Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 66

Văn bản gốc(Tây Tạng)

Trang 9 / 22 (50.000 ký tự/trang)
་ལྟར་དེའི་བདག་ཉིད་དུ་འཁྲུལ་པ་ལས་ཀྱང་སོ་སོར་སྣང་བ་འགལ་བ་ཡིན་ཏེ། རྒྱུ་ཡང་
དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང་། བྱིས་པས་ཇི་ལྟར་རྣམ་བརྟགས་བཞིན། །ཕྱི་རོལ་དོན་ནི་ཡོད་མིན་ཏེ། །བག་ཆགས་ཀྱིས་ནི་བསྒོས་པའི་སེམས། །རང་གི་སེམས་ནི་ཕྱི་རོལ་སྣང་། །ཞེས་གསུངས་པ་
ཡིན་ཏེ། བསྒོམ་པ་ནི་བཅོམ་པའོ། །ཀུན་བརྟགས་པ་དང་གཞན་གྱི་དབང་ཡོངས་སུ་ཤེས་པ་དེ་ལས་ནི་དེ་བཞིན་ཉིད་ཡོངས་སུ་ཤེས་ལ། དེ་བཞིན་ཉིད་ནི་རང་བཞིན་གྱི་ཆོས་རྣམས་སོ། །དེ་བས་ན་དེ་ཤེས་པ་ནི་ངོ་བོ་ཉིད་ཀྱི་ཡེ་ཤེས་བསྟན་པའོ། །དྲིས་པ་རྒྱུ་དང་འབྲས་
བུའི་སྦྱོར་བ་ནི་ཡོད་པ་མ་ཡིན་པ་ལས་སྣང་བའི་ཕྱིར་འཁྲུལ་པ་ཡིན་ལ་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱི་ཡེ་ཤེས་ཀྱང་ཤིན་ཏུ་འཁྲུལ་པ་ཡིན་ཏེ། བརྗོད་པ་དང་བཅས་པའི་ཕྱིར་འཁྲུལ་པ་ནི་དེ་ཁོ་ན་ཉིད་མ་ཡིན་ན། ཇི་ལྟར་ན་འདི་དག་བསྒོམ་པ་བྱང་ཆུབ་ཀྱི་ལམ་ཡིན་ཞེ་ན། འདིར་
བརྗོད་པར་བྱ་སྟེ། གང་གི་ཕྱིར་ཆོས་ཐམས་ཅད་ལ་སྤྲོས་པ་མེད་པའི་ཡེ་ཤེས་དང་པོ་སྐྱེས་པས་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་དང་ཀུན་དུ་རྟོག་པ་དང་དེའི་སྟོབས་ཀྱིས་ཡེ་ཤེས་འདི་དག་དུས་དང་རྣམ་པར་དབྱེ་བས་ཇི་ལྟ་བས་ཉེ་བར་མཚོན་པའི་ཁྱད་པར་རྣམས་འབྱུང་བར་འགྱུར་ཏེ།
དེ་ནས་དེ་བཞིན་ཉིད་ཡོངས་སུ་གཅོད་པར་བྱེད་པ་རྣམ་པར་ཤེས་པའི་མཚན་ཉིད་དུ་བཤད་ན་རབ་རིབ་ཅན་གྱིས་ནམ་མཁའ་ལ་སྐྲ་ཤད་མཐོང་བ་ལྟ་བུས་ཇི་ལྟར་བརྗོད་པ་མེད་པ་ཡོངས་སུ་སྤྱོད་པར་འགྱུར་ཞེ་ན། སོ་སོར་རིག་པར་གྱུར་པ་ལ་ཤིན་ཏུ་བྱང་བར་གྱུར་པ་རང་གི་
ལུས་ལ་སོགས་པ་རྗེས་སུ་མྱོང་སྟེ། བརྟག་པ་དང་བདག་ཏུ་ཡོངས་སུ་གཅོད་པ་བཞིན་ནོ། །རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས་ཀྱང་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་མི་རྟོག་པའི་དབྱིངས་ལ་རབ་ཏུ་གནས་པས་ནི་ཤེས་བྱ་དང་ཁྱད་པར་

མེད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས། ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ་། །རྣམ་པར་མི་རྟོག་པའི་འོག་ཏུ་ཐོབ་པའི་ཤེས་པས་ནི་ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་མིག་ཡོར་དང་བྲག་ཅ་དང་
གཟུགས་བརྙན་དང་ཆུ་ཟླ་དང་སྤྲུལ་པ་དང་འདྲ་བར་མཐོང་ངོ་ཞེས་གསུངས་སོ། །དེ་བས་ན་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་ཡོངས་སུ་གཅོད་པ་ཉིད་ཀྱིས་དག་པ་དང་འཁྲུལ་པ་ཉིད་ཀྱིས་འཇིག་རྟེན་པ་ཉིད་ཡིན་ནོ། །དེ་ཉིད་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་
འབྲས་བུ་ཉིད་ཀྱིས་དེ་ཁོ་ན་ཉིད་དེ། འདི་དག་ནི་འཕགས་པའི་ཆོས་ཡོངས་སུ་ཉམས་པ་ཉིད་ཀྱིས་སྔ་མའི་ཁྱད་པར་འཐོབ་པ་ལས་གོང་མའི་ཁྱད་པར་ཕུལ་དུ་བྱུང་སྟེ། དེ་བས་ན་ཡེ་ཤེས་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་སེམས་དེ་ཉིད་ཟླ་བ་ལ་སོགས་པའི་ཚུལ་
གྱིས་སོ་སོར་སྣང་བ་ནི་དེ་ཁོ་ན་ཉིད་ཡིན་ཏེ། རང་གི་ངོ་བོ་ཉིད་ཀྱིས་ཟླ་བ་ལ་སོགས་པའི་དེ་ཁོ་ན་ཉིད་ནི་མ་ཡིན་ཏེ་འདི་ནི་སྤྱིའི་དོན་ཏོ། །གོང་ནས་གོང་དུ་ཕུལ་དུ་བྱུང་བར་བསྟན་པའི་ཕྱིར་དེ་ཁོ་ན་ཉིད་དང་། གསང་བ་དང་ཤིན་ཏུ་གསང་བ་དང་མཆོག་གི་སྒྲར་བཤད་དེ། འདིར་ཡེ་
ཤེས་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །དེ་ལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་དེ་ལས་གཞན་པའི་དེ་ཁོ་ན་ཉིད་མཐོང་ངམ། འོན་ཏེ་མ་ཡིན་ཞེ་ན། དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཁོ་ན་ཉིད་དང་གསང་བ་ཉིད་དང་། ཤིན་ཏུ་གསང་བ་ཉིད་དང་།
དམ་པ་ཉིད་དོ་ཞེས་བྱ་བར་ཤེས་ཏེ་ངེས་པར་བཟུང་བའི་འབྲས་བུ་ཉིད་ཀྱིས་ན་ཤེས་པ་སྟེ་རྟོགས་པའི་དོན་ཏོ། །དེ་ཞེས་བྱ་བ་ནི་ཤེས་པ་དེའོ། །དེ་ཉིད་རྟོགས་པ་ནི་གསང་བའི་རྣམ་པ་ཤེས་ཤིང་རྟོགས་པའོ། །འདི་དག་ནི་མཆོག་ཡིན་ནོ་ཞེས་ཀྱང་སྦྱར་བར་བྱའོ། །རྒྱུ་ཙམ་དང་
འབྲས་བུ་ཙམ་ནི་རྒྱུའི་སེམས་ལས་འབྲས་བུའི་སེམས་བྱེ་བྲག་མེད་པ་ཡིན་ཏེ། སྟོང་པ་ཞེས་བྱ་བ་བཞི་པ་ཉིད་བཞིར་ཤེས་པར་བྱའོ། །དེ་ལས་གཞན་མ་ཡིན་པའི་གསུམ་གསུམ་ནི་སེམས་ཙམ་སྟེ། དེ་ནི་ཐམས་ཅད་དུ་ཡོད་པར་བཤད་པས་འདི་ནི་ངེས་པར་ཆད་པ་མ་

ཡིན་ནོ། །འབྲས་བུའི་དེ་ཉིད་ཡང་དག་ཞུགས། །རྒྱུ་ཡི་དེ་ཉིད་མི་འདོད་དོ། །ཞེས་གསུངས་པ་དེ་ཡང་བཤད་པར་བྱ་བའི་ཕྱིར་སྡུག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོབ་པ་དང་སྤྲད་པ་དག་གང་སྡུག་པ་དང་མི་སྡུག་པར་བཤད་པ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་དང་ཉོན་
མོངས་པའོ། །དེ་གཉིས་ཀ་ལས་རྒྱལ་བར་འདོད་པའོ། །དེ་བས་ན་འབྲས་བུའི་དེ་ཁོ་ན་ཉིད་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཐོབ་པར་འདོད་པ་དང་། དོར་བར་འདོད་པ་སྤང་བར་བྱ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་རྟོག་པ་མ་ལུས་པར་སྤངས་པ་ཐམས་
ཅད་རྟོགས་པས་བདག་ཉིད་སངས་རྒྱས་དང་འདྲ་བར་མངོན་སུམ་ཉིད་དུ་ངེས་པར་བྱའོ། །དེ་ལྟ་ན་ནི་འདིར་མྱུར་བར་སངས་རྒྱས་པར་མི་འགྱུར་གྱི། གཞན་དག་ནི་ཇི་ཙམ་དུ་འབྲས་བུ་འདོད་པ་དེ་ཙམ་དུ་རྒྱུ་འདོད་པ་ཡིན་པས་རྒྱུ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། སྲིད་པ་གཅིག་
ནས་གཅིག་ཏུ་བརྒྱུད་པའི་བྱ་བ་ཡུན་རིང་བ་ཉིད་དུ་འགྱུར་རོ། །འདོད་པ་མེད་པ་ཉིད་དུ་བསྟན་པའོ། །ཕྱག་རྒྱ་བཞིས་རྒྱས་བཏབ་པ་མེད་པར་ནི་རྣལ་འབྱོར་ཡོངས་སུ་རྫོགས་པར་མི་འགྱུར་རོ། །དེ་བས་ན་དེའི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར། རྣམ་ཤེས་ཙམ་ནི་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། གཟུང་བ་དང་འཛིན་པ་དང་། བརྗོད་པ་དང་རྗོད་པར་བྱེད་པ་སྟོང་པ་ཉིད་ཀྱི་རྣམ་པར་ཤེས་པ་ནི་རྣམ་ཤེས་ཙམ་ཞེས་བྱ་སྟེ། དངོས་པོ་གཙོ་བོ་མ་ཡིན་པས་ན་རྣམ་པར་ཤེས་པ་ཙམ་ཞེས་བྱ་བའི་དོན་ཏེ། ཉེ་བར་གདགས་པས་དེའི་ཡེ་ཤེས་ལ་ཡང་དེ་སྐད་ཅེས་
བྱའོ། །རྣམ་པར་ཤེས་པ་ཙམ་ཉིད་ཀྱིས་གལ་ཏེ་རྣལ་འབྱོར་ལ་དམིགས་པ་ཡོངས་སུ་ཤེས་པ་ཡིན་པས་དེ་མེད་པར་ནི་རྣལ་འབྱོར་ཡོངས་སུ་རྫོགས་པར་འགྱུར་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་དོན་ཏོ། །གལ་ཏེ་དེ་ལྟར་ན་རྣམ་པར་ཤེས་པ་དག་ལ་ཉིད་རྣལ་འབྱོར་པ་རྣམས་ཀྱི་
དངོས་གྲུབ་ཡིན་གྱི། བློ་དག་པས་ནི་མ་ཡིན་ནོ་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་རྣལ་འབྱོར་པ་འདིའི་ཡེ་ཤེས་མཆོག་ཏུ་ཤིན་ཏུ་དག་པར་གྱུར་པ་དེ་ལྟར་དག་པར་གྱུར་པའི་རྣལ་འབྱོར་པ་ནི་དེ་བཞིན་གཤེགས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཡང་

ཡེ་ཤེས་ཙམ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་བཞིན་གཤེགས་པ་ལ་སོགས་པའི་སྐུ་ཡང་ཕྱག་རྒྱ་བཞི་དང་ལྡན་པར་རྣལ་འབྱོར་གྱི་རྒྱུད་འདི་ཉིད་དུ་བསྒོམ་པར་བྱ་བ་ཡིན་པས། དེའི་ཉེ་བར་སྦྱོར་བ་བསྟན་པའི་ཕྱིར་རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
རྣམ་པར་ཤེས་པ་ཙམ་ཞེས་བྱ་བ་ནི་དངོས་པོ་གཙོ་བོ་མ་ཡིན་པར་བསྟན་པ་སྟེ། ཉེ་བར་གདགས་པས་ཡེ་ཤེས་དེ་ལ་ཡང་འདི་སྐད་ཅེས་བྱའོ། །དེ་ནས་རྣམ་པར་ཤེས་པ་ཙམ་གྱི་ཡེ་ཤེས་མེད་པའི་རྣལ་འབྱོར་པས་ནི་རྣལ་འབྱོར་རྫོགས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་
བདག་ཉིད་ནི་དེ་བཞིན་གཤེགས་པ་སྟེ་ཇི་ལྟ་བུ་ཞེ་ན། རྣམ་པར་ཤེས་པ་ཙམ་དུ་བལྟ་བར་བྱའོ་ཞེས་བཤད་པའི་ཕྱིར་རོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ནི་ཡང་དག་པའི་ཡེ་ཤེས་སོ། །མཆོག་ནི་ཤིན་ཏུ་དག་པ་སྟེ་དག་པའི་མཐར་ཐུག་པ་ཞེས་བྱ་བའི་དོན་ཏོ། །
དེ་ལྟར་ཞེས་བྱ་བ་ནི་དེ་ལྟ་བུའི་རྣམ་པར་ཤེས་པ་ཙམ་གྱི་ཚུལ་གྱིས་སོ། །དག་པ་དེ་བཞིན་གཤེགས་ཞེས་བྱ་བ་ནི་ཡང་དག་པའི་བདག་ཉིད་དུ་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེས་ན་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པར་བདག་ཉིད་ལ་མོས་ལ། དེ་ཉིད་ནི་
ཕྱག་རྒྱ་རྣམས་ཀྱི་དོན་ཡིན་པར་བསྟན་པར་བྱ་བའི་ཕྱིར། རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་ཙམ་དུ་ལྷག་པར་མོས་པའོ། །ཕྱག་རྒྱ་ཉིད་ནི་ཆོ་གའི་ཐབས་རྣམས་སོ། །དེ་བས་ན་དེ་ནི་རྣམ་པ་བཞིའོ། །གསང་བ་ཇི་ལྟ་བུ་ཡིན་ཞེ་
ན། གསང་བ་གཉིས་མེད་སྦྱོར་བ་ཡིས། །ཞེས་བྱ་བ་སྟེ་གཉིས་སུ་མེད་པའི་རྣམ་པར་ཤེས་པ་ཙམ་ཉིད་ཀྱིས་སོ། །གསང་བ་ཅི་འདྲ་བ་ཞིག་ཅེ་ན། སྐུ་གསུང་ཐུགས་སུ་ཡང་དག་འབྱུང་། །ཞེས་བྱ་བ་སྟེ། སྐུར་བྱུང་བ་དང་གསུང་དུ་བྱུང་བ་དང་ཐུགས་སུ་བྱུང་བ་སྟེ། སྐུ་ལ་སོགས་
པ་ལ་དམིགས་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ན་སྐུ་ལ་སོགས་པར་བྱུང་བ་ཡིན་ཞེ་ན། ཐུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་དང་ངག་དང་ཡིད་ཀྱི་ནི། །ལུས་དང་ངག་དང་ཡིད་རྣམ་པར་ཤེས་པ་ཙམ་དུ་རིམ་པ་ཇི་ལྟ་བ་བཞིན་དུ་བསྟན་པ་ཡིན་ནོ། །དེས་ན་ཐུགས་དང་

སྐུ་དང་གསུང་གི་དང་ཐམས་ཅད་དུ་འགྲོ་བ་ཡིན་པར་ཤེས་པར་བྱ་སྟེ། འདི་དག་ཐམས་ཅད་ཀྱིས་ཏིང་ངེ་འཛིན་གྱི་ཡེ་ཤེས་བསྟན་པ་ཡིན་ནོ། །དེ་ཉེ་བར་བསྡུ་བར་བྱ་བའི་ཕྱིར། རྒྱ་ཡི་རྒྱས་བཏབ་དངོས་པོ་ནི། །ཞེས་བྱ་བ་གསུངས་པ་ཡིན་ཏེ་ཕྱག་རྒྱ་བཞིས་རྒྱས་བཏབ་
པའོ། །གསང་བ་དག་ཅེས་བྱ་བ་ནི་འབྲས་བུ་ཉིད་ཀྱི་རྣལ་འབྱོར་གྱི་དོན་ཏོ། །རྣལ་འབྱོར་པ་དེ་ནི་རང་རིག་པ་མེད་པར་ཡེ་ཤེས་རིག་པར་མི་འགྱུར་ཏེ། དེ་བས་ན་དེ་རྣམས་ཀྱི་ཏིང་ངེ་འཛིན་ཡེ་ཤེས་བརྟགས་པ་ཡིན་ཞེས་བྱ་བ་སྟེ། ཏིང་ངེ་འཛིན་ནི་ཞི་གནས་དང་ལྷག་
མཐོང་སྟེ། དེ་གཉིས་ཀྱིས་བརྟགས་པ་ནི་སྦྱོར་བའོ། །ཏིང་ངེ་འཛིན་གྱི་ཡེ་ཤེས་བརྟགས་པ་ཉེ་བར་བསྡུས་པའོ། །ལས་ཀྱི་རབ་ཏུ་དབྱེ་བའི་དབང་དུ་མཛད་ནས། ལུས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ལ་སོགས་པའི་སྒྲས་ནི་ལུས་ལ་སོགས་པའི་ལས་
རྣམས་ཡིན་པར་བཤད་དེ། དབྱེར་མེད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་བརྟགས་པ་སྟེ་བརྟགས་པ་ཙམ་གྱིས་བརྟན་ཅིང་ངེས་པ་ཡིན་པས་ན། ལུས་ངག་སེམས་སུ་རྣམ་བརྟགས་པ། །ཞེས་བྱའོ། །བྱ་བ་དེ་ནི་རྒྱུད་དེ། དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པར་བྱ་བ་རབ་ཏུ་བརྟགས་ཤིང་ལས་རྣམ་པར་
གཞག་པ་ཡིན་ནོ། །དེ་ཡང་རྣམ་པ་འདིས་བྱ་བ་རྣམ་པ་གསུམ་གསང་བའི་དེ་ཁོ་ན་ཉིད་དུ་གྱུར་པར་བཤད་དོ། །གང་གི་ཡིན་ཞེ་ན། རྡོ་རྗེ་ལས་ཅན་སྣ་ཚོགས་བཞིན། །ཞེས་བྱ་བ་སྟེ་རྡོ་རྗེ་ལས་ཀྱིའོ། །གསང་བ་ཅི་ཞིག་ཡིན་ཞེ་ན། སྣ་ཚོགས་བཞིན་ཞེས་བྱ་བ་སྟེ་རྡོ་རྗེ་ལས་དང་འདྲ་
བའོ། །དེ་བས་ན་སྐལ་བ་མེད་པ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པའི་སྦྱོར་བ་གང་ཡིན་པས་ལས་བྱ་བ་དེ་བསྟན་པའི་ཕྱིར། སངས་རྒྱས་ལྔའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ལས་རྣམས་སྒྲུབ་པའི་ཐབས་སོ། །དེར་ཕྱག་རྒྱ་བཞི་གསང་བའི་དབང་དུ་མཛད་ནས། འབྱུང་བ་ཆེན་པོ་
ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཇི་ལྟར་ལྷ་མོ་བཞི་དང་ཡང་དག་པར་སྦྱོར་བ་ཡིན་ཞེ་ན། ས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ས་ལ་སོགས་པ་དང་། སྦྱོར་བའི་རྒྱུ་ནི་དབང་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོག་ནས་དཀྱིལ་འཁོར་རོ་ཞེས་

བཤད་པ་དང་ཐམས་ཅད་དུ་སྦྱར་བར་བྱའོ། །དབང་ཆེན་ལ་སོགས་པའི་ཁ་དོག་དང་དབྱིབས་དང་ལས་རྣམས་བསྟན་པར་བྱ་བའི་ཕྱིར་དབང་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱིབས་རྣམ་པ་གཉིས་ཏེ། ལ་ལ་ནི་དབང་དུ་བྱ་བ་ལྟ་བུའོ། །ལ་ལ་ནི་
མངོན་སྤྱོད་ལྟ་བུའོ། །འབྱུང་བ་ཆེའི་བདག་ཉིད་ལས་གྲུབ་པ་ཞེས་བྱ་བ་ནི་སྤྱན་ལ་སོགས་པ་ལྷ་མོ་བཞིའི་སྦྱོར་བ་སྟེ། དེ་ནི་ཅི་རིགས་པར་ལས་ཀྱི་དངོས་གྲུབ་རྣམ་པ་བཞི་ཞེས་བྱ་བ་སྟེ། ལས་རྣམ་པ་བཞིའི་དངོས་གྲུབ་ཀྱི་རྒྱུ་ཡིན་ནོ། །གསང་བའི་ཡེ་ཤེས་བླ་མེད་ཡིན། །ཞེས་
བྱ་བའི་དབང་དུ་མཛད་ནས། ལས་ཀྱི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་དངོས་གྲུབ་མཆོག་ཅེས་བྱ་བ་ནི་ལས་ཀྱི་དངོས་གྲུབ་དམ་པའི་རྒྱུ་ཡིན་པའོ། །དེ་གང་ཞིག་ཡིན་ཞེ་ན། ལས་ཀྱི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོས་སྒྱུར་
བ་རྣམ་པ་བཞི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་རིན་ཆེན་དང་རྡོ་རྗེ་ཆོས་དང་རྡོ་རྗེ་ལས་ཏེ། འཁོར་ལོས་སྒྱུར་བ་བཞིའི་སྦྱོར་བས་ཞེས་བྱ་བའི་དོན་ཏོ། །སྤྱན་གྱི་ཚུལ་ཞེས་བྱ་བ་ནི་སྤྱན་གྱི་རྣལ་འབྱོར་བྱའོ། །པདྨའི་རྡོ་རྗེ་ཅན་ཞེས་བྱ་བ་ནི་འོད་དཔག་མེད་པའོ། །རྣམ་པར་སྣང་མཛད་
གནས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལྟ་བུར་རོ། །རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་དང་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་དྲག་པོ་རྣམས་སོ། །བསྒོམ་པར་བྱའོ་ཞེས་བྱ་བ་ནི་གསུམ་ཆར་ལ་ཡང་ཚིག་གི་ལྷག་མ་ཡིན་ནོ། །ལས་ཀྱི་དུས་བསྟན་པར་བྱ་བའི་ཕྱིར། ཞི་བ་དགོངས་ཀ་
ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལས་རྣམས་ལ་མེ་ཏོག་དང་རྒྱན་དང་གོས་ལ་སོགས་པའི་མདོག་བསྟན་པའི་ཕྱིར་གསུངས་པ་ནི། ཞི་བ་ལ་དཀར་པོ་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་ལྔའི་དེ་ཁོ་ན་ཉིད་ཀྱི་དབང་དུ་མཛད་ནས། ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་
པ་གསུངས་པ་སྟེ། ཏིང་ངེ་འཛིན་ཡེ་ཤེས་ཀྱི་མངོན་པར་བྱང་ཆུབ་པ་ལྔ་སྟེ། དེ་ལས་ཡང་དག་པར་འབྱུང་བའི་ལས་ཀྱི་སྒྲིབ་པ་གང་ཡིན་པ་དེ་ནི་དམ་པ་ཡིན་ནོ། །མངོན་པར་བྱང་ཆུབ་པ་ལྔ་ཉིད་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒོམས་ན་

དག་པར་འགྱུར་རོ་ཞེས་བྱ་བར་སྦྱར་ཏེ། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི། ཞེས་བྱ་བ་བསྒོམས་ན་དག་པར་འགྱུར་རོ། །ཟླ་བའི་དཀྱིལ་འཁོར་གྱི་ཚུལ་དུ་རང་གི་སེམས་དག་པར་མཐོང་བའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། ཨོཾ་བོ་དྷི་ཙིཏྟཾ་ཨུཏྤཱ་ད་ཡཱ་མི། ཞེས་བསྒོམས་ན་དང་པོའི་
ཟླ་བའི་སྟེང་དུ་ཟླ་བ་གཉིས་པའི་རྣམ་པ་བྷ་ག་ཞེས་བཤད་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ན། བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་འགྱུར་ཞེས་བྱ་བ་ལ་སངས་རྒྱས་ནི་ཤེས་རབ་སྟེ་ཇི་སྐད་དུ་བཤད་པའི་བྷ་གའོ། །དེ་དང་ལྡན་པའི་སངས་རྒྱས་སུ་གྱུར་
པར་བསྒོམས་ན། མི་གཡོ་འགྱུར་ཞེས་བྱ་བ་ནི་འགྱུར་བ་མེད་པར་འགྱུར་བ་སྟེ། བྱང་ཆུབ་ཀྱི་སེམས་བརྟན་པར་གྱུར་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། བྷ་གའི་དབུས་སུའང་གསང་བའི་བདག །ཅེས་བྱ་བ་གསུངས་ཏེ། ཨོཾ་ཏིཥྛ་བཛྲ། ཞེས་བསྒོམས་པས་བྱང་ཆུབ་ཀྱི་སེམས་ཟླ་བ་ལྟ་བུའི་
དབུས་སུ་རྡོ་རྗེའི་རྣམ་པར་གྱུར་པའོ། །དེ་ནས་ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་བསྒོམས་པ་དང་། རྣལ་འབྱོར་པས་རྡོ་རྗེ་དེ་ཉིད་ལས་ནམ་མཁའི་ཁམས་ཁྱབ་པའི་རྡོ་རྗེ་ཕྲ་མོ་སྤྲོ་བ་དང་བསྡུ་བ་ལས་རྡོ་རྗེ་དབྱིངས་སུ་འགྱུར་རོ། །དེ་ནས་ཡང་སརྦ་ཏ་ཐཱ་ག་ཏ་ཏ་ཐཱ་ཨ་ཧཾ། ཞེས་བྱ་བ་བསྒོམས་ན་
རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དེ་བཞིན་གཤེགས་པའི་སྐུ་ཕྱག་རྒྱ་ཆེན་པོ་ཐོབ་པས་དེ་བཞིན་གཤེགས་པར་འགྱུར་རོ། །དེ་ལྟར་ལྔའི་བདག་ཉིད་དུ་གྱུར་ཅིང་རྣམ་པ་ལྔས་ཡང་དག་པར་བྱུང་བའི་བདག་ཉིད་དུ་བསྒོམས་ན་གཡོ་བ་མེད་པ་སྟེ་སེམས་བརྟན་པར་གྱུར་པའོ། །དེ་ནས་
རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་སྙིང་གར་བཅིངས་ལ་སེམས་དཔར་བྱིན་གྱིས་བརླབ་པའི་ཕྱིར་སྙིང་ལ་གནས་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་རྡོ་རྗེའི་ཚིག་གིས་བརྗོད་པར་བྱའོ། །ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་གསུམ་སྟེ། ཀུན་བརྟགས་པ་དང་། གཞན་གྱི་དབང་
དང་ཡོངས་སུ་གྲུབ་པའོ། །དེ་ལ་ཡོངས་སུ་གྲུབ་པ་ནི་འགོག་པ་དང་། ལམ་གྱི་བདེན་པའི་ངོ་བོ་ཉིད་དུ་ཆགས་པ་སྟེ། །དེ་རྟག་ཏུ་བསྒོམས་པར་གྱུར་པ་དང་། གཞན་གྱི་དབང་ནི་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་ཀྱིས་ན་ལྡང་བ་སྟེ། དེ་ལ་རྒྱབ་ཀྱིས་ཕྱོགས་པ་དང་། ཀུན་བརྟགས་

པ་ནི་འཁྲུལ་པའི་སྒྲོ་བཏགས་པའི་གཟུང་བ་དང་འཛིན་པའི་ཉོན་མོངས་པ་སྟེ། དེ་དམིགས་སུ་མེད་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པ་བསྒོམས་ན་ཞེས་པ་བསྒོམས་པའི་སྟོབས་ཀྱིས་ཁམས་གསུམ་པོའི་བདག་པོ་སྟེ། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་
བའོ། །ཚིགས་སུ་བཅད་པ་གསུམ་གསུངས་པ་གང་ཡིན་པ་འདི་ནི་སངས་རྒྱས་ཀྱི་བདེན་པ་སྟེ། འདིས་དུག་བཅོམ་མོ་ཞེས་བྱ་བ་སྟེ། དེ་ལྟར་བྱས་ན་དུག་ཞི་བར་འགྱུར་རོ། །དེ་ལྟར་ན་དེས་བསྐུལ་བའི་དབྱེ་བས་ལས་ཐམས་ཅད་བྱ་བ་ཡིན་ནོ། །རང་སེམས་ཞེས་བྱ་བ་ལ་སོགས་པ་
ཚིགས་སུ་བཅད་པ་བཞི་ནི་ཞི་བ་ལ་སོགས་པའི་སྦྱོར་བ་གཞན་དག་གསུངས་པ་ཡིན་ཏེ། གཏི་མུག་སེམས་ནི་དེ་བཞིན་གཤེགས། །ཞེས་བྱ་བ་ནི་ཞི་བ་ལ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་དང་ལྡན་པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུ་
དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་ལྡན་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ས་བོན་ཡོངས་སུ་ཟད་པས། འོད་གསལ་བར་མཐོང་བ་ནི་རང་གི་སེམས་སོ་སོར་རྟོག་པ་ཡིན་ཏེ། དེས་ཉོན་མོངས་པ་ཉིད་ཅེས་བྱ་བ་ལུས་དང་གནས་དང་ལོངས་སྤྱོད་ཉེ་བར་མི་དམིགས་པའོ། །འཇིག་
རྟེན་གྱུར་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་ཀྱི་ཡང་ལུས་ལ་སོགས་པ་མི་དམིགས་པས་དེའི་སེམས་དང་རང་གི་སེམས་གཅིག་ཏུ་བྱས་ལ་འཇིག་རྟེན་དང་ལྷན་ཅིག་ཏུ་གྱུར་པའོ། །སེམས་ཅན་ཀུན་ལ་བལྟ་བར་བྱ། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཐམས་ཅད་ཀྱི་སེམས་རང་བཞིན་
གྱིས་འོད་གསལ་བའོ། །ཞེ་སྡང་སེམས་ནི་དེ་བཞིན་གཤེགས། །ཞེས་བྱ་བ་ནི་མངོན་སྤྱོད་ལ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་དང་ལྡན་པའི་མི་བསྐྱོད་པའི་རྣལ་འབྱོར་པས་སོ། །ཕྲ་མོའི་ཡེ་ཤེས་ཞེས་བྱ་བ་ནི་རང་གི་སྙིང་གའི་ཟླ་བ་ལ་ཡི་གེ་ཧཱུཾ་སྔོན་པོ་ཕྲ་མོའོ། །སྡང་གྱུར་ཞེས་བྱ་བ་
ནི་ཁྲོས་པའི་སེམས་སུ་གྱུར་པའོ། །རྡོ་རྗེ་ཉིད་དུ་གྱུར་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཕྲ་མོ་ལྟ་བུའི་ཡེ་ཤེས་འཐོབ་པའོ། །སེམས་ཅན་ཐམས་ཅད་གཞིག་པར་བྱ་བ་ནི་སླར་གསོ་བར་ནུས་པ་དག་གིས་རྡོ་རྗེ་ཕྲ་མོ་འབར་བ་སྤྲོས་པས་ཐམས་ཅད་ཁྱབ་པར་བྱས་ནས་བསྒྲུབ་པར་

བྱ་བ་བརྒྱལ་བར་བྱའོ། །འདོད་ཆགས་སེམས་ནི་དེ་བཞིན་གཤེགས། །ཞེས་བྱ་བ་ནི་དབང་དུ་བྱ་བ་ལ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་དང་ལྡན་པའི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་སོ། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །ཅེས་བྱ་བ་དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་ལྡན་
པའི་སྙིང་གའི་ཟླ་བ་ལ་ཐུན་མཚམས་བཞིའམ་གསུམ་དུ་འགྲོ་བའི་སྙིང་པོ་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་རྣམ་པར་བསྒོམ་པར་བྱའོ། །ཆགས་གྱུར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་རྣམས་ལ་ཞེན་པའི་སེམས་སུ་གྱུར་པའོ། །བཟང་པོ་ཉིད་དུ་གྱུར་པ་ཞེས་བྱ་བ་ནི་ཀུན་དུ་བཟང་པོ་ཉིད་དོ། །དབང་དུ་བྱ་
བ་ལ་ནུས་པ་ཐོབ་པའོ། །སངས་རྒྱས་ཐམས་ཅད་ཆགས་པར་བྱ། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཐམས་ཅད་དབང་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །བྱམས་པའི་སེམས་ནི་དེ་བཞིན་གཤེགས། །ཞེས་བྱ་བ་ནི་རྒྱས་པ་ལ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་དང་ལྡན་པའི་རིན་ཆེན་
འབྱུང་ལྡན་གྱི་རྣལ་འབྱོར་པས་སོ། །ང་རྒྱལ་ཡང་དག་བསྐྱེད་ནས་ནི། །ཞེས་བྱ་བ་ནི་སྙིང་གའི་ཟླ་བ་ལ་ཡིད་བཞིན་གྱི་ནོར་བུ་རྣམ་པར་བསམས་ལ་བདག་ནི་ཡིད་བཞིན་ནོར་བུ་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་པའོ། །མཛའ་བོར་གྱུར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་རྣམས་ཀྱི་ལུས་རྒྱས་
པའམ་ནོར་རྒྱས་པའམ་ཚེ་རྒྱས་པ་སྟེར་བར་འདོད་པར་གྱུར་པའོ། །ཀུན་ཉིད་གྱུར་ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་ལྷ་རྣམས་སྤྲོས་པའི་གཟུགས་ཉིད་ཐོབ་པའོ། །སངས་རྒྱས་ཀུན་ལ་འཁྱུད་པར་བྱ། །ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་ལྷ་དེ་རྣམས་ཉིད་དང་བསྒྲུབ་པར་བྱ་བ་དེ་རྣམས་
གཅིག་ཏུ་བྱ་བའོ། །རྒྱུ་དང་འབྲས་བུའི་སྦྱོར་བ་དག་གིས་ནི་དང་པོ་སྟེ་ཏིང་ངེ་འཛིན་གྱི་ཡེ་ཤེས་ཡིན་པར་བཤད་པའོ། །གཉིས་སུ་མེད་པའི་སྦྱོར་བས་ནི་གཉིས་པ་སྟེ་དེ་ནི་གསང་བའོ། །ངོ་བོ་ཉིད་ཀྱི་སྦྱོར་བས་ནི་གསུམ་པ་སྟེ་དེ་ནི་མཆོག་ཡིན་ནོ། །ད་ནི་རབ་ཏུ་དབྱེ་བ་གཉིས་ཀྱིས་
མཆོག་ཏུ་བཤད་པའི་ཏིང་ངེ་འཛིན་གྱི་ཡེ་ཤེས་བསྟན་པར་བྱ་བའི་ཕྱིར་ཆགས་པའི་ལྟ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིན་ཏུ་བདེ་བ་ཉེ་བར་བསྡུས་པ་ལས་བྱུང་བའི་དགའ་བ་ཉིད་ནི་ཆགས་པ་སྟེ། དེས་སེམས་ཅན་ཐམས་ཅད་ལ་བལྟ་བ་ནི་བྱམས་པའི་སྦྱིན་པའོ། །

སྙིང་རྗེས་དེ་རྣམས་ལ་ཆོས་བཤད་པ་ནི་ཆོས་ཀྱི་སྦྱིན་པའོ། །དེ་རྣམས་འཇིགས་པ་ཐམས་ཅད་ལས་ཐར་བར་བྱ་བ་ནི་མི་འཇིགས་པའི་སྦྱིན་པའོ། །སངས་རྒྱས་ཐམས་ཅད་ལ་ཡིད་ཀྱི་རང་བཞིན་གྱི་མཆོད་པ་རྣམས་ཀྱིས་རྗེས་སུ་མཉེས་པར་བྱ་བ་ནི་ཟང་ཟིང་གི་སྦྱིན་
པའོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པའི་རབ་ཏུ་དབྱེ་བ་ཡང་ལུང་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །སྦྱིན་ལས་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་སྦྱིན་པ་རྣམ་པ་བཞི་ཡོངས་སུ་རྫོགས་པར་བསྒོམས་པས་རབ་ཏུ་དགའ་སྟེ་ཞེས་བྱ་བ་རབ་ཏུ་དགའ་བའི་ས་ཐོབ་པར་ཡིད་ལ་
ལྷག་པར་མོས་པའོ། །ཚུལ་ཁྲིམས་རྣམ་པ་གསུམ་ཡོངས་སུ་རྫོགས་པར་བསྒོམས་པས་ནི་ཚུལ་ཁྲིམས་དང་ལྡན་པས་དྲི་མ་མེད་པར་གྱུར་པ་སྟེ། དྲི་མ་མེད་པའི་ས་ཐོབ་པའི་བདག་ཉིད་གང་ཡིན་པའོ། །དེ་བཞིན་དུ་འོག་མ་རྣམས་དང་ཡང་ཤེས་པར་བྱའོ། །འོད་བྱེད་པ་ནི་
འོད་བྱེད་པའི་ས་ཐོབ་པའོ། །བརྩོན་འགྲུས་ནི་བསོད་ནམས་དང་ལྡན་ཞིང་དམ་ཚིག་ལ་སེམས་དཔའི་དགེ་བའི་རྩ་བའོ། །འོད་འཕྲོ་ཅན་ཞེས་བྱ་བ་ནི་འོད་འཕྲོ་བ་ཐོབ་པའོ། །མངོན་གྱུར་མཐོང་ཞེས་བྱ་བ་ནི་ས་མངོན་དུ་གྱུར་པ་ཐོབ་པ་སྟེ་རང་གི་སེམས་ཀྱིས་མཐོང་བའོ། །
ལྷག་མ་རྣམས་ནི་གོ་སླའོ། །རྒྱལ་བ་ཞེས་བྱ་བ་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་ལས་ངེས་པར་རྒྱལ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ཐུགས་སུ་ཆུད་པའི་ཕྱིར་རོ། །དེ་ལྟ་
བུར་གྱུར་པ་ནི་བཅུ་གཅིག་པ་ཀུན་དུ་འོད་ཅེས་བྱ་བ་ནི་ས་བཅུ་གཅིག་པ་ཐོབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་རིག་བདག་ཉིད་ཅེས་བྱ་བ་ནི་མཉམ་པར་གཞག་པའི་སེམས་ཀྱིས་དེ་ལྟར་ལྷག་པར་མོས་པ་སྟེ་དེ་ཁོ་ན་ཉིད་དུ་ནི་མ་ཡིན་ནོ། །རང་རིག་པའི་བདག་ཉིད་དུ་
གྱུར་པ་ནི་ས་སྔ་མ་རྣམས་དང་ཡང་སྦྱར་བར་བྱའོ། །ཕ་རོལ་ཕྱིན་པ་བཅུ་རྣམས་དང་། །ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་རྣམས་སོ། །སྟོབས་རྣམས་བཅུ་ཉིད་དོ། །དབང་རྣམས་ཀྱང་བཅུ་ཉིད་དོ། །འདས་གྱུར་ན་ཞེས་བྱ་བ་ནི་བཅུ་གཅིག་པར་རོ། །མཚན་མ་བརྟན་

པར་བྱ་བ་ནི་བྱང་ཆུབ་སེམས་དཔའི་མཚན་མར་གྱུར་པས་མཚན་མ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉེ་བར་བརྟན་པར་གྱུར་པས་འདིས་སྟོན་པས་ན་མཚན་མ་བརྟན་པའོ། །དེ་ནས་ནི་ཞེས་བྱ་བ་ནི་མཚན་མ་བརྟན་པར་གྱུར་པ་དེ་ལས་གོང་དུ་རྡོ་རྗེ་ཆུར་གྱུར་པའོ། །དེ་ཡང་ཅི་
ཞིག་ཡིན་ཞེ་ན། རྫོགས་སངས་རྒྱས་ཞེས་བྱ་བ་གསུངས་ཏེ་ཡང་དག་པའི་ཡེ་ཤེས་སོ། །སུ་ཞིག་གི་ཡིན་ཞེ་ན། སངས་རྒྱས་ཀུན་གྱིའོ། །ཇི་ཙམ་ཞིག་ཅེ་ན། མཐའ་ཡས་པ་སྟེ། ནམ་མཁའ་དང་འདྲ་བའོ། །གཟུང་དང་འཛིན་པ་སྤངས་པ་ཡིན། །ཞེས་
བྱ་བ་ནི་གཉིས་སུ་སྣང་བ་ནུབ་པའི་ཕྱིར་རོ། །དེ་ནི་ཆོས་ཀྱང་ཡིན་ཏེ་ཡང་དག་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །བདུད་རྩི་ཡང་ཡིན་ཏེ་བརྟན་པ་ཉིད་ཀྱི་ཕྱིར་རོ། །བདེ་བའི་སྦྱོར་བ་ཕུལ་དུ་བྱུང་བ་ཡིན་པས་སོ། །བཅུད་ཀྱིས་ལེན་ཡང་ཡིན་ཏེ་ཉོན་མོངས་པའི་ནད་མ་ལུས་པའི་
གཉེན་པོར་གྱུར་པ་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་ཆོས་ཀྱི་བདུད་རྩི་བཅུད་ཀྱིས་ལེན་ཞེས་བྱ་བའོ། །དག་པ་ནི་ཉེས་པ་ཐམས་ཅད་ཟད་པ་ཡིན་པའི་ཕྱིར་རོ། །འཐུངས་པས་ཞེས་བྱ་བ་ལ་ཇི་ལྟར་འཐུང་ཞེ་ན། ཆོས་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་དུ་ལྷག་པར་མོས་ལ། དེ་རྣམས་
ཀྱི་སྙིང་པོ་ས་བོན་གྱི་སྔགས་ལས་འོད་ཟེར་རྣམས་ཕྱུང་སྟེ། འགྲོ་བ་མ་ལུས་པ་ཁྱབ་པར་བྱས་ནས་འོ་མའི་རྒྱ་མཚོ་མཐའ་ཡས་པ་བཀང་ལ་དེ་ཉིད་འཐུངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་བདག་ཉིད་ཀྱང་དེ་བཞིན་དུ་ཞུ་བར་བྱའོ། །རྡོ་རྗེའི་སློབ་མ་ཞེས་བྱ་བ་ནི་རྡོ་རྗེའི་རང་བཞིན་གྱི་
སློབ་མའོ། །གདོད་ནས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་སོ། །དེ་ནི་སྒྲིབ་པ་ཐམས་ཅད་ཟད་པ་ཡིན་པས་ན་དག་པ་ཡིན་པའི་ཕྱིར་གདོད་ནས་དག་པ་སྟེ། དེ་ལྟར་དེ་གདོད་ནས་དག་པར་འགྱུར་ཞིང་བྱང་ཆུབ་པར་འགྱུར་རོ། །རང་གི་སོ་སོར་རྟོགས་པས་འོ་མའི་རྒྱ་མཚོ་དེ་ཉིད་མངོན་པར་
བསྡུས་ལ། དང་པོ་ཟླ་བའི་དཀྱིལ་འཁོར་དུ་མཐོང་བས་ནི། དེ་ནས་དེའི་འོག་ཏུ་བྱང་ཆུབ་ཀྱི་སེམས་སུ་འགྱུར་རོ། །ཟླ་བའི་དཀྱིལ་འཁོར་གཉིས་པ་མཐོང་བས་ན་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཅན་དུ་གྱུར་ཞེས་བྱའོ། །ཟླ་བའི་དཀྱིལ་འཁོར་གཉིས་པའི་སྟེང་དུ་རྡོ་རྗེའི་

གཟུགས་མཐོང་བས་ནི་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པ་ཡིན་པས། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ནས་རྡོ་རྗེ་དེ་ཉིད་རྡོ་རྗེ་དབྱིངས་སུ་སྤྲོ་ཞིང་བསྡུས་པས་དེ་བཞིན་གཤེགས་པ་ཞེས་བྱའོ། །ཟླ་བ་གཉིས་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་
སངས་རྒྱས་ཀྱི་གཟུགས་ཐོབ་པས་རྣམ་པར་གྲོལ་བའི་རས་ཀྱིས་གཡོགས་ཞེས་བྱ་བའོ། །སྙིང་གར་ཟླ་བ་བསྒོམས་པས། བྱང་ཆུབ་སེམས་ནི་བླ་ན་མེད། །ཡང་དག་བསྐྱེད་འགྱུར་ཞེས་བྱའོ། །ཟླ་བ་དེར་རྡོ་རྗེ་བསྒོམས་པས་སྙིང་ལ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པར་
གྱུར་པའི་བདག་ཉིད་ཀྱི་སྙིང་ལའོ། །འདི་ནི་མཆོག་ཏུ་གསང་བའི་ཡེ་ཤེས་གཅིག་ཡིན་ནོ། །གཉིས་པ་བསྟན་པར་བྱ་བའི་ཕྱིར། སེམས་ཅན་ཁམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སེམས་ཅན་ཁམས་ནི་མཐའ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་ཐམས་ཅད་ཀྱིའོ། །མར་གྱུར་ཞེས་བྱ་བ་ནི་སྐྱེད་པར་བྱེད་པ་སྟེ་ཕྱོགས་བཅུ་ནས་འོངས་པའི་ཡི་གེ་བཅུ་དྲུག་གོ། །དམ་ཚིག་འཛིན་བྱེད་མ་ཞེས་བྱ་བ་ནི་དེ་རྣམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་ཡང་དག་པར་འདུས་པ་ནི་དམ་ཚིག་སྟེ། དེ་འཛིན་པར་བྱེད་པས་ན་
དམ་ཚིག་འཛིན་བྱེད་མ་སྟེ་དེ་སྤྱད་པར་བྱའོ། །ཇི་ལྟར་སྤྱད་པར་བྱ་ཞེ་ན། རྡོ་རྗེ་དམ་ཚིག་གིས་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་འདི་ནི་དེ་བཞིན་གཤེགས་པ་རྣམས་དང་ཀ་ལ་སོགས་པའི་ཡི་གེ་སུམ་ཅུ་རྩ་བཞི་ཕྱོགས་བཅུ་ནས་འོངས་པ་རྣམས་སོ། །དེ་ཉིད་ནི་དམ་ཚིག་སྟེ་ཟླ་བའི་
དཀྱིལ་འཁོར་གཉིས་པའི་རྣམ་པར་ཡང་དག་པར་འདུས་པ་སྟེ། དེ་སྤྱད་པར་བྱའོ། །དེ་ནི་བུད་མེད་དང་སྐྱེས་པའི་ཚུལ་ཡིན་པས་ན་སྤྱད་པ་ཞེས་བྱའོ། །རྟག་ཏུ་དམ་ཚིག་གནས་པར་འགྱུར། །ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་གཉིས་པའི་སྟེང་དུ་རྡོ་རྗེ་བསྒོམས་པས་བྱང་ཆུབ་
ཀྱི་སེམས་དེ་ཉིད་བརྟན་པར་འགྱུར་བའི་ཕྱིར་རོ། །ཁམས་གསུམ་ལམ་ནི་ཉམས་དགའ་བར། །ཞེས་བྱ་བ་ནི་ཕྱོགས་ཐམས་ཅད་དུ་བུད་མེད་ནི་ཕྱག་རྒྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྐབས་སུ་བཤད་པ་རྣམས་སྤྲོས་པ་དེ་ཐམས་ཅད་ཐུགས་རྡོ་རྗེའི་

བྱེད་པ་པོས་སྤྱད་པར་བྱ་སྟེ། རྡོ་རྗེ་ནི་སྐྱེས་པ་ཡིན་པའི་ཕྱིར་རོ། །ཆོ་ག་བཞིན་ཞེས་བྱ་བ་ནི་བསྡུས་པའི་སྦྱོར་བས་སོ། །མི་སྨོད་དོ་ཞེས་བྱ་བ་ནི་མི་སྤང་བའོ། །ཟླ་བ་གཉིས་དང་རྡོ་རྗེ་ནི་རྡོ་རྗེ་གསུམ་སྟེ་དེ་ཡོངས་སུ་གྱུར་པའི་དེ་བཞིན་གཤེགས་པ་ནི་རྡོ་རྗེ་གསུམ་གྱི་སྐུ་ཞེས་བྱ་སྟེ་
རྣམ་པ་ལྔ་པའོ། །རྡོ་རྗེ་གསུམ་གྱི་སྐུ་དེ་ལ་གནས་པའི་དམ་ཚིག་གི་ཕྱག་རྒྱ་སྟེ་ཐུགས་ཀྱི་ཕྱག་རྒྱ་སྙིང་གའི་ཟླ་བ་དང་རྡོ་རྗེའི་གཟུགས་སུ་གྱུར་པ་དེ་ཚིམ་པར་བྱ་ཞིང་རྒྱས་པར་བྱའོ། །གསུང་གི་རྡོ་རྗེ་ནི་སྙིང་པོ་དང་སྔགས་རྣམས་སོ། །ཇི་ལྟར་ཚིམ་པར་བྱ་ཞེ་ན། རྡོ་རྗེ་གསུམ་གྱི་
དམ་ཚིག་གིས་ཏེ། རྡོ་རྗེ་གསུམ་རྫོགས་པར་བྱང་ཆུབ་པའི་རབ་ཏུ་དགའ་བའི་ཚུལ་གྱིས་སོ། །སྨད་མི་བྱ་ཞེས་བྱ་བ་ནི་སྤང་བར་མི་བྱའོ། །རྡོ་རྗེ་སེམས་དཔའ་ནི་སྙིང་པོ་དང་སྔགས་དེ་ཉིད་དེ། དེ་ལས་ཡང་དག་པར་བྱུང་བའི་ཕྱག་རྒྱ་ཆེན་པོ་ཀུན་ནོ། །བུད་མེད་བཟང་
ཞེས་བྱ་བ་ནི་རབ་ཏུ་དགའ་བ་སྟེ་ལོངས་སྤྱོད་རྫོགས་པའི་སྐུས་ཡང་དག་པར་བསྡུས་པའི་ཕྱིར་རོ། །དེ་རྣམས་བསྟན་པ་ནི་བསྒོམ་པ་སྟེ་དེས་ཕྱག་རྒྱ་ཐམས་ཅད་ཅེས་བྱ་བ་ལྷ་མོ་དེ་དག་ཉིད་དབང་དུ་འགྱུར་རོ། །བུད་མེད་ཅེས་བྱ་བ་ཇི་སྙེད་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་
གྱིས་བསྡུས་པའི་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་དཀྱིལ་འཁོར་རྣམས་སུའོ། །སྦྱོར་བ་ཡིས་ཞེས་བྱ་བ་ནི་དངོས་པོ་གཅིག་ཏུ་གྱུར་པ་སྟེ་དེ་ལྟ་བུས་དུས་དེ་དག་ཀུན་ལ་ཉེ་བར་སྤྱད་པར་བྱའོ། །ཡང་ན་བྱུང་བ་ནི་སྤྲོས་པའོ། །བུད་མེད་བཟང་ནི་ཕུལ་དུ་བྱུང་བའི་དགའ་བའི་ཡུལ་དུ་གྱུར་
པའི་ཕྱིར་རོ། །བསྟེན་པ་ནི་གོམས་པར་བྱེད་པ་སྟེ། ཡང་དང་ཡང་དུ་སྤྲོས་པ་སྟེ་དེས་དབང་དུ་འགྱུར་རོ། །སྤྲོ་བ་ལ་དབང་དུ་གྱུར་པ་ཉིད་ཐོབ་པས་སྤྲོ་བར་བྱའོ། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་རང་གི་སྙིང་གའི་སྔགས་སུ་བསྡུ་བ་སྟེ་དེས་ཉེ་བར་ལོངས་སྤྱད་པར་
བྱའོ། །སྦྱོར་བ་གཉིས་པོ་འདི་དག་ནི་མཆོག་ཏུ་གསང་བ་ཡིན་ཏེ། དང་པོ་ནི་གསང་བའི་དབང་བསྐུར་བའི་ཁྱད་པར་ཡིན་ནོ། །གཉིས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་ཁྱད་པར་ཡིན་ནོ། །འདི་གཉིས་ཕུལ་དུ་བྱུང་བར་བསྟན་པ་ནི་གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ།

གཉིས་ཀ་ཡང་མཆོག་ཏུ་གསང་བའི་རྣལ་འབྱོར་ཡིན་ནོ། །ཏིང་འཛིན་ཡེ་ཤེས་དམ་པ་ཡིན། །ཞེས་བྱ་བ་ནི་འདིར་ཏིང་ངེ་འཛིན་གཙོ་བོ་ཡིན་གྱི་ང་རྒྱལ་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལ་ང་རྒྱལ་ནི་བདག་ཉིད་རང་གི་ལྷར་ངེས་པ་སྟེ་དེ་ཡང་འདིར་མི་དགོས་ཏེ།
རྣམ་པར་མི་རྟོག་པ་ཉིད་ཡིན་པའི་ཕྱིར་རོ། །ཧཱུཾ་ནི་བགེགས་བསྐྲད་པའི་ཕྱིར་ཏེ་དེ་ཡང་འདིར་མི་དགོས་ཏེ་བགེགས་མེད་པའི་ཕྱིར་རོ། །རིག་པ་ནི་ཕྲེང་བའི་སྔགས་སོ། །སྔགས་རིག་པ་ནི་སྔགས་ལྷག་མ་རྣམས་ཏེ། རིག་པ་དང་སྔགས་ཀྱང་འདིར་བཟླ་མི་དགོས་ཏེ། རྣལ་
འབྱོར་གྱིས་སྔོན་དུ་བསྙེན་པ་རྫོགས་པའི་ཕྱིར་རོ། །འདིར་དམ་ཚིག་བསྟན་པ་ནི་ལག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲོག་ཆགས་ནི་རང་གི་སེམས་ཉིད་ཀྱི་སོ་སོར་སྣང་བའི་ཁྱད་པར་ཏེ། དེ་རྣམས་བསད་པ་ནི་ནུབ་ཅིང་མི་སྣང་བར་བྱ་བའོ། །བརྫུན་དུ་སྨྲ་བ་ནི་དེའི་དོན་
དམིགས་སུ་མེད་པའོ། །མ་བྱིན་པར་བླང་བ་ནི་རང་གི་སེམས་སྣང་བ་དེ་ཉིད་ཤེས་པའོ། །བུད་མེད་ནི་ཕྱག་རྒྱ་རྣམས་སོ། །བསྙེན་པ་ནི་གཉིས་སུ་མེད་པའི་རྣལ་འབྱོར་གྱི་དོན་གྱི་ཕྱིར་རོ། །གཞན་མིན་སེམས་ཀྱིས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཡེ་ཤེས་ལས་མི་གཡོ་བས་སོ། །
རབ་ཏུ་གྲུབ་ཅེས་བྱ་བ་ནི་གཞན་དུ་མ་གྱུར་པའི་སེམས་ཀྱིས་ཞེས་བྱ་བ་དང་སྦྱར་རོ། །སངས་རྒྱས་ཆོས་ཉིད་ཅེས་བྱ་བ་ནི་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་སོ། །དང་པོའི་མཆོག་ཏུ་གསང་བའི་སྦྱོར་བ་ལས་དང་པོར་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མཚན་མ་བརྟན་པར་གྱུར་པ་བསྟན་
ནས། ཆོས་གཞན་དག་ཀྱང་བསྟན་པར་བྱ་བའི་ཕྱིར་མ་འདྲེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་རྟག་ཏུ་བསྒོམ་པ་ནི། །ཞེས་བྱ་བ་ནི་ཉི་མ་རེ་རེ་ཞིང་དེ་རྣམས་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཐོབ་པ་བསྒོམ་པའོ། །མཚན་མ་བརྟན་པར་གྱུར་པ་ཡིན་པས་ན་
མཚན་མ་བསྟན་པ་ཡིན་ཏེ། དེའི་འོག་ཏུ་ནི་སྔ་མ་བཞིན་ནོ། །བསམ་གཏན་བཞི་དང་གཟུགས་མེད་བཞི། །འགོག་པའི་སྙོམས་འཇུག་ཅེས་བྱ་བ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟེ། འདི་དག་འཐོབ་པར་བསྒོམས་པས་མཚན་མ་བརྟན་པ་སྟེ། ལྷག་

མ་རྣམས་ནི་སྔ་མ་བཞིན་ནོ། །བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། །ཞེས་བྱ་བ་ནི། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་།
འཕགས་པའི་ལམ་ཡན་ལག་བརྒྱད་པོ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །དེ་རྣམས་བསྒོམས་པས་དག་པ་ནི། །ཞེས་བྱ་བ་ནི་དེ་རྣམས་བསྒོམས་པས་མཚན་མ་བརྟན་པར་གྱུར་པའོ། །རྡོ་རྗེ་ཆུ་འཐུངས་པས་ནི་གདོད་ནས་དག་པར་གྱུར་ཏེ་དང་པོ་ཟླ་བ་མཐོང་
བའི་ཕྱིར་རོ། །དེ་ནས་ཟླ་བ་གཉིས་པ་མཐོང་བས་ནི་བྱང་ཆུབ་སེམས་དཔའོ། །དེའི་དབུས་ཀྱི་རྡོ་རྗེ་མཐོང་བས་ནི་འགྲོ་བ་ལ་ཕན་པའོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །དེ་ནས་གང་ཟླ་བ་གཉིས་པའི་སྟེང་དུ་རྡོ་རྗེ་འདི་ཅི་ཞིག་ཡིན་ཞེ་ན། འགྲོ་བ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། འགྲོ་བ་རྣམས་ལ་སྤྲོས་པ་ནི་ཁྱབ་པ་སྟེ། ཆོས་ཐམས་ཅད་ལ་དམིགས་པའི་ཕྱིར་རོ། །བརྟན་པ་ནི་མི་ཕྱེད་པའོ། །སྙིང་པོ་ནི་འཇིགས་པ་མེད་པའོ། །ཅིའི་ཕྱིར་བརྟན་པ་ཡིན་ཞེ་ན། གང་གི་ཕྱིར་རབ་བསྒོམས་པ་ཞེས་བྱ་བ་གསུངས་པས་སོ། །ཅིའི་
ཕྱིར་སྙིང་པོ་ཡིན་ཞེ་ན། གང་གི་ཕྱིར། སྟོང་པའི་དེ་ཉིད་ལས་བྱུང་བ། །ཞེས་བྱ་བ་གསུངས་པའི་ཕྱིར་རོ། །དེ་ཡང་སྟོང་པ་ཉིད་དེ་ཁོ་ན་ཉིད་ནི་དེ་ཉིད་དེ། དེ་ལས་བྱུང་བ་ནི་ཤིན་ཏུ་ཕྱིན་ཅི་ལོག་མ་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཡེ་ཤེས་ནི་རྡོ་རྗེ་ལྟ་བུའི་ཡེ་ཤེས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་
དེས་ན་རྡོ་རྗེ་ནི་རྡོ་རྗེ་དབྱིངས་ཀྱི་སྤྲོ་བ་ཡིན་པ་དེ་ཅི་ཞིག་ཡིན་ཞེ་ན། ཆོས་བདག་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དབྱིངས་རྣམས་ནི་ཆོས་ཏེ། དེ་རྣམས་ཀྱི་བདག་མེད་པ་ནི་གཉིས་སུ་སྣང་བ་ནུབ་པར་གྱུར་
པའོ། །དེ་ལ་དམིགས་པ་ནི་ཡང་དག་པར་བྱུང་བའོ། །བདག་ཉིད་ཀྱང་གཉིས་སུ་སྣང་བ་དང་བྲལ་བས་གཉིས་སུ་མེད་པའོ། །ཤིན་ཏུ་རྣམ་པར་དག་པས་ན་རྣམ་པའོ། །ཆོས་ནི་ལམ་གྱི་བདེན་པ་སྟེ་དེ་ཉིད་ནི་སངས་རྒྱས་ཀྱི་ཆོས་རྣམས་སོ། །དེ་རྣམས་ཀྱི་རང་བཞིན་ནི་ཆོས་ཉིད་

དོ། །དེའི་མཆོག་ནི་འཇིག་རྟེན་ལས་འདས་པ་ཉིད་ཡིན་པའི་ཕྱིར་དང་། བྱབ་པར་བྱེད་པ་ཉིད་ཀྱིས་རྟོགས་པས་ན་ཆོས་ཉིད་མཆོག་གོ། །ཆོས་རྣམས་ལ་འཛིན་ཅིང་མཉམ་པར་འཇོག་པས་ཆོས་ཀྱི་དབྱིངས་སོ། །གལ་ཏེ་དེ་ལྟར་ན་དབྱིངས་དེ་རྣམས་ཀྱི་རྡོ་རྗེ་ཉེ་བར་
བསྡུ་བ་དེའི་ངོ་བོ་ཉིད་ནི་གང་། རྒྱུ་ནི་གང་། རྒྱུའི་རྒྱུ་ནི་གང་ཞེའམ། མིང་ནི་ཅི་ཞིག་ཡིན་ཞེ་ན། དེའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་རྣམས་བསྡུས་ནས་འཛིན་པ་ནི་ཆོས་ཀྱི་དབྱིངས་སོ། །དེའི་ངོ་བོ་ཉིད་ནི་གཉིས་སུ་མེད་པ་དང་བརྟན་པ་ཉིད་ཀྱིས་ནི་
རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །ཡང་དག་པར་ཀུན་ནས་སངས་རྒྱས་ཀྱི་ཆོས་རྣམས་ལ་སེམས་འཛིན་པས་གང་འདས་མ་ཐག་པའི་ཚིགས་སུ་བཅད་པས་ཆོས་ཀྱི་དབྱིངས་ཞེས་པ་དེ་ལས་བྱུང་བས་ན་དེ་ལས་སྐྱེས་པ་ཡིན་ཏེ། དེ་ནི་འདིའི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཡེ་ཤེས་
ནི་སྔར་གྱི་ཚིགས་སུ་བཅད་པས་བཤད་པ་ཡིན་ཏེ། དེ་ནི་དེའི་རྒྱུའི་རྒྱུ་ཡིན་ནོ། །རྡོ་རྗེ་ཡེ་ཤེས་ཀྱི་རང་བཞིན་ནི་རྡོ་རྗེ་དབྱིངས་འདི་ལས་ཡོད་པས་ན་རྡོ་རྗེ་དབྱིངས་སོ། །ད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར། སེམས་ཀྱི་སྤྲོ་བའི་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ལ་སྤྲོས་པ་མེད་པའི་ཡེ་ཤེས་ནི་སེམས་ཀྱི་སྤྲོ་བ་སྟེ། དེའི་སྦྱོར་བ་སྟེ། དེས་དེ་ལ་གོང་དུ་སྤྲོས་པ་མེད་པའི་ཡེ་ཤེས་དེའི་བསྡུ་བས་ཟླ་བའི་དཀྱིལ་འཁོར་དུ་བྱ་བ་ནི་ཕྲ་མོའི་ཡེ་ཤེས་ཏེ། དེ་ལ་སོགས་པ་གང་ཡིན་པ་དེ་ནི་
ཕྲ་མོའི་ཡེ་ཤེས་སོགས་ཞེས་བྱ་སྟེ། ཡེ་ཤེས་ལྔ་པོ་རྣམ་པ་ལྔའི་ཚུལ་ཏེ་དེའི་སྦྱོར་བས་སོ། །དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་བརྙེས་པས་ན་དེ་སྐད་ཅེས་བྱ་སྟེ། དེ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །དེ་ཡང་ཡེ་ཤེས་ལྔ་ཐུགས་སུ་ཆུད་པས་སྣ་ཚོགས་
པའི་མཆོག་ཏུ་གྱུར་ཅིང་ཆོས་ཐམས་ཅད་ལ་དབང་དུ་གྱུར་པ་བརྙེས་པས་ན། འདི་ནི་དཀྱིལ་འཁོར་འདིའི་བདག་པོའི་ཚུལ་ཏེ་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་པ་རྣམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། ཇི་ལྟར་ཐུགས་སུ་ཆུད་པའི་

སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་ཕྱེ་སྟེ། དེ་རྣམས་ཀྱི་ཆ་རེ་རེ་ཞིང་རྒྱུ་དང་འབྲས་བུས་བསྡུས་པ་དེས་འདུལ་བའི་སྐྱེ་བོ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར། མི་བསྐྱོད་པ་ལ་སོགས་པའི་སྐུར་ཡང་དག་པར་སྟོན་པ་ཡིན་ནོ། །དེ་ལྟ་ན་ནི་དེ་རྣམས་ལས་ལ་ལ་ནི་སངས་རྒྱས་
ལ། ལ་ལ་ནི་བྱང་ཆུབ་སེམས་དཔར་སྣང་བ་འདི་ཅི་ཞིག་ཡིན་ཞེ་ན། དེ་ནི་གདུལ་བྱ་རྣམས་ཀྱི་བསམ་པའི་ཁྱད་པར་ལས་རྣམ་པར་སྟོན་པར་མཛད་པ་ཡིན་ནོ། །གཞན་ཡང་འབྲས་བུའི་གནས་སྐབས་བསྟན་པ་ནི་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་རྣམས་ཡིན་ལ། རྒྱུའི་
གནས་སྐབས་བསྟན་པ་ལ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཡིན་ཏེ། དེ་གཉིས་ཀས་ཀྱང་སེམས་ཅན་རྣམས་འདུན་པར་མཛད་ཅིང་འགྲོ་བ་རྣམས་ལ་ཕན་པར་བྱ་བའི་ཕྱིར་རྣམ་པ་ཐམས་ཅད་དུ་ཞུགས་པ་ཡིན་པའི་ཕྱིར་རོ། །ཡང་ན་སེམས་
ཅན་ཐམས་ཅད་ལ་དགྱེས་ཤིང་མཉེས་པས་ཐུགས་རྗེས་སྨིན་པར་མཛད་པས་ན་སེམས་དཔའོ། །བྱམས་པ་ནི་གཞན་རྣམས་ལ་ཕན་པར་འདོད་པ་སྟེ། དེ་སྤྲོ་བ་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱའོ། །དེའི་སྦྱོར་བ་ནི་རྒྱུ་དེས་བྱང་ཆུབ་པ་ལ་སེམས་དཔའི་བྱང་ཆུབ་ཀྱི་
སྤྱོད་པ་རྣམས་ཀྱིས་སྤྱོད་པས་ན་སྤྱོད་པ་སྟེ། དེ་དང་ལྡན་པས་ན་སྤྱོད་པར་བྱེད་པའོ། །མཆོག་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་ཕྱིར་ཏེ་དམ་པའོ། །ཟག་པ་མེད་པ་ནི་འཇིག་རྟེན་ལས་འདས་པ་ཉིད་ཡིན་པའི་ཕྱིར་རོ། །བརྟན་པར་གྱུར་པ་ནི་ཤིན་ཏུ་བསྒོམས་པའི་ཕྱིར་
རོ། །དེ་བས་ན་ཉོན་མོངས་པ་དང་རྣམ་པར་རྟོག་པ་རྣམས་ཀྱིས་བསྐྱོད་པར་མི་ནུས་པས་ན་མི་བསྐྱོད་པའོ། །ཐུགས་རྗེ་ནི་ཕ་རོལ་དང་བདག་ཉིད་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་སྤྲོ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་བྱེད་པའི་ཟང་ཟིང་གི་སྦྱིན་པས་འགྲོ་བའི་དོན་
གྱི་ཕན་པ་སྟེ། དེ་ཡང་དག་པར་ལྡན་པ་ནི་མི་འཇིགས་པ་དང་བྱམས་པ་དང་ཆོས་ཀྱི་སྦྱིན་པས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད་ནི་རིན་ཆེན་ཏེ་དེ་འབྱུང་བ་ནི་སྐྱེ་བའོ། །དགའ་བ་ནི་དེ་ཁོ་ན་ཉིད་ཡོངས་སུ་གཅོད་པའི་བདག་ཉིད་ཅན་ནོ། །དེའི་སྤྲོ་བ་ནི་ཐེག་པ་ཆེན་པོ་རྣམ་

པ་གསུམ་དང་། དེས་བྱས་པའི་རྣམ་པར་དག་པ་ཁྱབ་པའོ། །སྦྱོར་བ་དེས་མཚན་པའི་ཐེག་པ་ཆེན་པོ་རྣམ་པ་གསུམ་ནི་བྱང་ཆུབ་ཀྱི་ལམ་སྟེ། དེ་ཉིད་ནི་དྲི་མ་མེད་པ་སྟེ་སྒྲིབ་པ་གཉིས་ཀྱི་དྲི་མ་མེད་པས་ཤིན་ཏུ་དག་པ་ཡིན་ནོ། །ཐུགས་ཞེས་བྱ་བ་ནི་
ཐུགས་ཀྱི་ཆོས་ཉིད་ཅེས་བྱ་བའི་དོན་ཏོ། །འོད་གསལ་བ་ཞེས་བྱ་བ་ནི་རང་བཞིན་གྱིས་དག་པའི་ཕྱིར་རོ། །དག་པ་ནི་གློ་བུར་བའི་སྒྲིབ་པའི་དྲི་མ་ཟད་པའི་ཕྱིར་རོ། །དེ་ལྟར་གསུམ་པོ་དེ་དག་གི་ལམ་དང་དེའི་འབྲས་བུའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོ་སྟེ། སོ་སོར་རྟོག་པ་
དང་ལྷན་ཅིག་འདྲེས་པ་དེ་ལ་འོད་དཔག་མེད་ཅེས་བཤད་དོ་ཞེས་བྱ་བ་སྟེ། འོད་དཔག་ཏུ་མེད་པའི་འོད་དེ་ཤེས་རབ་ཀྱི་སྣང་བ་འདི་ལ་མངའ་བས་དེ་སྐད་ཅེས་བྱའོ། །བཏང་སྙོམས་ནི་གཞན་གྱི་དོན་གྱི་ཕྱིར་རང་གི་དོན་ལ་བཏང་སྙོམས་སུ་འཇུག་པའོ། །དེའི་སྤྲོ་བ་ནི་སེམས་ཅན་
རྣམས་ལ་དེའི་དོན་གྱིས་ཁྱབ་པར་བྱེད་པའི་ཐུགས་ཏེ། འདིས་ནི་བསམ་པ་ཕུན་སུམ་ཚོགས་པ་བཤད་པ་ཡིན་ནོ། །སྦྱོར་བ་ཕུན་སུམ་ཚོགས་པ་ནི་སེམས་ཅན་ཐམས་ཅད་རྟོགས་པར་མཛད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བྱང་ཆུབ་སྒྲུབ་པར་བྱེད་པའི་
ལས་རྣམས་སོ། །དོན་ཡོད་བླ་མེད་ཅེས་བྱ་བ་ནི་གཞན་རྣམས་བྱང་ཆུབ་སྒྲུབ་པའི་ལས་སོ། །གྲུབ་པ་ནི་གཞན་རྣམས་བྱང་ཆུབ་པ་སྟེ་དེའི་དོན་གྱིས་ལས་གང་ཡིན་པ་དེ་ནི་འདིར་སྒྲུབ་པ་ཞེས་བྱའོ། །དོན་ཡོད་པ་ཡང་ཡིན་ལ་གྲུབ་པ་ཡང་ཡིན་པས་ན་དོན་ཡོད་པར་གྲུབ་པ་
སྟེ། དེ་བས་ན་དོན་ཡོད་གྲུབ་པར་དེ་བཤད་དོ་ཞེས་བྱའོ། །ཡང་དེའི་རྒྱུ་ནི་བཏང་སྙོམས་སྤྲོས་པའི་ཐུགས་སོ། །དེ་ལྟར་ན་མི་བསྐྱོད་པ་ལ་སོགས་པ་བཞི་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་རིམ་པ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡང་བྱང་ཆུབ་ཀྱི་སེམས་དང་། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་དང་། དོན་དམ་པའི་སྤྱོད་པ་དང་། ཡང་འབྲས་བུའི་གནས་སྐབས་སུ་རྣམ་པ་གཉིས་ཏེ། བྱང་ཆུབ་ཆེན་པོ་དང་།

སངས་རྒྱས་ཐམས་ཅད་དབང་བསྐུར་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། འགྲོ་བ་འདུལ་བ་དང་། ཡང་ཆོས་ཀྱི་མཆོག་མངོན་པར་རྟོགས་པ་དང་། ཏིང་ངེ་འཛིན་གྱི་སྒོ་དང་། གཟུངས་ཀྱི་སྒོ་དང་ཐེག་པ་ཆེན་པོ་ཡིན་ནོ། །དཔལ་རྡོ་རྗེ་རྩེ་མོའི་རྒྱུད་དང་། དེ་བཞིན་དུ་དཔལ་
དེ་ཁོ་ན་ཉིད་བསྡུས་པ་ལས་ལྷ་སུམ་ཅུ་རྩ་བདུན་གྱི་དེ་ཁོ་ན་ཉིད་གསལ་བར་གསུངས་སོ། །དེ་ལ་མི་བསྐྱོད་པའི་དེ་ཁོ་ན་ཉིད་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ཡང་གཞན་གྱི་དོན་གྱི་ཕྱིར་བྱང་ཆུབ་ཏུ་གོ་བགོས་པ་དང་ལྡན་པའི་བྱམས་པས་བསྡུས་པའི་སྤྱད་པ་སྤྱོད་པར་བྱེད་པའོ། །དེའི་རབ་ཏུ་དབྱེ་
བའི་སེམས་དཔའ་རྣམ་པ་བཞི་སྟེ། དེ་ལ་བྱང་ཆུབ་ཏུ་གོ་བགོས་པ་ནི་རྡོ་རྗེ་སེམས་དཔའོ། །སྤྱོད་པ་ཡང་དག་བླངས་པ་དང་། ཡོངས་སུ་སྨིན་པ་དང་ཡོངས་སུ་རྫོགས་པ་ལ་རྒྱལ་པོ་དང་ཆགས་པ་དང་ལེགས་པ་རྣམས་དང་རིམ་པ་བཞིན་དུ་སྦྱར་བར་བྱ་སྟེ། དེའི་དབང་དུ་མཛད་ནས་བྱང་ཆུབ་
ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐར་བྱང་ཆུབ་ཆེན་པོའི་ངོ་བོ་ཉིད་ཀྱི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་ཞེས་བཤད་པ་གང་ཡིན་པ་དེ་ནི་རྡོ་རྗེ་ཞེས་བྱའོ། །དེ་བས་ན་འབྲས་བུའི་གནས་སྐབས་སུ་ཡང་དག་པར་བྱུང་བའི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །འབྲས་བུའི་བྱང་ཆུབ་ཀྱི་
སེམས་དང་ལྡན་པས་ན་རྡོ་རྗེ་སྟེ་སངས་རྒྱས་སོ། །དེ་ཡང་། བྱང་ཆུབ་སེམས་གང་དེ་རྡོ་རྗེ། ཞེས་གསུངས་པའི་ཕྱིར་རོ། །དེ་རྣམས་ཀྱི་རྒྱལ་པོ་ཡིན་པས་ན་རྡོ་རྗེ་རྒྱལ་པོའོ། །དེ་ཡང་སྤྱན་འདྲེན་པས་ན་ལྕགས་ཀྱུ་སྟེ་ལྕགས་ཀྱུ་ཡིན་པས་ན་རྒྱལ་པོའོ། །གཞན་ཡང་བྱང་ཆུབ་ཏུ་གོ་བགོས་པའི་བྱང་
ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔར་འགྱུར་རོ། །རྡོ་རྗེ་སེམས་དཔའ་ནི་རྒྱུའི་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ན། དེས་ནི་བྱང་ཆུབ་ཏུ་བསྡུ་བའི་དངོས་པོ་བཞིས་འདྲེན་པར་བྱེད་དེ། སྦྱིན་པ་དང་སྙན་པར་སྨྲ་བ་དང་དོན་སྤྱོད་པ་དང་དོན་མཐུན་པ་རྣམས་ཀྱིས་སོ། །དེ་ཉིད་ནི་བཅོམ་
ལྡན་འདས་རྡོ་རྗེ་རྒྱལ་པོ་སྟེ། འདི་ལས་ཀྱང་རྡོ་རྗེ་རྣམས་ཀྱི་རྒྱལ་པོ་ཡིན་པས་ན་རྡོ་རྗེ་རྒྱལ་པོའོ། །འདི་ཉིད་ཀྱིས་ནི་རྡོ་རྗེ་རིགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེའི་རིགས་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པས་ན་དེ་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའི་ཚོགས་ཐམས་

ཅད་འགུགས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཆགས་པར་བྱེད་པས་ན་རྡོ་རྗེ་ཆགས་པ་སྟེ། དེ་ལ་སངས་རྒྱས་རྣམས་ཆགས་པར་བྱ་བ་ནི་མཉེས་པར་བྱས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཆགས་པར་བྱ་བ་ནི་
སྨིན་པར་བྱས་པ་སྟེ། སྤྱོད་པ་ལ་མངོན་པར་བརྩོན་པར་བྱས་པའོ། །གསོད་པ་ནི་བདུན་ཏེ་དེའི་སྦྱོར་བ་ནི་ཐབས་སོ། །དེ་ཉིད་ཀྱིས་ན་ཆགས་པ་ཆེ། །ཞེས་བྱའོ། །དེ་ཉིད་ཀྱིས་ན་རྡོ་རྗེ་ཆགས་པ་སྟེ། མི་མཐུན་པའི་ཕྱོགས་རྣམས་ཤིན་ཏུ་འཇིག་པར་བྱེད་པ་ཉིད་ཀྱིས་ན་གང་ཆེན་
པོར་གྱུར་པ་སྟེ་དེ་ཡང་རྡོ་རྗེའི་དོན་ཡིན་ནོ་ཞེས་བྱ་བར་དགོངས་སོ། །སྤྱོད་པ་ཡོངས་སུ་རྫོགས་པས་རྡོ་རྗེ་རྣམས་ཀྱིས་ལེགས་པ་ཡིན་པས་ན་རྡོ་རྗེ་ལེགས་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རིམ་པ་བཞིན་དུ་བདག་དང་གཞན་གྱི་སྤྱོད་པ་ཡོངས་སུ་རྫོགས་པར་མཛད་པའི་
བསྔགས་པ་ཡིན་པའི་ཕྱིར་རོ། །གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པ་རྣམས་ནི། བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང་རྗེ་སྔོན་དུ་འགྲོ་བའི་སེམས་དང་ལྡན་པ་ལ་ནི་སྐུ་དང་གསུང་དང་ཐུགས་ཀྱི་ལས་རྣམས་དང་སྦྱོར་བ་ཐམས་ཅད་ཡོད་དེ། དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་
པ་དེ་ཉིད་ནི་རིན་ཆེན་འབྱུང་ལྡན་གྱི་དེ་ཁོ་ན་ཉིད་དོ། །དེའི་རབ་ཏུ་དབྱེ་བ་ནི་སྦྱིན་པ་རྣམ་པ་བཞི་སྟེ། ཟང་ཟིང་དང་མི་འཇིགས་པ་དང་། བྱམས་པ་དང་། ཆོས་ཀྱི་སྦྱིན་པ་རྣམས་སོ། །དེ་ཉིད་ནི་རིམ་པ་བཞིན་དུ་སེམས་དཔའ་རྣམ་པ་བཞི་ཡིན་ཏེ། རིན་ཆེན་དང་། ཉི་མ་དང་། རྒྱལ་
མཚན་དང་། བཞད་པའོ། །དེ་རྣམས་ཀྱང་འཁོར་ལོས་སྒྱུར་བ་རྣམས་ཀྱི་དབང་ཕྱུག་གི་མཐུའི་ཏོག་དང་། སྐྱེ་དགུ་རྣམས་ཆོས་ལ་འཇོག་པ་དེ་བཞིན་དུ་ཤེས་པར་བྱའོ། །དེ་དག་གི་དབང་དུ་མཛད་ནས་བྱང་ཆུབ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་
ཅད་ཀྱི་རྒྱུ་དང་འབྲས་བུའི་གནས་སྐབས་ཀྱི་ཟང་ཟིང་གི་སྦྱིན་པ་གང་ཡིན་པ་དེ་ནི་ནམ་མཁའ་དང་མཉམ་པ་ཡིན་ཏེ་མཐའ་ཡས་པའི་ཕྱིར་རོ། །རྡོ་རྗེ་ལས་བྱུང་བ་ཡིན་ཏེ་བྱང་ཆུབ་ཀྱི་སེམས་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །དོན་ཡོད་པ་ནི་ངེས་པ་ཁོ་ནར་བྱ་བ་བྱེད་པ་ཡིན་པའི་ཕྱིར་རོ། །རིན་

ཆེན་ཆེན་པོ་ཡང་ཡིན་ཏེ་ཕུན་སུམ་ཚོགས་པ་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཡིད་བཞིན་གྱི་རིན་པོ་ཆེ་དེ་ནི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་ཏེ། དོན་ཡོད་པ་ཉིད་དང་། རྡོ་རྗེ་དོན་ཡོད་དང་། ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་རིན་པོ་ཆེའི་དོན་ཡིན་ནོ་ཞེས་བྱ་བར་
དགོངས་སོ། །ཡང་ན་རྡོ་རྗེ་རྣམས་ཀྱི་རྡོ་རྗེ་ལས་བྱུང་བ་ནི་རྡོ་རྗེ་རིན་ཆེན་ནོ། །ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་ལ་སོགས་པའི་དོན་ལ་གང་ཉོན་མོངས་པའི་མི་ཤེས་པ་གང་ཡིན་པ་དེ་ནི་མ་རིག་པ་སྟེ། དེ་དང་བྲལ་བ་ནི་དེ་བསལ་བ་སྟེ། འཁོར་བ་ལམ་གྱི་ཉོན་མོངས་པའི་
ཚོགས་དེ་སྤངས་པ་ནི་དེ་ལས་ངེས་པར་བྱུང་བ་སྟེ། གང་འདི་ལྟ་བུའི་ཡེ་ཤེས་སྤྲོས་པ་མེད་ཅིང་ཟག་པ་མེད་པ་དེ་ནི་རྡོ་རྗེ་ཉི་མ་སྟེ། དེས་བྱང་ཆུབ་སེམས་དཔའ་འདུལ་བ་རྣམས་ཀྱི་མ་རིག་པ་དང་། ཉོན་མོངས་པ་རྣམས་ལས་མི་འཇིགས་པ་སྩོལ་ཏེ། འཁོར་ལོས་སྒྱུར་བ་ལྟར་རང་གི་གཟི་
བྱིན་གྱིས་སྐྱེ་དགུ་རྣམས་མི་མཐུན་པའི་ཕྱོགས་ལས་སྐྱོབ་པར་བྱེད་དེ་དེ་བས་ན་བཅོམ་ལྡན་འདས་འདི་ནི་མི་འཇིགས་པ་སྦྱིན་པ་ཡིན་ཏེ། ཉོན་མོངས་པ་དང་མ་རིག་པ་སྤངས་པ་ནི་ཐར་པ་སྟེ། དེའི་དོན་ནི་སྣང་བ་ཞེས་བྱ་སྟེ་ཡང་དག་པའི་ཡེ་ཤེས་ཅན་གྱི་སྣང་བའོ། །དེ་ཉིད་ནི་གཟི་བརྗིད་ཆེན་པོ་
སྟེ་དེ་ཉིད་རྡོ་རྗེ་ཉི་མའོ། །ཆེན་པོ་ནི་རྡོ་རྗེའི་དོན་ཏོ། །གཟི་བརྗིད་ནི་ཉི་མའི་དོན་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཡང་ན་བདག་བློ་ཟླ་ལྟར་སྣང་། །རྡོ་རྗེ་ཞེས་ནི་བྱ་བར་བཤད། །ཅེས་གསུངས་པས་རྡོ་རྗེ་ནི་བྱང་ཆུབ་ཀྱི་ལམ་མོ། །དེ་ཉིད་ནི་ཉི་མ་ཡིན་ཏེ་དེ་དང་ཆོས་མཐུན་པས་ན་རྡོ་རྗེ་ཉི་མའོ། །
བྱང་ཆུབ་ཀྱི་ལམ་གྱི་རྣམ་པ་ནི་རྟགས་དང་མཚན་མ་དང་། དོན་རྟགས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་དང་། སྔགས་དང་ཕྱག་རྒྱ་ལ་སོགས་པའོ། །རྣམ་པ་ཡང་ཡིན་ལ་ཀུན་ཡང་ཡིན་པས་ན་རྣམ་པ་ཀུན་ཏེ། དེ་རྣམས་ཀྱི་དངོས་པོ་གདུལ་བྱ་རྣམས་ཀྱི་སེམས་ཀྱི་རྒྱུད་
ལ་སྟོན་པར་མཛད་པའི་སྟོབས་ཀྱིས་སྤྲུལ་པར་བྱེད་པའི་ཡེ་ཤེས་གང་ཡིན་པ་དེ་ནི་ཐར་པ་སྟེ་བྱང་ཆུབ་བོ། །དེའི་ལམ་ནི་སྤྲོས་པ་མེད་པའི་ཡེ་ཤེས་སོ། །དེར་འཇུག་པ་ནི་སྦྱོར་བའི་ལམ་སྟེ་དེ་ནི་ཐར་པའི་ལམ་དུ་འཇུག་པའོ། །དེ་ཐོབ་པར་མཛད་པ་ནི་གདུལ་བྱ་རྣམས་ཀྱི་རྒྱུད་ལ་སྐྱེད་པར་

མཛད་པའོ། །ཆོས་ནི་བྱང་ཆུབ་ཀྱི་ལམ་སྟེ་དེའི་རྒྱལ་མཚན་སྟོན་པར་བྱེད་པའོ། །དེ་ཉིད་ཀྱིས་ན་རྟོག་པ་ཆེན་པོ་ཞེས་བྱའོ། །ཡང་ན་རྡོ་རྗེ་ནི་བྱང་ཆུབ་ཀྱི་ལམ་སྟེ་དེའི་ཏོག་ཡིན་པས་ན་རྡོ་རྗེ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་བྱམས་པའི་རང་བཞིན་གྱི་སྦྱིན་པ་སྟེ་
སངས་རྒྱས་ཀྱི་ལམ་སྟོན་པར་མཛད་པའི་ཕྱིར་རོ། །གདུལ་བྱ་རྣམས་ཀྱི་རྒྱུད་ལ་མཚན་མ་དང་བཅས་པའི་བྱང་ཆུབ་ཀྱི་ལམ་སྐྱེད་པར་མཛད་པའི་ཡེ་ཤེས་ནི་བྱམས་པའི་སྦྱིན་པའོ། །མཚན་མ་མེད་པའི་བྱང་ཆུབ་ཀྱི་ལམ་སྐྱེད་པར་མཛད་པའི་ཡེ་ཤེས་ནི་ཆོས་ཀྱི་སྦྱིན་པ་སྟེ། དེ་ནི་རྡོ་རྗེ་
བཞད་པ་ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའོ། །འདི་ལ་ཅིའི་ཕྱིར་རྡོ་རྗེ་བཞད་པ་ཞེས་བྱ་ཞེ་ན། གང་གི་ཕྱིར་སངས་རྒྱས་ཀུན་གྱི་འཛུམ་པ་རྨད་དུ་བྱུང་བའི་རྒྱུ་ཡིན་ཏེ། སངས་རྒྱས་ཀྱི་འཛུམ་པ་དེས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ལ་དབུགས་འབྱིན་པ་ཆེན་པོའི་རྒྱུ་ཡིན་ནོ། །དེ་བས་ན་
རྡོ་རྗེ་བཞད་པ་ནི་དབུགས་འབྱིན་པ་ཆེན་པོ་ཡིན་ནོ། །བྱང་ཆུབ་ཀྱི་ལམ་རྣམ་པ་གསུམ་དང་དེའི་འབྲས་བུའི་ངོ་བོ་ཉིད་སོ་སོར་རྟོག་པ་དང་བཅས་པར་འདུས་པའི་ཡེ་ཤེས་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའོ། །དེའི་རབ་ཏུ་དབྱེ་བ་ནི་རྣམ་པ་བཞི་སྟེ། འབྲས་བུར་གྱུར་པས་དག་པ་དང་།
ལམ་སྦྱོང་བར་བྱེད་པའི་རྣམ་པ་མེད་པ་དང་། དཀྱིལ་འཁོར་གྱི་རྣམ་པ་དང་། སྔགས་རྣམ་པར་ཡོངས་སུ་ཆད་པའོ། །དེ་ཉིད་ནི་རིམ་པ་བཞིན་དུ་སེམས་དཔའ་བཞི་སྟེ། ཆོས་དང་། རྣོན་པོ་དང་། རྒྱུ་དང་། སྨྲ་བའོ། །དེ་རྣམས་ཀྱི་དབང་དུ་བྱས་ནས། སངས་རྒྱས་ཀུན་གྱི་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་ཆོས་དག་པ། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་ནི་ངོ་བོ་ཉིད་ཀྱིས་དག་པ་དང་། རང་བཞིན་གྱི་སྒྲིབ་པ་ཐམས་ཅད་ཟད་པ་གང་ཡིན་པ་དེ་ནི་རྡོ་རྗེ་རྣམས་ཀྱི་ཆོས་ཡིན་པས་ན་རྡོ་རྗེ་ཆོས་ཞེས་བཤད་དོ། །དེའི་ངོ་བོ་ཉིད་དག་པ་དེ་
ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱིས་ན་སངས་རྒྱས་ཀྱི་ཆོས་རྣམས་ལ་རྣལ་འབྱོར་ཆེན་པོ་ཡིན་ནོ། །སངས་རྒྱས་ཆོས་ནི་རྟོགས་མཛད་པ། །ཞེས་བྱ་བ་ནི་འཐོབ་པར་མཛད་པའོ། །རྡོ་རྗེ་ཡང་ཡིན་ལ་རྣོན་པོ་ཡང་ཡིན་པས་རྡོ་རྗེ་རྣོན་པོ་སྟེ། དེ་ལྟ་བུའི་

རྡོ་རྗེ་རྣོན་པོ་གང་ཡིན་པ་དེ་ནི་རྡོ་རྗེ་རྣོན་པོར་དེ་བཤད་དོ་ཞེས་བྱའོ། །དེ་ཡང་རྡོ་རྗེའི་དོན་ནི་ཐེག་པ་ཆེན་པོའི་སྤྲོས་པ་མེད་པའི་ཡེ་ཤེས་ཟླ་བ་དག་པ་ལྟར་སྣང་བའོ། །རྣོན་པོའི་དོན་ནི་སྒྲིབ་པ་གཉིས་གཅོད་པར་བྱེད་པའོ། །དེས་གཅོད་མཛད་ཅེས་བྱ་བ་ནི་གཅོད་པར་མཛད་པའོ། །གཅོད་པ་
པོ་ཞེས་བྱ་བ་ནི་གཅོད་པ་པོར་གྱུར་པའོ། །སེམས་དཔའ་ཆེན་པོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེའི་བདག་ཉིད་ཅན་གྱི་ཐེག་པ་ཆེན་པོ་གང་ཡིན་པ་དེ་ནི་རྡོ་རྗེ་རྒྱུ་སྟེ། རྡོ་རྗེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡིན་ལ་དེའི་བདག་ཉིད་ཅན་གྱི་རྒྱུ་
ཡིན་པས་ན་རྡོ་རྗེ་རྒྱུ་ཞེས་བྱ་བར་དགོངས་ཏེ། ཕན་པར་བྱེད་པ་དང་། རྒྱུ་དང་ཐེག་པ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ནོ། །གཞན་ཡང་རྡོ་རྗེ་རྣམས་ཀྱི་རྒྱུ་སྤྲུལ་པས་ན་སྤྲོས་པ་མེད་པ་ཉིད་ཀྱི་ཡེ་ཤེས་ནི་ཐེག་པ་ཆེན་པོ་སྟེ་སེམས་དཔའ་ནི་མ་ཡིན་ནོ་ཞེ་ན། ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ན་ཆོས་ནི་སངས་རྒྱས་ཀྱི་ཐར་པའོ། །འདིར་དེ་ཐོབ་པར་བྱེད་པའི་ལམ་ཉིད་ལ་དེའི་དོན་གྱི་ཆོས་ཞེས་བཤད་དེ། དེ་ཡང་སྤྲོས་པ་མེད་པ་ཉིད་ཀྱི་ཡེ་ཤེས་སོ། །གདུལ་བྱ་རྣམས་ཀྱི་རྒྱུད་ལ་འཕོ་བས་ན་འཁོར་ལོ་སྟེ། ཆོས་ཀྱང་
ཡིན་ལ་འཁོར་ལོ་ཡང་ཡིན་པས་ཆོས་ཀྱི་འཁོར་ལོ་སྟེ་དེ་ཉིད་བསྐོར་བ་དེ་ནི་རྡོ་རྗེ་རྒྱུའོ། །དེ་ལྟར་ན་སེམས་དཔའ་རྡོ་རྗེ་ཇི་ལྟར་ཡིན་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་རྣམས་ཀྱི་རོལ་མོ་ནི་རྣམ་པ་མེད་པའི་ཆོས་སེམས་དཔའི་རྣམ་པར་ཡང་དག་པར་
སྟོན་པར་མཛད་པའོ། །དེ་ཉིད་ནི་འཁོར་ལོ་སྟེ་དེ་ནི་ཆོས་ཀྱི་འཁོར་ལོ་ཡིན་ནོ་ཞེས་བྱ་བ་ནི་སྒྲའི་དོན་སྟོན་ཏོ། །དེ་ཡང་དཔལ་རྡོ་རྗེ་རྩེ་མོའི་རྒྱུད་ལས། ངོ་བོ་ཉིད་ཀྱི་སྐུ་ཡིས་ནི། །རབ་ཏུ་སྣང་བ་འབྱུང་འགྱུར་ལ། །ལོངས་སྤྱོད་རྫོགས་པའི་སྐུ་ཡིས་ནི། །ཆོས་ཀྱི་ལོངས་སྤྱོད་འདི་
འདྲའོ། །རྩོམ་ལ་གནས་པ་ཐམས་ཅད་ནི། །ཞི་ཞིང་ཕྲ་ལ་བལྟ་བར་དཀའ། །སངས་རྒྱས་རྣམས་ནི་ཐུགས་བརྩེ་བས། །སངས་རྒྱས་རོལ་མོ་སྟོན་པ་ཡིན། །ཞེས་གསུངས་སོ། །འཇམ་པ་ཡང་ཡིན་ལ་གསུང་ཡང་ཡིན་པས་ན་འཇམ་པའི་གསུང་སྟེ། དེའི་བདག་ཉིད་ཀྱི་

སེམས་དཔའ་ནི་རྡོ་རྗེ་སྨྲ་བའོ། །འཇམ་པའི་གསུང་དེ་སུ་ཞིག་ཡིན་ཞེ་ན། གསུང་ཞེས་བྱ་བ་གསུངས་སོ། །དེ་ཅི་སྒྲ་ཡིན་ནམ་འོན་ཏེ་མ་ཡིན་ཞེ་ན། སྒྲ་ནི་རྣམ་པར་སྤངས་པར་ཞེས་བྱ་བ་གསུངས་སོ། །དེ་ཅི་བྱིས་པ་རྣམས་ཁོང་ནས་སྨྲ་བ་ལྟ་བུ་ཡིན་ནམ་ཞེ་ན། མ་ཡིན་
ཏེ་དག་པ་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པའོ་ཞེས་བྱ་བར་དགོངས་སོ། །དེ་ཡང་ཤེས་རབ་དང་ཡེ་ཤེས་ཀྱི་རང་བཞིན་ཏེ་དོན་དམ་པར་ངེས་པར་བརྟགས་པ་ཉིད་ཀྱིས་ན་ཤེས་རབ་ཟབ་བོ། །ཡང་དག་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ཉིད་ཡིན་པས་ན་ཤེས་རབ་དང་
ཡེ་ཤེས་ཏེ། དེའི་རང་བཞིན་ནི་དེའི་བདག་ཉིད་ཅན་ནོ། །དག་པ་ནི་འཇིག་རྟེན་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་གི་ཕྱིར་གསུང་ཉིད་ཀྱིས་ན་འཇམ་པའི་གསུང་སྟེ། དེ་ཉིད་ཀྱིས་ན་དག་པ་ཉིད་ནི་འཇམ་པའི་གསུང་ངོ་། །རང་གི་དོན་ལ་བཏང་སྙོམས་སུ་འཇོག་པས་གཞན་གྱི་བྱང་
ཆུབ་སྒྲུབ་པར་བྱེད་པའི་ལམ་ནི་དོན་ཡོད་པར་གྲུབ་པའོ། །དེའི་རབ་ཏུ་བྱེད་པ་ནི་རྣམ་པ་བཞི་སྟེ། རྩོམ་པ་དང་། ཡོངས་སུ་སྦྱང་བ་དང་། སོ་སོར་རྟོག་པ་དང་། སྒྲུབ་པར་བྱེད་པའོ། །དེ་ཉིད་ནི་རིམ་བཞིན་དུ་སེམས་དཔའ་རྣམ་པ་བཞི་སྟེ་ལས་དང་བསྲུང་བ་དང་གནོད་སྦྱིན་དང་ཁུ་ཚུར་རོ། །དེ་དག་
གི་དབང་དུ་མཛད་ནས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པ་ཀུན་ནི་སྦྱིན་པ་ལ་སོགས་པ་རྣམ་པ་ལྔའོ། །དེ་རྣམས་ཀྱི་རྐང་པ་ནི་གཞན་རྣམས་ལ་བསྐྱེད་པའོ། །ཆོས་རྣམས་ཐམས་ཅད་སྟོན་མཛད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེད་པར་མཛད་པའོ། །
འདི་ཉིད་ཀྱི་ཚོགས་ཀྱིས་འབྲས་བུ་སྐྱེད་པ་ནི་སེམས་ཅན་ཀུན་དོན་སྒྲུབ་པ་པོ་ཞེས་བྱའོ། །རྡོ་རྗེ་ནི་གཞན་གྱི་བྱང་ཆུབ་པ་སྟེ། དེའི་ལས་ཡིན་པས་ན་རྡོ་རྗེ་ལས་ཞེས་བྱ་བར་དགོངས་ཏེ་འདི་ནི་གཞན་གྱི་དོན་གྱི་རྩོམ་པའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་སངས་རྒྱས་རྣམས་ཀྱི་
རྗེས་སུ་འགྲོ་བའི་དྲན་པ་ནི་རྗེས་སུ་དྲན་པ་སྟེ། དེའི་ཡང་དག་པར་གྲུབ་པ་ནི་ཐེག་པ་དམན་པ་རྣམ་པར་སྤངས་པ་དང་། བྱང་ཆུབ་ཀྱི་སེམས་ལ་རྟག་ཏུ་ཞུགས་པ་སྟེ། ལས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྲུང་བ་ཡིན་པས་ན་དེའི་ཕྱིར་རྡོ་རྗེ་བསྲུང་བ་སྟེ། འདི་ཉིད་ནི་ཡོངས་སུ་

སྦྱང་བའོ། །གཞན་རྣམས་ཀྱི་སྡིག་པ་རྣམས་ཟ་བར་བྱེད་ཅིང་། ཉོན་མོངས་པ་རྣམས་སྲེག་པ་ནི་རྡོ་རྗེ་གནོད་སྦྱིན་ནོ། །ཇི་ལྟར་ཞེ་ན། ཉོན་མོངས་ཟད་པས་ཉེར་ལེན་པས། །ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པས་ན་ཉོན་མོངས་པ་སྟེ་སྡིག་པ་ལ་སོགས་པ་དང་ཉོན་མོངས་པ་རྣམས་སོ། །རྡོ་རྗེའི་
དོན་ནི་དེ་རྣམས་ཟད་པ་ལ་བརྟེན་ནས། རྡོ་རྗེ་རྣམས་ཀྱི་ཟད་པ་ཡིན་པས་ན་རྡོ་རྗེ་གནོད་སྦྱིན་ཏེ། ཡི་གེ་གཉིས་གོ་བཟློག་པ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་རྡོ་རྗེ་རྣམས་ཀྱི་གནོད་སྦྱིན་ཡིན་པས་ན་རྡོ་རྗེ་གནོད་སྦྱིན་ཏེ། བྷ་གར་བྱས་པ་འདི་ནི་སོ་སོར་རྟོག་པའི་འཕགས་པའི་ལམ་གྱིས་ཟག་པ་
མེད་པའི་ཚོགས་དང་ལྡན་པའི་ཉོན་མོངས་པ་ཟད་པ་ཐོབ་པའི་ཕྱིར་རོ། །སྐུ་ལ་སོགས་པའི་རྡོ་རྗེ་རྣམས་བཅིངས་པ་ནི། དེ་ཁོ་ན་ཉིད་དུ་ངེས་པར་བསྡུས་ཤིང་ཡང་དག་པར་གནས་པ་ནི་རྡོ་རྗེ་ཁུ་ཚུར་རོ། །རྣལ་འབྱོར་པའི་སྐུ་ལ་སོགས་པའི་རྡོ་རྗེ་ནི་རྡོ་རྗེ་སྟེ་དེ་རྣམས་ཀྱི་ཁུ་ཚུར་ནི་དེ་ཁོ་ན་ཉིད་དུ་
བསྡུས་པའོ་ཞེས་བྱ་བར་དགོངས་པའོ། །གཞན་ཡང་། དེ་ཉིད་དེ་ཉིད་ཡེ་ཤེས་ཏེ། །ཞེས་བྱ་བའི་ཡེ་ཤེས་འདི་ནི་རྡོ་རྗེ་ཁུ་ཚུར་ཏེ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ནི་རྡོ་རྗེ་སྟེ་དེའི་ཁུ་ཚུར་རོ། །དེ་ཉིད་ཅེས་བྱ་བ་གཉིས་པས་ནི་རྣལ་འབྱོར་པ་རྣམས་ཀྱིས་བསྟེན་པར་བྱའོ། །དེ་ཞེས་བྱ་བ་ནི་མཆོག་ཏུ་བརྟེན་པར་
བྱས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འདི་རྣམས་ཡང་དག་པར་སྒྲུབ་པ་ནི་ལས་བཞི་པ་ཡིན་ནོ། །སེམས་དཔའི་རྡོ་རྗེ་ཁུ་ཚུར་གྱི་དེ་ཁོ་ན་ཉིད་བཤད་པའོ། །དེ་ནི་དམ་ཚིག་ཕྱག་རྒྱའི་ཡང་དེ་ཁོ་ན་ཉིད་ཡིན་ནོ་ཞེས་ཤེས་ཏེ། དེའི་ཉེ་བར་འབྱུང་བ་ཡང་གང་ཞིག་ཡིན་ཞེ་ན། དམ་ཚིག་
ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་ཡང་དེ་དང་འདྲ་བ་ཡིན་ལ། །ཕྱག་རྒྱ་ཆེན་པོའི་ཉེ་བར་འབྱུང་བ་ཡང་གང་ཞིག་ཡིན་ཞེ་ན། རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ལྷག་མ་ཞེས་ཤུགས་ཀྱིས་ཤེས་པར་བྱ་སྟེ། མཚན་
མ་ལ་སོགས་པ་དེ་ཉིད་ནི་ཕྱག་རྒྱ་ཆེན་པོ་ཡིན་ནོ་ཞེས་ཀྱང་ཤུགས་ཀྱིས་གོ་བར་བྱའོ། །དེ་ལ་རྡོ་རྗེ་ཁུ་ཚུར་གྱི་དོན་གསུངས་ནས་རྡོ་རྗེ་སེམས་དཔའི་བསྟན་པར་བྱ་བའི་ཕྱིར། ང་རྒྱལ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གང་བདག་མེད་པས་ཆོས་ཐམས་ཅད་ཀྱི་མཉམ་

པ་ཉིད་ཀྱི་ཡེ་ཤེས་ནི་རྡོ་རྗེ་སེམས་དཔའ་སྟེ། བདག་མེད་པ་ནི་རྡོ་རྗེའི་དོན་ཡིན་ཏེ། སྟོང་པ་ཉིད་ནི་རྡོ་རྗེར་བཤད། །ཅེས་གསུངས་པའི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱང་རྡོ་རྗེའི་དོན་ཡིན་པར་དགོངས་སོ། །སྟོང་པ་ཉིད་ལ་སོགས་པ་ནི་ཆོས་རྣམས་ཀྱི་སྤྱིའི་མཚན་
ཉིད་དེ། དེ་ཉིད་དེ་རྣམས་ཀྱིས་མཐོང་བས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡེ་ཤེས་དེ་ཇི་ལྟ་བུ་ཡིན་ཞེ་ན། ཞེན་པ་མེད་པ་སྟེ་ཞེན་པ་ནི་ཁྱད་པར་གྱི་མཚན་ཉིད་རྣམས་ཏེ། དེ་རྣམས་སོ་སོར་སྣང་བ་མེད་པས་ན་ཞེན་པ་མེད་པ་སྟེ། འདི་ནི་བསྟན་པ་ཡིན་ལ་ལྷག་མ་རྣམས་ནི་
བཤད་པ་ཡིན་ནོ། །གང་ཟག་པ་དམིགས་སུ་མེད་པས་ན་ང་རྒྱལ་མེད་པའོ། །གཟུང་བ་དང་འཛིན་པའི་སོ་སོར་སྣང་བ་ནུབ་པས་ན་སྣང་བ་མེད་པའོ། །བརྗོད་པ་དང་བརྗོད་པར་བྱ་བ་མི་དམིགས་པས་ན་མཚན་མ་མེད་པའོ། །དེ་ཉིད་ཀྱིས་ན་རྡོ་རྗེ་བསྡམས་པས་མཉམ་པ་ཉིད་ཀྱི་ཡེ་
ཤེས་བསྟན་ནས་མཐེ་བོ་གཉིས་རིང་དུ་ཞུགས་པས་དེ་ཁོ་ན་ཉིད་ཀྱི་དོན་བཤད་ལ། དེ་རྒྱབ་ཏུ་རང་གི་མཛུབ་མོའི་སེན་མོ་བཙིར་བས་མཆོག་ཉིད་དུ་བསྟན་པའི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་རོ། །རྡོ་རྗེའི་ལྷ་མོ་རྣམས་ཀྱི་དེ་ཁོ་ན་ཉིད་དུ་གསུངས་ནས། རྡོ་རྗེ་ལྷ་མོ་རྣམས་ཀྱི་དེ་ཁོ་ན་ཉིད་བསྟན་
པར་བྱ་བའི་ཕྱིར། གསང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཉམ་པར་སྦྱོར་བ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དམ་དཀྱིལ་འཁོར་རོ། །ཡེ་ཤེས་ཕ་རོལ་ཕྱིན་པ་ནི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དགེ་བ་ནི་དག་པའོ། །དེ་ཉིད་ལྷ་མོ་བཅུ་གཉིས་ཀྱི་རྣམ་པས་
རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། འོད་ནི་འབར་བའི་མདོག་གོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། དེ་ཡང་། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཐབས་དང་ནི། །སྨོན་ལམ་སྟོབས་དང་ཡེ་ཤེས་ཏེ། །འདི་
དག་ཕ་རོལ་ཕྱིན་པ་བཅུ། །ཞེས་གསུངས་པ་ཡིན་ནོ། །འདིར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་ཞེས་བཤད་དོ། །རྡོ་རྗེ་སེམས་མ་དང་རྡོ་རྗེ་རིན་ཆེན་མ་ནི་སྟོབས་སོ། །རྡོ་རྗེ་ཆོས་མ་དང་རྡོ་རྗེ་ལས་མ་ནི་ཡེ་

ཤེས་ཡིན་ནོ་ཞེས་བྱ་བར་དགོངས་སོ། །རྡོ་རྗེ་སེམས་མ་ནི་བྱང་ཆུབ་ཀྱི་སེམས་ལས་སངས་རྒྱས་ཉིད་ཐོབ་པས་རྡོ་རྗེ་སེམས་མ་སྟེ། དེ་ཉིད་གསུངས་པ་ནི་བྱང་ཆུབ་སེམས་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཡེ་ཤེས་ཉིད་ནི་སངས་རྒྱས་ཉིད་དུ་རྣམ་པར་དག་པའི་ཕ་རོལ་ཉིད་ཡིན་ལ། དེ་སོན་
ཅིང་འཐོབ་པ་ཡིན་ཏེ་དེ་བས་ན་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་ཕྱིན་ཐོབ་ཅེས་བྱ་བ་ནི་འདིའི་མཚན་ཉིད་ཡིན་ཏེ། གང་གི་ཕྱིར་འདིས་སངས་རྒྱས་ཉིད་འཐོབ་ཅིང་བརྙེས་པར་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །བསྡུ་བའི་དངོས་པོ་ནི་སྦྱིན་པ་ལ་སོགས་པའོ། །ལྔ་པ་
ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་སྟེ། ཆོས་བཞིའི་སྦྱིན་པས་གཅིག་ཏུ་གྱུར་པ་སྟེ། ལྔ་པར་ཡང་དག་པར་གྱུར་ཅིང་རོ་གཅིག་པར་གྱུར་པ་ནི་རྡོ་རྗེ་རིན་ཆེན་མའོ། །གཉིས་པོ་དེ་དག་ནི་རིམ་པ་ཇི་ལྟ་བ་བཞིན་དུ་བསམ་པའི་སྟོབས་དང་སྦྱོར་བའི་སྟོབས་མ་ཡིན་ནོ། །གསང་བའི་མཆོག་ནི་
ཐེག་པ་ཆེན་པོའོ། །དེའི་ཡེ་ཤེས་ཆེན་པོ་ནི་དོན་དམ་པའི་ཡེ་ཤེས་སོ། །དེ་ཡང་ཡང་དག་པའི་ཡེ་ཤེས་ཏེ་དེའི་ཕ་རོལ་ནི་རྣམ་པར་དག་པའི་མཐའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དུ་གྱུར་པས་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟེ། དེ་ལས་བྱུང་བ་ཞེས་བྱ་བ་ནི་ཕྱག་རྒྱའི་གཟུགས་སུ་
གྱུར་པ་སྟེ། དེ་ནི་རྡོ་རྗེ་ཆོས་མའོ། །དེ་ལ་ཆོས་ནི་ཐེག་པ་ཆེན་པོ་སྟེ་དེ་ཡང་དག་པར་མཁྱེན་པའི་ཕྱིར་རོ། །བཞི་པོ་རྣམས་ཀྱི་ནང་ན་རྒྱལ་པོར་གྱུར་ཅིང་དབང་ཐོབ་པ་ཉིད་རྡོ་རྗེ་སྟེ་དོན་ཡོད་པའི་ཕྱིར་རོ། །དེ་བས་ན་རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ཀྱིས་ན་ལས་རྣམས་ལ་དབང་ཐོབ་པས་རྡོ་རྗེ་
ལས་མའོ། །དེ་ཇི་ལྟར་ཡེ་ཤེས་ཡིན་ཞེ་ན། སྦྱོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱོར་བ་ནི་འགྲོ་བའི་དོན་གྱི་བྱ་བའོ། །དེའི་ཐབས་ནི་སངས་རྒྱས་ལ་སོགས་པའི་སྐུ་སྟེ། དེ་རྣམས་སུ་རབ་ཏུ་བརྟག་པ་ནི་སྤྲུལ་པ་མཛད་པའི་ཡེ་ཤེས་སོ། །དེ་བས་ན་གཉིས་ཀ་ཡང་ཡེ་ཤེས་ཀྱི་ངོ་
བོ་ཉིད་ཡིན་ནོ། །འབར་བའི་རོལ་པ་ནི་དབང་ཕྱུག་ཆེན་པོ་སྟེ་དེ་སྦྱིན་པའི་འབྲས་བུ་ཡིན་ནོ། །ཚུལ་ཁྲིམས་ནི་ལུས་ཀྱི་རྒྱན་གྱི་མཆོག་ཡིན་ནོ། །རྟོགས་པའི་དགའ་བ་ལས་ཡང་དག་པར་བྱུང་བའི་ཚིག་ནི་ཆེད་དུ་བརྗོད་པ་སྟེ་དེ་ནི་འདིར་གླུའོ། །དེ་བས་ན་ཆོས་ལ་དམིགས་པའི་བཟོད་པ་ནི་

གླུ་ཡིན་ནོ། །གར་ནི་བརྩོན་འགྲུས་ཏེ་ཕུལ་དུ་བྱུང་བའི་ལས་ཡིན་ནོ། །མྱུར་དུ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་སྟོབས་ཀྱིས་མྱུར་བར་བྱང་ཆུབ་ཐོབ་པའི་ཕྱིར་རོ། །བདུག་པ་ནི་ཐམས་ཅད་དུ་སྤྲོ་བ་དང་རོ་མཉམ་པའི་ཕྱིར་རོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །
བསམ་གཏན་ནི་འདོད་པའི་ཁམས་སུ་སྐྱེས་ཀྱང་འདོད་པའི་ཉེས་པས་གོས་པར་མི་འགྱུར་ཏེ། དེ་བཞིན་དུ་མེ་ཏོག་ཀྱང་འདམ་གྱི་དྲི་མས་གོས་པར་མི་འགྱུར་རོ། །དེ་བས་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མེ་ཏོག་མ་ཡིན་ནོ། །མར་མེ་ནི་ཕྱོགས་ཐམས་ཅད་སྣང་བར་བྱེད་པ་ཡིན་ཏེ་དེ་
བཞིན་དུ་སྨོན་ལམ་གྱིས་ནི་སངས་རྒྱས་དང་བཅས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་སྐྱེ་བའི་དགེ་བའི་རྩ་བས་སྣང་བར་བྱེད་པའི་ཕྱིར་དང་། དགེ་བའི་རྩ་བ་ཐམས་ཅད་སངས་རྒྱས་ཉིད་དུ་ཡོངས་སུ་བསྔོ་བའོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་རྣམས་དྲི་མ་མེད་པའི་ཆོས་ཀྱི་སྒོ་བ་ལ་འཇོག་པ་ནི་དྲི་སྟེ། མི་མཐུན་པའི་ཕྱོགས་ཀྱི་བག་ཆགས་ཀྱི་དྲི་ངན་པ་ཐུར་དུ་སེལ་བར་བྱེད་ཅིང་ཁ་ཐུར་དུ་ལྟ་བར་བྱེད་པས་ན་དེ་སྐད་ཅེས་བྱའོ། །སེམས་ཅན་དམ་པ་གདུལ་བར་བྱ་བའི་ཐབས་ཡིན་པས་ན་ཐབས་ཆེན་པོ་སྟེ། བྱང་ཆུབ་དམ་པ་དང་
འགྲོ་བའི་དོན་ནི་ཐབས་ཞེས་བྱ་སྟེ། དེ་ལ་འདོད་པ་ནི་མངོན་པར་འདོད་པ་སྟེ་བྱང་ཆུབ་ཀྱི་སེམས་ཆེན་པོའོ། །དེ་ནི་རྡོ་རྗེ་ལྕགས་ཀྱུ་སྟེ་སངས་རྒྱས་རྣམས་སྤྱན་འདྲེན་པའི་ཕྱིར་རོ། །གཞན་གྱི་དོན་གྱི་བྱ་བ་སྤྱོད་པར་བྱེད་པ་དང་། རང་ཉིད་བྱང་ཆུབ་པའི་ཕྱིར་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པའོ། །
དེ་གཉི་ག་ནི་རྡོ་རྗེ་ཞགས་པ་སྟེ་ས་ལ་འཇུག་པ་ཡིན་པའི་ཕྱིར་རོ། །འདོད་པ་དེ་ལ་སྤྱོད་ཅིང་བརྟེན་པ་ལ་མི་འགྱུར་བའི་དངོས་པོ་ནི་རྡོ་རྗེ་ལྕགས་སྒྲོག་སྟེ་རྡོ་རྗེས་བཅིངས་པའི་ཕྱིར་ལྕགས་སྒྲོག་གོ། །ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བ་མེད་ཅིང་འབྱུང་བ་མེད་ལ་གཉིས་སུ་མེད་པར་གྱུར་པས་ཆོས་
ཐམས་ཅད་མ་སྐྱེས་པ་སྟེ། དེ་ཉིད་ཀྱིས་ན། གདོད་ནས་ཞི་བ་མཁའ་དང་མཉམ། །ཞེས་བྱ་སྟེ། རང་གི་ངོ་བོ་ཉིད་ཀྱིས་སྣང་བ་ཙམ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཚིག་ལ་འཇུག་པ་ནི་རྡོ་རྗེ་དྲིལ་བུ་སྟེ། དྲིལ་བུ་ནི་སྟོང་པ་ཉིད་ཉེ་བར་སྟོན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ་དེའི་སྒྲས་སྨྲ་བའི་

ཕྱིར་རོ། །ཚོགས་གཉིས་ཞེས་བྱ་བ་ལ་སོགས་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་སྦྱོར་བ་སྟེ། རྒྱུ་དེས་སེམས་ཅན་ཀུན་གྱི་དོན་དམ་པ་རབ་ཏུ་སྟོན་པ་ཙམ་གྱིས་སྟོན་པའི་སྣང་བ་མེད་པའི་སེམས་དེའི་རང་བཞིན་གྱི་དྲི་མ་ནི་གློ་བུར་བ་ཡིན་པས་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ནི་
ཟླ་བའི་དཀྱིལ་འཁོར་ཡིན་ཏེ་ལྷ་རྣམས་ཀྱི་གདན་དང་འོད་དོ། །ཕྱག་མཚན་བཅུ་དྲུག་གི་དེ་ཁོ་ན་ཉིད་ཚིག་རྐང་བཅུ་དྲུག་གིས་སྟོན་པ་ནི། ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡང་དག་པར་སོ་སོར་རྟོག་པ་ནི་རྡོ་རྗེའི་དེ་ཁོ་ན་ཉིད་དོ། །འཛིན་པ་ནི་ལྕགས་ཀྱུའོ། །ཕྲ་བར་འབིགས་
པ་ཉིད་ནི་མདའོ། །དགྱེས་པ་ནི་ལེགས་སོ་ཞེས་བྱ་བའོ། །ཟང་ཟིང་གི་སྦྱིན་པས་གདུལ་བྱ་རྣམས་དབང་དུ་བྱ་བ་ནི་སྤྲོས་པ་སྟེ། དེ་ཁོ་ན་ཉིད་ནི་རིན་པོ་ཆེའི་སྟེ། ཙའི་སྒྲ་ནི་ཏར་བསྟན་པ་ཡིན་ནོ། །གཟི་བརྗིད་ནི་ཉི་མའི་དེ་ཁོ་ན་ཉིད་དོ། །ཆོས་ཀྱི་ཏོག་བསྒྲེང་བ་ནི་ཏོག་གིའོ། །སེམས་རྣམ་
པར་འབྱེད་པ་ནི་བཞད་པའིའོ། །ཐེག་པ་ཆེན་པོའི་རྣམ་པར་དག་པ་ནི་པདྨའིའོ། །ཉོན་མོངས་པའི་རྣམ་པར་རྟོག་པའི་དགྲ་བཅོམ་པ་ནི་རལ་གྲིའིའོ། །སེམས་དཔའི་དཀྱིལ་འཁོར་ནི་འཁོར་ལོའིའོ། །དེ་ཁོ་ན་ཉིད་བརྗོད་པ་ནི་སྨྲ་བའིའོ། །སྣ་ཚོགས་པའི་ཚུལ་ཉིད་ནི་སྣ་ཚོགས་
རྡོ་རྗེའིའོ། །གཞིག་པར་དཀའ་བ་ནི་གོ་ཆའིའོ། །འཇིགས་པ་ཉིད་ནི་མཆེ་བའིའོ། །བཅིང་བ་ནི་རྡོ་རྗེ་ཁུ་ཚུར་གྱི་དེ་ཁོ་ན་ཉིད་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་གྱི་བདག་པོ་རྣམས་ཀྱི་དེ་ཁོ་ན་ཉིད་གསུངས་ནས། གཞིའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། དཀྱིལ་འཁོར་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་བཤད་པ་ཞེས་བྱ་བ་ནི་གང་དུ་གསུངས་པ་སྟེ། དེ་ཁོ་ན་ཉིད་ནི་ཡིད་ཀྱི་དཀྱིལ་འཁོར་ཏེ། ཤིན་ཏུ་རྣམ་པར་དག་པའི་ཏིང་ངེ་འཛིན་གྱི་སྙིང་པོ་སྟེ་གཅེས་པ་གང་ཡིན་པ་དེ་དེའི་ལེན་པའོ། །དམ་པ་ཡིན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུས་ཡང་
དག་པར་བསྡུས་པ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །ཁང་པ་ནི་སེམས་ཏེ་དེའི་བརྩེགས་པ་ནི་བསྒྲེང་བའོ། །ཕྱིའི་གནས་གང་ཡིན་པར་ཚད་ཀྱིས་ལོགས་བཞི་མཉམ་པ་ཉིད་དུ་གྱུར་པ་གང་ཡིན་པ་དེ་ཉིད་ནི་ཐིག་བཞི་ཞེས་བྱ་བ་ལ། དེ་ཁོ་ན་ཉིད་དུ་ནི་བྱམས་པ་

ལ་སོགས་པ་ཡིན་ཏེ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཞེས་བྱ་བ་སྟེ། ཚད་མེད་པ་བཞི་པོ་ནི་སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་བྱམས་པ་ལ་སོགས་པ་ལ་ཚད་མེད་པ་ཞེས་བྱའོ། །འདོད་པ་ན་སྤྱོད་པའི་སེམས་ཅན་གྱི་དམིགས་པ་ནི་
ཚངས་པའི་གནས་པ་ཞེས་བཤད་དོ། །ཆོས་རྗེས་སུ་དྲན་པའི་དེ་ཁོ་ན་ཉིད་ནི་ཐིག་གོ། །ལྟ་བ་ཀུན་ལས་རྣམ་པར་གྲོལ་བ་ནི་ཡེ་ཤེས་ཀྱི་ཐིག་གོ། །ཚུལ་ཁྲིམས་ཀྱི་ཚོགས་ནི་རྒྱན་གྱིའོ། །དད་པ་ལ་སོགས་པ་དབང་པོ་ལྔ་པོ་ནི་ར་བ་ལྔའིའོ། །རྣམ་པར་ཐར་པ་བཞི་པོ་ནི་སྒོ་རྣམས་
ཀྱིའོ། །ཡང་དག་པར་སྤོང་བ་བཞི་པོ་ནི་རྟ་བབས་དང་ཀ་བ་ཟུང་གིའོ། །དྲན་པ་ཉེ་བར་གཞག་པ་བཞི་པོ་ནི་ཁྱམས་རྣམས་ཀྱིའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་པོ་ནི་སྒོ་ཁྱུད་ཟུང་གིའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་པོ་ནི་ཕྲེང་བ་དང་མེ་ཏོག་གི་ཆུན་འཕྱང་གིའོ། །འཕགས་པའི་
ལམ་ཡན་ལག་བརྒྱད་པ་ནི་ཀ་བ་རྣམས་ཀྱི་ཡིན་ཏེ། ཐམས་ཅད་ཀྱི་ནང་དུ་གྱུར་པའི་ཕྱིར་རོ། །བསྒོམ་པའི་ལམ་ནི་སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བ་ཡིན་པས་ན་དེ་ནི་དཀར་པོ་སྟེ། ཏིང་ངེ་འཛིན་དང་ཤེས་རབ་དག་གིས་བརྟགས་ཤིང་ཡང་དག་པར་བསྡུས་པ་ཡིན་པའི་ཕྱིར་རོ། །
ལམ་ཉིད་ནི་ཡེ་ཤེས་ཏེ་ཁྱད་པར་དང་བཅས་ཤིང་ཕྲ་བ་དང་བཅས་པའི་ཕྱིར་ཏེ། དེ་ཁོ་ན་ཉིད་དེ་ནི་རྔ་ཡབ་ཀྱིའོ། །ཉོན་མོངས་པ་རྣམས་ཀྱི་ས་བོན་འབྱིན་ཅིང་ཡང་དག་པར་གཅོད་པའི་དེ་ཁོ་ན་ཉིད་དེ་ནི་དྲ་བའིའོ། །ས་བོན་ཉེ་བར་འཇིག་པ་ནི་སེལ་བ་སྟེ་དེ་ཁོ་ན་ཉིད་དེ་ནི་དྲ་བ་ཕྱེད་པའིའོ། །རྣམ་
པར་བསགས་ཤིང་ཚོགས་ཉེ་བར་བསགས་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་དང་། ཉོན་མོངས་པ་རྣམས་ཀྱི་ཟིལ་གྱིས་གནོན་པར་མ་གྱུར་ཅིག་སྙམ་སྟེ། སངས་རྒྱས་ཀྱི་སྤྱན་ལྔ་པོ་དེས་ངེས་པར་རྟོགས་པའི་དེ་ཁོ་ན་ཉིད་ཀྱི་གནས་ལྔ་ནི་ཚོན་རྩི་ལྔའོ། །མེ་ལོང་ལྟ་བུ་ལ་སོགས་པའི་
ཡེ་ཤེས་ལྔའི་དེ་ཁོ་ན་ཉིད་ནི་སངས་རྒྱས་ལྔའིའོ། །བྱང་ཆུབ་ཀྱི་སེམས་ཀྱི་དེ་ཁོ་ན་ཉིད་ནི་དཀྱིལ་འཁོར་གྱི་བདག་པོའིའོ། །རྡོ་རྗེ་འཛིན་ཆེན་པོའི་དངོས་པོ་དེ་ཁོ་ན་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་མི་གནས་པའི་ཕྱིར་ཏེ། དེ་ལ་རིམ་

པ་བཞིན་དུ་ཆགས་པ་དང་བྲལ་བ་དང་། །ཆགས་པ་དག་གིས་ཏེ། དེ་ལ་ནམ་མཁའ་དང་མཉམ་པའི་ཆོས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མཆོག་རྣམ་པར་དག་པའི་མཐར་ཐུག་པ་ནི་ཆགས་པ་དང་བྲལ་བའོ། །ཆགས་པ་ནི་ལྷ་ལ་སོགས་པའི་རྣམ་པར་ཉེ་བར་ཞེན་པའི་སེམས་ནི་ཆགས་པའོ། །
ཆགས་པ་དང་བྲལ་བར་གྱུར་ནས་ཆགས་པ་ག་ལས་བྱུང་ཞེ་ན། ཡེ་ཤེས་དེ་ཡི་རྒྱན་བཤད་པ། །ཞེས་བྱ་བ་གསུངས་ཏེ། ནམ་མཁའ་དང་མཉམ་པའི་ཡེ་ཤེས་དེ་ཉིད་ཀྱིས་ཚོགས་བསགས་པའི་སྟོབས་ཀྱིས་ལྷུན་གྱིས་གྲུབ་པའི་ཞེན་པའི་སེམས་སུ་བྱེད་པ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲའོ། །
དེ་ཡང་ཅི་ཞིག་ཡིན་ཞེ་ན། ཆགས་བྲལ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡིན་ནོ་ཞེས་བྱ་བ་ནི་ཆགས་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཆགས་པ་དང་བྲལ་བས་བྱང་ཆུབ་པ་ནི་ཆོས་ཀྱི་སྐུའོ། །ཆགས་པས་ཞེན་པའི་སེམས་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའོ། །དེ་བས་
ན་གཉིས་ཀ་བྱང་ཆུབ་ཀྱི་སེམས་ཡིན་ཏེ་བྱང་ཆུབ་དང་སེམས་ཞེས་བྱ་བ་ཡིན་ནོ། །ཆགས་བྲལ་ལས་ཆགས་པ་ཞེས་བྱ་བ་ནི་མཚན་ཉིད་དང་མཚན་ཉིད་ཅན་གྱི་དབྱེ་བས་ལྔ་པ་འདོད་ཆགས་དང་བྲལ་བའི་མཚན་ཉིད་ཅན་ནི་བྱང་ཆུབ་བོ། །ཆགས་པའི་མཚན་ཉིད་ནི་སེམས་ཞེས་བྱ་བའི་དོན་ཏོ། །འདི་ཡང་
ཞེན་པའི་སེམས་ལ་སེམས་ཀྱི་སྒྲར་བཤད་དོ། །ཐུན་མོང་གི་སྒྲ་ཡིན་ཡང་ལ་ལ་ཁྱད་པར་དུ་བསྟན་པའམ། སྔ་མའི་ཚིག་མི་མངོན་པར་བྱས་པའོ། །བྱང་ཆུབ་འདོད་ཆགས་དང་བྲལ་བའི་སེམས་ཡིན་ན་འདོད་ཆགས་ཞེས་གང་ལས་བཤད་ཅེ་ན། གང་གི་ཕྱིར་འཇིག་རྟེན་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། འཇིག་རྟེན་ནི་འཁོར་བར་ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པ་སྟེ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་བཤད་པའི་ཕྱིར་རོ། །དེ་ཡང་གང་གི་ཕྱིར་ཆགས་པ་དང་བྲལ་བས་འདུལ་ཞིང་བསལ་བའི་འཇིག་རྟེན་གང་ཡིན་པ་
དེ་ལ་དེ་སྐད་ཅེས་བྱའོ། །ལྷའི་སྐུ་དང་གསུང་དང་ཐུགས་ཀྱི་རྣམ་པ་ལྟ་བུ་ནི་ཕྱག་རྒྱ་སྟེ་དེའི་དངོས་གྲུབ་ནི་རྣམ་པ་དེས་རྣལ་འབྱོར་པ་རྫོག