒོ། །འཇིག་རྟེན་ན་ནི་ཀུན་མཁྱེན་རྣམས། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་ འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་ཀྱི་ནི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གང་དག་སྤྱོད་པའི་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བས། །དེ་དག་ ཀུན་ནི་འཁོར་བའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་བདེན་པ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་གིས་སངས་རྒྱས་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་ བཟུང་ནས་སྐྱོབ་བཞིན་པར། །སང་ནི་རབ་ཏུ་འདོར་བཅས་ནས། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་འདིར་ནི་འདོད་པས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་ པར་གྱུར་པ་ཡིན། །ཞེས་བསྟན་པར་བྱའོ། །སྙན་གསན་དབབ་པ་རྒྱུད་བཞིན་བྱ། །ཐོ་རངས་དུས་སུ་ལངས་ནས་ནི། །དཀྱིལ་འཁོར་སྟེང་དུ་སྔར་བཞིན་བཞག །སྐུ་ཡི་གསང་སྔགས་བཟླས་པ་ཡི། །དྲི་ཡིས་དཀྱིལ་འཁོར་བྱུགས་བྱས་ལ། །སར་པ་ལེགས་པར་བསྒྲིལ་བ་ ལ། །ཁ་དོག་ལྔ་ནི་ལེགས་གྱུར་ནས། །ཡེ་ཤེས་ལྔ་ལས་སངས་རྒྱས་ལྔར། །བྱིན་གྱིས་བརླབ་པ་བྱས་ནས་ནི། །བཅོམ་ལྡན་དཀྱིལ་འཁོར་ཐིག་གདབ་ཕྱིར། །རྡོ་རྗེའི་ཐིག་ནི་བདག་ལ་གསོལ། །བཏང་བ་བསྡུས་ཏེ་བཀང་ནས་ནི། །ལེགས་པར་བསྒྲིལ་ཏེ་མཆོད་ཅིང་བཟླས། ། སྒྲུབ་པའི་གྲོགས་ཀྱི་ལག་གཏད་ལ། །དཀྱིལ་འཁོར་བརྟགས་ཏེ་ཚད་བཅལ་ནས། །ཕྱི་ནས་ཐིག་ནི་གདབ་པར་བྱ། །ནུབ་ནས་ཤར་དུ་ཚངས་ཐིག་གདབ། །ལྷོ་ནས་བྱང་དུའང་དེ་བཞིན་ནོ། །བྱང་དང་ལྷོ་དང་ཤར་ནུབ་དང་། །རླུང་དང་དབང་ལྡན་ཕྱོགས་བལྟས་ནས། །དབང་པོ་ཆུ་ དང་ནོར་གཤིན་རྗེ། །ཟུར་ཐིག་གཉིས་དང་གདབ་བྱས་ནས། །ངོས་བཞི་དཀྱིལ་འཁོར་བཞིན་དུ་འགྱུར། །སོ་སོའང་ཆ་ཆེན་བཅུ་དྲུག་ཏུ། །སོ་སོར་རྣམ་པར་ཕྱེ་བར་བྱ། །དབང་པོའི་ཕྱོགས་ནས་བཅལ་བྱ་སྟེ། །ཆ་དང་པོ་ཡི་མཐའ་གཉིས་ནས། །བཞི་ཆ་གཉིས་ནི་གདབ་པར་ བྱ། །གཉིས་པ་མཉམ་པོ་བཞི་རུའོ། །གསུམ་པ་ཕྱེད་ཀྱི་ཕྱེད་མ་གཉིས། །བཞི་པ་དང་པོའི་ཚད་དང་མཚུངས། །ཆ་ནི་བཅུ་དྲུག་དག་ཏུ་འགྱུར། །གདུགས་དང་འཁོར་ལོ་པདྨ་དང་། །རིམ་པ་བཞི་དང་ནམ་མཁའ་བརྒྱད། །དགུ་དང་བཅུ་གཅིག་བཅུ་གསུམ་པ། །དེ་གསུམ་ལྔ་ ལྔར་བགོ་བར་བྱ། །ཡ་ཕུབས་འགྲམ་དང་ལོགས་སུ་འགྱུར། །དེ་ཀུན་རིང་ཐུང་ཆ་གཉིས་པ། །བཅུ་དང་བཅུ་གཉིས་གཉིས་པ་ནི། །ལོགས་སུ་གཅིག་འདས་གཅིག་གིས་ནི། །བཞི་ཆ་ལོགས་ཏེ་དེ་ཡང་ཡིན། །ཆ་ཕྱེད་འདས་ནི་ཕྱེད་ཀྱི་ཕྱེད། །ནང་མ་ལྔར་བྱས་ཁྱུད་དུ་འདོད། ། དེ་ནང་ཆ་ཆེན་ལྷ་སྣམ་ཡང་། །ཆ་ཕྱེད་གཉིས་བྱས་ཕྱི་མ་ལ། །མཐའ་གཉིས་ནས་ནི་བཞི་ཆ་གདབ། །གདུགས་དང་པདྨ་འཁོར་ལོའོ། །གཉིས་པའི་ནང་མ་བཞི་རུ་བྱ། །སྐས་ལ་སོགས་པ་ལྟ་བུར་འགྱུར། །དེ་ཡི་ནང་གི་ཆ་ཆེན་པོ། །དེ་ཡང་གཉིས་གཉིས་བྱས་ནས་སུ། །ཕྱི་ མ་གཉིས་བྱས་དེ་ཡི་ནང་། །སྔར་བྱས་ཡ་ཕུབས་ཡིན་པར་འདོད། །ནང་གི་ཆ་ཆེན་དེ་ཡི་ནི། །བཞི་ཆ་གཉིས་སུ་བྱས་པ་ལས། །མཐའ་གཉིས་དག་ཏུ་བྱས་པ་ཡང་། །ལྔ་ཆར་བྱས་པས་འགྲམ་དང་ནི། །ངོས་སུ་གྱུར་ཏེ་དེ་ཀུན་ཡང་། །ཆ་གཉིས་ནས་ནི་རིང་བ་མེད། །ཁྱུད་དང་ ལོགས་ནི་རང་གི་ཚད། །ཕྱི་ལས་དཔག་པས་ནང་གི་ཚད། །ཕྱེད་ཚད་གཉིས་ཀྱི་བཞི་ཆར་འགྱུར། །ཕྱོགས་གསུམ་ཡང་ནི་དེས་ཤེས་བྱ། །ཀུན་གྱི་ཐུན་མོང་ཡིན་པར་འདོད། །ནང་གི་དཀྱིལ་འཁོར་དབྱེ་བ་ཡང་། །བསྡུས་པས་གཉིས་ཏེ་དབྱེ་བ་དྲུག །མཁས་པས་སོ་ སོར་ཤེས་བྱས་ཏེ། །བསྡུས་པས་འདོད་པ་བརྩམ་པར་བྱ། །ཆ་ཆེན་རྣམ་པ་བཞིར་གནས་པའི། །རེ་རེའང་བཞི་བཞིར་བྱས་ནས་ནི། །ཚངས་པའི་ཐིག་ལས་ལོགས་དེ་རུ། །དྲུག་པ་སྤྱི་ཡི་ཀ་བར་འགྱུར། །བཅུ་བཅུ་ལས་ནི་མཆོག་རྣམས་འདོད། །ཆ་ཕྱེད་ པས་ནི་ཟླུམ་ཐིག་གིས། །བསྐོར་ཏེ་ཆ་ཕྱེད་ཕྱིར་བོར་བའི། །ཆ་ཕྱེད་པར་ནི་བསྐོར་བྱས་པས། །ནང་གི་མུ་ཁྱུད་དག་ཏུ་འགྱུར། །དབུས་དང་ཕྱོགས་བཞི་བརྒྱད་རྣམས་ནི། །གཉིས་གཉིས་སུ་ནི་བྱས་པ་ཡིས། །བཅུ་དྲུག་དག་ཏུ་འགྱུར་བ་ཡིན། །དཀྱིལ་འཁོར་ལྔ་པོ་ཀུན་གྱི་ནི། ། རྟ་བབས་སྒོ་ལ་སོགས་པ་ཡི། །ཕྱེ་བ་བཞིར་ཏེ་དེར་ཤེས་བྱ། །ཀུན་གྱི་ཕྲང་གནས་ལུགས་དང་ནི། །རྡོ་རྗེ་དབྱིངས་དང་ཁམས་གསུམ་རྒྱལ། །དོན་གྲུབ་འགྲོ་འདུལ་ལས་ཀྱི་རིགས། །དེ་ཉིད་འདུས་པ་རྒྱུད་ཀྱི་རྩེ། །འདི་རུ་བྱ་ཞེས་མཁས་པས་འདོད། །ཡང་ན་ཐུན་མོང་མིན་པ་སྟེ། ། འཁོར་ལོ་རྩིབས་བརྒྱད་ལྟེ་བར་བཅས། །ཀ་བ་བརྒྱད་དང་རྩིབས་རྟེན་བཅས། །དེ་ཡི་ཕྱིར་རིམ་རྩིབས་བཅུ་དྲུག །རྩིབས་རྣམས་རྟེན་དང་བཅས་པར་བྲི། །ཟུར་བརྒྱད་དཀྱིལ་འཁོར་རྣམས་དང་ནི། །ལྷ་ཡི་སྣམ་བུའི་ཕྱོགས་བཞིན་དུ། །འཁོར་ལོ་རྩིབས་དང་རྩིབས་རྟེན་དང་། ། ལྟེ་བར་བཅས་པའི་ཐིག་གདབ་བྱ། །ཕྱིར་ཡང་རྡོ་རྗེ་མེ་འོད་བསྐོར། །སོ་སོར་ཕྱེ་བའི་དཀྱིལ་འཁོར་ཡང་། །སྔར་བཞིན་རྣམ་པ་གཉིས་ཤེས་བྱ། །ཐིག་གདབ་པ་ཡི་རིམ་པའོ། །དེ་ནས་ཚོན་གྱི་ལས་བཤད་དེ། །སྔོ་སེར་དམར་པོ་ལྗང་གུ་དང་། །དཀར་པོ་རྣམས་ལ་རིམ་བཞིན་ དུ། །ཧཱུཾ་ཏྲཱཾ་ཧྲཱིཿཨ་ཨཱ་ལས་ནི། །མི་བསྐྱོད་རིན་དབང་ཚེ་དཔག་མེད། །གདོན་མི་ཟ་དང་རྟག་པ་བསྐྱེད། །མིག་གི་འབར་བའི་ལྕགས་ཀྱུ་ཡིས། །རང་བཞིན་གནས་པ་ཀུན་ནས་ནི། །འདྲེས་པས་རོ་གཅིག་གྱུར་བསམས་ནས། །བཟླས་པ་བྱ་སྟེ་དགེ་བ་བརྩམ། །དང་པོར་རྡོ་རྗེ་ སློབ་དཔོན་གྱིས། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས། །དབང་ལྡན་མཚམས་ནས་བརྩམས་ནས་དགྱེ། །ཕྱི་ནས་ཀུན་དུ་སློབ་མས་སོ། །ཤར་ཕྱོགས་སུ་ནི་སྔོན་པོ་ཆེ། །ལྷོ་ན་སེར་དང་ཡང་དག་ལྡན། །ནུབ་ནི་པདྨ་རཱ་ག་སྟེ། །བྱང་དུ་ལྗང་གུ་ཡིན་པར་འདོད། །དབུས་ཀྱི་ ས་ཡི་ཆ་ཉིད་ནི། །ཤེལ་ལྟར་དཀར་བ་བླ་ན་མེད། །སྔོན་པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར་ལ་དམིགས་པ་སྟེ། །པདྨ་ཆགས་པའི་ངོ་བོ་གཞན། །དེ་བཞིན་གཞན་ནི་མརྒད་དེ། །དཀར་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་གྲགས། །དེ་ནས་ལྷ་རྣམས་ དགོད་པ་ཡང་། །དཀྱིལ་འཁོར་ལྔ་ཡི་དབུས་སུ་ནི། །རྣམ་པར་སྣང་མཛད་རྫོགས་སངས་རྒྱས། །བྱང་ཆུབ་མཆོག་གི་ཕྱག་རྒྱ་འཛིན། །སེང་གེ་ཡི་ནི་གདན་ལ་བཞུགས། །ཡང་ན་དབུས་མ་དང་པོ་ལ། །རྡོ་རྗེ་སེམས་དཔའ་དགོད་པར་བྱ། །རྡོ་རྗེ་དྲིལ་བུ་ཡང་དག་འཁྱུད། ། ཡང་ན་རྣམ་སྣང་ཆེན་པོའོ། །ལྔ་པོ་ཀུན་གྱི་ཤར་ཕྱོགས་སུ། །མི་བསྐྱོད་གླང་པོ་ལ་གནས་ཤིང་། །བདུད་འདུལ་རྡོ་རྗེ་བསྣམས་ཤིང་སྔོ། །ཀུན་གྱི་ལྷོ་ཡི་ཕྱོགས་སུ་ནི། །རིན་ཆེན་དབང་གིས་རྟ་ལ་བཅིབས། །མཆོག་སྦྱིན་རིན་ཆེན་བསྣམས་ཤིང་སེར། །དཀྱིལ་འཁོར་ ཀུན་གྱི་ནུབ་ཕྱོགས་སུ། །ཚེ་དཔག་མེད་པ་རྨ་བྱ་བཅིབས། །ཏིང་འཛིན་པདྨ་བསྣམས་ཤིང་དམར། །ལྔ་པོ་ཀུན་གྱི་བྱང་ཕྱོགས་སུ། །གདོན་མི་ཟ་བ་མཁའ་ལྡིང་བཅིབས། །སྐྱབས་མཛད་སྣ་ཚོགས་བསྣམས་ཤིང་ལྗང་། །རྡོ་རྗེ་འདེགས་པ་སྔོན་འགྲོ་བས། །སྙིང་པོ་བརྗོད་ཅིང་ བྲི་བར་བྱ། །དེ་ཉིད་འདུས་པའི་རྗེས་འབྲངས་ནས། །ལྔ་ལ་རང་གི་འཁོར་གྱིས་བསྐོར། །ཡང་ན་འཁོར་ལོའི་རྩིབས་བཅུ་དྲུག །རིགས་ཀྱི་མདོག་ལྟར་དགོད་པར་བྱ། །རྡོ་རྗེ་སེམས་མ་རིན་ཆེན་ཆོས། །ལས་མཆོག་མས་ཏེ་དཔལ་ལྡན་མ། །མཚམས་ཀྱི་འཁོར་ལོའི་རྩིབས་ ལ་དགོད། །བཞི་ཡི་མཚམས་བཞི་པོ་ལས་ནི། །མེ་མཚམས་འཁོར་ལོའི་རྩིབས་ལྔ་ནི། །ཤར་སྔོ་ལྷོ་སེར་ནུབ་དམར་ཞིང་། །བྱང་དུ་ལྗང་ཞིང་དབུས་དཀར་ལ། །རིགས་ལྔའི་སྒེག་མོ་རྣམ་ལྔ་ནི། །དབུས་སུ་དེ་བཞིན་གཤེགས་རིགས་དཀར། །རྡོ་རྗེ་ཤར་དུ་སྔོན་པོ་སྟེ། ། ལྷོ་རུ་རིན་ཆེན་སེར་མོའོ། །ནུབ་དུ་པདྨ་དམར་མོ་སྟེ། །བྱང་དུ་ལས་མ་ལྗང་བའོ། །དེ་བཞིན་ལྷོ་ནུབ་ཕྲེང་བ་དང་། །ནུབ་བྱང་གླུ་མ་དབང་ལྡན་དུ། །ལས་མ་ལ་སོགས་དེ་བཞིན་ནོ། །ཕྱི་ཡི་ལྷ་རྣམས་མཚམས་སུ་ནི། །བདུག་པ་ལ་སོགས་དེ་བཞིན་དགོད། །བྱམས་ པ་ཡང་ནི་རིགས་ལྔའི་ལྔ། །འཁོར་ལོ་ལག་ན་དེ་བཞིན་ཏེ། །རིགས་ཀྱི་མདོག་གི་དབྱེ་བར་བྱ། །འཁོར་དང་གཙོ་བོ་ཕྱོགས་སོགས་ནི། །ལཱ་སེ་ལ་སོགས་བཤད་པ་བཞིན། །བསྐལ་བཟང་གཞན་ཡང་དེ་བཞིན་ནོ། །སྒོ་རྣམས་ཀུན་གྱི་ནང་དུ་ཡང་། །སྒོ་སྲུང་ བཞི་ཡང་ལྔ་ལྔ་རུ། །གཙོ་བོ་འཁོར་ཡང་སྔར་བཞིན་བརྟག །ཕྱག་མཚན་ལ་སོགས་དབྱེ་བ་ནི། །རྒྱུད་ལས་ཇི་སྐད་གསུང་བཞིན་བྱ། །འཁོར་ལོ་བཅུ་ཚན་གསུམ་དང་གསུམ། །བརྒྱ་དང་བརྒྱད་ཅུ་རྩ་ལྔ་རུ། །མཁས་པས་བསྒྲིམས་ཏེ་བྲི་བར་བྱ། །དེ་ལྟར་ཕྱག་རྒྱ་ཆེན་ པོའམ། །ཡང་ན་ལག་པའི་ཕྱག་རྒྱར་བཅས། །ཡང་ན་མཚན་མ་དགོད་པའམ། །ཡང་ན་ཡི་གེ་དགོད་པའམ། །ཡང་ན་གདན་གྱི་མཚན་མའམ། །གལ་ཏེ་འབྱོར་པ་མེད་ན་ཡང་། །ཕྱག་རྒྱས་ཡོངས་སུ་བསྒྲུབ་སྟེ་བསམ། །དཀྱིལ་འཁོར་བདུན་དུ་བརྟག་པའོ། །སོ་སོར་ཕྱེ་ ལའང་དེ་བཞིན་ཏེ། །རང་རང་གི་ནི་དཀྱིལ་འཁོར་བཞིན། །དེ་ནས་ཕྱི་དྲོའི་ཐུན་དུས་སུ། །ཁྲུས་དང་རྒྱན་ནི་རབ་རྫོགས་པས། །རྡོ་རྗེ་དྲིལ་བུ་རབ་བསྐུལ་བས། །དཀྱིལ་འཁོར་ལན་བདུན་བསྐོར་བྱས་པས། །ལྷག་པ་གང་ཡིན་འདོར་བར་འགྱུར། །མཁས་པས་མ་ཚང་ ཡོངས་སྐོང་མཛད། །འགྲུབ་འགྱུར་སྨད་པར་མི་བྱའོ། །ལྕགས་ཀྱུ་ལ་སོགས་རྣལ་འབྱོར་གྱི། །སྟེང་དུ་བཏེག་པ་དགུག་པ་དང་། །གཞུག་ཅིང་དབང་དུ་བྱ་བའོ། །དེ་ནས་བུམ་པ་བྱ་བ་ཡང་། །རྩ་བ་ནག་པོ་ར་རི་མེད། །མགྲིན་པར་རས་མཆོག་གིས་བརྒྱན་པ། །འབྲུ་སྣ་རིན་ ཆེན་སྣ་ལྔ་དང་། །སྙིང་པོ་ལྔ་དང་ལྡན་པར་བྱ། །དྲི་ཞིམ་ཆུ་ཡིས་ཡོངས་བཀང་བ། །བསྒྲུབ་སྟེ་རང་གི་གནས་སུ་དབུལ། །དེ་ནས་དཀྱིལ་འཁོར་དབུས་སུ་ནི། །ཏིང་འཛིན་གསུམ་པོ་སྔོན་བཞིན་བསྒོམ། །ཡེ་ཤེས་སེམས་དཔའི་ང་རྒྱལ་གྱིས། །མཆོད་པ་ཉིད་དང་ གཏོར་མ་དང་། །སྦྱིན་སྲེག་ཅི་ནུས་པ་ཡིས་མཆོད། །བདག་ཉིད་འཇུག་པའི་ཆོ་ག་ཡང་། །སློབ་མ་འཇུག་པའི་ཚུལ་གྱིས་བྱ། །དེ་ནས་སློབ་མ་འཇུག་པ་ཡང་། །གསོན་དང་ཤི་བའི་ལས་ཡིན་ཏེ། །རེ་ཞིག་གནང་བ་ནོད་པར་བྱ། །བདག་མིང་འདི་ཞེས་བགྱི་བ་ནི། །རྡོ་རྗེ་ སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །སློབ་མ་གང་ཡིན་འཇུག་པར་འཚལ། །དེ་ནས་སློབ་མ་ཐམས་ཅད་ཀྱིས། །གསོན་པ་ཞེས་བྱའི་ཁྱད་པར་ཏེ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཉིད་ནི་བདག་ལ་དགོངས། ། བྱང་ཆུབ་སེམས་དཔའི་ལམ་བསྟན་པ། །སྐྱོབ་པ་ཆེན་པོ་བདག་འཚལ་ལོ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་སོང་ལ་བདག་སྐྱབས་མཆི། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་འཚལ། །བུ་ཚུར་གཤེགས་ ཤིག་ཐེག་ཆེན་གྱི། །ལམ་ཆེན་སྣོད་ནི་ཁྱོད་ཡིན་ཏེ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བཞུགས་པའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །འཇིག་རྟེན་ སྤྱོད་པ་རྗེས་འཇུག་ཕྱིར། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ནས་རྒྱུན་བཤགས་བྱེད་དུ་གཞུག་སྟེ། ཡོལ་བའི་མཐའ་རུ་གནས་པ་ལས། །གདོང་ལ་གོས་ཀྱིས་གཡོགས་པ་ཡིས། ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་རྣམས་ནི་བདག་གིས་མགྲོན་དུ་གཉེར། །འགྲོ་ ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བརྗོད་དུ་གཞུག་གོ། །དེ་ནས་ཨོཾ་སུ་ར་ཏ་སྟྭཾ་ས་མ་ཡ་སྟྭཾ། ཨོཾ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ། ཞེས་པས་སེམས་ནི་བསྐྱེད་པར་བྱའོ། །དེ་ནས་ཆེ་གེ་ཞེས་བྱ་བ་འདི་ཉིད་ནི། བྱང་ཆུབ་སེམས་ནི་ཡོངས་བཟུང་ནས། །དམ་ཚིག་མཆོག་དང་ གསང་བ་ཡི། །འཁོར་ལོ་འདི་ནི་འཇུག་པར་འདོད། །དེ་ནས་སློབ་མ་ལ་བསྒྲགས་པ། །སྡོམ་པ་ཐམས་ཅད་དབོག་པ་ནི། །ནུས་པའི་ཉམས་ལ་དཔག་སྟེ་སྦྱིན། །སློབ་མས་ཡང་ནི་དེ་བཞིན་གཟུང་། །དེང་ཁྱོད་དེ་བཞིན་གཤེགས་རིགས་ཞུགས། །ཚུལ་འདི་གཞན་ལ་མ་ བརྗོད་ཅིག །གལ་ཏེ་སྨྲས་པར་གྱུར་ན་ནི། །འཇམ་པའི་རྒྱལ་པོ་རབ་ཁྲོས་ནས། །བདུན་རྒྱུད་རིགས་དང་བཅས་པར་བཟློག །དེ་ནས་འོག་ཏུ་འགྲོ་བར་འགྱུར། །ཨོཾ་བཛྲ་ཨུ་ད་ཀས་ཆུ་བླུད་དོ། །གལ་ཏེ་གསང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཆུ་ཡིས་འགྲུབ། ། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི། །འཇམ་དབྱངས་རྒྱལ་པོ་ང་ཡིན་གྱིས། །བརྙས་མི་བྱ་ཞིང་མཉན་པར་གྱིས། །ཡེ་ཤེས་དག་པ་དབོག་པ་དང་། །བརྟན་པའང་གཞུང་བཞིན་བྱ་བ་སྟེ། །ཕྲེང་བ་དོར་དང་བཅིང་བ་དང་། །གདོང་གཡོགས་བཀྲོལ་ཞིང་དཀྱིལ་འཁོར་བསྟན། །བླ་མ་ བརྒྱུད་པ་ཤེས་པར་གྱིས། །འཇུག་པ་རྫོགས་ནས་དབང་བསྐུར་བ། །ལྷར་བསྐྱེད་ཆུ་དང་ཅོད་པན་དང་། །རྡོ་རྗེ་དྲིལ་བུ་མིང་དང་ནི། །བརྟུལ་ཞུགས་རྗེས་གནང་གཟེངས་བསྟོད་དང་། །ལུང་བསྟན་དབུགས་དབྱུང་ལ་སོགས་པ། །ཆོ་ག་མཐོང་བས་ཤེས་པར་བྱ། །གསོན་པོའི་ལས་ནི་ ཡོངས་རྫོགས་ནས། །གལ་ཏེ་ཤི་ལ་ཕན་འདོགས་ན། །རོའམ་རུས་པ་གོས་ལ་ནི། །སྐུ་ཡི་སྔགས་ཀྱིས་བཏབ་པ་ཡི། །ཆུ་མཆོག་གིས་ནི་བཀྲུ་དང་གཏོར། །དེ་ནས་དེ་ལ་གནས་པ་ཡི། །གནོད་པའི་བགེགས་རྣམས་བསལ་བ་ནི། །ཤིན་ཏུ་ཁྲོས་པའི་འཇམ་དཔལ་དུ། །བདག་ ཉིད་རབ་ཏུ་བསམས་ནས་ནི། །གཤིན་རྗེ་གཤེད་དམ་བདུད་རྩི་ཡི། །གསང་སྔགས་དྲག་པོ་རབ་བཟླས་པའི། །ཡུངས་ཀར་རྡོ་རྗེར་བསམས་ནས་ནི། །དེ་ལ་ལན་གསུམ་རབ་ཏུ་བྲབ། །དེ་ནས་དེ་ཡི་བགེགས་བྲལ་ལ། །སྙིང་གའི་འདོད་པའི་རྒྱལ་པོ་ཡིས། །བར་དོའི་ཤེས་པ་དགུག་ པར་བྱ། །ཨ་ལ་སོགས་པའི་ས་བོན་གྱིས། །ཡེ་ཤེས་སེམས་དཔའ་རབ་བསྐྱེད་ལ། །སེམས་བསྐྱེད་སྡོམ་བཟུང་ལ་སོགས་དང་། །དཀྱིལ་འཁོར་དུ་ནི་གཞུག་པ་རྣམས། །གསོན་པོའི་ཚུལ་བཞིན་བྱས་ནས་སུ། །དབང་བསྐུར་བ་ཡང་རིམ་བཞིན་བྱ། །རྣམ་པར་དག་པ་དེ་ཡི་ནི། ། ལྟེ་བ་སྙིང་ག་ལྐོག་མ་དང་། །སྤྱི་བོ་རྣམས་ནི་རིམ་བཞིན་དུ། །ཤེས་རབ་འཁོར་ལོ་གདགས་བྱ་སྟེ། །ལྟེ་བར་ཤེས་རབ་འཁོར་ལོ་ནི། །མུ་ཁྱུད་བཞི་དང་རྩིབས་བཅུ་གཉིས། །མུ་ཁྱུད་བཞི་ལ་སྔགས་བཞི་ནི། །སྔར་བཞིན་དགོད་པར་ཤེས་པར་བྱ། །རྩིབས་ལའང་དབྱངས་ཡིག་བཅུ་ གཉིས་ཏེ། །ལྟེ་བར་ཨ་ཡིག་བསམ་པའོ། །སྙིང་ག་མགྲིན་པ་སྤྱི་བོ་ཡང་། །དེ་བཞིན་བསམ་པ་བྱས་ནས་ནི། །སྤྲོ་དང་བསྡུ་བའི་འོད་ཀྱིས་ནི། །དེ་ཡི་ལུས་ཀུན་ཁྱབ་པར་བསམ། །དེ་ལ་སོགས་པའི་གཟུགས་རྟེན་ནི། །སྦྱིན་སྲེག་ཏུ་ནི་དབུལ་བར་བྱ། །དེ་ཡང་། ཐབས་ དང་དགང་གཟར་བླུགས་གཟར་རྫས། །ཤིང་དང་སྒྲུབ་པ་པོ་དང་སྣོད། །རྫས་བསང་དགོད་དང་མེ་བླང་དང་། །བསང་གཏོར་དང་ནི་མེ་སྦར་དང་། །ཀུ་ཤ་དགྲམ་དང་གནས་པ་དང་། །མེ་བསྐྱེད་པ་དང་སྤྱན་དྲང་སོགས། །སྲུང་སྐུད་བཅིང་དང་མཆོད་པ་དང་། །ཞབས་བསིལ་སྒྲུབ་དང་ དབང་བསྐུར་དང་། །དམ་ཚིག་བསྒོ་དང་མཆོད་ཡོན་དང་། །བསང་གཏོར་འཐོར་འཐུང་སྲེག་བླུགས་དང་། །མེ་བསང་བརྟག་དང་དགང་བླུགས་དང་། །ཀུན་བསྲེགས་བསང་དང་ལྷ་དགོད་དང་། །བསྡུས་དང་བསྟོད་དང་དགུག་པ་དང་། །སྔོན་བཞིན་ཕྱག་རྒྱས་དབང་ བསྐུར་དང་། །མཆོད་དང་མཆོད་ཡོན་འཐོར་འཐུང་བསང་། །དགང་བླུགས་ཅིག་ཤོས་ལས་བསྐུལ་དང་། །ལྷ་རྣམས་གཟི་བྱིན་བསྐྱེད་པ་དང་། །མེ་ལྷ་དགང་བླུགས་མཆོད་ཡོན་བཅས། །བསང་གཏོར་སོགས་དང་གཤེགས་གསོལ་བ། །ཆོ་ག་ཇི་ལྟར་མཐོང་བ་ཡི། །གང་ ན་ལས་ཀྱི་ཆོ་ག་མེད། །དེ་ནི་སྤྱི་ཡི་ཆོ་ག་ལས། །རྒྱས་པའི་ཆོ་ག་སྔགས་པས་བསྟན། །དེ་ཤེས་པ་ལ་ཉེས་པ་བྲལ། །དེ་ལྟར་བྱེད་པའི་སློབ་དཔོན་ནི། །རྡོ་རྗེ་འཛིན་དང་འདྲ་བར་འགྱུར། །དཀྱིལ་འཁོར་སྔོན་བཞིན་མཆོད་པ་དང་། །ཡི་གེ་བརྒྱ་པ་བརྗོད་པ་དང་། །བཟོད་པ་ གསོལ་དང་བསྔོ་བ་དང་། །ཕྱག་རྒྱ་དགྲོལ་བའི་རིམ་པ་བྱ། །ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ། འཕགས་པ་འཇམ་ དཔལ་གྱིས་ཁྱབ་པའི། །བསྡུས་དང་རྒྱས་པའི་ཆོ་ག་ནི། །ཐུན་མོང་ཐུན་མོང་མིན་པར་སྦྱར། །ནོངས་པ་མཁས་རྣམས་བཟོད་པར་མཛོད། །གསང་བར་འོས་པ་སྦ་བའི་ཕྱིར། །བསྡུས་དང་རྒྱས་པའི་ཆོ་ག་བྱས། །འདི་ལས་དགེ་བ་ཅི་ཐོབ་པ། །འགྲོ་ཀུན་འཇམ་ པའི་དབྱངས་ཐོབ་ཤོག །འཕགས་པ་འཇམ་དཔལ་རིགས་བསྡུས་པ་དང་ཕྱེ་བའི་ཆོ་ག་ཡིད་བཞིན་ནོར་བུ་ཞེས་བྱ་བ་སློབ་དཔོན་ཟླ་བཟངས་གྲགས་པས་མཛད་པ་རྫོགས་སོ།། །།ཁ་ཆེའི་མཁན་པོ་པཎྜི་ཏ་མ་ཧཱ་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་ཚུལ་ ཁྲིམས་གཞོན་ནུས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་སཱ་དྷ་ནི་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་ཞེས་བྱ་བ། འཇམ་ པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རང་བཞིན་གྱིས་ནི་དག་པའི་བདག །ངོ་བོ་ཉིད་ཀྱིས་རྣམ་སངས་རྒྱས། །སྙིང་པོའི་དོན་ལྡན་སྐུ་ཡི་མཆོག །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་ནས། །སྙིང་པོ་དོན་གྱི་རྒྱུད་ཉིད་ལས། །བརྟེན་ནས་བདག་གིས་སྒྲུབ་ཐབས་བརྩམས། ། དེ་ནས་གནས་ཆེན་ཡིད་འོང་བའི། །ནགས་ཚལ་ཤིན་ཏུ་མཛེས་ལ་སོགས། །དད་དང་དབང་བསྐུར་རྗེས་སུ་ལྡན། །བྱམས་སེམས་ལྡན་པས་འདི་བརྩམ་མོ། །ཆོས་རྣམས་སྒྱུ་མ་ལྟ་བུའི་བློས། །ཁྲོ་བོ་དྲུག་གིས་བསྲུང་བར་བྱ། །ཨོཾ་བཛྲ་ཡཀྵ་ཀཱ་ལ་རཱུ་པ་ཧཱུཾ། ཨོཾ་བཛྲ་ཡ་ མཱནྟ་ཀ་ཧཱུཾ། ཞེས་བྱ་བས་བསྲུང་བར་བྱའོ། །དེ་ནས་བྱམས་པའི་སེམས་ལྡན་པའི། །བདེ་བའི་སྟན་ལ་ཉེར་འདུག་ནས། །མདུན་དུ་དཀྱིལ་འཁོར་སྤྱན་དྲང་སྟེ། །ཕྱག་དང་མཆོད་པ་བྱ་བ་ནི། །ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ན་མཿསརྦ་ཏ་ ཐཱ་ག་ཏ་བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་ནཻ་ཝི་ཏྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ན་མཿ སརྦ་ཏ་ཐཱ་ག་ཏ་ཤབྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་མཆོད་པ་སྔོན་དུ་སོང་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེ་ནས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བསྒོམ་པར་བྱའོ། །ཨ་བྷ་བ་སྭ་བྷ་བ་བི་ཤུདྡྷ་བཛྲ་ཙཀྵུ་ཨ་ཨཱ་ཨཾ་ཨཿ། ཞེས་བྱ་བས་སྟོང་པ་ཉིད་དུ་བསྒོམ་མོ། །དེ་ནས་སྟོང་པའི་ཏིང་འཛིན་ལས། །དང་པོ་ཨ་ཡི་རང་བཞིན་ལས། །འོད་འཕྲོས་ཧཱུཾ་ལས་རྡོ་རྗེ་ནི། །ཁྲོ་ཞལ་དྲུག་ལྡན་མེ་དཔུང་ལྡན། །བུམ་པའི་ནང་དུ་མཆོད་རྟེན་ནི། །རིན་ཆེན་ལྔ་ལས་གྲུབ་པ་བསྐྱེད། །ཆོས་སྐུ་ལ་བརྟེན་གཟུགས་སྐུ་ ནི། །ཨེ་ལས་བྱུང་བའི་བུམ་པའི་ནང་། །ཁ་དོག་དཀར་པོ་བསྐྱེད་པར་བྱ། །དེ་ནང་བྷཱུཾ་གྱི་འཕྲོ་འདུ་ལས། །གྲུ་བཞི་པ་ལ་སྒོ་བཞི་པ། །འཁོར་ལོ་རྩིབས་བཞི་ཚོམ་བུ་ལྔ། །བཅུ་དྲུག་འཁོར་ལོ་དང་བཅས་པའི། །དབུས་སུ་སེང་གེ་གཏི་མུག་གདན། །ཤར་དུ་གླང་ཆེན་ཞེ་སྡང་ གདན། །ལྷོར་ནི་རྟ་སྟེ་ང་རྒྱལ་གདན། །ནུབ་ཏུ་རྨ་བྱ་ཆགས་པའི་གདན། །བྱང་དུ་ཤང་ཤང་ཕྲག་དོག་སྟེ། །ལྔ་ཡི་བདག་ཉིད་བཅོམ་པའི་གདན། །ཟླ་བའི་གདན་དང་བཅས་པ་སྟེ། །གཞན་ཡང་དེ་བཞིན་ཟླ་བའོ། །དང་པོ་དབྱངས་ཡིག་རང་བཞིན་ལས། །གཏི་མུག་བློ་སྟེ་ཚུལ་ ཁྲིམས་མཆོག །ཆོས་དབྱིངས་རང་བཞིན་ཞི་བའི་སྐུ། །དབུས་སུ་རྣམ་པར་བསམ་པར་བྱ། །འདི་ལྟར་སངས་རྒྱས་སྐྱེ་མེད་པའི། །ཞལ་ལྔ་ཕྱག་བརྒྱད་པདྨའི་སྟེང་། །འདི་ལྟར་སངས་རྒྱས་སྐྱེ་མེད་པའི། །འདབ་བཞི་ཨ་ར་པ་ཙ་ན། །འདི་ལྟར་སངས་རྒྱས་སྐྱེ་མེད་པའི། ། རྫོགས་པའི་སངས་རྒྱས་མཐིང་ག་སྟེ། །ཐབས་དང་ཤེས་རབ་ཉི་ཟླའི་བར། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁ་དོག་སྣ་ཚོགས་འབར་བའོ། །རྡོ་རྗེ་སྐྱིལ་ཀྲུང་བཅས་པར་བསྒོམ། །ཞེ་སྡང་ཆེན་པོ་བཟོད་པའི་བདག །མེ་ལོང་རང་བཞིན་མཐིང་ཀ་སྟེ། །བརྟན་པའི་ རྟགས་ཅན་མི་བསྐྱོད་པ། །ཅུང་ཞིག་ཁྲོས་པའི་ཚུལ་གྱིས་བཞུགས། །ཆགས་པ་ཆེན་པོ་སྦྱིན་པའི་བདག །མཉམ་པའི་རང་བཞིན་སེར་པོ་སྟེ། །ཆགས་པ་ཆེན་པོའི་རང་བཞིན་གྱིས། །མཉམ་པ་ཡི་ནི་ཚུལ་གྱིས་བཞུགས། །བསམ་གཏན་རང་བཞིན་འདོད་པའི་ བདག །སོ་སོར་ཀུན་རྟོག་དམར་པོ་སྟེ། །འདོད་ཆགས་ཆེན་པོའི་རང་བཞིན་གྱི། །བསམ་གཏན་གྱི་ནི་ཚུལ་གྱིས་བཞུགས། །སྐྱོབ་པའི་རང་བཞིན་ཕྲག་དོག་སེལ། །བྱ་བ་ནན་ཏན་སྣ་ཚོགས་མདོག །ཕྲག་དོག་ཆེན་པོའི་རང་བཞིན་བདག །ཕྲིན་ལས་ཀྱི་ནི་ ཚུལ་གྱིས་བཞུགས། །དོན་ཆེན་སྟོང་པའི་རང་བཞིན་གྱི། །མེ་ལོང་ཡེ་ཤེས་མཐིང་ཀ་སྟེ། །རྡོ་རྗེ་བསྣམས་པ་འགྱིང་བག་ཅན། །པདྨ་ཟླ་བའི་སྟེང་ན་བཞུགས། །བརྗོད་པ་བྲལ་བས་མཚན་མ་མེད། །མཉམ་ཉིད་ཡེ་ཤེས་མཐིང་ཀ་སྟེ། །རིན་ཆེན་ བསྣམས་པ་འགྱིང་བག་ཅན། །པདྨ་ཟླ་བའི་སྟེང་ན་བཞུགས། །བརྗོད་པ་འབྱུང་བ་སྨོན་པ་མེད། །སོ་སོར་ཀུན་རྟོག་དམར་པོ་སྟེ། །པདྨ་བསྣམས་པ་འགྱིང་བག་ཅན། །པདྨ་ཟླ་བའི་སྟེང་ན་བཞུགས། །ཆོས་དང་ཆོས་ཅན་དེ་བཞིན་ཉིད། །བྱ་བ་སྒྲུབ་པ་སྣ་ཚོགས་དག །རྒྱ་གྲམ་ བསྣམས་ཤིང་འགྱིང་བག་ཅན། །པདྨ་ཟླ་བའི་སྟེང་ན་བཞུགས། །བྱང་ཆུབ་མཆོག་གི་འདོད་པའི་བདག །སྐུ་མདོག་མཐིང་ག་ཆེན་པོ་སྟེ། །ཤེས་རབ་ཆེན་པོའི་སྐུ་འཆང་བ། །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང་། །བདེ་བ་མཆོག་གི་རང་བཞིན་གྱི། །སྐུ་མདོག་སེར་པོའི་སྐུ་འཆང་བ། ། བྱམས་པའི་རང་བཞིན་ལྕགས་ཀྱུ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང་། །དགའ་བའི་མཆོག་གི་རང་བཞིན་གྱི། །སྐུ་མདོག་དམར་པོ་སྒྲ་ཡི་བདག །དབྱེར་མེད་ཐུགས་ཀྱི་མདའ་གཞུ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང་། །མགུ་བ་ཆེན་པོའི་རང་བཞིན་གྱི། །སྐུ་མདོག་ལྗང་ གུའི་མདོག་ཅན་ཏེ། །ཕྲག་དོག་སྤངས་པ་མགུ་བའི་བདག །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང་། །གཟུགས་ཀྱི་ཆེ་བའི་བདག་ཉིད་ཅན། །སྐུ་མདོག་གསེར་དང་འདྲ་བ་སྟེ། །དབུལ་བ་སེལ་མཛད་རིན་ཆེན་འཛིན། །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང་། །ཁ་དོག་ཤིན་ཏུ་གསལ་བ་ ཡི། །སྐུ་མདོག་བནྡུ་ལ་ཡི་མདོག །གཉེན་པོ་མཐར་འཛིན་ཉི་མ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང་། །མཚན་ཐོས་པས་ནི་སྙན་པ་སྟེ། །ལྗང་གུ་སྣ་ཡི་རྣམ་ཤེས་སྐུ། །སྙན་པ་ཡིས་ནི་ཏོག་འཛིན་པའི། །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང་། །སྙིང་པོ་འདུས་པས་མི་བཟད་ མཛོད། །སྐུ་ནི་མཐིང་གའི་མདོག་ཅན་ཏེ། །འགྱོད་པ་མེད་པས་སོ་ཕྲེང་འཛིན། །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང་། །ཤེས་རབ་ཀྱིས་ནི་རྣམ་པར་འབྱེད། །སྐུ་མདོག་པདྨ་རཱ་གའི་མདོག །ཆགས་པ་མེད་པས་པདྨ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང་། །ཉོན་མོངས་པ་ཡི་ འཛིན་པས་བཅིངས། །སྐུ་མདོག་ལྗང་གུ་འོད་དང་ལྡན། །ཉོན་མོངས་གཅོད་བྱེད་རལ་གྲི་འཛིན། །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང་། །སྣང་བ་བཞིན་དུ་གསལ་བར་རྟོགས། །མཐིང་ཀ་ལྕེ་ཡི་རྣམ་ཤེས་སྐུ། །གཞན་ཡང་ལྟོས་པའི་འཁོར་ལོ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་ སྟེང་། །རྟོག་པས་རང་འདྲ་དེ་རྟོག་བྱེད། །སྐུ་མདོག་གསེར་བསྲེགས་འདྲ་བའི་སྐུ། །སྨྲ་བར་བྱེད་པའི་ལྕེ་བསྣམས་ཤིང་། །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང་། །མཁས་པས་གཉེན་པོ་སྣ་ཚོགས་བརྟེན། །ལྗང་གུའི་མདོག་ཅན་མཛེས་པའི་སྐུ། །སྦྱོར་བའི་བདག་ཉིད་རྒྱ་ གྲམ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང་། །སྒྱུ་མའི་རང་བཞིན་དོན་ཀུན་འགྲུབ། །སྐུ་མདོག་མཐིང་ཀ་ཆེན་པོ་སྟེ། །ཕྱིར་མི་ལྡོག་པའི་མཆེ་བ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང་། །བྱམས་དང་སྙིང་རྗེ་དགའ་བས་དགའ། །སྐུ་མདོག་གསེར་འདྲ་མཛེས་པའི་སྐུ། ། དམན་པའི་ལུས་གྲོལ་གོ་ཆ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང་། །འབྲས་བུ་ཆོས་སྐུ་སྒྱུ་མའི་སྐུ། །མིག་འཕྲུལ་སྤྲུལ་པ་མཐིང་གའི་མདོག །རང་བཞིན་དོན་གྲུབ་ཁུ་ཚུར་ཕྱག །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང་། །རྒྱན་རྣམས་ཀུན་གྱིས་རྣམ་བརྒྱན་ཅིང་། །བཞི་བཞིས་ཡོངས་ སུ་བསྐོར་བའོ། །སྦྱིན་པའི་བདག་ཉིད་སྒེག་མོ་གཙོ། །སྐུ་མདོག་དཀར་མོ་མེ་ལོང་འཛིན། །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང་། །ཤར་ལྷོ་མཚམས་སུ་བསམ་པར་བྱ། །ཚུལ་ཁྲིམས་བདག་ཉིད་ཕྲེང་བ་མ། །སྐུ་མདོག་སེར་མོ་ཕྲེང་བ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང་། ། ལྷོ་ནུབ་མཚམས་སུ་བསམ་པར་བྱ། །བཟོད་པའི་བདག་ཉིད་གླུ་མ་ནི། །སྐུ་མདོག་དམར་མོ་པི་ཝང་འཛིན། །རྡོ་རྗེ་སྐྱིལ་ཀྲུང་ཟླ་བའི་སྟེང་། །ནུབ་བྱང་མཚམས་སུ་བསམ་པར་བྱ། །བརྩོན་འགྲུས་བདག་ཉིད་གར་མ་ནི། །སྐུ་མདོག་ལྗང་གུ་གར་མ་སྟེ། །རྡོ་རྗེ་སྐྱིལ་ཀྲུང་ ཟླ་བའི་སྟེང་། །བྱང་ཤར་མཚམས་སུ་བསམ་པར་བྱ། །དང་པོའི་དབྱངས་ཡིག་ལས་བྱུང་བའི། །ཤེས་རབ་དཀྱིལ་འཁོར་བསྐྱེད་བྱས་ནས། །འཁོར་ལོ་བཅུ་དྲུག་དག་ལ་ནི། །ཐབས་ཀྱི་དཀྱིལ་འཁོར་དེ་བཞིན་ནོ། །བྱམས་ཆེན་རང་བཞིན་དཔག་མེད་པའི། །བྱང་ཆུབ་ སེམས་དཔའ་བྱམས་པ་ནི། །སྐུ་མདོག་དམར་སེར་གུནྡྷེ་བསྣམས། །སེམས་དཔའི་སྐྱིལ་ཀྲུང་ཟླ་བའི་སྟེང་། །སྙིང་རྗེ་ཤེས་རབ་མཆོག་གི་སྐུ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་ནི། །ལྗང་སེར་ཕྱག་ན་ཨུཏྤལ་བསྣམས། །སེམས་དཔའི་སྐྱིལ་ ཀྲུང་ཟླ་བའི་སྟེང་། །དགའ་བའི་ཤེས་རབ་བློ་ཆེན་ནི། །བྱང་ཆུབ་སེམས་དཔའ་སྤོས་གླང་པོ། །མཐིང་ག་ཕྱག་ན་སྤོས་ཕོར་འཛིན། །སེམས་དཔའི་སྐྱིལ་ཀྲུང་ཟླ་བའི་སྟེང་། །མཁས་པ་བཏང་སྙོམས་ཐབས་ཆེ་བ། །བྱང་ཆུབ་སེམས་དཔའ་ཡེ་ཤེས་ཏོག །དཀར་པོ་ཕྱག་ ན་ཏོག་བསྣམས་ཏེ། །སེམས་དཔའི་སྐྱིལ་ཀྲུང་ཟླ་བའི་སྟེང་། །རྫུ་འཕྲུལ་སྙིང་རྗེའི་སྟོབས་དང་ལྡན། །སེམས་དཔའ་བློ་གྲོས་རྒྱ་མཚོ་ནི། །གསེར་མདོག་ཕྱག་ན་རིན་པོ་ཆེ། །སེམས་དཔའི་སྐྱིལ་ཀྲུང་ཟླ་བའི་སྟེང་། །ཤུགས་ཆེན་བྱམས་པའི་སྟོབས་དང་ལྡན། ། སེམས་དཔའ་བློ་གྲོས་མི་ཟད་པ། །གསེར་མདོག་ཕྱག་ན་རིན་ཆེན་འཛིན། །སེམས་དཔའི་སྐྱིལ་ཀྲུང་ཟླ་བའི་སྟེང་། །རྫུ་འཕྲུལ་སྣ་ཚོགས་དགའ་བའི་བདག །བྱང་ཆུབ་སེམས་དཔའ་བཟང་སྐྱོང་ནི། །མདོག་སྔོན་ཕྱག་ན་སྤོས་ཀྱི་ཤིང་། །སེམས་དཔའི་སྐྱིལ་ ཀྲུང་ཟླ་བའི་སྟེང་། །བདག་གཞན་སྡེ་འཇོམས་བཏང་སྙོམས་བདག །བྱང་ཆུབ་སེམས་དཔའ་སྤོབས་བརྩེགས་ནི། །མཐིང་གའི་མདོག་ཅན་པུ་སྟི་བསྣམས། །སེམས་དཔའི་སྐྱིལ་ཀྲུང་ཟླ་བའི་སྟེང་། །སྲིད་པའི་རི་འཇོམས་དགའ་བ་ནི། །བྱང་ཆུབ་སེམས་དཔའ་ མཐུ་ཆེན་ཐོབ། །མདོག་དམར་ཕྱག་ན་པདྨ་བསྣམས། །སེམས་དཔའི་སྐྱིལ་ཀྲུང་ཟླ་བའི་སྟེང་། །སྲ་ཞིང་མཁྲེགས་པ་བཏང་སྙོམས་སྐུ། །བྱང་ཆུབ་སེམས་དཔའ་ངན་སོང་འདྲེན། །དམར་སེར་ཕྱག་ན་ལྕགས་ཀྱུ་འཛིན། །སེམས་དཔའི་སྐྱིལ་ཀྲུང་ཟླ་བའི་སྟེང་། ། དྲག་པོ་ཆེན་པོ་བྱམས་པའི་སྐུ། །བྱང་ཆུབ་སེམས་དཔའ་མྱ་ངན་འཇོམས། །དུང་མདོག་ཕྱག་ན་རལ་གྲི་བསྣམས། །སེམས་དཔའི་སྐྱིལ་ཀྲུང་ཟླ་བའི་སྟེང་། །སྙིང་རྗེས་འཇིགས་པ་ཆེ་ལས་སྐྱོབ། །བྱང་ཆུབ་སེམས་དཔའ་དྲ་བ་ཅན། །མདོག་དཀར་ཕྱག་ན་དྲ་བ་བསྣམས། ། སེམས་དཔའི་སྐྱིལ་ཀྲུང་ཟླ་བའི་སྟེང་། །མགོན་པོའི་རིགས་ཏེ་བཏང་སྙོམས་སྐུ། །སེམས་དཔའ་ཟླ་འོད་གཞོན་ནུ་ནི། །དཀར་སེར་ཕྱག་ན་ཟླ་བ་བསྣམས། །སེམས་དཔའི་སྐྱིལ་ཀྲུང་ཟླ་བའི་སྟེང་། །དགའ་བའི་བྱིན་བརླབས་ཆེ་བའི་མཆོག །བྱང་ཆུབ་སེམས་དཔའ་ འོད་དཔག་མེད། །མདོག་དཀར་ཕྱག་ན་ལྕགས་ཀྱུ་བསྣམས། །སེམས་དཔའི་སྐྱིལ་ཀྲུང་ཟླ་བའི་སྟེང་། །བྱང་ཆུབ་སྙིང་རྗེའི་ལམ་གྱི་བདག །སེམས་དཔའ་ནམ་མཁའི་སྙིང་པོ་ནི། །སྐུ་མདོག་ལྗང་ཁུ་རལ་གྲི་འཛིན། །སེམས་དཔའི་སྐྱིལ་ཀྲུང་ཟླ་བའི་སྟེང་། །ཐེག་ ཆེན་བྱམས་པ་ཆེན་པོའི་བདག །བྱང་ཆུབ་སེམས་དཔའ་ནམ་མཁའི་མཛོད། །མཐིང་ཀ་རིན་ཆེན་ཟུར་བརྒྱད་སྒྲོམ། །སེམས་དཔའི་སྐྱིལ་ཀྲུང་ཟླ་བའི་སྟེང་། །བསམ་གཏན་གྱི་ནི་བདག་ཉིད་དེ། །དྲི་ཡི་ལྷ་མོ་བདུག་པ་མ། །མཐིང་ཀའི་མདོག་ཅན་སྤོས་ཕོར་འཛིན། །སེམས་ དཔའི་སྐྱིལ་ཀྲུང་ཟླ་བའི་སྟེང་། །ཤེས་རབ་ཕ་རོལ་ཕྱིན་པའི་བདག །མཛེས་པའི་མེ་ཏོག་ལྷ་མོ་ནི། །དཀར་མོ་ཕྱག་ན་མེ་ཏོག་འཛིན། །སེམས་དཔའི་སྐྱིལ་ཀྲུང་ཟླ་བའི་སྟེང་། །ཐབས་ཀྱི་ཤེས་རབ་ཕ་རོལ་ཕྱིན། །མཛེས་པའི་དྲི་ཡི་ལྷ་མོ་ནི། །དམར་མོ་ཕྱག་ན་དྲི་ཆབ་ བསྣམས། །སེམས་དཔའི་སྐྱིལ་ཀྲུང་ཟླ་བའི་སྟེང་། །སྨོན་ལམ་གསལ་བའི་ཕ་རོལ་ཕྱིན། །རོ་དང་ལྡན་པའི་ཞལ་ཟས་མ། །ལྗང་གུ་ཕྱག་ན་རོ་མཆོག་བསྣམས། །སེམས་དཔའི་སྐྱིལ་ཀྲུང་ཟླ་བའི་སྟེང་། །ཡེ་ཤེས་སྙིང་རྗེ་ཆེན་པོ་ཡི། །ཁྲོས་པའི་ལྷ་མོ་ལྕགས་ཀྱུ་མ། ། མཐིང་ཀ་ཕྱག་ན་ལྕགས་ཀྱུ་འཛིན། །ཁྲོས་པའི་ཚུལ་གྱིས་ཟླ་བའི་སྟེང་། །བྱམས་པའི་ཕ་རོལ་ཕྱིན་པའི་སྟོབས། །ཁྲོས་པའི་ལྷ་མོ་ཞགས་པ་མ། །སེར་མོ་ཕྱག་ན་ཞགས་པ་བསྣམས། །ཁྲོས་པའི་ཚུལ་