Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 66

Văn bản gốc(Tây Tạng)

Trang 20 / 22 (50.000 ký tự/trang)
འི་བར། །འདི་ནི་དངོས་གྲུབ་གསུམ་གྱི་དུས། །ཞེས་བཤད་པའོ། །ཅི་སྟེ་གཙོ་འམ་དེ་ཡི་སྲས། །ཡང་ན་ལྷ་རྣམས་མཐོང་འགྱུར་ན། །བསོད་ནམས་མཐུ་ལས་ཅི་དགའ་བར། །དངོས་གྲུབ་མཆོག་ནི་གསོལ་བར་བྱ། །ལྷ་ཡིས་དངོས་གྲུབ་འབྲས་བུ་ནི། །དེ་ལ་རྟག་ཏུ་
དགྱེས་ནས་སྩོལ། །ཕྱག་འཚལ་དངོས་གྲུབ་ལ་སོགས་བླང་། །ཞེས་བྱ་བ་ནི་འདིའི་དོན་ནི། འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་གསུངས་ཏེ། སེང་གེའི་གདན་གྱིས་མངོན་པར་བསྔགས་པའི་གདན། །དེ་ནི་དཀྱིལ་འཁོར་དབུས་སུ་གཞག་པར་བྱ། །བདག་ཉིད་བསྲུང་
བར་བྱ་སྟེ་དེར་འདུག་ནས། །རྫས་བླངས་མྱུར་དུ་བཟླས་བརྗོད་བྱས་ནས་ནི། །སྦྱིན་བླུགས་བརྒྱ་ཕྲག་གཅིག་ཀྱང་བསྲེག་པར་བྱ། །དེ་ནས་དེ་ནི་དྲི་ཆུས་བཀྲུས་ནས་སུ། །བགེགས་མང་རྣམས་ཀྱང་རབ་ཏུ་བསལ་བྱས་ནས། །བྱང་ཆུབ་ཤིང་ལོ་གསུམ་གྱི་སྟེང་དུ་གཞག །བཞི་ཡིས་
བཀབ་ནས་ཇི་སྲིད་བསྒྲུབ་པ་ནི། །རྣམ་གསུམ་མཐོང་གི་བར་དུ་གསང་སྔགས་བཟླས། །དྲོ་དང་དུད་འཐུལ་མེ་བཞིན་འབར་བའམ། །རིམ་བཞིན་བཟློག་ནས་བྱུང་ནའང་འགྲུབ་པར་གསུངས། །དྲོ་བས་འགྲོ་བ་ཐམས་ཅད་དབང་འགྱུར་ཏེ། །དུད་པ་འཐུལ་བས་མི་ནི་མི་སྣང་འགྱུར། །འབར་
བས་མཁའ་ལ་ཤིན་ཏུ་འགྲོ་འགྱུར་ཏེ། །མི་ཡི་ལུས་ནི་ལྷ་ལྟར་གསལ་བར་འགྱུར། །ཇི་ལྟར་ལུས་ལ་གྲང་བ་འཇུག་པ་དང་། །ཇི་ལྟར་མངལ་དུ་དྲི་ཟ་འཇུག་པ་དང་། །ཉི་ཟེར་མེ་ཤེལ་ཞུགས་ནས་མེ་འབྱུང་ལྟར། །དེ་ལྟར་དངོས་གྲུབ་ལུས་ལ་འཇུག་པར་འགྱུར། །མར་མེ་མཆེད་

ཅིང་ཤིན་ཏུ་འབར་བ་ནི། །སྣུམ་ཞིང་དཀྱུས་རིངས་གསེར་གྱི་མདོག་ལྟར་གང་། །འབྲུ་མར་ཟད་ཀྱང་འབར་བར་གྱུར་ན་ནི། །དེ་ཚེ་སྔགས་པས་དངོས་གྲུབ་ཐོབ་འགྱུར་ཏེ། །དེ་དག་རྫས་ལས་བྱུང་བའི་དངོས་གྲུབ་བོ། །མིས་ནི་རི་མོའི་སྐུ་གཟུགས་འབར་
བའམ། །ཕྲེང་བ་སྨིན་མ་མིག་དང་རྔ་ཡབ་བམ། །གལ་ཏེ་རྒྱན་རྣམས་གཡོ་བར་གྱུར་པའམ། །མཁའ་ལས་མེ་ཏོག་ཆར་པ་རྫི་ཆར་འབབ། །ས་ནི་མྱུར་དུ་གཡོ་བར་གྱུར་པའམ། །ལུས་ནི་སྣང་བའམ་མཁའ་ལས་ཚིག་ཏུ་ནི། །བུ་གཅིག་དམ་པ་ཅི་འདོད་སློངས་ཤིག་ཅེའམ། །ལྷ་
ཡི་རྔ་སྒྲའམ་སྐྱི་བུང་བ་སྤུ་ལྡང་། །རྒྱན་གྱི་ཆར་ཆེན་རབ་ཏུ་འབབ་པའམ། །འཇིག་རྟེན་མཁའ་ལ་ལྷ་དང་ལྷ་མིན་དང་། །གསང་སྔགས་གཟུགས་ནི་མངོན་དུ་མཐོང་ན་འགྲུབ། །མ་ཉམས་མེ་ཏོག་དབྱིག་དང་ཆུ་བསྲེས་ཤིང་། །བསྟོད་དང་བཅས་ནས་མཆོད་ཡོན་རྒྱུན་སྦྲེངས་ན། །རྩེ་
གཅིག་སེམས་ཀྱིས་གདོང་བཏུད་ཕྱག་བྱས་ཏེ། །དད་དང་འབད་པའི་རྗེས་མཐུན་དམ་པ་བླང་། །དམ་པ་ཐོབ་ནས་དགའ་བས་ཕྱག་བྱས་ཏེ། །དད་པས་བསྟོད་ཅིང་མཆོད་ཡོན་ཕུལ་ནས་སུ། །གསང་སྔགས་བརྗོད་ཅིང་སླར་ཡང་གཤེགས་སུ་གསོལ། །ཞེས་སོ། །དེ་ལྟར་བླངས་ནས་
མ་བགོས་ན། །སླར་ཉམས་པར་གྱུར་ཏེ། དེ་ལྟར་མ་བྱས་གྲུབ་ན་ཡང་། །དེ་ཡི་རྫས་དེ་འཕྲོགས་པར་འགྱུར། །ཞེས་བགོ་བའི་རྫས་ལ་བསྟན་པས་སོ། །དེ་བས་ནི་འདིར་རྫས་བགོ་བའི་ཆོ་ག་བསྟན་པའི་ཕྱིར། །བླ་མ་དཀོན་མཆོག་གསུམ་དག་ལ། །སྐལ་བ་ཆ་རེ་ཕུལ་ནས་ནི། །
དེ་ནས་རྟག་ཏུ་བདག་སྤྱོད་ཅིག །མེད་ན་མཁས་པ་བདག་ཉིད་ཀྱིས། །བླངས་ནས་ཡོངས་སུ་སྤྱད་པར་བྱ། །ཞེས་གསུངས་ཏེ། འདི་ཡི་དོན་ཡང་རྒྱས་པ་ཆེ། །བཅོམ་ལྡན་འདས་ཀྱི་སྐུ་སྐལ་དུ། །རྫས་ཀྱི་ཆ་གཅིག་ཐོག་མར་དབུལ། །བློ་དང་ལྡན་པས་བླ་མ་ལ། །ཕྱག་བྱས་ནས་ནི་གཉིས་
པ་དབུལ། །གསུམ་པ་སྔགས་གྲུབ་པ་རྣམས་ལ། །དཀྱིལ་འཁོར་ཕྱི་རོལ་དབུལ་བར་བྱ། །བཞི་པ་གྲོགས་པོ་རྣམས་ལ་སྦྱིན། །ལྔ་པ་བདག་ཉིད་སྤྱད་པར་བྱ། །བརྟག་པར་བྱ་བའི་རྫས་ཀུན་ལ། །ཆོ་ག་འདི་དག་བཤད་པ་ཡིན། །དེ་ལའང་སྐལ་བ་ཕྱེད་ཕྱེད་དུ། །བགོས་ནས་

བདག་གིས་ཕྱེད་བསྐུར་རོ། །མཆོད་ཡོན་ཕུལ་ནས་བཅོམ་ལྡན་སྐལ། །བདག་ཉིད་ཀྱིས་ནི་བསྐུར་བར་བྱ། །སངས་རྒྱས་རྣམས་ལ་བླུ་བའི་ཕྱིར། །མཆོད་པ་ལ་སོགས་ཆོ་ག་བཤད། །བླ་མ་མེད་པར་གྱུར་ན་ནི། །བླ་མའི་སྐལ་བ་བདག་གིས་བླང་། །དེ་ལ་གུས་པས་ལྷག་པར་བྱ། །
དེ་ནི་དེ་ཡི་བླུ་བ་ཡིན། །གྲུབ་པ་ཁྱེད་རྣམས་བདག་ཉིད་ཀྱིས། །རྫས་ཀྱི་སྐལ་བ་འདི་བཞེས་ཤིག །དེ་སྐད་ཚིག་གིས་ལན་གསུམ་བརྗོད། །སྒྲུབ་པས་མཆོད་ཡོན་ལན་གསུམ་དབུལ། །སྔགས་གྲུབ་པ་རྣམས་མེད་ན་ནི། །དེ་ཡི་སྐལ་བ་སྔགས་ཟློས་པས། །དོགས་པ་མེད་
པའི་སེམས་ཀྱིས་ནི། །གྲོགས་པོ་རྣམས་ལ་སྦྱིན་པར་བྱ། །གསང་སྔགས་ཟློས་པའི་གྲོགས་པོ་རྣམས། །རྟག་པར་གུས་ཤིང་དོན་དུ་གཉེར། །དཀའ་ཐུབ་དང་ནི་གྲོགས་བྱེད་པས། །ཐོག་མ་ཉིད་ནས་གྲུབ་པ་ཡིན། །དེ་ཡིས་བྱིན་པའི་རྫས་རྣམས་ནི། །དེ་བས་བླང་བར་
རིགས་པ་ཡིན། །བདག་ཅག་སྔ་ནས་གྲུབ་པའོ། །ཞེས། མཐུན་པར་སྨྲ་ཞིང་བླང་བར་བྱ། །བདག་རང་ཉིད་ཀྱིས་དེ་རྣམས་ལ། །རྫས་ནི་རྣམ་པར་བགོ་བར་བྱ། །གྲུབ་པའི་རྫས་ནི་དེ་ལྟ་བུར། །བགོ་བར་རབ་ཏུ་བསྒྲགས་པ་ཡིན། །གྲུབ་པའི་རྫས་རྣམས་ཁ་ཅིག་ནི། །བགོ་བའི་
སྐལ་བ་ཅི་འདྲར་བྱ། །ཨཉྫ་ན་ནི་ཐམས་ཅད་དང་། །གི་ཝང་ལ་སོགས་གཞོན་ནུ་བཤད། །ཆོ་ག་ཤེས་པས་ལ་ལ་ནི། །ཡིད་ཀྱིས་བགོ་བ་ཡོངས་སུ་བརྟག །དེ་ལ་ཕན་གདགས་འདོད་པ་ཡིས། །རལ་གྲི་ལ་སོགས་མཐོང་བ་བཞིན། །གྲུབ་པའི་རྫས་རྣམས་ཁ་ཅིག་ནི། །གཅིག་
པུ་ཉིད་ཀྱིས་དཔྱད་པར་བྱ། །དེ་ལ་ཕན་གདགས་འདོད་པ་ཡིས། །རས་ལ་སོགས་པ་མཐོང་བ་བཞིན། །སྒྲུབ་པའི་རྫས་ཀྱི་བྱེ་བྲག་ལས། །ཁ་ཅིག་མཉམ་པ་ཉིད་དུ་བགོ། །རི་ལུ་ལ་སོགས་མཐོང་བ་བཞིན། །དེ་ལ་ཕྱེད་དུ་བགོ་བ་མེད། །རྫས་རྣམས་ལ་ནི་ཕལ་ཆེར་ཡང་། །
གཅིག་པུས་མང་དུ་བསྐུར་བར་བྱ། །མན་ངག་བསྟན་ཏམ་ནོར་སྦྱིན་ནམ། །རྒྱུད་ལས་བཤད་པས་ཡིད་ཆེས་བྱ། །འདི་དག་ཁྱོད་ཀྱིས་བྱོས་ཤིག་ཅེའམ། །འདི་ཡང་ཁྱོད་ཀྱི་དོན་ནོ་ཞེས། །བཟླས་བརྗོད་བྱེད་པས་གྲོགས་པོ་ལ། །བགོ་བ་དག་ནི་དེ་ལྟར་བྱ། །བདག་རང་ཉིད་ཀྱིས་

ཅི་རིགས་པར། །མཁས་པ་དག་གིས་ཕན་གདགས་པ། །གྲུབ་པར་གྱུར་ན་ཆོ་ག་བཞིན། །གང་ཡང་རུང་བས་རབ་ཏུ་བྱ། །དངོས་གྲུབ་རྣམ་པ་མང་པོ་དག །གྲུབ་པས་རྣམ་པར་གོ་བ་ནི། །བྱེ་བྲག་ཏུ་ནི་བདག་ཉིད་ཀྱི། །དྲི་མེད་བློས་ནི་ཤེས་པར་
བྱ། །སྐལ་བ་དབང་བ་མནོས་ནས་སུ། །ཟློས་པས་གསོལ་བ་གདབ་པར་བྱ། །བཀའ་ལུང་གྲུབ་པར་ཤེས་ནས་ནི། །དེ་ཡི་འོག་ཏུ་བགོ་བར་བྱ། །ཐམས་ཅད་ལ་ཡང་ཅི་རིགས་པར། །ལེགས་པར་བགོ་བ་བྱ་བར་བཤད། །དངོས་གྲུབ་དང་ནི་ཕལ་པ་ཡང་། །མདོར་ན་ཆོ་ག་དེ་
ལྟར་བྱ། །གུས་ཤིང་ནོར་དང་མཆོད་པ་དང་། །བཀའ་བཞིན་བྱེད་ཅིང་ཕན་འདོགས་པར། །རྫས་གྲུབ་བླ་མའི་སྐལ་ལ་སོགས། །བླུ་བ་དག་ནི་དེ་ལྟར་བཤད། །བདག་གིས་མཆོད་ཡོན་ཕུལ་ནས་ནི། །རྫས་རྣམས་ལུང་བཞིན་བགོ་བར་བྱ། །གསང་སྔགས་ལྷ་ལ་གུས་པར་ནི། །
བློ་ཡིས་བསམས་ལ་དཔྱད་པར་བྱ། །རིག་སྔགས་རྒྱལ་ལ་ཕྱག་བྱས་ནས། །རིག་སྔགས་རྒྱལ་པོ་ལ་ཡང་གུས་པར་རོ། །ཞེས་གསུངས་པ་རྣམས་སྦྱར་རོ། །སེམས་ཅན་ཀུན་ལ་ཕན་བརྩོན་པར། །བསྐལ་པ་དུ་མར་གནས་པར་འགྱུར། །ཞེས་བྱ་བ་ནི། རིག་པ་འཛིན་པར་
འགྱུར་བ་སྟེ། སྔར་རྒྱས་པར་བསྟན་ལ། གཞན་ལས་ཀྱང་། དེར་ནི་ནམ་གྱི་ཕྱེད་དུས་སམ། །ཡང་ན་ཉི་མ་འཆར་བའི་ཚེ། །རྫས་དེ་ཡོངས་སུ་གྱུར་པ་ནི། །འབར་ཕྲེང་ཅན་གྱི་གཟི་བརྗིད་བཞིན། །སྔགས་པ་རང་གིས་དེ་བླངས་ནས། །ནམ་མཁའ་ལ་ནི་འགྲོ་བར་འགྱུར། །
བསྐལ་པར་གནས་ཤིང་གཟི་བརྗིད་ཆེ། །རྒྱལ་སྲས་དེ་ནི་འཁོར་ན་འཆི། །འཇིག་རྟེན་ཁམས་ནི་གཞན་དུའང་འགྲོ། །གཙོ་བོ་སྣ་ཚོགས་གཟུགས་འཆང་བ། །རྫས་ལས་བྱུང་བའི་སྔགས་གྲུབ་པས། །དཔལ་ལྡན་མཆོད་པ་རབ་ཏུ་བྱེད། །འདི་ནི་ཉམས་པར་མི་འགྱུར་བའི། །
རྫས་ཀྱི་དངོས་གྲུབ་ཡིན་པར་བཤད། །ཅེས་གསུངས་སོ། །གསང་བ་ཟླ་བའི་ཐིག་ལེ་ལས་ཀྱང་། འཇིག་རྟེན་ཐམས་ཅད་ཀུན་དུ་བཀུར་སྟི་བྱེད། །རིག་པ་སྟོང་གིས་མངོན་པར་མཆོད་བྱེད་ཅིང་། །རིག་འཛིན་དམུ་སྨན་བུད་མེད་རྣམས་ཀྱིས་ནི། །གཡག་རྔ་དཀར་པོའི་ཚོགས་ཀྱིས་

གཡོབ་པ་ཡིས། །འཇིག་རྟེན་དབང་པོ་བདེ་མཆོག་འབྲེལ་པ་ཐོབ། །བློ་ལྡན་ནམ་མཁའི་ངོས་ནི་ཐམས་ཅད་དུ། །རྡོ་རྗེ་འཛིན་གྱི་དགྱེས་པའི་རྣལ་འབྱོར་མ། །ཡིད་དུ་འོང་བའི་སྤྱན་གྱིས་རྒྱས་པ་དང་། །རྣལ་འབྱོར་སྤྱོད་པའི་བདེ་བ་རྟོགས་པ་ཡི། །མགུལ་ནས་འཁྱུད་པའི་
རོལ་པས་རྩེ་བར་བྱེད། །ཅེས་གསུངས་ཤིང་ཡང་གཞན་ལས། སྔགས་པ་དེ་ཡང་སྟོབས་ནི་རླུང་དང་མཉམ། །དེ་ཉིད་དེ་ལ་བཅུད་ལེན་མཆོག་ཏུ་འགྱུར། །དེ་ཡི་ཚེ་ཡང་ཉེ་བར་ལོ་སྟོང་ཐུབ། །ལྷ་ཡི་བྱད་གཟུགས་ལྷ་ཡི་གཟུགས་དང་ལྡན། །གྲུབ་པ་དེ་ནི་སྐྲ་གནག་ནད་ཀྱང་མེད། །
ཅེས་བཤད་དེ་ལོ་སྟོང་ནི་ཐ་མའི་དབང་དུ་བྱས་པའོ། །ཅིའི་ཕྱིར་རྒྱུད་དག་ལས་རྫས་བསྒྲུབ་པ་འདི་གཙོར་བསྟན་ཞེ་ན། འཇིག་རྟེན་གྱི་དངོས་གྲུབ་ལ་བརྟེན་ནས། འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱང་རིམ་གྱིས་སྡུག་བསྔལ་མེད་པར་འཐོབ་པར་བྱ་བའི་ཕྱིར་ཏེ། གཅིག་ཏུ་དཔའ་
བོ་གྲུབ་པ་ལས་ཇི་སྐད་གསུངས་པ་བཞིན་ནོ། །གཞན་ལས་ཀྱང་གསང་བའི་བདག་པོ། དེ་ལ་རྟག་པ་འདི་རྒྱུ་མཚན་དུ་མཛད་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་ཀྱི་ཕ་རོལ་ཏུ་
ཕྱིན་པ་རྟོགས་པར་ཁོང་དུ་ཆུད་པ་རྣམས་ཀྱིས་རྟག་པ་དེ་ཉིད་རང་བཞིན་གྱིས་སྟོང་པར་མཁྱེན་ཀྱང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས། འདུས་མ་བྱས་གདགས་པར་བརྟགས་ཏེ་ཡོངས་སུ་བསྒྲུབ་པའི་ཚུལ་དུ། མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་
དབྱིངས་ཀྱི་མཐུ་རླབས་སེམས་ཅན་རྣམས་ལ་ངེས་པར་སྟོན་ཏེ། དེས་དེ་རྣམས་ཡིད་རབ་ཏུ་དགའ་ཞིང་ཚེ་རིང་པོ་ཡང་ཐོབ་ནས་འདོད་པའི་ཡོན་ཏན་ལྔ་དག་གིས་རྩེ་དགའ་ཡོངས་སུ་སྤྱོད་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པར་བྱེད་ཅིང་། འཇིག་རྟེན་
ཐམས་ཅད་དང་མི་མཐུན་པའི་ལམ་འདི་གྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དོན་གྱི་དབང་འདི་གཟིགས་ནས། གསང་སྔགས་སྤྱོད་པའི་ཚུལ་གྱི་ཆོ་ག་ཐུགས་དགྱེས་བཞིན་དུ་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་བསྐལ་

པ་དུ་མར་བརྩོན་ཞིང་འབད་དེ་བྱ་དཀའ་བ་རྣམས་བརྩམས་ཀྱང་ཐོབ་པར་མི་འགྱུར་བ་དེ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཚེ་གཅིག་པོ་འདི་ཁོ་ན་ལ་ཐོབ་པར་འགྱུར་བས་སོ་ཞེས་གསུངས་
སོ། །དེ་ལྟར་རྫས་ལས་རིག་འཛིན་སྒྲུབ་པའི་སྐབས་འདིར་དང་པོར་དམ་ཚིག་བླང་བ་དང་། དབང་ཐོབ་པར་བྱ་བ་དང་། ལྷ་ཡང་དག་པར་གཟུང་བ་དང་། བསྙེན་པ་དང་། སྟ་གོན་ལ་གནས་པ་དང་། བསྙེན་པ་དང་། བསྒྲུབ་པའི་ཕྱིར་སྟ་གོན་ལ་གནས་པ་དང་། ལྷ་དབང་བསྐུར་བ་
དང་། ལྷ་ཚིམ་པར་བྱ་བ་དང་། ལྷ་གཟི་བརྗིད་བསྐྱེད་པ་དང་། ལྷ་ཉེ་བར་བྱ་བ་དང་། བསྙེན་པ་ཁྱད་པར་ཅན་དང་། རྫས་ཀྱི་མཚན་ཉིད་དང་། རྫས་ཡོངས་སུ་བཟུང་བ་དང་། རྫས་ཀྱི་ཚད་དང་། རྫས་གཟི་བརྗིད་བསྐྱེད་པ་དང་། རྫས་སྦྱང་བ་དང་། རྫས་བསྒྲུབ་པའོ། །དཀྱིལ་
འཁོར་དུ་བསྒྲུབ་པ་དང་། བགེགས་བཟློག་པ་དང་། རྫས་ཀྱི་དངོས་གྲུབ་བདག་གིས་བྱ་བ་དང་། མཚན་མ་དང་། རྫས་མནན་པ་དང་རྫས་མ་གྲུབ་པ་སྤོགས་པའི་ཚུལ་དང་། རྫས་བགོ་བ་དང་། རིག་འཛིན་གྱི་ཚུལ་དག་གིས་རྒྱ་ཆེར་ཤེས་པར་བྱ་བ་ཡིན་མོད་ཀྱི། འཕགས་པ་རབ་ཏུ་གྲུབ་
པ་ལས་རབ་ཏུ་གསལ་བ་དང་། འདིར་གཞུང་མངས་པས་འཇིགས་པས་ཉེ་བར་གྱུར་པ་ཙམ་ལས་མ་བརྗོད་དོ། །བསྒྲུབ་པར་བྱ་བའི་རྫས་རྣམས་ཀྱང་། །སྨན་དང་མཚོན་ཆ་དང་། པགས་པ་དང་། གོས་དང་། ལྷ་རྫས་རྣམས་ཏེ། རྒྱུད་རྣམས་ལས་རབ་ཏུ་གསལ་ལོ། །ཅི་སྟེ་
དངོས་གྲུབ་མ་གྱུར་ན། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་འཚོ་བའི་རྣལ་འབྱོར་པ་རྣམས་ལ་ཕན་པའི་ཐབས་རྒྱས་པར་བསྟན་ནས། ཤི་བ་རྣམས་ཀྱིས་ཇི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ལ་སྤྱད་པར་འགྱུར་ཞེས། ཕྱོགས་སྔ་མ་རྣམ་པར་
རྟོག་པ་ལ། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ལ་སོགས་པ་ནི། ཤི་བ་ལ་ཕན་པའི་ཐབས་རྒྱས་པར་བསྟན་ཏེ། ཉོན་ཅིག་ཅེས་བྱ་བའི་བར་ནི་ཞུས་པ་དང་ལན་ཏེ་གོ་སླའོ། །དེ་བཞིན་དཀྱིལ་འཁོར་བྲིས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི། སྔར་སློབ་མ་དབང་བསྐུར་

བའི་ཚུལ་དུ་མ་ལུས་པར་འདིར་བྱ་སྟེ། ཅུང་ཟད་དུ་ན་འཆད་པར་བྱེད་པ་ལྟར་རོ། །ལེགས་པར་བརྒྱན་ཏེ་རྡོ་རྗེ་ལྕགས་ཀྱུའི་སྔགས་དང་ཕྱག་རྒྱས་རོའི་རྣམ་པར་ཤེས་པ་བཀུག་ལ། དེ་ནས་སྟ་གོན་ལ་གནས་པ་བྱས་ནས་དབང་བསྐུར་བར་བྱའོ། །དེ་ལ་རྡོ་རྗེ་ལྕགས་ཀྱུའི་སྔགས་དང་ཕྱག་རྒྱ་
ནི། ལག་པ་གཉིས་གཅིག་ཏུ་སྦྱར་ཏེ་ཁུ་ཚུར་བཅངས་ལ་མཛུབ་མོ་བསྒྲེང་སྟེ་ཚིགས་གསུམ་པ་བཀུག་ལ་ལྷག་མ་རྣམས་ནི་གདུ་བུའི་ཚུལ་དུ་གནས་པར་བྱའོ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །ལྕགས་ཀྱུ་ཞེས་ནི་འདིར་བཤད་དེ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ས་
བཅུ་དག་ལ་གནས་པ་དང་། །སྡང་བར་སེམས་པ་གཞན་དག་ཀྱང་། །ཐམས་ཅད་རབ་ཏུ་འགུགས་པར་བྱེད། །ཅེས་བྱ་བ་ནི་འདིའི་མཐུ་བསྟན་པ་སྟེ། འདིའི་སྔགས་ནི། ན་མཿས་མནྟ་བུ་དྡྷཱ་ནཱཾ་ཨ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་ཏ་ཐཱ་ག་ཏ་ཨཾ་ཀུ་ཤ་བོ་དྷི་ཙ་ར་ཡ་པ་རི་པཱུ་རི་ཀ་སྭཱ་ཧཱ། ཞེས་པ་སྟེ་
ལྷག་མ་ནི་གོ་སླའོ། །དེ་ཡི་གཟུགས་བརྙན་བྲི་བའམ། །ཞེས་བྱ་བ་ལ་སོགས་པ་ནི། གལ་ཏེ་རོ་མེད་ན་གཟུགས་བརྙན་ལ་སོགས་པ་བྲིས་ལ། དེ་ཉིད་ཡིན་པར་བསམས་ལ། ཚུལ་སྔ་མ་ལྟར་དབང་བསྐུར་བར་བྱའོ། །ལྷག་མ་ནི་གོ་སླའོ། །ལྷ་ཡི་གཟུགས་སུ་བསྟན་ནས་ཀྱང་། །
ཞེས་བྱ་བ་ནི། རོའམ་གཟུགས་སམ་མིང་བྲིས་པ་དེ་བསྙེན་པའམ། སྟ་གོན་ལ་གནས་པའམ། དབང་བསྐུར་བའི་དུས་སུ་ལྷར་བསྐྱེད་པའོ། །མཆོད་རྟེན་དབུས་སུ་གཞག་པར་བྱ། །ཞེས་བྱ་བ་ནི་རོའམ་གཟུགས་སམ་མིང་བྲིས་པ་ཇི་ལྟ་བར་མཆོད་རྟེན་གྱི་དབུས་སུ་གཞག་སྟེ་འདི་
ནི་ལྷ་ཉིད་དུ་བྱ་བའི་ཕྱིར་རོ། །སྐྱེ་བོ་དམིགས་པ་ཅན་དག་ནི་འདི་མཆོད་པར་བྱ་བ་མ་ཡིན་ནོ་སྙམ་དུ་སེམས་པ་བཟློག་པ་དང་། བསོད་ནམས་ཁྱད་པར་དུ་འཕེལ་བར་བྱ་བའི་ཕྱིར་རོ། །རང་གི་ལྷའམ་ལྷ་གཞན་གྱི། །སྙིང་པོ་སྙིང་གར་བྲིས་ནས་ནི། །ཞེས་བྱ་བ་གསུངས་ཏེ། རང་གི་ལྷ་
ཞེས་བྱ་བ་ནི། གལ་ཏེ་ཤི་བ་དེ་ལ་ལྷག་པའི་ལྷ་ཞིག་ཡོད་ལ། དེ་ཡང་སློབ་དཔོན་ལ་སོགས་པས་ཤེས་པར་ནུས་ནའོ། །ལྷ་གཞན་གྱིས་ཞེས་བྱ་བ་ནི། གལ་ཏེ་ཤི་བ་དེ་ལ་ལྷག་པའི་ལྷ་མེད་ན་དང་། ཡོད་དུ་ཟིན་ཀྱང་སློབ་དཔོན་ལ་སོགས་པས་ཤེས་པར་མི་ནུས་ན། སློབ་

དཔོན་གྱིས་ལྷག་པའི་ལྷའམ། བཅོམ་ལྡན་འདས་ཐམས་ཅད་རིག་པ་ལ་སོགས་པའི་སྔགས་ཀྱི་ཚོགས་བྲིའོ། །ཡང་ན་རོ་ལ་ཚིམ་པར་བྱ་བའི་སྦྱིན་སྲེག་བྱས་ལ། རུས་པ་རྣམས་མཆོད་རྟེན་གྱི་ནང་དུ་བཞག་སྟེ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་
ཅན་ཆེན་པོའི་རུས་པ་བཞིན་ནོ། །ལྷ་འདྲ་བར་ནི་སེམས་བསྐྱེད་དེ། །ཞེས་བྱ་བ་ནི་མཆོད་རྟེན་ནམ། ལྷའི་གཟུགས་ཀྱི་ནང་ན་གནས་པའི་རོ་ལ་སོགས་པ་དེ་ལ་ཐ་མལ་པའི་རྣམ་པར་མི་ལྟའི། ལྷའི་རྣམ་པ་དང་འདྲ་བར་བསམས་ལ། ཁྱིམ་གྱི་ནང་དུ་གཞག་པར་བྱ། །ཞེས་བྱ་བ་ནི།
འདི་རྟག་ཏུ་ཕྱག་བྱས་པ་ལ་སོགས་པས་བསོད་ནམས་བསགས་པའི་གནས་སུ་བྱ་བའི་ཕྱིར། ཁྱིམ་མམ་ཀུན་དགའི་ར་བ་ལ་སོགས་པ་མི་མང་པོ་འདུ་བའི་གནས་སུ་མཆོད་རྟེན་ལ་སོགས་པ་དེ་གཞག་པར་བྱའོ། །དེ་ལྟར་ཡང་འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་ལས། སྤྱན་
རས་གཟིགས་དབང་ཕྱུག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་མི་རྣམས་གནས་པའི་ཕྱོགས་སུ། མཆོད་རྟེན་ནི་སྐྱུ་རུ་རའི་འབྲས་བུ་ཙམ། སྲོག་ཤིང་ནི་ཁ་བ་ཙམ། གདུགས་ནི་བ་ཀུ་ལའི་མེ་ཏོག་ཙམ་ཞིག་བྱས་ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་
ཆོས་ཀྱི་དབྱིངས་ཀྱི་ཚིགས་སུ་བཅད་པ་ནང་དུ་བཅུག་ན་ཚངས་པའི་བསོད་ནམས་སྐྱེ་བར་འགྱུར་ཏེ། འདི་ནས་ཤི་འཕོས་ཤིང་ཤི་བའི་དུས་བྱས་ནས། ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཤི་འཕོས་ཏེ་འཆི་བའི་དུས་བྱས་ནས། གནས་གཙང་མའི་རིས་ཀྱི་ལྷ་རྣམས་
དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་དུ་རྒྱུད་ཕྱི་མ་ལས། སྐུ་གཟུགས་དང་། བྲན་ཁོལ་དང་། མིང་མཐུན་པ་དང་། གཉེན་དུ་གྱུར་པ་ལ་དབང་བསྐུར་བར་གསུངས་པ་རྣམས། འདིར་ཡང་དྲང་བར་བྱའོ། །དེ་ཡི་མིང་ནས་སྨོས་ནས་ཀྱང་། །
ཞེས་བྱ་བ་ནི་མཆོད་རྟེན་གྱིས་ཕན་པར་བྱ་བ་སྟོན་ཏེ། གྲོ་གའམ་ཤོག་ཤོག་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་གསང་སྔགས། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཞེས་བྱ་བ་དང་། དེའི་རྗེས་སུ། ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་

ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ། ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནེ་ཆེ་གེ་མོའི་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་བྱ་བ་བྲིས་ལ། མཆོད་རྟེན་རེ་རེའི་ནང་དུ་
བཅུག་སྟེ། སྲོག་ཤིང་དང་གདུགས་དང་བཅས་པའི་མཆོད་རྟེན་སློབ་དཔོན་གྱི་ཁྲུ་གང་ཡན་ཆད་པའམ། ཇི་ལྟར་ནུས་པའི་ཚད་ཅན་བྱེ་བའི་བར་དུ་བྱའོ། །དེ་ནས་མཇུག་ཏུ་རབ་ཏུ་གནས་པའི་ཆོ་ག་སྔོན་བཞིན་དུ་བྱས་ཏེ། འདི་ལྟ་བུའི་མཆོད་རྟེན་གྱི་ལས་འདི་ནི་བསོད་ནམས་ཚད་མེད་པ་དང་
ལྡན་ཏེ། དེ་ཡང་འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་ལས། ཇི་སྐད་དུ་གསུངས་པ་ནི་བསྟན་ཟིན་ལ། འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་ཀྱང་། གཙང་ཞིང་དབེན་པའི་ས་ཕྱོགས་རྣམས་སུ་ནི། །འཇིམ་པའམ་ནི་བྱེ་མ་ལས་བྱས་པའི། །བདེ་གཤེགས་
མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱང་ཕྱིར་རྟག་ཏུ་གདབ་པར་བྱ། །ཞེས་གསུངས་ལ། ཡང་དེ་ཉིད་ལས། ཇི་ལྟར་སྦྱིན་སྲེག་དང་ནི་བཟླས་བརྗོད་ཀྱིས། །གསང་སྔགས་བསྒྲུབས་ཀྱང་དངོས་གྲུབ་མ་ཐོབ་ན། །འཇིམ་པ་ལས་ནི་མཆོད་རྟེན་འབུམ་གདབ་
པའམ། །ཡང་ན་ཆུ་འགྲམ་བྱེ་མ་དག་ལ་གདབ། །དེ་ནི་དེ་ཡི་སྡིག་པ་སྲིད་གཞན་ལ། །བྱས་པ་གང་ཡིན་དེ་ནི་ཟད་འགྱུར་ལ། །དེ་ནི་གསང་སྔགས་མཐུ་ཡིས་འདི་ཉིད་དུ། །མཐོང་བའི་ཆོས་ལ་བསོད་ནམས་འབྲས་བུ་འཐོབ། །ཅེས་ཀྱང་གསུངས་སོ། །ཚིག་གི་དོན་རྣམས་ནི་
གོ་སླ་བས་རྣམ་པར་མ་ཕྱེའོ། །དེ་ཡི་མིང་ནས་བརྗོད་ནས་ནི། །ཇི་སྐད་གསུངས་པའི་སྔགས་བཟླས་ཤིང་། །འབུམ་ཕྲག་སྟོང་ངམ་ཡང་ན་ནི། །བརྒྱ་ཕྲག་སྟོང་དུ་ཚང་བར་ནི། །བྱེ་བ་སྙེད་དུ་རབ་བཟླས་ན། །ལྷ་ཡི་གནས་སུ་ངེས་པར་སྐྱེ། །ཞེས་བྱ་བས་ནི་བཟླས་པའི་ཕན་
གདགས་པ་བསྟན་ཏེ། བཟླས་པའི་གྲངས་མི་འདྲ་བ་གསུམ་བསྟན་པ་ནི། ཤི་བ་དེའི་སྡིག་པ་ཆེ་བ་དང་། བར་མ་དང་། ཆུང་བའི་དབང་དུ་བྱས་པའོ། །དེ་ལ་དོན་ནི། དཀྱིལ་འཁོར་ཆེན་པོའམ་བྲིས་སྐུའི་སྤྱན་སྔར། བདག་གི་རྣལ་འབྱོར་ཇི་ལྟར་བསྟན་པ་ལས། སྔར་བྲིས་

པ་ལྟར་རྩ་བའི་སྔགས་བཟླས་པར་བྱའོ། །དེ་ནས་མཇུག་ཏུ་སྨོན་ལམ་རྒྱ་ཆེན་པོ་དང་། གཏོར་མ་དང་། དགེ་འདུན་མཉེས་པར་བྱ་བ་སྔར་གསུངས་པ་ལྟར་བྱ་སྟེ། དེས་ནི་ལྷའི་གནས་སུ་ངེས་པར་སྐྱེ་བ་ལ་སོགས་པའི་ཡོན་ཏན་འཐོབ་སྟེ། གསང་སྔགས་
ཀྱི་མཐུ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར། འདི་ལས་ཀྱང་། གསང་སྔགས་ཡོན་ཏན་སྣ་ཚོགས་བསམ་མི་ཁྱབ། །ཅེས་གསུངས་ལ། དེ་བཞིན་དུ་འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་ཀྱང་། སོ་ག་ནགས་མེ་མཆེད་པའི་མེ་ལྕེ་ཡིས། །མ་བསྒྲིབས་བཞིན་དུ་ཚང་ཚིང་
ཀུན་བསྲེགས་ལྟར། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་བསྲེགས། །ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས། །གདུངས་ན་གཟི་བརྗིད་མི་བཟོད་འཇུ་བ་བཞིན། །ཚུལ་ཁྲིམས་ཉི་མའི་འོད་ཟེར་བཟླས་བརྗོད་ཀྱིས། །
གདུངས་ན་སྡིག་པའི་གངས་ཀྱང་འཇུ་བར་འགྱུར། །མུན་ནག་སྨག་ལ་མར་མེ་བྱུང་བ་ཡིས། །མུན་ནག་མ་ལུས་སེལ་བར་བྱེད་པ་ལྟར། །ཚེ་རབས་སྟོང་ན་གནས་པའི་སྡིག་པའི་མུན། །བཟླས་བརྗོད་མར་མེས་རབ་ཏུ་སེལ་བར་བྱེད། །ཅེས་གསུངས་ཏེ། དེ་བས་ན་
གསང་སྔགས་ཀྱི་མཐུའི་བྱེ་བྲག་བསམ་གྱིས་མི་ཁྱབ་ལ། ཡིད་ཆེས་པར་བྱ་བ་མེད་པ་རྣམས་ལ་ནི། བདེ་བ་གང་ཡང་མེད་དོ་ཞེས་གཞན་ལས་གསུངས་པས། ཡིད་གཉིས་དང་བྲལ་བས་རྟག་ཏུ་གསང་སྔགས་ཀྱི་རྣལ་འབྱོར་ལ་བརྩོན་པར་བྱས་ཏེ། བདག་དང་གཞན་གྱི་དོན་
ཡོངས་སུ་རྫོགས་པར་བྱའོ། །དེ་ལྟར་དབང་བསྐུར་བ་དང་། མཆོད་རྟེན་བྱ་བ་དང་། བཟླས་པས་ཕན་གདགས་པ་རྣམས་ནི། རབ་ཏུ་གསལ་བར་བསྟན་ཟིན་ན། སྦྱིན་སྲེག་གིས་ཕན་གདགས་པ་ནི་ཇི་ལྟ་བུ་ཞིག །སྦྱིན་སྲེག་ནི་འདིར་རྣམ་པ་དུ་ཞིག་ཅེས་ཕྱོགས་སྔ་མ་
རྣམ་པར་རྟོག་པ་རྣམས་ལ། དེ་ཡི་མིང་ནས་བརྗོད་ནས་ཀྱང་། །མཁས་པས་འབུམ་ཕྲག་བརྒྱའམ་ནི། །ཞེས་བྱ་བ་ལ་སོགས་པས་ནི། སྦྱིན་སྲེག་སྟོན་ཏེ། སྔོན་བཞིན་དུ་ཇི་ལྟར་རིགས་པའི་ཆོ་གས་སའི་ཚུལ་གཏན་ལ་ཕབ་སྟེ། དཀྱིལ་འཁོར་ལྷའི་སྟ་གོན་དུ་གནས་པ་ཡང་

སྔོན་བཞིན་དུ་བྱས་ལ། ནང་དང་ཕྱིའི་ཐིག་ཀྱང་སྔོན་བཞིན་བཏབ་པ་ལས། སྙིང་པོའི་ཚད་ལས་སོར་བརྒྱད་ཕྱི་རོལ་པའི་ནང་དུ་ཐབ་ཁུང་བྱ་བ་ནི། ཁྲུ་བཞི་པ་ཡི་ཚད་དུ་ནི། །ཆོ་ག་བཞིན་དུ་ཁུང་བརྐོས་ལ། །ཞེས་བྱ་སྟེ། རྒྱར་ཁྲུ་བཞི་པ་ཟབས་སུ་ཁྲུ་དོ་པའམ། ཁོར་ཡུག་ཏུ་ཁྲུ་བཞི་
པ་ཟབས་སུ་ཁྲུ་གང་པའི་ཐབ་ཁུང་བྱའོ། །རྡོ་རྗེས་ཐ་མ་བསྐོར་བ་ཡི། །ཞེས་བྱ་བ་ནི། མུ་རན་གྱི་ཕྱི་རོལ་ཕྱི་མ་ལ་རྡོ་རྗེ་རྩེ་ལྔ་པས་བསྐོར་ལ། ནང་མ་ལ་པདྨའི་ཕྲེང་བས་བསྐོར་བ། འཁོར་ལོ་དབུས་སུ་བྲི་བར་བྱ། །ཞེས་བྱ་བ་ནི། ཐབ་ཀྱི་ནང་ན་ལྷུང་བཟེད་ཀྱི་ཞབས་ལྟ་བུར་བྱས་པ་
དེར། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་བྲིས་ལ། སྡིག་པ་འཇོམས་པའི་སྦྱིན་སྲེག་བྱེད་ན། རྡོ་རྗེ་དང་ལྡན་པར་ཡང་བྱ་བ་སྟེ། དབུས་སམ་འཁོར་ལོའི་གཡས་སུའོ། །རང་གི་སྔགས་ཀྱིས་བཏབ་པའི་ཤིང་། །ཁུང་བུའི་ནང་དུ་གཞུག་པར་བྱ། །ཞེས་བྱ་
བ་ནི་ཐབ་ཀྱི་འཁོར་ལོའི་མཚམས་ནས་ཕྱོགས་བཞིར་ཀ་བ་བཞི་མུ་རན་ཕྱི་རོལ་མ་ལས་ཁྲུ་གང་གིས་མཐོ་བར་བཙུགས་ལ། དེའི་སྟེང་དུ་ཤིང་རློན་པ་བཞིས་རེའུ་ཆར་བྱས་ལ། དེའི་དབུས་སུ་ཡང་ཤིང་རློན་པས་བླ་གབ་བྱས་ཏེ། དེའི་སྟེང་དུ་འཇིམ་པ་བཟང་པོས་སྟུག་པོར་བདལ་ལ། དབུས་
སུ་འཛག་པའི་བུ་ག་དབུས་ནས་མཐོ་གང་ཁོར་ཡུག་ཏུ་བཞག་ལ། དེའི་འོག་ཏུ་ཁམ་པའི་སྣོད་བཟེད་པར་འཛག་པ་རྣམས་སླར་བསྲེག་གོ། །དེའི་སྟེང་དུ་ཤིང་རྣམས་ལེགས་པར་བརྩིག་སྟེ། ཟླུམ་པོ་ཐགས་དམ་པ། ཧ་ཅང་ཕྲ་བ་དང་སྦོམ་པ་དང་། མཐོ་བ་དང་དམའ་བ་དག་མ་ཡིན་པ།
རོའི་ཚད་ལས་བརྟེན་ཏེའོ། །ཤིང་དེ་དག་ཀྱང་སྐྱ་བོ་མེད་པ་དྲི་ཞིམ་པ་མ་རུལ་བ། རྩ་བའི་སྔགས་ཀྱིས་བསྔགས་པའི་སྤོས་ཆུས་བསངས་པའོ། །དེ་ནས་ཐབ་ཁུང་གི་ངོས་དང་ཀ་བ་དང་། ཤིང་རྣམས་ཁ་དོག་དཀར་པོར་བྱུག་གོ། །རིགས་ལྔ་ཡི་ནི་ཕྱག་རྒྱ་རྣམས། །ཇི་བཞིན་པ་ཡི་ཕྱོགས་
སུ་བྲི། །ཞེས་བྱ་བ་ནི། སྙིང་པོ་མུ་རན་དང་བཅས་པ་ཐབ་ཏུ་བྱས་པ་མ་གཏོགས་པ། ལྷག་པ་ཐམས་ཅད་སློབ་མ་དབང་བསྐུར་བའི་དཀྱིལ་འཁོར་སྔར་བཤད་པ་བཞིན་དུ་བྲི་བར་བྱའོ། །ཆོ་ག་ཤེས་པས་བྲིས་ནས་ཀྱང་། །ཞེས་བྱ་བ་ནི། རྡུལ་ཚོན་བཀྱེ་བ་ཁྲུས་བྱས་ཏེའོ། །བྱ་དང་

བུམ་པ་གང་བ་དང་། །ཞེས་བྱ་བ་ལ་སོགས་པ་ནི་ཡོ་བྱད་དགོད་པའོ། །དེ་ལ་བྱ་བ་རྣམས་ནི་རང་རང་གི་མཚན་མ་དང་པོ་དང་པོའི་རྩར་གཞག་ཅིང་། རྣམ་པར་རྒྱལ་བའི་བྱ་བ་ནི། ལྷོའི་སྒོ་འགྲམ་གང་ཡང་རུང་བར་རོ། །ལས་ཀྱི་བུམ་པ་ནི་ཤར་སྒོའི་གཡས་འགྲམ་དུ་སྟེ།
འདི་ནི་སློབ་མ་དབང་བསྐུར་བའི་དུས་སུ་ཡང་ངོ་། །བཀང་བའི་བུམ་པ་ནི་ཕྱི་རོལ་ནས་སྦྲེང་ངོ་། །ལྷག་མ་ནི་གོ་སླའོ། །རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ། སྔགས་ནི་འདིར་རྩ་བའི་སྔགས་ཉིད་དོ། །གཙུག་ཕུད་དཔུང་པར་དེ་བཞིན་ཏེ། །ཞེས་བྱ་བ་
ལ་སོགས་པ་ལ། གཙུག་ཕུད་དང་། མགོ་བོ་དང་། མཚོག་མ་དང་། དཔུང་པ་གཡས་པ་དང་། སྙིང་ག་དང་། ལྐོག་མ་དང་། ཁ་དང་། དཔྲལ་བ་དང་། མཛོད་སྤུ་དང་། རྣ་བ་གཡས་པ་དང་། སྣ་དང་། སྣ་རྩེ་དང་། རྐེད་པ་དང་། པུས་མོ་གཡས་པ་དང་། བོལ་གཡས་
པ་དང་། མིག་གཡས་པ་དང་། གསང་བའི་གནས་ཏེ། གནས་བཅུ་བདུན་པོ་དེ་དག་ཏུ་ནི། དང་པོ་སརྦ་བིད་བཅུ་བྲིས་ལ། དེའི་རྗེས་སུ་རིགས་ལྔའི་སྔགས་བྲི་ཞིང་། དེའི་རྗེས་སུ་རྩ་བའི་སྔགས་བྲིས་པའི་ཤོག་བུ་བཅུ་བདུན་གདགས་སོ། །དེ་ལྟར་གཞན་དུ་ཡི་གེ་སྔགས་མཆོག་ཏུ་དགེ་
བ་རྣམས་གཞག་གོ་ཞེས་བྱ་བ་ནི། ལྟེ་བར་ཤོག་བུ་ཅིག་ལ། ཨོཾ་བྷྲི་ཏ་ཞེས་བྱ་བ་ལ་སོགས་པ་གསུམ་དང་། ཨོཾ་ཧ་ན་ཞེས་བྱ་བ་ལ་སོགས་པ་གསུམ་ཡི་གེ་གོ་བཟློག་པ་སྤྲད་པ་བྲིས་ལ་གདགས་ཤིང་། མིག་གཡོན་པ་དང་། རྣ་བ་གཡོན་པ་དང་། དཔུང་པ་གཡོན་པ་དང་། པུས་མོ་
གཡོན་པ་དང་། བོལ་གཡོན་པ་དང་། ལོང་བུ་གཡོན་པ་རྣམས་སུ། ཨོཾ་ཀཾ་ཀ་ནི་ཞེས་བྱ་བ་ལ་སོགས་པའི་སྔགས་བྲིས་པའི་ཤོག་བུ་གདགས་སོ། །དེ་ནས་ཤོག་བུ་གཅིག་ལ། རྡོ་རྗེ་གཙུག་ཏོར་དང་། ཚེ་དཔག་ཏུ་མེད་པ་དང་། དང་པོའི་དཀྱིལ་འཁོར་ལས་གསུངས་པའི་
སྔགས་མ་ལུས་པ་བྲིས་ལ་མགུལ་དུ་བཏགས་ཏེ། དེ་དག་ནི་དཀྱིལ་འཁོར་འདིའི་ཡན་ལག་ཡིན་པས་སོ། །དེ་ནས་རྡོ་རྗེ་ལྕགས་ཀྱུའི་སྔགས་དང་ཕྱགས་རྒྱས་རོའི་རྣམ་པར་ཤེས་པ་བཀུག་ལ་བསྟིམས་ཏེ། དེ་ནས་སློབ་དཔོན་ལ་གསོལ་བ་གདབ་པ་དང་། མེ་ཏོག་དོར་བ་སྦྱིན་པ་དང་།

དབང་མ་ལུས་པ་བསྐུར་བ་སྟེ། འདིར་མེ་ཏོག་ཀྱང་སློབ་དཔོན་ལ་དོར་ལ། སྔར་སྟ་གོན་ལ་གནས་པའི་དུས་སུ་བྱིན་གྱིས་བརླབས་པའི་བུམ་པས་དབང་བསྐུར་ཏེ། དེ་ནས་རོ་སྦྱང་བའི་དཀྱིལ་འཁོར་འདི་ནི་མཆོད་པ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ཡིན་གྱི་དབང་བསྐུར་བ་གཙོ་བོར་གྱུར་པ་མ་
ཡིན་ནོ། །དེ་ནས་ངན་སོང་སྦྱོང་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ག་པུར་གུར་གུམ་ལ་སོགས་པས། །ཞེས་བྱ་བ་ལ་སོགས་པས་ནི་བསྲེག་བྱ་དགོད་པ་སྟེ། འདིར་ཏིལ་ནི་ལས་གྲུབ་པའི་རྫས་ཏེ་གཙོར་བྱའོ། །ཡུངས་ཀར་ནི་ཐུགས་དམ་བསྐུལ་བའི་རྫས་སོ། །
ལྷག་མ་རྣམས་ནི་ཚིམ་པར་བྱ་བའི་རྫས་སོ། །ཚིག་གི་དོན་ནི་གོ་སླའོ། །དེ་ནས་བྱིན་ཟ་དགེ་བ་རབ་སྤར་ལ། །ཞེས་བྱ་བ་ནི་དགེ་འདུན་གྱི་ཡོག་པའམ། ཤིང་དཀར་པོ་གཙུབས་པ་ལས་བྱུང་བའི་མེ་རླུང་ཡབ་ཀྱིས་སྦར་བ། ཨོཾ་བཛྲ་ཛྭ་ལ་ཧཱུྃ་ཞེས་ཟློས་ཤིང་། རྩྭ་སྐམ་པོའི་ཕྱེ་མ་དང་ལྕི་
སྐམ་གྱི་ཕྱེ་མས་ཆེར་སྤར་ལ་ཡམ་ཤིང་ཏིལ་མར་གྱིས་བྱུགས་པ་ལ་སྤར་ཏེ། བུད་ཤིང་བརྩིགས་པའི་དབུས་སུ་གཞག་གོ། །ལྷ་ཡི་སྦྱོར་བ་རབ་གནས་ལ། །ཞེས་བྱ་བ་ནི། མེ་སྦར་མ་ཐག་ཏུ་ལྷག་པའི་ལྷའི་ལུས་སུ་གནས་པར་བྱའོ། །བློ་མཆོག་ལྡན་པའི་མདུན་དུ་གཟུགས་སོགས་
གཞག །ཅེས་བྱ་བ་ནི། དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་བྲིས་པའམ། ལུགས་མ་ལ་སོགས་པ་སྟེ། འདི་ཡང་བསྲུང་བ་དང་། ཏིང་ངེ་འཛིན་གསལ་བར་བྱ་བའི་ཕྱིར་རོ། །མེ་ལྕེ་སྟོང་གིས་དཀྲིགས་ཤིང་འབར་བའི་ལུས། །ཟླ་དཀར་ཀུནྡའི་བཞིན་ལ་ཞི་བའི་ལུས། །
མཐའ་ཡས་གཟུགས་ཀྱིས་མེ་བཀུག་ལ། །ཞེས་བྱ་བ་ལ་སོགས་པ་ནི་མེ་ལྷ་སྤྱན་དྲང་བ་དང་མཆོད་པ་སྟེ། དེ་ལ་མཐའ་ཡས་པའི་གཟུགས་ཞེས་བྱ་བ་ནི། རེ་ཞིག་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། མེ་ལྷ་འདི་སྙེད་ཅིག་གསུངས་ཏེ། ལག་ན་རྡོ་རྗེ་གཞན་
ཡང་དུས་གཅིག་གི་ཚེ་ན་ཡང་། ང་བྱང་ཆུབ་སེམས་དཔར་གྱུར་ཏེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་ཚངས་པའི་འཇིག་རྟེན་ན་འདུག་པ་དང་། ཚངས་པས་ང་ལ། ཀྱེ་ཚངས་པ་ཆེན་པོ་མེ་ལྷ་རྣམ་པ་དུ་ཡོད་པར་ཤེས་པར་བྱ་ཞེས་དྲིས་པ་དང་། ངས་དེ་ལ་འདི་སྐད་

ཅེས་སྨྲས་སོ། །མེ་ང་རྒྱལ་ཅན་གང་ཡིན་པ་དེ་ནི་རང་བྱུང་བའོ། །དེའི་འོག་ཏུ་ཚངས་པའི་བུ་སྟེ། དེ་ལ་སྲས་སྐྱེས་པ་ཡིན་ནོ། །འཇིག་རྟེན་པའི་མེ་པ་བ་ཀ །ཚངས་པའི་བུ་ནི་དང་པོ་ཡིན། །དེའི་བུ་ཚངས་པའི་ཟས་དེའི་ཡང་། །པ་ར་དྭ་ཞེས་བྱ་བར་བཤད། །
དེའི་བུ་བི་ཤྭ་ན་ར་དང་། །ཧ་བ་ན་དང་བསྲེག་བྱ་ལེན། །ངོས་སྲུངས་ཨ་ཐར་བ་ནི་ཡི། །བུ་ཡིན་པར་ནི་རྒྱ་མཚོར་གྲགས། །རླུང་ཞེས་བྱ་བའི་མེ་དེ་ནི། །མངལ་དུ་འཇུག་པའི་ཆོ་གར་བཤད། །དེ་ནས་མེ་ཁྲུས་བྱ་བ་ལ། །དེ་བཞིན་བ་བ་མ་ནར་ཤེས། །བཀྲ་ཤིས་ཞེས་བྱ་
མཚམས་ཀྱི་མཚམས། །བཅས་པའི་ལས་ལ་ཕྲ་གལ་བྷའོ། །མིང་འདོགས་མེ་ནི་བརྦི་བ། །དེ་བཞིན་དཀན་དབབ་པ་ལ་གཙང་། །ཤད་པའི་ཞེས་བྱ་གཙུག་ཕུད་ལ། །བརྟུལ་ཞུགས་སྦྱིན་ལ་ཀུན་འབྱུང་ངོ་། །ཉི་མ་ཞེས་བྱ་ཕྱུག་བྱི་བ་ལ། །བག་མ་ལེན་པ་སྦྱོར་བྱེད་བཤད། །
ཨ་ནི་ཡས་ནི་འཁྱིལ་ཀ་བསྲི། །ཉེ་བར་འབྲལ་ལ་མེ་ཉིད་དོ། །བ་བ་ཀ་ཞེས་བྱ་བའི་མེ། །སྣ་ཚོགས་ལྷ་ལ་སྦྱར་བར་བཤད། །ཁྱིམ་བདག་ལ་ནི་ཚངས་པའི་མེ། །དེ་བཞིན་ཡོན་དབུལ་བ་ལ་ཤིང་། །དེ་བཞིན་ཕྱུགས་ནི་བཅིང་བ་ལ། །ཨ་བ་ནི་ཀ་ཞེས་པའི་མེ། །ལྷུང་
བ་ལ་ནི་བི་བི་རྩི། །བཙས་བྱིན་ལ་ནི་ས་ཧ་ས། །དུས་ཀྱི་མཚམས་ལ་ཧ་བིར་ཤེས། །དེ་བཞིན་ཟླ་བ་གནས་ལ་གཏེར། །མྲི་ད་ཞེས་བྱ་དགང་བླུགས་ལ། །ཞི་ལ་ད་རུ་ནར་འདོད་དོ། །བྱས་མཐའ་མེ་ནི་གཤིན་རྗེའོ། །དེ་བཞིན་རྒྱལ་པོ་སྟོབས་སྦྱིན་པའོ། །དྲག་ཤུལ་སྤྱད་
པ་ཐམས་ཅད་ལ། །ཁྲོ་བོའི་མེ་ནི་རབ་ཏུ་བསྒྲགས། །འདོད་ལས་སྐྱེད་ཅེས་བྱ་བའི་མེ། །དེ་ནི་དབང་པོའི་དོན་དུ་བཤད། །ནགས་ཚལ་བསྲེགས་ལ་ཕོ་ཉའི་མེ། །ཁོང་པའི་མེ་ནི་ཛ་ཏ་ར། །བཟང་བར་བྱ་བ་ཤ་ཐར་བཤད། །རྒོད་པའི་ཁ་ནི་རྒྱ་མཚོ་ནའོ། །ཟད་ཚེ་འཇིགས་
པ་ཞེས་བྱ་སྟེ། །དུས་མཐའི་མེ་ནི་ཡང་དག་བསྒྲགས། །འདི་ནི་མེ་རྣམས་འོད་བསྡུས་ན། །ངེས་པ་ཁྱོད་ལ་བཤད་པ་སྟེ། །རིག་བྱེད་ཐོས་པ་སྤྱོད་རྣམས་ཀྱིས། །ཚངས་པའི་བུ་དག་བརྗོད་པ་ཡིན། །བཞི་བཅུ་རྩ་བཞི་འདི་དག་ནི། །དེ་ཡི་ཚེ་ན་ངས་བསྟན་ཏོ། །གསང་

བའི་བདག་པོ་དེ་ལ་ནི། །མེ་རྣམས་མཚན་ཉིད་མི་ཤེས་པར། །གང་དག་སྦྱིན་སྲེག་བྱེད་པ་ནི། །སྦྱིན་སྲེག་མ་ཡིན་ལེགས་བྱས་མིན། །ལས་ཀྱི་འབྲས་བུའང་ཡོད་མི་འགྱུར། །ངས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། མེ་བཅུ་གཉིས་བསྟན་ཏེ། དེ་དག་ཀྱང་གང་
ཞེ་ན། ཡེ་ཤེས་མེ་ནི་དང་པོ་སྟེ། །དེ་ནི་དབང་ཆེན་ཞེས་སུ་བསྒྲགས། །ཁ་དོག་སེར་པོའི་མདོག་ཅན་ལ། །མདོག་དང་རྒྱས་དང་སྟོབས་རབ་སྟེར། །འབར་བའི་ཕྲེང་ཅན་ཏིང་འཛིན་གནས། །ཡེ་ཤེས་རྫོགས་བྱེད་ཡིན་ཞེས་བྱ། །གཉིས་པ་འཛིན་བྱེད་ཅེས་བྱ་སྟེ། །སྟོན་ཀའི་
ཟླ་བའི་འོད་དང་འདྲ། །དཔལ་ལྡན་གོས་ནི་དམར་པོ་གོས། །བགྲང་ཕྲེང་རིལ་བ་སྤྱི་བླུགས་ཐོགས། །གསུམ་པ་རླུང་ཞེས་བྱ་བ་སྟེ། །མདོག་ནི་གནག་ལ་རྩུབ་པའོ། །བཞི་པ་དམར་པོ་ཞེས་བྱ་སྟེ། །ནུབ་ཀའི་མཚམས་ཀྱི་དམར་ཐག་འདྲ། །ལྔ་པ་མི་ཏ་ཞེས་བྱ་བ། །སྤུན་
ལ་ཁ་དོག་ཁམ་པ་སྟེ། །མགྲིན་པ་རིང་ཞིང་གཟི་བརྗིད་ཆེ། །ཀུན་ལ་ཕན་ནི་འདོགས་པར་བྱེད། །དྲུག་པ་ཁྲོ་བོ་ཞེས་བྱ་སྟེ། །མིག་ཡོན་དུད་པའི་ཁ་དོག་འདྲ། །གྱེན་དུ་སྐྲ་བརྫེས་སྒྲ་ཆེར་འབྱིན། །མཆེ་བ་བཞི་པོ་སྟོབས་པོ་ཆེ། །བདུན་པ་ལྟོ་བ་ཞེས་བྱ་སྟེ། །རྣལ་འབྱོར་ཁ་དོག་
ཀུན་དང་ལྡན། །བརྒྱད་པ་ཟད་པ་ཞེས་བྱ་བ། །གློག་གི་འོད་ཟེར་འགྱུར་བ་འདྲ། །དགུ་པ་ཡིད་ལས་སྐྱེས་ཞེས་བྱ། །སྣ་ཚོགས་གཟུགས་ཅན་སྟོབས་པོ་ཆེ། །བཅུ་པ་འཇིག་རྟེན་འཛིན་པ་ཡིན། །ཤ་ཟ་མེ་ནི་དེ་ལས་གཞན། །རྨུགས་བྱེད་ཅེས་བྱ་བཅུ་གཉིས་ཏེ། །སེམས་ཅན་
ཐམས་ཅད་རྨུགས་བྱེད་པའོ། །གསང་བའི་བདག་པོ་ལས་ནི་དེ་ལྟར། མི་ཡི་གཟུགས་ནི་བྱིན་རླབས་ཏེ། །བདག་གི་ས་ཡི་གཟུགས་དང་ནི། །རྫས་ཀྱང་དེ་ཡི་ངོ་བོར་བྱ། །འདི་ནི་ཕྱི་ཡི་སྦྱིན་སྲེག་སྟེ། །དངོས་གྲུབ་འདོད་པས་སྦྱིན་སྲེག་བྱ། །ཞེས་གསུངས་ཏེ། དེ་དག་རེ་རེ་ཡང་སྣ་ཚོགས་པར་
སྣང་བ་སྐྱེད་ནུས་པས་ན། །མཐའ་ཡས་པ་ཡི་གཟུགས་ཀྱི་མ། །ཞེས་བྱ་སྟེ། འདིར་ནི་ཡེ་ཤེས་ཀྱི་མེའམ་མྲྀ་ཏའི་མེ་དེ་བཀུག་ལ། མཆོད་པ་ལ་སོགས་པ་བྱའོ། །ཏིལ་དང་ཡུངས་ཀར་ཞེས་བྱ་བ་ལ་སོགས་པ་ནི། མེ་ལ་སྲེག་རྫས་ཅི་རིགས་དབུལ་བ་དང་། ཕྱི་ནས་དཀྱིལ་འཁོར་ལ་

ཡང་དབུལ་བྱའོ། །མེ་ལྷ་ལ་མཆོད་པ་སྲེག་རྫས་ཅུང་ཟད་ཅིག་ཕུལ་ནས། ལྷ་རྣམས་སྤྱན་དྲང་ཞིང་མཆོད་པ་དང་། སྲེག་རྫས་གསོལ་བར་བྱ་བའི་ཕྱིར། །ལྷ་རྣམས་མང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷ་རྣམས་མང་པོ་སྤྱན་དྲངས་ལ། །ཞེས་བྱ་བ་ལ་
སོགས་པའི་བཤད་པ་ནི། ཇི་ལྟར་གསུངས་པ་བཞིན་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཡོན་ཆབ་དང་། ཕྱི་དང་གསང་བའི་མཆོད་པ་བྱས་ནས། སྦྱིན་སྲེག་བྱ་བའི་ཚད་ནི་ཇི་ཙམ་ཞེ་ན། ཇི་སྲིད་མཚན་མ་ཤིན་ཏུ་ནི། །འབར་བའི་གནས་ནས་སྐྱེས་འགྱུར་བ། །ཞེས་སྨོས་ཏེ། ཤིན་
ཏུ་འབར་བའི་གནས་ནི་མེའི་དབུས་སོ། །མཚན་མ་ཞེ་ན། དེ་ནས་འདི་ནི་ངེས་པར་ཡང་། །ཞེས་བྱ་བ་ནས། སྐྱེས་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བའི་བར་དུ་གསུངས་སོ། །མེའི་མཚན་མ་དེ་དག་ནི་མདོར་བསྟན་པ་སྟེ། རྒྱས་པ་ནི་འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས།
མེ་ཡི་མཚན་མ་ཉེ་བར་བརྟག་པ་ནི། །མེ་སྟག་དུ་བ་མེ་ལྕེ་སྒྲ་རྣམས་ལས། །གྲུབ་པ་དང་ནི་མ་གྲུབ་ཐམས་ཅད་ཀྱང་། །སྔགས་ཀྱིས་བྱིན་རླབས་མེ་ནི་སྟོན་པར་བྱེད། །དུ་བ་མེད་ཅིང་གསེར་གྱི་མདོག་ལྟར་དངས། །རབ་ཏུ་ཆེ་ལ་མེ་ལྕེ་གཡས་སུ་འཁྱིལ། །ཁ་དོག་འཇའ་འདྲ་ཡང་ན་དཀར་ཡང་
རུང་། །ཡང་ན་བྱི་རུ་བཅག་པའི་ཁ་དོག་འདྲ། །ཤིན་ཏུ་ཟླུམ་པ་མེ་ལྕེ་བཀབ་ནས་འཕྲོ། །རབ་ཏུ་འབར་བའི་ཉི་མའི་འོད་ཟེར་འདྲ། །དབྱིབས་ནི་བུམ་པ་རྒྱལ་མཚན་གདུགས་ཀྱང་འདྲ། །དཔལ་བེའུ་དུང་དང་པདྨ་བླུགས་གཟར་འདྲ། །ཡང་ན་ཤིང་རྟ་མཆོག་དང་རྔ་ཡབ་འདྲ། །མེ་རི་དང་འདྲ་རྫ་
རྔ་གླིང་བུའི་སྒྲ། །དུ་བ་མེ་ལྕེ་དྲི་ཞིམ་མེ་སྟག་བཟང་། །ཡང་ན་མེ་སྦར་བར་ཡང་འབར་འགྱུར་ན། །དེ་ཚེ་དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །དུ་བ་མང་ཞིང་མེ་སྟག་རྒོད་པ་དང་། །འབར་བར་དཀའ་ཞིང་ཅུང་ཟད་ཅུང་ཟད་འབར། །མེ་ལྕེ་རྣམ་པར་ཆད་ཅིང་གཟི་མདངས་མེད། །རྩུབ་ནག་སྤྲིན་དང་
པཱ་ལ་ཤའི་མདོག །གསལ་ཤིང་འདྲ་ཞིང་ཞིབ་མའི་གཟུགས་ཀྱང་འདྲ། །ཕྱུགས་ཀྱི་མགོ་འདྲ་སྒྲ་ཡང་རབ་ཏུ་རྩུབ། །མེ་ལྕེ་འཕྲོ་བས་སྦྱིན་སྲེག་བྱེད་པ་ཚིག །མི་རོའི་དྲི་ང་དངོས་གྲུབ་མེད་པར་སྟོན། །མེ་ཡི་མཚན་མ་འདི་དག་མཐོང་ནས་ནི། །སྟོབས་པོ་ཆེ་ཡི་མར་གྱི་སྦྱིན་སྲེག་བྱ། །ཞེས་གསུངས་པར་

སྦྱར་རོ། །སྦྱིན་སྲེག་དབུལ་བའི་རིམ་པ་བསྟན་པའི་ཕྱིར། །དེ་ནས་བྱིན་ཟ་ལ་ནི་བརྟག་བྱ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོར་མེའི་ལྷ་ལ་ཅི་བསྲེག་པའི་རྫས་རྣམས་ལས་ཅི་རིགས་ཅིག་གོ། །དེ་ནས་དབུས་ཀྱི་གཙོ་བོ་ནས་བཟུང་སྟེ། རྡོ་རྗེ་དྲིལ་བུའི་བར་ལའོ། །དེ་ནས་ལྷག་
པའི་ལྷ་ལའོ། །དེ་ནས་བྱམས་པ་ལ་སོགས་པ་ལའོ། །དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་ཤིན་ཏུ་ཕྱི་རོལ་གྱི་ལྷ་རྣམས་ལའོ། །དེ་ནས་ཡང་མཆོད་པ་དང་བསྟོད་པ་བྱས་ལ། ལྷ་རྣམས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་མེའི་ལྷ་ལ་མཆོད་པ་དང་བསྟོད་པ་བྱས་ཏེ། བསྲེག་
བྱ་ལྷག་མ་ཕུལ་ལ་བཟོད་པར་གསོལ་བ་དང་། གསོལ་བ་གདབ་པར་བྱས་ལ། དེ་ཡང་གཤེགས་སུ་གསོལ་ཏེ། འདི་ནི་ཚིམ་པར་བྱ་བའི་སྦྱིན་སྲེག་གོ། །དེ་ལྟ་བུའི་སྦྱིན་སྲེག་གིས་ནི། སྲིད་པ་དང་ཞི་བ་ལ་མི་གནས་པའི་མྱ་ངན་ལས་འདས་པ་བརྙེས་པ་ཐམས་ཅད་ཚིམ་པར་བྱས་པར་
འགྱུར་ཏེ། ཇི་སྐད་དུ་དཔལ་མཁའ་འགྲོ་མ་རྡོ་རྗེ་དྲ་བ་ལས་གསུངས་པ། འདི་ཡིས་རྡོ་རྗེ་ཅན་མཉེས་ཤིང་། །ཡེ་ཤེས་མེ་ཡང་རབ་མཉེས་སོ། །རྒྱལ་བ་རྟག་པ་མཉེས་པ་དང་། །གསེར་གྱི་འོད་ཀྱང་མཉེས་འགྱུར་ཏེ། །པདྨ་གར་དབང་མཉེས་འགྱུར་ཞིང་། །རྟ་མཆོག་བདག་པོ་མཉེས་པར་
འགྱུར། །ཚངས་པ་བརྒྱ་བྱིན་དབང་ཕྱུག་ཆེ། །ཁྱབ་འཇུག་རླུང་དང་ཆུ་ཆེན་དང་། །འདོད་པ་དང་ནི་ཆུ་འཛིན་དང་། །ཟླ་བ་ཉི་མ་གཟའ་གཞན་དང་། །ས་དང་ཞགས་པ་འཛིན་པ་དང་། །ལུས་ངན་དང་ནི་རོ་ཟན་དང་། །ཆོས་རྒྱལ་དང་ནི་ཀླུ་ཉིད་དང་། །དྲི་ཟ་ལྷ་མིན་མི་མིན་དང་། །སུམ་ཅུ་རྩ་
གསུམ་གནས་ལྷ་དང་། །འོག་མིན་ན་ནི་གནས་རྣམས་དང་། །རྒྱལ་ཆེན་རིས་ན་གནས་རྣམས་དང་། །གཞན་འཕྲུལ་དབང་བྱེད་པ་རྣམས་དང་། །འཕྲུལ་དགའ་ཡི་ནི་ལྷ་རྣམས་དང་། །གཙང་མའི་གནས་ན་གནས་རྣམས་དང་། །འོད་ཟེར་ཅན་གྱི་འཇིག་རྟེན་གྱི། །ཁམས་ན་གནས་པ་རྣམས་
ཉིད་དེ། །ཁམས་ཅན་པོ་ན་གནས་ཉིད་དང་། །སེམས་ཅན་གླིང་བཞིར་གནས་རྣམས་དང་། །ཁམས་གསུམ་ན་ནི་གནས་རྣམས་དང་། །སྣོད་དང་སེམས་ཅན་འཇིག་རྟེན་དང་། །ལྕུག་མ་སྡོང་པོ་སྦུར་མ་སོགས། །ས་ག་བ་ལ་གནས་རྣམས་དང་། །དྲི་མེད་ཕ་རོལ་སོན་པ་དང་། །འོད་འཕྲོ་བ་ལ་

གནས་པ་རྣམས། །མི་གཡོ་བ་ལ་གནས་བྱས་དང་། །ཆོས་ཀྱི་སྤྲིན་དུ་རྗེས་ཞུགས་དང་། །སྦྱང་དཀའ་བར་ནི་སོང་བ་དང་། །རིང་དུ་སོང་བ་ཐོབ་པ་རྣམས། །འོད་བྱེད་པ་ལ་ངེས་གནས་དང་། །མགོན་པོ་ས་བཅུའི་དབང་ཕྱུག་དང་། །རྫོགས་པའི་སངས་
རྒྱས་ཉན་ཐོས་ཀྱི། །འཕགས་པའི་གང་ཟག་ཆེན་པོ་བརྒྱད། །བསེ་རུ་ལྟ་བུ་རྣམས་དང་ནི། །དམྱལ་བ་ཡི་དྭགས་བྱོལ་སོང་དང་། །ལྷ་དང་ལྷ་མིན་མི་མིན་རྣམས། །སྦྱིན་སྲེག་ཆོ་གས་མགུ་འགྱུར་ཏེ། །ཞེས་སོ། །དེ་བས་ན་ཇི་ལྟར་བྲིས་པའི་དཀྱིལ་འཁོར་ཆེན་པོ་སྲིད་པ་དང་
ཞི་བའི་ངོ་བོ་དེ། སློབ་དཔོན་གྱིས་མེ་ལྷའི་སྙིང་གར་བཀོད་དེ་སྦྱིན་སྲེག་བྱའོ། །དེ་ལྟར་ལྷ་རྣམས་ཚིམ་པར་བྱས་ནས། དེ་ནས་སྡིག་པ་གཞོམ་པའི་སྦྱིན་སྲེག་བྱ་བའི་ཕྱིར། དེ་ནས་སྤྱན་དྲངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔ་མའི་མེ་ལྷ་ནི་ཡེ་ཤེས་ཀྱི་མེ་ལྷ་ཡིན་ལ། འདིར་
ནི་རླུང་གི་མེ་ཡིན་པས། །མངོན་སྤྱོད་ཀྱི་བསྲེག་བྱ་རྣམས་བསྡུས་ཏེ། མེའི་དབུས་སུ་རླུང་གི་མེ་སྤྱན་དྲངས་ཏེ། སྔར་བཤད་པའི་དྲག་པོའི་ཡོན་ཆབ་ཕུལ་ལ། དྲག་པོའི་བསྲེག་བྱ་རྒྱུད་འདི་ཉིད་ཀྱི་མངོན་སྤྱོད་ཀྱི་སྦྱིན་སྲེག་ལས་གསུངས་པ་རྣམས་ལ། ཅི་རིགས་རེ་རེ་བསྲེག་པར་བྱའོ། །
འདིར་པདྨ་དཀར་ཞལ་ཞེས་བྱ་བ་ནི། རླུང་གི་མེ་ཉིད་ལ་མ་རུངས་པ་གྲུབ་པར་འདོད་པ་དག་གི་ཡིད་དུ་འོང་བས་ན་པདྨ་དཀར་ཞལ་ཞེས་བྱའོ། །དེ་ནས། ཕྱག་ན་རྡོ་རྗེ་པདྨ་ཞགས་པ་བསྣམས། །ཞེས་བྱ་བ་ལ་སོགས་པ་རྣམས་སྨོས་ཏེ། མེ་ལྷའི་སྙིང་གར་སྤྱན་དྲངས་པ་ལ་སྔ་མ་ལྟར་མཆོད་
པ་དང་སྦྱིན་སྲེག་བྱ་སྟེ། འདིར་སྡིག་མནན་ཅིང་ཞེས་བྱ་བ་ནི། ཤི་བའི་རོ་སྡིག་པའི་གཟུགས་ཅན་བསྲེག་པར་བྱ་བ་སྟེ། ཞབས་ཀྱིས་མནན་ཏེ་སྲེག་པར་མཛད་ལ། དེ་བསྲེག་པ་ཉིད་ཀྱིས་ཤི་བའི་སྡིག་པ་བསྲེགས་པའོ། །འདིར་མན་ངག་ནི་ཏིལ་ནག་པོ་བཏགས་པ་ལས། ཤ་ཟ་ལྟ་
བུའི་སྡིག་པ་བྱས་ལ་དེ་གཏུབ་ཅིང་སྦྱིན་སྲེག་བྱའོ། །དེའི་སྙིང་པོས་ཞེས་བྱ་བ་ནི་ཁྲོ་བོ་མེའི་སྔགས་བསྐུལ་བ་སྨོས་པ་ཉིད་ཀྱིས་སོ། །ཅི་སྟེ་མཚན་མ་ལ་སོགས་འབྱུང་། །དེ་བཞིན་སྡིག་ཅན་རྒྱུད་ཅེས་བྱ། །ཞེས་བྱ་བ་ནི། མཚན་མ་མཆོག་བྱུང་ན། སྡིག་པ་ཟད་པར་ཤེས་པར་བྱས་ལ།

མཚན་མ་ངན་པ་བྱུང་ན་ནི། སྡིག་ཅན་དུ་ཤེས་པར་བྱའོ། །ཅི་སྟེ་སྡིག་ཅན་གཅིག་ཡིན་ན་ནི། དེ་ནས་ཐལ་བར་གྱུར་པ་དང་ཞེས་བྱ་བ་ནས། ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །ཞེས་བྱ་བའི་བར་དུ་སྦྱར་རོ། །སྡིག་པ་མེད་པར་གྱུར་ན་རུས་པ་རྣམས་ས་
སྟེགས་ལ་སོགས་པ་བྱས་པ་ཙམ་གྱིས་ཆོག་གོ། །དེ་ལྟར་ན་བདག་གིས་སྦྱིན་སྲེག་གི་སྐབས་འདིར་གོ་རིམས་ངེས་པར་གཙོར་བྱས་ཏེ་བརྗོད་པ་ཙམ་མོ། །ད་ནི་སྦྱིན་སྲེག་གི་ཆོ་ག་ངེས་པ་ཅུང་ཟད་བརྗོད་དེ། ཐབ་ཁུང་དང་བུད་ཤིང་བརྗོད་པ་དང་། དཀྱིལ་འཁོར་ཆེན་པོ་བྲི་བ་དང་།
ཁྲུས་ཀྱི་བྱ་བ་དང་། རྫས་དགོད་པ་དང་། རོ་བྱིན་གྱིས་བརླབ་པ་དང་། ཁྲུས་ཀྱི་བྱ་བ་དང་། མིག་གི་རྟེན་གཞག་པ་དང་། བསྲུང་བ་དང་། མེ་སྦར་བ་དང་། ལྷའི་རྣལ་འབྱོར་དང་། མེ་ལྷ་དགུག་ཅིང་རྫས་དབུལ་བ་དང་། ལྷག་པའི་ལྷ་བསྐྱེད་ཅིང་སྤྱན་དྲང་བ་དང་།
མཆོད་ཅིང་སྲེག་རྫས་དབུལ་བ་དང་། བསྲེག་བྱའི་རིམ་པ་དང་། ལྷ་རྣམས་གཤེགས་པར་བསྐུལ་བ་དང་། ཇི་ལྟ་བ་བཞིན་སྤྲུལ་པའི་དཀྱིལ་འཁོར་བསྡུ་བ་དང་། མེ་ལྷ་གཤེགས་སུ་གསོལ་བ་དང་། སྡིག་པ་འཇོམས་པའི་སྦྱིན་སྲེག་བྱ་བ་རྣམས་ནི། འདིར་ཆོ་གའི་རིམ་པ་
མདོར་བསྟན་པ་སྟེ། དེ་ལ་ཐབ་ཁུང་རྣམས་ཀྱང་མདོར་བསྡུས་ན་གཉིས་ཏེ། ལས་ཐམས་ཅད་པ་དང་། ལས་སོ་སོ་པའོ། །དེ་ལ་འཕགས་པ་དཔུང་བཟངས་ལ་སོགས་པའི་རྗེས་སུ་འབྲངས་ཏེ་ལས་ཐམས་ཅད་པའི་ཐབ་ཁུང་ཉིད་སྣ་ཚོགས་པ་ཡིན་ལ། རྒྱུད་ཕལ་ཆེར་ནི་ཞི་བའི་
ཐབ་ཁུང་ཉིད་ལས་ཐམས་ཅད་པའི་ཐབ་ཁུང་དུ་གསུངས་སོ། །རེ་ཞིག་རྒྱུད་འདིར་ནི་ལས་ཐམས་ཅད་པའི་ཐབ་ཁུང་ཞེས་གསུངས་པ་མེད་ཀྱི། ལས་བཞི་པའི་ཐབ་ཁུང་སོ་སོར་གསུངས་སོ། །དེ་ལ་རོ་ཡོངས་སུ་སྦྱང་བའི་ཐབ་ཁུང་ནི་ཞི་བའི་ཐབ་ཁུང་གསུམ་ལ་སྔར་བསྟན་པ་ལྟར་
ཆེན་པོའི་ཚད་དུ་བྱའོ། །དེ་ནས་བསྟན་པ་ལྟར་བུད་ཤིང་བརྩིགས་ཏེ། དཀྱིལ་འཁོར་ཆེན་པོ་སྔོན་བཞིན་བྲིས་ལ། ཁྲུས་སྔོན་བཞིན་བྱས་ཏེ། དེ་ནས་གཡས་སུ་དགང་བླུགས་ཀྱི་མར་ཁུ་དང་། ཏིལ་དཀར་པོ་དང་། ནས་ཐུག་དང་། འབྲས་ཆན་དང་། འབྲས་ཡོས་དང་།

མ་དུ་བ་དང་། བ་དང་རའི་འོ་མ་དང་། འབྲས་ཐུག་པོ་ཆེ་དང་། ནས་དང་། གྲོ་དང་། མོན་སྲན་དང་། མེ་ཏོག་དྲི་ཞིམ་པོ་དང་། དཱུར་ཝ་དང་། ཀུ་ཤ་དང་། ཨ་ཤྭཏྠ་ལ་སོགས་པའི་ཡམ་ཤིང་དམ་པ་ཟུང་རེ་དང་བཅས་པ་དག་ཐབ་ཁུང་ལས་དཔགས་ཏེ།
སོར་ཉི་ཤུ་རྩ་བཞི་མན་ཆད་སོར་བཅུ་དྲུག་མན་ཆད་དམ། སོར་བརྒྱད་ཡན་ཆད་པའི་ལྕུག་མ་མ་གས་ཤིང་མི་འཁྱོག་པ། ཁ་བྲག་མ་ཡིན་པ། རྩེ་མོའི་ཆ་ལས་བྱུང་བ། གཞན་ལས་བཟང་བ། བཅའ་བ་དང་། བཏུང་བ་རབ་ཏུ་བཀང་བ། ཡུངས་ཀར་དཀར་པོ་རྣམས་གཡས་སུ་
གཞག་སྟེ། ཇི་སྐད་སྒྱུ་འཕྲུལ་དྲ་བ་ལས། །སྦྱིན་སྲེག་ལ་དགོས་གཡས་སུ་གཞག །ཅེས་གསུངས་པས་སོ། །ཡོན་ཆབ་དང་། མེ་ཏོག་དང་། བདུག་པ་དང་། མར་མེ་དང་། དྲི་དང་བཤོས་དང་། བཟེད་ཕོར་རྣམས་ནི་གཡོན་དུ་སྟེ། དེ་ཉིད་ལས་གཡོན་དུ་ཆུའི་སྣོད་གཞག་གོ་ཞེས་
གསུངས་སོ། །ཆུའི་སྣོད་ནི་ཡོན་ཆབ་ཡིན་པས། མཆོད་པའི་ཚོགས་གཞན་གྱིས་ཉེ་བར་མཚོན་པའོ། །དགང་གཟར་ཁྲུ་རེ་བ་དངུལ་ལམ་མཆོད་སྦྱིན་གྱི་ཤིང་ཁ་དོག་དཀར་པོ་ལས་བྱས་པ་ཡུ་བའི་རྩེ་མོ་ན་རྡོ་རྗེ་དང་རིན་པོ་ཆེ་སོར་དྲུག་པ་ཅན་རྩེ་མོ་ན་རྡོ་རྗེ་སོར་བཞི་པ། དེའི་རྩེ་མོ་ན་སོར་བཞི་གྲུ་བཞི་པ་
སོར་གཉིས་གཏིང་དུ་བརྐོས་པ། དབུས་ན་རྩེ་མོ་ལྔ་པའི་རྡོ་རྗེ་སོར་གཅིག་པའི་སྲིད་ལ་ཞེང་དང་རྔམས་ཅི་རིགས་སུ་བྱས་པས་མཚོན་པ། གདོང་ཉིད་ན་བཅུད་འབབ་པའི་ལམ་མཐེའུ་ཆུང་གི་ཟབས་ཀྱི་སྲིད་པ། མཐེབ་ཚིགས་ནུབ་པའི་ཁ་ཝ་ཅན་ནོ། །བླུགས་གཟར་ཡུ་བ་སྔོན་བཞིན་ལས། །
རྩེ་མོའི་དཀྱུས་སོར་གཉིས་པའི་རྒྱ་ལ། སོར་གཅིག་པའི་ཟབས་ཡོད་པ་པདྨའི་འདབ་མའི་དབྱིབས་ཅན། རྩེ་མོ་ལྔ་པའི་རྡོ་རྗེ་རྩེ་གཅིག་གིས་དབུས་ནས་མཚན་པའོ། །དེ་དག་དང་རྡོ་རྗེ་དྲིལ་བུ་དང་། དབུ་རྒྱན་ནི་མདུན་དུའོ། །དེ་ནས་སྔོན་བཞིན་ཕྱོགས་ཀྱི་རྒྱན་དང་། སྟེང་དུ་བྲི་བ་
དང་། འོག་ཏུ་ཡང་མེ་ཏོག་དང་འབྲུ་ཁ་དོག་དཀར་པོས་གཏོར་མ་དག་ཀྱང་བྱས་ལ། སྟན་བཟང་པོ་དགོད་པས་ཅི་ནས་ཀྱང་ཡིད་ཉམས་དགའ་བ་དེ་ལྟར་བྱས་ཏེ། དེ་ནས་སྔར་བཤད་པ་ལྟར་རོ་བྱིན་གྱིས་བརླབས་ཏེ། རས་དཀར་པོ་ལ་པདྨ་འདབ་མ་བརྒྱད་པ་དཀར་པོ་གུར་ཀུམ་གྱིས་བྲིས་

ལ། དེ་བཏིང་བའི་ལྟེ་བར་རོ་ལེགས་པར་ཁ་ཤར་རམ་ནུབ་བམ་ལྷག་པའི་ལྷའི་གནས་སུ་བལྟས་པར་གཞག །སྟེང་ནས་ཀྱང་རས་དཀར་པོ་ལ། པདྨ་འདབ་མ་བརྒྱད་པ་བྲིས་པའི་འདབ་མ་ལ། དཔལ་བེའུ་ལ་སོགས་པའི་བཀྲ་ཤིས་ཀྱི་མཚན་མ་བྲིས་པས་གཡོགས་ལ་
གཞག་གོ། །དེ་ནས་ཡང་ཁྲུས་བྱས་ལ། རྗེ་བཙུན་ཐམས་ཅད་རིག་པའི་བྲིས་སྐུའམ། ལུགས་མའི་དཀྱིལ་འཁོར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས་དང་བཅས་པར། མེ་དང་དུ་བས་མི་གནོད་པར་སྒྲུབ་པ་པོའི་མིག་གིས་ལྟར་རུང་བའི་ཕྱོགས་སུ་གཞག་
གོ། །དེ་ནས་སྔར་བཤད་པའི་བསྲུང་བའི་སྦྱོར་བ་བྱས་ལ། གཙུབ་ཤིང་ལས་ནི་བྱུང་བའི་མེ། །དགེ་བའི་ལས་ལ་རབ་ཏུ་ཤིས། །ཞེས་བྱ་བའམ། ཡང་ན་སྔར་སྨོས་པ་ལྟ་བུའི་སྔ་མ་ལྟར་སྦྱར་ཏེ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ནས། མེ་སྣོད་གཞན་ཞིག་སྤྲོས་ཏེ། སྔར་བསྟན་
པའི་བྱ་བ་ལ་སྦྱར་རོ། །དེ་ནས་ཧཱུྃ་བདུན་ཟློས་ཤིང་། མར་ཁུ་གཟར་བུ་ཆེན་པོ་གང་བ་བདུན་བླུགས་ཏེ། སྔར་གསུངས་པའི་མཚན་མ་བརྟག་པ་ལ་སོགས་པ་བྱའོ། །དེ་ལ་སློབ་དཔོན་ཡིད་རབ་ཏུ་བསྡམས་པས་རང་གི་དམ་ཚིག་སེམས་དཔའི་རྣལ་འབྱོར་གསང་བའི་མཆོད་པ་
བརྗོད་པའི་བར་དུ་བྱས་ལ། ཨོཾ་བཛྲ་སཏྭ་ཧཱུྃ་ཞེས་ཟློས་ཤིང་། ཀུ་ཤ་མ་ཉམས་པས་མེའི་སྟེང་ངམ་ཐབ་ཁུང་ཉིད་གཡོགས་པར་བྱ་སྟེ། ཇི་ལྟར་ཀུ་ཤའི་ཚོགས་ཚིག་པ་ལས། སྡིག་པའི་ཚོགས་ཚིག་པའོ་ཞེས་བྲམ་ཟེ་རྣམས་རྟོག་པའི་ལུགས་ཉིད་དང་མཐུན་པར་བྱས་པའོ། །
ཁ་ཅིག་ན་རེ་རོ་ཡོངས་སུ་སྦྱང་བའི་སྦྱིན་སྲེག་ལ་ནི། ཀུ་ཤ་དགྲམ་མི་དགོས་སོ་ཞེས་ཟེར་རོ། །ཁ་ཅིག་ན་རེ། ཐབ་ཁུང་གི་ནི་གཡས་ཕྱོགས་ནས། །ཀུ་ཤའི་རྩྭ་ནི་རློན་པ་དགྲམ། །རྩེ་མོ་དག་ཀྱང་རྩ་བས་དཀྲི། །རྩ་བ་དག་ཀྱང་རྩེ་མོས་དཀྲི། །ཞེས་བྱེ་བྲག་མེད་པར་
གསུངས་པས། དགྲམ་པ་འདིར་ཡང་བྱའོ་ཞེས་ཟེར་རོ། །དེའི་རྗེས་ལ་སྒྱུ་འཕྲུལ་དྲ་བ་ལས། མེ་ཡི་ཕྱོགས་ནས་བོད་པ་ནི། །གསུས་པོ་ཆེ་ལ་མིག་གསུམ་པ། །གདོང་བཞི་ལག་པ་བཞི་དང་ལྡན། །འོད་དམར་རལ་པའི་ཐོར་ཚུགས་ཅན། །མེ་ཡི་དཀྱིལ་འཁོར་

ལ་གནས་ཤིང་། །ལས་ཀྱི་འོད་ཟེར་རྣམས་ཀྱིས་བརྒྱན། །ལག་པ་དང་པོ་མཆོག་སྦྱིན་ལ། །གཉིས་པ་ལ་ནི་སྔགས་ནོར་ཕྲེང་། །གཡོན་པ་རིལ་བ་སྤྱི་བླུགས་ཏེ། །གཉིས་པ་ན་ནི་བེ་ཅོན་ཉིད། །མདོག་དམར་རྒྱན་ནི་མེད་པ་ལ། །དྲང་སྲོང་རྣམས་ཀྱིས་
ཡོངས་བསྐོར་བ། །འདི་ལྟའི་གཟུགས་ནི་བསམས་ནས་ཀྱང་། །ཐབ་ཀྱི་དབུས་སུ་བཞུགས་སུ་གསོལ། །ཞེས་བྱ་བའམ། ཡང་ན་རྒྱུད་འདི་ལས། པདྨ་དཀར་པོའི་ཞལ་འདྲ་དགེ །པདྨ་ནོར་བུའི་རིལ་བ་ཐོགས། །ལག་ན་ལྡན་དཀར་མཆོག་ཐོགས་པ། །པདྨ་དཀར་པོའི་སྟན་སྟེངས་
འདུག །ཅེས་པའི་མེ་ལྷའི་ལྷ་ཐམས་ཅད་ཀྱི་དབུས་སུ། ཡི་གེ་རཾ་དཀར་པོ་ལས་བྱུང་བར་བསམས་པ་ལ། ཞི་བའི་མཆོད་ཡོན་སྙིང་གར་བཟུང་སྟེ། དེ་ཡང་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། གཡས་པ་མི་འཇིགས་མཐེ་བསྐྱོད་ཅིང་། །གསང་སྔགས་འདིས་ནི་ཆོ་ག་བཞིན། །མེ་ཡི་ལྷ་
ནི་སྤྱན་དྲང་ངོ་། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣ་ཡེ་ཨཱ་དི་པྱཱ་དི་བྱ་ཨ་བི་ཥ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་གསུངས་
པ་སྦྱར་རོ། །དེ་ནས་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་པས་ཇི་ལྟར་བསྐྱེད་པ་དང་། གཉིས་སུ་མེད་པར་བྱས་ལ། སྒྱུ་འཕྲུལ་དྲ་བ་ལས། ལག་གཡོན་རྡོ་རྗེ་བཟང་གཏོར་ཏེ། །མཆོད་ཡོན་མཆོད་པ་རྣམ་ལྔ་དབུལ། །ཞེས་གསུངས་པ་དང་། ཡང་དེ་ཉིད་ལས། དེ་ལ་སྦྱིན་སྲེག་ལ་དགོས་པ། །
ཀུན་ལ་ལན་གསུམ་སྲེག་བླུགས་དབུལ། །དེ་ནས་འཐོར་འཐུང་བྱས་ནས་སུ། །འབར་བའི་རྣམ་པར་འཕྲུལ་པ་བྱས། །ཞེས་གསུངས་པ་དང་སྦྱར་ཏེ། དེ་ནས་མེ་འབར་བའི་རྣམ་པར་གནས་པའམ། དེའི་དབྱིབས་མ་བོར་བའི་དེའི་སྙིང་གར་དཀྱིལ་འཁོར་ཆེན་པོ་བསྐྱེད་ལ། མཆོད་པའི་
ཆོ་ག་ལས་བསྟན་པ་ལྟར་སྤྱན་དྲང་ཞིང་བསྟིམས་ཏེ། ཕྱག་རྒྱ་བཞིས་རྒྱས་བཏབ་ལ། ཡོན་ཆབ་དང་བསང་གཏོར་བྱ་སྟེ། མཆོད་པ་བརྒྱད་ཡན་ལག་དང་བཅས་པས་མཆོད་ལ། སྲེག་རྫས་རྣམས་ལས་ཅུང་ཟད་ཅིག་མ་ལུས་པར་བསྲེགས་ཤིང་། དེ་ནས་བསྟོད་པ་བརྗོད་ལ། ཡང་

ཡོན་ཆབ་ལ་སོགས་པ་ཕུལ་ཏེ། ཨོཾ་ཀྲྀ་ཏོ་བ་ཞེས་བྱ་བ་ལ་སོགས་པས་གཤེགས་སུ་གསོལ་ལ་བསྐྱེད་པའི་དཀྱིལ་འཁོར་བདག་ཉིད་ལ་བསྡུའོ། །འདིས་དབུས་ཀྱི་བདག་པོ་ནི་རོ་དེ་ཉིད་ཡིན་པར་འདོད་དོ། །དེ་ལ་མཆོད་པའི་སྔགས་རྣམས་ནི་བསྟན་ཟིན་ལ། བསྲེག་བྱ་རྣམས་ཀྱི་སྔགས་ནི།
ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་ཐུག་པོ་ཆེའི་འོ། །ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། འབྲས་ཀྱིའོ། །ཨོཾ་མ་ཧཱ་བེེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ། གྲོའིའོ། །ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ།
མོན་སྲན་གྱིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། རྩྭ་དཱུར་ཝའི་འོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། རྩྭ་ཀུ་ཤའི་འོ། །ཨོཾ་བཛྲ་ཡ་ཛྙཱ་ཡ་སྭཱ་ཧཱ། ཤིང་ཨུ་དུམྺཱ་རའི་འོ། །ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། བྱང་ཆུབ་ཀྱི་ཤིང་གིའོ། །ཨོཾ་བཛྲ་ལ་དཱ་ཡ་སྭཱ་ཧཱ། ཤིང་པླག་ཤའིའོ། །ཨོཾ་བཛྲ་ཀུ་བེེ་རཱ་ཡ་སྭཱ་ཧཱ།
ཤིང་ཨ་མྲའིའོ། །ཡུངས་ཀར་ལ་ནི་རྩ་བའི་སྔགས་དང་། ངན་འགྲོ་གསུམ་བཅས་པའི་སྔགས་དང་། ཏིལ་གྱི་སྔགས་རྣམས་བཟླས་ཏེ། མཇུག་རྣམས་སུ་གསོལ་བ་གདབ་ཅིང་བསྲེག་གོ། །རྫས་གང་ལ་རང་གི་སྔགས་མེད་པ་དེར་ནི། ཏིལ་གྱི་སྔགས་སམ་བདག་པོའི་སྔགས་
ཀྱིས་བསྲེག་གོ། །རྫས་རྣམས་ཀྱི་རིམ་པ་ཡང་། སྔར་རྫས་ཉིད་ཇི་ལྟར་སྨོས་པ་ནས་རིམ་པས་སོ། །དེ་ལ་ཡོན་ཆབ་ནི་མདུན་དུའོ། །མེ་ཏོག་ནི་དབུ་ལའོ། །བཤོས་དང་། མར་ཁུ་དང་། ཞོ་ལ་སོགས་པ་ནི་ཞལ་ཅུང་ཟད་གདངས་པར་ཏེ། དྲག་ཤུལ་སྤྱད་པ་ལ་ནི། ཤིན་ཏུ་
གདངས་པར་རོ། །མར་མེ་དང་བདུག་པ་མདུན་དུའོ། །དྲི་ནི་ཐུགས་ཀར་རོ། །ཡམ་ཤིང་ནི་འོད་ཀྱི་དཀྱིལ་འཁོར་ལའོ། །འབྲས་ལ་སོགས་པ་ནི་ཕྱག་ཏུ་དབུལ་ལོ། །དེ་དག་ཀྱང་དང་པོ་ནི་མེའི་ལྷ་ལའོ། །དེ་ནས་ཁྲོ་བོའི་རྡོ་རྗེ་ལ་སྟེ། གང་གིས་མེ་ལ་སོགས་པ་སྲུང་བའི་ལས་
བྱེད་པ་དཀྱིལ་འཁོར་ཆེན་པོའི་བྱང་ན་གནས་པའོ། །དེ་གཉིས་ལ་ནི་གསུམ་གསུམ་མོ། །དེ་ནས་དཀོན་མཆོག་གསུམ་ལའོ། །དེ་ནས་སྔོན་བཞིན་ནོ། །དེ་ནས་རྗེ་བཙུན་ངན་སོང་སྦྱོང་བ་ལ་བརྒྱ་རྩ་བརྒྱད་དོ། །དེ་ནས་ནི་སྔོན་བཞིན་ནོ། །སྔགས་རྣམས་ནི་སྔར་བསྟན་པ་རྣམས་

བསྐུལ་བ་སྨོས་པར་བྱའོ། །ཁ་ཅིག་ན་རེ་སྔགས་རྣམས་ནི་རང་རང་གི་རྩ་བའི་སྔགས་ཀྱིས་བྱའོ་ཞེས་ཟེར་རོ། །འདིར་མེའི་ལྷས་བླངས་པ་ཐམས་ཅད་ཚིམ་པར་འགྱུར་ཏེ། མེ་ནི་ལྷ་ཐམས་ཅད་ཀྱི་ཞལ་ནས། འབྱུང་པོ་ཐམས་ཅད་ཀྱི་ཁའི་སྒོའོ་ཞེས་གྲགས་ལ། སྒྱུ་
འཕྲུལ་དྲ་བ་ལས་ཀྱང་། སྦྱིན་སྲེག་དེ་ཉིད་ལ་གནས་པའི། །མེ་ནི་ལྷ་རྣམས་ཞལ་ཡིན་པས། །སྣ་ཚོགས་ལས་ནི་གྲུབ་བྱེད་པའི། །སྦྱིན་སྲེག་ལས་ནི་རབ་ཏུ་བཤད། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་པར་འགྱུར་ན་དངོས་གྲུབ་སྟེར། །གསང་སྔགས་ལྷག་ཆད་གང་ཡིན་
དང་། །ཐམས་ཅད་སྦྱིན་སྲེག་དག་གིས་བསྐངས། །དེ་ཕྱིར་སྐུ་གསུམ་མཁས་མཆོག་གིས། །སྦྱིན་སྲེག་རབ་ཏུ་བསྔགས་པར་མཛད། །ཅེས་གསུངས་སོ། །སྦྱིན་སྲེག་ཐམས་ཅད་ལ་ཡང་པུས་མོ་གཉིས་ཅུང་ཟད་བགྲད་པའི་བར་ལས་མ་འདས་པར་རྫས་བསྲེག་ཅིང་། དགང་
གཟར་དང་བླུགས་གཟར་མེད་ན། དགང་བླུགས་ནི་ཁྱོར་བས་བྱས་ལ། རྫས་ལྷག་མ་རྣམས་ནི་ཕོ་ཚུམས་ཀྱིས་དབུལ་ཞིང་། མཇུག་ཏུ་མེའི་ལས་ཀྱི་རྗེས་སུ་མཐུན་པའི་ཆུས་ཞི་བར་བྱའོ། །དེ་ནས་མཇུག་ཏུ་མེ་ལྷ་སླར་ལྷའི་དབྱིབས་ཐོབ་པ་ལ་མཆོད་པ་དང་། བསྲེག་བྱ་ཅུང་ཟད་ལྷག་པ་
རྣམས་ཕུལ་ཏེ། མཉམ་མེད་མི་གཡོ་ཞེས་བྱ་བ་ལ་སོགས་པའམ། ཡང་ན། མེ་ལྷའི་རྒྱལ་པོ་བྲམ་ཟེ་རྡོ་རྗེ་ཆེ། །འབར་བའི་འཕྲེང་འཁྲུག་དྲང་སྲོང་ཚོགས་ཀྱིས་བསྐོར། །སྣ་ཚོགས་གཟུགས་མངའ་ལས་ཀུན་སྦྱོང་བར་མཛད། །ཐུབ་མཆོག་མཐུ་ཆེན་དྲང་སྲོང་མཆོག་ཁྱོད་འདུད། །
གསུས་ཆེ་སྤྱན་གསུམ་ཚད་མེད་བཞི་ཡི་ཞལ། །འོད་དམར་འབར་བའི་མེ་ཚོགས་དབུས་ན་བཞུགས། །རལ་པའི་ཐོར་ཚུགས་ཆེ་བསྒྱིངས་བཀའ་ཐུབ་དྲག །ལུས་ཀྱི་རྒྱན་ཡང་དགའ་བྱེད་སྲད་བུ་ཐོགས། །བུམ་པ་བགྲང་ཕྲེང་དམ་པ་སྦྱིན་པ་དང་། །དབྱི་གུ་གསུམ་ཐོགས་མེ་ཡི་དངོས་གྲུབ་
སྦྱིན། །འཇིག་རྟེན་སྐྱོང་བའི་ནང་ན་ལྷ་ཁྱོད་འཕགས། །ཁྱོད་ནི་འཕགས་དང་འབྱུང་པོ་མང་ཚིམ་བྱེད། །ཕྱི་རོལ་ལུས་ཀྱི་གཙུག་ལག་དོན་ལྡན་པ། །དྲང་སྲོང་མཆོག་ཁྱེད་དེར་ནི་མངོན་སུམ་སྟེ། དེའི་ཕྱིར་དེ་དག་རྣམས་ལའང་འབྲས་བུ་སྩོལ། །དངོས་གྲུབ་ཀུན་སྦྱིན་ཁྱོད་འདིར་བདག་

གིས་བསྟོད། །ཅེས་བྱ་བས་བསྟོད་ལ། སྔ་མ་ལྟར་གཤེགས་སུ་གསོལ་ཏེ། ཇི་ལྟར་བསྐྱེད་པ་ནི་རང་གི་བྱང་ཆུབ་སེམས་སུ་བསྡུའོ། །དེ་ནས་དེ་མ་ཐག་ཏུ་གཡས་སུ་དགོད་པར་བྱ་བ་རྣམས་ནི་གཡོན་དུ་ཡིན་ལ། གཡོན་དུ་དགོད་པར་བྱ་བ་རྣམས་ནི་གཡས་སུ་དགོད་པའི་ཚུལ་གྱིས་སོ། །
དྲག་པོ་སྤྱད་པའི་ཡོན་ཆབ་དང་། མཆོད་པ་ལྔ་དང་། བསྲེག་བྱ་རྣམས་རྒྱུད་འདི་ལས་གྲགས་པ་སྔགས་སྔ་མ་རྣམས་ཉིད་ལས་ཐམས་ཅད་པ་ལ་ཆེ་གེ་མོའི་པཱ་པ་གྲ་ཧ་ན་ཤ་ཡ་ཕཊ་ཅེས་བསྐུལ་བས་བསྲེགས་ཏེ། འདིར་ནི་དངོས་པོར་རླུང་གི་མེ་ལ་བསྲེག་བྱ་ཕུལ་ལ། དེའི་སྙིང་གར་ཕྱག་ན་
རྡོ་རྗེ་ཁམས་གསུམ་ལས་རྣམ་པར་རྒྱལ་བ་དྲག་པོ་སྔོན་བཤད་པ་ལས། ཕྱག་བཞི་པ་གཡས་གཡོན་དང་པོ་ནི་ཧཱུཾ་གི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཐ་མ་གཉིས་ན་པདྨ་དམར་པོ་དང་། ཞགས་པ་དང་བཅས་པའི་སྡིགས་མཛུབ་ཅན། རོའི་སྡིག་པ་བརྫིས་པ། ཁྲོ་བོའི་རྒྱན་མ་
ལུས་པས་བརྒྱན་པའི་ཡི་གེ་ཧཱུཾ་དང་། རྡོ་རྗེ་རྩེ་ལྔ་པ་ལས་བསྐྱེད་པ་སྔོན་བཞིན་དུ་དེ་དང་འདྲ་བ་སྤྱན་དྲང་བ་ལ་སོགས་པ་བྱས་ལ་མཆོད་པ་དང་། སྦྱིན་སྲེག་དྲག་པོར་སྤྱད་པ་བྱ་སྟེ། བདག་ཉིད་ཀྱང་དེ་དང་འདྲ་བར་ཡུད་ཙམ་གྱིས་བསྐྱེད་པས་སོ། །ཁ་ཅིག་ན་རེ་འདིར་མཆོད་ཡོན་ལ་སོགས་པས་
པདྨ་དཀར་ཞལ་མཆོད་ཅེས་གསུངས་པས། འདིར་ཡང་ཞི་བའི་སྦྱིན་སྲེག་ཉིད་བྱའོ་ཞེས་ཟེར་རོ། །དེ་ནས་མཐོ་རིས་ཐོབ་པར་ཤེས་ནས་འཆད་པར་བྱེད་པ་ལྟར་ལས་རྣམ་པ་བཞིའི་སྦྱིན་སྲེག་བྱ་སྟེ། རྒྱུད་ལས་རབ་ཏུ་གསལ་བར་མ་ཕྱེའོ། །ཕྱི་རོལ་གྱི་སྦྱིན་སྲེག་ལ་མི་མོས་པའམ། མི་
ནུས་པ་དག་ལ་ནང་གི་སྦྱིན་སྲེག་ཀྱང་གསུངས་ཏེ། གཞན་ཡང་ནང་གི་སྦྱིན་སྲེག་ནི། །ལས་དང་ཚེ་དག་དགག་པ་སྟེ། །དེ་ནི་ཡིད་ཀྱིས་ཤེས་པར་བྱ། །གཟུགས་དང་སྒྲ་ལ་སོགས་པ་སྤངས། །མིག་དང་རྣ་བ་སྣ་དང་ལྕེ་དང་ལུས་རྣམས་ནི། །ཡིད་ལས་སྐྱེས་པ་སེམས་ཀྱི་རྒྱལ་པོ་ལ་
གནས་ཏེ། །ཀུན་དུ་རྟོག་པས་སྐྱེས་པ་འདི་དག་ཀྱང་། །བྱང་ཆུབ་སེམས་དང་ཡུལ་དང་མིག་ལ་སོགས་པ་དང་། །རླུང་གི་མེ་ཡང་འཕྲོ་བ་མེད་པ་ཡི། །ཤེས་རབ་ཀྱིས་ནི་དེ་བཀག་སྟེ། །ཡིད་ཀྱིས་མེ་ལ་སྦྱིན་སྲེག་བྱའོ། །དེ་ནི་ནང་གི་སྦྱིན་སྲེག་ཅེས། །ངེས་པས་ཁྱོད་ལ་བསྟན་པ་ཡིན། །

ཞེས་སོ། །ཡང་ན་མེད་པར་གྱུར་ཀྱང་རུང་། །ཟློས་ཤིང་བསྒོམ་པའི་ཚུལ་གྱིས་ནི། །མིང་ཙམ་ལེགས་པར་བྲིས་ནས་ཀྱང་། །མཆོད་རྟེན་ཕྲེང་བར་བྱ་བ་དང་། །ཞེས་བྱ་བ་ནི་རོ་མེད་པར་གྱུར་ཀྱང་། བཟླས་པ་དང་མཆོད་རྟེན་གྱི་བྱ་བ་སྔོན་བཞིན་དུ་བྱའོ་ཞེས་བྱ་བའོ། །ཡང་
ན་གཟུགས་སུ་བྲིས་ནས་ཀྱང་། །སྦྱིན་སྲེག་མངོན་པར་དབང་བསྐུར་ན། །ཞེས་བྱ་བ་ནི། རོ་མེད་པར་གྱུར་ཀྱང་། དབང་བསྐུར་བ་དང་། སྦྱིན་སྲེག་རྣམ་པ་དྲུག་ནི་བྱ་ཞིང་། དེ་ཡང་མིང་ཙམ་བྲི་བ་མ་ཡིན་གྱི། གཟུགས་བརྙན་བྲིས་ལ་བྱའོ། །དེ་དག་འབྲས་བུ་ཆེན་པོར་བསྟན་པའི་ཕྱིར།
གདོན་མི་ཟ་བར་བདེ་འགྲོར་སྐྱེ། །ཞེས་བྱ་བ་སྨོས་ཏེ། ཆོ་ག་བཞི་ཆར་གྱི་ཡོན་ཏན་དུ་སྦྱར་རོ། །ཐལ་བ་ཡུངས་ཀར་ཕྱེ་མ་སོགས། །ཞེས་བྱ་བ་ལ་སོགས་པ་ནི་བཟླས་པའི་རྫས་ཆུར་དོར་བའི་ཆོ་ག་སྟོན་ཏེ། རྒྱ་མཚོར་འབབ་པའི་ཆུ་ཀླུང་ནི། འཛམ་བུའི་གླིང་འདི་ན་ཆུ་ཀླུང་སྟོང་ཕྲག་ཕྱེད་དང་
གསུམ་ཡོད་དེ་ཞེས་འཕགས་པ་སྡོང་པོ་བཀོད་པ་ལས་གསུངས་ལ། དེ་དག་ནི་ཀླུའི་རྒྱལ་པོ་མ་དྲོས་པའི་སྨོན་ལམ་གྱིས་བྱིན་གྱིས་བརླབས་པའི་ཕྱིར། ཀླུང་གང་དག་རྒྱ་མཚོར་མི་འབབ་ཅིང་། དུག་ཅན་དང་། ཆར་པའི་ཆུ་ལས་བྱུང་བ་རྣམས་ལས་ཁྱད་པར་དུ་འཕགས་པ་དང་། འགྲོ་བ་
མང་པོའི་དོན་དུ་གྱུར་པའི་ཕྱིར་དེ་ཁོ་ན་བསྔགས་སོ། །ལྷག་མ་ནི་གོ་སླའོ། །དེ་ལྟར་ན་ནི་སྡིག་ཅན་ཡང་། །ཞེས་བྱ་བ་ལ་སོགས་པ་ནི། དེའི་འབྲས་བུ་བསྟན་ཏེ་གོ་སླའོ། །དགེ་བའི་རྩ་བ་མ་བསྐྱེད་ལ། །ཞེས་བྱ་བ་ནི། ཅུང་ཟད་ཀྱང་དགེ་བའི་ལས་ལ་མོས་པ་མ་བྱས་པའོ། །མེད་
པར་ལྟ་བ་གང་ཡིན་དང་། །ཞེས་བྱ་བ་ནི་འཇིག་རྟེན་རྒྱང་འཕེན་པར་ཁས་ལེན་པ་རྣམས་ཏེ། ལས་མེད་ཐར་པ་མེད་ཀྱང་རུང་། །གཞུང་ངན་རྒྱང་འཕེན་པ་ཡི་གཞུང་། །ཞེས་ཇི་སྐད་བཤད་པའོ། །བྱང་ཆུབ་ལམ་ལས་རྣམ་ལོག་དང་། །ཞེས་བྱ་བ་ནི། གང་གིས་བྱང་ཆུབ་སེམས་བསྐྱེད་
ནས། །ཡང་དེར་སླར་ཡང་བཏང་བ་སྟེ། །མི་གང་བྱང་ཆུབ་སེམས་གཏང་ཡང་། །དེ་དག་ཐར་བར་མཛད་པ་ནི། །ལས་ཚུལ་བསམ་གྱིས་མི་ཁྱབ་ཕྱིར། །ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན། །ཞེས་བྱ་བ་དང་། སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་ཇི་སྐད་

གསུངས་པ་ལྟ་བུའོ། །བསྟན་ལ་ཞེ་སྡང་གནོད་བྱེད་དང་། །ཞེས་བྱ་བ་ནི། དམ་པའི་ཆོས་ཀྱི་སྟེགས་འཇིག་པ་སྟེ། གླེགས་བམ་ཆུད་གསོན་པ་དང་། ཆོས་སྨྲ་བ་ལ་གནོད་པར་བྱེད་ཅིང་འགལ་བ་དང་། ཆོས་ཀྱི་བར་ཆད་བྱེད་པ་སྟེ། ཇི་སྐད་དུ། མི་གང་ཆོས་ཀྱི་སྟེགས་འཇིག་
ཅིང་། །ཡང་དག་མ་ཡིན་ལམ་སྨྲ་བ། །མི་དེ་དག་ནི་སྤུ་གྲིའི་སོ། །གཏམས་པའི་ལམ་དུ་འགྲོ་བ་ཡིན། །ཞེས་བཤད་པ་ལྟ་བུའོ། །སྡིག་པའི་རང་བཞིན་མ་མཐོང་བ། །ཞེས་བྱ་བ་ནི། མི་དགེ་བ་བཅུའི་ལས་ཀྱི་ལམ་དང་། མཚམས་མེད་པ་ལྔ་ལ་སོགས་པ་ལ་ཡང་འཇིགས་པར་
མི་ལྟ་བའི་རྗེས་སུ་དཔྱད་པའོ། །ཕ་དང་མ་ལ་སྙིང་རིང་ཞིང་། །ཞེས་བྱ་བ་ནི། ཕ་མ་ལ་སེམས་བྱམས་པས་བརླན་པར་མ་གྱུར་ཅིང་། བརླང་བའི་སེམས་ཡོད་པ་སྟེ། འདི་དག་ནི་ཕན་འདོགས་པས་ཞིང་དམ་པ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཀྱི་འབྲས་བུ་འབྱིན་པ་སྟེ།
ཁྱེའུ་བུ་མོ་མཛའ་བོའི་གཏམ་ལས་ཤེས་པར་བྱའོ། །གཞན་ཡང་འཕགས་པ་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས་ཀྱང་། གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་རྟག་ཏུ་བདེ་ཞིང་ཡིད་ཀྱང་བདེ་འགྱུར་ལ། །འདི་ལ་ལྷ་དང་བཅས་
པ་དང་ནི་དབང་པོ་དང་། །དེ་བཞིན་ཚངས་པར་བཅས་པའི་རིགས་སུ་འགྱུར། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་སོང་ནས་ཕྱིར་འོང་བ་ཡང་འགྲུབ་འགྱུར་ཞིང་། །རྒྱ་མཚོ་ཆེན་པོ་ནས་ཀྱང་བདེ་ཞིང་ལེགས་འོངས་ཏེ། །དེ་ལྟར་བྱེད་པ་དག་ནི་རབ་མཆོག་རྙེད་པ་ཡིན། །
གང་དག་ཕ་མ་རྒན་རྒོན་གསོ་བར་བྱེད་པ་ནི། །ཚོང་པ་དེ་དག་ཡོན་ཏན་ཀུན་གྱི་གཙོར་འགྱུར་ཞིང་། །དེ་བཞིན་ཞིང་ལས་འབྲས་མཆོག་རྣམས་འབྱུང་སྟེ། །བསོད་ནམས་བགྲང་དོན་བརྗོད་པར་མི་ནུས་སོ། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་ཁུར་རྣམས་ཁྱེར་བར་བྱེད་
པའི་རྔ་མོ་རྣམས་དང་ཡང་། །ཡང་ན་གླང་དང་བོང་བུ་དག་ཏུའང་མི་འགྱུར་ཏེ། །མི་རྣམས་དེ་དག་སྤུ་གྲིས་སོ་ལ་བརྫི་མི་འགྱུར། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་ཆུ་བོ་རབ་མེད་དང་ནི་མེ་མུར་དང་། །སྤུ་གྲིའི་སོ་དང་ལྡན་པ་ལས་ཀྱང་མི་རྒལ་ཏེ། །དེ་དག་ཟངས་ཁུ་བསྐོལ་

བ་འཐུང་བར་ཡང་མི་འགྱུར། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་ནོར་དང་འབྲུ་ནི་མི་ཉུང་བ་དག་དང་། །ཆུང་མ་བུ་དང་བུ་མོ་དམ་པ་དག་དང་ཡང་། །བཻ་ཌཱུརྱ་དང་རིན་ཆེན་ས་ལེ་སྦྲམ་ཡང་རྙེད། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་རབ་འཕྲུལ་
ལྷ་ཡི་ཕོ་བྲང་དག་དང་ནི། །རྩུབ་འགྱུར་དང་ནི་འདྲས་པའི་ཚལ་ཡང་མཐོང་འགྱུར་ཏེ། །ལྷ་རྣམས་དུ་མས་རྟག་ཏུ་མདུན་དུ་བདར་བར་འགྱུར། །མི་ཡི་གཙོ་བོར་གྱུར་ཅིང་ལྷ་ཡི་ལྷར་གྱུར་པ། །ཐུབ་པ་ཆེན་པོ་འདི་འདྲའི་གསུང་ནི་ཐོས་འགྱུར་ན། །རྒས་ཤིང་དབང་པོ་ཤིན་ཏུ་ཉམ་ཆུང་འགྱུར་བ་
ཡི། །ཕ་མ་སྦྱིན་གནས་དམ་པ་སུ་ཞིག་གསོ་མི་བྱེད། །ཅེས་གསུངས་པས། འདི་དག་ནི་འབྲས་བུ་འདི་ལྟ་བུ་འབྱིན་པ་ལ་སྙིང་རིང་བར་གྱུར་ན་རབ་ཏུ་འཇིགས་སུ་རུང་བས་སོ། །བྱང་ཆུབ་སེམས་ལ་བརྟེན་པ་དང་། །འདོད་ཆགས་བྲལ་བ་བསད་པ་རྣམས། །ཞེས་བྱ་བ་ནི། མཚམས་མེད་
པ་དང་ཉེ་བར་མཆོད་རྟེན་འཇིག་པ་དང་། དགྲ་བཅོམ་པ་སུན་པར་བྱེད་པ་དང་། དགེ་འདུན་འདུ་བའི་སྒོ་འཕྲོག་པར་བྱེད་པ་རྣམས་མཚོན་པའོ། །དེ་ལྟ་བུ་དག་ཐབས་འདི་རྣམས་མེད་ན་མི་ཐར་རོ་ཞེས་སྟོན་པར་བཞེད་ནས། ཅི་སྟེ་ལྷ་རྣམས་མེད་འགྱུར་ཏམ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
ལྷ་རྣམས་འཇིག་རྟེན་པ་དབང་པོ་ལ་སོགས་པ་སྟེ། དེ་དག་ཀྱང་ཡོངས་སུ་འདྲེན་པ་ཡིན་པའི་ཕྱིར། སངས་རྒྱས་དགེ་འདུན་ཆོས་དེ་བཞིན། །ཞེས་བྱ་བ་ནི་སྐྱབས་དམ་པའོ། །སྔགས་དང་ཕྱག་རྒྱའི་ཚོགས་ལ་སོགས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི། གཏོར་མ་དང་སྦྱིན་སྲེག་དང་།
དབང་དང་དམ་ཚིག་དང་། ཏིང་ངེ་འཛིན་ལ་སོགས་པ་བསྡུའོ། །ཤེས་རབ་ཐབས་རྣམས་མེད་ན་ནི། །ཞེས་བྱ་བ་ནི། སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་བསྡུས་པ། བྱང་ཆུབ་ཀྱི་སེམས་སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་སྟེ། ཇི་སྐད་དུ། དཔལ་གསང་བ་འདུས་པ་ལས།
ཐབས་ནི་དངོས་པོའི་མཚན་ཉིད་དེ། །ཤེས་རབ་ཅེས་བྱ་དངོས་པོ་མེད། །ཞེས་གསུངས་པ་ལྟ་བུའོ། །དེ་དག་ལ་ཚིག་རྐང་དང་པོ་གཉིས་ཀྱིས་ནི། རྟེན་གྱི་སྟོབས་ཀྱིས་སྡིག་པ་འབྱང་བར་བསྟན་ཏོ། །ཚིག་རྐང་ཐ་མ་གཉིས་ཀྱིས་ནི། གཉེན་པོ་ཀུན་དུ་སྤྱོད་པས་སྡིག་པ་འབྱང་བར་བསྟན་ཏོ། །

རྣམ་པར་སུན་འབྱིན་པ་ཀུན་དུ་སྤྱོད་པ་དང་། སྡོམ་པའི་སྟོབས་དག་ཀྱང་འདིར་སོགས། ཞེས་བྱ་བའི་སྒྲས་བསྡུས་པའམ། ཐབས་དང་ཤེས་རབ་གཉིས་ཀྱིས་བསྡུས་པའོ། །ཡང་ན་འདིར་གསང་སྔགས་ཀྱིས་བདག་ཉིད་ཆེ་བ་བསྟན་པའི་ཕྱིར། རྡོ་རྗེ་སློབ་དཔོན་གྱི་ཐབས་མཁས་པའི་ཆེ་བའི་
སྟོབས་ཉིད་ཀྱིས་ཐར་པ་ཐོབ་པར་སྟོན་པས་ན་ཡན་ལག་གཉིས་སྨོས་ཏེ། ལྷའི་བུ་ནོར་བུ་དྲི་མ་མེད་པ་ཉིད་ལྟ་བུའོ། །དེ་ལྟར་དགེ་སློང་དག་ལས་བྱས་པ་ནི་ཆུད་མི་ཟ་ལ། མ་བྱས་པ་ནི་ཕྲད་པ་མེད་དོ་ཞེས་གསུངས་པ་དང་། འགྲོ་བ་རྣམས་ནི་རང་གི་ལས་ཀྱི་འབྲས་བུའི་བགོ་སྐལ་ལ་སྤྱོད་པའོ་ཞེས་
གསུངས་པ་འདི་ཇི་ལྟར་དྲང་ཞེ་ན། འདི་ལ་གནོད་པ་མེད་དེ། ཇི་ལྟར་པདྨ་ཁ་བྱེ་བ་ནི། ཉི་མའི་འོད་ཀྱིས་ཕྱེ་བ་ན་རང་བྱེ་བ་མ་ཡིན་པ་ལྟར་ཁ་ཅིག་གཞན་གྱི་རྐྱེན་གྱིས་བདེ་བ་དང་སྡུག་བསྔལ་བར་འགྱུར་བ་ཡང་ཡོད་ལ། གལ་ཏེ་རང་གིས་བྱས་པ་ཁོ་ན་ལ་རག་ལས་ན། སངས་རྒྱས་ཀྱིས་
ཀྱང་ཇི་ལྟར་ཕན་པ་མཛད་པར་འགྱུར། དེའི་ཕྱིར། ཆོས་ཀུན་ཐ་དད་རྗེས་སུ་འཇུག །ཆོས་ཀུན་ཕན་ཚུན་རྗེས་སུ་འཇུག །ཆོས་ཀུན་རྗེས་སུ་ཞུགས་པ་སྟེ། །མཐའ་བྲལ་རྗེས་སུ་འགྲོ་བའོ། །ཞེས་གསུངས་ཏེ། ཇི་ལྟར་ལྕགས་གཡོ་བ་རང་གི་བྱེད་པ་མ་ཡིན་གྱིས། ཁབ་ལེན་
གྱིས་བྱེད་པ་དང་། ཤིང་ཚིག་པ་མེ་ཡིས་བྱེད་པ་ལྟ་བུ་ཆོས་རྣམས་ཀྱི་ཆོས་ཉིད་དེ། ཆོས་ཉིད་ཅེས་བྱ་བ་ཡང་། དངོས་པོ་རྣམས་ཀྱི་མཐུ་དང་། རང་བཞིན་རང་དང་པོ་ནས་གྲུབ་པ་མེད། རྒྱུ་དང་རྐྱེན་གཞན་གྱིས་བྱས་པ་མ་ཡིན་ཏེ། དངོས་པོ་རྣམས་ནི་འདི་ལྟར་ངེས་ལ། དེ་ལ་ཡང་དཔྱད་ན་
སྙིང་པོའི་བག་ཕྲ་རབ་ཙམ་ཡང་མེད་པས། ཀུན་རྫོབ་དང་དོན་དམ་པ་གཉི་གར། ཇི་ལྟར་ཡང་དངོས་པོ་རྣམས་ཀྱི་ཆོས་ཉིད་ལ་དཔྱད་དུ་མེད་ན། བྱིས་པ་རྣམས་ལོག་པར་དཔྱོད་པ་ཙམ་སེལ་བ་དཔྱོད་པ་མཁས་པ་དག་བྱེད་པར་ཟད་དོ། །འོན་ཀྱང་བྱིས་པ་དག་རང་གིས་རི་མོ་བྲིས་པས་རང་སྐྲག་པ་
ལྟར་རང་གིས་བྱས་པ་ལ་རང་སྤྱོད་པར་འདོད་པས་དེ་ལྟར་གྲུབ་པ་ཕལ་ཆེ་བས། ལས་བདག་གིས་བྱ་བ་གཙོར་གསུངས་སོ། །རིགས་པར་ན་རྐྱེན་ཉིད་མཐུ་ཅན་ཡིན་གྱི། ལས་མ་ཡིན་ཏེ་དེ་ན་བརྟེན་པར་གནས་པའི་ལས་འགའ་ཡང་མེད་དེ་མུན་པ་ལ་སྣང་བ་དང་། མར་མེ་ལ་ཆུའི་ཐིགས་པ་

བཞིན་ནོ། །ཐུབ་པའི་དབང་པོ་རྣམས་ཀྱང་ཆོས་ཉིད་ཐོབ་པ་ལ་བྱིན་གྱི་རླབས་འཇུག་ཅིང་གཞན་དུ་མ་ཡིན་ཏེ། ཁབ་ལེན་གྱི་མཐུའི་ཆོས་ཉིད་ལྕགས་ཀྱིས་ཐོབ་ཀྱི་ནོར་བུ་དང་། ཟངས་ལ་སོགས་པས་མི་ཐོབ་པ་བཞིན་ནོ། །དེའི་ཕྱིར་འདི་ཆོས་ཉིད་ཀྱིས་སྣོད་དུ་འགྱུར་བ་
ཁ་ཅིག་ལ་གཞན་གྱིས་བྱས་པ་གཞན་ལ་འབྱོར་པ་འདི་ནི་ཆོས་ཉིད་ཁོ་ན་ཡིན་པས་གཞན་དུ་དྲང་བར་མི་བྱའོ། །དེ་ནས་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བདེར་གཤེགས་འདྲ་བར་སྐྱེས་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་སའི་རིམ་པར་གནས་པས་བྱང་ཆུབ་ཆེན་པོ་ལས་ཕྱིར་མི་
ལྡོག་པར་འདྲ་བ་སྟེ། ངེས་པར་དྲོད་ལ་སོགས་པ་ཐོབ་པར་སྟོན་པ་མཐོང་བ་ལས་རྗེས་སུ་དཔག་པར་ནུས་པའི་ཕྱིར་རོ། །ཅི་སྐལ་བ་དུ་མ་ལ་སོགས་པས་སམ་ཞེ་ན་མ་ཡིན་ཏེ། ཚེ་འདི་ཉིད་ལ་ཞེས་གསུངས་ཏེ། ལྷ་དང་མིའི་ཚེ་གཅིག་པོ་དེ་ཉིད་མ་ཟད་པར་ཞེས་བྱ་བའམ་ངན་འགྲོ་དང་དེ་དང་འདྲ་
བའི་ཚེ་མང་ཞིག་མྱོང་བར་བྱས་པ་ལས་ཚེ་འདི་ཉིད་ལ་གྲོལ་བ་སྟེ། གསང་སྔགས་རྣམས་ཀྱི་འབྲས་བུ་ནི་མཐོང་བའི་ཆོས་ཁོ་ན་ལ་འབྲས་བུ་འབྱིན་པར་འདོད་ཀྱི། ལན་གྲངས་གཞན་ལ་སོགས་པ་ནི་རབ་ཏུ་དམན་པའི་སྒྲུབ་པ་པོར་ཟད་དོ། །ཇི་སྐད་དུ་འཕགས་པ་ཀུན་ནས་སྒོར་འཇུག་པའི་
འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་མདོ་ལས། ཀྱེ་མ་སངས་རྒྱས། ཀྱེ་མ་ཆོས། ཀྱེ་མ་དགེ་འདུན། ཀྱེ་མ་རིགས་སྔགས། འབྲས་བུ་འཕྲལ་དུ་སྟོན་པ། བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་ཤཱཀྱ་ཐུབ་པ། ཐུགས་རྗེ་མཆོག་ཏུ་ཆེ་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དེ་ལ་ཕྱག་འཚལ་ལོ་ཞེས་གསུངས་ལ། འདི་ཉིད་ལས་ཀྱང་འོག་ཉིད་ནས། །གསང་སྔགས་ལྟ་བུའི་འདྲེན་པ་མེད། །ཅེས་གསུངས་སོ། །དེ་ནས་དབང་པོར་བཅས་པ་ཡིས། །གྲགས་ཆེན་ལྷ་
རྣམས་གང་བྱེད་ཅིང་། །ཞེས་བྱ་བ་ནི། བརྒྱ་བྱིན་ནི་མངོན་པར་ཤེས་པ་ལྔ་དང་བཅས་པས། ལྷའི་བུ་དེ་ཐར་བར་ཤེས་ནས། སངས་རྒྱས་ལ་མཆོད་པ་བྱ་བའི་ཕྱིར་འོངས་པར་བསྟན་པའོ། །ཚེ་འདི་ཉིད་ལ་ཞེས་པ་ལ་སོགས་པ་ནི། ནོར་བུ་དྲི་མ་མེད་པ་མཆོད་པ་སྟེ། གོ་སླ་བས་རྣམ་པར་མ་

ཕྱེའོ། །གང་དག་བསྡུས་པའི་དོན་དང་མི་འདྲ་བར་བཤད་པའམ་འཆད་པར་བྱེད་པ་ནི་གང་ཡང་རུང་བའི་ཉེ་བར་བསྟན་པར་ཤེས་པར་གྱིས་ཤིག །རྩ་བའི་རྒྱུད་ཀྱི་སྙིང་པོ་རྒྱ་ཆེར་བཤད་པ་རྫོགས་སོ།། །།དེ་ལྟར་རྩ་བའི་རྒྱུད་བསྟན་ནས། ད་ནི་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་
སོགས་པས་རྒྱུད་ཕྱི་མ་སྟོན་ཏེ། འདིར་འཆད་པ་པོ་ནི་ཕྱག་ན་རྡོ་རྗེ་ཡིན་ལ། སྟོན་པ་དང་རྒྱུད་ཀྱི་བདག་པོ་ནི་སྔོན་བཞིན་ནོ། །ཁ་ཅིག་ན་རེ་རྒྱུད་ཕྱི་མ་དང་དེའི་ཕྱི་མའི་བདག་པོ་ནི་ཕྱག་ན་རྡོ་རྗེའོ་ཞེས་ཟེར་ཞིང་། དེ་ཉིད་ཀྱིས་ན་རྒྱུད་ཡོངས་སུ་རྫོགས་པར་ཉེ་བ་ན། ཕྱག་ན་རྡོ་རྗེ་རྒྱུད་ཀྱི་བདག་པོ་
ལ་བསྟོད་པའོ་ཞེས་ཀྱང་ཟེར་རོ། །དཀྱིལ་འཁོར་གྱི་བདག་པོ་རྣམས་ནི་གསལ་བར་ཟད་དོ། །དེ་ལ་དེ་ནས་ཞེས་བྱ་བ་ནི། རྩ་བའི་རྒྱུད་བཤད་མ་ཐག་ཏུའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི། བདུད་རྩི་ཐོབ་ཕྱིར་ལམ་ནི་
འདི་མ་ཡིན། །ལམ་ངན་འོངས་ལ་ལམ་ལ་མནོས་ཤིག་ཅེས། །ལྟ་ངན་སེམས་ཅན་མཐོང་ནས་གོ་འབྱེད་དེ། །རྒྱུ་དེས་བྱང་ཆུབ་སེམས་དཔའ་ཞེས་བཤད་དོ། །ཞེས་བྱ་བའི་ཚུལ་གྱིས་སོ། །དེ་དག་ཉིད་ཉན་ཐོས་ལ་སོགས་པས་དམིགས་པ་ལ་སོགས་པ་ཆེ་བས་ན། སེམས་
དཔའ་ཆེན་པོ་ཞེས་བྱའོ། །འདིའི་ཕྱག་ན་རྡོ་རྗེ་མངའ་བས་ཕྱག་ན་རྡོ་རྗེ་སྟེ། དེས་རྩ་བའི་རྒྱུད་ལས་ལྟོས་པའི་བརྟག་པའི་ཕྱི་མ་འདི་བསྟན་ཏེ་བཤད་པའོ། །དེ་ཡང་རང་གི་མཐུས་མ་ཡིན་པས་ན། བཅོམ་ལྡན་འདས་ཀྱི་མཐུ་ཞེས་སྨོས་ཏེ། བྱིན་གྱི་རླབས་ཀྱིས་སོ། །དེ་ལྟར་ཡང་ཚུལ་
གཅིག་ཏུ་བསྟན་པའི་མདོ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི། གང་ཅི་སྨྲ་ཅི་སེམས་རྗེས་སུ་ཅི་འདྲ་ཡང་། དེ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་མཐུའོ་ཞེས་གསུངས་སོ། །དེ་འདིར་བརྟག་པ་ཕྱི་མ་ཞེས་བྱ་བ་ནི་མདོར་བསྡུས་པ་དང་། ཡོངས་སུ་རྫོགས་པར་བྱེད་
པའི་རྟོག་པ་ཡིན་ལ། དེ་གཉི་གའི་ལྷ་རྣམས་ཀྱི་དབྱིབས་དང་། ཁ་དོག་དང་། གནས་ངེས་པ་དང་། དབང་བསྐུར་བ་དང་། དཀྱིལ་འཁོར་དང་། དངོས་གྲུབ་དང་། སྦྱིན་སྲེག་ལ་སོགས་པ་རྣམས་ནི་བདག་གིས་དུས་གཅིག་ཏུ་བཤད་ཟིན་ལ། གཞུང་རྣམ་པར་དབྱེ་བ་ཡང་བདག་གིས་བསྡུ་

བའི་དོན་གྱི་སྐབས་ཉིད་དུ་དཔྱད་ཟིན་ཏེ། ད་ནི་ཚིག་གི་དོན་ཙམ་ལས་མ་ལུས་ལ། ཚིག་གི་དོན་ཡང་གོ་སླ་བས་མི་བརྗོད་དེ། དེ་བས་མན་ངག་གི་གནས་འགའ་ཞིག་ལས་བརྗོད་དུ་མེད་དོ། །དེ་ཕྱིར་བློའི་ནོར་ཅན་རྣམས་ཀྱིས་སྔར་བསྟན་པའི་དོན་ཉིད་དྲངས་ཏེ་ཆོ་ག་ཞིབ་
མོ་ཕྱི་མ་གཉིས་སུ་སྦྱར་ལ། བློ་དང་མི་ལྡན་པ་དག་ལ་ནི་ཇི་ཙམ་དུ་ངག་ལ་སོགས་པ་སྦྱར་ཀྱང་དེ་དག་གི་བློའི་པདྨ་རྒྱས་པར་མི་འགྱུར་ཏེ། ཇི་སྐད་དུ། འཕགས་པ་ནཱ་གཱ་རྫུ་ནའི་ཞལ་སྔ་ནས། །གང་ལ་རང་གི་ཤེས་རབ་མེད། །དེ་ལ་བསྟན་བཅོས་ཀྱིས་ཅི་བྱ། །མིག་གཉིས་མེད་པར་གྱུར་
པ་ལས། །མེ་ལོང་དགོས་པ་ཅི་ཞིག་ཡོད། །ཅེས་གསུངས་པ་བཞིན་ནོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པ་ལ། སྔགས་དང་པོ་དགུ་ནི་རྗེ་བཙུན་ཤཱཀྱ་ཏོག་ལ་སོགས་པ་དགུའི་རིམ་བཞིན་ནོ། །དེ་ནས་གསུམ་ནི་སྐུ་ལ་སོགས་པའི་གསུམ་གྱི་སྔགས་
སོ། །དེ་ནས་གསུམ་ནི་རོའི་ངན་འགྲོ་དགག་པ་དང་། སློབ་མ་སྡིག་པ་ཅན་མ་ཕེབས་པའི་སྡིག་པ་གཞིག་པའོ། །དེ་ནས་ནི་མཆོད་པ་དང་སྒོ་སྐྱོང་གི་སྔགས་སོ། །དེ་ནས་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནས། མཆོད་པ་བྱས་ནས་ཞེས་བྱ་བའི་བར་དུ་ཡང་གོ་སླའོ། །དེ་བཞིན་དུ་
བཅུག་སྟེ། དབང་བསྐུར་ན་ཞེས་བྱ་བ་ནི་རྩ་བའི་རྒྱུད་ལ་ལྟོས་པར་བསྟན་ཏོ། །ངན་སོང་ཐམས་ཅད་རྣམ་གྲོལ་ཏེ། བདེ་འགྲོ་མཐོ་རིས་འཇིག་རྟེན་དང་། །ཞེས་བྱ་བ་ནི་གོ་སླ་སྟེ། སྐྱེ་བར་འགྱུར་རོ་ཞེས་སྦྱར་རོ། །གོང་ནས་གོང་དུ་ས་རྣམས་སུ་ཡང་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི། དངོས་
གྲུབ་ཕྲ་མོ་ལ་བརྟེན་ནས་ནི། དངོས་གྲུབ་ཆེན་པོ་ཐོབ་ཅིང་། དེ་ནས་ནི་ས་རབ་ཏུ་དགའ་བ་ནས་བཅུ་གཅིག་པའི་བར་དུ་རིམ་གྱིས་འཐོབ་སྟེ། ཇི་སྐད་དུ། གཅིག་པུ་དཔའ་བོ་གྲུབ་པ་ལས། །གང་ཚེ་དངོས་གྲུབ་ཕྲ་གྲུབ་པས། །སྔགས་པའི་ལུས་ནི་དག་པ་ནི། །སྣོད་དུ་འགྱུར་བའི་ལུས་ལ་ནི། །
དངོས་གྲུབ་ཆེན་པོ་རབ་ཏུ་སྐྱེ། །འདི་ཡིས་ས་ལ་སོགས་འཐོབ་པ། །རིམ་པ་འདི་ཡིས་སྐྱེད་བྱེད་དེ། །སྔགས་པས་ཡིད་བཞིན་ནོར་བུ་ལྟར། །རྟག་ཏུ་སེམས་ཅན་དོན་བྱེད་དོ། །ཞེས་གསུངས་སོ། །ལྷག་མ་ནི་གོ་སླའོ། །བརྟག་པ་གཞན་གྱི་ཚོགས་ཀྱང་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་

བྱ་བ་ནི་རྒྱུད་འདིར་མ་གསུངས་པ། བྱ་བ་དང་རྣལ་འབྱོར་གྱི་རྒྱུད་གཞན་དུ་གསུངས་པའི་ལས་རབ་འབྱམས་དེ་དག་ཀྱང་རང་གི་ལྷའི་སྦྱོར་བས་འགྲུབ་པར་འགྱུར་ཏེ། ཇི་སྐད་དུ། གང་ཞིག་དུ་ནི་རང་ཉིད་ཀྱིས། །ལས་ཀྱི་ཆོ་ག་རྣམ་མེད་པ། །དེར་ནི་སྤྱི་རྒྱུད་ལས་གྲགས་པའི། །ཆོ་ག་མཁས་པས་ཤེས་
པར་བྱ། །ཞེས་གསུངས་པས་སོ། །ལྷ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བྱིན་གྱིས་བརླབས་ཞེས་བྱ་བ་ནི་གདུལ་བྱ་འབྱུང་བར་འགྱུར་བ་རྣམས་ལ་གདམས་པའི་ཕྱིར་རོ། །མཉམ་པར་བཞག་པས་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཕྱག་རྒྱ་དང་པོ་གསུམ་ནི། སྔར་སྐུ་ལ་སོགས་པའི་
སྔགས་གསུངས་པ་དང་སྦྱར་རོ། །དེ་ནས་ནི་རྩ་བའི་དཀྱིལ་འཁ