Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 66
Văn bản gốc(Tây Tạng)
Trang 1 / 22 (50.000 ký tự/trang)
༄༅༅། །བྱང་ཆུབ་ཀྱི་སེམས་བསྒོམ་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདག་མེད་གཉིས་ཉིད་བདེ་གཤེགས་མི་རྟོག་ཡེ་ཤེས་ཆོས་དབྱིངས་ སྐུ་བརྙེས་པ། །ཀུན་གྱི་རང་བཞིན་ཞི་བ་འདི་ལ་གསལ་ཞིང་བླ་མེད་ལམ་མཆོག་སྟེ། །མི་ལྡོག་ས་ལ་སོགས་ཏེ་དབང་བཅུ་རྒྱལ་བ་ཀུན་དང་གཅིག་བརྙེས་པ། །གནས་གསུམ་མཉམ་ཉིད་དེ་ལ་མཚན་ མེད་ཡིད་ཀྱིས་རབ་ཏུ་དད་པས་མོས། །སྟོན་པ་འཇིག་རྟེན་སྒྲོན་མར་གྱུར་པ་ཀུན་གྱིས་མཚུངས་པར་རབ་བསྔགས་པ། །ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པ་འཇམ་དཔལ་གཞོན་ནུ་སྙིང་པོ་ཉིད། །བདེ་ གཤེགས་མ་ལུས་ཡུམ་དུ་གྱུར་པས་རྒྱལ་བ་ཀུན་གྱི་ལམ་གཅིག་གོ། །ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། །རྣམ་དག་བྱང་ཆུབ་སེམས་ཀྱི་ངང་ཚུལ་བསྒོམས་ དང་ཡོན་ཏན་ཁྱད་པར་ནི། །བློ་ལྡན་ནམ་ཞིག་སེམས་ཀྱི་དམ་པ་དེ་ནི་མངོན་དུ་གྱུར་པ་ན། །དེ་ལ་སྐུ་གསུམ་མཆོག་ཏུ་གྱུར་པར་ཆོས་ཀྱི་སྐུ་ཞེས་རྒྱལ་བས་གསུངས། །ཤེས་བྱེད་དམ་པར་གྱུར་པ་ཤེས་རབ་ སྤྱན་ཞེས་ཀྱང་ནི་དེ་ལ་བྱ། །རྡོ་རྗེ་རྩེ་མོ་མཆོག་ཉིད་མི་རྟོག་ཡེ་ཤེས་དེ་ཡང་དེ་ཉིད་དོ། །ཇི་སྙེད་འཕགས་པའི་རྣམ་གྲོལ་ཆོས་སུ་བསྙད་པ་དེ་དག་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ཉིད་རྫོགས་པས་དེ་ ཡི་ཡོན་ཏན་དེ་དག་དེ་ལས་བྱུང་། །འཕགས་པའི་རིགས་ཆེན་འཆི་མེད་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། །དེ་མེད་མི་འབྱུང་དེ་ཕྱིར་དེ་ནི་རྣམ་གྲོལ་མཆོག་གི་ལམ་ཉིད་དོ། །དེ་ནས་ཀུན་དུ་རྡོ་རྗེ་སེམས་དཔའ་ཅི་འདྲར་ བསྒོམ་པར་བྱ་བར་འགྱུར། །ཕ་ཞིང་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ་འདི་མི་རྟོག་རྟོག་ལས་འདས། །བརྟག་པར་དཀའ་ཞིང་བསྟན་པར་དཀའ་ལ་བརྗོད་པའི་ཐ་སྙད་རྣམས་དང་བྲལ། །ཚིག་གིས་མི་ཕེབས་གཞན་ དང་བྱིས་པ་ཀུན་གྱི་སྤྱོད་ཡུལ་མ་ཡིན་ཡང་། །སྟོན་པ་ངེས་པའི་ལུང་དང་བླ་མ་དམ་པ་རྣམས་ཀྱི་གདམས་ངག་དེ་ཉིད་དོན་འདིར་བལྟ། །མངོན་སུམ་ལ་སོགས་རྒྱུ་ཡི་དངོས་པོ་འཇིག་ཅིང་གྲུབ་པའི་མཐའ་དཔྱོད་པ། །དེ་ཉིད་རྟོག་ པའི་རྒྱུན་འབྲངས་དཔྱོད་ཡུལ་ཚད་མར་བཞག་ནས་བློ་ཡིས་འཇིག་བྱེད་དེ། །རྟོག་མཐའ་མེད་ཕྱིར་དཔྱོད་མཐའ་མེད་དེ་སྙིང་པོ་མེད་ན་ཚད་མར་གང་། །དེ་ཕྱིར་འཇིག་རྟེན་བརྟགས་པའི་ཐ་སྙད་རྣལ་འབྱོར་ལམ་འདིར་མི་དགོས་ སོ། །དངོས་པོ་མཐའ་ཡི་རྒྱུ་ནི་ལོ་རྒྱུས་དག་ལས་ལམ་འདིར་བརྟག་པར་བྱ། །སྐྱེ་བོ་ཀུན་གྱི་སེམས་ལ་མངོན་སྣང་ཕྱི་ནང་གྲགས་པའི་ཆོས་འདི་ནི། །འཛིན་པ་དྲུག་གི་ཇི་ལྟར་མཐོང་ཞིང་བརྟགས་པ་དེ་ལྟར་མ་ཡིན་འཁྲུལ། །རང་གི་རྟོག་པས་མྱོས་ཤིང་གཟུང་བ་དེ་བཞིན་བདེན་གྱུར་ན། །དེ་ དག་དངོས་པོ་མེད་རྟོགས་དགྲ་བཅོམ་འདྲ་བར་གྲོལ་འགྱུར་བ་ཡི་རིགས། །དེ་དག་དུས་དགྲས་འཇོམས་དང་སྡུག་བསྔལ་ཉེན་ལས་དེས་འཁྲུལ་མངོན་པར་འགྱུར། །གཞན་དུ་སྐྱེ་མཆེད་སྒོ་ནས་རིག་པ་དེ་དག་ཚད་མར་གྱུར་ན་ནི། །དེ་ཉིད་ཚད་མར་གྱུར་པས་འཕགས་པའི་ལམ་དེ་སུ་ལ་དགོས་མི་འགྱུར། །ལམ་དེ་ རྣམ་གྲོལ་ལམ་དུ་བསྟན་ཅིང་དབང་པོའི་ཤེས་པས་མི་ཐར་ཏེ། །སྡུག་བསྔལ་འགའ་ཡང་མི་འཇིལ་རྣམ་རིག་ཤེས་ཏེ་ཉོན་མོངས་འབྱུང་བའི་གནས། །དེ་ཕྱིར་སྐྱེ་བོས་མཐོང་བ་དེ་དག་འཁྲུལ་པར་མངོན་ཞེས་རྒྱལ་བས་གསུངས། །དེ་ན་དེ་ལས་འདི་དག་འཁྲུལ་པའི་དབང་གིས་ཇི་ལྟར་སྣང་བར་འགྱུར་ཞེ་ ན། །ཀུན་དུ་རྟོག་ཅན་ཡན་ལག་མ་ཡིན་ཀུན་དུ་རྟོག་པས་རྩོལ་མེད་ཉམས། །བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་མ་རིག་རྐྱེན་གྱི་དབང་སོང་བས། །སེམས་དང་སེམས་ལས་བྱུང་བ་དེ་ཉིད་ལུས་གསུམ་དོན་དུ་སྣང་བ་ཡིན། །འདུ་བྱེད་སྣ་ཚོགས་དག་གིས་བག་ཆགས་བསགས་ལས་གང་གོམས་མཐུ་ བརྟས་ཚེ། །སེམས་ཉིད་ཡུལ་དང་ལུས་འདྲར་སྣང་བ་རུས་པས་གང་བ་བཞིན་དུ་སྣང་། །བག་ཆགས་བསགས་པའི་རྒྱུན་ལ་དམིགས་སྐྱེས་ཡིད་ལ་བརྟགས་པའི་བདག་མེད་པ། །འདུ་བྱེད་མཐུ་ཡིས་བསྒྲིབས་ཤིང་ཕྲ་བ་མ་མཐོང་དེ་ལས་རྣམ་རིག་སྐྱེ། །རྒྱུན་དང་བཅས་པའི་སེམས་ཀྱི་མཐུ་ནི་མ་ རྟོགས་རྟོག་པའི་རྗེས་འབྲངས་ནས། །དེ་ལས་ཟག་བཅས་རང་བཞིན་རྟོག་པས་བདག་དང་ཆོས་རྣམས་རྒྱས་པར་བྱེད། །ལྡན་པར་འབྱུང་བ་ཤིན་ཏུ་ཕྲ་བར་རྒྱུ་བ་དེ་ནི་མ་མཐོང་ལས། །བདག་ཏུ་ལྟ་ལ་སོགས་པ་མུ་སྟེགས་ལྟ་བ་སྣ་ཚོགས་སྐྱེ་ཞིང་ཐར་པ་རྟོག །སེམས་འདི་ལས་རྣམས་མཐའ་ཡས་གནས་ གྱུར་བག་ཆགས་མཐའ་མེད་ངེས་པ་མེད། །བག་ཆགས་བརྟས་ཤིང་སད་པར་བྱེད་པའི་རྐྱེན་ཡང་རྣམ་པ་སྣ་ཚོགས་ཏེ། །རྐྱེན་འགས་བག་ཆགས་འགའ་ཞིག་སྨིན་ནས་མི་ཡི་རྒྱུད་ཀྱི་ལུས་སྣང་བ། །རྐྱེན་གཞན་དག་གིས་བག་ཆགས་གཞན་སད་བྱས་ཚེ་འགྱུར་བའི་མཐུ་མཐོང་ནས། །དབང་ཕྱུག་ལ་ སོགས་བྱེད་པར་འདོད་དེ་ཉེས་པ་ལམ་དེ་མི་ཞི་གྲོལ་མི་འགྱུར། །རྣལ་འབྱོར་ལམ་སླད་ཐེ་ཚོམ་རྒྱུན་འདི་ཕྲ་བ་མ་རྟོགས་སྐྱེས། །བདག་ཏུ་བརྟགས་པས་བསྒྲིབས་ཏེ་འཕགས་པའི་རིགས་དང་རྣམ་པར་བྲལ། །ཆོས་སུ་བཏགས་པས་སྡུག་བསྔལ་སྣ་ཚོགས་འབྱུང་ཞིང་ངན་སོང་ སྲིད་པར་འགྱུར། །རྣམ་ཤེས་དེ་ཡང་འདུ་བྱེད་རྒྱུན་ལ་མཚན་མ་ཐ་དད་འཛིན་པས་ན། །ལས་ཀྱི་ཁྱད་པར་དག་གིས་བརྒྱད་དུ་སྣང་གི་རིགས་ལ་ཐ་དད་མེད། །དེ་ཕྱིར་སེམས་ཀྱི་སྐད་ཅིག་དང་པོ་དེ་ལ་ལུས་དང་ཆོས་ཀུན་གནས། །དེ་ལ་བསམ་པ་ཞེན་པའི་ཕྱིར་ན་ཕྱི་མ་ཕྱི་མ་དེ་ལ་སྣང་། །རང་སེམས་རྒྱུན་ལས་འཕགས་ པ་སྐྱེ་བོ་ཆོས་ནི་གཞན་ན་ཡོད་མ་ཡིན། །རྒྱུད་དྲུག་རིགས་ལས་དེ་ཡང་སྣ་ཚོགས་དེ་དང་རང་གི་ཏིང་འཛིན་ནོ། །སེམས་རྒྱུན་དེ་ལས་ཕྱོགས་ཀྱང་ཅུང་ཟད་མེད་པས་གཅིག་ལ་བརྟེན་མེད་དེ། །དེ་ལ་ཕྱོགས་མེད་ཕྱིར་ན་མཐའ་ཡས་ཞིང་རྣམས་བདག་གི་ལུས། །བདག་གི་ལུས་ནི་མཐའ་ཡས་ཞིང་དང་ སྐྱེ་བོའི་ལུས་སུ་རབ་སྣང་ཡང་། །སེམས་དང་བག་ཆགས་གཅིག་མིན་ཐ་དད་མ་ཡིན་བརྟག་པར་རབ་ཏུ་དཀའ། །འདི་ཀུན་རྟེན་ཅིང་འབྲེལ་འབྱུང་ཚུལ་ཏེ་སྐྱེ་དང་འགག་པར་འགྱུར་ཞེས་པ། །ཚིག་པའི་ས་བོན་བཞིན་དུ་མེད་ལས་མེད་པ་མི་འབྱུང་རྒྱུ་འབྲས་མེད། །དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུར་ རྟོག་པའི་སེམས་ཉིད་ནི། །རྒྱུ་དང་རྐྱེན་དུ་སྣང་སྟེ་དེ་གཉིས་མེད་ཕྱིར་སྐྱེ་དང་འཇིག་པ་མེད། །སྐྱེ་འཇིག་མེད་ཕྱིར་བདག་གཞན་མེད་དེ་འཆི་འཕོ་མེད་ཕྱིར་རྟག་ཆད་མེད། །དེས་ན་འཁྲུལ་འཁོར་མེད་ཅིང་མྱ་ངན་འདས་པ་མེད་པ་ཉིད་དུ་མངོན། །གནས་ཀྱི་སྐད་ཅིག་ནམ་ཡང་མི་འབྲས་དེ་ཚེ་མཉམ་ འགྱུར་དེ་མེད་མེད། །ཡང་དག་མ་ཡིན་རྟོག་པས་བསྐྱེད་ཕྱིར་བག་ཆགས་ཡོད་པ་མ་ཡིན་དང་། །སྤྱོད་ཡུལ་མེད་ཕྱིར་ཀུན་གཞི་མེད་ཅིང་རྣམ་རིག་དེ་ཡང་མེད་པ་བཞིན། །ཕྱོགས་རྣམས་མེད་ཅིང་དམིགས་དང་གནས་མེད་རྣམ་པར་རིག་པ་ཇི་ལྟར་སྐྱེ། །དེ་ཕྱིར་སེམས་འདི་ཡོད་མེད་མཐའ་ ལས་འདས་ཤིང་གཅིག་དང་དུ་མར་བྲལ། །བདེ་གཤེགས་བྱང་ཆུབ་མེད་ཕྱིར་དེ་ཡི་རྫུ་འཕྲུལ་སྒྱུ་འདྲ་འཁྲུལ་ལ་སྣང་། །དེ་བཞིན་དག་པའི་ཡེ་ཤེས་དེ་དག་ཤིན་ཏུ་དགེ་བའི་རྒྱུན་ཉིད་དང་། །ཆོས་ཀྱི་དབྱིངས་ཉིད་ལ་ནི་དེ་དག་དམིགས་ཤིང་སྐྱེ་བར་བརྟགས་པ་ཡང་། །རྡོ་རྗེའི་གནས་མེད་ཕྱིར་ན་ མཉམ་གནས་རང་བཞིན་འདྲར་འགྱུར་དང་། །ཆོས་དབྱིངས་རྡོ་རྗེ་རྩེ་མོ་དེ་དག་ཕྱོགས་ཉིད་མེད་པས་སྐད་ཅིག་མིན། །དག་པའི་དགེ་རྩ་གཟུགས་བརྙན་མེད་པས་འཇིག་རྟེན་ཡེ་ཤེས་ཡོད་མི་འགྱུར། །དེ་ཕྱིར་བྱང་ཆུབ་མ་ཆུབ་མཚན་ཉིད་མེད་པར་གཅིག་པས་བླང་དོར་མེད། །དོན་དེའི་ཚུལ་གྱིས་དོན་ དམ་རྣམ་གྲངས་སྐྱེ་འགག་མེད་དང་མཉམ་ཉིད་དང་། །གཉིས་མེད་བསམ་འདས་ཆོས་དབྱིངས་བརྗོད་དང་ཐ་སྙད་བྲལ་ལ་སོགས། །བསྟན་པ་དེ་ཀུན་ཐ་སྙད་ཡིན་ཏེ་དོན་དམ་མེད་ཅིང་ཀུན་སྒྲིབ་མེད། །དོན་དམ་ཚུལ་གྱི་ལམ་འདྲ་ཞེས་པ་དེ་ཉིད་ཀུན་སྒྲིབ་ཡིན། །ཐེ་ཚོམ་ཡོད་མེད་ཆོས་ནི་གང་ལའང་ སྤོང་ཞིང་གནས་པར་མི་བྱེད་དོ། །སྒོམ་པ་དང་ནི་ཆོས་དབྱིངས་མེད་ཕྱིར་སོམ་ཉི་མེད་ལ་དམ་པར་བལྟ་བ་ལ་ཡང་མེད། །དེ་ལྟར་དངོས་པོ་མཐའ་རྣམས་རྟག་དང་རང་བཞིན་སྒྱུ་མའང་མེད་གྱུར་ཕྱིར། །ཡོད་ལ་ལྟོས་པའི་མེད་པའང་མེད་དེ་མེད་པའང་མེད། །མཐའ་རྣམས་མེད་ཕྱིར་དབུས་མེད་ དབུས་ལའང་གནས་པར་མི་བྱེད་ལ། །གང་ལ་འཇིག་རྟེན་དབང་ཕྱུག་པདྨ་ཀུན་ཀྱང་མི་སྤོང་འདྲར་མཉམ་གནས། །ཆོས་ལ་འཁྲུལ་པར་མཐོང་བ་དེ་ཉིད་འཁྲུལ་པ་ཡིན་པར་རབ་རྟོགས་ཏེ། །དྲུག་གིས་བསྟན་པ་བདུད་ཀྱི་ལས་ཀྱང་མི་འདོར་ངན་དུ་མི་རྟོག་གོ། །ཤེས་རབ་ཐབས་ཀྱི་སྤྱོད་ལ་ མི་གནས་ཕྱིར་ན་བདུད་ཀྱི་འདྲ་བར་སྤྱོད། །རང་གི་ཤེས་པ་དམ་པར་བྱས་པ་ཀུན་ལས་རྒྱལ་ཏེ་དེ་བསྙེམས་ནས། །འདོད་ཆགས་ཞེ་སྡང་སྐྱེས་ནས་རྩོད་འབྱུང་གཏི་མུག་ཡིན་ཏེ་དོན་མི་མཐོང་། །ཇི་སྲིད་ཡིད་ཀྱི་གཡོ་བ་དེ་སྲིད་བདུད་ཀྱི་ཡུལ་ཏེ་ཕྲ་བའི་ལམ། །གཡོ་དང་མི་གཡོ་ཐ་སྙད་མི་གནས་ གནས་པ་ལ་ཡང་གནས་པར་མི་བྱེད་དོ། །སྣང་མེད་དབུ་མའི་ལམ་དེ་བྱང་ཆུབ་སེམས་ཞེས་བདེ་གཤེགས་གསུངས། །གཟུགས་དང་མཚན་མ་སྨོན་པར་འཛིན་པ་རབ་ཏུ་སྤངས་ནས་ནི། །རྣམ་ཐར་གསུམ་པོ་བསྒོམ་པའང་བདུད་ཀྱི་ལས་ཏེ་གཟུགས་ཉིད་སྟོང་པའོ། །འཁོར་བའི་ལམ་གསུམ་ སྤོང་ཞིང་མྱ་ངན་འདས་ལམ་བསྒོམ་པའང་བདུད་ཉིད་དེ། །དེ་ཉིད་རང་བཞིན་མ་ཞི་རང་བཞིན་བརྩལ་སྤངས་གར་མི་གནས། །འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་ཉིད་གཞན་ན་མེད། །ལྡང་དང་མི་ལྡང་ཆེད་དུ་མི་སྤོང་སེམས་རྟེན་མི་འཆའ་མངོན་དུ་མིན། །འཇམ་དཔལ་ མ་ཡིན་རྡུལ་ཙམ་གཡོ་བ་དེ་ཡིན་དེར་མི་གནས། །བསྒོམ་པའི་ས་མི་རྙེད་ཕྱིར་བསྒོམས་པས་རྙེད་ཕྲད་མི་འགྱུར་ཏེ། །སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། །རྣམ་བྲལ་གང་ལ་མཆོག་དང་ཐ་མ་མེད་པར་ལམ་མཆོག་འདི་བསྒོམ་མོ། །འདུ་བྱེད་མ་ སྐྱེས་ཆོས་ཀུན་འབྱུང་མེད་བཞིན་དུ་ཆོས་རྣམས་མྱ་ངན་འདས། །དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཞེས་དགྲ་བཅོམ་རབ་འབྱོར་ཡིན། །ནམ་མཁའ་མི་དམིགས་མིང་ཙམ་དགེ་དང་མི་དགེར་འབྱེད་མེད་སྐྱེ་བ་འང་མེད། །རྩོལ་བ་ཡིད་ལ་མི་བྱེད་གང་ལ་འང་སེམས་མེད་ཤེས་དང་མི་ཤེས་བྲལ། ། དྲན་དང་འབྱེད་མེད་གང་ལའང་འགའ་དང་མཚུངས་མེད་མི་གནས་མི་དམིགས་ཤིང་། །མཉམ་ནས་གཉིས་སུ་བརྟག་མེད་བརྗོད་བྲལ་བྱ་དང་མི་བྱ་མེད་དེ་སྩོགས་བྲི་མེད། །ཆེད་དུ་རྩོལ་བར་ཡིད་ལ་མི་བྱེད་ཅིས་ཀྱང་མི་འཁྲུགས་མཉམ་ཤེས་དང་། །གང་ལ་འང་ཆགས་དང་ཡུལ་གྱིས་མྱོས་སྐྲག་མེད་ དེ་མི་འབྲལ་མི་གནས་ཤིང་། །མི་འཕྲོགས་མཉམ་ཤེས་བཞི་པོ་ཕྱོགས་དང་ཕ་རོལ་ཕྱིན་རྣམས་དེར་ཤེས་ཏེ། །སེམས་ཀྱི་དབྱིངས་སུ་གོམས་པས་ལམ་འདི་གཞན་དུ་བསྒོམས་པས་འོད་གསལ་མི་འགྱུར་རོ། །བརྡ་ཅན་ཡང་དག་ལེན་པ་འང་བྱང་ཆུབ་ཆེན་པོ་ཡིན་ཞེས་སྟོན་པས་རབ་གསུངས་ ཕྱིར། །དེ་ལ་འདི་ནི་བྱང་ཆུབ་སེམས་ཉིད་བསྐྱེད་ཅིང་བསྒོམ་པའི་གནས་ཡིན་ཏེ། །ཏིང་འཛིན་གསུམ་པོ་བསྟན་པར་བྱས་ནས་རྟགས་ཀྱི་ཕྱག་རྒྱ་གསུམ་བཅིངས་ནས། །ཆོས་ཀྱི་ཕྱག་རྒྱ་ཆེན་པོར་སེམས་ཉིད་སྐྱེད་དེ་སྙིང་པོ་བརྗོད་ཅིང་བསྒོམ་པའི་གནས། །རྡོ་རྗེ་སེམས་དཔའ་བསྒོམས་པས་ ལམ་ཀུན་མ་ནོར་བསྒོམས་པ་ཡིན། །ཀུན་དུ་བཟང་པོའི་སྤྱོད་པས་མ་ཟིན་དགེ་བའི་ཆོས་ནི་གང་ཡང་རུང་། །ཀུན་དུ་བཟང་པོའི་སྤྱོད་པའང་བདུད་ཀྱི་ལས་ཏེ་ཟད་ཅིང་མཐར་ཐུག་འགྱུར། །དེ་དང་ལྡན་པའི་ལས་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་གསུངས། །དོན་འདིར་མོས་པ་དེ་ཡང་ བྱང་ཆུབ་ཆེན་པོ་ཡིན་ཞེས་རྒྱལ་བས་རབ་ཏུ་བསྔགས། །གནས་འདིར་བསྐྱེད་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་བླ་མར་བཅས་པ་ཡིས། །མཆོད་ནས་ཉན་ཐོས་བདུད་ཀྱི་སྡེ་རྣམས་ཟིལ་གྱིས་གནོན་ཞེས་སངས་རྒྱས་གསུངས། །ཐབས་ཆེན་བྱང་ཆུབ་སེམས་དཔའི་གསང་བའི་སྤྱོད་པ་འདི་ཉིད་ དོ། །འདི་མེད་རྒྱལ་བ་རྣམ་པར་སྣང་མཛད་ཐེག་པ་གསུམ་སྟོན་མི་སྲིད་དོ། །སྐད་ཅིག་ཙམ་དུ་དད་པའི་ཤུགས་བསྐྱེད་དེ་ཡང་མྱུར་དུ་འཇམ་དཔལ་གཞོན་ནུར་འགྱུར། །དཀྱིལ་འཁོར་གསང་བར་ཞུགས་ཤིང་ཐེག་ཆེན་དམ་ཚིག་མཆོག་ཀྱང་གསུངས་པ་ཡིན། །ཚུལ་ཁྲིམས་སྡོམ་པ་ཀུན་ཀྱང་ སྲུངས་ཤིང་སྦྱིན་གནས་དམ་པར་རབ་ཏུ་བསྔགས། །དེ་ཕྱིར་བྱང་ཆུབ་སེམས་ཀྱི་བསོད་ནམས་དེ་ལ་གཟུགས་ཡོད་ན། །ནམ་མཁའ་བར་སྣང་དེ་ཡང་སྣོད་དུ་ཆུགས་ཞེས་རྒྱལ་བས་མཚུངས་པར་གསུངས། །སྐྱེ་བོ་སྐྱེ་བ་སྣ་ཚོགས་དག་ལས་སྐྱེས་ཤིང་སྐྱེ་འགྱུར་སྐྱེ་བའི་རྒྱུན་གྱི་དབང་སོང་བ། ། རྟོག་མཐའ་མི་ཤེས་རྟོག་པས་བསླུས་ཤིང་རྟོག་པའི་རྒྱུན་འབྲངས་འཁྲུལ་པའི་རྟོག་ལས་ཕྱིར་ལྡོག་མེད་གྱུར་པ། །སྒྱུ་མའི་སྒྱུ་ཤེས་དག་ཅིང་སྒྱུ་མའི་གླང་པོ་འདྲ་བར་སྒྱུ་མས་རྨོངས་པའི་སྒྱུ་མ་རྣམས། །རྨི་ལམ་གྱིས་བསླད་བཞིན་དུ་རྨི་ལམ་བདེན་པ་ཉམས་ཤིང་རྨི་ལམ་དབང་དུ་སོང་བའི་རྨི་ལམ་པ། ། ལམ་འདི་སྤོང་ཞིང་མཐའ་དང་ལམ་གཞན་ལམ་དུ་བལྟས་ནས་མ་ནོར་ལམ་ཞེས་སྟོན་པ་དེ། །དེ་དག་རྡོ་ལ་གསེར་བཞིན་ཐུགས་རྗེར་རུང་ཞིང་ཐུགས་རྗེའི་ཐུགས་རྗེས་ཀྱེ་མ་འབྲོས་པ་ཡིན། །ཤིན་ཏུ་མ་སྦྱངས་དུས་ཀྱིས་མནར་བའི་སྐྱེ་བོ་ལྔ་བརྒྱ་ཐ་མ་ལ། །གསུང་རབ་དྲི་མེད་རྟོགས་དཀའ་དག་ལ་ སྒྲ་བཞིན་སྤྱོད་དང་ཚུལ་བཞིན་མིན། །རང་གི་བློ་གྲོས་སྟོབས་བཞིན་འཇུག་པ་ལ་སོགས་ལྟ་བ་སྣ་ཚོགས་དག །མི་ཤེས་ཆུ་བོས་གཡེངས་ཤིང་གསུང་གི་ཉིང་གུ་བདུད་རྩི་རྣལ་འབྱོར་བྲལ། །དེ་ཕྱིར་རྒྱལ་བས་གསུངས་པའི་ཐུགས་ཀྱི་གསང་བ་འདི། །ཀུན་དུ་རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་སྤྱོད་ཡུལ་ ཐུན་མོང་མ་ཡིན་ཡང་། །གོམས་པའི་མཐུ་ཡིས་མི་འགལ་ཚུལ་དུ་ཚད་མ་དག་ལས་རབ་བསྒྲུབས་ཏེ། །འགྲོ་བའི་དོན་དུ་མི་གཉིས་ལམ་མཆོག་འདི་ནི་རབ་བགྱིས་པས། །སྐྱེ་བའི་སྐྱེ་གནས་ཐམས་ཅད་དུ་ཡང་སྐད་ཅིག་ཏུ། །མི་མཐུན་ཕྱོགས་ཀྱིས་མི་ཉམས་རྒྱལ་བ་ཀུན་གྱི་ཐུགས་འདི་ རབ་རྒྱས་ཤོག །འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་བི་དྷི་སཱུ་ཏྲ་པིནྟྲ་ཏི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཆོ་ག་མདོ་དང་བསྲེས་ པ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཡེ་ཤེས་སྐུ་ཅན་གཙུག་གི་ནོར་བུ་མཚན། །སངས་རྒྱས་གཟུགས་ཀྱི་ཚུལ་གནས་ཀུན་ལ་ཁྱབ། །ལམ་མཆོག་དམ་པ་སྟོན་པ་སྨན་པའི་མཆོག །སྡུག་བསྔལ་བདུད་འདུལ་འཇམ་མགོན་ཕྱག་ འཚལ་ཏེ། །མཚན་བརྗོད་བདུད་མཛོད་ཤིན་ཏུ་རྟོགས་དཀའ་བ། །བདག་བློ་མུན་པས་དགྲོལ་བར་མི་ནུས་ཀྱང་། །དད་པས་ཕྱོགས་བཟུང་ཐིགས་པས་ནོར་བུ་གཅིག །ལུང་དང་མན་ངག་དག་ལ་བརྟེན་པ་བཤད། །ཐེག་པ་རྣམས་ཀྱི་གཞིར་འགྱུར་བ། །དུས་གསུམ་རྣམས་ཀྱི་ལམ་མཆོག་འདི། ། དཀྱིལ་འཁོར་ཆེན་པོའི་ཚུལ་དང་ནི། །སློབ་དཔོན་རྣམས་ཀྱི་དགོངས་པ་ཡིས། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །དཔག་བསམ་ཤིང་ཆེན་འདིར་ཕྱོགས་ཙམ། །ཡེ་ཤེས་ལུས་ཅན་འཇམ་དཔལ་གཅིག་པུར་གྲུབ། །མདོ་དང་བསྲེས་པའི་ཆོ་ག་རིམ་པ་སྟེ། དེ་ལ་དང་པོ་སྒྲུབ་པ་པོ་ རིགས་དང་ལྡན་པའི་མཚན་ཉིད་བསྟན་པའི་ཕྱིར་ཡིན། གཞན་ཡང་དམ་ཚིག་ཇི་ལྟ་བ་བཞིན་སྟོན་ཞེས་མཚན་ཉིད་དང་ལྡན་པ་དང་། །དབང་ཐོབ་པར་སྟོན་ཏོ། །གཞན་ཡང་། གསང་སྔགས་རིག་སྔགས་འཆང་བའི་རིགས། །ཞེས་པ་དང་། བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་ སྨྲས་པ་དེ་བཞིན་བྱེད། །ཅེས་པས་བསྒྲུབ་པའི་སྣོད་དུ་རུང་བར་བསྟན། ཡོན་ཏན་ལས་རི་དང་། ཆུ་ཀླུང་དང་། ནགས་ཚང་ཚིང་ན་འདུག་ཀྱང་རུང་ཞེས་པ་གནས་རིག་པ་དང་ལྡན་པའི་ཡིད་དགའ་བ་སྟོན་ཏོ། །བཟང་ངན་ཤེས་ཤིང་དུས་ཤེས་ལ། །ཞེས་པས། བསྒྲུབ་དུས་གཟའ་དང་རྒྱུ་སྐར་ དང་། ཉི་མ་ཤིས་པ་ལ་བྱ་བའི་རིམ་པ་བསྟན་ཏོ། །དཔལ་ལྡན་འབྱོར་པ་ཕུན་སུམ་ཚོགས། །ཞེས་པས་བསྒྲུབ་པའི་རྫས་སུ་དོན་དམ་རབ་ཏུ་གནས་པར་བྱ་བ་དང་། མཎྜལ་གསུམ་དང་། མེ་ཏོག་དང་། དྲིའི་བྱུག་པ་དང་། མཆོད་བྱའི་ཁྱད་པར་མང་པོ་དང་། བློ་བརྟན་དང་། ཡོ་བྱད་དང་། ཚོགས་པར་བྱ་བའི་རིམ་པ་བསྟན་ཏོ། །ཡོན་ཏན་ལས་མ་རུངས་པ་འདུལ་བའི་རྒྱལ་པོ་ཞེས་པ་དང་། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །ཞེས་པས་མཚམས་ཀྱི་རིམ་པ། ཧཱུཾ་མཚན་མ་ལས་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་མདོག་ནག་པ་ཞལ་གཅིག་ཕྱག་གཉིས་པ། ཐོད་དབྱུག་དང་ སྡིགས་མཛུབ་བྱེད་པ། སྦྲུལ་དང་ཐོད་པས་བརྒྱན་པ་བསྐྱེད་ལ། ཡ་མཱནྟ་ཀ་ཧཱུཾ་ཞེས་པ་དང་། མིག་ཏུ་མ་དང་ཊ་བཀོད་དེ། འོད་ཟེར་གྱི་རྡོ་རྗེ་ར་བ་དང་། དྲ་བར་བྱ་བར་བསྟན་ཏོ། །སྙིང་རྗེ་ཆེན་པོའི་བློ་ཡི་མཆོག །ཅེས་པ་དང་། ཕན་འདོགས་སེམས་ཅན་མཉེས་གཤིན་པ། །ཞེས་པས། སེམས་ ཅན་གྱི་དོན་དུ་བདག་གིས་འཇམ་དཔལ་ཐོབ་པར་བྱའོ་ཞེས་སེམས་བསྐྱེད་པར་སྟོན་ཏོ། །གཉིས་མེད་གཉིས་སུ་མེད་པར་སྟོན། །ཞེས་པ་དང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་པས་ཐོག་མ་མེད་པའི་བྱང་ཆུབ་ཀྱི་སེམས་ཐབས་དང་ཤེས་རབ་ཀྱི་བརྡར་གྱུར་པའི་སྙིང་གར་ཡེ་ཤེས་སེམས་ དཔའ་བསམ་པར་བྱ་བ་སྟོན་ཏོ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཅེས་པ་དང་། མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རིམ་གྲོར་བྱ་བའི་འོས། །བཀུར་འོས་རྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་བདག །ཅེས་པ་འདིས་སྟོན་ཏོ། །བདག་གི་སྙིང་གར་ཨ་ དང་ཧཱུཾ་བསམས་ཏེ། དེ་ལས་འོད་འཕྲོས་པས་བླ་མ་དང་། དཀོན་མཆོག་གསུམ་དང་། རྗེ་བཙུན་འཇམ་དཔལ་དང་། དཀྱིལ་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ནས། བདག་གིས་བལྟས་ཏེ། ལུས་ཀྱི་བཀོད་པ་ཡན་ལག་གསུམ་བསྐོར་བ་བྱས་ཏེ་ཕྱག་བྱས་ལ་བསྟོད་དོ། །བུམ་པ་བཟང་པོ་ ཆེ་བའི་མཆོག །ཅེས་པ་དང་། དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །ཞེས་པས་མཆོད་པའི་ཁྱད་པར་ནམ་མཁའ་ལྟར་མཉམ་པར་བསྒྲུབས་ལ། སྙིང་གའི་ལྷ་མོས་དབུལ་ལོ་ཞེས་སྟོན་ཏོ། །སྦྱིན་བདག་ཆེན་པོའི་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་ འཆང་བ་སྟོན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །ཞེས་པ་འདིས་བསྟན་ཏེ། སྔགས་དང་ཕྱག་རྒྱ་དང་ལྡན་པས། །བདག་གི་སྙིང་ག་ནས་ལྷ་མོ་བཞི་སྤྲོས་ཏེ། གནས་པ་རྣམ་པ་གསུམ་དུ་མཆོད་པར་བྱའོ། །དེ་བས་ན། དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་ མོ་ཆེན་པོ་སྟེ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །ཞེས་པས་བསྟན་ཏོ། །བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །ཞེས་བྱ་བ་ནས། སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །ཞེས་བྱ་བ་དང་། བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །ཞེས་བྱ་བས། ཕྱིའི་ལྷ་མོ་བཞི་སྟེ་སྙིང་ག་ནས་ གོང་གི་ཚུལ་དུ་སྔགས་དང་ཕྱག་རྒྱ་དང་བཅས་པས་གནས་སུ་དབུལ་ལོ། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་པ་ནས། དགའ་བ་ཆེན་པོ་མགུ་བ་ཆེ། །ཞེས་པའི་བར་གྱིས། གསང་བ་བཞི་མཆོག་ཏུ་གསང་བ་བཞིས་བསྟན་ཏོ། །ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་ པ་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ཀྱི་གླུ་བླངས་པས། །རྡོ་རྗེ་ལས་ཀུན་བྱེད་པའོ། །ཞེས་བྱ་བ་འདིའི་རྐང་པ་དང་། གསང་བའི་མཆོད་པའི་དུས་སུ། སྒེག་མོ་ལ་སོགས་པ་དང་། རིམ་བཞིན་དུ་རྐང་པ་བཞི་དང་གླུ་བླང་བར་བྱའོ། །གཞན་ཡང་མཆོག་ཏུ་གསང་བའི་མཆོད་པ་ དང་། ཆགས་པ་ལ་སོགས་པས་དབུལ་ལོ། །རྒྱས་པས་མ་ཕྱེའོ་ཞེས་བསྟན་ཏོ། །དེ་ནས་འདུད་ཉི་ཤུས་བསྟོད་དེ། ཡང་ན་ནི་ཐམས་ཅད་ཀྱང་བསྟོད་པར་ཤེས་པར་བྱའོ། །དེ་ནས་སྡོམ་པ་བཟུང་བའི་མཐར་ཡང་དེ་ཉིད་ཀྱིས་ཤེས་པར་བྱའོ། །བྱམས་པ་དང་སྙིང་རྗེ་ནི་ཤིན་ཏུ་གསལ་བར་སྟོན་པས། ཚད་མེད་པ་བཞི་བསྒོམ་ཞེས་སོ། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །ཆོས་དབྱིངས་དམ་པ་ཟད་མིན་བདག །ཅེས་པས་དེའི་དོན་བསྒོམ་པ་ནི། །རང་བཞིན་དག་པའི་སྔགས་བརྗོད་དོ། །ཕྱི་དང་ནང་གི་དངོས་པོ་སྟོང་ པར་བསྒོམ་ཞེས་སྟོན་ཏོ། །སྟོང་ཉིད་དམ་པ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་སྤངས་པ་སྟེ། །ཞེས་པས་པདྨའི་སྟེང་ན་དངོས་གཞི་ལས་ལངས་ཏེ། དང་པོ་དམ་ཚིག་སེམས་དཔའ་བསྒོམ་པ་དང་། ཆོས་ཀྱི་འབྱུང་གནས། དེའི་ཐ་མ་འོད་ཟེར་ལྔས་བསྐོར་བའི་ནང་དུ། པདྨ་ ཟླ་བའི་སྟེང་དུ་མུཾ་དམར་སྐྱའོ། །དེ་བཞིན་གཤེགས་པའི་ཕྲེང་བར་འགྱུར་བ་ལས། སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །སེན་མོའི་འོད་ནི་ཤིན་ཏུ་དམར། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་མཆོག་ མཐོན་ཀ་ཆེན་པོ་ཅན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །རྒྱན་ཀུན་གྱིས་ནི་རྣམ་པར་བརྒྱན། །སྡུ་གུ་འཇིག་རྟེན་གསུམ་ན་མཛེས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །དཔལ་ལྡན་སྒེག་དང་སྒེག་པར་ལྡན། །སུམ་ཅུ་རྩ་གཉིས་མཚན་ འཆང་བ། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས། རྗེ་བཙུན་གྱི་སྐུ་སྤྲུལ་པའི་ཆ་ལུགས་བསྟན་པ་ཡིན་ནོ། །ཕྱག་རྒྱ་བཞི་ཡི་དོན་བསྟན་པ། །ཞེས་བྱ་བས་ཡུལ་བཞིའི་ཕྱག་རྒྱ་སྐུ་འཕྲོ་འདུ་དང་བཅས་པས་བྱིན་གྱིས་བརླབ་པར་བསྟན་ཏོ། །ཕྱོགས་ བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་དང་ལྷ་མོ་རྣམས་ཐུགས་ཀར་སྤྲོས་ཞེས་པའོ། །དེ་ནས་མདུན་དུ་པདྨ་དང་ཟླ་བ་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། དབང་བསྐུར་བ་དང་། མཆོད་པ་དང་། བསྟོད་པ་གོང་བཞིན་ དུ་བྱས་ཏེ། ཡེ་ཤེས་སེམས་དཔའ་བལྟས་ལ་དགུག་ཅིང་རང་གི་ལུས་ལ་བསྒོམས་ཞེས་པས་གཉིས་སུ་མེད་པར་བྱས་ཏེ། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །སངས་རྒྱས་ལྔ་བདག་ཅོད་པན་ཅན། །ཞེས་པས་སྙིང་གའི་འོད་ཀྱིས་བསྐུལ་ཏེ། བུམ་པའི་ཆུས་དབང་བསྐུར་བས་རིགས་ལྔའི་ དབུ་རྒྱན་དང་ལྡན་ཞེས་བསྟན་ཏོ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ཞེས་པས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅས་ལ། སྔགས་དང་བཅས་པས། དཀྱིལ་འཁོར་གྱི་ཚུལ་དུ་སངས་རྒྱས་ཐམས་ཅད་སྤྲུལ་ལ་ཞེས་སྟོན་ཏེ། དེའི་དོན་ནི་འོག་ནས་འཆད་དོ། །བདག་རིག་གཞན་རིག་ ཐམས་ཅད་པ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་པ་ཐམས་ཅད་སེམས་ཀྱི་སྤྲུལ་པར་ཤེས་པར་བྱའོ། །དེ་ལྟར་རྫོགས་པ་དང་། གསང་སྔགས་ཟློས་པ་དང་། མཚན་ཀློག་པར་བྱས་ཏེ། དེ་ལྟར་ཡོན་ཏན་བརྗོད་པ་ལས་ཀྱང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གསང་ སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་གང་ལ་ལ། བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་ཐམས་ཅད། སྐུ་གཉིས་སུ་མེད་པའི་དོན་དམ་པའི་མིང་ཡང་དག་པར་བརྗོད་པའི་མིང་ནི། གཙུག་གི་ནོར་བུ་འདི་ཐམས་ཅད་ཡོངས་སུ་རྫོགས་པ་དང་། མ་ཉམས་ཤིང་ལྷག་ཆད་མེད་པར་ཚིགས་སུ་བཅད་ པའི་ཚིག་དང་། ཡིག་འབྲུ་འདི་དག་ཉིད་ཀྱི། ཉིན་གཅིག་བཞིན་དུས་གསུམ་དུ་འཆང་བའམ། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་དམ་ཚིག་ཇི་ལྟ་བ་བཞིན་དུ་སྟོན་པ་དང་། མིང་གི་དོན་གང་ཡང་རུང་བ་རེ་རེ་ནས་ཀྱང་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་ ལ་དམིགས་ཏེ་ཞེས་བྱ་བ་དང་། སེམས་རྩེ་གཅིག་ཏུ་བསྒོམ་པ་དེ་ལ་ནི་ཞེས་བྱ་བ་ལ་སོགས་པ་དང་། གཞན་ཡང་ཡོན་ཏན་ལས། ཉིན་རེ་བཞིན་དུ་དུས་གསུམ་དུ་མཉམ་པར་ཡི་དམ་དུ་ལན་གསུམ་དུ་འདོན་ཏམ། གླེགས་བམ་དུ་བྱས་པ་ལ་ཀློག་ཅིང་བརྗོད་ལ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་གཟུགས་ལ་དམིགས་ཤིང་། གཟུགས་དང་གཉིས་སུ་མཐུན་པར་བསམ་གཏན་དུ་བྱེད་པ་ནི། འདུལ་བའི་དབང་གི་ཕྱིར་རིང་པོར་མི་ཐོགས་པར་དེ་ཉིད་དུ་སྤྲུལ་པའི་གཟུགས་ཀྱི་ལུས་མཐོང་བར་འགྱུར་རོ་ཞེས་བྱ་བའི་དོན་འདི་ཡིན་ ཏེ། མཚན་ཉིད་ཀྱི་ཆོ་ག་རྫོགས་ཤིང་། དམིགས་པ་ལ་ཡུན་རིང་དུ་གནས་པ་དེས། རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅས་ལ། མཉྫུ་ཤྲཱི་ཧཱཾ་ཨོཾ་ཝཱ་གཱི་ཤྭ་རི་མུཾ། མཎྜལ་ཙཀྲ་ཧཱུཾ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་འཕགས་པ་འཇམ་དཔལ་གྱི་རྣམ་པར་སྤྲུལ་ལ། ཕྱག་སྔོན་དུ་འགྲོ་བས་ མཆོད་པ་ལ་སོགས་པས་བདག་གི་ལུས་དེ་དང་མཉམ་པར་སྤྲུལ་ཏེ། མཚན་གྱི་དོན་རེ་རེ་ནས་བསྟོད་ན། ཡོན་ཏན་གྱི་རྣམ་པ་འདི་ལྟར་སྨོས་པས་བདག་གཞན་དཔག་ཏུ་མེད་པར་འབྱུང་བར་འགྱུར་རོ། །མདོར་ན་ཐམས་ཅད་མཁྱེན་པ་ཉིད་རིང་པོར་མི་ཐོགས་པར་དམ་པས་བསྔགས་ པ་ཐོབ་པར་འགྱུར་རོ། །དམ་པར་རྒྱུད་པའི་བླ་མ་བདུད་རྩི་འཐུང་། །འགྲོ་བ་སྡུག་བསྔལ་ནད་ཀྱིས་ཟིན་གྱུར་ལ། །དུས་གསུམ་སངས་རྒྱས་རྣམས་ཀྱི་བསྟོད་ཚིག་འདི། །སྨན་པའི་རྒྱལ་པོ་བཞིན་དུ་བདག་གིས་བཤད། །འཕྲོད་པའི་སྨན་བཞིན་ཀུན་ལ་ཕན་འགྱུར་ནས། །མི་ རྟོག་ཡེ་ཤེས་འཆི་མེད་ཐོབ་པར་ཤོག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མདོའི་དོན་མདོར་བསྡུས་པའི་ཆོ་ག །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། །སྒྱུ་འཕྲུལ་དྲ་བའི་རྒྱུད་ལེའུ་ཁྲི་དྲུག་སྟོང་པ་ལས། རྡོ་རྗེ་གླུར་བླངས་པའི་ལེའུའི་སྒྲུབ་ ཐབས་མདོ་དང་བསྲེས་པ་རྫོགས་སོ།། ༄༅། །གསང་ལྡན་གྱི་དཀའ་འགྲེལ་དོན་བསྡུས་སྒྲོན་མ་བཞུགས། ༄༅༅། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་དང་ནི་ཤེས་རབ་གཉིས། །སངས་རྒྱས་ཀུན་ལྟར་གཉིས་མེད་པ། །དམ་པ་ ལམ་སྟོན་ལྟ་བུ་ཡི། །སྐུ་ཡི་རྣམ་པར་འཆར་མཛད་པ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སློབ་མས་ལེགས་པར་རྟོགས་ཕྱིར་དང་། །བདག་ཉིད་ཀྱིས་ཀྱང་དྲན་བྱའི་ཕྱིར། །གསང་ལྡན་དཀའ་འགྲེལ་འདིར་བརྩམ་བྱ། །དེ་ནས་དཀྱུས་ཉིད་ལ་འཇུག་པར་བྱ་སྟེ། གང་འདི་ལ་སོགས་ པའི་ཚིག་རྐང་པ་བཞིས་མཆོད་པར་བརྗོད་པ་སྟོན་ཏེ། འཕགས་པ་འཇམ་དཔལ་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་དུ་བཞུགས་པ་ཡིན་ལ། དེ་ལ་སློབ་དཔོན་ཉིད་ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བ་བསྟན་པའོ། །ཟབ་ཅིང་ལ་སོགས་པ་རྐང་པ་ བཞིས་བཤད་པར་དམ་བཅའ་བ་སྟོན་ཏེ། འཕགས་པ་འཇམ་དཔལ་གྱི་ཟབ་ཅིང་རྒྱ་ཆེ་བའི་མཚན། རྣལ་འབྱོར་སྤྱིའི་རྒྱུད་ལ་བརྟེན་ནས། གཞན་དང་བདག་གི་དོན་དུ་འགྱུར་བའི་ཕྱིར་བཤད་པའོ། །ཐིག་ལེ་བཅུ་དྲུག་མི་ཤིག་པ་དབུས་ལ་སོགས་པ་རྐང་པ་བཅུ་དྲུག་གིས་གང་ལ་ཞུས་པ་ དང་། གང་གིས་ཞུས་པ་དང་། གང་གི་དོན་དུ་ཞུས་པ་སྟོན་པ་ལས། གང་ལ་ཞུས་ན་སྐུ་གསུམ་ལ་ཞུས་པ་སྟོན་ཏེ། ཐིག་ལེ་ལ་སོགས་པ་རྐང་པ་བདུན་གྱིས་ཆོས་སྐུ་བསྟན། གསང་སྔགས་ལ་སོགས་པ་རྐང་པ་གཉིས་ཀྱིས་ལོངས་སྐུ་བསྟན་ལ། སངས་རྒྱས་ལ་སོགས་པ་རྐང་པ་གཉིས་ཀྱིས་སྤྲུལ་ སྐུ་བསྟན་ནས། བྱང་ཆུབ་ལ་སོགས་པ་རྐང་པ་བཞིས་གང་གིས་ཞུས་པ་སྟོན་ཅིང་། བློ་ཞན་དོན་ཕྱིར་རིམ་པ་གསུངས། །ཞེས་པ་རྐང་པ་གཅིག་གིས་གང་གི་དོན་དུ་ཞུས་པ་བསྟན་པའོ། །དེ་ལྟར་གླད་ཀྱི་དོན་བསྟན་ནས་གཞུང་ལ་འཇུག་པར་བྱ་སྟེ། གང་གིས་གང་དུ་ཐབས་ཇི་ལྟར་བྱ་བ་དང་ གསུམ་དུ་གནས་པ་ལས། དེ་ལ། དང་པོར་རྡོ་རྗེ་འཆང་ཆེན་པོར། །སློབ་དཔོན་ཆ་ལུགས་གནས་བྱས་ཏེ། །ཞེས་པ་རྐང་པ་གཉིས་ཀྱིས་གང་ཟག་གང་གིས་བྱ་བ་སྟོན་ཏེ། སློབ་དཔོན་རིག་པའི་གནས་ལྔ་ལ་སྦྱངས་པ། དེ་ཉིད་བཅུ་ཤེས་ཤིང་འཇིགས་པ་མེད་པས། ཆ་རྐྱེན་ལྔ་དང་ལྡན་པར་བྱ་ སྟེ། ཕྱི་ནང་གི་ཁྲུས་དང་། ཕྱི་ནང་གི་བསྲུང་བ་དང་། ཕྱི་ནང་གི་གོས་བགོ་བ་དང་། ཕྱི་ནང་གི་བྱུག་པ་དང་། གནས་དང་སྟན་སྔགས་ཆུས་བསངས་ལ་འདུག་པའོ། །བསམ་གཏན་དང་ནི་རྗེས་མཐུན་པར། །ལ་སོགས་པའི་རྐང་པ་དྲུག་གིས་གནས་དང་བསྙེན་པ་སྟོན་པ་ལ། གནས་ནི་རྐང་པ་ ལྔས་སྟོན་ཏེ། ཟླས་ཕྱེ་བ་གཉིས་ཏེ། བསྙེན་པ་དང་བསྒྲུབ་པའི་གནས་སོ། །སོགས་པའི་སྒྲས་ནི་བསྒྲུབ་པའི་གནས་བསྡུའོ། །དེར་ཆག་ཆག་སྐྱང་ནུལ་བྱ་ཞིང་མེ་ཏོག་གིས་ཉམས་དགའ་བར་བྱའོ། །གྲོགས་བཟང་བཙལ་ལ་བསྙེན་པ་བརྩམ། །ཞེས་པ་རྐང་པ་ གཅིག་གིས་བསྙེན་པ་བྱ་བར་དམ་བཅའ་བ་བསྟན་པའོ། །བདག་དང་ས་གཞི་ཡོངས་བསྲུང་ཞིང་། །ལ་སོགས་པ་རྐང་པ་བཞིས་ཚོགས་སོགས་པའི་བར་ཆད་བསྲུང་བ་བསྟན་ཏེ། རྡོ་རྗེ་འཆང་ཧཱུཾ་མཛད་དུ་བསྒྱུར་ལ། གཡས་དང་གཡོན་གསེར་གྱི་རྡོ་རྗེ་དང་དྲིལ་བུ་བསྣམས་པ་ཁྲོ་ཞིང་རྔམ་པའི་ ཐུགས་ཀར་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སྔོན་པོ་བསམས་ལ་དེ་ལས་འོད་བྱུང་བས་རྡོ་རྗེའི་ས་གཞི་དང་ར་བ་དང་གུར་དང་བླ་རེ་དང་དྲ་བར་གྱུར་པར་བསམ་མོ། །རྒྱས་པ་ལ་དགའ་བ་རྣམས་ཀྱིས་ནི། སྒྱུ་འཕྲུལ་དྲ་བའི་རྗེས་སུ་འབྲང་བའམ། རྡོ་རྗེ་རྩེ་མོ་དག་གི་རྗེས་སུ་འབྲང་བ་ལས་ ཤེས་པར་བྱའོ། །འདིར་ནི་བླ་མའི་མན་ངག་བསྡུས་པའོ། །དེ་ནས་ཤིན་ཏུ་བརྩེར་ལྡན་པས། །སྦྱིན་སྲེག་གིས་ནི་མཉེས་པར་བྱ། །ཞེས་པ་རྐང་པ་གཉིས་ཀྱིས་ཚོགས་སོགས་པའི་ཡོ་བྱད་སྤྲུལ་པ་སྟོན་ཏེ། དེ་ལ་སྤྱིར་སྦྱང་ཞིང་བསྲེག་པ་དང་། སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་ བརླབ་པའོ། །སྤྱིར་སྦྱང་ཞིང་བསྲེག་པ་ནི་རྡོ་རྗེ་གནོད་སྦྱིན་ནམ། རྡོ་རྗེ་རྩེ་མོ་ཡོངས་སུ་བཟླས་པའི་སྤོས་ཆུས་བསང་གཏོར་བྱ་བ་ནི་སྤྱིར་སྦྱང་བའོ། །རྡོ་རྗེ་མེའི་སྔགས་དང་ཕྱག་རྒྱས་མི་གཙང་བ་ལ་སོགས་པ་བསྲེགས་པ་ནི་བསྲེག་པའོ། །སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་པ་ ནི། ཏིལ་དང་། ནས་དང་། ཀུ་ཤ་དང་། འབྲས་ཡོས་དང་། དྲི་བཟང་པོ་དང་། མེ་ཏོག་དཀར་པོ་དང་ལྡན་པའི་མཆོད་ཡོན་ལ་སྔོན་དུ་རྡོ་རྗེའི་གར་བྱས་ལ་རྡོ་རྗེའི་ཐལ་མོ་ཁ་ཕྱེ་བའི་མཆོད་ཡོན་གྱི་ཕྱག་རྒྱ་བཅས་ལ། ཨོཾ་ཨ་ར་པ་ཙ་ན་ཡ་ཏེ་ན་མ་འམ། ཨོཾ་བཛྲ་སཏྭ་ཧཱུཾ། ལན་གསུམ་མམ་བདུན་ ནམ་ཉི་ཤུ་རྩ་གཅིག་གིས་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་མེ་ཏོག་དང་སྤོས་དང་མར་མེ་དང་དྲི་དང་བྱུག་པ་དང་ལྷ་བཤོས་དང་གཏོར་མ་ལ་སོགས་པ་རྣམས་མིའི་ལས་འདས་ནས་ལྷའི་མཆོད་རྫས་ཁྱད་པར་ཅན་དུ་བསམ་མོ། །དེ་བཞིན་དུ་སྦྱིན་སྲེག་ལ་ཡང་བཟའ་བ་ཟས་ཀྱི་མཆོད་པ་ཞེས་བྱ་སྟེ། གཞུང་བཞིན་དུ་བཤམ་ཞིང་བྱིན་གྱིས་བརླབ་བོ། །སྔོན་དུ་བསྙེན་པ་རབ་འབད་དེ། །ཞེས་བྱ་བ་ལ་སོགས་པ་རྐང་པ་བཅོ་ལྔས་རྟེན་གྱི་ཞིང་སྤྲུལ་པར་སྟོན་ཏེ། དེ་ཡང་སྔོན་དུ་བསྙེན་པ་ཞེས་པ་རྐང་པ་བཞིས་རྟེན་གྱི་ཞིང་ནམ་མཁའ་ལ་སྤྲུལ་པར་དམ་བཅའ་བར་སྟོན་ལ། ལག་པའི་འདུ་བྱེད་ཅེས་པ་ རྐང་པ་བཅུ་གཅིག་གིས་རྣལ་འབྱོར་པ་བདག་ཉིད་ཀྱི་ལུས་ངག་ཡིད་ཀྱི་སྦྱོར་བས་ཞིང་སྤྱན་དྲངས་པ་སྟོན་ཏེ། དེ་ཡང་བདག་གི་གཡས་དང་གཡོན་གྱི་སོར་མོ་ལ་ཨོཾ་ཨཱཿཧཱུཾ་ཏྲཱཾ་ཧྲཱིཿལྔ་བཀོད་ལ། དེ་ནས་མཛུབ་མོ་གཉིས་མཐེ་ཆུང་གཉིས་སོ་སོར་མདུད་ལ་དེ་བཀན་ལ། ཨོཾ་བཛྲ་ཙཀྲ་ཧཱུཾ་ཞེས་བརྗོད་ཅིང་ བྱོན་པར་བསམ་མོ། །གང་བྱོན་ཞེ་ན་རིགས་ལྔའམ་གཅིག་གམ་དྲུག་གམ་རིགས་གསུམ་མདུན་གྱི་ནམ་མཁའ་ལ་བྱོན་པའོ། །གང་གིས་བྱོན་ཞེ་ན་ལུས་ངག་ཡིད་ཀྱི་སྦྱོར་བས་སོ། །དེ་ལྟར་མཁའ་ལ་ཞེས་པ་རྐང་པ་གཉིས་ཀྱིས་བདག་དང་ཞིང་དུ་འབྲེལ་པར་བྱ་བ་སྟོན་ཏེ། མདུན་གྱི་དཀྱིལ་འཁོར་ གྱི་ལྷ་དེ་རྣམས་ཡང་བེམས་པོ་ལྟ་བུ་མ་ཡིན་ཏེ། རིག་པ་ཅན་སྤྱན་རྩ་རིག་རིག་པ་སྙན་ཆ་ཁྲོལ་ཁྲོལ་བར་བསམ་པའོ། །དགའ་བའི་མཆོད་པ་གླུ་ཡིས་བསྟོད། །ཅེས་པ་ཚིགས་བཅད་སུམ་ཅུ་རྩ་ལྔས་ཆོ་ག་དག་པ་ཡན་ལག་བཅུའི་སྒོ་ནས་བསོད་ནམས་ཀྱི་ཚོགས་བསག་པར་བྱ་བ་སྟོན་ཏེ། དེ་ཡང་དགའ་བས་མཆོད་ཅེས་པ་རྐང་པ་ལྔས་ཕྱག་འཚལ་བ་དང་། མཆོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བདག་དབུལ་བ་དང་། དངོས་གྲུབ་ བླང་བ་དང་། དགེ་བའི་རྩ་བ་བསྔོ་བ་དང་དགུ་སྟེ། དེ་ཡང་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲང་བ་དང་སྒྱུ་འཕྲུལ་དྲ་བའི་རྗེས་སུ་འབྲང་པ་ལས་ཤེས་པར་བྱ་སྟེ། ཚིགས་བཅད་སྔགས་དང་ཕྱག་རྒྱས་མེ་ཏོག་ལ་སོགས་པ་རྣམ་པ་ལྔ་ཕུལ་ལ། ཨོཾ་བཛྲ་ལཱ་སྱེ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་གཱི་ཏི་ཧྲཱིཿ། ཨོཾ་བཛྲ་ནིརྟཱི་ཨཱཿ། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧཾ། བཛྲ་རཏྣ་མ་ནུཏྟཱ་རཾ། བཛྲ་དྷརྨཱ་ཀ་ཡ་ནེ། བཛྲ་ཀརྨ་ཀ་རོདྦྷ་བེ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཏྲཱཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ། ཨོཾ་བཛྲ་གནྡྷེ་ཨཱཿ། སྒེག་མོ་ལ་སོགས་པ་མཆོད་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ ཨཱཏྨ་ནཱཾ་ནིརྱཱ་ཏ་ན་པཱུ་ཛ་སྥ་ར་ཎ་ཀརྨ་བཛྲི་ཨ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ནཾ་ནིརྱཱ་ཏ་ན་པཱུ་ཛ་སྥ་ར་ཎ་ཀརྨ་ཨཱ་གི་ར་ཛ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ནཾ་ནིརྱཱ་ཏ་ན་ཨ་ནུ་རཱ་ག་ཎ་པཱུ་ཛ་སྥ་ར་ཎ་ཀརྨ་བཱ་ནེ་ཧཱུཾ་ཧོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ནཾ་ནིརྱཱ་ཏ་ན་སཱ་དྷུ་ཀ་ར་པཱུ་ཛ་སྥ་ར་ཎ་ཀརྨ་ཏུཥྚི་ཨ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ ཏ་ཀཱ་ཡ་ཨ་བྷི་ཥེ་ཀ་རཏྣེ་བྷྱོ་བཛྲ་མ་ནི་ཨོཾ། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་སཱུརྱེ་བྷྱོ་བཛྲ་ཏེ་ཛ་ནི་ཛ་ལ་ཧྲཱིཿ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཤ་པ་རི་པཱུ་ར་ཎ་ཙིནྟ་མ་ཎི་དྷྭ་ཛཱ་གྲེ་བྷྱོ་བཛྲ་དྷྭ་ཛཱ་གྲི་ཏྲཱཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པྲ་ཏི་པྲ་མོརྱ་ཀ་རེ་བྷྱོ་བཛྲ་ཧཱ་སྱ་ཧ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་ར་ཏ་བཛྲ་དྷརྨཱ་ཏ་ས་མ་ཏི། བྷིསྟུ་ནོ་མི་མ་ཧཱ་དྷརྨ་གྲཱི་དྷི། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཛྙཱ་པཱ་ར་མི་ཏ་ནི་ར་ཧ་རཻ་སྟུ་ནོ་མི་མ་ཧཱ་གྷོ་ཥཱ་ནུ་གྷེ་དྷཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་ཨཀྵ་ར་པ་རི་བར་ཏ་དྷི་སརྦ་སཱུ་ཏྲནྟ་ན་ཡེ་སྟུ་ནོ་མི་སརྦ་མཎྜ་ལེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་སནྡྷ་བྷ་ཥ་བུདྡྷ་སཾ་གྷི་ཧི། བྷི་ཡཾ་སྟུ་ནོ་མི་བཛྲ་བཛྲེ་བཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པ་མེ་གྷ་སྥ་ར་ཎ་པཱུ་ཛ་ཀརྨ་ཀ་ར་ཀ་ར། ཨོཾ་སརྦ་ཏ་ཐཱ་ག་ ཏ་པུཥྤ་པྲ་ས་སྥ་ར་ཎ་པཱུ་ཛ་ཀརྨེ་ཀི་རི་ཀི་རི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་ཛྭ་ལ་སྥ་ར་ཎ་པཱུ་ཛ་ཀརྨ་བ་ར་བ་ར། ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷ་ས་མུ་དྲ་སྥ་ར་ཎ་པཱུ་ཛ་ཀརྨེ་ཀུ་རུ་ཀུ་རུ། ཞེས་བྱ་བ་སེམས་དཔའ་བཅུ་དྲུག་དང་འདྲ་བའི་རིག་མ་ལས་ཀྱི་ཕྱག་རྒྱ་དང་ལྡན་པ་རྣམས་ཀྱིས་མཆོད་པར་བྱའོ། །དེའི་ཕྱག་རྒྱ་ ནི་འདི་རྣམས་ཏེ། རྡོ་རྗེ་བསྡམས་པ་དཀུར་གཞག་སྟེ་བཅིངས་ལ། གཉིས་སུ་བྱས་པའི་ཁུ་ཚུར་གཉིས། །བསྒྱིངས་བཅས་གསོར་ལ་གཉིས་ཀ་ཡིས། །ལྕགས་ཀྱུ་འཛིན་ལྟར་གནས་པ་དང་། །མདའ་འཕངས་པ་ཡི་ཚུལ་དང་ནི། །ལེགས་སོ་ཞེས་པ་སྙིང་གར་གཞག །དབང་བསྐུར་ བ་ནི་རྡོ་རྗེ་གཉིས། །སྙིང་གར་ཉི་མ་བསྟན་པར་བྱ། །གཡོན་པ་ལ་ནི་གྲུ་མོ་གཟུགས། །དེ་བཞིན་ཁ་ཕྱོགས་བསྐོར་བར་བྱ། །གཡས་པ་ཡིས་ནི་གཡོན་པར་དབྱེ། །སྙིང་གར་གཡོན་པ་རལ་གྲི་མདུད། །མགལ་མེའི་འཁོར་ལོ་བསྐོར་བ་དང་། །རྡོ་རྗེ་གཉིས་ཀ་ཁ་ནས་དབྱུང་། །རྡོ་རྗེ་གར་ བསྐོར་བཀྲོལ་བ་ཡི། །ཐལ་མོ་འགྲམ་པ་སྤྱི་བོར་གཞག །གོ་ཆ་མཐེ་ཆུང་མཆེ་བ་དང་། །ཁུ་ཚུར་གཉིས་ནི་མནན་པའོ། །དེ་ནས་ཕྱོགས་ཐམས་ཅད་ནས་དཀྱིལ་འཁོར་ལ་ཡན་ལག་ལྔས་ཕྱག་བཙལ་བར་བསམ་ཞིང་འདིས་ཕྱག་བྱ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་ བནྡྷ་ནཾ་ཀཱ་རོ་མི། དེ་ནས་ཕྱག་བཞི་བྱ་སྟེ། འདི་ལྟར་ཤར་ཕྱོགས་ནས་རྡོ་རྗེ་ཐལ་མོ་བརྐྱང་བ་ལུས་ཐམས་ཅད་ཕབ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་བསྠ་ནཱ་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭཱ་དྷི་ཏིཥྛ་སྭཱ་མཱཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་ལྷོ་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས་ རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ། དཔྲལ་བ་ས་ལ་རེག་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ། ཞེས་པ་འདིས་ཕྱག་བྱའོ། །དེ་ནས་ནུབ་ཕྱོགས་ནས་ཇི་སྐད་བཤད་པ་བཞིན་རྡོ་རྗེ་ཐལ་མོ་སྤྱི་བོར་གཞག་སྟེ་ཁ་ས་ལ་རེག་པ་དང་། ཨོཾ་ སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ། ཨཱཏྨ་ནཾ་ནིརྱཱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨཱ་པྲ་བརྟ་ཡ་མཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་བྱང་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྤྱི་བོ་ནས་ཕབ་སྟེ། སྙིང་གར་སྦྱར་ལ་སྤྱི་བོ་ས་ལ་རེག་པར་བྱས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ། ཨཱཏྨ་ནཾ་ ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། ཞེས་བྱ་བ་འདིས་ཕྱག་བྱ་བའོ། །དེ་ནས་མེ་ཏོག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་མེ་ཏོག་གི་བྱེ་བྲག་ ཡིད་ལས་བྱུང་བའམ། ཆུ་ལས་སྐྱེས་པའམ། ཐང་ལས་སྐྱེས་པ་གང་དག་ཡོད་པ་དེ་དག་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་ པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བདུག་པའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་བདུག་པའི་བྱེ་བྲག་ལྷན་ཅིག་སྐྱེས་པའམ། ཡང་དག་པར་སྦྱར་བའམ། ཡོངས་སུ་གྱུར་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་ པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཧཱུཾ། མར་མེའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་སྣང་བའི་བྱེ་བྲག་ཡིད་ ལས་བྱུང་བའམ། རིན་པོ་ཆེའི་འོད་དམ། མར་མེའི་སྣང་བ་ལ་སོགས་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་ བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དྲིའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་དྲིའི་བྱེ་བྲག་ལྷན་ཅིག་སྐྱེས་པའམ། ཡང་དག་པར་སྦྱར་བའམ། ཡོངས་སུ་གྱུར་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷ་པཱུ་ཛ་ མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་བཞད་པའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་བགད་པ་དང་། སྒེག་པ་དང་། དགའ་བ་དང་། རྩེ་ འཇོའི་བདེ་བའི་བྱེ་བྲག་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧཱ་སྱ་ལ་སྱ་ར་ཏི་ཀྲི་ཊ་སཽ་ཁྱ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བཞད་པའི་ཕྱག་རྒྱ་དེ་ཉིད་ཐལ་མོ་བསྐོར་བ་སྤྱི་བོར་གཞག་ལ། ཡང་ཐལ་མོ་ཁོང་སྟོང་དུ་ སྦྱར་བ་བཅིངས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། དཔག་བསམ་གྱི་ཤིང་ངམ། གོས་ཀྱི་ཤིང་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་ གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་ སརྦ་ཏ་ཐཱ་ག་ཏཱ་ནུཏྟ་ར་བོ་དྷི་ཨ་ལཾ་ཀ་ར་བསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྒེག་མོའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཡོ་བྱད་ཐམས་ཅད་ཀྱིས་ཡང་དག་པར་འབྱོར་ཅིང་ཕུན་སུམ་ཚོགས་པ་ཐམས་ཅད་འདོད་པ་ཙམ་ལ་རག་མ་ལུས་པར་གྱུར་ཅིག །ཨོཾ་སརྦ་ ཏ་ཐཱ་ག་ཏ་མ་ཧཱ་བཛྲོདྦྷ་ཝ་དཱ་ན་པཱ་ར་མི་ཏ་པཱུ་ཛ་མེ་གྷ་སུ་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་ཕྲེང་བ་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་མི་དགེ་བའི་ལུས་དང་། ངག་དང་། ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་དང་ཡང་དག་པར་བྲལ་བར་གྱུར་ཅིག །དགེ་བའི་ ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་དང་ཡང་དག་པར་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུཏྟ་ར་མ་ཧཱ་བོདྷི་ཧ་ར་ཤཱི་ལ་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་གླུ་མཁན་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་མཚན་ དང་དཔེ་བྱད་ཐམས་ཅད་ཀྱིས་ལུས་ལ་ཡང་དག་པར་བརྒྱན་པར་བྱས་པ་དང་། རྟག་ཏུ་ཕན་ཚུན་འཇིགས་པ་མེད་པ་དང་། ཞེ་འགྲས་པ་མེད་པར་བཞུགས་ཤིང་མིག་དང་ཡིད་མངོན་པར་དགའ་བ་དང་། ཆོས་ཟབ་མོ་ལ་བཟོད་པ་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ ནུཏྟ་ར་མ་ཧཱ་དྷརྨ་ཨ་བ་བོ་དྷི་ཀྵཱནྟི་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་གར་མཁན་མའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མངོན་པར་བརྩོན་པ་དང་ལྡན་པ་དང་། སངས་རྒྱས་ཉིད་དུ་ཡོངས་སུ་གཞོལ་ཞིང་ འཁོར་བ་ཡོངས་སུ་སྤོང་བའི་བརྩོན་འགྲུས་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་སནྟ་ས་ར་ཨ་པ་རེ་ཏྱ་ཀཱ་ནུཏྟ་ར་མ་ཧཱ་བཱིརྱ་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཐལ་མོ་ཁོང་སྟོང་དུ་སྦྱར་བ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། རིན་པོ་ཆེའི་རི་བོ་འམ། རྒྱ་མཚོ་རིན་པོ་ཆེའི་ཚོགས་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷྱཾ་ག་རཏྣ་ཨ་ལཾ་ཀ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་གདུགས་དང་རྒྱལ་ མཚན་དང་། བ་དན་སྣ་ཚོགས་པས་རྣམ་པར་བཀྲམ་པ། བརྒྱ་སྟོང་ལ་སོགས་པའི་གྲངས་སྙེད་དམ། འབྱོར་པ་ཅི་ཡོད་པ་ལྟར་དབུལ་བར་བྱ་བ་དང་། རོ་བརྒྱ་པའི་ལྷའི་ཞལ་ཟས་དང་། སྭ་སྟི་ཀ་ལ་སོགས་པའི་བཟའ་བ་རྣམ་པ་སྣ་ཚོགས་འབུམ་མམ། བརྒྱ་སྟོང་སྙེད་དབུལ་བར་བྱ་སྟེ། ཨོཾ་ཨ་ཀཱ་ རོ་མ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱཏ། ཞེས་བརྗོད་པ་དབུལ་བར་བྱའོ། །རོལ་མོ་བཅུ་ཕྲག་སྟོང་ངམ། རོལ་མོ་བརྒྱ་ཕྲག་སྟོང་ངམ། རོལ་མོ་བཅུ། ཨོཾ་ཧཱུཾ་ཧྲཱིཿམངོན་པར་བཟླས་ལ་དབུལ་བར་བྱའོ། །རྣམ་པ་བཅུ་ནི་འདི་ལྟ་སྟེ། གླིང་བུ་དང་། པི་ཝང་དང་། རྫ་རྔ་དང་། རྫ་རྔ་ཆུང་ངུ་དང་། ཆ་ལང་དང་། རྔ་བོ་ཆེ་དང་། མྲྀ་དང་ག་དང་། རྔ་རིངས་དང་། རྔ་རྐེད་ཉག་དང་། ཏ་མི་ལ་ཞེས་བྱའོ། །ཤིན་ཏུ་བརྟགས་པའི་རྟ་དང་། གླང་པོ་ཆེ་དང་། བ་ལང་གི་ཁྱུ་རྣམས་ཀྱང་། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་བྱ་བས་མངོན་པར་བཟླས་ལ་དབུལ་བར་བགྱིའོ། །ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དང་། སྟོང་པ་ཉིད་ དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ལྷག་པར་མོས་པ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བརྗོད་པར་བྱའོ། །དེ་ནས་པུས་མོའི་ལྷ་ང་གཉིས་ས་ལ་བཙུགས་ཏེ། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ནས། སྡིག་པ་ཐམས་ཅད་བཤགས་པར་བྱ་སྟེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་རྡོ་རྗེ་འདི་ཞེས་བྱ་བ་ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷ་ཐམས་ ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་བླ་ན་མེད་པས་སོ་སོར་བཤགས་པས་སོ་སོར་བཤགས་པར་བགྱིའོ། །ཕྱོགས་བཅུ་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་ཚོགས་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྒྱ་ཆེར་རྗེས་སུ་ཡི་རང་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ ཕྱིར་བསྐུལ་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་གསོལ་བར་འཚལ་ལོ། །དེ་ནས་བདག་ཉིད་དབུལ་བར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ ཉིད་དབུལ་གྱིས། བདག་དུས་ཐམས་ཅད་དང་། རྣམ་པ་ཐམས་ཅད་དུ་སོ་སོར་བཞེས་སུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས་དམ་ཚིག་ཆེན་པོའི་དངོས་གྲུབ་བདག་ལ་སྩལ་དུ་གསོལ། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། ། འཇིག་རྟེན་དུ་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་དགྲོལ། །ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལ། དེ་ནས་བསྟོད་པ་ནི་འཁྲུགས་བསྡེབ་པར་བྱ་སྟེ། ཚིགས་ བཅད་གླུ་ཡིས་བསྟོད་པར་བྱ། །བྱང་ཆུབ་སེམས་ནི་རང་འབྱུང་བའི། །ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་སུམ་ཅུ་རྩ་གཉིས་དང་རྐང་པ་གཅིག་གིས་བསྟོད་པ་སྟོན་པ་ནི། ཚིགས་བཅད་གླུ་ཡིས་བསྟོད་པར་བྱ། །བྱང་ཆུབ་སེམས་ནི་རང་འབྱུང་བའི། །འདི་ལྟར་སངས་རྒྱས་བཅོམ་ལྡན་ འདས། །དོན་ཆེན་ཡི་གེ་དམ་པ་ཡིན། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མགོན་པོས་བཅུའི་དབང་ཕྱུག་སྟེ། །རྡོ་རྗེ་ཆགས་པ་ཁྱོད་ལ་འདུད། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །གདོང་དྲུག་མིག་དྲུག་ལག་དྲུག་པོ། ། མཆེ་གཙིགས་གདོང་བརྒྱ་ཀུན་འདུལ་བ། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཡང་དག་བདག་མེད་དེ་བཞིན་ཉིད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །མེད་པ་ལས་བྱུང་ཁྱོད་ལ་འདུད། །འདོད་པའི་དོན་གྲུབ་ངན་སོང་སྦྱོང་། །མགོན་པོ་ཉོན་མོངས་དྲ་བ་ འཇོམས། །ས་གཞི་ཚངས་གནས་རྐང་པས་གནོན། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་རྟོགས་བྱ་བ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །ཨ་ནི་ཡིག་འབྲུ་ཀུན་ གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། །སེམས་མ་རྡོ་རྗེ་མཆོག་ཁྱོད་འདུད། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །ཨ་ནི་འབྱུང་བ་འགོག་པ་སྟེ། །ཚིག་ཏུ་བརྗོད་པ་རྣམ་སྤངས་པ། །རིན་ཆེན་འབྱུང་བ་ཁྱོད་ལ་འདུད། །སོ་སོར་ཀུན་རྟོག་ངོ་བོ་ཉིད། །ཨ་ནི་བརྗོད་པའི་རྒྱུ་ཡིན་ཏེ། །བརྗོད་ པ་ཀུན་གྱི་རྒྱུ་ཡི་མཆོག །ཆོས་ཀྱི་རྡོ་རྗེ་འཛུམ་ཁྱོད་འདུད། །བྱ་བ་ནན་ཏན་ངོ་བོ་ཉིད། །ཨ་ནི་ཚིག་འབྲུ་གསལ་བར་བྱེད། །ཚིག་ཀུན་གསལ་བར་བྱེད་པ་ཡི། །རྡོ་རྗེ་དྲ་བ་ཁྱོད་ལ་འདུད། །སྟོང་པ་རང་བཞིན་འདོད་ཆགས་ཆེ། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །ཕྱི་ཉིད་མ་གྲུབ་ བདེ་བ་ཆེ། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །གཉི་ག་མེད་པར་དགའ་བ་ཆེ། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སྟོང་པའི་དོན་ལྡན་མགུ་བ་ཆེ། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །ཁ་དོག་ ཆེ་ལ་གཟི་བརྗིད་ལྡན། །མེད་པ་ལས་བྱུང་ཁྱོད་ལ་འདུད། །མིང་ཆེ་མཚན་བཟངས་རྒྱ་ཆེ་བ། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །བཞད་ཅིང་དཀྱིལ་འཁོར་ཡངས་ཁྱབ་པ། །སངས་རྒྱས་བཞད་པ་ཁྱོད་ལ་འདུད། །ཆོས་ཀྱི་ཤེས་རབ་མཚན་འཆང་བ། །སངས་རྒྱས་གསུང་ པ་ཁྱོད་ལ་འདུད། །ཉོན་མོངས་དྲ་བ་གཅོད་པའི་མཆོག །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །གྲགས་པ་རྡོ་རྗེ་རྒྱུ་ཡི་བདག །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །སྣང་བ་ཆེན་པོ་གསལ་བ་ཆེ། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །མཁས་ཤིང་འཕྲུལ་འཆང་རྡོ་རྗེ་ལས། །སྒྱུ་འཕྲུལ་ དྲ་བ་ཁྱོད་ལ་འདུད། །སྒྱུ་འཕྲུལ་ཆེན་པོ་གོ་ཆ་སྲ། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །སྒྱུ་འཕྲུལ་བདག་ཉིད་གནོད་སྦྱིན་གཙོ། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །སྒྱུ་འཕྲུལ་ཁུ་ཚུར་བརྟན་ཞིང་སྡུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །རྡོ་རྗེ་སྒེག་ མོ་ཁྱོད་ལ་འདུད། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །རྡོ་རྗེ་དཔལ་ཕྲེང་ཁྱོད་ལ་འདུད། །བཟོད་ཆེན་འཆང་བ་སྟོན་པ་པོ། །རྡོ་རྗེ་དབྱངས་མཁན་ཁྱོད་ལ་འདུད། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡི། །རྡོ་རྗེ་གར་མཁན་ཁྱོད་ལ་འདུད། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །རྡོ་རྗེ་ མེ་ཏོག་ཁྱོད་ལ་འདུད། །ཤེས་རབ་ཆེན་པོ་ལུས་འཆང་བ། །རྡོ་རྗེ་བདུག་པ་ཁྱོད་ལ་འདུད། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །རྡོ་རྗེ་མར་མེ་གསལ་ལ་འདུད། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །རྡོ་རྗེ་དག་བྱེད་ཁྱོད་ལ་འདུད། །རྡོ་རྗེ་ལྕགས་ཀྱུ་འདྲེན་པ་ཆེ། །རྡོ་རྗེ་འགུགས་བྱེད་ཁྱོད་ལ་འདུད། ། རྡོ་རྗེ་ཞགས་པ་རྣམ་པར་རྒྱལ། །རྡོ་རྗེ་འདྲེན་བྱེད་ཁྱོད་ལ་འདུད། །རྡོ་རྗེ་ལྕགས་སྒྲོག་འཛིན་པ་ཆེ། །རྡོ་རྗེ་སྡོམ་བྱེད་ཁྱོད་ལ་འདུད། །རྡོ་རྗེ་འབེབས་པ་རྣམ་རྒྱལ་ཞབས། །རྡོ་རྗེ་འབེབས་པ་ཁྱོད་ལ་འདུད། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །ཡེ་ཤེས་ཆ་གྲུབ་སེམས་དཔའི་ཚོགས། །སྟོང་པ་ཉིད་ཀྱི་སྒོར་གནས་པ། །བག་ལ་ཉལ་ལ་བྱམས་སེམས་ཅན། །ཤེས་རབ་སྙིང་རྗེར་ལྡན་ལ་འདུད། །རྫུ་འཕྲུལ་ཆེན་པོའི་སྟོབས་དང་ལྡན། །ཤུགས་ ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྟོབས་ཆེན་རྫུ་འཕྲུལ་བཞིར་ལྡན་པའི། །གོམ་ཤུགས་ཡེ་ཤེས་བཞིར་ལྡན་པ། །རྫུ་འཕྲུལ་ལྡན་ཞིང་སྟོབས་ཀྱིས་གནོན། །ཚོགས་གཉིས་རྫོགས་པ་ཁྱོད་ལ་འདུད། །སྲིད་པའི་རི་བོ་ ཆེན་པོ་འཇོམས། །མཁྲིགས་ཤིང་རྡོ་རྗེ་ཆེན་པོ་འཛིན། །དྲག་པོ་ཆེན་པོ་མུན་པ་འཇོམས། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །ཕུང་པོ་ལྔ་དག་ལྷ་ཆེན་འདུལ། །མི་ཤེས་རི་འཇོམས་སྲ་བ་པོ། །མྱ་ངན་ཀུན་སེལ་དྲག་པོ་སྟེ། །ཆེ་བས་ཆེ་བ་ཁྱོད་ལ་འདུད། །མགོན་པོ་རིགས་མཆོག་ ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །འཁོར་བ་མྱ་ངན་སྐྱོབ་པའི་མཆོག །ཐེག་པའི་ཚུལ་མཆོག་ལམ་གནས་པའི། །ཕྱག་རྒྱའི་མཆོག་ཏུ་གྲུབ་བྱེད་པའི། །ཕ་རོལ་ས་བཅུ་གཙོ་ལ་འདུད། ། འདུད་ཉི་ཤུ་དང་སྤྱི་བསྟོད་ཀྱིས་ཀྱང་བསྟོད། དེ་ལྟར་བསྟོད་པ་བྱེད་པ་དེ། །འཁོར་ལོ་འདུད་པའི་གཙོ་མཆོག་འགྲུབ། །ཅེས་པ་རྐང་པ་གཉིས་ཀྱིས་བསྟོད་པ་བྱས་པའི་ཕན་ཡོན་སྟོན་ཏེ། དེ་ལྟར་བསྟོད་པས་རིགས་ཐམས་ཅད་ཀྱི་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དང་མཆོག་གི་དངོས་ གྲུབ་འགྲུབ་པར་འགྱུར་རོ། །དགྱེས་ནས་བདག་ལ་ལྷ་རྣམས་ཀྱིས། །སྙན་པའི་ཚིག་གིས་བསྟོད་པར་བསམ། །ཞེས་བྱ་བ་རྐང་པ་གཉིས་ཀྱིས་ལྷ་རྣམས་ཀྱིས་བདག་ལ་བསྟོད་པར་སྟོན་ཏེ། ལྷ་རྣམས་ཐམས་ཅད་ཀྱི་ཞལ་ནས་རིགས་ཀྱི་བུ་བདག་གཞན་གྱི་དོན་དུ་ལྷ་རྣམས་ལ་བསྟོད་པ་ ལེགས་སོ་ལེགས་སོ་ཞེས་གསུངས་པར་བསམ་མོ། །དྲིན་གྱི་ཚུལ་གྱིས་སླར་བསྟོད་པ། །ཞེས་པ་རྐང་པ་གཅིག་གིས་སླར་ཡང་ལྷ་རྣམས་ལ་བདག་གིས་དྲིན་ལ་ལན་གྱི་ཚུལ་གྱིས་བསྟོད་པ་ཐམས་ཅད་དམ། འདུད་ཉི་ཤུས་བསྟོད་པའོ། །དེ་དག་ནི་མཆོག་གི་རྒྱལ་པོ་སྦྱོར་བ་ དང་པོའི་འཁོར་ལོའི་ཏིང་ངེ་འཛིན་ཏོ་ཞེས་པ་རྐང་པ་གཅིག་གིས་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བསྟན་པའོ། །དེ་ནས་རིམ་པ་འདི་ལྡན་པས། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ཉི་ཤུ་རྩ་བརྒྱད་རྐང་པ་གསུམ་གྱིས་ཡོངས་སུ་དག་པའི་ཏིང་ངེ་འཛིན་སྟོན་ཏེ། ཕྱག་བྱ་ཞིང་སྨོན་པ་བྱང་ ཆུབ་མཆོག་གི་སེམས་བསྐྱེད་སྡོམ་པ་གཟུང་བ་དང་། འཇུག་པ་བྱང་ཆུབ་མཆོག་གི་སེམས་བསྐྱེད་པ། ཡེ་ཤེས་ལྔ་བསྒོམ་པ་སྟོན་ཏེ། གོ་སླ་བའི་ཕྱིར་འདིར་མ་སྤྲོས་སོ། །དེ་ནས་དེ་ལ་མངོན་འབྱུང་གཟུགས། །ཞེས་པ་ནས། དེ་དག་ནི་གཞིའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བའི་བར་གྱིས་གཞིའི་ཏིང་ ངེ་འཛིན་སྟོན་ཏེ། རྡོ་རྗེ་དང་མཆོད་རྟེན་དང་ཆོས་འབྱུང་དང་རྒྱ་གྲམ་དང་། གཞལ་ཡས་ཁང་དང་གདན་རྣམས་བསྐྱེད་པ་སྟོན་པའོ། །དེ་ཡང་། དེ་ནས་ཡི་གེ་རྫོགས་པ་ལས། །ཞེས་བྱ་བས་ཆོས་འབྱུང་ནང་དུ་ཡི་གེ་ཨ་ཁ་དོག་སྣ་ཚོགས་པའམ་ཁ་དོག་དཀར་པོས་སྣ་ཚོགས་རྡོ་རྗེ་བསྒོམ་པར་འབྲེལ་ཏོ། ། དེ་ཡང་སློབ་དཔོན་ལ་ལ་དག་རྒྱ་གྲམ་ཁོང་སྟོང་དུ་འདོད་ལ། འདིར་ས་གཞིའི་ཚུལ་དུ་བརྟག་པར་བྱའོ། །དེ་ནས་རྐྱེན་གྱིས་སློང་བ་ནི། །ཞེས་པ་ནས་དང་པོའི་སངས་རྒྱས་བསྒོམ་པའི་ཏིང་ངེ་འཛིན་ཏོ་ཞེས་པའི་བར་གྱིས་གཞིའི་སངས་རྒྱས་དང་། དང་པོའི་སངས་རྒྱས་བསྐྱེད་པ་བསྟན་པའོ། །དེ་ཡང་། དང་པོའི་སངས་རྒྱས་ཞལ་ལྔ་པ། །ཞེས་པ་ནི། ཤར་ལ་སོགས་པའི་ཞལ་བཞི་ནི་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་རྣམས་སོ། །སྟེང་གི་ཞལ་ནི་ལྷ་ཞལ་དཀར་པོ་འམ། རྟ་ཞལ་དཀར་པོ་ལ་རྔོག་མ་སྔོན་པོ་ཅན་ནོ། །དང་པོའི་སངས་རྒྱས་ཐུགས་ཀ་རུ། །ཞེས་པ་ནས་དེ་དག་ ནི་རིགས་ཀྱི་དབང་གིས་འཁོར་ལོའི་རིམ་པ་བསྟན་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ཤེས་རབ་ཀྱི་འཁོར་ལོའི་རིམ་པ་རྣམས་སྟོན་ཏེ། རིགས་ཀྱི་དབང་གིས་འཁོར་ལོ་བདུན་འགྱུར་དུ་ཤེས་པར་བྱའོ། །ད་ནི་དཀྱིལ་འཁོར་གྱི་ལྷའི་ངོ་བོ་ཉིད་གསང་སྔགས་ཀྱི་སྒོ་ནས་དེ་དག་གི་རིམ་པ་བསྐྱེད་པར་བྱ་སྟེ་ ཞེས་པ་ནས། དེ་དག་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ་ཞེས་པའི་བར་གྱིས་ལྷ་བསྒོམ་ཞིང་དབྱུང་བ་དང་། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་བསྟན་པ་སྟེ། དཀྱུས་མ་ཉིད་གསལ་བའི་ཕྱིར་འདིར་མ་བཀྲོལ་ལོ། །འོན་ཀྱང་སྔགས་དོན་རྣམ་པར་གཟིགས་པ་ ལས་དཀྱིལ་འཁོར་དྲུག་ཏུ་གསུངས་པ་དང་། གསང་ལྡན་འདི་ཉིད་ལས་སྔོན་དུ་ཤེས་རབ་ཀྱི་འཁོར་ལོ་བདུན་འགྱུར་དུ་གསུངས་པས། དཀྱིལ་འཁོར་གྱི་ལྷག་མ་གཞན་ཡང་བཤད་པར་བྱ་སྟེ། མཚན་བརྗོད་པའི་གསུང་རབ་ཀྱི་མཚན་བརྗོད་པས། དཀྱིལ་འཁོར་བ་རྣམས་རྫོགས་པར་བསྐྱེད་ པའམ། ཡང་ན་རྡོ་རྗེ་འཁོར་ལོའི་སྔགས་དང་ཕྱག་རྒྱས་ཅིག་ཅར་དུ་སྤྲུལ་པའོ། །དེ་ཡང་ཐབས་ཐུན་མོང་བའི་དཀྱིལ་འཁོར་གཉིས་དང་། ཐབས་ཁྱད་པར་གྱི་དཀྱིལ་འཁོར་ལྔ་དང་བདུན་དུ་ཤེས་པར་བྱའོ། །གསང་ལྡན་འདིའི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཆེན་པོའི་ཁོངས་སུ་བསྡུའོ། ། ཁྱད་པར་གྱི་ནི་གཞལ་ཡས་ཁང་སྒོ་གཉིས་པའོ། །དེ་ནས་ལས་ཀྱི་ཁྱད་པར་ཡང་། །བསྐྱེད་པའི་ཞར་ལས་བྱུང་བ་སྟེ། །སྒྲ་ལས་འཕེལ་ཏེ་རྒྱས་བཤད་པས། །འདི་རུ་བདག་གིས་མ་བཤད་དོ། །ལས་ཀྱི་ཁྱད་པར་གྱི་ཏིང་ངེ་འཛིན་ཏོ་ཞེས་པས། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་བསྟན་ པ་སྟེ། དེ་ནས་ལས་ཀྱི་ཁྱད་པར་ཡང་། །བསྐྱེད་པའི་ཞར་ལས་འབྱུང་བ་སྟེ། །ཞེས་བྱ་བས། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་བསྒོམ་པར་དམ་བཅས་པའོ། །སྒྲ་ལས་འཕེལ་ཏེ་རྒྱས་བཤད་པས། །འདི་རུ་བདག་གིས་མ་བཤད་དོ། །ཞེས་བྱ་བ་ལས་ རྒྱལ་མཆོག་གི་ཏིང་ངེ་འཛིན་གྱི་རིམ་པ་བླ་མས་ཤེས་པར་བྱ་བའི་དོན་ཏོ། །བླ་མའི་མན་ངག་ནི་བཅུའི་སྒོ་ནས་ཤེས་པར་བྱ་སྟེ། སྒོ་བཞིའི་དབྱེ་བ་དང་། རང་བཞིན་གྱིས་སངས་རྒྱས་བསྡུ་བ་དང་། མདུན་གྱི་ནམ་མཁའ་ལ་ཡེ་ཤེས་སེམས་དཔའ་བྱོན་ཏེ། དམ་ཚིག་གི་དཀྱིལ་འཁོར་ལ་ཕྱག་ བཙལ་བ་དང་། ཆེད་དུ་བརྗོད་པ་དང་། སྤྱིའི་གཙོ་བོ་བྱིན་གྱིས་བརླབས་པ་དང་། སྒོས་བཀུར་གྱི་གཙོ་བོ་བྱིན་གྱིས་བརླབ་པ་དང་། དབང་ནོད་པ་དང་། ཡེ་ཤེས་བསྟིམ་པ་དང་། ཕྱག་རྒྱས་གདབ་པ་དང་། ལྷ་ལས་སྦྱར་བའི་རིམ་པར་ཤེས་པར་བྱའོ། །དེ་ལ་དེ་ཡང་ལས་མཁན་རང་བྱེད་ལ། སྒོ་ བཞི་དབྱེ་བ་ནི། དང་པོ་སངས་རྒྱས་ཀྱི་ང་རྒྱལ་གྱིས་སྡིགས་མཛུབ་ཀྱི་སེ་གོལ་གཏོགས་ཤིང་། ཕྲེང་སྔགས་བརྗོད་པས། སྒོ་བཞི་དབྱེ་བར་བསམ་མོ། །ཡང་ན་བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་འདུག་པར་བསམས་ཏེ། ཁྲོ་བོ་ཧཱུཾ་མཛད་དུ་བསྒོམས་ལ་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ། མཛུབ་མོ་གཉིས་ལྟོ་སྤྲད་ལ་དྲག་ཏུ་བརྡབས་པ་ནི་སྒོ་དབྱེ་བའི་ཕྱག་རྒྱའོ། །ཨོཾ་བཛྲོདྒྷ་ཊ་ས་མ་ཡ་པྲ་བེེ་ཤ་ཡ་ཧཱུཾ། ཞེས་བརྗོད་པས་དཀྱིལ་འཁོར་གྱི་སྒོ་བཞི་དབྱེ་བར་བསམ་མོ། །དེ་ནི་སྒོ་དབྱེ་བའོ། །དེ་ནས་རང་བཞིན་གྱི་དཀྱིལ་འཁོར་བསྡུ་བ་ནི། སྒྲུབ་པ་པོའི་སྙིང་གར་ཨ་ལས་སྣ་ཚོགས་རྡོ་རྗེ་ བསམས་ཏེ། མཐེ་བོ་དང་མཛུབ་མོ་ལ་ཟླ་བའི་སྟེང་དུ་ཛཿབསམས་ལ། ལག་ངར་གཉིས་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་བསྣོལ་ཏེ། དཔུང་པ་གཉིས་སུ་སེ་གོལ་གཏོགས་ཤིང་། རྡོ་རྗེ་བསྡུ་བའི་སྙིང་པོ། །ཨོཾ་བཛྲ་ས་མཱ་ཛཿཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་ཅིང་། མཐེབ་མཛུབ་ཀྱི་ཛཿལས་ཡེ་ཤེས་ཀྱི་འོད་ཟེར་ལྕགས་ ཀྱུ་ལྟ་བུར་འཕྲོས་ཏེ། རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་ཚིག་པ་དང་འདྲ་བ་བྱོན་པར་བསམ་མོ། །དེ་ཡང་གཞུང་ལས། རྡོ་རྗེ་སེམས་དཔའི་སྦྱོར་བས་བདག །ལག་ངར་གཉིས་ནི་རྡོ་རྗེར་བཅིང་། །རྡོ་རྗེ་སེ་གོལ་བརྡབས་པ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་ བྱ། །ཞེས་འབྱུང་བས་སོ། །བྱོན་ཏེ་ཕྱག་འཚལ་བ་བསྟན་པ་ནི། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས་དམ་ཚིག་གི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། དམ་ཚིག་གི་དཀྱིལ་འཁོར་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ། པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མཱི། ཞེས་བརྗོད་ཅིང་ དམ་ཚིག་གི་དཀྱིལ་འཁོར་ལ་ཕྱག་བཙལ་བར་བསམ་མོ། །དེ་ནས་ཆེད་དུ་བརྗོད་པ་ནི། །ཨེ་མའོ་ཀུན་དུ་བཟང་པོ་ཡི། །བྱང་ཆུབ་སེམས་དཔའི་སྤྱོད་པའི་མཆོག །དེ་བཞིན་གཤེགས་པའི་འཁོར་ལོ་ཡི། །དབུས་ན་དེ་བཞིན་གཤེགས་པ་མཛེས། །ཞེས་ཆེད་དུ་བརྗོད་པར་བསམ་མོ། ། དེ་ནས་སྤྱིའི་གཙོ་བོ་བྱིན་གྱིས་བརླབ་པ་ནི། རང་བཞིན་གྱི་དཀྱིལ་འཁོར་ནས་སྤྱན་དྲངས་པའི་ལྷ་ལྔ་བཅུ་རྩ་གསུམ་པོ་ཐམས་ཅད། དམ་ཚིག་གི་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀར་ཞུགས་ནས། སྤྱིའི་གཙོ་བོ་རྡོ་རྗེ་འཆང་ཆེན་པོ་ལྷ་ཐམས་ཅད་ཀྱི་རང་བཞིན་དུ་བྱིན་གྱིས་ བརླབ་པར་བསམ། དེ་ནས་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ལྷ་ཚོགས་འཐོན་ཏེ་ནམ་མཁའ་ལ་གནས་སོ། །དེ་ནས་སྒོས་བཀུར་བའི་གཙོ་བོ་བྱིན་གྱིས་བརླབ་པ་ནི། ཨེ་མ་སངས་རྒྱས་ཐམས་ཅད་ནི། །རྒྱ་ཆེན་གདོད་ནས་སྐྱེ་བ་མིན། །རྡུལ་ཕྲན་ཇི་སྙེད་ ཐམས་ཅད་ཀྱི། །སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར། །ཞེས་བརྗོད་ནས། ཤར་ཕྱོགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ལྷ་ཚོགས་ནི་མི་བསྐྱོད་པའི་ཐུགས་ཀར་ཞུགས་ཏེ། མི་བསྐྱོད་པས་བྱིན་གྱིས་བརླབས་ནས། མི་བསྐྱོད་པའི་ཐུགས་ཀ་ནས་སླར་འཐོན་ཏེ། རང་རང་གི་དམ་ཚིག་གི་ལྷ་བྱིན་གྱིས་ བརླབ་པར་བསམ་མོ། །དེ་བཞིན་དུ་ལྷོ་ཕྱོགས་དང་ནུབ་ཕྱོགས་དང་བྱང་ཕྱོགས་ཀྱང་ཤེས་པར་བྱའོ། །དེ་ནས་དབང་ནོད་པ་ནི་གཉིས་སུ་ཤེས་པར་བྱ་སྟེ། དམ་ཚིག་གི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས་དབང་བསྐུར་བར་བསམ་པ་དང་། དཀྱིལ་འཁོར་གྱི་ལྷ་ལ་སྒྲུབ་པ་པོས་དབང་ནོད་ པའོ། །དམ་ཚིག་ལ་ཡེ་ཤེས་ཀྱིས་དབང་བསྐུར་བར་བསམ་པ་ནི། རིགས་ལྔ་ལ་རིན་པོ་ཆེའི་ཅོད་པན་དང་དར་དཔྱངས་ཀྱིས་དབང་བསྐུར་བར་བསམ་མོ། །དེ་ནས་རིགས་ཀྱི་སེམས་དཔའ་བཅུ་དྲུག་མཆོད་པ་བརྒྱད་ཡུམ་བཞི་སྒོ་བ་དང་སུམ་ཅུ་རྩ་གཉིས་ལ་སངས་རྒྱས་ལྔའི་ཅོད་པན་དང་དར་དཔྱངས་ཀྱིས་ དབང་བསྐུར་བར་བསམ། བསྐལ་པ་བཟང་པོའི་སེམས་དཔའ་རྣམས་ལ་རིན་པོ་ཆེའི་ཅོད་པན་དང་དར་དཔྱངས་ཀྱིས་དབང་བསྐུར་བར་བསམ་མོ། །དེ་ནས་སྒྲུབ་པ་པོས་དབང་ནོད་པ་ནི། ལུགས་གཉིས་ཏེ། ཡེ་ཤེས་པ་རྣམས་དམ་ཚིག་པ་རྣམས་ཀྱི་ཐུགས་ཀ་ནས་སླར་འཐོན་ཏེ། གདན་རེ་རེ་ལ་སྣང་བ་ གཉིས་ཀྱི་ཚུལ་དུ་བཞུགས་པ་ལ། སྒྲུབ་པ་པོའི་རིག་པའི་དབང་ལྔའམ་དྲུག་ནོས་ནས། ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་དེ་སླར་ཐིམ་པར་བསམས་པའམ། ཡང་ན་དམ་ཚིག་གི་དཀྱིལ་འཁོར་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་ཆུ་དང་འོ་མ་ལྟར་གཅིག་ཏུ་འདྲེས་ནས་བཞུགས་པ་ལ། སྒྲུབ་པ་པོས་དབང་ ནོས་པར་བསམ་མོ། །ཡེ་ཤེས་པ་སླར་འཐོན་ཏེ་ནམ་མཁའ་ལ་བཞུགས་པར་བསམ་མོ། །དེ་ཡང་དབང་གིས་དབང་རྟགས་ནི། སྒྲུབ་པ་པོ་དེ་བཞིན་གཤེགས་པའི་ཟློས་པ་པོ་ཡིན་ན་རིན་པོ་ཆེའི་ཅོད་པན་དང་དར་དཔྱངས་ཀྱིས་དབང་བསྐུར་བར་བསམ། སེམས་དཔའི་ཟློས་པ་པོ་ཡིན་ན། དེ་བཞིན་གཤེགས་པ་ལྔའི་ཅོད་པན་དང་དར་དཔྱངས་ཀྱིས་དབང་བསྐུར་བར་བསམ་མོ། །དེ་ནས་སྒྲུབ་པ་པོས་བྱིན་གྱིས་བརླབས་པ་ནི། དེ་བཞིན་གཤེགས་པའི་ཟློས་པ་པོ་ཡིན་ན། ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་གནས་བཞི་བྱིན་གྱིས་བརླབ་པར་བསམ་མོ། །སེམས་དཔའི་ཟློས་པ་པོ་ ཡིན་ན། སེམས་མ་རྡོ་རྗེ་མ་ལ་སོགས་པ་ཡུམ་བཞིས་བྱིན་གྱིས་བརླབ་པར་བསམ་མོ། །དེ་ནས་ཡེ་ཤེས་དགུག་པ་དང་གཞུག་པ་དང་བཅིང་པ་དང་དགྱེས་པར་བྱ་བ་ནི། སྒོ་བཞིའི་སྔགས་དང་ཕྱག་རྒྱས་གཞལ་ཡས་ཁང་གི་ནང་དུ་སྤྱན་དྲང་བ་སྟེ། དེ་ཡང་རྡོ་རྗེ་ལྕགས་ཀྱུའི་སྔགས་དང་ཕྱག་རྒྱས་སོ་ སོའི་སྒོ་ནས་ནང་དུ་བཀུག་པར་བསམ། རྡོ་རྗེ་ཞགས་པའི་སྔགས་དང་ཕྱག་རྒྱས་སོ་སོའི་སྒོ་ནས་བཅུག་པར་བསམ། རྡོ་རྗེ་ལྕགས་སྒྲོག་གི་སྔགས་དང་ཕྱག་རྒྱས་སོ་སོའི་སྒོ་ནས་བཅིངས་པར་བསམ། རྡོ་རྗེ་འབེབས་པའི་སྔགས་དང་ཕྱག་རྒྱས་སོ་སོའི་སྒོ་ནས་མཉེས་པར་བསམ་མོ། །དེ་ནས་ཕྱག་ རྒྱས་རྒྱས་གདབ་པ་ནི་གཉིས་ཏེ། རྒྱས་པ་དང་། བསྡུས་པའོ། །རྒྱས་པ་ནི་སྒྱུ་འཕྲུལ་དྲ་བ་དང་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲང་བ་ལས་ཤེས་པར་བྱའོ། །བསྡུས་པ་ནི། དེ་ནས་དམ་ཚིག་གི་ཕྱག་རྒྱས་གདབ་པ། སྒྲུབ་པ་པོའི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམས་ལ། གཙོ་བོའི་སྔགས་རིངས་ཀྱི་ མཇུག་ལ། དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ་མཉྫུ་ཤྲཱི། ཞེས་བརྗོད་པས། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དམ་ཚིག་གི་ཕྱག་རྒྱས་གདབ་པར་བསམ་མོ། །ཆོས་ཀྱི་ཕྱག་རྒྱས་གདབ་པ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་ཀྱི་སྟེང་དུ་ཧཱུཾ་དཀར་པོ་ལས་ཡོངས་སུ་ གྱུར་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་ཆུ་རྒྱུགས་སུ་ཡོད་པར་བསམ། དེའི་ལྟེ་བ་ལ་ལྷ་རྣམས་རང་རང་གི་སྐུ་སྐྱེད་པའི་ཡིག་འབྲུ་བཀོད་ལ། ཆོས་ཀྱི་ཕྱག་རྒྱས་རྒྱས་གདབ་པར་བསམ་མོ། །ལས་ཀྱི་ཕྱག་རྒྱས་རྒྱས་གདབ་པ་ནི། སྒྲུབ་པ་པོའི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ། རྡོ་རྗེ་ཁུ་ཚུར་ གཉིས་བཅིངས་ཏེ། རྡོ་རྗེའི་གར་དགུ་སྔོན་དུ་འགྲོ་བའི་ཚུལ་གྱིས། ཕྱག་མཚན་མེད་པར་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྱེར་ཐབས་བསྒོམ་པ་ནི། ལས་ཀྱི་ཕྱག་རྒྱས་རྒྱས་གདབ་པོ། །ཕྱག་མཚན་མེད་པར་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྱེར་ཐབས་ཀྱི་ཕྱག་རྒྱ་བཅིང་བ་ནི། དེ་ནས་ལས་ ཀྱི་ཕྱག་རྒྱ་བཅིང་བ་འབྱུང་སྟེ། རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ། །མཉམ་པར་གཞག་པས་གཉིས་སུ་བྱ། །རྡོ་རྗེའི་ཕྱག་རྒྱས་གཉིས་བཅིངས་ཏེ། །དེ་ནས་བཅིང་བ་རབ་ཏུ་བཤད། །གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་ མཆོག་གི་ཕྱག་རྒྱ་ཆེ། །སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། །མི་གཡོ་བ་ཡིས་རེག་པའོ། །རིན་ཆེན་གྱི་ནི་མཆོག་སྦྱིན་པའོ། །ཚེ་དཔག་མེད་ཀྱི་ཏིང་འཛིན་མཆོག །གདོན་མི་ཟ་བའི་མི་འཇིགས་སྦྱིན། །དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས། །མདོར་བསྡུས་རབ་ཏུ་བཤད་པར་བྱ། །རྡོ་རྗེ་ སེམས་སོགས་སེམས་དཔའ་རྣམས། །རྡོ་རྗེ་ལས་རྣམས་བྱེད་པ་སྟེ། །བསྒྱིངས་བཅས་གསོར་བ་གཉིས་ཀ་ཡིན། །ལྕགས་ཀྱུ་འཛིན་ལྟར་གནས་པ་དང་། །མདའ་འཕངས་པ་ཡི་ཚུལ་དང་ནི། །ལེགས་སོ་ཞེས་པ་སྙིང་གར་གཞག །དབང་བསྐུར་བ་ནི་རྡོ་རྗེ་གཉིས། །སྙིང་གར་ཉི་མ་ བསྟན་པར་བྱ། །གཡོན་པ་ལ་ནི་གྲུ་མོ་གཟུགས། །དེ་བཞིན་ཁ་ཕྱོགས་བསྐོར་བར་བྱ། །གཡས་པ་ཡིས་ནི་གཡོན་པར་དབྱེ། །སྙིང་གར་གཡོན་པ་རལ་གྲི་མདུད། །མགལ་མེའི་འཁོར་ལོ་བསྐོར་བ་དང་། །རྡོ་རྗེ་གཉིས་ཀ་ཁ་ནས་དབྱུང་། །རྡོ་རྗེ་གར་ནི་བསྐོར་བ་ཡི། །ཐལ་མོ་འགྲམ་ པ་སྤྱི་བོར་གཞག །གོ་ཆ་མཐེ་ཆུང་མཆེ་བ་དང་། །ཁུ་ཚུར་གཉིས་ནི་མནན་པའོ། །རྡོ་རྗེ་བསྒྱིངས་པའི་ཚུལ་གྱིས་སུ། །བསམ་པ་གཡོས་པས་འདུད་པར་བྱ། །ཕྲེང་བ་བཅིངས་དང་ཁ་ནས་དབྱུང་། །རྡོ་རྗེ་གར་ནི་བསྐོར་བ་ཡིན། །རྡོ་རྗེ་ཁུ་ཚུར་ཚུལ་གྱིས་ནི། །བདུག་པ་ལ་སོགས་དེ་བཞིན་ སྦྱིན། །སངས་རྒྱས་ཀུན་ལ་མཆོད་པ་ཡི། །ཕྱག་རྒྱའི་མཆོད་པ་བྱེད་པ་པོ། །མཛུབ་མོས་ལྕགས་ཀྱུ་བཅིངས་པ་ནི། །མཐེ་ཆུང་ལས་དེ་ལྕགས་ཀྱུ་ཆེ། །མཁྲིག་མ་མདུད་པ་མཛུབ་གཉིས་མདུད། །རྒྱབ་གཉིས་ཀྱང་ནི་བསྙམས་ཏེ་མནན། །སྒོ་གཉིས་པ་དང་། གསུམ་པ་ལ་སོགས་པ་ ལྔའི་ལས་ཀྱི་ཕྱག་རྒྱ་བཅིངས་པ་ནི། སོ་སོའི་གཙོ་བོ་བཞིན་དུ་ཐབས་རེ་སྒོ་རེའམ། ཕྱོགས་བཞིར་བཅིངས་པའོ། །དེ་རྣམས་ནི་འདིར་མང་དུ་སྤྲོ་མི་དགོས་པའི་ཕྱིར་མང་དུ་མ་སྤྲོས་པའོ།། །།དེ་ནས་ཕྱག་རྒྱ་ཆེན་པོས་རྒྱས་གདབ་པ་ནི། སྒྲུབ་པ་པོའི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱིའི་སྙིང་པོ། །ཨོཾ་ཧཱུཾ་ཧྲཱིཿ། ཞེས་ཡིད་ལ་ཟློས་ཤིང་། རྡོ་རྗེ་ཁུ་ཚུར་གཉིས་རྡོ་རྗེ་གར་མ་བྱས་པར། རང་རང་གི་ཕྱག་མཚན་ཕྱག་ན་བསྣམས་པར་བསྒོམ་པ་ནི། ཕྱག་རྒྱ་ཆེན་པོས་རྒྱས་བཏབ་པར་བསྒོམ་པའོ། ། དེ་ལས་ལྷ་ལས་ལ་སྦྱར་བ་ནི། གཞུང་ལས། དེ་ནས་ལས་ཀྱི་རྒྱལ་མཆོག་ནི། །སྒྲ་ལས་འཕེལ་ཏེ་རྒྱས་བཤད་པས། །འདིར་ནི་བདག་གིས་མ་བཤད་དོ། །ཞེས་འབྱུང་བས། སྒྲ་ལས་འཕེལ་ཏེ་བཤད་ན། གསང་ལྡན་ནམ་སྒོ་དང་པོའི་ལྷ་ལས་ལ་གཞག་པ་ནི། ལྷའི་དག་པ་དང་ མཐུན་པར་ལས་ལ་གཞག་སྟེ། སྔགས་དོན་རྣམ་པར་གཟིགས་པའི་ལྷའི་དག་པ་དང་མཐུན་ནོ། །སྒོ་གཉིས་པའི་གཏི་མུག་སེལ་བ་ནི་རྣམ་པར་སྣང་མཛད་དོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་སྦྱོངས་ཤིག་པའོ། །དེ་བཞིན་དུ་ཞེ་སྡང་ དང་། འདོད་ཆགས་དང་། སེར་སྣ་དང་། ཕྲག་དོག་སྦྱོངས་ཤིག་པའོ། །ཡང་ན་སྔོན་གྱི་ལྷ་ཐམས་ཅད་ཀྱི་སྤྲོ་བསྡུ་དྲན་པར་བྱས་པ་ནི་ལས་ལ་སྦྱར་བའོ། །ལས་ཀྱི་ཁྱད་པར་གྱི་ཏིང་ངེ་འཛིན་ཏོ་ཞེས་པ་ནི། མཚམས་སྦྱར་བར་བྱའོ། །དེ་ནས་སྤོས་ཀྱི་ཆུ་དག་ལ། །སྔགས་བཟླས་པ་ཡིས་ བསང་བྱས་ཏེ། །ཕུང་པོས་བསྡུ་བའི་མཆོད་པ་ལྔས། །རིམ་བཞིན་བྱིན་བརླབས་མདུན་བཞག་ནས། །འདི་དག་རིམ་པའི་རིམ་གྱི་ས། །སེ་གོལ་རིམ་པས་བརྡབ་བྱས་པས། །རིམ་བཞིན་བསྡུ་བའི་ཕྱག་རྒྱ་ནི། །ཛཿཧཱུཾ་བཾཾ་ཧོཿལྡན་བྱས་ཏེ། །མདུན་ན་མངོན་སུམ་བཞིན་མཐོང་ནས། ། ས་མཱ་ཛཿཞེས་བརྗོད་ཅིང་། འཁོར་ལོ་ཚོགས་མཆོག་དེ་དག་ལ། །མཉམ་མེད་ལ་སོགས་བསྟོད་པར་བྱ། །དེ་ནས་གཙོ་བོ་སྔགས་རིངས་ལ། །དྲྀ་ཤྱ་ཞེས་ཀྱང་བརྗོད་བྱ་ཞིང་། །ཨ་ཧཾ་ཞེས་དང་ལྡན་པར་ནི། །བཞི་ཡིས་རྒྱས་གདབ་དོན་མཆོག་སྒྲུབ། །དེ་ནས་མཆོད་པའི་བྱེ་བྲག་གིས། །མཆོད་ ནས་ཕྱག་བཞི་བྱ་བ་ནི། །དང་པོའི་སངས་རྒྱས་ལ་སོགས་པའི། །གནས་སུ་བྱ་བའི་རིམ་པའོ། །དེ་དག་ནི་ཡོངས་སུ་རྫོགས་པའི་ཆོས་ཀྱི་ཏིང་ངེ་འཛིན་ཏོ་ཞེས་བྱ་བས་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་བསྟན་པ་སྟེ། དེ་དག་ནི་ཡང་སྤྱི་དོན་དགུའི་སྒོ་ནས་ཤེས་པར་བྱ་སྟེ། དེ་ནས་སྤོས་ཀྱི་ཆུ་ དག་ལ། །སྔགས་བཟླས་པ་ཡིས་བསང་བྱ་སྟེ། །ཕུང་པོས་བསྡུས་པའི་མཆོད་པ་ལྔ། །རིམ་བཞིན་བྱིན་བརླབས་མདུན་བཞག་ནས། །ཞེས་བྱ་བས། མཆོད་པ་བྱིན་གྱིས་བརླབས་པ་སྟོན་ཏེ། སྤྱིར་སྦྱང་ཞིང་སྲེག་པ་དང་། སྒོ་སྒོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ། སྔོན་བཞིན་ནོ། ། འདི་དག་རིམ་པའི་གོ་རིམས་ཀྱིས། །སེ་གོལ་རིམ་པར་བརྡབ་བྱས་པས། །རིམ་བཞིན་བསྡུ་བའི་ཕྱག་རྒྱ་ནི། །ཛཿཧཱུཾ་བཾཾ་ཧོཿལྡན་བྱས་ཏེ། །མདུན་ན་མངོན་སུམ་བཞིན་མཐོང་ནས། །ཞེས་བྱ་བས། རང་བཞིན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསྡུ་བ་སྟོན་ཏོ། །དེ་ཡང་རྡོ་རྗེ་བསྡུ་བའི་སྔགས་ དང་ཕྱག་རྒྱས་རང་བཞིན་གྱི་སངས་རྒྱས་སྤྱན་དྲངས་ལ་མདུན་གྱི་ནམ་མཁའ་ལ་བྱོན་པར་བསམ་མོ། །ས་མཱ་ཛཿཞེས་བརྗོད་བྱ་ཞིང་། །འཁོར་ལོ་ཚོགས་མཆོག་དེ་དག་ལ། །མཉམ་མེད་ལ་སོགས་བསྟོད་པར་བྱ། །ཞེས་པས་བསྟོད་པ་སྟོན་ཏེ། སྔགས་སྔོན་དུ་འགྲོ་བས་དེ་ནས་བསྟོད་པ་ནི། མཉམ་མེད་མི་གཡོ་འམ། འདུད་ཉི་ཤུས་བསྟོད་པ་བྱའོ། །དེ་ནས་དགུག་པ་དང་བཅིང་བ་དང་མཉེས་པར་བྱ་བ་ནི། སྒོ་བཞིའི་སྔགས་དང་ཕྱག་རྒྱས་གཞལ་ཡས་ཁང་གི་ནང་དུ་སྤྱན་དྲངས་པ་ལ་སོགས་པ་སྟེ་སྔོན་བཞིན་ནོ། །དེ་ནས་གཙོ་བོའི་སྔགས་རིངས་ལ། །དྲྀ་ཤྱ་ཞེས་ཀྱང་བརྗོད་བྱ་ ཞིང་། །ཨཱ་ཧཾ་ཞེས་དང་ལྡན་པར་ནི། །བཞི་ཡིས་རྒྱས་གདབ་དོན་མཆོག་བསྒྲུབ། །ཅེས་བྱ་བས། ལྷ་ཐམས་ཅད་ནི