Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 66
Văn bản gốc(Tây Tạng)
Trang 10 / 22 (50.000 ký tự/trang)
ས་པ་སྟེ། དེ་ཡང་ཆགས་པ་ལས་བྱུང་བ་ཡིན་ནོ། །དེར་ནི་ཞེས་བྱ་བ་ནི་ཆགས་པ་དང་བྲལ་བའོ། །ཐབས་ནི་སྒྲུབ་པའོ། །བསྒོམ་པ་ནི་དེ་ཉིད་དུ་ཡུན་རིང་ཞིང་ གུས་པས་རྒྱུན་མི་འཆད་པར་ཡིད་ལ་བྱེད་ཅིང་བསྒོམ་པའོ། །དེ་ལ་མན་ངག་ཇི་ལྟ་བ་བཞིན་དུ་ཡོངས་སུ་བསྐྱེད་ལ། སྐུ་དང་གསུང་དང་ཐུགས་སེམས་ཙམ་དུ་ཡིད་ལ་བྱེད་པ་ནི་ཆགས་པའི་བསྒོམ་པའོ། །ཅི་ལྟ་བའི་རྣམ་པ་མེད་པས་ནམ་མཁའ་དང་འདྲ་བའི་ཚུལ་གྱིས་ཡིད་ལ་ བྱེད་པ་ནི་འདོད་ཆགས་དང་བྲལ་བར་བསྒོམ་པའོ། །དངོས་གྲུབ་ཐམས་ཅད་ནི་སྐུ་གསུམ་གྲུབ་པའོ། །བསྒོམ་པ་གཉིས་ཀ་ལ་ངེས་པར་སྦྱར་བའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་འཁྲུལ་པའི་མཚན་ཉིད་འཇིག་རྟེན་པའི་གསལ་བ་དེ་ནི་འདོད་ཆགས་དང་བྲལ་བ་ བསྒོམ་པ་ཡིན་ཏེ། འདོད་ཆགས་ཀྱི་བསྒོམ་པ་ལ་ཡང་དེ་བཞིན་དུ་སྤྱད་པར་བྱ་སྟེ། འབའ་ཞིག་པ་ནི་མ་ཡིན་ནོ། །ཡང་རྣལ་འབྱོར་པས་འདོད་ཆགས་དང་བྲལ་བའི་བསྒོམ་པས་གདུལ་བྱ་རྣམས་གདུལ་བར་མི་ནུས་པ་ལ་བསླབ་པའི་ལྷག་པར་མོས་པའི་དབང་དུ་མཛད་ནས་ཞེས་བྱ་བ་དེའི་ སྦྱོར་བ་གང་ཡིན་ཞེ་ན། ཇི་ལྟར་གདུལ་བྱ་དག་གྱུར་པ། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་གྱི་སྒྲ་ནི་ངེས་པར་བསྟན་པའི་དོན་ཏེ། འདི་ལྟར་དག་པ་འབའ་ཞིག་སེམས་ཙམ་ལྷ་ཡིན་ནོ་ཞེས་བྱ་བ་འདི་ནི་ཆགས་པའི་བསྒོམ་པ་འབའ་ཞིག་པ་སྟེ་དེའི་སྦྱོར་བ་ཞེས་བྱ་བའི་དོན་ཏོ། །དེ་ཡང་། དེ་ཡི་གཟུང་ མིན་དེ་ཡི་འཛིན་པ་མིན། །ཡེ་ཤེས་གཞན་འཛིན་དེ་ཡང་སྟོང་པ་ཡིན། །དེ་ལྟ་མིན་ཡང་ཡེ་ཤེས་རང་བཞིན་སྣང་། །མངོན་སུམ་དག་ནི་རྡོ་རྗེ་འཆང་བའི་བདེ། །ཞེས་གསུངས་པ་ཡིན་ནོ། །གང་ཡང་ཕ་རོལ་ཉིད་ཀྱིས་འཛིན་པར་བྱེད་པ་ཉིད་དང་། གཟུང་བར་བྱ་བ་ཉིད་དུ་བསྒོམ་པ་དེ་ནི་དེ་ལས་ ཕྱག་རྒྱའི་དངོས་གྲུབ་མི་འབྱུང་སྟེ། ཞེན་པས་ཆགས་པ་སྒོམ་པར་བྱེད་པ་ནི་ཀུན་དུ་མཆོད་པར་འགྱུར་རོ། །ཆགས་པ་དང་བྲལ་བའི་བསྒོམ་པས་བདེན་པ་དང་བདེན་པ་མ་ཡིན་པ་བསྔགས་སོ་ཞེས་བྱ་བའི་དོན་ཏོ། །ཀུན་དུ་མཆོད་པར་འགྱུར་ཞེས་བྱ་བ་མི་རིགས་ཏེ། ཆགས་པ་བསྒོམ་པ་འབའ་ ཞིག་གིས་ཆོས་ཀྱི་སྐུ་འཐོབ་པར་མི་འགྱུར་ལ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཡང་དེ་ལ་བརྟེན་པ་ཡིན་པས་རེ་ཞིག་དེ་ཡང་འཐོབ་པར་མི་འགྱུར་རོ། །འདིར་བརྗོད་པར་བྱ་སྟེ་སྐུ་གསུམ་གྱི་མཚན་ཉིད་འདི་ནི་སངས་རྒྱས་ཉིད་དང་བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་དེ་ནི་ འབྱུང་བར་འགྱུར་ལ། དེའི་སྟོབས་ཀྱིས་སངས་རྒྱས་ཉིད་དུ་ཡང་ཕྱིར་འགྱུར་བ་ཡིན་ནོ། །གཞན་ཡང་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ལ། མཚན་ཉིད་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གང་ཡང་དག་པར་བཤད་པ་སྟེ། བཤད་པ་དེས་མཚན་ཉིད་མཚོན་པར་འགྱུར་ཏེ་མཚན་ ཉིད་དང་མཚན་གཞི་ཞེས་བྱ་བའི་དོན་ཏོ། །དེ་ནས་ཅི་ཞིག་ཡིན་ཞེ་ན། ཕྱག་རྒྱ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཕྱག་རྒྱ་ཞེས་བསྒོམས་ན་དེའི་ཚེ་རྣལ་འབྱོར་པ་སྦྱོར་བ་རྫོགས་པ་ན་ཕྱག་རྒྱ་དང་གཅིག་ཏུ་འགྱུར་རོ། །རྒྱས་བཏབ་པའི་མཚན་ཉིད་ཀྱི་བདག་ཉིད་ཅན་དུ་གང་གི་ཚེ་ རྒྱས་བཏབ་པ་ནི་ཉེ་བར་མཚོན་པའི་དངོས་པོ་ལྷ་ལ་སོགས་པའི་རྣམ་པར་ཤེས་པར་བྱ་ཞིང་བདག་ཉིད་མོས་པར་བྱས་ལ་བསྒོམས་ན། དེའི་ཚེ་རྒྱས་བཏབ་པར་འགྱུར་ཞིང་རྒྱས་བཏབ་པ་ནི་ལྷའི་བདག་ཉིད་ཅན་དུ་འགྱུར་རོ། །དེ་བས་ན་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཅན་རྡོ་རྗེ་སེམས་དཔའི་ ཕྱག་རྒྱ་དེ་བཞིན་དུ་ཤེས་ཤིང་བསྒོམས་ན་རྣལ་འབྱོར་པ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན་དུ་འགྱུར་རོ། །གང་དེ་ལྟར་སྐད་ཅིག་མ་རེ་རེ་ཞིང་བྱང་ཆུབ་ཀྱི་སེམས་བསྒོམས་པས་ཆགས་པ་དང་བྲལ་བ་ལ་རབ་ཏུ་ཞེན་པར་བྱའི། ཆགས་པ་འབའ་ཞིག་གིས་ནི་མ་ཡིན་ཏེ། དེ་བས་ ན་མཚན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པ་ལ་སོགས་པའི་མཚན་ཉིད་དང་མཚན་གཞིས་འབྲེལ་པ་ཕྱེ་ནས་མཚན་ཉིད་སྣང་བཞིན་པས་མཚན་གཞི་གཟུགས་ཉིད་ཤེས་ནས་རྣལ་འབྱོར་གྱི་རྩོམ་པ་རྣམས་ལ་མོས་པ་བརྟན་པོས་ཀུན་དུ་སྤྱོད་པ་ཡིན་གྱི། ཆགས་པའི་སྒོམ་ པ་འབའ་ཞིག་ནི་མ་ཡིན་ནོ། །དེས་ཅིར་འགྱུར་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་མཚན་ཉིད་ཀྱིས་ཡང་དག་པར་གྲུབ་པ་ཡོངས་སུ་རྫོགས་པ་མཚན་གཞི་ཡང་དེ་བཞིན་དུ་དངོས་པོ་དག་པར་འགྱུར་ཏེ། སྒྲིབ་པ་ཟད་པ་ཐོབ་པས་མྱུར་ཞིང་མགྱོགས་པར་རྡོ་རྗེ་འཆང་བའི་སྐུ་ གསུམ་གྱི་བདག་ཉིད་ཅན་དུ་འགྲུབ་པར་འགྱུར་ཏེ། དེ་བས་ན། ཞེན་པ་ཀུན་དུ་མཆོད་པར་འགྱུར། །ཞེས་བྱ་བ་ནི་ལེགས་པར་གསུངས་པ་ཡིན་ནོ། །མཚན་ཉིད་དང་མཚན་མ་དང་ཕྱག་རྒྱ་དང་མིང་དང་བརྡ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ནོ། །དེ་བས་ན་མཚན་ཉིད་ཀྱི་སྐབས་སུ་བརྡ་གཞན་དག་གི་ཡང་ དོན་བཤད་པའི་ཕྱིར། གཡས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྨི་ལམ་ལ་སོགས་པའི་སྲིད་པས་ཞུགས་པའི་ལྷ་ལ་སོགས་པའི་ཕྱག་གཡས་པའི་མཚན་མའི་དོན་ནི་ཤེས་རབ་བོ། །ཕྱག་གཡོན་པའི་མཚན་མའི་དོན་ནི་ཐུགས་རྗེའོ། །ཕྱག་གཉིས་ཀའི་ མཚན་མ་ནི་ཏིང་ངེ་འཛིན་གཉིས་སོ། །རྐང་པ་གཉིས་ཀྱི་མཚན་མ་ནི་ཚོགས་གཉིས་སོ། །སོར་མོ་ལྔ་ལ་སོགས་པའི་སྦྱོར་བ་ནི་སངས་རྒྱས་ལྔར་མངོན་པར་བྱང་ཆུབ་པའི་ལྷ་ཉི་ཤུ་རྩ་ལྔའོ། །སོར་མོ་རེ་རེས་ནི་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་རོ། །ལྟེ་བ་ལ་སོགས་པར་རེག་པ་ ནི་ལྷ་མོ་ལྔ་སྟེ། འདི་དག་ནི་ལུས་ཀྱི་བརྡའོ། །གསུང་གི་བརྡ་བསྟན་པ་ནི་བྱང་ཆུབ་ལྔར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སངས་རྒྱས་ལྔ་མངོན་པར་བྱང་ཆུབ་པའི་སྒྲ་ནི་ཡེ་ཤེས་ལྔའམ་དེའི་དཀྱིལ་འཁོར་གྱི་དོན་ཏོ། །སྔོན་གྱི་སྒྲ་ནི་སྔ་མའོ། །རྒྱབ་ཀྱི་སྒྲ་ནི་ཕྱི་ནས་སོ། ། ཐོག་མའི་སྒྲ་ནི་རྒྱུའི་དོན་ཏོ། །ཐ་མའི་སྒྲ་ནི་འབྲས་བུའི་དོན་ཏོ། །དེ་ལ་རྒྱུ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །འབྲས་བུ་ནི་མི་བསྐྱོད་པ་ལ་སོགས་པའོ། །འོ་ན་རྣམ་པར་སྣང་མཛད་ཅི་རྒྱུ་ཡིན་ནམ། འོན་ཏེ་འབྲས་བུ་ཡིན་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ནི་གོ་ སླའོ། །དེ་ལྟ་ན་སངས་རྒྱས་ནི་གང་ཞིག་ཡིན། རྟོགས་པར་བྱ་བ་ནི་གང་ཞིག་ཡིན། སངས་རྒྱས་ཀྱི་ཞིང་ནི་གང་ཞིག་ཡིན། བྱང་ཆུབ་ཀྱི་སེམས་ནི་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་རང་གི་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་སེམས་ཉིད་སངས་རྒྱས་ཀྱི་ཞིང་དང་བྱང་ཆུབ་ ཀྱི་སེམས་ཀྱང་ཡིན་ནོ་ཞེས་བྱ་བར་སྦྱར་བར་བྱ་སྟེ་ལྷག་མ་ནི་གོ་སླའོ། །དྲིས་པ་སེམས་ནི་ཐོག་མ་མེད་པ་ཡིན་ལ། བྱང་ཆུབ་པ་ནི་ཐོག་མ་དང་ལྡན་པ་ཡིན་ན། ཅིའི་ཕྱིར་སེམས་དེ་ཉིད་བྱང་ཆུབ་ཀྱི་སེམས་ཡིན་ཞེ་ན། དེའི་ཕྱིར་རང་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་ ནི་སེམས་ཀྱི་ཆོས་ཉིད་དོ། །དེས་འོད་གསལ་བའི་དྲི་མ་མེད་པ་ནི་སེམས་ཅན་རྣམས་སོ། །ཀུན་དུ་ཞེས་བྱ་བའི་གནས་སྐབས་ཐམས་ཅད་དུའོ། །དེ་ལྟར་ཡང་དག་པར་དྲན་པ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཅིའི་ཕྱིར་དེ་འོད་གསལ་བ་ཡིན་ནམ་ཞེ་ན། དྲི་མ་ལྷག་མ་རྣམས་ནི་དེའི་གློ་ བུར་བ་ཡིན་ཏེ། ནམ་མཁའ་ལ་སྤྲིན་དང་དུ་བ་ལ་སོགས་པ་དང་འདྲའོ། །དེ་བས་ན་གློ་བུར་བའི་སྒྲིབ་པའི་དྲི་མ་གང་དང་གང་ཡིན་པ་ཟད་ཅིང་ཡང་དག་པའི་མཚན་ཉིད་ཅན་ནི་ཐོག་མའི་བྱང་ཆུབ་བོ། །རང་བཞིན་གྱིས་དག་པའི་མཚན་ཉིད་ཀྱང་བྱང་ཆུབ་ཡིན་ཏེ་ཐོག་མ་མེད་པའི་རང་བཞིན་ དང་འདྲའོ། །དེ་བས་ན་བྱང་ཆུབ་ནི་ཐོག་མ་དང་ཐ་མ་མེད་པ་ཡིན་ལ། སངས་རྒྱས་ཀྱང་ཐོག་མ་དང་ཐ་མ་མེད་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་ཀྱང་ཐོག་མ་དང་ཐ་མ་མེད་པ་ཡིན་ཏེ། བྱང་ཆུབ་ཀྱང་ཡིན་ལ་སེམས་ཀྱང་ཡིན་པས་དེ་སྐད་ཅེས་བྱའོ། །དང་པོ་ནི་བཅོམ་ལྡན་འདས་དཔལ་ མཆོག་དང་པོ་སྟེ། འདི་ནི་སྙིང་གར་རྡེབས་པ་ཞེས་བྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རང་ཉིད་བརྟན་པར་གྱུར་པའི་ཕྱིར་རོ། །འོད་དཔག་ཏུ་མེད་པ་ནི་སྐྲ་འཛིན་པར་བཤད་དེ། གང་གི་ཕྱིར་རལ་པའི་དབུས་ན་བཞུགས་པ་ཡིན་ནོ། །འོ་བྱེད་པ་ནི་རྡོ་རྗེ་སྨྲ་བའོ་ཞེས་བྱ་བ་ནི་གསལ་བ་ ཉིད་དོ། །མཉམ་སྦྱོར་བ་ནི་རྣམ་པར་སྣང་མཛད་ཡིན་པ་ནི་གཞི་གཉིས་སུ་མེད་པ་ཡིན་པའི་ཕྱིར་རོ། །དོན་གྱི་ཆར་ནི་དོན་གྱི་རབ་ཏུ་དབྱེ་བའོ། །བུ་མོའི་དོན་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །གཞན་དུ་མི་རྟག་ཅེས་བྱ་བ་ནི་ཕྱི་རོལ་གྱི་བུད་མེད་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བུད་མེད་ཀྱི་ སྒྲའི་དོན་ནི་གང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒོམ་པའོ། །ལྷ་མོའི་ཞེས་བྱ་བའི་སྒྲའི་དོན་ནི་མཆོད་པའི་ལྷ་མོ་མི་བསྐྱོད་པ་ལ་སོགས་པ་ཉི་ཤུའོ། །རང་གི་ཆུང་མ་དང་རང་གི་རིག་པའི་དོན་ནི་རང་གི་རིགས་ཀྱི་རིག་མའོ། །གཞན་གྱི་ཆུང་མ་དང་གཞན་གྱི་སྡུག་པའི་སྒྲ་ནི་རིགས་གཞན་གྱི་ རིག་མ་རྣམས་སོ། །གཅི་བ་དང་སྒྲའི་དོན་ནི་རྡོ་རྗེ་ཡེ་ཤེས་སོ། །བཤང་བ་དང་པདྨའི་སྒྲ་ནི་ཆོས་ཀྱི་ཡེ་ཤེས་སྒྲིབ་པ་མེད་པ་ཡིན་ནོ། །རང་གི་རྡོ་རྗེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དུ་གྱུར་པའི་བདག་ཉིད་ཀྱི་རྡོ་རྗེ་དང་དེའི་རིག་པའི་པདྨ་སྟེ། རང་གི་ས་བོན་ནི་དེ་ཉིད་ཀྱི་ཡེ་ཤེས་ཀྱི་ཁུ་བའོ། །མཆོད་ པར་བྱ་ཞེས་བྱ་བ་ནི་བསྐྱེད་པར་བྱ་བའོ། །ཇི་ལྟར་བྱ་ཞེ་ན། ཚོགས་གཉིས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་མིན་གཉིས་ཉིད་ཅེས་བྱ་བ་ནི་དེ་ལྟར་གཉིས་སུ་མེད་པར་གྱུར་པ་ལས། གཉིས་ཉིད་ལ་བརྟེན་ཏེ་ཐུགས་རྗེས་གཞན་རྣམས་གོ་བར་བྱ་བའི་ཕྱིར་རོ། །ཕྱིས་ ནི་མཉམ་སྦྱོར་བ་ཞེས་བྱ་བ་སྟེ། ཡང་གཉིས་སུ་མེད་པར་གྱུར་པའོ། །བྱིན་གྱིས་བརླབ་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་ཁུ་བ་དེ་ཉིད་ལས་དེ་བསྐྱེད་པར་བྱ་བ་སྟེ་འདི་ནི་དཀྱིལ་འཁོར་སྒྲུབ་པའོ། །སངས་རྒྱས་ཀྱི་རོལ་མོ་ནི་རྡོ་རྗེ་གར་རོ། །མཉམ་སྦྱོར་བས་ཞེས་བྱ་བ་ནི་བསྒོམ་ བཞིན་པས་སོ། །རྒྱུ་དང་མི་རྒྱུ་རྣམས་ཀྱི་ཞེས་བྱ་བ་ནི་དཀྱིལ་འཁོར་པ་རྣམས་དང་བཅས་པས་སམ། སེམས་ཅན་ཐམས་ཅད་རང་གི་ལྷའི་གཟུགས་སུ་ལྷག་པར་མོས་པས་སོ། །རོལ་པ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་རང་བཞིན་གྱིས་བྱུང་བས་སོ། །སྐུ་གསུང་ཐུགས་ནི་བསྒོམས་པས་སོ་ ཞེས་བྱ་བ་ནི་རང་གི་ལྷའི་སྦྱོར་བས་ཞེས་བྱ་བའི་དོན་ཏོ། །རྟ་བབས་དང་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱ་བའི་ནང་གི་ཀ་བ་བརྒྱད་ཀྱི་མདུན་གྱི་གནས་རྣམས་སུ་དཀྱིལ་འཁོར་བརྒྱད་བྱ་བར་བསྟན་ལ། རྡོ་རྗེ་ལྷ་མོ་ནི་རྡོ་རྗེ་སྒེག་མོ་ལ་སོགས་པ་བརྒྱད་དེ་དེ་རྣམས་ཀྱི་ཚོགས་ཀྱིས་མཆོད་པའོ། ། ལྷའི་སྣམ་བུ་མཚམས་ཀྱི་རེའུ་ཆ་དོར་ལ། ལྔ་པོ་རེ་ཆར་རྡོ་རྗེ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལྔ་འདི་རྣམས་ལྷ་རེ་རེ་ཞིང་ལྷ་ལྔ་ལྔ་ཡོད་པར་བྱ་བ་དང་། དྲ་བ་དང་རྔ་ཡབ་ལ་སོགས་པས་བརྒྱན་པ་དང་། ཁྱམས་ཀྱི་ནང་དུ་ནི་ལྷ་ཉི་ཤུ་རྩ་ལྔ་དང་ལྡན་པར་ཅི་རིགས་པར་བྱིན་གྱིས་བརླབ་པར་བྱའོ། ། དབུས་མའི་ཆ་ཞེས་བྱ་བ་ལ་ཇི་ལྟར་དབུས་མའི་ཆ་ཡིན་ཞེ་ན། ཆ་དགུ་རུ་ནི་རྣམ་དབྱེ་བ། །ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་གྱི་ངོས་རེ་རེ་ཞིང་ཆ་དགུར་བགོས་ལ་ཚངས་པའི་ཐིག་གི་ངོས་གཉིས་སུ་རེ་རེ་ཞིང་ཕྱེད་དང་ལྔའི་ཆར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་སྒོར་རོ། །སྒོའི་ ཚད་ཇི་ཙམ་པ་སྒོ་ཁྱུད་དང་ལྷའི་སྣམ་བུའི་ཚད་ཀྱང་དེ་ཙམ་ཡིན་ནོ། །སྒོའི་ཕྱེད་ཀྱི་ཚད་ནི་ཐམས་ཅད་དུ་ཁྱམས་དང་སྒོ་འགྲམ་དང་དེ་བཞིན་དུ་སྒོའི་ལོགས་ཀྱི་ཡིན་ནོ། །ནང་གི་དཀྱིལ་འཁོར་ནི་ནང་གི་རིམ་པ་སྟེ། དེ་དང་མཉམ་ཞེས་བྱ་བ་ནི་ཕྱིའི་རིམ་པ་དང་མཉམ་པའོ། །ཡོངས་སུ་མ་ ཆད་པ་ནི་ཚད་མཐའ་ཡས་པ་ཉིད་དོ། །དེ་སྐད་དུ། དེ་ཀུན་རྟ་བབས་མེད་པའོ། །ཞེས་བཤད་པ་ཡིན་ཏེ། རྟ་བབས་མེད་པ་ནི་རྟ་བབས་དང་ཀ་བ་ལ་སོགས་པ་མེད་པའོ། །ཚད་གསུངས་པ་ནི་སྒོ་ཁྱུད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྒོ་ཁྱུད་དང་དཀྱིལ་འཁོར་ཀུན་དང་། སོགས་ པའི་སྒྲས་སྒོ་དང་སྒོ་འགྲམ་དང་ལོགས་དང་ཡ་ཕུགས་ནི་ཕྱིའི་རིམ་པ་ལ་ལྟོས་ནས་ཕྱེད་ཀྱི་ཚད་དུ་བྱས་པ་གང་ཡིན་པ་དེ་ནི་སྒོ་ཁྱུད་དཀྱིལ་འཁོར་ཕྱེད་དེ་ཆ་དགུ་རུ་ནི་ཞེས་བྱ་བ་ནི་དཀྱིལ་འཁོར་བརྒྱད་དབུས་མ་དང་བཅས་པ་སྟེ། དེ་རྣམས་ལ་མཚམས་སུ་དཀྱིལ་འཁོར་བརྐྱང་ནས་དཀྱིལ་འཁོར་ བཞི་དོར་ལ། ལྷག་མ་ལྔ་རྣམས་སུ་རེ་རེ་ཞིང་དཀྱིལ་འཁོར་ལྔས་བརྒྱན་པར་བྱའོ། །མཐར་ནི་ཁྱམས་དང་ལྡན་པར་བྱ་སྟེ། དེ་དང་མཉམ་པར་ཞེས་བྱ་བར་སྦྱར་རོ། །དེ་བས་ན་དོན་གྱི་ཤུགས་ཀྱིས་ཕྱི་རོལ་གྱི་རིམ་པ་ཡང་མཐར་ཁྱམས་དང་ལྡན་པར་ཤེས་པར་བྱའོ། །གྲུ་བཞི་པ་ ཞེས་བྱ་བ་ནི་ཕྱིའི་རིམ་པ་དང་འདྲ་བ་གྲུ་བཞི་ཉིད་དོ། །ཁ་དོག་ལྔ་དང་ཡང་དག་ལྡན། །ཞེས་བཤད་པ་དེ་ཉིད་གསལ་བར་བྱ་བའི་ཕྱིར། ལྟ་བ་ལྔ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཚོན་གྱིས་ཁ་དོག་བསྒྱུར་བར་བྱའོ་ཞེས་བྱ་བར་སྦྱར་རོ། །མཉམ་སྦྱོར་བས་ཞེས་བྱ་བ་ནི་འབྲེལ་པས་ མཚོན་པ་སྟེ་དེ་དང་སྦྱར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུའི་ཚུལ་གྱིས་ཤེ་ན། ཁ་དོག་ལྔ་ཡིས་སོ། །དེ་བཞིན་གཤེགས་ཞེས་བྱ་བ་ནི་སངས་རྒྱས་ལྔའི་རང་བཞིན་དུ་བྱས་པ་སྟེ། དེ་ཉིད་ཀྱིས་ན་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཤིན་ཏུ་བགྲོད་པར་དཀའ་བ་ཆེན་པོ་རབ་ཏུ་བགྲོད་དཀའ་ བས་སོ། །སངས་རྒྱས་ལྔ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པ་སྟེ། དཀྱིལ་འཁོར་གྱི་དབུ་མ་མ་དང་ཤར་དང་ལྷོ་དང་ནུབ་དང་བྱང་དང་རིམ་བཞིན་དུའོ། །ཁ་དོག་ལྔའི་ཞེས་བྱ་བ་ནི་ཁ་དོག་ལྔ་རྣམས་ཀྱིས་སོ། ། དེ་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་མཉམ་པར་གཞག་པས་སོ། །ཇི་ལྟར་མཛེས་པར་བྱ་བ་ནི་མི་མཛེས་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་རྣམས་སོ། །མཚམས་ཀྱི་སངས་རྒྱས་རྣམས་བསྡུས་པ་ནི་རྣམ་པར་སྣང་མཛད་དོ། །སངས་རྒྱས་ལྷག་མ་རྣམས་ནི་རང་གི་ཕྱོགས་ཀྱི་སངས་ རྒྱས་རྣམས་སོ། །དཔའ་བོའི་ལྟ་བ་དང་ཞི་བའི་ལྟ་བ་དང་། རྡོ་རྗེའི་ལྟ་བ་དང་། ཁྲོ་བོའི་ལྟ་བ་དང་། རབ་ཏུ་འབར་བའི་ལྟ་བ་དང་། དྲེགས་པའི་ལྟ་བ་དང་། ཆགས་པའི་ལྟ་བ་དང་། ཀུན་དུ་ཞེན་པའི་ལྟ་བ་དང་། བྱམས་པའི་ལྟ་བ་དང་། སྡུག་པའི་ལྟ་བ་རྣམས་ལས་མི་ བསྐྱོད་པ་ནི་དེའི་ཡེ་ཤེས་ལས་བྱུང་བའོ། །འོད་དཔག་ཏུ་མེད་པའི་ནི་ཆོས་ཀྱི་ཡེ་ཤེས་ལས་སོ། །རིན་པོ་ཆེ་དང་། དོན་ཡོད་པའི་ནི་སེམས་ཅན་གྱི་དོན་གྱི་ཕྱིར་འབྱུང་བ་ཡིན་ནོ། །ས་ནི་ཚོན་གྱིས་རབ་ཏུ་བསྒྱུར། །ཞེས་གང་གསུངས་པ་དེ་ཡང་གསལ་བར་བྱ་བའི་ ཕྱིར། དབུས་མའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་དུ་ཞེས་བྱ་བ་ནི་རིམ་པ་གཉིས་ཀ་ལ་ཡང་བལྟ་བར་བྱའོ། །གང་ཞིག་དབུས་མར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །གཞན་དག་ཅེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་རོ། །འདིར་ ཚིགས་སུ་བཅད་པ་ནི། ཐམས་ཅད་དེ་ཉིད་བསྡུས་འདྲ་ལས། །ཅུང་ཟད་ཙམ་གྱི་དབྱེ་ཡོད་དེ། །མཚམས་བརྒྱད་ཀྱི་ནི་རེའུ་ཆ་ལ། །བུམ་པ་བརྒྱད་ནི་ཡང་དག་བྲི། །རྡོ་རྗེ་རིན་ཆེན་པདྨ་ཆེ། །སྣ་ཚོགས་རྡོ་རྗེའི་དབྱིབས་གནས་པ། །རྡོ་རྗེ་སེམས་མ་རིན་ཆེན་ཆོས། །འདས་ མ་ཐག་པའི་དཀྱིལ་འཁོར་དུའོ། །སེམས་དཔའ་རྒྱལ་པོ་ཆགས་པ་དང་། །ལེགས་པ་མི་བསྐྱོད་དཀྱིལ་འཁོར་དུའོ། །རིན་ཆེན་ཉི་མ་ཏོག་དང་ནི། །བཤད་པ་ཉི་མའི་དཀྱིལ་འཁོར་དུའོ། །ཆོས་དང་རྣོན་པོ་རྒྱུ་དང་ནི། །སྨྲ་བ་དཔག་མེད་དཀྱིལ་འཁོར་དུའོ། ། ལས་དང་བསྲུང་བ་གནོད་སྦྱིན་དང་། །ཁུ་ཚུར་དོན་ཡོད་དཀྱིལ་འཁོར་དུའོ། །ཀུན་ཀྱང་རྟག་ལ་མངོན་ཕྱོགས་ཤིང་། །ཤར་དང་ལྷོ་དང་ནུབ་དང་བྱང་། །བདག་པོ་སེམས་དཔའ་ལ་སོགས་འཆང་། །ཤར་དང་དབུས་དང་བྱང་དང་ནུབ། །རྡོ་རྗེ་ལྕགས་ཀྱུ་མདའ་སེ་གོལ། །ནོར་བུ་ཉི་མ་ རྒྱལ་མཚན་འཛུམ། །པདྨ་རལ་གྲི་འཁོར་ལོ་གསུང་། །སྣ་ཚོགས་གོ་ཆ་མཆེ་བཅངས་མཚོན། །དཀར་སེར་དམར་དང་ལྗང་གུ་དང་། །སེར་དང་ཉི་མ་ཁ་དོག་དཀར། །དམར་དང་ནམ་མཁའ་གསེར་དང་ཟངས། །སྣ་ཚོགས་སེར་དང་གནག་དང་སེར། །ཕྱི་ཡི་མཚམས་ དང་ཉེ་བར་ནི། །སྒེག་མོ་ཕྲེང་བ་གླུ་དང་གར། །མེ་ཏོག་བདུག་པ་ལ་སོགས་པའི། མིང་ཅན་ཡང་དག་བྲི་བར་བྱ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །རིམ་བཞིན་སྒོ་ནི་བཞི་པོར་བྲི། །ཁ་དོག་སེམས་དཔའ་འདྲ་ལས་ཀྱང་། །དུང་མདོག་སྣ་ཚོགས་མདོག་ཅན་གཉིས། ། གཞན་ཡང་དཀྱིལ་འཁོར་གྱི་ཕྱིའི་ཁྱམས་ལ། ཤར་དུ་བྱམས་པ་དང་། མཐོང་བ་དོན་ཡོད་དང་། ངན་སོང་ཐམས་ཅད་སྦྱོང་བ་དང་། མྱ་ངན་གྱི་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དཀར་པོ་ལ་རྡོ་རྗེ་རྩེ་ལྔ་པ་བསྣམས་པའོ། །ལྷོར་སྤོས་ཀྱི་གླང་པོ་དང་། དཔའ་བར་འགྲོ་ བ་དང་། ནམ་མཁའ་མཛོད་དང་། ཡེ་ཤེས་ཏོག་སྐུ་མདོག་སེར་པོ་རིན་པོ་ཆེ་སེར་པོ་བསྣམས་པའོ། །ནུབ་ཏུ་ནི་འོད་དཔག་མེད་དང་། ཟླ་བའི་འོད་དང་། བཟང་སྐྱོང་དང་། དྲ་བ་ཅན་གྱི་འོད་སྐུ་མདོག་དམར་པོ་པདྨ་དམར་པོ་བསྣམས་པའོ། །བྱང་དུ་ནི་རྡོ་རྗེ་སྙིང་པོ་དང་། བློ་གྲོས་མི་ཟད་ པ་དང་། སྤོབས་པ་བརྩེགས་པ་དང་། ཀུན་དུ་བཟང་པོ་སྐུ་མདོག་ལྗང་གུ་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་ཞལ་བཞི་པ་སྟེ། དེ་བཞིན་གཤེགས་པ་ལྷག་མ་རྣམས་ནི་ཞལ་གཅིག་པའོ། །གདན་ནི་སེང་གེ་དང་། གླང་པོ་ཆེ་དང་། རྟ་དང་། རྨ་ བྱ་དང་། ནམ་མཁའ་ལྡིང་ལ་བརྟེན་པའི་པདྨ་དང་། ཟླ་བའི་གདན་ཅན་ཉི་མའི་འོད་ཀྱི་དཀྱིལ་འཁོར་དང་ལྡན་པ། དར་དཔྱངས་དང་ལྡན་པའི་རིན་པོ་ཆེའི་ཅོད་པན་དང་དར་དཔྱངས་ཀྱིས་དབང་བསྐུར་བ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཕྱག་གཉིས་ རང་གི་ཕྱག་རྒྱ་འཆང་བ་སྟེ། འདི་རྣམས་ཀྱི་ཕྱག་རྒྱ་ནི་རིམ་པ་བཞིན་དུ་བྱང་ཆུབ་མཆོག་དང་། ས་ལ་རེག་པ་དང་། མཆོག་སྦྱིན་པ་དང་། ཏིང་ངེ་འཛིན་དང་མི་འཇིགས་པ་ཐམས་ཅད་རབ་ཏུ་སྦྱིན་པའོ། །ལྷག་མ་རྣམས་ནི་ཟླ་བའི་གདན་དང་། ཟླ་བའི་འོད་དང་། ན་བཟའ་དང་། རྒྱན་སྣ་ ཚོགས་པ་མངའ་བ་སངས་རྒྱས་ལྔའི་ཅོད་པན་དང་། དར་དཔྱངས་ཀྱིས་དབང་བསྐུར་བ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཕྱག་རྒྱ་ཆེན་པོས་རང་གི་མཚན་མ་བསྣམས་པ་སྟེ་ལྷག་མ་རྣམས་ནི་རྗེས་སུ་དཔག་པར་བྱའོ། །སྤྱན་ལ་སོགས་པའི་རྣལ་འབྱོར་གྱིས་ཀྱང་ལས་ཀྱི་ཚོགས་ བྱ་བར་གསུངས་ཏེ། དེ་བས་ན་དེའི་སྦྱོར་བ་བསྟན་པའི་ཕྱིར། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣང་བ་མེད་ཅིང་མཐའ་ཡས་པའི་ཡེ་ཤེས་ནི་ནམ་མཁའི་རྡོ་རྗེ་སྟེ། དེའི་དབུས་སུ་ཆུད་པའི་སངས་རྒྱས་ཀྱི་སྐུ་སྟེ། རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། འོད་ དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པའི་སྐུའི་རིམ་པ་ཇི་ལྟ་བ་བཞིན་དུ་རང་གི་སྐུར་བསམས་ལ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་དབུས་སུ་ལཱཾ་མཱཾ་པཱཾ་ཏཱཾ་ཞེས་བྱ་བའི་ས་བོན་རྣམས་ལས་རིམ་པ་ཇི་ལྟ་བ་བཞིན་དུ་སྤྱན་ལ་སོགས་པའི་ལྷ་ མོ་རྣམས་བསྒོམ་པར་བྱའོ། །ཟླ་བ་ཡིད་བཞིན་གྱི་ནོར་བུ་ནི་ནོར་བུ་ཆུ་ཤེལ་ལོ། །བུད་མེད་སྒྱུ་མ་ནི་རྣམ་པར་འགྱུར་བ་སྟེ། དེ་རྣམས་ཀྱི་མཆོག་ནི་ཚོགས་ཏེ་འཁོར་གྱི་དཔུང་གི་ཚོགས་བཞིན་ནོ། །དངོས་གྲུབ་ཀུན་ནི་རྣམ་པར་སྣང་མཛད་ཀྱི་གོ་འཕང་ངོ་། །ནམ་མཁའི་རྡོ་རྗེ་མཆོག་ནི་ མཱ་མ་ཀཱི་སྟེ་ཁྲོ་བ་དང་བཅས་པ་རྣམ་པར་འགྱུར་བ་ན་ནམ་མཁའི་སྒྱུ་མ་སྟེ། དེའི་མཆོག་དེ་དང་ལྡན་པས་ན་ནམ་མཁའི་སྒྱུ་མའི་མཆོག་གོ། །སངས་རྒྱས་བྱང་ཆུབ་ནི་མི་བསྐྱོད་པའི་གོ་འཕང་ངོ་། །མཆོག་ནི་དམ་པའོ། །གསང་བ་ནི་གསང་བ་འཛིན་པའོ། །དངོས་གྲུབ་རྡོ་རྗེ་ནི་རྡོ་རྗེའི་དངོས་གྲུབ་ ལ་རྣལ་འབྱོར་པ་བརྩོན་པའོ། །རྡོ་རྗེ་ཆོས་མ་ནི་ན་བཟའ་དེ་ལས་བྱུང་བའི་དམ་ཚིག་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཀྱི་དག་པའི་ཡེ་ཤེས་ནི་ཆགས་པའི་པདྨ་སྟེ། དེ་འཛིན་པ་ནི་འཛིན་པ་པོའི་སྒྲུབ་པ་པོ་སྟེ། དེ་ནི་སྡུད་པ་དང་། མཉེས་པར་བྱེད་པ་གང་ཡིན་པའོ། །ཨུཏྤལ་དམར་པོ་ཞེས་བྱ་བ་ནི་ པདྨ་དམར་པོ་ལ་བྱ་སྟེ། ཆགས་པའི་ཆོས་ལ་ཆགས་པའི་ཕྱིར་རོ། །དམ་ཚིག་རྡོ་རྗེ་ནི་ཐེག་པ་ཆེན་པོ་ཁོང་དུ་ཆུད་པ་སྟེ། དེ་དང་ལྡན་པའི་གསང་བ་ནི་གསང་བ་འཛིན་པའོ། །བུད་མེད་སྒྱུ་མ་ནི་རྣམ་པར་འགྱུར་བ་སྟེ། དེ་སྟོན་པ་ནི་དྲེགས་པ་བདོ་བ་ནི་ཡེ་ཤེས་འབྱུང་བར་བདོ་བ་གང་ཡིན་པའོ། །ཡེ་ ཤེས་འབྱུང་བའི་ཏིང་ངེ་འཛིན་ནི་རྡོ་རྗེའི་ཏིང་ངེ་འཛིན་ཏེ། དེ་ལས་བྱུང་བའོ། །འདི་དག་ཉིད་ཀྱི་སྔགས་རིམ་པ་ཇི་ལྟ་བ་བཞིན་དུ་གསུངས་པ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྐུ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྐད་དུ་གསུངས་པའི་རྣལ་འབྱོར་ལ་གནས་ལ། བཅོམ་ལྡན་ འདས་ཡུམ་གྱི་ཐུགས་ཀའི་ཟླ་བ་ལ་སྔགས་ཀྱི་ཡི་གེ་འབར་བ་ཕྲེང་བ་བརྒྱུས་པ་ལྟ་བུར་ཡིད་ཀྱིས་མངོན་པར་བྲིས་ལ། དེའི་འོད་ཟེར་རྣམས་ལས་བཅོམ་ལྡན་འདས་ཡུམ་གྱི་སྐུ་ནམ་མཁའ་ཁྱབ་པར་སྤྲོས་ལ་སྐུ་ལ་སོགས་པའི་ངོ་བོ་ཉིད་དེས་སྐུ་ལ་སོགས་པ་རབ་ཏུ་མཆོད་ལ་རྣམ་པར་སྣང་ མཛད་ལ་སོགས་པའི་རྣམ་པར་བསམས་ལ། བསྒྲུབ་པར་བྱ་བ་དང་གཅིག་ཏུ་བྱས་ན་མཆོད་པའི་བདག་ཉིད་ཅན་དུ་འགྱུར་ཏེ། སྤྱན་ལ་སོགས་པ་དང་འདྲ་བར་འགྱུར་རོ། །ལྷ་མོའི་བསྲུང་བ་དེ་དང་འདྲ་བར་དབང་དུ་གྱུར་པ་རྣམ་པ་བརྒྱད་ལ་སྒྲུབ་པ་པོ་འཇོག་པར་འགྱུར་རོ་ཞེས་བྱ་བའི་ དོན་ཏོ། །སྐུ་ལ་སོགས་པའི་གསང་བ་ཉིད་ནི་གསང་བ་ཐམས་ཅད་དོ། །གང་གིས་རྒྱུད་འདི་རྣམ་པར་ཕྱེ་བ་དེ་ལ་ཇི་ལྟར་ན་གསང་བའམ། གསང་ཆེན་དུ་འགྱུར་ཞེ་ན། གང་གི་ཕྱིར་བསྲུང་བར་བྱ་བ་སྟེ། དམ་ཚིག་དང་མི་ལྡན་པ་རྣམས་ལ་ཐམས་ཅད་དུ་བསྟན་པར་མི་བྱ་བ་ཡིན་ནོ། ། དེ་བས་ན་རྒྱུད་གཞན་དག་ཏུ་སྤངས་པ་རྣམས་སྒྲུབ་པ་པོས་བསྲུང་བར་བྱའོ། །བསྲུངས་པའི་ཕན་ཡོན་གང་ཞིག་ཡིན་ཞེ་ན། བསྲུངས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་དེ་རྟག་པར་ཀུན་དུ་བསྲུངས་ན་གསང་བ་དེ་རྣལ་འབྱོར་པ་རྣམས་ལ་འབྱུང་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ ནོ། །དེ་ལྟ་ཡིན་ན་ཅིའི་ཕྱིར་རྣམ་པར་ཕྱེ་ཞེ་ན། ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །ཡོངས་སུ་ཤེས་པའི་ཕན་ཡོན་གང་ཞིག་ཡིན་ཞེ་ན། དངོས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེགས་པར་བྱས་པ་བསྡུས་པ་དེ་ནི་ཚོགས་ཡོངས་སུ་རྫོགས་པ་ཡིན་ནོ། །ཕྱིན་ཅི་མ་ལོག་པའི་ ལྟ་བ་ནི་ཡང་དག་པ་མཐོང་བ་སྟེ། དེ་གཉིས་མེད་པར་ནི་མ་ཡིན་གྱི་དེ་གཉིས་འབྱོར་པར་བྱེད་པ་ཉིད་ལས་འབྱུང་སྟེ། དེ་ལྟ་བས་ན་གསང་བའི་དོན་དུ་གཉེར་བ་རྣམས་ཀྱིས་ཡང་དག་པའི་ཡེ་ཤེས་མ་ལུས་པ་འདི་ལ་ཡོད་པས་ན་གསང་བའི་ཡེ་ཤེས་འབྱུང་ཞེས་བྱ་བའོ། །གསང་བའི་ཡེ་ ཤེས་ལས་བྱུང་བའི་རྣལ་འབྱོར་པ་ནི་སྔ་མ་ལྟ་བུ་ཉིད་མ་ཡིན་ཏེ། དེ་ཐམས་ཅད་དུ་འགྲོ་བར་འགྱུར་ཏེ། རྣལ་འབྱོར་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ། །ཚིགས་སུ་བཅད་པས་བསྟན་པ་དེ་ཉིད་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་བཤད་པ་བསྟན་པ་ནི། ཤེས་རབ་ཅེས་བྱ་བ་ལ་ སོགས་པ་གསུངས་པ་ཡིན་ཏེ། ཆོས་ཐམས་ཅད་གཉིས་སུ་མེད་པའི་སྟོང་པ་ཉིད་དུ་སྣང་བ་ཙམ་དུ་ཡང་དག་པར་ཡོངས་སུ་ཤེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྔགས་དང་ཕྱག་རྒྱ་ལ་སོགས་པས་རྣམ་པར་བརྟགས་པའི་ལུས་ལ་མ་ལུས་པར་རྒྱུད་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ པ་ནི། ཐབས་ཀྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཏེ། མངོན་པར་བྱང་ཆུབ་པ་ལྔ་ལ་སོགས་པ་སྦྱོར་བ་སྟེ། དེ་དག་ཏུ་བརྟགས་པ་ནི་ཤིན་ཏུ་གོམས་པ་སྟེ། དེས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་ལས་ཐམས་ཅད་ལས་དེས་གང་རྣམ་པར་དག་པ་ནི་དངོས་པོ་དེ་ཉིད་ཀྱིས་ དག་པར་འགྱུར་ཏེ། གསང་བའི་དེ་ཁོ་ན་ཉིད་ཀྱི་དངོས་པོ་འདིར་ཡང་དངོས་པོ་ཡོངས་སུ་ཤེས་པའི་ངོ་བོ་ཉིད་དེ། རྣལ་འབྱོར་པ་གང་དངོས་པོ་དག་པ་དེ་ཉིད་རྣལ་འབྱོར་གྱི་ཐོབ་པ་པོར་འགྱུར་ཏེ། ཐོབ་པ་ལ་འཇུག་པར་བྱེད་པ་ཡིན་ནོ། །རྣལ་འབྱོར་བརྩམས་པ་རྣམས་ནི་ལྷུན་གྱིས་གྲུབ་པར་རང་གི་རོ་ རྟག་ཏུ་འབབ་པས་དཔེར་ན་ལྷའི་ནོར་བུ་རྟག་པར་རྒྱུན་དུ་རང་གི་འོད་ཀྱིས་སྣང་བར་གནས་པ་ཡིན་ལ། དེ་བཞིན་དུ་འདི་ནི་རྟག་ཏུ་རང་གི་འོད་ཀྱིས་བསྒོམ་པ་ཡིན་ནོ། །གཞན་དུ་ནི་གསང་བ་འདི་ཐམས་ཅད་སུ་ཞིག་ལ་བཤད་པར་བྱ་ཞེ་ན། རྡོ་རྗེ་དབྱིངས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དགྱེས་པར་མཛད་པས་ན་ཉམས་དགའ་བ་སྟེ་དཀྱིལ་འཁོར་རོ། །དེ་ཡང་གང་ཞིག་དཔལ་དེ་ཁོ་ན་ཉིད་ལས་གསུངས་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་མཁས་པ་སྟེ། ཐོས་པ་མང་བ་དང་། ཡང་དག་པར་སོ་སོར་རྟོག་པ་དང་ལྡན་པ་ལ་ ཐུགས་ཀྱི་གསང་བའི་རྣལ་འབྱོར་མཆོག་ནི་ཏིང་ངེ་འཛིན་ཏེ། དེ་མཁས་པ་ཞེས་བྱ་བ་བླ་མ་རྣམས་ཀྱིས་ཇི་སྐད་དུ་གསུངས་པའི་གསང་བ་ཐམས་ཅད་དེ། བཅོམ་ལྡན་འདས་རྡོ་རྗེ་འཆང་བས་གང་དུ་ཇི་སྐད་དུ་གསུངས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་སྟོན་པར་བྱེད་པའི་གཞུང་ལ་ཡང་ཉེ་བར་གདགས་པས་མིང་དེ་ སྐད་ཅེས་བྱ་བ་ཡིན་ནོ། །བཅོམ་ལྡན་ཉིད་ཀྱི་གསང་བའི་རྒྱུད། །མི་ཟད་དེ་ནི་རྣམ་ཕྱེ་བའི། །ཚིག་ཉུང་དད་པས་ཅི་ནུས་པར། །བཤད་པས་བསོད་ནམས་གང་ཐོབ་པ། །དེས་ནི་ཞི་བའི་བདེ་བ་མཆོག །རྡོ་རྗེ་ཅན་གྱི་གནས་ཐོབ་ནས། །འགྲོ་བ་སྡུག་བསྔལ་དབའ་འཁྱིལ་པར། །དབང་མེད་འཁོར་ལས་ འདོན་པར་ཤོག །ཐམས་ཅད་གསང་བའི་བཤད་སྦྱོར་བ། །རིན་ཆེན་འབྱུང་ཚིག་རིན་ཆེན་དངོས། །དོན་རྣམས་ཤིན་ཏུ་ཕྲ་བ་ཡང་། །གསང་བའི་སྒྲོན་མས་སྣང་བར་བྱས། །དཔལ་ཐམས་ཅད་གསང་བའི་རྒྱུད་ཀྱི་བཤད་སྦྱར་གསང་བའི་སྒྲོན་མ་ཞེས་བྱ་བ། སློབ་དཔོན་རིན་ཆེན་འབྱུང་ གནས་ཞི་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། དུརྒ་ཏི་པ་རི་ཤོ་དྷ་ནཱརྠ་བཱརྟི་ཀཱ་ནཱ་མ། བོད་སྐད་དུ། ངན་སོང་སྦྱོང་ བའི་དོན་གྱི་འབྲུ་འགྲེལ་ཞེས་བྱ་བ། ཆོས་ཉིད་ཐུགས་ཆུད་བདག་ཉིད་གཞན་གྱི་དཔལ། །ཡེ་ཤེས་རྡོ་རྗེས་འཁོར་བའི་སྡུག་བསྔལ་འཇོམས། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་སེམས། །མཁྱེན་པའི་དགོངས་རླབས་ཆོས་ཉིད་རྟོགས་པས་དཔའ། །རྒྱུད་ཀྱི་དོན་གྱི་སྟོན་པའི་ ངོ་བོ་ལ། །ལུས་ངག་ཡིད་གསུམ་དང་བས་ཕྱག་འཚལ་ཏེ། །རྒྱུད་ཀྱི་དོན་འགྲེལ་བདག་གིས་བྱ་བར་འདོད། །གུས་པའི་སེམས་ཀྱིས་འདི་གཞུང་འབད་པར་བྱ། །དེ་ལ་རྒྱུད་འདི་བསྡུས་པའི་དོན་རྣམ་པ་གཉིས་ཀྱིས་བསྟན་ཏེ། གླེང་གཞི་དང་མདོ་བཤད་པའོ། །གླེང་གཞི་ལ་ཡང་དོན་ རྣམ་པ་གཉིས་ཀྱིས་བསྟན་ཏེ། ཕུན་སུམ་ཚོགས་པའི་གླེང་གཞི་དང་། གླེང་བསླང་བ་གཉིས་སོ། །ཕུན་སུམ་ཚོགས་པའི་གླེང་གཞི་ལ་དོན་རྣམ་པ་ལྔ་སྟེ། གང་དུ་བཤད་པའི་གནས་དང་། མ་ནོར་བར་སྟོན་པའི་སྟོན་པ་དང་། ཡོངས་སུ་དག་པའི་འཁོར་དང་། མ་ནོར་བར་སྡུད་པའི་སྡུད་པ་པོ་དང་། གང་དུ་བཤད་པའི་རྒྱུད་དང་ལྔའོ། །གླེང་བསླང་བ་ལ་ཡང་དོན་རྣམ་པ་གཉིས་ཏེ། སྟོན་པས་གླེང་བསླང་བ་དང་། འཁོར་གྱིས་གླེང་བསླང་བའོ། །མདོ་བཤད་པ་ལ་ཡང་དོན་གཉིས་ཏེ། དཀྱིལ་འཁོར་དང་སྦྱིན་སྲེག་གོ། །དཀྱིལ་འཁོར་ལ་ཡང་དོན་རྣམ་པ་གཉིས་ཏེ། འཇིག་རྟེན་དང་། འཇིག་ རྟེན་ལས་འདས་པའོ། །སྦྱིན་སྲེག་ལ་གཉིས་ཏེ། རོའི་སྦྱིན་སྲེག་དང་། ཕྲིན་ལས་རྣམ་བཞིའི་སྦྱིན་སྲེག་གོ། །དེ་ཡང་དབང་པོ་རབ་མགོ་སྨོས་པས་དོན་གོ་བ་ལ་ནི། ཏནྟྲའི་མཚན་སྨོས་ཏེ། དེ་ཡང་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཞེས་སྨོས་ཏེ། དེ་ནི་མ་ནོར་ཅིང་ཕྱིན་ཅི་མ་ལོག་པའི་རང་བཞིན་ཆོས་ཉིད་ཇི་བཞིན་པ། ཡེ་ནས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེའི་དོན་ནི་གཤེགས་པ་མེ་ལོང་ལྟ་བུའི་ཡེ་ཤེས། དཔེར་ན་མེ་ལོང་ལ་གཟུགས་བརྙན་འབྱུང་ཞིང་རྟོག་པ་མེད་པ་ལྟར། མེ་ལོང་ ལྟ་བུའི་ཡེ་ཤེས་ཀྱིས་ཆོས་ཉིད་ཀྱི་དོན་རྟོགས་པས་རིག་པ་དབྱིངས་སུ་གཤེགས་ནས་ཐུགས་རྗེའི་དཀྱིལ་འཁོར་འབྱུང་བའི་རྒྱུར་གྱུར་པས་ཆོས་ཀྱི་སྐུའོ། །དགྲ་བཅོམ་པ་ནི་སེམས་ཅན་གྱི་གནས་སྐབས་ན་ཉོན་མོངས་པ་ཅན་གྱི་ཡིད། ང་དང་བདག་ཏུ་འཛིན་པ་ང་དང་ བདག་མེད་པར་བསྒོམས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པའོ། །ཡང་དག་པར་རྫོགས་པ་ནི། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཏེ། དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་ཡང་དག་པར་རྫོགས་པར་བྱེད་པས་ན་སྨོས་ཏེ། ཅིའི་ཕྱིར་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་ལ་ཡང་ དག་པར་སྤྱོད་ཅིང་། བག་ཆགས་ཀུན་གཞི་ལ་རྫོགས་པར་སོགས་པས་ན་སྨོས་ཏེ། དེ་གནས་གྱུར་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །དེ་གཉིས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སངས་རྒྱས་ཀྱི་ནི་སྤྲུལ་པའི་སྐུ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྒྱུ་ནི། སྒོ་ལྔའི་རྣམ་པར་ཤེས་ པ། ཡུལ་ལོག་པར་རྟོག་པ། སྐྱེས་བུ་ར་རོ་བའམ། གཉིད་ལོག་པ་ལས་སངས་ཤིང་། ཤེས་བྱ་ལ་ཡེ་ཤེས་ཀྱིས་ཁྱབ་ཅིང་རྒྱས་པར་བྱེད་པས་ན་སངས་རྒྱས་སོ། །དེ་ནི་སྐུ་གསུམ་གྱི་ཕྲིན་ལས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་ པ་ཞེས་བྱ་བ་སྨོས་ཏེ། དེ་ལ་ངན་པ་ནི་རྒྱུ་སྟེ། ཡང་དག་པའི་དོན་ལ་མགོ་རྨོངས་ཤིང་། རྒྱུ་ངན་པ་སྤྱོད་པའི་ཕྱིར་ན་ངན་པའོ། །སོང་བ་ནི་འབྲས་བུ་སྟེ། ཅིའི་ཕྱིར་ཞེ་ན། རྒྱུ་ལས་དང་ཉོན་མོངས་པས་འབྲས་བུ་ཁམས་གསུམ་དུ་ཡང་ནས་ཡང་དུ་སོང་བའི་ཕྱིར་རོ། །ཡོངས་སུ་སྦྱོང་བ་ནི་ངན་སོང་གི་རྒྱུ་སྦྱོང་བ་ དང་། འབྲས་བུ་སྦྱོང་བའོ། །རྒྱུ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྦྱོང་། འབྲས་བུ་ནི་འོད་ཟེར་སྡུད་པའི་ཕྲེང་བས་སྦྱོང་། གཟི་བརྗིད་ནི་རྒྱུ་ཉོན་མོངས་པ་ཐམས་ཅད་སྦྱོང་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཟི་བརྗིད་ཡེ་ཤེས་ལྔ་དང་ལྡན་པས་ཉོན་མོངས་པ་རྣམ་པ་ལྔ་འཇོམས་པའི་གཟི་བརྗིད་དང་ལྡན་ པའོ། །འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་འཇོམས་པའོ། །འོད་ཐུགས་རྗེ་ལ་ཟེར་ཕྲིན་ལས་རྒྱུན་མི་འཆད་པའི་གཟི་བརྗིད་དང་ལྡན་པའོ། །རྣམ་པ་གཅིག་ཏུ་ཡོན་ཏན་གྱི་གཟི་བརྗིད་དང་ལྡན་པའོ། །རྒྱལ་པོ་ནི་ཉེས་པའི་སྐྱོན་བཅོམ་ཞིང་ལེགས་པའི་ཡོན་ཏན་སྣ་ཚོགས་པ་དང་ལྡན་པས་རྒྱལ་ པོའོ། །བརྟག་པ་ནི་ཆོ་ག་ཞིབ་མོ་དང་། རྒྱུ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ནས་བརྟག་པའོ། །དེ་ནས་དབང་པོ་རབ་མགོ་སྨོས་པས་གོ་བ་ལ་གསུངས་སོ། །ད་ནི་དབང་པོ་འབྲིང་ཚིག་གི་དོན་རྣམ་པར་ཕྱེ་བས་གོ་བ་ལ་དོན་གྱིས་དབྱེ་བ་སྟོན་ཏེ། དེ་ཡང་དོན་རྣམ་པ་གཉིས་སུ་ཤེས་ པར་བྱ་སྟེ། ཐུགས་ཆོས་ཉིད་ལས་མ་གཡོས་པའི་རྟགས་སུ་ནི་དཀྱིལ་འཁོར་དུ་སྟོན་ལ་ཐུགས་རྗེ་འགྲོ་བའི་དོན་མཛད་པའི་རྟགས་སུ་ནི་ཧོམ་དུ་བསྟན་ཏོ། །དེ་ཡང་བདེན་པ་གཉིས་དང་མི་འགལ་བར་བྱ་བའི་དོན་ཆེད་ནི། དཀྱིལ་འཁོར་ལ་ཡང་འཇིག་རྟེན་པ་དང་འཇིག་རྟེན་ ལས་འདས་པ་གཉིས་སུ་གསུངས་སོ། །ཧོམ་ལ་ཡང་གཉིས་ཏེ། དངོས་པོ་ལ་ཞེན་པ་བཟློག་པའི་ཕྱིར་ནི་རོ་སྲེག་གི་ཧོམ་དང་། ཐུགས་རྗེ་ཕུན་སུམ་ཚོགས་པས་འགྲོ་བའི་དོན་མཛད་པའི་ཕྱིར་ཕྲིན་ལས་རྣམ་བཞིའི་ཧོམ་དང་གཉིས་སོ། །དེ་ལྟར་གསུངས་པ་དེ་ཡང་དགོས་འབྲེལ་གྱི་ འབྲེལ་བསྟན་ཏེ། དེ་ཡང་ཅིའི་ཕྱིར་ཞེ་ན། ཐུགས་ཆོས་ཉིད་ལས་མ་གཡོས་ཀྱང་། རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་པའི་རྟགས་སུ་ནི། རྩ་བའི་དཀྱིལ་འཁོར་ཆེན་པོ་གསུངས་སོ། །དེ་ལྟར་རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་ཀྱང་། ཐུགས་རྗེས་ངན་སོང་གི་རྒྱུ་འབྲས་གཞོམ་པའི་ཕྱིར་ གཙུག་ཏོར་བརྒྱད་ཀྱི་དཀྱིལ་འཁོར་གསུངས་སོ། །དེ་ལྟར་རྒྱུ་འབྲས་བཅོམ་ཡང་། སེམས་ཅན་འཆི་བ་ནི་ངན་སོང་གི་ལས་ཡིན་པས། དེ་ཞི་བར་བྱ་བའི་ཕྱིར། ཚེ་དཔག་མེད་ཀྱི་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་དཀྱིལ་འཁོར་གསུངས་སོ། །ལས་ཀྱི་སྒྲིབ་པ་རྒྱུན་བཅད་ཀྱང་། སེམས་ཅན་གློ་བུར་གྱི་རྐྱེན་གྱིས་འཆི་བས་ཚེ་དཔག་མེད་འཆི་བདག་འཇོམས་པ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གསུངས་སོ། །དེ་ལྟར་འཆི་བདག་བཅོམ་ཡང་ཕྲིན་ལས་རྣམ་བཞིའི་སྒོ་ནས་འགྲོ་བའི་དོན་མཛད་དགོས་པས། བྱང་ཆུབ་སེམས་དཔའ་རིགས་བཞི་འཁོར་ལོས་སྒྱུར་ བའི་མཎྜལ་གསུངས་སོ། །དེ་ལྟར་འགྲོ་བའི་དོན་མཛད་ཀྱང་མ་རུངས་པ་གདུལ་དགོས་པས། ཁྲོ་བོ་རྡོ་རྗེ་ཉི་མའི་མཎྜལ་གསུངས་སོ། །དེ་ལྟར་མ་རུངས་པ་ཐུལ་ཡང་། དངོས་པོར་ལྟ་བ་སུན་དབྱུང་དགོས་པས། རོ་སྲེག་གི་ཧོམ་གསུངས་སོ། །དེ་ལྟར་དངོས་པོར་ལྟ་བ་སུན་ དབྱུང་ཡང་། ཐུགས་ཆོས་ཉིད་ལས་མ་གཡོས་པའི་རྟགས་སུ་ཞི་བའི་ཧོམ་གསུངས་སོ། །དེ་ལྟར་མ་གཡོས་ཀྱང་འགྲོ་བའི་དོན་བྱ་དགོས་པས་རྒྱས་པའི་ཧོམ་གསུངས་སོ། །དེ་ལྟར་དོན་མཛད་ཀྱང་འཁོར་བ་དབང་དུ་བསྡུ་དགོས་པས་དབང་གི་ཧོམ་གསུངས་སོ། ། དེ་ལྟར་དབང་དུ་བསྡུས་ཀྱང་མ་རུངས་པ་ལ་མངོན་སྤྱོད་ཀྱི་ལས་བྱ་དགོས་པས་དྲག་པོའི་ཧོམ་གསུངས་སོ། །འཇིག་རྟེན་པ་མཚན་མ་ལ་དགའ་བས་དེ་ཞི་བར་བྱ་བའི་ཕྱིར། འཇིག་རྟེན་པའི་མཎྜལ་དྲུག་གསུངས་ཏེ། འཇིག་རྟེན་པའི་དྲི་ཟ་དང་གྲུལ་བུམ་དང་གནོད་སྦྱིན་དང་། ཀླུའི་གནོད་པ་ཞི་བར་བྱ་ བའི་ཕྱིར་རྒྱལ་པོ་བཞིའི་མཎྜལ་གསུངས་སོ། །གདོན་སྟོང་ཕྲག་བརྒྱད་ཅུ་ཞི་བར་བྱ་བའི་ཕྱིར་ཕྱོགས་སྐྱོང་བཅུའི་དཀྱིལ་འཁོར་གསུངས་སོ། །བཟའ་དང་དུས་ཚིགས་སྐར་མ་གདུག་པ་སླུ་བ་ཞི་བར་བྱ་བའི་ཕྱིར་གཟའ་བརྒྱད་ཀྱི་མཎྜལ་གསུངས་སོ། །ཀླུའི་དུག་ཞི་བར་བྱ་བའི་ཕྱིར་ཀླུ་བརྒྱད་ཀྱི་མཎྜལ་ གསུངས་སོ། །འཇིག་རྟེན་གྱི་ལྷ་མི་དགའ་བ་ཞི་བར་བྱ་བའི་ཕྱིར་ལྷ་ཆེན་པོ་བརྒྱད་ཀྱི་མཎྜལ་གསུངས་སོ། །ལྷ་གདོན་ཞི་བར་བྱ་བའི་ཕྱིར་འཇིགས་བྱེད་བརྒྱད་ཀྱི་མཎྜལ་གསུངས་སོ། །དེ་ལ་འཇིག་རྟེན་ལས་འདས་པའི་མཎྜལ་རྣམ་པ་དྲུག་ཏུ་གསུངས་པ་ནི། རྒྱུ་བྱང་ཆུབ་ཀྱི་སེམས་ རྟོགས་པའི་སྒོ་ནས། འབྲས་བུ་ཡེ་ཤེས་རྣམ་པ་དྲུག་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྟགས། དཀྱིལ་འཁོར་རྣམ་པ་དྲུག་དང་ལྡན་པའི་སྒོ་ནས། རྒྱུ་དྲུག་གིས་སྒྲིབ་པ་སྦྱོང་བའི་ཕྱིར་གསུངས་སོ། །ཧོམ་ལྔ་གསུངས་པ་ནི། ཉོན་མོངས་པ་རྣམ་པ་ལྔ་སྦྱོང་བའི་རྟགས་སུ་གསུངས་སོ། །འཇིག་རྟེན་ པའི་མཎྜལ་ནི། འཇིག་རྟེན་པའི་འདོད་པ་བསྐང་ཞིང་དགའ་བར་གཞུག་པ་དང་། འཇིག་རྟེན་པ་དང་མཐུན་པར་བྱ་བའི་ཕྱིར་གསུངས་སོ། །དེ་ནི་དོན་གྱིས་དབྱེ་བ་སྟེ། དབང་པོ་འབྲིང་དོན་རྣམ་པར་ཕྱེ་བས་གོ་བ་ལ། དོན་གྱི་དབྱེ་བ་སྨོས་པ་ཡིན་ནོ། །དབང་པོ་རབ་འབྲིང་གཉིས་ཀྱི་དོན་ ཆེད་དུ། ཏནྟྲའི་མཚན་དོན་གྱི་དབྱེ་བ་མདོར་བསྡུས་ཏེ་བསྟན་པའི་དོན་ཡིན་ནོ། །ད་ནི་དབང་པོ་ཐ་མ་ཚིག་ལྷུར་བླངས་པས་གོ་བ་རྣམས་ལ། རྒྱུད་ཀྱི་དོན་གསལ་བར་བྱ་བའི་ཕྱིར། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ཏེ། སེམས་ཅན་རྣམས་ནི་མཚན་མ་ ལ་ཞེན་ཅིང་། དངོས་པོར་ལྟ་བས་ན། དེ་དག་གདུལ་བའི་ཕྱིར་ནི་ཧོམ་དང་དཀྱིལ་འཁོར་གསུངས་ཏེ། མཚན་མའི་སྒོ་ནས་མཚན་མ་མེད་པའི་དོན་ཤེས་པར་བྱ་བའི་ཕྱིར་སྨོས་ཏེ། དེ་ཡང་འདུལ་བའི་དབང་དུ་ཤེས་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པའི་སྟོན་པ་སངས་རྒྱས་ བཅོམ་ལྡན་འདས་སྐུ་དང་ཡེ་ཤེས་ཀྱི་ངོ་བོས་སྔོན་གྱི་བསོད་ནམས་ཀྱི་ཚོགས་མཐའ་ཡས་པ་བསགས་པས། བདག་དང་གཞན་གྱི་དོན་མ་ལུས་པར་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཐུགས་ཆོས་ཉིད་རྣམ་པར་མི་རྟོག་པའི་ངང་ལས་བཞེངས་ནས་འཁོར་བའི་སེམས་ཅན་རྣམས། ཉོན་ མོངས་པའི་རྒྱ་མཚོ་ལས་ཐར་ཅིང་གྲོལ་བར་བྱ་བའི་དོན་དུ། རི་རབ་རིའི་རྩེ་མོར་ནོར་བུ་རིན་པོ་ཆེའི་ཁང་བཟངས་ནས། བྱང་ཕྱོགས་དགའ་བའི་ཚལ་དུ་ལྷ་རྣམས་གདུལ་བའི་དོན་དུ་ཞུས་ཏེ། རྒྱུད་ཀྱི་དོན་འདི་བཀའ་སྩལ་པའི་ཚེ། ཐུགས་ཡང་དག་པའི་ཡེ་ཤེས་ལས་སྐྱེས་པ། སྐུ་གསུང་ ཐུགས་གསང་བའི་མཛོད་འཛིན་པ། ལག་ན་རྡོ་རྗེ་འཁོར་གྱི་ནང་དུ་ཐོས་ནས། དོན་གྱི་སྙིང་པོ་ཚིག་གི་ཕྲེང་བ་འདི་བསྡུས་ནས་གཞན་ལ་བཤད་པའི་ཕྱིར། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ཅེས་སྨོས་ཏེ། འདི་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་བའི་ སེམས་ཅན་རྣམས་བསྒྲལ་བའི་ཕྱིར། རྒྱུད་ཀྱི་དོན་འདི་གསུངས་པའི་ཚེ་འདི་ཞེས་བྱའོ། །བདག་གིས་ཞེས་བྱ་བ་ནི། ལག་ན་རྡོ་རྗེ་བདག་ནི་དེའི་ཚེ་འཁོར་གྱི་ནང་དུ་བདག་འདུས་པའི་དོན་ཏོ། །ཐོས་པ་ཞེས་བྱ་བ་ནི་ཐུགས་མཁྱེན་པའི་ཡེ་ཤེས་ཀྱིས་འགྲོ་བའི་དོན་ལ་དགོངས་ནས། ཞལ་གྱི་མཎྜལ་ནས་ཚངས་པའི་གསུང་ཕྱུང་ནས་བཀའ་སྩལ་པའི་ཚེ། རྣ་བའི་དབང་པོ་སྐྱོན་མེད་པས་ཐོས་པའི་ཕྱིར་རོ། །དུས་གཅིག་ན་ཞེས་བྱ་བ་ནི་སྟོན་པ་བརྒྱ་ལམ་གཅིག་ན། བརྒྱ་བྱིན་གྱི་གནས་ན་འདུག་པའི་དུས་སོ། །དབྱར་དགུན་སྟོན་དཔྱིད་ལ་སོགས་པ་ནི་སྟོན་པ་ཐུགས་ རྗེ་ཆེ་བས་འཁོར་རྣམས་ཀུན་གྱི་ནང་ན་བཞུགས་པར་སྣང་ཞིང་། དེའི་ཚེ་དེའི་དུས་ན་བཤད་ཀྱི། གང་ན་བཞུགས་ཤིང་ཆོས་སྟོན་ཏོ་ཞེས་སོ་སོར་ཐེ་ཚོམ་སྐྱེས་དོགས་ཏེ་དེའི་ཕྱིར་མ་སྨོས་སོ། །བྷ་ག་བཱན་ནི་སྟོན་པ་ཕུན་སུམ་ཚོགས་པ་སྟེ། བཅོམ་ཞེས་བྱ་བ་ནི་བདུད་བཞི་བཅོམ་སྟེ་རྡོ་རྗེ་ལྟ་ བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་རྣམས་རྡོ་རྗེའི་གདན་སྟེངས་སུ་མཐར་མཛད་ནས་ཉོན་མོངས་པའི་བདུད་བཅོམ་མོ། །དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་མངོན་པར་བྱང་ཆུབ་པ་ལྔས་བསྐུལ་ཏེ། རྣམ་པར་ཤེས་པའི་ ཚོགས་བརྒྱད་ཡེ་ཤེས་རྣམ་པ་ལྔར་གནས་གྱུར་ཏེ། འཆི་བ་མེད་པ་གཡུང་དྲུང་གི་ཚེ་ཐོབ་པས་འཆི་བདག་གི་བདུད་བཅོམ་མོ། །ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་ནས། སྐུ་གསུམ་ཡེ་ཤེས་ཀྱི་ངོ་བོས། ཐུགས་རྗེའི་སྤྲུལ་པས་ཆ་གཅིག །རི་རབ་རིའི་རྩེ་མོར་རྣམ་པར་རྒྱལ་ བའི་ཁང་བཟངས་སུ། སྤྲུལ་པའི་སྐུའི་དང་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་འཛིན་པ། རྣམ་པར་སྣང་མཛད་སེམས་དཔའ་སུམ་ཅུ་རྩ་བདུན་གྱི་ངོ་བོར་སངས་རྒྱས་པས། མཚན་ཡང་རྣམ་པར་སྣང་མཛད་རྡོ་རྗེ་དབྱིངས་སུ་གསོལ་བས། སྐུ་དང་ཡེ་ཤེས་རྣམ་པར་དག་པའི་ངོ་བོར་ སྣང་བས། ཕུང་པོའི་མིང་མེད་པས་ཕུང་པོའི་བདུད་བཅོམ་མོ། །དེ་ལྟར་སངས་རྒྱས་ཀྱང་དམག་དཔོན་བཙོན་དུ་བཟུང་ན་དྲ་མ་ལེགས་པ་དང་འདྲ་བར། ཐུགས་རྗེའི་སྤྲུལ་པ་ཆ་གཉིས་སུ་གྱེས་ནས། ཆ་གཅིག་རྡོ་རྗེའི་གདན་སྟེངས་སུ་བསྟན་ཏེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་བྱེ་ བ་དུང་ཕྱུར་ཐུལ། ཆ་གཅིག་རི་རབ་ཀྱི་རྩེ་མོར་རྣམ་པར་སྣང་མཛད་ཀྱིས་ལག་ན་རྡོ་རྗེར་སྤྲུལ་ནས། ལྷ་ཆེན་པོ་རྣམས་ཐུལ་ནས་ལྷའི་བུའི་བདུད་བཅོམ། ལྡན་པ་ནི་དེ་ལྟར་བདུད་བཞི་བཅོམ་པའི་དོན་གྱིས་ལེགས་པའི་ཡོན་ཏན་དྲུག་དང་ལྡན་ཏེ། དབང་ཕྱུག་གཟུགས་བཟང་གྲགས་པ་དང་། ། དཔལ་དང་ཡེ་ཤེས་བརྩོན་འགྲུས་སོ། །ཞེས་འབྱུང་སྟེ། དེ་ལ་དབང་ཕྱུག་ཕུན་སུམ་ཚོགས་པ་ནི། ཐུགས་རྣམ་པར་མི་རྟོག་པའི་ངང་ལ་བཞག་པས་ན། མྱ་ངན་ལས་འདས་པའི་མཐའ་ལས་དབང་ཞེས་བྱའོ། །ཐབས་མཁས་པའི་ཐུགས་རྗེས་འགྲོ་བའི་དོན་སྣ་ཚོགས་སུ་མཛད་པས་ འཁོར་བའི་མཐའ་ལས་དབང་ཞེས་བྱའོ། །སྔོན་བསྐལ་པ་གྲངས་མེད་པ་མཐའ་ཡས་པ་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་བསགས་པས་ཕྱུག་གོ། །གཟུགས་བཟང་ཞེས་བྱ་བ་ནི་སྐུ་ཕུན་སུམ་ཚོགས་པའི་དོན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྐུ་ལྷུན་གྱིས་ གྲུབ་པ་རྣམ་པར་མི་རྟོག་པའི་ངོ་བོར་གནས་ཏེ། དེའི་ཁྱད་པར་ལས་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། དབང་ཕྱུག་ཆེན་པོའི་གནས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་རྣམ་པར་སྣང་མཛད་དུ་བསྟན་ཏེ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ན་སྐུའི་སྒོ་ནས་ ཆོས་སྟོན་ཏོ། །སྤྲུལ་པའི་སྐུ་ནི་རྣམ་པར་སྣང་མཛད་རི་རབ་རིའི་རྩེ་མོར་ལྷ་རྣམས་ལ་ཆོས་སྟོན་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། ཤཱཀྱ་ཐུབ་པ་དབུ་རེག་དང་ཞབས་རྗེན་དུ་བསྟན་ཏེ། འགྲོ་བའི་དོན་མཐའ་ཡས་པར་མཛད་པའི་ཚིག་གོ། །དེ་ལྟ་བུའི་སྐུ་དང་ ལྡན་པའི་ཕྱིར་ན་གཟུགས་བཟང་བའོ། །དཔལ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་ཉིད་བསམ་དུ་མེད་པའི་དོན་ཐུགས་སུ་ཆུད་ནས། དངོས་པོ་ཐམས་ཅད་བསལ་ནས་མི་རྟོག་པའི་ངང་ལ་བཞུགས་པ་ནི་བདག་གི་དཔལ་ལོ། །སྔོན་གྱི་བསོད་ནམས་ཀྱི་ཚོགས་ཀྱིས་ ཐབས་མཁས་པའི་སྒོ་ནས་འགྲོ་བའི་དོན་སྣ་ཚོགས་སུ་མཛད་པས་ནི་གཞན་གྱི་དཔལ་ལོ། །ཡེ་ཤེས་ཞེས་བྱ་བ་ནི། ཆོས་ཐམས་ཅད་སྤྱི་དང་རང་གི་མཚན་ཉིད་ཀྱང་མཉམ་པ་ཉིད་ལས་མ་གཡོས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལྟར་སྟོང་པ་ཉིད་ཀྱང་དོན་དམ་པར་ན་ ཡང་དག་པའི་ཤེས་རབ་ཀྱིས་གསལ་བར་རིག་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལྟར་རྟོགས་པས་བྱས་པ་ཆུད་མ་ཟོས་པས་བྱས་པ་མཐར་ཕྱིན་པས་ན་བྱ་བ་གྲུབ་པའི་ཡེ་ཤེས་སོ། །བརྩོན་འགྲུས་ནི་ཉིན་མཚན་དུས་དྲུག་ཏུ་འགྲོ་བའི་དོན་སྣ་ཚོགས་སུ་མཛད་པ་ནི་བརྩོན་ འགྲུས་སོ། །དེ་ལྟ་བུའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཉེས་པའི་མཐར་ཕྱིན་པ། ལེགས་པའི་ཡོན་ཏན་བསྔགས་པའི་ཕུལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ནི་རྒྱུད་ཀྱི་སྟོན་པ་སྣ་ལ་སྨོས་སོ། །སྟོན་པའི་མདོར་བསྡུས་པ་བཤད་ཟིན་ཏོ།། །།ད་ནི་གནས་ཕུན་སུམ་ ཚོགས་པའི་རང་བཞིན་ཀུན་རྫོབ་ཏུ་འདོད་པའི་ཡོན་ཏན་ལྔའི་རང་བཞིན་དུ་སྣང་བ་སྟེ། དེ་བཞིན་གཤེགས་པའི་བཞུགས་གནས་སུ་གསུངས་པས་ན། དོན་དམ་པ་བཤད་པའི་ཐབས་སུ་སྟོན་ཏེ། དེ་ཡང་ཅིའི་ཕྱིར་ཞེ་ན། ལྷའི་མཆོག་ཐམས་ཅད་ཀྱི་གནས་དགའ་བའི་ཚལ་ཡིད་དུ་ འོང་བ། ཁྱད་པར་དུ་འཕགས་པའི་གནས་ཕུན་སུམ་ཚོགས་པ་སྟོན་ཏེ། བརྒྱ་བྱིན་ལྷའི་དབང་པོ་བསོད་ནམས་ཀྱི་མཐུ་ལས་བྱུང་བ། ལྷའི་ལོངས་སྤྱོད་ཀྱི་རྒྱན་རིན་པོ་ཆེ་སྣ་ཚོགས་པ་དང་། མཆོད་པའི་ཡོན་ཏན་སྣ་ཚོགས་པ་རྣམས་སུ་སྣང་བས་ནི་ལྷའི་གནས་ཞེས་ བྱའོ། །ཀུན་རྫོབ་ཏུ་དེ་ལྟར་སྣང་ན་ཡང་། དོན་དམ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ནས་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཕྱིར་ན་མཆོག་ཅེས་བྱའོ། །དེ་ལྟ་བུའི་གཞལ་ཡས་ཁང་དེ་ལས་འདོད་པའི་ཡོན་ཏན་ཏིང་ངེ་འཛིན་གྱི་མཐུ་སྣ་ ཚོགས་སུ་འབྱུང་བས་ན་ཐམས་ཅད་ཀྱི་ཞེས་བྱའོ། །དེ་ལྟ་བུའི་གཞལ་ཡས་ཁང་གི་ངོ་བོ་ཉིད་ནི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱིས་རྟོགས་པའི་ཡུལ་ཡིན་པས་ན་གནས་ཞེས་བྱའོ། །དེའི་དོན་ཟབ་ལ་རྒྱ་ཆེ་རབ་ཏུ་རྟོགས་ན་དགའ་བའི་རོ་སྣ་ཚོགས་སུ་འབྱུང་བས་རབ་ཏུ་དགའ་བའི་ངོ་བོས་ན་ དགའ་བ་ཞེས་བྱའོ། །ཆོས་ཀྱི་དབྱིངས་ཀྱི་གཞལ་མེད་ཁང་སྟེ། ཡོན་ཏན་དང་ཆོ་འཕྲུལ་སྣ་ཚོགས་པ་འབྱུང་བའི་གཞི་ཡིན་པས་ན་མང་བའི་ཕྱིར་ཞེས་བྱའོ། །མཚན་དང་དཔེ་བྱད་རྒྱན་དང་ཆ་ལུགས་སྣ་ཚོགས་པ་འབྱུང་བའི་གཞི་ཡིན་པས་ན། སེམས་རབ་ཏུ་དགའ་མགུ་ རངས་པའི་ཕྱིར་ན་ཡིད་དུ་འོང་བ་ཞེས་བྱའོ། །དེ་ལྟར་གནས་ཀྱི་ཡོན་ཏན་མདོར་བསྡུས་ནས། དེའི་འོག་ཏུ་ཡོན་ཏན་ཀུན་རྫོབ་ཏུ་སྣ་ཚོགས་སུ་སྣང་བ་དེ་བརྒྱ་བྱིན་བསོད་ནམས་ཀྱི་རྐྱེན་ཏེ། དོན་དམ་པའི་ཚུལ་དུ་བཤད་པར་བྱ་སྟེ། དངོས་པོ་རྣམས་ཆོས་ཉིད་དུ་ཟླ་བ་དང་། མཚན་མ་ ལ་ཞེན་པ་རྣམས་མཚན་མ་མེད་པར་བྱ་བ་དང་། དེ་བཞིན་གཤེགས་པར་གཞན་མས་རྟོགས་པའི་ཡུལ་མ་ཡིན་ཞེས་སྟོན་ཏེ། དེ་ཡང་ཅིའི་ཕྱིར་ཞེ་ན། བུདྡྷ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཞེས་འབྱུང་བའི་ཕྱིར་ན་འོག་གི་གཏན་ཚིགས་གང་དུ་ དྲངས་པའི་སྒོ་ནས་ཆེད་དོ། །ནོར་བུ་དང་རྔ་བོ་ཆེའི་སྒྲ་གྲག་པ་ལ་སོགས་པ་བསྟན་པར་བྱ་སྟེ། ཆེ་བའི་ཡོན་ཏན་སྣ་ཚོགས་སུ་འབྱུང་བའི་རྟགས་སུ་ནོར་བུ་དང་། །བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་འོད་འབར་བའི་རྟགས་སུ་གསེར་གྱི་ཤིང་ཡལ་ག་དང་ལྡན་པ་དང་། ཏིང་ངེ་འཛིན་བདེ་ བའི་དོན་གྱི་ཁྱད་པར་ལ་དབང་ཐོབ་པའི་རྟགས་སུ་ལྕུག་མར་བཅས་པ་དང་། ཏིང་ངེ་འཛིན་འབུམ་ཕྲག་འབྱུང་བའི་རྟགས་སུ་ཤིང་གེལ་པ་དང་། ཡང་དག་པའི་ཤེས་རབ་ཀྱིས་ཉོན་མོངས་པའི་ནད་སྣ་ཚོགས་པའི་སྡུག་བསྔལ་གྱི་གནོད་པ་སེལ་བའི་རྟགས་སྨན་དང་། སོ་སོར་ཀུན་དུ་ རྟོགས་པའི་ཤེས་རབ་ལ། གཟུང་འཛིན་རྣམ་པ་གཉིས་ཀྱི་སྐྱོན་གྱི་ཟུག་རྔུ་དང་བྲལ་ཏེ་འཁོར་བའི་ཉེ་གནས་ལ་ཕན་འདོགས་པའི་རྟགས་སུ་མེ་ཏོག་སྣ་ཚོགས་པ་དང་། འཁོར་བ་མི་ཟད་པའི་བར་དུ་ཐབས་མཁས་པའི་ཐུགས་རྗེ་ཆེན་པོ་མི་ཟད་པས་ན་དཔག་བསམ་གྱི་ཤིང་གིས་མཛེས་པར་ བྱས་པ་དང་། ཐབས་མཁས་པའི་ཆོ་འཕྲུལ་སྣ་ཚོགས་པ་འགྲོ་བ་ལ་འབྱུང་བའི་རྟགས་སུ་ནི་རྒྱན་གྱི་རྣམ་པ་སྣ་ཚོགས་པས་བརྒྱན་པ་དང་། ཐོགས་པ་མེད་པའི་ཡེ་ཤེས་ཀྱི་རྫུ་འཕྲུལ་གྱིས་འཁོར་བའི་ཉེ་གནས་ལ་ཕན་འདོགས་པའི་རྟགས་བྱ་སྣ་ཚོགས་པ་སྐད་འབྱིན་པ་དང་། ཞལ་ གྱི་དཀྱིལ་འཁོར་ནས་ཚངས་པའི་གསུང་རྣམ་པར་དག་པ་ཕྱུང་ནས་འགྲོ་བ་ལ་ཆོས་སྟོན་པའི་རྟགས་སུ་རྔ་བོ་ཆེ་དང་། ཅང་ཏེའུ་ལ་སོགས་པའི་སྒྲ་སྣ་ཚོགས་པ་གྲག་པ་ལ་སོགས་པ་བསྟན་པའི་ཕྱིར་རོ། །དེ་ནི་གཞལ་ཡས་ཁང་གི་ཕུན་སུམ་ཚོགས་པའི་དོན་བསྟན་ཟིན་ཏོ། །ད་ནི་ འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱི་རྐྱེན་དང་། དེ་བཞིན་གཤེགས་པ་ལས་གྲུབ་པའི་དོན་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཁམས་གསུམ་ཐམས་ཅད་ཐུགས་རྡོ་རྗེའི་ཞིང་ཡིན་པས་ན། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་རྩེན་པ་ཞེས་བྱའོ། །ས་དང་པོ་བདེན་པ་མཐོང་ བས། ཏིང་ངེ་འཛིན་དང་ཞིང་ཁམས་བརྒྱ་ལ་རྩལ་སྦྱོང་བས་བརྒྱ་བྱིན་ཞེས་བྱའོ། །ས་དང་པོར་འཁོར་བ་བསྟན་པ་ལས་ཚངས་པ་ལ་སོགས་པ་ཞེས་བྱའོ། །ས་དང་པོ་རང་གི་ཏིང་ངེ་འཛིན་ལ་ཤེས་པའི་རྩལ་སྦྱོང་བས་ན། ལྷའི་བུ་སྣ་ཚོགས་པས་རྣམ་པར་རྩེན་པ་ཞེས་བྱའོ། ། ས་དང་པོར་དེ་བཞིན་གཤེགས་པ་ཐམས་ཅད་ལ་དགེ་བའི་རྩ་བ་བསྐྲུན་པས་ན། དེའི་ཕྱིན་ན་སངས་རྒྱས་དང་ཞེས་བྱའོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཤེས་པའི་རྩལ་སྦྱོང་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་གཞི་ཡིན་པས་ན་ བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གཞལ་ཡས་ཁང་དེ་ནི་ས་དང་པོ་མཐོང་བའི་ལམ་ཡན་ཆད་མ་ཡིན་པ་གཞན་གྱིས་མ་རྟོགས་པས་ན། ཤེས་པའི་རྩལ་སྦྱངས་ ཏེ། ཐུན་མོང་མ་ཡིན་པའི་གནས་དེ་ན་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འཁོར་འཇིག་རྟེན་ལས་འདས་པ་སྣ་ཚོགས་པས་ཡོངས་སུ་བསྐོར་ནས་སྤྲིན་བཞིན་དུ་གཏིབས་ཏེ་བཞུགས་པའི་དོན་རབ་ཏུ་བསྡུས་པ་སྟོན་ཏེ། གནས་ཕུན་སུམ་ཚོགས་པའི་དོན་བསྡུས་པའི་ དོན་བཤད་ཟིན་ཏོ།། །།ད་ནི་འཇིག་རྟེན་པའི་འཁོར་ཕུན་སུམ་ཚོགས་པ་སྟོན་ཏེ། འཇིག་རྟེན་ལས་འདས་པའི་འཁོར་མི་སྨོས་པར། འཇིག་རྟེན་པའི་འཁོར་སྣ་ལ་སྨོས་པ་མི་འགལ་ལམ་ཞེས་རྒོལ་བ་ལས། གཏན་ཚིགས་ཀྱིས་མི་འགལ་བར་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་པའི་ཆོས་ཅན་འཇིག་རྟེན་པ་ལས་འདས་པར་ཆོས་ཉིད་དུ་བཟླ་བ་དང་། ཐེག་པ་ཆུང་བའི་འཇིག་རྟེན་པ་རྣམས་མོས་པ་སྐྱེད་དུ་གཞུག་པའི་ཕྱིར་ན་སྨོས་སོ། །བརྒྱ་བྱིན་དང་ཚངས་པ་ཞེས་བྱ་བ་ནི་མགོ་བརྒྱ་བྱིན་ཞིང་མཆོད་སྦྱིན་བརྒྱ་གཏང་བ་དང་། ནོར་བུ་ཏིར་ཡ་ཀ་བརྒྱ་ བྱིན་པས་བརྒྱ་བྱིན་ཏེ། ཡོན་བདག་ཡིན་པ་དང་། གནས་ཀྱི་བདག་པོ་ཡིན་པས་སྣ་ལ་སྨོས་སོ། །ཚངས་པ་ནི་ཉོན་མོངས་པ་འཁོར་འགྱོད་ཁྲིན་དང་འདྲ་བ་ལས་ཚངས་པའམ། འཇིག་རྟེན་པའི་མེས་པོའམ། ཆོས་ཀྱི་འཁོར་ལོ་ཆེན་པོ་རྣམས་ལ་བསྐུལ་བར་དམ་བཅས་པས་ན་ སྨོས་སོ། །སོགས་པ་ཞེས་བྱ་བ་ནི། དེ་གཉིས་ཀྱི་འཁོར་དུ་ནི་འདོད་ཁམས་བརྒྱ་བྱིན་གྱི་འཁོར་དུ་སྡུད་པ་དང་། གཟུགས་ཁམས་ཚངས་པའི་འཁོར་དུ་སྡུད་པས་ན་འཁོར་དང་བཅས་པ་ནི་སོགས་པ་ཞེས་བྱའོ། །སོ་སོའི་སྐྱེ་བོ་ལས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཚོགས་རྣམས་ཚུལ་བཞིན་བསགས་ནས་སྦྱོར་བའི་ལམ་ནོན། དེ་ཐེག་པ་ཆེན་པོའི་འཁོར་བར་མི་ལྡོག་ཅིང་། སྔོན་ཆད་མ་མཐོང་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་བའི་རིགས་གཟུང་བ་དང་། རྣམ་པ་གཅིག་ཏུ་ཆོ་འཕྲུལ་རྣམ་པ་བཞི་དང་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་སྒོ་ ནས་སྤྱོད་ཅིང་སྦྱངས་ནས། ཐེག་པ་ཆེན་པོའི་རིགས་འཛིན་པས་ན་རིགས་འཛིན་ནོ། །དེའི་འོག་ཏུ་དེ་རྣམས་ཀྱི་བསོད་ནམས་ཀྱི་རྐྱེན་ཆགས་པའི་ཡུལ་དེ་ཆོས་ཉིད་ཡེ་ཤེས་ཀྱིས་བརྒྱན་པས་ན་ལྷའི་བུ་སྨོས་སོ། །དེའི་འོག་ཏུ་སེམས་ཅན་ལ་གནོད་པ་བྱེ་བྲག་ཞི་བར་གསུངས་པའི་ ཕྱིར་ན་གནོད་སྦྱིན་ཏེ། རྣམ་ཐོས་སྲས་དང་ས་སྲུངས་ཡང་དག་ཤེས་ལ་སོགས་པའོ། །དེའི་འོག་ཏུ་ཞེ་སྡང་གི་དྲེགས་པ་ཡོངས་སུ་གཞུག་པའི་ཕྱིར་ན། སྲིན་པོའི་སྡེ་ལང་ཀ་མགྲིན་བཅུ་དང་། བདེན་བྲལ་དུ་བུམ་རྣའོ། །དེའི་འོག་ཏུ་ཕྲག་དོག་གདུག་རྩུབ་ཏུ་གཞུག་པའི་ཕྱིར་ན། ལྷ་ མ་ཡིན་གྱི་རྒྱལ་པོ་རབ་སིམ་དང་། རྣམ་པར་སྣང་བྱེད་དང་། སྒྲ་གཅན་འཛིན་དང་། སུམ་བརྩེགས་འཁོར་དང་བཅས་པ་དང་། དེའི་འོག་ཏུ་ཉམ་ཆུང་བ་རྣམས་གཟེངས་བསྟོད་པའི་ཕྱིར་ན་དྲི་ཟ་སྟེ། རྒྱལ་པོ་ཡུལ་འཁོར་སྲུང་དང་། ཟུར་ཕུད་ལྔ་པ་འཁོར་དང་བཅས་པའོ། །དེའི་ འོག་ཏུ་སྤྱོད་པ་མི་ཚད་པ་ཚད་དུ་བཅུག་པའི་ཕྱིར་ན། མིའམ་ཅིའི་སྡེ་རྒྱལ་པོ་ཤིང་ལྗོན་པ་དང་། བཙུན་མོའི་འཁོར་དང་བཅས་པའོ། །དེའི་འོག་ཏུ་སྐལ་བ་མེད་པ་རྣམས་གཟེངས་བསྟོད་དུ་གཞུག་པའི་ཕྱིར་ན་ལྟོ་འཕྱེ་ཆེན་པོ་རབ་བརྟན་འཁོར་སྦྲུལ་གྱིས་བསྐོར་བའོ། །དེའི་འོག་ཏུ་གནོད་ པའི་བྱེ་བྲག་སྣ་ཚོགས་པ་ཞིར་གཞུག་པའི་ཕྱིར་ན། ཀླུའི་སྡེ་བ་རུ་ཎ་དང་འཇོག་པོ་ལ་སོགས་པའོ། །དེ་ནི་འཇིག་རྟེན་པའི་འཁོར་ཕུན་སུམ་ཚོགས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོན་པའི་ཞབས་འབྲིང་དྲེགས་པ་ཅན་ཡིན་པས་ཐུལ་ནས་ཀྱང་གདམས་ངག་ཕོག་པས་ན་སྣ་ལ་སྨོས་སོ། །འཇིག་ རྟེན་པའི་འཁོར་ཕུན་སུམ་ཚོགས་པའི་དོན་བསྟན་ཟིན་ཏོ། །ད་ནི་ཐུགས་ཡང་དག་པའི་ཡེ་ཤེས་ལས་བསྐྱེད་པ་རྒྱལ་སྲས་འཇིག་རྟེན་ལས་འདས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་ལས་འདས་པ་ཞེས་བྱ་ཞེ་ན། འཇིག་རྟེན་པའི་ཚུལ་འཛིན་པའི་མཚན་མའི་བྱེ་བྲག་དང་དོན་ རྟོག་པའི་མཚན་མ་སྤངས་ནས། དེ་བཞིན་གཤེགས་པའི་ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་དགོངས་པ་ལ་འཇུག་པའི་ཕྱིར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོས་ཏེ་ཡང་དག་པའི་ཤེས་རབ་ཀྱིས་གཟུང་འཛིན་གྱི་སྒྲིབ་པ་གཉིས་གཏན་ ནས་བཅོམ་པས་ན་བྱང་ངོ་། །དངོས་པོ་མེད་པའི་མཐའ་སྤངས་ཏེ། ཤེས་བྱ་ལ་ཡེ་ཤེས་ཁྱབ་པས་ན་ཆུབ་པོ། །ཆོས་ཉིད་དོན་གཉིས་སུ་མེད་པར་སེམས་པས་ན་སེམས་སོ། །དེའི་དོན་གཉིས་སུ་མེད་པས་ན། སྐད་ཅིག་ཀྱང་མི་ཡེངས་པར་ཀློང་དུ་གྱུར་པས་ན་ བདུད་དང་མུ་སྟེགས་ཀྱིས་བསླུར་མི་ཐུབ་པས་ན་དཔའ་བའོ། །དེ་ལྟ་བུ་མི་རྟོག་པའི་ངང་ལས་སྔོན་གྱི་བསོད་ནམས་ཀྱི་ཚོགས་ཀྱིས་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་གཟུང་འཛིན་གྱི་སྒྲིབ་པ་སྤངས་པ་འབྱུང་སྟེ་གནས་པ་ནི་སེམས་སོ། །ཐབས་མཁས་པའི་ཐུགས་རྗེ་དེ་འཁོར་ བ་མི་ཟད་ཀྱི་བར་དུ་སྲན་འཛུགས་པས་ན་དཔའ་བའོ། །དེ་ལྟ་བུ་དང་སྤྱོད་པ་གཞན་པས་ན་ཆེན་པོའོ། །དེ་ལྟ་བུའི་འཁོར་གྱི་གྲངས་ནི། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ལ་འདི་ལྟ་སྟེ་ཞེས་སྨོས་ཏེ། ཏིང་ངེ་འཛིན་དེ་ཙམ་ལ་མངའ་བརྙེས་པའི་ཕྱིར་དང་། ཆེ་བའི་བྱིན་རླབས་ དང་ཆོ་འཕྲུལ་དེ་ཙམ་མངའ་བའི་ཕྱིར་དེ་སྐད་ཅེས་བྱའོ། །གཞན་དུ་ན་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ནས་འདུས་ཏེ། །དམ་པའི་ཆོས་བཙུན་པར་བྱ་བའི་སྟོན་པའི་ཞབས་འབྲིང་འཁོར་དུ་བསྡུས་པའི་ཕྱིར་ན་གྲངས་ཀྱི་བྱེ་བྲག་སྨོས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཚད་མེད་གྲངས་མེད་ པ་ལ་མདོར་སྨོས་པ་ནི་འདི་དག་གོ། །བྱང་ཆུབ་སེམས་དཔའ་བློ་གྲོས་ཚད་མེད་པ་ནི། བདོག་པ་ཐམས་ཅད་གཏོང་བས་ས་དང་འདྲ་སྟེ། ཡང་དག་པའི་ཤེས་རབ་ཀྱི་བློ་གྲོས་ལ་ཐབས་མཁས་པའི་སྦྱིན་པ་ཚད་མེད་དཔག་ཏུ་མེད་པའི་ངོ་བོ་ཡིན་པས་ན། ནམ་མཁའི་སྙིང་པོའོ། །ནམ་ མཁའི་བློ་གྲོས་ཀྱི་དོན་ལ་སྙིང་པོ་ནི་ཚད་མེད་པ་སྨོས་སོ། །བློ་གྲོས་མི་གཡོ་བ་ཞེས་པ་ནི། ཚུལ་ཁྲིམས་མི་གཡོ་བ་རྒྱ་མཚོའི་གཏིང་དང་འདྲ་སྟེ། ཚུལ་ཡང་དག་པའི་ངོ་བོ་ཡངས་ལ་རྒྱ་ཆེ་བས་མི་གཡོ་བའི་ཕྱིར་རོ། །ཁྲིམས་དེ་ལས་མི་འདའ་བས་བློ་གྲོས་སོ། །དེ་ནི་སའི་སྙིང་པོ་ སྟེ། ས་ནི་འགྲོ་བའི་རྟེན་བྱེད་ཀྱང་མི་གཡོ་བ་དང་སྦྱར་རོ། །སྙིང་པོ་ནི་སྐྱོན་སྤངས་པའི་དོན་ཏེ་བློ་གྲོས་དང་སྦྱར་རོ། །དེ་ལྟ་བུའི་སའི་སྙིང་པོའི་རང་བཞིན་པས་ན་སྨོས་སོ། །བློ་གྲོས་ཡངས་པ་ནི། བཟོད་ཆེན་བརྟན་པས་རི་རབ་ལྷུན་པོ་འདྲ། ཡང་དག་པའི་བཟོད་པ་ཡངས་ལ་རྒྱ་ཆེ་ སྟེ། རི་རབ་ལྟར་བསྐྱོད་པར་དཀའ་སྟེ་སྒྲིབ་པ་རྣམ་པར་སེལ་བའི་རང་བཞིན་དུ་ཤེས་པར་བྱའོ། །སྒྲིབ་པ་རྣམ་པ་གཉིས་བསྟན་པ་ཡང་། ཆོས་རྣམས་ཀྱི་ངོ་བོ་རྣམ་པར་སེལ་བས་ནི་བློ་གྲོས་སོ། །ཀུན་དུ་བློ་གྲོས་ནི་རབ་ཏུ་འབར་བའི་བརྩོན་འགྲུས་སྤྲིན་དང་འདྲ། ཡང་དག་པའི་ཤེས་རབ་ ཀྱིས་ཀུན་དུ་མྱུར་བའི་རྫུ་འཕྲུལ་དང་ལྡན་པས་ཀུན་དུ་འགྲོ་འོང་བརྩོན་འགྲུས་ཐོགས་པ་མེད་པས་བློ་གྲོས་སོ། །དེ་ནི་ཕྱག་ན་རྡོ་རྗེ་སྟེ། དེ་ནི་ཐུགས་གསང་བའི་མཛོད་འཛིན་པས་ན་ཀུན་དུ་བཟང་ངོ་། །དེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པས་བློ་གྲོས་སོ། །བློ་གྲོས་མཐའ་ཡས་ ནི་བསམ་པ་མི་འགྱུར་ནམ་མཁའི་དཀྱིལ་དང་འདྲ། ཆོས་ཀྱི་དོན་ལ་ཡང་དག་པའི་ཡེ་ཤེས་ཀྱིས་གཏན་པ་བཅུག་པས་ན་བློ་གྲོས་སོ། །སྐུ་གསུང་ཐུགས་ནམ་མཁའ་ལྟར་ཡངས་པས་ན་མཐའ་ཡས་སོ། །དེ་ནི་དྲི་མ་མེད་པར་གྲགས་པ་སྟེ། ཡང་དག་པའི་ཤེས་རབ་ལ་སྐྱོན་ གྱི་དྲི་མ་མེད་པས་ན་བློ་གྲོས་སོ། །ཐབས་མཁས་པའི་ཐུགས་རྗེ་སྣ་ཚོགས་ཀུན་དུ་གྲགས་པ་མཐའ་ཡས་ཞེས་སྨོས་སོ། །བློ་གྲོས་ཀ་མ་ལ་ནི། ཤེས་རབ་མཐའ་གཉིས་སྤངས་པས་པདྨ་འདྲ་སྟེ། ཤེས་རབ་ཀྱི་གཟུང་འཛིན་ཡངས་པ་སྟེ་བློ་གྲོས་སོ། །མཐའ་གཉིས་ལ་ སེམས་པས་པདྨ་ལྟར་མ་ཆགས་པས་ན་ཀ་མ་ལའོ། །དེ་ནི་འཇམ་དཔལ་ཏེ་སྐུ་གསུང་ཐུགས་འཇམ་པས་ན་བློ་གྲོས་འཇམ་པའོ། །ཤེས་རབ་ཚད་མེད་པས་ནམ་མཁའི་དཀྱིལ་དང་འདྲ་བས་ན་དཔལ་ཏེ་ཀ་མ་ལ་ཞེས་པའོ། །བློ་གྲོས་ཆེན་པོ་ནི་ཐབས་ཀྱིས་འགྲོ་དོན་མཛད་པས་ གར་མཁན་འདྲ། ཐབས་ཀྱིས་འགྲོ་དོན་སྣ་ཚོགས་སུ་མཛད་པས་ན་བློ་གྲོས་སོ། །མཛད་པ་གར་ཐབས་དང་འདྲ་བ་འཇོམས་པས་ན་ཆེན་པོའོ། །དེ་ནི་སྤྱན་རས་གཟིགས་དབང་ཕྱུག་གོ། །ཡང་དག་པའི་ཤེས་རབ་ཀྱི་སྤྱན་གྱིས་ཆོས་ཉིད་ཀྱི་དོན་ལ་གཟིགས་པས་ན་བློ་གྲོས་སོ། ། ཐུགས་རྗེས་འཁོར་བ་ལ་དབང་ཞིང་ཚོགས་རྫོགས་ནས་ཕྱུག་པས་ན་ཆེན་པོའོ། །བློ་གྲོས་ལྷ་རྫས་ནི། སྟོབས་ཆེན་གནོན་པས་ལྷ་རྫས་མཐུ་ཆེན་འདྲ། ཡེ་ཤེས་ཀྱི་སྟོབས་དང་ལྡན་པའི་བློ་གྲོས་སོ། །ཕ་རོལ་གྱིས་ཟིལ་གྱིས་མི་ནོན་པས་ན་ལྷ་རྫས་སོ། །དེ་ནི་བྱམས་ པ་སྟེ། ཕྱོགས་མེད་པའི་བྱམས་པ་དང་ལྡན་པས་ན་བློ་གྲོས་སོ། །སྐྱེ་བ་གཅིག་གིས་ཐོགས་པས་ན་ལྷ་རྫས་སོ། །བློ་གྲོས་སྣ་ཚོགས་པས་ནི་སྨོན་པ་མེད་པའི་ཡེ་ཤེས་ལྔ་དང་ལྡན། ཆོས་ཉིད་ཀྱི་དོན་མཐོང་བ་ནི་སྨོན་པ་མེད་པས་ན་བློ་གྲོས་སོ། །ཡང་དག་པའི་ ཡེ་ཤེས་སྣ་ཚོགས་སུ་སྣང་བས་ན་སྣ་ཚོགས་སོ། །དེ་ནི་ཀུན་དུ་བཟང་པོ་སྟེ། ལྟ་བ་དང་སྤྱོད་པ་ཀུན་དུ་ངན་པའི་མིང་ཡང་མེད་པས་ན་བློ་གྲོས་སོ། །སྨོན་ལམ་སྣ་ཚོགས་ལ་མངའ་བརྙེས་པས་སྣ་ཚོགས་སོ། །སོགས་ཞེས་བྱ་བ་ནི་གོང་དུ་གསུངས་པའི་དོན་དེ། གཙོ་བོ་རྣམས་ཀྱི་ འཁོར་དུ་གཏོགས་པའི་ཕྱིར་རོ། །ཕྱིར་མི་ལྡོག་པ་ནི་མོས་པ་སྤྱོད་པས་ངན་སོང་དུ་མི་ལྡོག་པ་བརྒྱད་པ་མཚན་མར་མི་ལྡོག་པས་ན་ཕྱིར་མི་ལྡོག་པའོ། །དགེ་འདུན་ཐུག་པ་མེད་པ་ནི་འཁོར་གྱི་རྣམ་གྲངས་ཀྱིས་ཆོས་ཉན་ཅིང་འཇུག་པས་ན་སྨོས་སོ། །དེ་ལ་དགེ་བའི་འབྲས་བུ་བླ་ན་མེད་ པའོ། །འདུན་པ་ཡིད་འཕགས་པའི་ལམ་ལ་དམིགས་པའོ། །འཁོར་མང་པོའི་དབུས་ན་ཞེས་བྱའོ། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཐུགས་ལས་སྐྱེས་པའི་འཁོར་དང་། ཉན་ཐོས་དགྲ་བཅོམ་པ་གསུང་ལས་སྐྱེས་པའི་འཁོར་དང་། ལྷ་ཀླུ་གནོད་སྦྱིན་ལ་སོགས་པ་འཇིག་རྟེན་ ལས་ཀྱི་འཁོར་དང་། སྣང་སྲིད་ཐམས་ཅད་ཐུགས་རྗེ་ཞིང་གི་འཁོར་གྱི་དབུས་ན་དེ་བཞིན་གཤེགས་པ་བཞུགས་ཏེ། ཅིའི་ཕྱིར་ཞེ་ན། ཚངས་པ་ཆེན་པོ་པདྨའི་གདན་ནི། ཡེ་ཤེས་ཀྱིས་འཁོར་བ་ལས་ཚངས་པ་དང་ཕྲིན་ལས་ཀྱིས་ཁམས་གསུམ་ཐམས་ཅད་འཁོར་བ་ལས་ཚངས་ པར་བྱེད་པའོ། །པདྨ་ནི་ཐུགས་རྣམ་པར་དག་པ་མཚན་མས་མི་གོས་པ་དང་། ཐབས་མཁས་པའི་ཕྲིན་ལས་འགྲོ་བའི་དོན་མཛད་ན་སྤྱོད་པས་མི་གོས་པས་ན་སྤྱད་པའོ། །ཆེན་པོའི་རྒྱུ་བྱང་ཆུབ་དང་ལྡན་པ་དང་། འབྲས་བུ་ཁམས་གསུམ་ཐམས་ཅད་བླ་ན་མེད་པའི་དོན་ལ་དགོངས་ པས་ན་ཆེན་པོའོ་ཞེའོ། །གདན་ནི་འབྲེལ་པའི་དོན་ཏེ་ཐུགས་རྗེ་ཐབས་ཀྱིས་འགྲོ་བའི་དོན་ལ་ཞུགས་པས་གདན། ཏིང་ངེ་འཛིན་རྣམ་པར་མི་རྟོག་པའི་ངང་ལ་བཞག་པས་གདན་ནོ། །བཞུགས་པ་ནི་ཏིང་ངེ་འཛིན་ཡེ་ཤེས་ངན་སོང་སྦྱོང་བའི་ཏིང་ངེ་འཛིན་ལ་ཞུགས་པ་དང་། ཕྲིན་ལས་ ཐུགས་རྗེས་འོད་ཟེར་སྡུད་པའི་ཏིང་ངེ་འཛིན་གྱི་སྒོ་ནས་བཞུགས་པའོ། །ད་ནི་སྟོན་པས་གླེང་བསླང་བ་སྟོན་ཏེ། ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་ནི་རྒྱུ་ལས་དང་ཉོན་མོངས་པ་ངན་པ་ལས་འབྲས་བུ་སྡུག་བསྔལ་ གྱི་ཕུང་པོ་ཁམས་གསུམ་དུ་སོང་བས་ན་སོང་བའོ། །རྒྱུད་ནི་ཀུན་གཞི་ལ་ཐོག་མ་མེད་པའི་དུས་ན་བག་ཆགས་རང་རྒྱུད་དུ་ཡོད་པས་ན་རྒྱུད་དོ། །ཐམས་ཅད་ནི་ལས་དང་ཉོན་མོངས་པའི་བག་ཆགས་དང་འབྲེལ་པའི་སེམས་ཅན་ནོ། །ཡོངས་སུ་སྦྱོང་བ་ནི་ཐུགས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ གྱིས་སྦྱོང་བ་དང་། ཕྲིན་ལས་འོད་ཟེར་སྡུད་པའི་ཏིང་ངེ་འཛིན་གྱིས་སྦྱོང་བའོ། །ཏིང་ངེ་འཛིན་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཐོག་མ་མེད་པའི་དུས་ནས་བདག་ཏུ་རྟོག་པའི་རང་བཞིན་རྒྱུའི་བག་ཆགས་ཡོད་པ་ལ་དམིགས་པའོ། །འོད་ཟེར་གྱི་ཕྲེང་བ་སྡུད་པའི་ཏིང་ངེ་འཛིན་གྱིས་ནི་འབྲས་བུ་ སྡུག་བསྔལ་གྱི་ཕུང་པོ་འཇོམས་ཤིང་མི་གཏང་བས་ན་ཏིང་ངེ་འཛིན་ནོ། །སྙོམས་པར་ཞུགས་པ་ནི་མི་འདའ་བའི་སྙོམས་པར་ཞུགས་པ་དང་གཉིས་སུ་མེད་པའི་ཕྱིར་དང་འབྲེལ་པའི་ཕྱིར་སྙོམས་པར་ཞུགས་སོ། །རྣམ་པར་གྲོལ་བ་ནི་བག་ཆགས་ཀྱི་རྣམ་པ་སྣ་ཚོགས་ཏེ་གྲོལ་བ་ནི་དེ་ལས་ ཐར་པའོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ནི་ཆོས་ཀྱི་དབྱིངས་གཟུང་འཛིན་གྱི་སྐྱོན་སྤངས་པས་ན་བྱང་ཆུབ་པའོ། །དེ་ནི་དོན་ཡེ་ཤེས་ལས་ཚུར་སྣང་བས་ན་ཆུབ་ལ། སེམས་ནི་དེ་ལས་ཐུགས་རྗེའི་ཆོ་འཕྲུལ་འགྲོ་བ་རྣམས་ལས་འབྱུང་བས་ན་སེམས་སོ། །དཔའ་བ་ནི་ ཁམས་གསུམ་གྱི་འཁོར་བ་གྱེན་དུ་བཟློག་པས་དཔའ་བའོ། །ཏིང་ངེ་འཛིན་དེ་ལྟ་བུའི་དོན་ལས་མི་འདའ་བར་གནས་པའི་ཕྱིར་རོ། །འོད་ཟེར་ཀུན་དུ་སྡུད་པའི་ཕྲེང་བ་ནི། ཐུགས་རྗེ་ཕུན་སུམ་ཚོགས་པ་སྟེ། ཕྱིའི་པགས་པ་ནས་བྱུང་བས་ནི་ངན་སོང་གི་ཡུལ་རྣམས་སྦྱོང་བ་ལ། ཟེར་ནི་ ཡེ་ཤེས་ཀྱི་ཕྲིན་ལས་དྲང་བཞིན་ཕུན་སུམ་ཚོགས་པ་སྟེ། བ་སྤུའི་བུ་ག་ཀུན་ནས་འབྱུང་བས་ནི་བག་ཆགས་ཀྱི་རྒྱུད་སྦྱོང་ལ། སྡུད་པ་ནི་ཡོན་ཏན་གྱི་རང་བཞིན་ཏེ། སེམས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་སྡུད་ལ་མང་པོ་ནི་དེ་རྣམས་ཀུན་ཁྱབ་པའི་དོན་ལ། ཕྲེང་བ་ནི་བསྡུས་པ་ དང་འབྲེལ་པ་ལྟར་ན་ཐུགས་རྗེ་དང་འཁོར་བར་འབྲེལ་པའི་དོན་ཡིན་ལ། ཉིད་ཀྱི་དཔྲལ་བའི་མཛོད་སྤུ་ནས་ཕྱུང་བ་ནི་ཉིད་ཀྱི་སྟོན་པ་ཤཱཀྱ་ཐུབ་པའོ། །དཔྲལ་བ་ནི་ཐུགས་རྣམ་པར་དག་པ་ནས་དཔྲལ་བའི་དཀྱིལ་འཁོར་དུ་བསྟན་ལ། མཛོད་སྤུ་ནི་ཏིང་ངེ་འཛིན་གྱི་ཆོ་ འཕྲུལ་གཞན་ལས་འབྱུང་བའི་མཛོད་སྤུ་བསྟན་ལ་ཕྱུང་བ་ནི། གང་གི་འོད་ཟེར་སྡུད་པའི་ཕྲེང་བ་ཕྱུང་བའི་དོན་ཏོ། །བདེ་བ་སོ་སོར་ཐོབ་ནས་ཞེས་པ་ནི། ཐུགས་རྗེ་ཆོ་འཕྲུལ་གྱི་བྱིན་རླབས་ཀྱི་འོད་ཟེར་དེས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འོད་ཟེར་གྱི་སྣང་བ་ ཆེན་པོས་ཁྱབ་པར་བྱས་ནས། སེམས་ཅན་དེ་དག་མི་དང་ལྷའི་བདེ་བ་སོ་སོར་ཐོབ་ནས། དགའ་བའི་ཚལ་དུ་བཀོད་པའི་ཕྱིར་རོ། །དེས་གསོལ་བ་འདེབས་པར་གྱུར་ཏེ། ཨེ་མ་ཧོ། །སངས་རྒྱས་ནི་ཐུགས་རྣམ་པར་དག་པའི་ངོ་བོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒོ་ནས་ངན་ སོང་གི་རྒྱུད་སྦྱོང་བ་རེ་བཟང་བའོ། །ཀྱེ་མ་སངས་རྒྱས་ནི་ངན་སོང་གི་རྒྱུད་སྦྱངས་བ་དེས་འབྲས་བུ་འཁོར་བར་མི་སྐྱེ་བ་སྦྱང་བ་རེ་བཟང་སྟེ། ཅིའི་ཕྱིར་ཞེ་ན། གསུང་རྣམ་པར་དག་པ་སྟེ། འགྲོ་བའི་རྒྱུད་རྣམ་པར་འབྲེལ་པའི་ཕྱིར་རོ། །ཀྱེ་མ་སངས་རྒྱས་ནི། འགྲོ་བའི་དོན་སྣ་ ཚོགས་མཛད་པ་ནི་རེ་བཟང་ཞེས་བྱའོ། །ཀྱེ་མ་སངས་རྒྱས་ནི། འགྲོ་བའི་དོན་ལྟར་མཛད་ཀྱང་ཐུགས་ཆོས་ཉིད་ལས་མ་གཡོས་པས་རེ་བཟང་ཞེས་བྱའོ། །མཛད་པ་ལེགས་པ་ནི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཕྲིན་ལས་གཞན་ལས་ཁྱད་པར་དུ་འཕགས་པའི་མཛད་པ་ལེགས་ པའི་ཕྱིར་རོ། །གང་གི་ཕྱིར་བདག་ངན་སོང་ནི་སྦྱོང་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་ཐུགས་རྗེས་འཁོར་བའི་རྒྱུ་དང་འབྲས་བུ་སྦྱངས་ནས་བཅོམ་པའི་ཕྱིར་རོ། །བྱང་ཆུབ་སྤྱོད་པ་ཉིད་ལ་གཞག་པ་ནི། སེམས་ཅན་དེ་རྣམས་ཉོན་མོངས་པའི་འཁོར་བ་ལས་བཏོན་ནས་བྱང་ ཆུབ་རྣམ་པ་གསུམ་ལ་གཞག་ཅེས་གསུངས་སོ། །དེའི་འོག་ཏུ་ངོ་མཚར་མི་ཆེ་བའི་རྒྱུ་སྟོན་ཏེ། ཚད་མེད་པའི་བསོད་ནམས་ཀྱི་བསགས་པ་ཞེས་པ་ནི། དེ་ལ་སེམས་ཅན་གྱི་བསོད་ནམས་ཀྱི་ཕུང་པོ་བཅུ་འགྱུར་གྱིས་ནི་དེ་བཞིན་གཤེགས་པའི་བ་སྤུ་གཅིག་མངོན་པར་འགྲུབ་བོ། ། བ་སྤུ་མངོན་པར་གྲུབ་པའི་བསོད་ནམས་ཀྱི་ཕུང་པོ་བརྒྱ་འགྱུར་གྱིས་ནི། དཔེ་བྱད་བཟང་པོ་འགྲུབ་པོ། །དཔེ་བྱད་བཟང་པོ་གཅིག་མངོན་པར་གྲུབ་པའི་བསོད་ནམས་ཀྱི་ཕུང་པོ་སྟོང་འགྱུར་གྱིས་ནི། མཛོད་སྤུ་དང་དབུའི་གཙུག་ཏོར་དང་ཆོས་ཀྱི་དུང་མ་གཏོགས་པའི་མཚན་རེ་རེ་གྲུབ་བོ། ། མཚན་ཉི་ཤུ་རྩ་དགུ་གྲུབ་པ་མ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཁྲི་འགྱུར་གྱིས་མཛོད་སྤུ་གྲུབ་བོ། །མཛོད་སྤུར་གྲུབ་པ་མ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་འབུམ་འགྱུར་གྱིས་ནི་གཙུག་ཏོར་གྲུབ་པོ། །གཙུག་ཏོར་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་བྱེ་བ་ འབུམ་གྱིས་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་དུང་གྲུབ་བོ། །དེ་ནི་འབྲས་བུའོ། །རྒྱུ་ནི་རྐྱེན་དགེ་བའི་བཤེས་གཉེན་གྱི་མན་ངག་ལ་བརྟེན་ནས་བྱང་ཆུབ་ཀྱི་ཕྱོགས་དང་ཕ་རོལ་ཏུ་ཕྱིན་པའི་དགེ་བའི་རྩ་བའི་ཚོགས་བསགས་པའོ། །ཚད་མེད་པའི་ཡོན་ཏན་རིན་པོ་ཆེའི་ འབྱུང་ཁུངས་ནི། ཚད་མེད་པའི་ནི་རྒྱུ་ཚད་མེད་པ་དང་། འབྲས་བུ་ཚད་མེད་པ་དང་། ཕྲིན་ལས་ཚད་མེད་པའོ། །ཡོན་ཏན་སྣ་ཚོགས་པ་སྟེ། འགྲོ་བའི་ལྟར་འདུལ་བ་བཞིན་དུ་འབྱུང་བའོ། །རིན་པོ་ཆེ་ནི་མི་ཟད་པའི་ཕྱིར་དང་། དཀོན་པའི་ཕྱིར་དང་། ཁྱབ་པའི་ ཕྱིར་བཏགས་པའོ། །ཚད་མེད་པའི་ཐབས་རྫོགས་པ་ནི་ཐབས་གཉིས་ཏེ། རྒྱུའི་ཐབས་རྒྱུ་ཆུང་ངུ་ལས་འབྲས་བུ་མང་པོར་བྱེད་པའོ། །འབྲས་བུའི་ཐབས་ནི་སེམས་ཅན་ཇི་ལྟར་མོས་པ་བཞིན་འབྱུང་བར་བྱ་ཞིང་སྣང་བའོ། །ཤེས་རབ་ཚད་མེད་པར་བསགས་པ་ནི་དང་པོར་ འཇིག་རྟེན་པའི་ཤེས་རབ་ལ་བརྟེན་ཅིང་བསྒོམས་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་སྟེ། དེ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པས་ཚད་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དངོས་པོ་དང་མཚན་མ་དང་བྲལ་བས་ཚད་ཀྱི་བྱེ་བྲག་ཏུ་མི་དམིགས་པའི་ཕྱིར་རོ། །ཚད་མེད་ པ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་མེད་པ་དང་ལྡན་པ་སྟེ། ཐུན་མོང་ནི་འཇིག་རྟེན་པའི་སྤྱོད་པ་ལ། ཐུན་མོང་མ་ཡིན་པ་ནི་འཇིག་རྟེན་ལས་འདས་པའི་སྤྱོད་པའོ། །འདུལ་བའི་སྐྱེ་བོ་ཚད་མེད་པ་རྣམས་སྣོད་དུ་རུང་བར་མཛད་པ་ནི་འདུལ་བའོ། །འདུལ་བ་ནི་སྔོན་གྱི་སྨོན་ ལམ་གྱིས་འདུལ་བ་དང་། འཕྲལ་གྱི་ཕྲིན་ལས་ཀྱིས་འདུལ་ལོ། །སྐྱེ་བ་ནི་ལས་ལས་སྐྱེ་ཞིང་འཁོར་བ་གཞོལ་ཕྱོགས་སུ་བོར་བའོ། །ཚད་མེད་པ་ནི་རྒྱུ་ཚད་མེད་པ་ནི་གནས་ཁམས་གསུམ་དང་འཁོར་བར་ལུས་བླངས་ནས། སྡུག་བསྔལ་གསུམ་དང་། བརྒྱད་ཀྱིས་ གཟིར་བའི་དེའི་རྒྱུ་ནི་ལས་དང་ཉོན་མོངས་པའོ། །དེ་ནི་མཐའ་ཡས་པའི་སེམས་ཅན་ཏེ། སྡུག་བསྔལ་གྱི་འབྲས་བུ་ཚད་མེད་པ་རབ་ལ་དམིགས་པའི་དོན་ཏོ། །སྣོད་དུ་རུང་བ་ནི་དེ་རྣམས་ཀྱི་རྒྱུ་དང་འབྲས་བུ་བཅོམ་ནས། བྱང་ཆུབ་རྣམ་པ་གསུམ་པོ་གང་ལ་ཡང་མོས་པ་ལ་ དགོད་པ་ལ་སྣོད་དུ་རུང་བའོ། །མི་མཉམ་པ་དང་མཉམ་པའི་ཡེ་ཤེས་ནི། རྒྱུ་མི་མཉམ་པ་དང་ལས་དང་བའི་མཚན་ཉིད་དང་། ཉོན་མོངས་པ་སྤོང་བའི་གྲོགས་མི་མཉམ་པ་དང་། འབྲས་བུ་མི་མཉམ་པའོ། །མཉམ་པ་ནི་རྟོག་པ་དང་བྲལ་ཞིང་དངོས་པོ་མེད་པས་ན་མཉམ་པའོ། ། མི་མཉམ་པ་དང་མཉམ་པའི་རྫུ་འཕྲུལ་དང་ལྡན་པ་ནི། མི་མཉམ་པ་དང་འགྲོ་བ་གཞན་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་རྫུ་འཕྲུལ་ལ་སོགས་པ་དང་མི་མཉམ་པའོ། །མཉམ་པ་ནི། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་ནང་དུ་དེ་དག་ཐམས་ཅད་འདུས་པའི་ཕྱིར་རོ། །མི་ མཉམ་པ་དང་མཉམ་པའི་སྨོན་ལམ་གྱི་སྟོབས་དང་ལྡན་པ་སྟེ་ཞེས་པ་ནི། མི་མཉམ་པ་ནི་བདག་དང་གཞན་གཉིས་ཀྱི་དོན་དུ་བསྔོ་བས་མི་མཉམ་པའོ། །མཉམ་པ་ནི་དམིགས་པ་དང་བྲལ་བའོ། །སྨོན་པ་ནི་འབྲས་བུའོ། །ལམ་ནི་རྒྱུ་སྟེ་འབྲས་བུ་ལ་དམིགས་པའོ། །སྟོབས་ནི་ གཞན་གྱིས་ཟིལ་གྱིས་མི་ནོན་པའོ། །དེ་ལ་ཐེ་ཚོམ་དང་སོམ་ཉི་དང་ཡིད་གཉིས་མ་བྱེད་ཅིག་གོ་ཞེས་པ་ནི་ཐེ་ཚོམ་ཡིད་མི་ཆེས་པས་རྟོག་པ་ཞུགས་པའོ། །སོམ་ཉི་ནི་བྱ་མི་བྱ་སྙམ་པའི་སོམ་ཉིས་སོ། །རེས་འགའ་ནི་མི་བློ་རྒོད། རེས་འགའ་ནི་བློ་མི་རྒོད་པས་ནི་ཡིད་གཉིས་ སོ། །འཁོར་གྱིས་གླེང་བས་ངོ་མཚར་གྱི་རྒྱུ་བསྟན་པའོ། །ད་ནི་དཀྱིལ་འཁོར་ཞུས་པ་སྟོན་ཏེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་རང་གི་སྟན་ལ་ལངས་ནས་ནི་ཞེས་པ་ནི། འདོད་ཁམས་ཀྱི་ལྷ་ལ་དབང་བྱེད་པས་ན་དབང་པོའོ། །སྤྲུལ་པ་དང་ཞིང་ཁམས་དང་ཏིང་ངེ་འཛིན་བརྒྱ་ལ་རྩལ་ སྦྱངས་པས་ན་བརྒྱ་བྱིན་ནོ། །རྡོ་ཨ་མོ་ལི་གའི་སྟེང་ན་རིན་པོ་ཆེའི་ཁྲིའུ་ལ་བཞུགས་པའི་ཕྱིར་ན་རང་གིའོ། །ལངས་པ་ནི་ཆོས་ཞུ་བའི་ཕྱིར་ལངས་པ་དང་། རག་ལུས་པ་དང་། རིན་ཐང་བསྐྱེད་པ་དང་། གུས་པ་དང་བསྐྱེད་པའི་ཕྱིར་ལངས་པའོ། །མཆོད་པ་ནི་རྒྱ་ཆེ་ཞིང་ མཆོད་པ་ནི་མ་ཉེས་པར་བྱ་བའི་ཕྱིར། རྟ་དང་གླང་པོ་ཆེ་ལ་སོགས་པའོ། །རྒྱ་ཆེ་བ་ནི་སེམས་ཀྱི་ཡིད་བཞིན་གྱི་སྤྲིན་ཚོགས་འདོད་པའི་ཡོན་ཏན་གྱི་ལྷ་མོར་སྤྲུལ་པའོ། །ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །ཕྱག་ནི་ལུས་ཀྱིས་ལངས་པ་དང་། ངག་གིས་བསྟོད་ པ་དང་། སེམས་ཀྱིས་མོས་པའོ། །འདི་ནི་འོག་གི་དོན་ལ་སྐད་ནི་ཚིག་ཏུ་བརྗོད་པའོ། །གསོལ་ཏོ་ནི་འོག་གི་དོན་ཞུས་པའི་ཚུལ་ལོ། །སྤོབས་པ་བསྐྱེད་པར་གསོལ་ཏེ། སྔོན་གྱི་དགེ་བའི་ཚོགས་ཀྱིས་སྤོབས་པ་བསྐྱེད་པ་དང་། རང་གི་མོས་པའི་མཐུས་ཞུ་བར་སྤོབས་ པ་བསྐྱེད་པའོ། །བདེ་བར་གཤེགས་པ་བདག་སྤོབས་པ་བསྐྱེད་པར་གསོལ། ཆོས་ཉིད་ཀྱི་དོན་ཐུགས་སུ་ཆུད་པས་ནི་མི་བདེ་བའི་གནོད་པ་སྤངས་པས་བདེ་བར་རོ། །གཤེགས་པ་ནི་ཐབས་མཁས་པའི་ཐུགས་རྗེས་འགྲོ་བའི་དོན་ལ་གཤེགས་པས་གཤེགས་པའོ། །བདག་ ནི་ལྷའི་དབང་པོ་སྤོབས་པ་ནི་རྒྱུ་དང་འབྲས་བུའི་དོན་ཞུ་བར་སྤོབས་པའོ། །བསྐྱེད་པ་ནི་བདག་བྱང་ཆུབ་ཏུ་སེམས་བསྐྱེད་པར་མཛོད་ཅེས་པའོ། །གསོལ་བ་ནི་བདག་ལྷའི་བུ་དྲི་མ་མེད་པའི་དོན་ཞུ་བར་གསོལ་བ་རབ་ཏུ་གདབ་པའི་ཕྱིར་རོ། །སྤྱིར་ཞུ་བའི་དོན་བསྡུས་ནས་བཤད་ཟིན་ ཏོ།། །།ད་ནི་སྒོས་ཞུས་པའི་དོན་སྟོན་ཏེ། སུམ་ཅུ་རྩ་གསུམ་པའི་ནི་བརྒྱ་བྱིན་ལ་རང་གི་བུ་སུམ་ཅུ་རྩ་གཉིས་དང་། བརྒྱ་བྱིན་དང་སུམ་ཅུ་རྩ་གསུམ་ཡོད་པས་དེའི་ཕྱིར་རོ། །དེ་དག་ཀྱང་བརྒྱ་བྱིན་གྱི་ཕྱོགས་བཞི་མཚམས་བརྒྱད་ནས་བཞི་བཞི་འདུག་སྟེ། བརྒྱ་བྱིན་ལ་བསྐོར་ བས་ན་བློན་པོ་ཞེས་བྱའོ། །འདི་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བའི་སྟོན་པས་རྣམ་པར་སྨིན་པའི་སྡུག་བསྔལ་སྟོན་པ་ཡིན་ཏེ། འདི་ནི་ལྷའི་གནས་ཉིད་ལ་བྱ། ཤི་འཕོས་ནས་ནི་ཕུང་པོའི་རང་བཞིན་དང་བྲལ་ཏེ། རྣམ་པར་ཤེས་པ་ཐལ་བའི་ཐ་ཚིག་གོ། ། མཚམས་མེད་པ་ནི་ལས་དང་ཉོན་མོངས་པ་སྟེ། རྣམ་པར་དཀར་བའི་བར་མཚམས་མེད་པའོ། །འབྲས་བུ་ལ་བར་མཚམས་མེད་པ་ནི། སྡུག་བསྔལ་གྱི་རང་བཞིན་སྣ་ཚོགས་པ་ལ། བདེ་བའི་བར་མཚམས་ནི་སྐད་ཅིག་ཀྱང་མེད་པའོ། ། སེམས་ནི་སྡུག་བསྔལ་ལ་གནས་པ་ཡིན་ལ། ཅན་ནི་སྡུག་བསྔལ་གྱི་ཕུང་པོ་ཉེ་བར་ལེན་པའོ། །དམྱལ་བ་ནི་འཇོམས་པས་ནི་རབ་ཏུ་མནར་བའོ། །གཞན་མདོ་སྡེའི་གཞུང་ལས་གསལ་བས་མ་བྲིས་སོ། །མཐའ་འཁོབ་ནི་ཁྲིམས་མེད་པའི་མཐར་ཕྱིན་པ་དང་། ཆོས་སྐད་མི་ཐོས་ པས་མཐའ་འཁོབ་བོ། །རྣམ་པ་གཅིག་ཏུ་ཡུལ་མཐའ་འཁོབ་ནི་གངས་རི་ལ། མི་མཐའ་འཁོབ་ནི་སྤྱོད་པ་ངན་པའོ། །རྣམ་པར་སྨིན་པའི་དོན་བསྡུས་པ་བཤད་ཟིན་ཏོ།། །།རྣམ་པར་སྨིན་པ་ལ་སྐྱོ་བའི་དོན་སྟོན་ཏེ། དེ་ནས་བརྒྱ་བྱིན་ལ་སོགས་པའི་ལྷའི་བུ་ཐམས་ཅད་ཀྱིས་ཐོས་ ནས། ཤིན་ཏུ་དངངས་ཤིང་སྐྲག་སྟེ། སྐྱོ་ནས་ཁས་བུབ་ཏུ་འགྱེལ་ཏོ་ཞེས་པ་ནི། སྟོན་པས་རྣམ་པར་སྨིན་པའི་དོན་གསུངས་པ་ལ། བརྒྱ་བྱིན་འཁོར་དང་བཅས་པ་དང་། གཞན་ཡང་འདོད་ཁམས་ལྷའི་བུ་ཐམས་ཅད་ཀྱིས་ཐོས་ནས། རྒྱུ་ཉོན་མོངས་པ་ལ་ནི་ཤིན་ཏུ་སྔངས། འབྲས་བུ་ སྡུག་བསྔལ་ལ་རབ་ཏུ་སྐྲག་སྟེ། འདོད་པའི་ཡོན་ཏན་ལ་རབ་ཏུ་སྐྱོ་ནས་ཡིད་སྐྲག་པས་ཁས་བུབ་ཏུ་འགྱེལ་ཏོ་ཞེའོ། །ད་ནི་ཞུ་བ་བསྣན་པ་བསྟན་ཏོ། །དེ་ནས་ཡང་ཞེས་པ་ནི་སྐབས་ཀྱི་རྟིང་ཐོགས་བསྐྱར་ཞིང་བསྣན་ནས་ཞུས་པའི་དོན་ཏོ། །བསྐྱབ་པར་གསོལ་བྱ་བ་ནི་འཁོར་གྱི་སྡུག་བསྔལ་འདི་ ལས་བསྐྱབ་པར་གསོལ་བ་དང་། བདག་དང་གཞན་ངན་སོང་ལས་རབ་ཏུ་ཐར་བར་བྱ་བའི་ཕྱིར་ཞུས་པའོ། །ད་ནི་བཀས་གནང་བ་སྟོན་ཏེ། དེ་ཡང་ཅིའི་ཕྱིར་གནང་ཞེ་ན། མ་འོངས་པའི་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་ཏེ། ལྷའི་དབང་པོ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་ བཞིས་ཀྱང་བསྟན་པ་ཞེས་པ་ནི། མདངས་གསོལ་དུ་གསུངས་པའི་ཕྱིར་བོས་ནས་བཀའ་སྩལ་ཏེ། སྔོན་གྱི་སངས་རྒྱས་མར་མེ་མཛད་དང་། གསེར་ཐུབ་ལ་སོགས་པ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་ཀྱང་ངན་སོང་གི་རྒྱུད་འདི་གསུངས་ཏེ། ངས་ཀྱང་བཤད་ཀྱིས་ཁྱོད་ཉོན་ཅིག་བྱ་བའི་ ཐ་ཚིག་གོ། །ད་ནི་གནང་བ་ལ་དགའ་བ་སྟོན་ཏེ། དེ་ནས་ལྷའི་དབང་པོས་མངོན་པར་མཆོད་པ་ནི་སྟོན་པས་གནང་བའི་རྟིང་ཐོགས་སོ། །བརྒྱ་བྱིན་རབ་ཏུ་དགའ་བའི་མཆོད་པ་སྣ་ཚོགས་ཀྱིས་མཆོད་ནས་ཞུས་པའི་དོན་དང་། ཕྱི་རབས་ལ་དེ་ལྟར་གྱིས་ཤིག་པའི་དོན་ཏོ། ། ལེགས་བྱ་བ་ནི་ཐུགས་རྗེས་འགྲོ་བའི་དོན་ལ་ལེགས་པ་དང་། བདག་ལ་རྒྱུ་དང་འབྲས་བུའི་ཆོས་སྟོན་པ་ལེགས་བྱ་བའི་ཐ་ཚིག་གོ། །དེ་ལ་ཞུ་བ་བསྣན་པ་ནི། ད