Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 66

Văn bản gốc(Tây Tạng)

Trang 19 / 22 (50.000 ký tự/trang)
ྱོགས་སུ་དེ་བཞག་ནས། །དེ་ནས་མེ་ཏོག་འཐོར་དུ་གཞུག །ཅེས་གསུངས་པས་སོ། །དེ་ནས་སྔགས་འདིས་མེ་ཏོག་དོར་བར་བྱའོ། །སངས་རྒྱས་དངོས་གྲུབ་ཐོབ་བྱའི་
ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་པའི་གཙོ་མཆོག་གིས། །སྨན་པར་དགོངས་ནས་བཞེས་སུ་གསོལ། །ཨོཾ་པྲ་ཏི་གྲྀ་ཧྣ་ཧཱུཾ་ཞེས་པས་དོར་རོ། །མེ་ཏོག་རིན་ཆེན་ལ་སོགས་པས། །གང་ལ་བབ་པ་རིགས་ཀྱི་ལྷ། །གཙོ་བོའི་རིགས་དེ་བསྒྲུབས་ན་ནི།
དངོས་གྲུབ་མྱུར་དུ་ཐེ་ཚོམ་མེད། །ཅེས་བྱ་བ་ནི་ཇི་སྐད་དུ། གང་དུ་མེ་ཏོག་བབས་འགྱུར་བ། །དེ་ནི་དེ་ཡི་རིགས་ཀྱི་ལྷ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་མེ་ཏོག་དོར་བའི་ཚུལ་རྒྱས་པ་ལ་ནི། ཇི་སྐད་དུ། དངོས་གྲུབ་རབ་འབྲིང་རྣམ་གསུམ་ནི། །མེ་ཏོག་བབ་པ་རྣམས་ལ་
བརྟག །ལྷ་རྣམས་ཀྱི་ནི་ཁྱད་པར་ནི། །གནས་ཀྱི་ཁྱད་པར་ལས་ཀྱང་བརྟག །གང་ཚེ་སངས་རྒྱས་བཅོམ་ལྡན་གྱི། །དབུ་ལ་མེ་ཏོག་བབས་གྱུར་ན། །དེ་ཚེ་གཙུག་ཏོར་མཛོད་སྤུ་དག །གྲུབ་པར་འགྱུར་བར་གདོན་མི་ཟ། །སྤྱན་ལ་སོགས་པའི་སྔགས་རྣམས་ཀྱང་། །
ཞལ་དུ་བབས་ན་འགྲུབ་པར་འགྱུར། །སྟོད་དུ་བབས་ན་མཆོག་རྣམས་འགྲུབ། །རྐེད་པར་བབས་ན་འབྲིང་རྣམས་འགྲུབ། །རོ་སྨད་ཕྱོགས་སུ་བབ་པ་ནི། །དངོས་གྲུབ་ཕལ་རྣམས་འགྲུབ་པར་འགྱུར། །བར་གྱི་དཀུ་ལ་བབས་ན་ནི། །སྙིང་པོ་ལ་སོགས་འགྲུབ་པར་འགྱུར། །སྨད་དུ་

བབས་པར་གྱུར་ན་ནི། །མངག་གཞུག་ལ་སོགས་འགྲུབ་པར་འགྱུར། །རིམ་པ་དེ་དག་ཐམས་ཅད་ནི། །པདྨ་རྡོ་རྗེ་འཛིན་རིགས་ལ། །གོ་རིམས་བཞིན་དུ་ཤེས་བྱས་ལ། །དེ་བཞིན་ལྷ་རྣམས་གཞན་ལ་ཡང་། །དངོས་གྲུབ་རྣམ་པ་གསུམ་དུ་བཤད། །གལ་ཏེ་ལྷ་ཡི་
གཟུགས་དག་ལས། །རིང་དུ་མེ་ཏོག་ལྷུང་གྱུར་ན། །དེ་ཡིས་དངོས་གྲུབ་ཡུན་རིང་གྲུབ། །ཉེ་ན་དངོས་གྲུབ་མྱུར་དུ་འགྲུབ། །གསང་སྔགས་རྣམས་ནི་མཆོད་པ་དག །གང་དུ་བཀྲམ་པ་ཚུན་ཆད་ནི། །དེ་ཡི་ཉེ་འཁོར་དེ་ཡིན་ཏེ། །མེ་ཏོག་དེར་ལྷུང་དེ་ཡི་རིགས། །ལྷ་གཉིས་ཀྱི་ནི་
བར་དག་ཏུ། །གལ་ཏེ་མེ་ཏོག་ལྷུང་གྱུར་ན། །གལ་ཏེ་ཉེ་བར་གྱུར་པ་ནི། །དེ་ནི་དེ་ཡི་ཡིན་པར་བཤད། །གལ་ཏེ་དཀྱིལ་འཁོར་འདས་ནས་སུ། །ལ་ལའི་མེ་ཏོག་ལྷུང་གྱུར་ན། །དེ་ལ་དངོས་གྲུབ་ཕལ་འགྲུབ་ཅིང་། །འདི་ནི་དད་པའང་རབ་ཏུ་ཆུད། །གལ་ཏེ་མེ་ཏོག་དོར་བ་
དག །ར་བའི་རི་མོ་ལ་བབས་ན། །ཞི་བ་བྱས་ནས་དེ་ནས་གདོད། །ནན་ཏན་བསྐྱེད་དེ་འདོར་དུ་གཞུག །དེ་ཚེ་ཐེ་ཚོམ་གྱུར་ན་ནི། །མཁས་པས་བཟླས་ཏེ་དོར་མི་བྱ། །དེར་ནི་གར་ཡང་ངེས་མེད་པས། །དེས་ནི་དངོས་གྲུབ་ཐོབ་མི་འགྱུར། །གཉིས་ཀྱི་བར་དུ་མཉམ་པ་དང་། །དོན་
མེད་ཕྱི་རོལ་ལྟུང་ན་ནི། །ཞི་བའི་སྦྱིན་སྲེག་བྱས་ནས་ནི། །དེ་ནས་མེ་ཏོག་འདོར་དུ་གཞུག །སྙིང་པོར་མེ་ཏོག་བབས་ན་ནི། །རྟག་ཏུ་དོན་མེད་མི་འགྱུར་ན། །སྲད་བུ་དག་གིས་ཆོ་ག་བཞིན། །དེ་ཡི་ཉེ་འཁོར་ཤེས་པར་བྱ། །རིགས་གསུམ་ལ་ཡང་ཆོ་ག་བཞིན། །དཀྱིལ་འཁོར་རྣམ་
པ་གསུམ་དུ་བརྟག །ཇི་ལྟར་གྲགས་པའི་ཚུལ་དག་ལས། །གཙོ་བོ་རྣམས་ཀྱི་རིགས་ཀྱིས་བསྐྱེད། །གལ་ཏེ་མེ་ཏོག་དོར་བ་དག །མཆོད་པའི་སྟེང་དུ་བབ་གྱུར་ན། །དེ་ནི་རྒྱས་པའི་སྒྲུབ་པ་དག །ཁྱད་པར་དུ་ནི་ཤེས་པར་འགྱུར། །དཀྱིལ་འཁོར་གྱི་ནི་བདག་པོ་ལ། །གང་
གི་མེ་ཏོག་བབ་གྱུར་ན། །དེ་ནི་དེ་ཡི་ལས་རྣམས་ཀུན། །མྱུར་དུ་འགྲུབ་ཅིང་མཆོག་ཏུ་གྱུར། །སངས་རྒྱས་བཅོམ་ལྡན་འདས་ལ་ནི། །གང་གི་མེ་ཏོག་བབས་ན་ནི། །དེ་ལ་རིགས་གསུམ་གསང་སྔགས་ཀུན། །གདོན་མི་ཟ་བར་འགྲུབ་པར་འགྱུར། །པདྨ་ལ་ནི་རིགས་གཉིས་

འགྲུབ། །རྡོ་རྗེ་འཛིན་ལ་རང་རིག་ཉིད། །གལ་ཏེ་གཉིས་ལས་འདས་ནས་སུ། །གང་གི་གསུམ་པ་ལ་བབས་ན། །དཀྱིལ་འཁོར་དེ་ནས་དབྱུང་བར་བྱ། །ཡང་ན་དཀྱིལ་འཁོར་གཞན་དུ་གཞུག །དེ་ལ་སོགས་པའི་རྣམ་པ་ཡིས། །མེ་ཏོག་རྣམས་ནི་དོར་བ་ལས། །བདག་གི་མདུན་
དུ་མང་ལྷུང་བ། །དེ་ལ་ཞི་བ་བརྩམ་པར་བྱ། །སྦྱིན་སྲེག་གིས་ནི་ཞི་བྱས་ནས། །དེར་ནི་སླར་ཡང་འདོར་དུ་གཞུག །ལན་གསུམ་སྤོགས་ཏེ་བོར་ན་ཡང་། །གལ་ཏེ་ལེགས་པར་མ་བབས་ན། །རེ་ཐག་བཅད་དེ་སླར་བཏང་ངོ་། །ཞེས་གསུངས་པའོ། །དེ་ནས་སྔར་ཡོན་གྱིས་ལག་
པ་བཀང་སྟེ་ཞེས་གསུངས་པའོ། །ཡོན་བླ་མ་ལ་དབུལ་ཏེ། ཨོཾ་པྲ་ཏཱིཙྪ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་པའོ། །ལྷག་པའི་ལྷའི་དབང་གི་ངོ་བོ་མེ་ཏོག་དེ་སློབ་མའི་སྤྱི་བོར་བཞག་སྟེ། སེམས་དཔའ་སྟོབས་ཆེན་པོ། འདི་ཁྱོད་བཞེས་ཤིག་བརྗོད་པའོ། །དེ་ནས། ཨོཾ་རྡོ་རྗེ་སེམས་
དཔའ་དེང་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པ་སྟེ། །མིག་ནི་ཐམས་ཅད་འབྱེད་པར་མཛད། །རྡོ་རྗེ་མིག་ནི་བླ་ན་མེད། །ཨོཾ་བཛྲ་ཙཀྵུ་ཨུཏྐ་ཏ་ཡ་ཏི་ཞེས་བརྗོད་ཅིང་། གདོང་གཡོགས་དགྲོལ་ལོ། །དེ་ནས་གདོང་གཡོགས་བཀྲོལ་ནས་ནི། །སློབ་མ་དེ་ལ་འདི་སྐད་བསྒོ། །དཀྱིལ་
འཁོར་བཟང་པོ་འདི་ལྟ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འབྱོར་པ་ཐམས་ཅད་མངོན་དུ་འགྱུར། །རྟེན་དང་དངོས་གྲུབ་ཐམས་ཅད་ཀྱང་། །ཁྱོད་ལ་མངོན་དུ་ཕྱོགས་གྱུར་གྱིས། །དངོས་གྲུབ་ཐོབ་
ཕྱིར་དམ་ཚིག་སྐྱོངས། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་སོ། །དེ་ནས་སློབ་མས་དཀྱིལ་འཁོར་ལ་ཕྱག་གསུམ་བྱས་ལ་བསྐོར་བ་གསུམ་བྱས་ཏེ། རང་གི་ལྷ་ལ་མེ་ཏོག་སྙིམ་པ་གསུམ་དབུལ་ལོ། །དེ་ནས་སློབ་དཔོན་གྱིས་དེའི་སྔགས་ལན་བདུན་མེ་ཏོག་ལ་བཟླས་ཏེ། སློབ་མའི་
ལག་ཏུ་བྱིན་ལ་སློབ་མས་ཀྱང་ལན་བདུན་དེའི་སྔགས་བཟླས་ཏེ། ལྷ་ཁྱོད་བདག་གིས་མནོས་སོ་ཞེས་ལན་གསུམ་བཟླས་སོ། །དེ་ནས་ཞི་བའི་སྦྱིན་སྲེག་བྱ་སྟེ། མཐའ་མ་ནས་བརྩམས་ལ་དཀྱིལ་འཁོར་བསྟན་ཏེ། དེ་ནས་དེ་ལ་དཀྱིལ་འཁོར་ནི། །རབ་ཏུ་རྒྱས་པ་བསྟན་པར་བྱ། །

ཕྱག་རྒྱ་ཆེན་པོ་དག་ཀྱང་བསྟན། །ཞེས་གསུངས་སོ། །དེ་ལྟ་བུའི་སློབ་མ་གཞུག་པའི་ཆོ་ག་སྟེ། ཐེ་ཚོམ་ལ་སོགས་མི་བྱ་སྟེ། །ཞེས་བྱ་བའི་བར་གྱི་དམ་ཚིག་རྣམས་ནི་གོ་སླ་བས་མ་ཕྱེའོ། །བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་བྱ་བ་ལ། བདག་
གི་དེ་ཁོ་ན་ཉིད་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་དེ་ཙམ་ལ་འདིར་བདག་ཏུ་གདགས་པར་ཟད་དོ། །སྔགས་ཞེས་བྱ་བ་ནི་དེ་ཁོ་ན་ཞེས་ཚིག་ལྷག་མ་ཅན་དུ་བྱས་ཏེ། འདོད་པའི་ལྷ་རང་བཞིན་གྱིས་གྲུབ་པ་རྣམས་སོ། །སོགས་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པའམ། སེམས་དཔའ་
འབྱུང་བའི་རིམ་པས་བདག་ཉིད་ལྷར་བྱས་པ་ལྷའི་དེ་ཁོ་ན་ཉིད་དོ། །དེ་བས་ན་འདིར་ཡེ་ཤེས་དབབ་པ་དང་། མངོན་པར་བྱང་ཆུབ་པ་དག་ནི་བདག་གི་དེ་ཁོ་ན་ཉིད་ཡིན་ལ། མངོན་པར་བྱང་ཆུབ་པ་བཞི་ཡན་ལག་དང་བཅས་པ་ནི་ལྷའི་དེ་ཁོ་ན་ཉིད་ཡིན་ནོ། །དེ་བཞིན་ཞེས་བྱ་བ་ནི། དེ་ཁོ་ན་
ཉིད་གསུམ་པོ་འདི་ལ་ཡང་ཡིད་གཉིས་ལ་སོགས་པ་དང་སྨད་པར་མི་བྱའོ་ཞེས་བྱ་བའོ། །མོས་པ་བརྟན་དང་ལྡན་པས་དམ་བཅས་ནས། །ཞེས་བྱ་བ་ནི། མོས་པ་དང་ལྡན་པ་ཉིད་བརྟན་པ་སྟེ། མོས་པ་ནི་མི་འཕྲོགས་པའི་ལས་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་དམ་བཅས་ནས་དབང་
བསྐུར་ན་མོས་པ་མེད་པ་དད་པ་ཙམ་གྱིས་འཇུག་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་འཕགས་པ་དེ་ཁོ་ན་ཉིད་འདུས་པ་ལས། དེ་ནས་གསང་བ་ཐོབ་པ་ཡིན་པས། །དེ་ལས་དང་པོར་མནའ་འདིའི་སྙིང་པོ་བརྗོད་པར་བྱ་སྟེ་ཞེས་གསུངས་པ། དེ་ཉིད་ཀྱི་རྒྱ་ཆེར་བཤད་པ་ལས་ཀྱང་།
གསང་བ་ཐུབ་པ་ཡིན་པར་ཞེས་བྱ་བ་ནི། གསང་བར་བྱ་བའི་དོན་གང་ཡིན་པ་སྲོག་གི་ཕྱིར་ཡང་སུ་ལའང་མི་སྨྲ་བ་སྟེ། དེ་ལྟ་བུའི་བརྟན་པ་དང་ལྡན་པའི་སེམས་ཅན་ནི་གསང་བ་ཐུབ་པ་ཞེས་བྱའོ། །དེ་ལ་དང་པོར་མནའི་སྙིང་པོ་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། དེ་ལྟ་བུའི་
སེམས་ཅན་ལ་ཡང་གྱ་ཚོམ་དུ་བསྟན་པར་མི་བྱའི། མནའ་ཡང་བསྒྲགས་ཏེ་བསྟན་པར་བྱའོ་ཞེས་བཤད་དོ། །དེ་བས་ན་གསང་བ་བླ་ན་མེད་པའི་ལམ་འདི་ནི་རབ་ཏུ་ཡང་འབད་པས་བརྟགས་ཤིང་བསྟན་པར་བྱས་ལ་སྦྱིན་ནོ། །དེ་བས་ན། གསང་བ་ཟླ་བའི་ཐིག་ལེ་ལས། །དེ་བཞིན་

གཤེགས་པ་ཐམས་ཅད་ལ། །གསང་བ་ཡི་ནི་དཀྱིལ་འཁོར་འདི། །ཅི་སྟེ་རྨོངས་པས་སྨྲས་བྱས་ན། །སློབ་དཔོན་གྱི་ནི་དམ་ཚིག་ཉམས། །མྱུར་དུ་ཟླ་བ་ཕྱེད་ཚུན་ཆད། །བསྟན་པས་རྣམ་པར་འཇོག་པར་འགྱུར། །དང་པོར་དམ་ཚིག་གཞག་བྱ་སྟེ། །གསང་བའི་དཀྱིལ་འཁོར་
བསྟན་པར་བྱ། །གཞན་དུ་བྱས་ན་དཔའ་བོ་རྣམས། །དམྱལ་བར་བསྐལ་པ་གྲངས་མེད་སྨིན། །ཞེས་གསུངས་སོ། །དེ་ནས་དབང་བསྐུར་བར་བྱ་སྟེ། དཀྱིལ་འཁོར་ཆེན་པོའི་ནུབ་ཏུ་བར་དུ་ཁྲུ་དོས་ཆོད་པར་དབང་བསྐུར་བའི་དཀྱིལ་འཁོར་ཆེན་པོའི་སྙིང་པོའི་ཕྱེད་ཀྱི་ཚད་ལ་ལྟེ་བའི་
ལྷའི་མཚན་མ་བཀོད་པ། མེའི་འོད་ཀྱི་བར་དུ་རྫོགས་པར་བྱས་པ་དེར། ཁྲིའམ་ཁྲིའུ་ལ་སྟན་བཟང་པོ་བཏིང་བར་སློབ་མ་རྒྱན་མ་ལུས་པས་བརྒྱན་ལ་བཞག་སྟེ། རྒྱལ་བ་དང་བཀྲི་ཤིས་པ་བྱས་ལ་དབང་བསྐུར་རོ། །དེ་ལྟར་ཡང་། སློབ་མ་ལ་ལ་བརྟགས་པ་དག །གལ་ཏེ་དབང་
བསྐུར་འདོད་པ་ལ། །དབང་བསྐུར་བ་ཡི་དཀྱིལ་འཁོར་ནི། །ཕྱེ་མ་དཀར་པོས་བྲི་བར་བྱ། །དཀྱིལ་འཁོར་དག་དང་རྗེས་མཐུན་པར། །སྟེགས་བུ་གྲུ་བཞིར་བྱས་ནས་སུ། །དེ་ཡི་དབུས་སུ་ཚོན་སྣ་ལྔས། །པདྨ་ཡོངས་སུ་རྫོགས་པར་བྲི། །བཀྲ་ཤིས་ལ་སོགས་མཚན་མ་རྣམས། །
དེར་ནི་ཇི་ལྟར་འདོད་པ་བྲི། །བཀྲ་ཤིས་ཕྱིར་ནི་གང་བསྟན་པ། །ཡང་ན་དངོས་སུ་དགོད་པར་བྱ། །ཞེས་གསུངས་ལ། ཡང་གསུངས་པ། སློབ་མ་དབང་བསྐུར་འོས་རིགས་ནས། །ཆོ་ག་འདིས་ནི་ནན་ཏན་དུ། །དབང་བསྐུར་བ་ཡི་ཆོ་ག་བྱ། །ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །བཏབ་
པའི་སྟན་ནི་གསར་གཞག་སྟེ། །བཀྲ་ཤིས་ལ་སོགས་ཀུན་བྱས་ནས། །བསྲུང་བ་ནན་ཏན་ཆེར་བྱ་སྟེ། །དཀྱིལ་འཁོར་གྱི་ནི་སྔགས་ཟློས་ཤིང་། །གདུགས་ནི་དཀར་པོ་བཟང་པོ་ལ། །མེ་ཏོག་ཕྲེང་བ་བཟང་པོས་བརྒྱན། །རས་ཕྲན་དཀར་པོ་འཕྱངས་པ་གཅིག །སྤྱི་བོའི་སྟེང་དུ་གཟུང་
བར་བྱ། །སློབ་མས་ཡོན་ནི་ཆེར་འབུལ་ཞིང་། །བླ་མ་བསྙེན་བཀུར་བྱས་པ་དག །སྟན་དེ་ལ་ནི་བཞག་ནས་སུ། །སྔགས་ཀྱིས་སྐྱོན་བསལ་བཀྲ་ཤིས་བྱ། །བདུག་སྤོས་ལེགས་པར་སྦྱར་བ་ཡིས། །བདུག་པ་ཁྲོ་བོའི་རྒྱལ་པོས་བདུག །རྔ་ཡབ་ལ་སོགས་དག་ཀྱང་གཟུང་། །རྔ་མའི་

བསིལ་ཡབ་བདུག་སྤོས་དང་། །ཞོ་དང་འོ་མ་གོས་ཀྱིས་བཀང་། །འདི་རྣམས་ཀུན་ཀྱང་བཤམས་ཏེ་དགོད། །དེ་བཞིན་བུམ་པ་བཞི་རྣམས་དགོད། །གླུ་དང་སིལ་སྙན་རྔ་སྒྲ་བསྒྲགས། །ཤིན་ཏུ་བཀྲ་ཤིས་ཚིགས་བཅད་བསྒྲགས། །དེ་བཞིན་བཀྲ་ཤིས་ཆེད་དུ་བརྗོད། །
ཆོ་ག་རྒྱས་པ་བྱས་ནས་ནི། །དེ་ལ་སོགས་པར་འདོད་བྱས་ནས། །ཡིད་ཀྱིས་དཀྱིལ་འཁོར་ལྷ་ཀུན་ལ། །མཁས་པས་གསོལ་བ་བཏབ་ནས་ནི། །བུམ་པ་བཟླས་བརྗོད་བརྒྱ་བྱས་པ། །དེ་ནི་ལེགས་པར་བླངས་ནས་སུ། །དཀྱིལ་འཁོར་དལ་བུས་ལན་གསུམ་བསྐོར། །རྩ་བའི་གསང་
སྔགས་ཀུན་འདོན་ཅིང་། །བློ་དང་ལྡན་པས་དབང་བསྐུར་བྱ། །དེ་ནས་ཕྱག་རྒྱ་བཅིངས་ནས་སུ། །གསང་སྔགས་ཟློས་ཤིང་སྤྱི་བོས་གཏུགས། །ཞེས་གསུངས་པ་སྟེ། འདིར་སྡོམ་པ་གང་ཡང་མི་འཛིན་པ་དེ་ནི། འཇུག་པ་ཙམ་བྱའི་དབང་གང་ཡང་མི་བསྐུར་རོ། །ཐུན་མོང་གི་སྡོམ་པ་
འཛིན་པ་ལ་ནི་གསང་བའི་དབང་གི་མཐར་ཐུག་པ་བསྐུར་ལ་ཁྱད་པར་གྱི་སྡོམ་པ་འཛིན་པ་ལ་ནི་ཐབས་དང་ཤེས་རབ་ཀྱི་དབང་གི་བར་དུ་བསྐུར་ཞིང་། དབང་དམ་པ་དེ་ཐོབ་པའི་བྱ་བ་ཡང་ལུང་དེ་ཉིད་ལས་གསུངས་པ། དེ་ལྟར་དབང་བསྐུར་བྱས་ནས་ནི། །དེ་ལྟར་སར་པའི་གོས་རྣམས་བསྐོན། །
མེ་ཏོག་དྲི་ལ་སོགས་པས་མཆོད། །མཆོད་ཕྱིར་ཐོགས་དང་གདུ་བུར་བཅས། །དེ་ནས་བླ་མ་བདག་ཉིད་ཀྱིས། །དེ་ཡི་སྤྱི་བོར་གདུགས་ཀྱང་བཟུང་། །ཐལ་མོ་སྦྱར་བ་བྱས་ནས་ནི། །དཀྱིལ་འཁོར་ལེགས་པར་བསྐོར་དུ་གཞུག །གདུགས་དང་བཅས་པར་སྒོ་ཕྱོགས་སུ། །སྤྱི་བོས་
བཏུད་དེ་ཕྱག་འཚལ་གཞུག །སློབ་མ་འདི་ནི་ཕུལ་བ་ལགས། །གསང་སྔགས་རྒྱུད་ནི་འཛིན་པར་འགྱུར། །མཁན་པོས་དེ་སྐད་སྨྲས་ནས་སུ། །གདུགས་བཞག་ནས་ནི་སློབ་མ་དེ། །ལག་པས་ལེགས་པར་བླང་བར་བྱ། །དེ་ནས་འདི་སྐད་བསྒོ་བར་བྱ། །ད་ནི་དཀྱིལ་འཁོར་སློབ་དཔོན་གྱུར། །
སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱང་ནི་ཀུན་གྱིས་བཀུར། །སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱོས། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། ཞེས་སོ། །དེ་ནས་རྡོ་རྗེའི་བརྟུལ་ཞུགས་སྦྱིན་ཏེ། ཧཱུཾ་ལས་བྱུང་བ་རྡོ་རྗེ་

འདོད་པའི་རྒྱལ་པོས་ལྷ་རྣམས་བསྟིམས་པ་འདི་སྦྱིན་ཏེ། འདི་ནི་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ལག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །དེ་སློབ་མས་ལག་ཏུ་བཟུང་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་
ཥ་སྟྭཾ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧི་ཧཱུཾ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །ཅེས་བརྗོད་དོ། །དེ་ནས་ཨཱཿལས་བྱུང་བའི་དྲིལ་བུ་འདོད་པའི་རྒྱལ་པོས་སངས་རྒྱས་ཐམས་
ཅད་བསྟིམས་པ་འདི་སྦྱིན་ནོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་སྒྲ་ཡི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་པས་སོ། །དེས་བཟུང་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱི་སྲིད་བྲལ་
བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ནི་བྱེད་པ་ཡིན། །ཞེས་པས་གསིལ་ལོ། །དེ་ནས། སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་བསྲུངས། །འདོད་པའི་
ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བརྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །རང་དང་གཞན་ལ་མཆོད་པར་བྱ། །ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་འགྱུར་བའི་ཚེ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་
ནུས། །ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །བསོད་ནམས་བྱིན་རླབས་ཀྱིས་བསྒྲུབས་པ། །དངོས་གྲུབ་ཀུན་གྱི་དབང་ཕྱུག་འགྲུབ། །སེམས་ཅན་དོན་རྣམས་བརྟན་པར་བྱེད། །ཡིད་ཀྱི་གཟུགས་ནི་བརྟན་པའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཡིན་པར་བཤད། །གང་ཕྱིར་གཟུགས་
ཀུན་བརྟན་གྱུར་པ། །དེ་ནས་ཕྱག་རྒྱ་རབ་ཏུ་བསྒྲགས། །ཞེས་པས་ཕྱག་རྒྱའི་དམ་ཚིག་སྦྱིན་ནོ། །དེ་ནས་ཚུལ་ཇི་ལྟ་བ་དང་ལྡན་པས། ཨོཾ་འདིར་ནི་ངས་ཁྱོད་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་

བཏོན། །ཀྱེ་རྡོ་རྗེ་ཞེས་བྱ་དེ་བཞིན་གཤེགས། །གྲུབ་པ་སྲིད་པ་གསུམ་གྱི་བདག །འདི་ཡིས་ལུང་བསྟན་བྱས་པ་ཡིས། །སྔགས་པ་འགྲོ་བ་ཀུན་བདག་ཡིན། །ཞེས་པས་ལུང་བསྟན་ཏོ། །ཡན་ལག་དེ་དག་ནི་གསང་བའི་དབང་གི་བར་དུ་ཐོབ་པ་ལ་བྱ་ཞིང་། དེ་ནས་དབང་
དམ་པ་ཐོབ་པའམ་མ་ཡིན་ཡང་རབ་ཏུ་སྣོད་དུ་རུང་བ་ལ་དབུགས་འབྱུང་སྟེ། མཆོག་གསང་དཀྱིལ་འཁོར་དམ་པ་ནི། །མཐོང་བ་དང་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་ངེས་གྲོལ་བར། །ཁྱེད་རྣམས་དེང་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཁྱེད་
འཆི་བ་ཡོད་མིན་ཏེ། །མི་ཚུགས་པ་དང་མི་གསོད་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱེད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པའི་མཆོག་ཏུ་གྱུར་པ་ཡིན། །དམ་ཚིག་སྡོམ་པ་གྲུབ་པ་
འདི། །རྟག་ཏུ་ཁྱོད་ཀྱིས་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་དཀའ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །རྡོ་རྗེ་བདུད་རྩིའི་ཕྱག་རྒྱ་གང་། །བྱང་ཆུབ་སེམས་ནི་གཏང་མི་བྱ། །དམ་པའི་
ཆོས་ནི་ནམ་དུ་ཡང་། །དོར་བ་དག་ཏུ་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །རྣམ་པར་དབྱེ་བ་བྱ་བ་མིན། །བདག་ཉིད་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ་ཀྱིས་ནི་མི་གདུངས་ཤིང་། །ཅི་བདེ་བར་ནི་རབ་ཏུ་གཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་
བུའི་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་མི་འདོར་ཞིང་། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་མཚུངས་བླ་མ་ནི། །སློབ་པའི་དཔོན་ལ་གོང་སྨད་པ། །དེ་ནི་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་འཐོབ་འགྱུར་
ཏེ། །རིམས་དང་གདོན་དང་ཡམས་ནད་དང་། །ཉེར་འཚེ་ཆོམ་རྐུན་ལ་སོགས་པས། །བླ་མའི་ཞབས་ལ་སྨོད་པ་ཡི། །རྨོངས་ཆེན་དེ་ནི་གསོད་པར་བྱེད། །རྒྱལ་པོའི་གྱོད་དང་མེ་དང་སྦྲུལ། །རྐུན་པོ་ཆུ་དང་མཁའ་འགྲོ་དང་། །བགེགས་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་

ནས་སེམས་དམྱལ་ལྟུང་བར་འགྱུར། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བླ་མ་ཆེ། །དགེ་བ་རབ་ཏུ་མི་སྤྱོམས་པར། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་དེ་ལ་གུས་པས་ཡོན། །རྗེས་སུ་མཐུན་པར་དབུལ་བར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིན་ཆད་
འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་བསྒྲུབས། །རྟག་ཏུ་དེ་བཞིན་གཤེགས་རྣམས་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་ཕུལ་བསོད་ནམས་ཚོགས་ཡིན་པས། །ཚོགས་ལས་བྱང་ཆུབ་བླ་མེད་པའོ། །དེ་ཕུལ་སངས་རྒྱས་
ཐམས་ཅད་ལ། །རྟག་ཏུ་ཕུལ་བ་ཉིད་དུ་འགྱུར། །གང་ཕྱིར་འདི་ནི་ལེགས་གནས་པས། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །དམ་ཚིག་ལྷ་རྣམས་ཀུན་མཉམ་པར། །གནས་པར་གྱུར་པར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱིས་ཚེ་ལྡན་དབང་བསྐུར་ཏེ། །ཁམས་
གསུམ་རྒྱལ་པོའི་སྲིད་ཆེ་ཡིས། །རྒྱལ་པོ་བདག་པོ་བརྟན་པ་ཡིན། །དེ་ནི་བདུད་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེང་ཉིད་ཐོབ་པར་ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་བཟད་བདེ་སྐྱིད་བསྟེན་པར་གྱིས། །
འགྲོ་བ་མྱུར་དུ་བདེ་བ་འདོད་པ་ཐམས་ཅད་ལ། །རྡོ་རྗེ་སེམས་དཔའ་དང་མཚུངས་རྟག་པར་རྟོགས་པར་འགྱུར། །ཞེས་པས་སོ། །དེ་ནས་ཆོས་བསྟན་པར་བྱ་བ་ནི། སྙིང་པོ་བསྙེན་པ་སོགས་གྲགས་པས། །ཕྱག་རྒྱ་ཆེ་ལ་གནས་བྱ་ཞིང་། །དམ་ཚིག་འདོད་ཆགས་གཟུགས་སོགས་པས། །
གསང་སྔགས་བཟང་པོ་བཟླས་པར་བྱ། །རང་ལྷག་ལྷ་ཡི་སྦྱོར་བ་ཡིས། །རང་རིག་དེ་ཡི་རང་བཞིན་གྱི། །ཕྱོགས་དུས་ཀུན་ན་བཞུགས་པ་ཡིས། །གཞན་དང་རང་ལའང་མཆོད་པར་བྱ། །དཀའ་ཐུབ་སྨྱུང་བ་བུད་མེད་རྣམས། །བསྟེན་པས་གྲུབ་པར་མི་འགྱུར་ཏེ། །མི་སྣང་མངོན་ཤེས་མཁའ་
སྤྱོད་ཀྱི། །དངོས་གྲུབ་ལུས་སེམས་དག་ལས་བྱུང་། །དེ་བས་སངས་རྒྱས་བྱང་ཆུབ་སེམས། །སྔགས་ཀྱི་སྤྱད་མཆོག་སྤྱོད་པ་རྣམས། །འདོད་པ་ཀུན་ལ་ཉེར་བསྟེན་ཅིང་། །ཆོས་ཀྱི་ཡི་གེ་མཆོག་བརྙེས་ཡིན། །ཞེས་པས་སོ། །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི། དཀྱིལ་འཁོར་ཡེ་ཤེས་སྣང་བ་

སྟེ། །གྲུ་བཞི་བྱམས་སོགས་བཞི་ཐིག་ནི། །ཆོས་རྗེས་དྲན་པ་ལྟ་ངན་སྤངས། །ངོ་ཚ་ཁྲེལ་ཡོད་དང་དབང་སོགས། །ར་བར་བཤད་དེ་རྣམ་ཐར་སྒོ། །ཡང་དག་སྤོང་བཞི་རྟ་བབས་ཏེ། །དྲན་བཞི་ཁྱམས་ཏེ་རྫུ་འཕྲུལ་རྐང་། །བཞི་པོ་སྒོ་ཁྱུད་བྱང་ཆུབ་ལམ། །མེ་ཏོག་ཕྲེང་བ་ལམ་གཉིས་
ནི། །དྲ་བ་དྲ་བ་ཕྱེད་བཤད་ཅིང་། །དེ་བཞིན་གཤེགས་ལམ་རྔ་མོ་གོས། །རྩེ་དྲིལ་གསུང་རབ་ཡན་ལག་སྟོན། །ཀ་བ་འཕགས་ལམ་བུམ་པ་ཚོགས། །གདུང་སེལ་སྨིན་བྱེད་ཉི་ཟླ་སྟེ། །པདྨ་མ་ཆགས་ཆོས་འཁོར་ལོ། །རྡོ་རྗེ་ར་བ་མེ་འོད་ནི། །གདུག་པ་སྲུང་བ་ཡིན་པར་ཤེས། །ཞེས་པས་སོ། །
ལྷའི་དེ་ཁོ་ན་ནི་བདག་བསྒྲུབ་པ་ལ་འཇུག་པར་ཤེས་པར་བྱ་སྟེ། ཕྱི་རོལ་དང་ནི་ཤིན་ཏུ་ཕྱི་རོལ་གྱི་ལྷ་རྣམས་ལ་ནི། དེ་ཁོ་ན་ཕྱེ་སྟེ་མ་གསུངས་སོ། །དེ་ལྟར་གཞུང་གཞན་ལ་བརྟེན་པས་དབང་གི་བྱ་བ་སྤྱིར་བསྟན་ནས། ད་ནི་རང་གི་གཞུང་གི་དབང་བསྟན་པའི་ཕྱིར། སརྦ་བིད་ཀྱིས་ཇི་ལྟར་དབང་
བསྐུར་ཏེ། །ཞེས་བྱ་བ་ནི། སརྦ་བིད་བཅུས་ཡུངས་ཀར་དཀར་པོ་གསེར་གྱི་སྣོད་དུ་གནས་པ་ལ་མང་དུ་བཟླས་ཏེ་སློབ་མའི་སྤྱི་བོར་བྱིན་པས། དེའི་འོད་ཟེར་གྱིས་ལུས་ཁྱབ་པས་མ་རིག་པ་དང་བྲལ་ཏེ། ཡེ་ཤེས་བཞི་ཐོབ་པར་བསམ་མོ། །འདི་ནི་ཐམས་ཅད་རིག་པའི་དབང་མ་རིག་པ་
འཇོམས་པ་སྟེ་དང་པོའོ། །བུམ་པ་ལ་སོགས་ཇི་སྙེད་མང་ཐོགས་པར། །བཅུ་པོ་རྣམས་ཀྱིས་ཅི་དགར་དབང་བཅུ་བསྐུར། །ཞེས་བྱ་བ་ནི་བརྡུངས་པའམ་བརྐོས་པའམ། བྲིས་པའི་དབུ་རྒྱན་ལ། ཟླ་བའི་སྟེང་དུ་ས་བོན་ལྔ་བོ་བྲཱུཾ་ཧཱུཾ་ཨཱཾ་ཛྲཱིཾ་ཁཾ་ཞེས་པ་ལས་བྱུང་བའི་དེ་བཞིན་གཤེགས་པ་ལྔ་
པོ་ཇི་ལྟར་དགའ་བའི་མདོག་དང་དབྱིབས་ཅན་རང་རང་གི་རིགས་ཀྱི་མཚན་མ་ལས་བྱུང་བ་རྣམས་ལ། དེ་དང་འདྲ་བའི་དེ་བཞིན་གཤེགས་པ་རྣམས་བསྟིམས་ལ། ཇི་སྐད་གསུངས་པའི་སྔགས་ལྔས་བྱིན་གྱིས་བརླབས་ཏེ། དབུ་རྒྱན་དུ་གྱུར་པར་བསམས་ལ། སློབ་མའི་མགོ་ལ་བཅིང་ངོ་། །དེ་
ནས་སྔར་ཇི་ལྟར་བྱིན་གྱིས་བརླབས་པའི་བུམ་པ་ལ་སོགས་པ་རྣམས་ལས་བརྩམས་ཏེ། རང་རང་གི་སྔགས་བརྗོད་པའམ། བུམ་པ་ལྔའམ་གཅིག་ལས་མེད་ན་ཇི་ལྟར་བསྟན་པའི་སྔགས་ཀྱིས་བྱ་སྟེ། དབུ་རྒྱན་གྱི་གནས་ལྔར་བུམ་པའི་ཆུ་ཅུང་ཟད་བླུགས་ཤིང་བཏུང་བ་ཡང་བྱའོ། །བུམ་

པས་ཀྱང་རེག་པར་བྱ་སྟེ། ཁ་ཅིག་ན་རེ་བུམ་པ་ཇི་སྙེད་ཡོད་ཀྱང་བུམ་པ་རྣམས་མི་བཏེག་གི། །མཆོད་ཡོན་གྱི་སྣོད་དུ་ཆུ་བསྡུས་ལ་དེས་སྔགས་ལྔ་ཟློས་ཤིང་དབང་བསྐུར་རོ་ཞེས་ཟེར་ཏེ། འདི་ལ་ཡང་བླ་མའི་ལུང་གིས་མ་གནང་བ་མེད་དོ། །དེ་ནས་རིན་པོ་ཆེའམ་མེ་ཏོག་གི་ཕྲེང་བ་ཟླ་བ་དང་།
ཏྲཱཾ་ལས་བྱུང་བའི་རིན་པོ་ཆེ་དེ་ལ། དེ་དང་འདྲ་བ་མང་པོ་བསྟིམས་ཏེ་མཐར་ཕྲེང་བར་བྱས་ལ་རང་གི་སྔགས་བཟླས་པས་སྦྱིན་ནོ། །དེ་ཡང་དབུས་ཀྱི་ཆ་བས་དམའ་བ་ཙམ་དུ་བཅིང་ངོ་། །དེ་ནས་དར་དཀར་པོ་སྔོན་བསྟན་པ་ལྟ་བུ་ཟླ་བ་དང་ཏྲཱཾ་ལས་རིན་ཆེན་ཏོག་ཏུ་བསྐྱེད་ལ། དེ་དང་འདྲ་བ་
རྣམས་བསྟིམས་ཏེ། མཇུག་ཏུ་དར་ཉིད་དུ་གྱུར་པས་དབུ་རྒྱན་གྱི་རྩ་བ་ནས་ལན་མང་དུ་སྔགས་ཟློས་ཤིང་བཅིངས་ལ། རྣ་ལྟག་གཉིས་སུ་མདུད་པ་སོར་བཞི་བཞི་ཙམ་གྱེན་དུ་དྲངས་ལ། རྩེ་མོ་འཕྱང་བས་སྟ་ཟུར་གཉིས་ནས་བྱིན་པར་སླེབས་པ་ཙམ་དུ་འཕྱང་དུ་གཞུག་གོ། །དེ་ནས་རིགས་ལྔའི་ལས་ཀྱི་
ཕྱག་རྒྱ་སློབ་མའི་སྤྱི་གཙུག་དང་། མཚོགས་མ་དང་རྣ་ལྟག་གཡས་པ་དང་ལྟག་པ་དང་། རྣ་ལྟག་གཡོན་པ་དག་ཏུ་རེག་ཅིང་རང་རང་གི་སྔགས་བཟླས་སོ། །དེ་ནས་སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་སློབ་མའི་མགོ་ལ་བཞག་སྟེ། ལྷ་གང་ལ་མེ་ཏོག་བབས་པ་དེའི་མཚན་མ་དང་ཀྱེ་རྡོ་རྗེ་ཞེས་བྱ་
བས་དྲངས་ལ་རང་གི་སྔགས་རྗེས་སུ་བཟླས་པ་བྱའོ། །དེ་ནས་སྣ་ཚོགས་རྡོ་རྗེ་ཟླ་བ་དང་ཁཾ་ལས་བྱུང་བའི་དོན་ཡོད་གྲུབ་པ་ལ་དེ་དང་འདྲ་བ་རྣམས་བསྟིམས་ཏེ། མཇུག་ཏུ་གྱུར་པ་ལས་བྱུང་བ་རང་གི་སྔགས་ཀྱིས་སློབ་མའི་ལག་ཏུ་སྦྱིན་ནོ། །དེ་ནས་རིན་པོ་ཆེ་སྣ་བདུན་ཐོགས་ལ་ཕ་རོལ་ཕྱིན་པ་
རྟགས་འབྱུང་འཁོར་ལོ་ཡིན་ཏེ་གླང་པོ་མངོན་པར་ཤེས་པ་མཆོག །ཡེ་ཤེས་རྫུ་འཕྲུལ་རྟ་སྟེ་ཆགས་མེད་འགྲོ་བ་ཤེས་རབ་ནོར་བུ་དམ་པ་ཡིན། །སྤྱོད་པ་བཙུན་མོ་བཟང་མོ་བསྡུ་བ་རྣམ་པ་བཞི་པོ་ཁྱིམ་བདག་དམ་པའོ། །ཐབས་ལ་ཤིན་ཏུ་མཁས་པ་བློན་པོ་ཡིན་ཏེ་མཁས་པ་དེ་དག་འཁོར་ལོས་
སྒྱུར། །ཞེས་འཕགས་པ་སྡོང་པོས་བཀོད་པ་ལས་གསུངས་པའི་ཡོན་ཏན་རྣམས་ཐོབ་པར་བྱ་བའི་ཕྱིར། སློབ་མའི་ལག་ཏུ་རང་རང་གི་སྔགས་ཀྱིས་སྦྱིན་པར་བྱའོ། །དེ་ནས་འཁོར་ལོ་རྐང་པའི་བར་དུའོ། །དུང་གཡས་ཀྱི་ལག་ཏུའོ། །དྲིལ་བུ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ་རྒྱུད་འདི་ཉིད་ཀྱི་

གླེགས་བམ་ལག་པ་གཡོན་དུ་བྱིན་ལ་རང་གི་སྔགས་བརྗོད་དོ། །དེ་ནས་རྡོ་རྗེ་དབྱིངས་དབང་ལ་སོགས་པའི་ལྷ་མོ་ལྔའི་ཕྱག་རྒྱ་བཅིངས་ཏེ་སློབ་མའི་སྙིང་ག་དང་མགྲིན་པ་དང་དཔྲལ་བ་དང་མཚོགས་མ་དང་སྤྱི་གཙུག་ཏུ་རིག་པ་ལ་རང་རང་གི་སྔགས་བརྗོད་དོ། །དེ་ནས་སངས་རྒྱས་ལྔའི་
དམ་ཚིག་གི་ཕྱག་རྒྱ་སློབ་མའི་གནས་ལྔར་བཅིངས་ལ། རང་རང་གི་སྔགས་བརྗོད་དོ། །དེ་ལ་དབང་བཅུ་གཅིག་ཉིད་ལ། ཇི་ལྟར་ན་དབང་བཅུ་བསྐུར་ཞེས་གསུངས་ཤེ་ན། བདེན་མོད་ཀྱི་འོན་ཀྱང་འཁོར་ལོས་སྒྱུར་བ་གཉིས་སོ་སོ་ཡིན་དུ་ཟིན་ཀྱང་འཁོར་ལོས་སྒྱུར་བ་ཞེས་བྱ་བར་གཅིག་པས་
བསྡུས་ཏེ་གཅིག་ཏུ་བསྟན་པས་བཅུའོ། །ཁ་ཅིག་ན་རེ་འཁོར་ལོས་སྒྱུར་བའི་སྔགས་གོང་མ་ནི། རྒྱལ་པོ་དབང་བསྐུར་བ་རིན་པོ་ཆེ་བདུན་པོ་ཕལ་པའི་སྔགས་ཡིན་ཏེ་གནས་མ་ཡིན་པར་སྔགས་བསྟན་པའི་སྐབས་སུ་ཞར་ལས་བསྟན་པ་སྟེ། དེ་ལྟར་ན་དབང་བཅུ་ཞེས་ཟེར་རོ། །ཁ་ཅིག་ན་རེ་
བཅུ་ལ་སོགས་པ་ནི་བཅུའོ་ཞེས་ཟེར་རོ། །དེ་ནས་ལག་ཏུ་དྲིལ་དང་རྡོ་རྗེ་སྦྱིན། །ཞེས་བྱ་བ་ནི་ཧཱུཾ་དང་ཨཱཿལས་བྱུང་བའི་རྡོ་རྗེ་དང་དྲིལ་བུ་རང་རང་གི་སྔགས་བཟླས་པ་སློབ་མའི་ལག་ཏུ་བྱིན་ལ། ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་སྦྱིན་ཏེ། རང་རང་གི་སྔགས་བཟླས་སོ། །འདི་ནི་ཕྱིར་མི་
ལྡོག་པའི་དབང་སྟེ། དབང་འདི་ཉིད་ལ་སངས་རྒྱས་ཐམས་ཅད་བསྡུ་བ་དང་། བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་བླ་མའི་ལུང་གིས། དབང་པོར་བྱས་ལ་གནང་བ་སྦྱིན་པ་ལ་སོགས་པ་བྱའོ། །ཁ་ཅིག་ན་རེ་ཚིག་འདི་ནི་རྡོ་རྗེ་བརྟུལ་ཞུགས་སྟོན་པའོ་ཞེས་ཟེར་རོ། །ཅི་དངོས་གྲུབ་འདོད་
པའི་སྔགས་འབའ་ཞིག་དབང་བསྐུར་རམ་སྙམ་པ་ལ། འཁོར་ལོ་ལ་སོགས་རིན་ཆེན་བདུན་ཐོགས་ཏེ། །མི་ཡི་དབང་ཕྱུག་འཁོར་ལོ་ཐོགས་པ་དང་། །སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ། །ཞེས་གསུངས་ཏེ། ཁམས་ཀྱི་རྒྱལ་པོས་འཁོར་ལོས་སྒྱུར་བ་ཐོབ་པར་བྱ་བའི་ཕྱིར་ཡང་སློབ་
དཔོན་གྱིས་རིན་ཆེན་སྣ་བདུན་གྱི་གཟུགས་བརྙན་ཐོགས་ལ། དང་པོ་རྣམ་རྒྱལ་བུམ་པ་ཐོགས་པ་དང་བཀྲ་ཤིས་བརྗོད་དོ། །དེ་ནས་བུམ་པ་བཟང་པོས་དབང་བསྐུར་བའི་ཁྲུས་བྱས་ལ། དེ་ཡི་འོག་ཏུ་རིན་པོ་ཆེ་སྣ་བདུན་དང་། ཉེ་བའི་རིན་པོ་ཆེ་སྣ་བདུན་ནི་ལྷམ་དང་། རལ་གྲི་དང་པགས་པ་དང་ཁྱིམ་

དང་། སྐྱེད་མོས་ཚལ་དང་། གོས་དང་། སྟན་རྣམས་དང་། དཔལ་བེའུ་དང་། པདྨ་དང་། ཉ་དང་། དུང་དང་། བུམ་པ་དང་། གདུགས་དང་། རྒྱལ་མཚན་དང་། འཁོར་ལོ་དང་། ཡང་ཡུངས་ཀར་དང་། ཞོ་དང་། རྩ་དུཪྺ་དང་། ལི་ཁྲི་དང་། མེ་ལོང་དང་། ཤིང་བིལ་བའི་འབྲས་བུ་དང་གི་ཝང་དག་ཀྱང་སྦྱིན་
ཏེ་འཇིག་རྟེན་ན་བཀྲ་ཤིས་པར་གྲགས་པ་རྣམས་སོ། །དེར་ཡང་བཀྲ་ཤིས་བརྒྱད་པ་འདོན་ཞིང་། འདིར་གསུམ་ལ་སྐྱབས་སུ་འགྲོ་བ་དང་མཆོད་པ་ལ་སོགས་པའི་ཡན་ལག་བདུན་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱས་ནས་འཇིག་རྟེན་པའི་དབང་འདི་དག་བསྐུར་གྱི་གཞན་དུ་ནི་མ་ཡིན་
པས་ན་འདི་ལ་ཡང་སྡིག་པ་གཞོམ་ཕྱིར་ཞེས་གསུངས་སོ། །ཁ་ཅིག་ན་རེ་ཚིག་འདི་ནི་དབང་བཅུ་བསྐུར་ཞེས་པའི་རྗེས་སུ་སྦྱོར་རོ་ཞེས་ཟེར་རོ། །འདིས་འཇིག་རྟེན་ལས་འདས་པའི་དབང་གི་སྐབས་སུ། ཁ་ཅིག་ན་རེ་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས། དེའི་འོག་ཏུ་དབང་བཅུ་གཉིས་
རྣམས་སྦྱིན་ནོ་ཞེས་ཟེར་རོ། །འདི་ལས་ནི་སྒྲུབ་པར་བྱེད་པ་མེད་དེ་འདི་ནི་ལུགས་གཞན་ཁོ་ན་ཡིན་པས་སོ། །རྒྱུད་རྣམས་ལས་རང་རང་གི་ལུགས་ཀྱི་དབང་བསྐུར་བ་མི་འདྲ་བ་རབ་ཏུ་མང་བ་འབྱུང་བ་ཡང་གཅིག་ཏུ་མཐུན་པར་བྱ་དགོས་པར་འགྱུར་ལ། རྩ་བའི་རྒྱུད་དུ་ཡང་ཕྱི་མའི་རྒྱུད་དུ་
གསུངས་པའི་དབང་རབ་ཏུ་མང་པོ་བསྣན་པ་ཡིན་པར་ཡང་གསུངས་སོ། །འདིར་དབང་དང་པོ་ནི་སངས་རྒྱས་ཀྱི་སའི་ཆོས་ཡིད་ལ་བྱེད་པའི་རྒྱུ་དང་། དེའི་རྒྱུ་རྒྱུད་ལ་ཡོད་པར་མཚོན་པའོ། །གཉིས་པ་ནི་དེ་ཐོབ་བའི་རྒྱུ་ཚོགས་གཉིས་ལ་སྦྱོར་བའོ། །གསུམ་པ་ནི་ཚོགས་སོགས་པ་ནི་འགྲོ་བའི་
སྤྱི་བོས་བཀུར་བའོ་ཞེས་བསྔགས་པའོ། །བཞི་པ་ནི་ཚོགས་སོགས་པ་རྣམས་མི་ཞུམ་པར་བྱ་བ་དབུགས་དབྱུང་བའོ། །ལྔ་པ་ནི་མ་ཞུམ་པ་དེ་རྒྱལ་བའི་ཕྲིན་ལས་བྱེད་པར་སྟོན་པའོ། །དྲུག་པ་ནི་ཡན་ལག་དེ་དག་གིས་བདག་ངེས་པར་མཚན་འདི་ཞེས་བྱ་བའི་དེ་བཞིན་གཤེགས་པ་ལ་
སོགས་པར་འགྱུར་རོ་ཞེས་ཡིད་ཆེས་པར་བྱེད་པའོ། །བདུན་པས་ནི་སངས་རྒྱས་སུ་གྱུར་ནས་རྫུ་འཕྲུལ་དང་ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་གདུལ་བྱ་གདུལ་བར་མཚན་པའོ། །བརྒྱད་པས་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་འདུལ་བར་བྱེད་པས་མཚན་པའོ། །དགུ་པས་ནི་བླ་ན་མེད་

པའི་འཁོར་ལོས་སྒྱུར་བ་ཆེན་པོ་ནི་དེ་ཉིད་ཡིན་ནོ་ཞེས་འཇིག་རྟེན་གྱི་རྒྱལ་སྲིད་ལ་སྲེད་པ་ཆད་པར་བྱེད་པའོ། །བཅུ་པས་ནི་མཐའ་གཉིས་སུ་མ་ལྷུང་བའི་མི་གནས་པའི་མྱ་ངན་ལས་འདས་པ་ལ་གནས་པར་སྟོན་པའོ། །བཅུ་གཅིག་པས་ནི་དེའི་ཚེ་གསང་བ་གསུམ་བསམ་
གྱིས་མི་ཁྱབ་པར་ཤེས་པར་བྱེད་པའོ། །བཅུ་གཉིས་པས་ནི་སློབ་པ་དང་མི་སློབ་པའི་དུས་ཀུན་དུ་ཐབས་དང་ཤེས་རབ་ཏུ་འབྲེལ་པར་བསྟན་པ་སྟེ། དེས་ན་འདི་དག་ཙམ་གྱིས་དོན་ཡོངས་སུ་རྫོགས་པ་ཡིན་པས་ལུགས་གཞན་གྱིས་འདི་གང་དུ་ཡང་དྲང་བར་མི་བྱའོ། །དབང་ཇི་སྙེད་པ་དེ་དག་
ཡོངས་སུ་མི་ཉམས་པ་ནི་ལྷག་པའི་ལྷ་ཡིན་པས་ན། རྒྱུད་གང་དུ་ཡང་དབང་ལྷག་མ་རྣམས་ཀྱི་རྟེན་དུ་གྱུར་པ་དང་ལྷག་པའི་ལྷའི་དབང་མེ་ཏོག་གི་ཕྲེང་བའི་དབང་ནི་དང་པོ་ཉིད་དུ་སྦྱིན་ནོ་ཞེས་བྱ་བ་འདི་ནི་རེ་ཞིག་ཐུན་མོང་བའོ། །དེའི་ཕྱིར་དབང་ནི་འདི་རྣམས་གོ་རིམས་དང་གྲངས་རྒྱུད་ལས་ཇི་
སྐད་གསུངས་པ་ཁོ་ན་ལྟར་བྱའོ། །རང་གི་རྣམ་པར་རྟོག་པའི་དབང་ཙམ་གྱིས་ལུང་གི་དོན་ཟབ་མོ་གུད་དུ་དྲང་བར་མི་བྱ་སྟེ། ཡིད་ཆེས་ལུང་དང་མི་ལྡན་པར། །ཆོས་རྣམས་སྟོན་པར་བྱེད་པ་ན། །མཚན་ཉིད་རྣམ་པར་རྟོག་པ་ཡིས། །བདག་ཀྱང་ཆུད་གསོན་གཞན་ཆུད་གསོན། །ཞེས་
གསུངས་པས་སོ། །འཇིག་རྟེན་ལས་འདས་པའི་དབང་གི་སྐབས་སུ་རིན་པོ་ཆེ་དང་ཉེ་བའི་རིན་པོ་ཆེ་དང་། བཀྲ་ཤིས་དང་ཉེ་བའི་བཀྲ་ཤིས་རྣམས་མཐར་སྦྱིན་ནོ་ཞེས་སློབ་དཔོན་ཁ་ཅིག་སྨྲ་སྟེ། གདུལ་བྱ་སྤྲོས་པ་སྤྱོད་པ་དག་གི་ངོར་ནི། དེ་དག་མི་དགག་ཅིང་ཐམས་ཅད་དུ་ངེས་པར་
སྦྱིན་པ་ཡང་མ་ཡིན་ཏེ་ཅི་རིགས་སུ་སྦྱར་རོ། །སྔགས་གྲུབ་ཕྱིར་ནི་མོས་ལྡན་སློབ་མ་ལ། །ཞེས་བྱ་བ་ལ་མོས་ལྡན་ཞེས་བྱ་བ་ནི་ཡོན་ཏན་མ་ལུས་པའི་མཚོན་པ་སྟེ། ཇི་སྐད་དུ་གཞན་ལས། སློབ་མ་ཡང་བདག་ཉིད་ཀྱིས་དབང་བསྐུར་བའམ་གཞན་དག་གིས་དབང་བསྐུར་བ་གཅིག་ཡིན་
ན་ཡང་། ཇི་སྐད་དུ་གསུངས་པའི་ཚུལ་གྱིས་དད་པ་དང་ལྡན་པ། ཐེག་པ་ཆེན་པོའི་ཆོས་ལ་མངོན་པར་བརྩོན་པ། གསང་སྔགས་སྤྱོད་པའི་ཚུལ་ལ་ཐེ་ཚོམ་མེད་པ། གླགས་ཀྱི་སྐབས་མི་ཚོལ་བ་སློབ་མར་ཁས་ལེན་པ། ཅང་ཤེས་པའི་ཚུལ་གྱིས་ང་རྒྱལ་སྤངས་པ། བསམ་པ་ལ་

གཡོ་སྒྱུ་མེད་པས་གུས་པ་དང་ལྡན་པ་སྟེ། སློབ་མ་དེ་ཡང་རྣམ་པ་འདི་ལྟ་བུའི་ཡོན་ཏན་དང་ལྡན་པ་ཞིག་ཡིན་ན། དེའི་མདུན་དུ་ཕྱག་རྒྱ་བསྟན་པར་བྱའི་གཞན་དུ་ནི་མ་ཡིན་ནོ་ཞེས་རྣམ་པར་གནས་སོ་ཞེས་བཤད་དེ་ཕྱག་རྒྱ་ནི་འདིར་མཚན་པའོ། །མོས་པ་ལ་སོགས་པའི་ཡོན་ཏན་དེ་ལྟ་བུ་དང་ལྡན་
པ་ལ། ཡོན་བླངས་ན་དད་པ་མེད་པར་འགྱུར་བས་ན་མོས་ལྡན་ཞེས་གསུངས་སོ། །སྔགས་པས་བཀའ་ཡི་རབ་ཏུ་བསྒོ་བར་བྱ། །ཞེས་བྱ་བ་ནི་ཡོན་བསླང་བ་སྟེ། ཇི་ལྟར་རིགས་པར་དེ་དག་ནི་རེ་རེ་ལ་ཡང་ཡོན་བསླང་ངོ་། །ཡང་ན་ཡིད་ལ་གང་འདོད་པ། །དེ་ནི་བདེ་བར་དབུལ་བར་བྱ། །ཞེས་གསུངས་
པས་སོ། །དེས་ཀྱང་མོས་པའི་སྤྱི་བོས་ཕྱག་འཚལ་ཏེ། །ཅི་སྟེ་ནོར་ཡོད་བླ་མར་དབུལ་བར་བྱ། །ཞེས་བྱ་བ་ལ་ཅི་སྟེ་ནོར་ཡོད་ཅེས་བྱ་བ་ནི་མེད་ན་བསྙེན་བཀུར་བྱ་བ་སྟེ། སློབ་མ་དབུལ་པོས་བླ་མ་ལ། །བཀུར་སྟི་དག་གིས་མཉེས་པར་བྱ། །སློབ་དཔོན་དག་ནི་ཐམས་ཅད་ལ། །བཀུར་སྟི་བྱ་བ་
ཡོན་དུ་བཤད། །ཅེས་གསུངས་ཏེ། ཡོན་ནི་དད་པའི་བྱེ་བྲག་ཡོན་ལས་ཤེས་པར་བྱའི་གཞན་དུ་མ་ཡིན་ནོ། །ནོར་དང་གཏེར་དང་ཞེས་བྱ་བ་ལ་སོགས་པ་ནི་ཡོན་དབུལ་བ་ཕན་ཡོན་དང་བཅས་ནས་བསྟན་པ་སྟེ་གོ་སླའོ། །སློབ་དཔོན་དེས་ཡོན་རྙེད་པ་དག་ཇི་ལྟར་བྱ་ཞེ་ན། དེ་ནི་བྱ་བའི་རྒྱུད་ཁ་ཅིག་
ལས་གསུངས་པ་ལྟར་བྱ་སྟེ། བཟའ་བ་དང་ནི་བཅའ་བ་རྣམས། །ཕོངས་པ་རྣམས་ལ་སྦྱིན་པར་བྱ། །ཁྱི་དང་བྱ་རོག་ལ་སོགས་ལ། །ཅུང་ཟད་ཙམ་ཡང་མི་སྦྱིན་ནོ། །ཡོ་བྱད་རྫས་རྣམས་ཐམས་ཅད་ནི། །སློབ་དཔོན་དག་གིས་བསྡུ་པར་བྱ། །བདག་རང་ཉིད་ཀྱིས་སྤྱད་པར་བྱ། །སློབ་མ་
དག་ལ་བགོར་མི་རུང་། །དཀྱིལ་འཁོར་གྱི་ནི་ཡོ་བྱད་ཀུན། །སློབ་དཔོན་བདག་ཉིད་དབང་བར་བཤད། །གལ་ཏེ་སློབ་མས་སྤྱད་ན་ནི། །དམ་ཚིག་ལས་ནི་འདས་པར་འགྱུར། །གང་ཞིག་སྤྱད་པར་མི་འདོད་ན། །དེའི་ཆོ་གའི་གོ་རིམས་འདིའོ། །དཀོན་མཆོག་གསུམ་གྱི་ཡོ་བྱད་དུ། །དེ་
དག་ཆོ་ག་བཞིན་དུ་དབུལ། །གདུགས་དང་རྔ་ཡབ་དྲིལ་ལ་སོགས། །སངས་རྒྱས་ཉིད་ལ་དབུལ་བར་བྱ། །གདན་དང་བདུག་སྤོས་དྲི་ལ་སོགས། །དམ་པའི་ཆོས་ལ་དབུལ་བར་བྱ། །གོས་དང་ཡོ་བྱད་སྣོད་ལ་སོགས། །དགེ་འདུན་རྣམས་ལ་དབུལ་བར་བྱ། །དེ་དག་ལས་ནི་སློབ་མ་ཡིས། །

ཅུང་ཟད་ཙམ་ཡང་མི་བཀུར་རོ། །དགེ་འདུན་མེད་ན་དགེ་སློང་སྦྱིན། །ཡང་ན་དགེ་སློང་མ་ལ་སྦྱིན། །གལ་ཏེ་བདག་ཉིད་མི་འདོད་ན། །དགེ་བསྙེན་དག་ལ་སྦྱིན་པར་བྱ། །ཞེས་སོ། །ཡང་གཞན་ལས། རིག་སྔགས་ཡོན་གྱི་རྫས་རྣམས་ནི། །དཀོན་མཆོག་གསུམ་ལ་དབུལ་བ་སྟེ།
རང་གིས་ཟོས་ན་དངོས་གྲུབ་མཆོག །དེ་ཡང་འབྱུང་བར་མི་འགྱུར་རོ། །ཞེས་འབྱུང་སྟེ། བདག་ལ་མི་དགོས་པ་དག་ཞིང་དམ་པ་ལ་དབུལ་གྱི། མཆོག་ལས་རྙེད་པ་མཆོག་མ་ཡིན་པ་ལ་མི་སྦྱིན་ཞིང་བདག་གིས་ཀྱང་རབ་ཏུ་ལྷག་པར་མི་སྤྱོད་དོ། །སངས་རྒྱས་ཀུན་དང་བླ་མར་མཉམ། །ཞེས་བྱ་
བ་ལ་སོགས་པ་ནི། ཡོན་གྱི་མཐའི་དམ་ཚིག་བསྒྲགས་པས་ཏེ། དེ་ནས་བླ་མས་སློབ་མ་རྣམས། །མ་ཡེངས་ལེགས་པར་བཀོད་ནས་སུ། །ཤེས་རབ་ཕ་རོལ་ཕྱིན་བཀླགས་ནས། །དམ་ཚིག་འདི་དག་བསྒོ་བར་བྱ། །ཞེས་གསུངས་པ་ལྟ་བུའོ། །སངས་རྒྱས་ཀུན་དང་བླ་མར་
མཉམ། །རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་འཐོབ་འགྱུར་བས། །སློབ་དཔོན་ལ་ནི་བརྙས་མི་བྱ། །ཞེས་བྱ་བ་ལ་འདིར་རྡོ་རྗེའི་རང་བཞིན་ནམ་རྡོ་རྗེས་མཚོན་པའི་བླ་མ་ནི་རྡོ་རྗེའི་སློབ་དཔོན་ཏེ། དེ་ཡང་། གང་ཞིག་དམ་ཆོས་ཀློག་པ་དང་། །འཆད་དང་མན་ངག་སྟོན་པ་དང་། །དབང་
བསྐུར་བ་དང་ལས་བྱེད་དང་། །སློབ་དཔོན་ཞེས་ནི་བྱ་བ་ཡིན། །ཞེས་པ་སྟེ་འདི་དག་ཀྱང་བསྡུ་བ་དང་ངེས་པར་རྣམ་པར་གཞག་པ་ནི། ཇི་སྐད་དུ་གཞན་ལས། སློབ་དཔོན་ཡང་གང་གིས་དབང་བསྐུར་བ་དང་། རྒྱུད་བསྟན་པ་དང་། གང་གི་ཐད་ནས་ལས་ཀྱི་མན་ངག་མནོས་པ་དེ་ཡང་། སློབ་
དཔོན་ཡིན་ཏེ། གསུམ་པོ་འདི་དག་དང་། ཕྲག་དོག་མེད་ཅིང་ཕན་པར་འདོད་པ་ནི། སློབ་དཔོན་ཡིན་ཏེ་ཞེས་བཤད་དོ། །ཡོན་ཏན་དེ་དག་དང་ལྡན་པའི་སློབ་དཔོན་ནི་བསྙེན་བཀུར་བྱ་བར་འོས་པས་ན་བླ་མ་སྟེ། སངས་རྒྱས་རྣམས་དང་ཕན་འདོགས་པར་མཚུངས་པས་ན། སངས་རྒྱས་
དུས་གསུམ་དུ་བཞུགས་པ་ཀུན་དང་མཉམ་ཞེས་བྱའོ། །དེ་དག་ལས་ཀྱང་གཙོར་གྱུར་པ་ནི་གང་ལས་དབང་ཐོབ་པ་སྟེ། དེ་ལྟར་ཡང་རྡོ་རྗེ་སློབ་དཔོན་ནི་གང་གིས་དབང་བསྐུར་བའོ། །དེ་ལ་བསྟི་སྟང་མེད་པ་ནི་དྲོད་འཛིན་ཅིང་བརྙས་ཐབས་བྱེད་པའོ་ཞེས་བཤད་ལ། འཕགས་པ་རབ་ཏུ་

གྲུབ་པར་བྱེད་པ་ལས་ཀྱང་། བླ་མའི་དཀྱིལ་འཁོར་སྟོན་པ་སྟེ། །སྤྱོད་པ་ངན་པར་གྱུར་པ་ལ་འང་། །ལུས་སམ་ཡང་ན་ཡིད་ཀྱིས་ཀྱང་། །ཤེས་ནས་ནམ་ཡང་སྨད་མི་བྱ། །ཞེས་གསུངས་ལ་གཞན་ལས་ཀྱང་བླ་མ་གང་ལས་གདམས་ངག་ལ་སོགས་པ་མནོས་ནས། ད་ནི་གདམས་
ངག་ཐོབ་པས་འདིས་ཅི་ཞིག་བྱ་ཞེས་བསྙེན་བཀུར་མི་བྱེད་པ་ནི། སྙིང་ནས་སློབ་དཔོན་སྨོད་པའོ། །ཞེས་བཤད་དོ་ཞེས་བསྟན་ཏོ། །རྡོ་རྗེ་མ་རྣམས་ཉེད་ལ་ནི། །ཞེས་བྱ་བས་ནི། བཅོམ་ལྡན་འདས་མ་སྐུལ་བྱེད་མ་དང་རལ་པ་གཅིག་མ་དང་། མཱ་མ་ཀཱི་དང་། སྒྲོལ་མ་ལ་སོགས་པ་ཡེ་ཤེས་རྡོ་རྗེ་ལྟ་བུར་
མི་བྱེད་པས་རྣལ་འབྱོར་མ་ཉིད་དུ་བསྟན་པ་རྣམས་ལའོ། །རྣལ་འབྱོར་ཅན་གྱི་ཞེས་བྱ་བ་ནི་སྔགས་སོ། །བརྙས་མ་ཡིན་ཞེས་བྱ་བ་ནི་བུད་མེད་དུ་གནས་པས་སྨོད་པ་སྲིད་པས་དགག་པ་སྟེ། བུད་མེད་ཤེས་རབ་རང་བཞིན་པས། །དེ་ལ་བརྙས་པ་བཅུ་བཞི་པ། །ཞེས་རྩ་བའི་ལྟུང་བར་ཡང་འདི་དག་
ལ་བརྙས་པ་ཉིད་གཞག་གོ། །བརྙས་ན་ནི་རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། བརྙས་མི་བྱ་ཞེས་འདིར་སྦྱར་ཏེ། སྡུག་བསྔལ་ནི་སྔར་བསྟན་པ་རྣམས་སོ། །ལྷག་མ་ནི་གོ་སླ་སྟེ་སློབ་མ་དག་གིས་ཀྱང་ཕྱག་འཚལ་ཏེ་གུས་པས་སྤྱི་བོས་ནོད་དོ། །དེ་ནས་ཁ་ལག་བཀྲུས་ནས་ནི། །ལྷ་ལ་མཆོད་ཡོན་
ཕུལ་ནས་སུ། །གོ་རིམས་བཞིན་དུ་ཐམས་ཅད་ལ། །བདུག་སྤོས་ཆོ་ག་བཞིན་དུ་འབུལ། །དེ་ནས་དཀྱིལ་འཁོར་རིག་སྔགས་ཀྱིས། །སྦྱིན་སྲེག་བརྒྱ་རྩ་བརྒྱད་དུ་བྱ། །ཞི་བའི་སྔགས་ཀྱིས་བརྒྱ་རྩ་བརྒྱད། །སྙིང་པོས་ཀྱང་ནི་ཉི་ཤུ་གཅིག །ཇི་སྐད་བསྟན་པའི་གསང་སྔགས་ཀྱིས། །
མར་གྱི་སྦྱིན་སྲེག་སོ་སོར་བྱ། །དེ་ཡི་འོག་ཏུ་རང་སྔགས་ཀྱིས། །སྦྱིན་སྲེག་ཇི་ཙམ་འདོད་པ་བྱ། །དེ་ནས་ཕྱོགས་ཀྱི་གཏོར་མ་སྦྱིན། །བསྡམས་ཤིང་ཁ་ལག་ཡང་བཀྲུས་ནས། །སློབ་མ་དང་ནི་བཅས་པ་ཡིས། །མེ་ཏོག་དྲི་ལ་སོགས་པས་མཆོད། །སློབ་མ་དང་བཅས་
མ་ཡེངས་པར། །མགོ་བོས་གུས་པར་ཕྱག་འཚལ་ཏེ། སོ་སོའི་སྔགས་ཀྱིས་ཅི་རིགས་པར། །དེ་ནས་སླར་ནི་གཤེགས་སུ་གསོལ། །དམན་པ་རྣམས་ནི་ཕྱགས་ནས་སུ། །མཚོ་ཆེན་རྣམས་སུ་དོར་བར་བྱ། །ཞེས་པ་སྦྱར་རོ། །དེ་ནས་བཅོམ་ལྡན་འདས་

ཀྱིས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་བྲིས་སྐུའི་ཆོ་ག་སྟོན་ཏེ། དེ་ལ་འདིར་ནུས་པས་ནི་བྲིས་སྐུའི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་བྱ་སྟེ་རྒྱུད་ཕྱི་མ་ལས། ཡང་ན་སྐུ་གཟུགས་ནི་དཀྱིལ་འཁོར་གྱི་ཚུལ་དུ་བྲིས་ལ་ཞེས་གསུངས་པ་དེ་ནི། ཐུན་མོང་དུ་དྲང་བར་བྱ་བ་ཡིན་པའི་
ཕྱིར་རོ། །འོན་ཀྱང་དེ་ནི་དབུལ་པོ་ལ་སོགས་པས་འབྱོར་པ་ཡང་དག་ལ་སྦ་བ་ཡང་དག་སྟེ། གླེགས་བམ་དང་ནི་བྲིས་སྐུ་རྣམས། །རྨོངས་པ་རྣམས་ལ་བསྟན་བྱས་ནི། །སྐྱེ་བ་འདི་ལ་དངོས་གྲུབ་མེད། །ཚེ་རབས་གཞན་དུའང་འགྲུབ་མི་འགྱུར། །ཞེས་གསུངས་པས་
རབ་ཏུ་ཡང་སྦ་བར་བྱ་བ་ཡིན་པས་སོ། །དེའི་ཕྱིར་དཀྱིལ་འཁོར་ལས་གཞན་དུ་བསྟན་པའོ། །བྲིས་སྐུའི་སྐབས་འདིར་ལྷ་མཚུངས་པར་བྱ་བའི་འཐད་པ་དེ་ལྟ་བུ་ཡིན་དུ་ཆུག་ན། ཅིའི་ཕྱིར་ལྷའི་རྣམ་པ་གཞན་དུ་བསྟན། །གཙོ་བོ་ལྔ་ལ་སོགས་པ་བྲི་བར་རིགས་སོ་ཞེ་ན། །མཆོག་ཏུ་ཐུགས་རྗེ་
ཆེ་བས་སྒོ་སྣ་ཚོགས་ནས་སྒྲུབ་པ་པོ་ལ་དངོས་གྲུབ་སྦྱིན་པར་བརྩོན་པར་བསྟན་པའི་ཕྱིར་རོ། །འོ་ན་སངས་རྒྱས་སྨན་གྱི་བླ་འདིར་ཅིའི་ཕྱིར་བྲི་ཞེ་ན། བཅོམ་ལྡན་འདས་འདི་ནི་མཆོག་ཏུ་ཐུགས་རྗེ་ཆེན་པོས་སེམས་ཅན་ལ་མཉེས་གཤིན་ཅིང་། ཁྱད་པར་དུ་སྔོན་གྱི་སྔོན་ལམ་གྱི་
དབང་གིས་བཅུད་ཀྱིས་ལེན་ལ་སོགས་པའི་སྨན་སྣ་ཚོགས་བྱིན་གྱིས་རློབ་པ་སྟེ། ཇི་སྐད་དུ། གང་ཞིག་སངས་རྒྱས་སྨན་གྱི་བླ་འདི་ཡི། །མཚན་རྣམས་དྲན་ནམ་མཆོད་དང་བསྙེན་བཀུར་བྱེད། །དེ་ཡི་ནད་རྣམས་འབྱང་ཞིང་སྨན་རྣམས་ནི། །ལྷག་པར་མཐུ་དང་ལྡན་པར་འདིས་ངེས་འགྱུར། །
ཞེས་བཤད་པ་ལྟ་བུའོ། །འདིར་ནི་བྲིས་སྐུའི་སྤྱན་སྔར་རྫས་བསྒྲུབ་པར་རབ་ཏུ་གསལ་ལ། རྫས་ཀྱི་བསྒྲུབ་པ་ལས་ཀྱང་བཅུད་ལེན་ནི་མཆོག་ཡིན་པར་གསུངས་པས། བཅུད་ལེན་རབ་ཏུ་འགྲུབ་པར་བྱ་བའི་ཕྱིར་སངས་རྒྱས་འདི་བྲིའོ། །འདིར་བཅུད་ལེན་གྱི་བསྒྲུབ་
པར་གང་ལས་གསལ་ཞེ་ན། ཕྱག་འཚལ་དངོས་གྲུབ་ལ་སོགས་བླང་། །བླ་མ་དཀོན་མཆོག་གསུམ་དག་ལ། །སྐལ་བ་ཆ་རེ་ཕུལ་ནས་སུ། །དེ་ནས་རྟག་ཏུ་བདག་སྤྱོད་ཅིག །ཅེས་པས་དངོས་གྲུབ་བགོ་བ་གསུངས་ལ། བགོ་བའི་ཆོ་ག་ནི་རྫས་རྣམས་ལ་ཡིན་

པས་སོ། །རྒྱུད་ཕྱི་མ་ལས་པ་དམར་སེར་གྱི་མར་ཞེས་སྨོས་པ་དང་། མར་དེའམ་མར་སར་པའམ་ཏིལ་མར་རམ་ཆུ་འམ། འོ་མ་འམ་ཞོ་འམ་ཆང་ངམ་ཁྲག་གམ། ཞག་གམ་ཀླད་པའམ། ཤ་འམ་གང་ཡང་རུང་བ་ལོན་པ་སྨོས་པའི་བཅུད་ལེན་གྱི་རྫས་རྣམས་ནི་འདིར་ཡང་
སྦྱར་བར་རིགས་པས་སོ། །ཚིག་གི་དོན་རྣམས་ནི་གོ་སླ་བས་མ་ཕྱེའོ། །སྒྲུབ་པ་པོ་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ལ། བདག་ཉིད་དབྱིབས་དང་ཤ་ཚུགས་དང་། །ཁ་དོག་དང་ཆ་ལུགས་ཅི་འདྲ་བ་དེ་ལྟར་བྲིའོ་ཞེས་གསུངས་པ་ལུང་གི་མན་ངག་གོ། །དེ་ནས་རིམ་པའི་
སྐུ་གཟུགས་དེ་མཆོད་དེ་ཞེས་བྱ་བ་ནི་རབ་གནས་ཀྱི་དུས་སོ། །བདག་ཉིད་ཀྱིས་ཞེས་བྱ་བ་ནི་ནུས་ན་སྟེ། མི་ནུས་ན་སློབ་དཔོན་གཞན་བཟང་པོ་འགའ་ཞིག་གིས་སོ། །སྤྱན་དབྱེ་ཞིང་ཞེས་བྱ་བ་ནི་རྒྱལ་པོ་དབང་བསྐུར་བའི་ལུགས་ལྟར་གོ་འཕང་བརྟན་པོ་ལ་བཞག་སྟེ། དེ་
ལ་འདིར་སྤྱན་དབྱེ་བའི་ཆོ་ག་ཇི་ལྟ་བུ་བྱ་ཞེ་ན། དེའི་ཕྱིར་ངེས་པའི་ཚིག་དང་རྣམ་པར་དབྱེ་བ་དང་ཆོ་ག་རིམ་པས་ཕྱེ་སྟེ་རབ་གནས་བཤད། དེ་ལ་ངེས་པའི་ཚིག་ནི་པྲ་ཀ་ར་ན་ཤ་ནེ་ན་ཏིཥྛ་པྲ་ཏིཥྛ་ཞེས་པ་སྟེ། མཆོག་ཏུ་གནས་པས་ན་རབ་གནས་སོ། །དེ་ཡང་ཡུན་རིང་བས་
མཆོག་དང་ཁྱད་པར་དུ་གྱུར་པས་མཆོག་གོ། །དེ་ལ་ཡུན་རིང་བ་ནི་ཐམས་ཅད་དོ། །ཁྱད་པར་དུ་གྱུར་པ་ནི་མཆོད་པའི་གནས་རྣམས་ཏེ། ཡེ་ཤེས་སེམས་དཔའི་རང་བཞིན་དུ་བྱས་པའི་ཕྱིར་རོ། །རྣམ་པར་དབྱེ་བ་ནི་གཉིས་ཏེ་གཞི་རྣམ་པར་དབྱེ་བ་དང་། ཆོ་ག་རྣམ་པར་དབྱེ་
བའོ། །དེ་ལ་གཞི་རྣམ་པར་དབྱེ་བ་ལ་གསུམ་སྟེ། སྐུའི་བདག་ཉིད་དུ་རབ་ཏུ་གནས་པར་བྱ་བ་དང་། གསུང་གི་བདག་ཉིད་དུ་རབ་ཏུ་གནས་པར་བྱ་བ་དང་། རིགས་སོ་སོའི་བདག་ཉིད་དུ་རབ་ཏུ་གནས་པར་བྱའོ། །དེ་ལ་སྐུའི་བདག་ཉིད་དུ་རབ་ཏུ་གནས་པར་བྱ་བ་ནི། མཆོད་
རྟེན་དང་གཙུག་ལག་ཁང་དང་རྡོ་རིངས་དང་ཤིང་ལྗོན་པ་དང་། ཁྲོན་པ་དང་ཆུ་མིག་དང་། ལྟེང་ཀ་དང་རྟ་བབས་དང་། ཤིང་རིངས་རྣམས་སོ། །གསུང་གི་བདག་ཉིད་དུ་རབ་ཏུ་གནས་པར་བྱ་བ་ནི་ཕྲེང་བ་དང་འཇིག་རྟེན་པའི་གླེགས་བམ་དང་། འཇིག་རྟེན་ལས་འདས་པའི་

གླེགས་བམ་རྣམས་སོ། །རིགས་སོ་སོའི་བདག་ཉིད་དུ་རབ་ཏུ་གནས་པར་བྱ་བ་ནི་སྐུ་གཟུགས་རྣམས་རང་གི་སྐུ་གང་ཡིན་པ་དེ་ཉིད་དུ་རབ་ཏུ་གནས་པར་བྱ་བའོ། །ཆོ་ག་རྣམ་པར་དབྱེ་བ་ནི་ཆོ་ག་རྒྱས་པར་བྱ་བ་དང་མདོར་བསྡུས་པ་གཉིས་སོ། །ད་ནི་ཆོ་ག་རིམ་
པར་ཕྱེ་སྟེ་བཤད་པར་བྱའོ། །དེ་ལ་རབ་གནས་བྱེད་པར་འདོད་པའི་སློབ་དཔོན་གྱིས། ཟླ་བ་དང་། ཚེས་གྲངས་དང་། གཟའ་དང་རྒྱུ་སྐར་ཤིས་པ་ལ་བྱ་སྟེ། དེ་ཡང་། ཟླ་བ་དྲུག་དང་གཟའ་བཞི་དང་། །རྒྱུ་སྐར་བཅུ་བཞི་གང་ཡིན་དང་། །ཚེས་གྲངས་བདུན་གྱི་གྲངས་ཉིད་ལ། །
རྒྱལ་བའི་རབ་གནས་ལ་སོགས་ཉིད། །ཅེས་པ་རྣམས་སོ། །དུས་དེ་དག་ལ་གནས་ཡིད་དུ་འོང་བར། མདའ་དར་དང་བླ་རེ་དང་འཕན་ལ་སོགས་པས་བརྒྱན་ཅིང་མེ་ཏོག་བཀྲམ་སྟེ་དྲི་ཞིམ་པོར་བྱས་ལ། གནས་དེར་སྟེགས་བུ་དཔངས་སུ་ཁྲུ་དོ་ཡོད་པ། རྒྱར་ཁྲུ་བཞི་པ། གྲུ་བཞི་
ལྷམ་པ། མཛེས་པ། འཇམ་པ། ཟུར་ཕྱིན་པ། མ་ཡོ་བ་ཞིག །རྡོའམ། སོ་ཕག་གམ། སའམ། ཕ་གུ་ལས་བྱས་ལ་རྡོ་ཐལ་གྱིས་དཀར་པོར་བྱུག་གོ། །སྟེགས་བུ་དེའི་ཁར་རབ་གནས་བྱ་བའི་ལྷ་ལ། སྐུ་ཁྲུས་གསོལ་བ་དང་མཆོད་པ་ལ་སོགས་པ་བྱའོ། །དེ་ལ་ཆོ་གའི་རིམ་
པ་ནི་དང་པོ་སྟེགས་བུའི་ཁར་སྐུ་གཟུགས་ཤར་དུ་མངོན་པར་ཕྱོགས་པར་བཞུགས་ལ། རས་སེར་པོ་སྐུ་ལ་གསོལ་ཏེ། ཨོཾ་བཛྲ་བསྟྲ་ཧཱུཾ་ཞེས་བཟླས་པས་སོ། །ཡུངས་ཀར་དང་། ཆུ་མེར་དོར་བ་གསུམ་གྱིས་ངེས་པར་སྦྱང་ངོ་། །དེ་ནས་བའི་རྣམ་ལྔ་དང་བདུད་རྩི་ལྔར་བཅས་
པ་ཁམ་ཕོར་དུ་གཞག་པ་དཱུ་ཪྺའི་པིར་གྱིས་བླངས་ཤིང་སྔགས་འདི་ཟློས་པས་བཀྲུའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་སྭཱ་ཧཱ། དེ་ནས་དག་པར་གྱུར་ན་ནི་ཏིལ་མར་དྲི་ཞིམ་པོས་བསྒོས་པ་ཁར་བའི་སྣོད་དུ་བཞག་པ་དཱུཪྺའི་པིར་གྱིས་བླངས་ཤིང་། སྔགས་འདི་ཟློས་པས་ལེགས་
པར་ཁྱབ་པར་བྱུགས་ཏེ། ཨོཾ་ཧཱུཾ་ཏྲཱཾ་ཏྲཱིཿཁཾ། དེ་ནས་ཡང་ཏིལ་མར་བསལ་བའི་ཕྱིར། ཤུན་ལྤགས་ལྔ་པོའི་ཕྱེ་མ་དང་སྦྱར་བའི་ཆུས་བཀྲུ་སྟེ། ཨུ་དུམྺཱ་ར་དང་། ཤི་རི་ཤ་དང་། ཨ་ཤྭདྠ་དང་། ནྱ་གྲོ་དྷ་དང་། བར་ཀ་ཏའི་ཤུན་པ་དག་གིས་སོ། །དེ་ནས་ཡང་སྐྱུ་རུ་ར་ལ་སོགས་པ་འདག་

ཚུལ་གྱི་འདི་གུས་བྱུགས་ལ། བུམ་པ་ཆུ་གཙང་མ་དྲི་ཞིམ་པ་བདུད་རྩི་ལྔ་དང་སྦྱར་བས་དབང་བསྐུར་བའི་ཁྲུས་གསོལ་ཏེ། རྒྱལ་བ་དང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་འདོན་ཅིང་། དྲིལ་བུ་གསིལ་ལ་གླུ་དང་གར་དང་སིལ་སྙན་དུ་མ་སྒྲོགས་ཤིང་ཆུ་བུམ་པར་བླུགས་སོ། །དེའི་ཚེ་
སློབ་དཔོན་གྱིས་ནམ་མཁའ་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། གྲུབ་པའི་རིག་འཛིན་དང་། ལྷ་དང་ལྷ་མོ་མང་པོས་ཀྱང་བདུད་རྩིའི་ཆུ་བླུགས་པར་བསམས་ལ། ཚིགས་སུ་བཅད་པ་དང་སྔགས་འདི་ཟློས་ཤིང་དབང་བསྐུར་བའི་ཁྲུས་བྱའོ། །ཇི་ལྟར་
བལྟམས་པ་ཙམ་ཉིད་ནི། །དེ་བཞིན་གཤེགས་པ་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཨཱཿསྭཱ་ཧཱ། དེ་ནས་རས་འཇམ་པོས་སྐུ་ལ་ཆགས་པའི་ཆུ་ལེགས་པར་ཕྱིས་ཏེ་འདི་ནི་
ཁྲུས་ཀྱི་ཆོ་གའོ། །དེ་ནས་ཙནྡན་གཉིས་དང་གུར་གུམ་དང་། ལ་གུ་དང་གནྡྷ་ཀ་སྟེ་དྲི་ལྔའི་ལྡེ་གུ་ལྷའི་ཐུགས་ཀར་བྱུགས་ཏེ། སྔགས་འདིས་སོ། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་སྭཱ་ཧཱ། དེ་ནས་མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་ཆབ་དང་། ལྷ་བཤོས་རྣམས་རང་རང་གི་
སྔགས་ཀྱིས་ཕུལ་ལ། ཐུགས་ཀ་དང་མགུར་དང་། སྤྱི་བོ་དང་འཕྲག་ཀ་རྣམས་སུ་རྡོ་རྗེ་དང་བཅས་པའི་ལག་པས་ལན་གསུམ་རེག་སྟེ། ལག་པར་སྤོས་མེ་ཐོགས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལྕེ་ཧཱུཾ་ལས་རྡོ་རྗེར་བྱས་ནས་སྟ་གོན་ལ་གནས་པར་བྱ་བའི་ཕྱིར་
འདི་སྐད་ཅེས་ལན་གསུམ་བརྗོད་དོ། །བཅོམ་ལྡན་འདས་ཆེ་གེ་མོ་རྡོ་རྗེ་པདྨ་རིག་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སློབ་མ་ལ་ནི་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེ་ཆེན་པོ་བདག །སང་ནི་རབ་གནས་བགྱིད་ལགས་ན། །གུས་པས་བདག་དང་དེ་ལ་ནི། །བཅོམ་ལྡན་
བཀའ་དྲིན་མཛད་པའི་རིགས། །འགྲོ་ལ་འཁོར་ལོའི་བྱ་དོན་སྦྱིན། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་རྣམས། །གང་ཡང་སྔགས་ཀྱི་ལྷ་གཞན་དང་། །ལྷ་དང་འཇིག་རྟེན་སྐྱོང་བ་དང་། །བསྟན་པ་ལ་ནི་མངོན་དགའ་ཞིང་། །བྱང་ཆུབ་ལ་བརྟེན་འབྱུང་པོ་དང་། །རྡོ་རྗེའི་སྤྱན་ལྡན་

སེམས་ཅན་གཞན། །རྡོ་རྗེ་འཆང་ཆེན་ཆེ་གེ་བདག །རིག་པའི་རྒྱལ་པོ་འདི་ཡི་ནི། །ཇི་ལྟར་ནུས་པའི་མཆོད་པ་དང་། །འགྲོ་བ་ཞི་བས་རབ་གནས་བགྱིད། །སློབ་མ་མཆོག་དང་བདག་ལ་ནི། །ཁྱེད་ཀྱིས་ཐུགས་བརྩེ་ཉེར་བཟུང་ནས། །རབ་གནས་
འདི་ལ་ཐམས་ཅད་ཀྱིས། །ཐུགས་བརྩེར་ལྡན་པར་གནས་པར་མཛོད། །དེ་སྐད་ཅེས་བརྗོད་པས། ཕྱོགས་བཅུའི་སངས་རྒྱས་ལ་སོགས་པ་ཐམས་ཅད་རབ་གནས་ཀྱི་གནས་དེའི་ནམ་མཁའ་ལ་བྱོན་པར་བསམ་མོ། །དེ་ནས་གང་ལ་རབ་གནས་བྱ་བའི་གཞི་དེ་སྟོང་པ་ཉིད་
དུ་བསྒོམས་ལ། པདྨ་དང་ཟླ་བ་ལ་སོགས་པའི་རིམ་གྱིས་སམ་ཡང་ན་ཡིག་འབྲུ་ལས་ཡུད་ཙམ་གྱིས་ལྷར་བསྐྱེད་དོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་བྱུང་བས་ཡེ་ཤེས་སེམས་དཔའ་བཀུག་སྟེ། མདུན་དུ་བྱོན་པར་བསམས་ལ། ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུཾ་ཞེས་
པས་ཡོན་ཆབ་ཕུལ་ཏེ། ཨོཾ་ནཱི་རཱི་ཁཾ་ཧཱུཾ་ཞེས་པས་ཞབས་བསིལ་དབུལ་ལོ། །ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་པས་ཞལ་བསིལ་དབུལ་ལོ། །ཡང་མེ་ཏོག་དང་སྤོས་དང་མར་མེ་དང་དྲི་དང་བཤོས་དང་། དྲིལ་བུའི་སྒྲ་དག་ཕུལ་ལ། ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་པས་དམ་
ཚིག་སེམས་དཔའ་ལ་བསྟིམས་ཏེ། དབང་བསྐུར་པ་ལ་རྒྱས་བཏབ་སྟེ། ཡང་མེ་ཏོག་དང་སྤོས་དང་མར་མེ་དང་དྲི་དང་བཤོས་དང་སིལ་སྙན་རྣམས་ཕུལ་ལ། ལྷ་དེའི་སྔགས་མང་དུ་བཟླ་སྟེ། དེ་ནས་ཡི་གེ་བརྒྱ་པ་མུཿའི་མཐའ་ཅན་གྱིས་གཤེགས་སུ་གསོལ་ལོ། །འདི་ནི་སྟ་
གོན་ལ་གནས་པའི་ཆོ་གའོ། །དེ་ནས་ནང་པར་སྟེགས་བུའི་གནས་དེར། མཆོད་པ་ཅི་འབྱོར་པ་དང་། གསེར་གྱི་ཐུར་མ་ཨཉྫ་ན་དང་བཅས་པ་བཤམས་ལ་རབ་གནས་བྱ་སྟེ། དེ་ཡང་དང་པོར་སློབ་དཔོན་གྱིས་ལག་ཏུ་སྤོས་སྣོད་ཐོགས་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་
བཙུགས་ཏེ། ལྕེ་ཧཱུཾ་ལས་རྡོ་རྗེར་བྱས་པ། བཅོམ་ལྡན་འདས་ཞེས་པ་ནས་བཟུང་སྟེ། ཐུགས་བརྩེར་ལྡན་པས་གནང་བར་མཛོད། །ཅེས་པའི་བར་དུ་བརྗོད་པས་ལྷ་རྣམས་བསྐུལ་ཏེ། དེ་ཡང་། སང་ནི་རབ་གནས་བགྱིད་ལགས་ན། །ཞེས་བྱ་བ་ལ་རབ་གནས་བགྱིད་པར་

འཚལ་ལགས་ན། །ཞེས་བརྗོད་དོ། །དེ་ནས་ཡེ་ཤེས་སེམས་དཔའ་ཡང་སྤྱན་དྲངས་ལ། ཡོན་ཆབ་དང་ཞབས་བསིལ་དང་ཞལ་བསིལ་དང་། མཆོད་པའི་ཚོགས་ཕུལ་ལ་ལྷ་ཐམས་ཅད་སྐུ་གཟུགས་ལ་བསྟིམས་ཏེ། ཡང་མཆོད་པ་བྱས་ལ། ཨོཾ་བཛྲ་ཨ་བ་ར་ཎ་བི་གྷུ་ཤ་ནེ་སྭཱ་ཧཱ།
ཞེས་པས་རྒྱན་ཅི་འབྱོར་པ་དབུལ་ལོ། །དེ་ནས་ཡང་བསྟོད་པ་བྱས་ལ་གསེར་གྱི་ཐུར་མ་ཨཉྫ་ན་བྱུགས་པས་སྤྱན་དབྱེ་སྟེ། སྔགས་འདིས་སོ། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ན་བཛྲ་སྭཱ་ཧཱ། ཞེས་ཟློས་ཤིང་ངོ་། །དེ་ནས་དི་བྱ་ཨ་ཀ་ནེ་ས་མཱ་དྷི་བྷྱ་ནེ་ན་པྲ་ན་ནེ་སྭཱ་ཧཱ། ཞེས་བརྗོད་
ཅིང་བཟའ་བ་བཟང་པོ་ཅུང་ཞིག་ནལ་ཟེར་སྐུ་ལ་དབུལ་ལོ། །དེ་ནས་བདུད་རྩི་འཁྱིལ་པ་བཟླས་ཤིང་སྐུའི་ཞབས་དང་སྐེད་པ་དང་། དབུ་ལ་ལག་པ་གཡས་པས་གཅུས་ལ་རྡོ་རྗེ་བཟུང་ལ་ལན་གསུམ་བསྐོར་ཏེ་བརྟན་པར་བྱས་ལ། སྟེགས་བུའི་སྟེང་དུ་སྐུའི་ཆ་གསུམ་པའི་ཁྲི་ལ། ཧ་
ཅང་མདུད་པ་དང་མ་དགྱེ་བ་དང་མ་ཡོ་བར་ཅི་མཛེས་སུ་བཞུགས་པར་བྱ་བ་ནི། སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཞེས་བརྗོད་དེའོ། །དེ་ནས་སློབ་མ་ལ་བརྗོད་པ་ནི། ཁྱོད་ཀྱིས་ང་ལ་གསོལ་བཏབ་པའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་སྐད་གསུངས་བཞིན་སྤྱན་དབྱེ་བ། །དེ་ནི་ངས་
ཀྱང་བྱས་གྱུར་ཏེ། ཁྱོད་ཀྱིས་དེ་ནི་ཀུན་རྫོགས་པས། །ཅི་བདེ་བར་ནི་མཆོད་པ་བྱོས། །ཞེས་སོ། །དེ་ནས་སློབ་མས་ཀྱང་སྐུ་ལ་མཆོད་པ་ཅི་འབྱོར་པ་ཕུལ་ལ་བསྟོད་པ་ཡང་བྱ་སྟེ། ལན་དུ་མར་བསྐོར་བ་ཡང་བྱའོ། །དེ་ནས་སློབ་དཔོན་གྱིས་ཕྱོགས་ཀྱི་གཏོར་མ་བྱིན་ལ། སྐུ་
གཟུགས་བྱིན་ཆེ་ཞིང་བཀྲ་ཤིས་པ་དང་། ཡུན་རིང་དུ་བཞུགས་པར་བྱ་བའི་ཕྱིར་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་གསོལ་བ་གདབ་པར་བྱའོ། །འབྱོར་པ་ཡོད་ན་ནལ་ཟེར་ཟས་ཕུལ་བའི་རྗེས་ལ་རྒྱས་པའི་སྦྱིན་སྲེག་བྱའོ། །འདི་ནི་རབ་གནས་རྒྱས་པའོ། །མདོར་བསྡུས་པ་ནི་
སྟ་གོན་ལ་གནས་པ་མི་བྱ་བར་ཉི་མ་གཅིག་ཉིད་ལ་ཁྲུས་ལ་སོགས་པའི་བྱ་བ་ཀུན་རྫོགས་པར་བྱའོ། །དེ་ལ་གླེགས་བམ་དང་བྲིས་སྐུ་དང་ལྡེར་སོ་ལ་སོགས་པ་ནི་མེ་ལོང་ལ་ཁྲུས་བྱའོ། །ལུགས་མ་ལ་སོགས་པ་ནི་དངོས་སུ་བཀྲུའོ། །ལྷ་ཁང་ནི་ལྷའི་སྐུ་ཇི་སྙེད་པ་དེ་སྙེད་ལ་རབ་

གནས་བྱའི་སྤྱིར་དྲིལ་ཏེ་ནི་མ་ཡིན་ནོ། །མཆོད་རྟེན་དང་རྡོ་རིངས་དང་རྟ་བབས་དང་ཤིང་ལྗོན་པ་དང་། གཙུག་ལག་ཁང་དག་ནི་རྣམ་པར་སྣང་མཛད་དུ་བསྒྲུབ་པོ། །ཆུ་མིག་དང་ཁྲོན་པ་ལ་སོགས་པ་ནི། རྣམ་པར་སྣང་མཛད་དུ་རབ་གནས་སུ་བྱས་པ་
ལས། མཇུག་ཏུ་དེ་གྱུར་པས་ཆུ་མིག་ལ་སོགས་པར་གནས་པར་བྱའོ། །བཟླས་པའི་ཕྲེང་བ་དང་། གླེགས་བམ་དག་ནི་འོད་དཔག་མེད་དུའོ། །རབ་གནས་ཀྱི་ཆེད་དུ་དཀྱིལ་འཁོར་བྲི་ན་རབ་གནས་གང་ལ་བྱ་བའི་ལྷ་དེ་གཙོ་བོར་བྱའོ། །ལྷ་ཁང་ཞིག་སྐུ་མང་དུ་བཞུགས་
པ་དེ་ལ་ནི་རྣམ་པར་སྣང་མཛད་གཙོ་བོར་གྱུར་པའི་དཀྱིལ་འཁོར་བྲིའོ། །གལ་ཏེ་དེ་ལྟར་སྤྱན་དབྱེ་བ་མ་བྱས་ན་ཅི་ཉེས་པར་འགྱུར་ཞེ་ན། སྐུ་གཟུགས་རབ་གནས་མ་བྱས་པར། །ཕྱག་འཚལ་བ་དང་མཆོད་བྱེད་པ། །སྔགས་མེད་པས་ནི་ཐལ་བ་ལ། །སྦྱིན་སྲེག་བྱས་
བཞིན་འབྲས་བུ་མེད། །ཅེས་པའི་ཉེས་པའོ། །རྣལ་འབྱོར་ཁ་ཅིག་གི་དབང་དུ་བྱས་ཏེ། རབ་གནས་རབ་ཏུ་རྒྱ་ཆེན་པོ་སྔགས་དང་ཕྱག་རྒྱའི་བྱ་བ་རབ་ཏུ་རྒྱས་པ་དག་ནི་འདིར་མ་བརྗོད་དེ། གཞུང་མངས་པ་ལ་མི་སྲེད་པ་དང་། ཕྱི་རོལ་གྱི་བྱ་བ་ཧ་ཅང་མང་བ་ནི་རབ་ཏུ་
གཡེང་བ་ཉིད་ཡིན་པས་རྣལ་འབྱོར་གྱི་རྒྱུད་འདིར་མི་འདོད་པའི་ཕྱིར། ནང་གི་བྱ་བ་གཙོར་བྱས་ཏེ་བརྗོད་པའོ། །བདེན་པའི་བྱིན་རླབས་དམིགས་པར་བྱ། །ཞེས་བྱ་བ་ནི་རབ་གནས་བྱེད་པའི་དུས་སུ་སངས་རྒྱས་དང་ཆོས་དང་དགེ་འདུན་ཡོན་ཏན་མཐའ་ཡས་པ་ཡིན་པའི་
བདེན་པའི་བྱིན་གྱི་རླབས་དེས། བདག་གི་རི་མོ་འདི་སྤྱན་དབྱེ་བའི་དུས་འདི་ཉིད་དུ། དངོས་གྲུབ་མྱུར་དུ་ཐོབ་པ་ལ་ལྟ་ན་མཚན་མ་འགའ་སྣང་བར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའོ། །དེ་ནས་ཅི་སྟེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གལ་ཏེ་མཚན་མ་བྱུང་ན་དེ་ཤེས་
པར་བྱ་བའི་ཕྱིར། བཞད་པ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཞད་པ་དང་ནི་རྔ་སྒྲ་དང་། །དྲིལ་བུའི་སྒྲ་དང་འབྲུག་བཞིན་ཏེ། །ཞེས་པ་ནི་དངོས་གྲུབ་རབ་གྱི་མཚན་མའོ། །དགེ་སློང་བྲམ་ཟེའི་བུ་མོ་དང་། །ཞེས་པ་ནི་དངོས་གྲུབ་འབྲིང་གི་མཚན་མའོ། །འབྲས་

བུ་ཞེས་པ་ནི་དངོས་གྲུབ་ཐ་མའི་མཚན་མའོ། །མཐོང་ན་ཞེས་བྱ་བ་ནི་མ་འཁྲུལ་པའི་ཤེས་པས་སོ། །མྱུར་དུ་ཞེས་པ་ནི་མཚན་མའི་དབང་གིས་དུས་མྱུར་བ་ཉིད་དུའོ། །ཁ་ཅིག་ན་རེ་སྤྱན་འབྱེད་པ་ན་མཚན་མ་འབྱུང་བར་འདོད་པ་དང་། མྱུར་དུ་ཞེས་གསུངས་པས་དང་པོ་འོག་ནས་འཆད་
པ་ལྟར་བསྙེན་པ་བྱས་ལ། བསྙེན་པ་ཁེལ་བ་ན་བྲིས་སྐུ་བྲི་ཞིང་དེ་ནས་བསྙེན་པ་ཁྱད་པར་ཅན་དེའི་སྤྱན་སྔར་བྱའི་ཞེས་ཟེར་རོ། །མཚན་མ་འདི་དག་ནི་མདོར་བསྟན་པ་སྟེ། རྒྱས་པར་ནི་ཇི་སྐད་དུ། དེ་ནས་གཞན་ཡང་ཆོ་ག་ལས། །ཇི་སྐད་གསུངས་པའི་ཆོ་ག་བཤད། །ངལ་བའི་ཉེས་པར་
གྱུར་ན་ཡང་། །སྨྱུང་བར་བྱ་བ་མི་ཤེས་སོ། །དེ་ཡི་བར་དུ་སྒྲུབ་པ་པོས། །བསྙེན་པ་དང་ནི་མཆོད་པ་དང་། །སྦྱིན་སྲེག་ཆོ་ག་བསྟོད་པ་དང་། །དགེ་བ་དག་ལ་བརྩོན་པར་བྱ། །དཀྱིལ་འཁོར་དག་ནི་འདྲི་བ་དང་། །བསྙེན་པ་ལ་ཡང་དུས་མཚམས་སུ། །མིག་སྨན་ལན་བརྒྱར་
བསྔགས་པ་ཡིས། །ཐོག་མར་གཉིད་ནི་བསལ་བ་དང་། །བསྒྲུབ་པའི་ཚེ་ཡང་མིག་སྨན་དེས། །ལེགས་པར་བཀྲུ་བར་རབ་ཏུ་བསྒྲགས། །ལིག་བུ་མིག་དང་སུག་སྨེལ་དང་། །ག་པུར་ཤིང་ཚ་པི་པི་ལིང་། །ཏ་ག་ར་དང་སྦྱར་བ་དག །རྟ་ཡི་ཁ་ཆུ་དང་སྦྱར་ན། །གཉིད་དང་
སྙོམ་པའི་འཇིགས་པ་སེལ། །འཐོར་འཐུང་ཡང་དང་ཡང་བྱས་ནས། །ཁ་གདོང་བཀྲུས་ནས་མིག་བསྐུའོ། །མིག་སྨན་བསྐུས་པའི་མིག་དེ་ནི། །བསྒྲུབས་པའི་ཚེ་ན་བགེགས་ཀྱང་མཐོང་། །ཨོཾ་ཛ་ལ་ལོ་ཙ་ནེ་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་ལའོ། །ཨོཾ་བི་ལོ་ཀི་ནི་
སྭཱ་ཧཱ། པདྨའི་རིགས་ལའོ། །ཨོཾ་བནྡུ་རི་དྭི་བྟེ་སྭཱ་ཧཱ། རྡོ་རྗེའི་རིགས་ལའོ། །རིགས་གསུམ་ལ་ཡང་རིམ་བཞིན་མིག་སྨན་བསྐུ་བའི་རིག་སྔགས་སོ། །ངལ་དང་རྨྱ་བ་བསང་བའི་ཕྱིར། །སྤོས་ཀྱི་ཆུ་ནི་ཁྱོར་བ་གང་། །རབ་ཏུ་དྲི་ཞིམ་ལན་བདུན་བཟླས། །ཁྱོར་བ་
ཉིད་ཀྱིས་བཏུང་བར་བྱ། །ཉེ་རེག་བྱས་ནས་བློ་ཅན་གྱིས། །དེ་ནས་མཚན་མ་བརྟག་པར་བྱ། །མཚན་མ་བཟང་པོ་མཐོང་ནས་ནི། །བསྒྲུབ་པ་གུས་པར་བརྩམ་པར་བྱ། །ལྕགས་ཀྱི་དུང་དང་འཁོར་ལོ་ཉ། །གཡུང་དྲུང་པདྨ་རྒྱལ་མཚན་དང་། །བཀྲ་ཤིས་བུམ་པ་གང་བ་དང་། །

དཔལ་བེའུ་རྡོ་རྗེ་ཕྲེང་བ་དང་། །བུ་མོ་རྒྱན་གྱིས་བརྒྱན་པ་དང་། །སྦྲུམ་མོ་པང་ན་བུ་ཐོགས་པ། །གཞོན་ནུ་དགའ་ཞིང་རྒྱས་པ་སྟེ། །དེ་དག་རབ་ཏུ་འགྲུབ་པར་སྟོན། །བྲམ་ཟེ་གོས་དཀར་གོན་པ་དང་། །ཤིང་རྟ་གླང་པོ་རྟ་རྣམས་དང་། །རྩི་ཐོག་
འབྲས་བུ་སྣ་ཚོགས་དང་། །ངོ་མཚར་དག་ཀྱང་མཐོང་བ་དང་། །འབྲུག་གི་སྒྲ་ནི་གྲག་པ་དང་། །རིག་བྱེད་དབྱངས་དང་རྒྱལ་བའི་སྒྲ། །དུང་དང་རྔ་དང་རྫ་རྔ་དང་། །སྒྲ་རྣམས་གྲུབ་ཕྱིར་རབ་ཏུ་ཤིས། །རྨ་བྱ་ཁྲུང་ཁྲུང་ངང་མོ་དང་། །ནེ་ཙོ་ལ་སོགས་བྱ་རྣམས་ཀྱི། །སྒྲ་སྙན་
རྣམས་ནི་ཀུན་ཐོབ་ནས། །དངོས་གྲུབ་ཕྱིར་ནི་ལས་བརྩམ་མོ། །སྨོན་པ་བཀྲ་ཤིས་ཐམས་ཅད་དང་། །བསོད་ནམས་དང་ནི་བདེ་ལེགས་ཚིག །ཐོས་ནས་འགྲུབ་པར་ཤེས་པར་བྱ། །ཡིད་དུ་འང་བའི་ཚིག་རྣམས་དང་། །འབྲུག་དང་སྤྲིན་དང་ཆར་འབབ་དང་། །སེར་བུ་མེ་
ཏོག་འབབ་པ་དང་། །འཇའ་དང་དྲི་ནི་ཞིམ་པོ་སྟེ། །འདི་འདྲའི་མཚན་མ་ལྷ་ཡིའོ། །བར་སྣང་ལས་བྱུང་མཚན་མ་ནི། །ཐམས་ཅད་འབྲིང་དུ་ཤེས་པར་བྱ། །ས་ལས་བྱུང་བའི་མཚན་མ་གང་། །དེ་དག་ས་པའི་ཡིན་པར་བཤད། །ལྷ་ཡི་དག་གིས་དངོས་གྲུབ་མཆོག །
བར་སྣང་དག་གིས་འབྲིང་དུ་འགྱུར། །ས་པ་དག་གིས་དངོས་གྲུབ་ཕུལ། །གསུམ་པའང་གསུམ་གསུམ་དག་ཏུ་དབྱེ། །དེ་ལ་སོགས་པའི་མཚན་མ་རྣམས། །དངོས་གྲུབ་ཕྱིར་ནི་བསྒྲགས་པའོ། །མདོར་ན་གསང་སྔགས་ཐམས་ཅད་ལ། །དེ་ལས་བཟློག་ན་མི་འགྲུབ་བོ། །
དང་པོར་མཚན་མ་བཟུང་ནས་ནི། །སེམས་ནི་རབ་ཏུ་དགའ་གྱུར་ནས། །ཡོངས་སུ་མགུ་བའི་བསམ་པ་ཡིས། །དེ་ནས་བསྒྲུབ་པ་བརྩམ་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །རབ་དང་འབྲིང་དང་ཐ་མ་འགྲུབ། །ཅེས་བྱ་བ་ལ། དངོས་གྲུབ་རབ་དང་འབྲིང་དང་ཐ་མའི་དབྱེ་བ་ནི།
ཇི་སྐད་དུ། གང་དག་སྟེང་དུ་འགྲོ་བའི་ལས། །དེ་ཀུན་མཆོག་ཏུ་ཤེས་པར་བྱ། །གང་ཡང་ཅུང་ཟད་མི་སྣང་བ། །དེ་ནི་འབྲིང་གི་ཆོ་གར་བསྟན། །གང་ཡང་འདི་ལ་ས་པའི་ལས། །དེ་དག་ཐམས་ཅད་ཐ་མར་བཤད། །དེ་བས་རབ་འབྲིང་ཐ་མ་ཡི། །ལས་རྣམས་ཀྱི་ནི་བྱེ་བྲག་ལས། །

སྟེང་དང་བར་སྣང་ས་པ་དང་། །གནས་ནི་རྣམ་པ་གསུམ་དུ་བཤད། །རིག་སྔགས་འཆང་དང་ནམ་མཁའ་འགྲོ། །སྣ་ཚོགས་གཟུགས་ནི་གྲུབ་པ་དང་། །མངོན་པར་ཤེས་པ་འཐོབ་པ་དང་། །ཞི་བའི་བློ་དང་ཡེ་ཤེས་འཐོབ། །བསྟན་བཅོས་ཐམས་ཅད་ཤེས་པའི་བློ། །སྨྲ་མཁས་
ཐོས་པ་འཛིན་པ་དང་། །ཡིད་བཞིན་ནོར་བུ་རྒྱལ་སྲིད་དང་། །གཏེར་ཆེན་དག་ནི་རྙེད་པ་དང་། །དེ་ལ་སོགས་པ་བསྟན་པ་རྣམས། །རིག་སྔགས་དངོས་གྲུབ་དམ་པ་ཡིན། །མི་སྣང་སྟོབས་དང་དངོས་གྲུབ་དང་། །ཕུག་གི་དངོས་གྲུབ་བཅུད་ལེན་དང་། །མང་དུ་ཐོས་དང་
ཤེས་ཐོབ་དང་། །རྐང་མགྱོགས་པ་ཡི་དངོས་གྲུབ་དང་། །དེ་ལ་སོགས་པའི་དངོས་གྲུབ་ནི། །འབྲིང་གི་རབ་ཏུ་བཤད་པ་ཡིན། །འགྲོ་བ་ཐམས་ཅད་དགའ་བ་དང་། །དྲག་ཤུལ་སྤྱོད་པའི་ཆོ་ག་དང་། །གཞན་ཡང་ཅུང་ཟད་ཕལ་གྱི་རྣམས། །མཁས་པས་ཐ་མར་རིག་པར་བྱ། །
འབར་བའི་རྫས་ལས་མཆོག་ཏུ་འགྱུར། །དུ་བ་ཉིད་ལས་འབྲིང་དུ་འགྱུར། །དྲོ་ལས་དངོས་གྲུབ་ཐ་མར་འགྱུར། །དེ་ལྟར་དངོས་གྲུབ་རྣམ་གསུམ་མོ། །འཕགས་པའི་གསང་སྔགས་མཐུ་ཆེན་གྱིས། །དངོས་གྲུབ་དམ་པ་བསྒྲུབ་པར་བསྒྲགས། །ས་བླས་ཐ་མ་གྲུབ་པར་
གསུངས། །ལྷ་ཡི་སྔགས་ཀྱིས་འབྲིང་པོ་འགྲུབ། །དེ་བཞིན་གཤེགས་པའི་རིགས་གསུངས་པའི། །སྔགས་ཀྱི་དངོས་གྲུབ་ཆེན་པོ་འཐོབ། །པདྨ་འཛིན་པས་གསང་སྔགས་ཀྱི། །དངོས་གྲུབ་འབྲིང་པོ་འཐོབ་པར་བཤད། །རྡོ་རྗེ་འཛིན་པས་གསུངས་པ་ཡིས། །དངོས་གྲུབ་ཐ་མ་འགྲུབ་
པར་བསྒྲགས། །རབ་ཀྱི་ཐ་མ་གང་ཡིན་པ། །ཐ་མའི་རབ་ཏུ་དེ་མི་མཉམ། །དངོས་གྲུབ་ལྷག་མ་གཉིས་ལ་ཡང་། །ཆོ་གའི་རིམ་པ་དེ་ཉིད་དོ། །འབྲས་བུ་ཡོན་ཏན་བསྟན་པ་ཡི། །ཆེ་བའི་བྱེ་བྲག་རྣམ་གསུམ་ལས། །རབ་དང་འབྲིང་དང་ཐ་མ་ཡིན། །བྱེ་བྲག་དེ་དག་རབ་ཏུ་བསྒྲགས། །སངས་
རྒྱས་བྱང་ཆུབ་སེམས་དཔའ་ཡིས། །གསུངས་པའི་གསང་སྔགས་གང་ཡིན་པ། །དེ་ལས་དངོས་གྲུབ་རབ་འབྱུང་བ། །ཐ་མ་དག་ལའང་ཡོད་པར་འགྱུར། །རྒྱལ་བས་གསུངས་པའི་གསང་སྔགས་གང་། །ཁ་ཅིག་ལས་གཅིག་པ་ཡང་ཡོད། །དེ་ཉིད་དེ་ཡི་ལས་བཤད་པ། །རབ་དང་འབྲིང་

དང་ཐ་མའོ། །འདམ་ལས་པདྨ་སྐྱེས་པ་དང་། །ཙནྡན་ཤིང་ལས་མེ་འབྱུང་བཞིན། །ཁ་ཅིག་དེ་ལྟར་རིས་མེད་པར། །དངོས་གྲུབ་རྣམས་ཀྱང་འབྱུང་བར་འགྱུར། །ལུས་ཀྱི་དངོས་གྲུབ་རབ་ཡིན་ནོ། །རྫས་ལས་བྱུང་བ་འབྲིང་ཡིན་ནོ། །ལོངས་སྤྱོད་དངོས་གྲུབ་ཐ་མ་
ཡིན། །རབ་དང་འབྲིང་དང་ཐ་མ་ལ། །ཐ་མའི་གསང་སྔགས་བཟླས་པ་ནི། །ལ་ལས་རབ་ཏུ་བརྙེས་བྱས་ནས། །དངོས་གྲུབ་གཞན་ལས་བླངས་ན་ནི། །མཆོག་ཀྱང་རབ་ཏུ་སྟེར་བར་འགྱུར། །རབ་ལའང་ལ་ལ་ཞིག་གིས་ནི། །མ་བསྒྲིབས་པར་ནི་བསྙེན་བྱས་ནས། །སྔགས་ཀྱང་དངོས་
གྲུབ་ཐ་མ་སྟེར། །དེ་བས་བསྙེན་པ་རབ་ཏུ་གཅེས། །ལྷ་རྣམས་ལ་ཡང་དབུལ་པོ་ཡོད། །ཡི་དྭགས་ལ་ཡང་མཐུ་ཆེན་ཡོད། །དངོས་གྲུབ་ལ་ཡང་དེ་བཞིན་དུ། །རྣམ་པ་སྣ་ཚོགས་ཡོད་པར་འགྱུར། །རབ་འབྲིང་ཐ་མ་རེ་རེ་ལའང་། །དངོས་གྲུབ་རྣམ་པ་གསུམ་དུ་དབྱེ། །གསང་སྔགས་
རྣམས་ཀྱི་མཐུ་ཤེས་ནས། །བསྙེན་པ་ལས་ནི་དངོས་གྲུབ་བཙལ། །ཞེས་གསུངས་ལ། ཡང་གཞན་ལས་ཀྱང་། དེ་དག་འབྲས་བུའང་རབ་འབྲིང་དང་། །ཐ་མར་དབྱེ་བས་རྣམ་པ་གསུམ་དུ་བརྟག །དཔལ་དང་ཕུག་ཏུ་འགྲོ་དང་མཁའ་ལ་འགྲོ། །བསམ་པ་བཞིན་གྲུབ་མི་སྣང་རྣམ་པ་
དང་། །གནོད་སྦྱིན་མོ་ཡི་ཁྱོ་དང་བཅུད་ཀྱིས་ལེན། །མིག་འཕྲུལ་སྒྱུ་མ་མཚན་མོ་རྒྱུ་བ་སྟེ། །དེ་དག་རབ་ཡིན་འབྲིང་ནི་ས་བདག་པོ། །གྲོང་དང་ནོར་དང་དབྱེ་དང་དགུག་པ་དང་། །དགར་དང་བསྐྲད་པ་དང་ནི་གསད་པ་དང་། །ཀླུ་ཡི་གདོན་གྱིས་ཟིན་པ་གསོ་བ་དང་། །གང་ཡང་འདི་ལྟ་བུ་དང་
མཐུན་པའི་ལས། །དེ་ནི་མཁས་པས་ཕྲན་ཚེགས་ཡིན་པར་བསྟན། །བྱེ་བྲག་ཏུ་ནི་ཀླུ་དང་གནོད་སྦྱིན་དང་། །བྱིས་པ་གདོན་གྱིས་ཟིན་དང་གང་དག་ཏུ། །ལུས་ཅན་རྣམས་ལ་ངོ་མཚར་སྣ་ཚོགས་དག །སྟོན་པར་བྱེད་པ་ཕྲ་མོའི་ཕྲན་ཚེགས་ཡིན། །ཞེས་གསུངས་ལ། དེ་ཉིད་ལས་
གྲུབ་པ་ཆེན་པོ་བརྒྱད་དབྱེ་བ་ལ་ཡང་གསུངས་ཏེ། བཅུད་ཀྱིས་ལེན་དང་གཏེར་དང་ཕུག་འགྲོ་དང་། ནོར་བསྒྱུར་འབྱུང་ཁུངས་སྔགས་དང་གསེར་འགྱུར་རྩི། །རིན་ཐང་མེད་པའི་རིན་ཆེན་ནོར་སྦྱིན་ཏེ། །བརྒྱད་པོ་བསྟན་པ་ཡོངས་སུ་བསྒྲགས་པ་ཡིན། །སྔགས་དང་ཕུག་ཏུ་འགྲོ་དང་བཅུད་

ཀྱིས་ལེན། །སྡིག་པ་སྤོང་བར་བྱེད་པས་མཆོག་ཏུ་བསྟན། །རིན་ཆེན་དང་ནི་གཏེར་དང་འབྱུང་ཁུངས་འབྲིང་། གསེར་འགྱུར་རྩི་དང་ནོར་བསྒྱུར་ཐ་མའོ། །མི་ནི་སེམས་སྟོབས་ལྡན་ཞིང་ཆོས་ལ་བརྩོན། །དཀའ་ཐུབ་ཀྱིས་ཕྱུག་དང་པོར་བསྟན་པའི་སྣོད། །རྡུལ་ཤས་ཆེ་བ་ལ་ནི་
འབྲིང་པོར་གསུངས། །ཐ་མ་ལ་ནི་མུན་པ་ཅན་གྱིས་བརྟེན། །གང་ཞིག་མཆོག་ཏུ་བསྟན་པ་བསྟེན་འདོད་པ། །དེ་ནི་ཐ་མར་བསྟན་པ་རྣམ་པར་སྤང་། །གལ་ཏེ་ནོར་ལ་སྲེད་ཅིང་སྡུག་བསྔལ་གྱིས། །གདུངས་ན་འབྲིང་པོ་ལ་ནི་བརྟེན་པར་བྱ། །ཞེས་སོ། །ཡང་ཁ་ཅིག་ལས་དངོས་
གྲུབ་ཆེན་པོ་བརྒྱད། མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྱི་ས་འོག་བསྒྲུབ་པ་དང་། །རི་ལུ་མཁའ་ལ་སྤྱོད་པ་དང་། །མི་སྣང་བ་དང་བཅུད་ཀྱིས་ལེན། །ཞེས་པ་དང་། ཡང་གཞན་ལས། རི་ལུ་མིག་སྨན་ས་འོག་དང་། །རལ་གྱི་མཁའ་འགྲོ་མི་སྣང་དང་། །འཆི་བ་མེད་
དང་ནད་འཇོམས་པ། །འདི་དག་གྲུབ་པ་ཆེན་པོ་བརྒྱད། །ཅེས་གསུངས་སོ། །དེ་བཞིན་དུ་དངོས་གྲུབ་རྣམ་པར་དབྱེ་བ་གཞན་དུ་གསུངས་པ། འདི་བདེན་འདི་ནི་ཡང་དག་པ། །དེ་བཞིན་དུ་ནི་མི་སླུ་བ། །ཇི་ལྟར་སངས་རྒྱས་བདེན་གཟིགས་པ། །དེ་བཞིན་གང་སྔོན་ངས་མཐོང་
བའི། །བྱང་ཆུབ་སེམས་མཐོང་གང་ཡིན་དེ། །དངོས་གྲུབ་དེ་ལས་གཞན་ཅི་དགོས། །དེ་ལས་གཞན་དུའང་དངོས་གྲུབ་ནི། །རྣམ་པ་དག་ནི་ལྔ་བཀོད་དེ། །སྤྱོད་པའི་རྗེས་སུ་འཇུག་པ་དང་། །དེ་བཞིན་ས་ནི་གནོན་པ་དང་། །འཇིག་རྟེན་མངོན་ཤེས་ལྔར་འདོད་དང་། །སངས་
རྒྱས་ཉིད་དང་གང་གཞན་ནོ། །ཞེས་ཏེ། འདི་དག་ལ་སོགས་པ་ལུང་རབ་ཏུ་གསལ་བ་དང་། བླ་མའི་མན་ངག་དང་། རང་གི་བློ་དྲི་མ་མེད་པས་དངོས་གྲུབ་རྣམ་པར་དབྱེ་སྟེ། འདི་ནི་སྔགས་སྤྱོད་པ་རྣམས་ཀྱི་ངལ་བ་བྱས་པའི་འབྲས་བུ་ཡིན་པས། བདག་གིས་རབ་ཏུ་སྤྲོས་པར་ཟད་དོ། །
དེ་ནས་གཟུགས་དེ་བྱིན་བརླབས་ལ། །ཞེས་བྱ་བ་ལ། ཇི་ལྟར་བྱིན་གྱིས་བརླབ་ཅེ་ན། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །ཞེས་བྱ་བ་སྨོས་ཏེ། རབ་གནས་བྱས་ནས་ཡང་ལྷ་དེ་ཉིད་ཀྱི་སྔགས་དང་ཕྱག་རྒྱ་ལན་མང་དུ་རང་གིས་དེའི་སྤྱན་སྔར་བཟླས་པ་ཉིད་ཀྱིས་དེ་བྱིན་གྱིས་བརླབས་

པར་འགྱུར་རོ། །ཅི་བདོག་པས་ནི་མཆོད་པར་བྱའོ། །ཞེས་བྱ་བ་ནི། དུས་རྟག་ཏུ་ཐུན་མཚམས་དག་ལ་བདག་ཉིད་ལ་འབྱོར་པ་ཅི་ཡོད་པས་མཆོད་པར་བྱ་སྟེ། རྣམ་པ་ཀུན་ལ་མཁས་པ་ཡིས། །རྟག་ཏུ་ཅི་ནུས་པས་ཀྱང་རུང་། །ཞེས་གསུངས་པས་སོ། །
རྟག་ཏུ་མངོན་སུམ་འདུག་ནས་ཀྱང་། །ཞེས་བྱ་བ་ནི་བྲིས་སྐུའི་སྤྱན་སྔ་ཁོ་ནར་བསྙེན་པ་བྱ་བ་བསྟན་པའོ། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱིས། །བདག་བསྲུང་ལ་སོགས་བྱས་ནས་ཀྱང་། །ཞེས་བྱ་བ་ནི་སྔར་བསྲུང་བ་བསྟན་པ་སྟེ། ཁ་ཅིག་ན་རེ་འཕགས་པ་གཤིན་རྗེ་གཤེད་
ཀྱི་སྔགས་ཀྱིས་བསྲུང་བ་བྱ་བ་སྟེ། དེ་བཞིན་གཤེགས་པའི་རིགས་ལ་ནི་དེ་ཤེས་པས་སོ་ཞེས་ཟེར་རོ། །བདག་གི་དེ་ཉིད་དྲན་བྱེད་ཅིང་། །ཞེས་པ་ནི། མངོན་པར་བྱང་ཆུབ་པའམ་སེམས་དཔའ་འབྱུང་བའི་རིམ་པས། བདག་གི་རྣལ་འབྱོར་རྫོགས་པར་བྱ་བ་སྟེ། འདིར་བདག་གི་དེ་ཁོ་
ན་ཉེ་བར་མཚོན་པའོ། །འཕགས་པ་རྡོ་རྗེ་གཙུག་ཏོར་ལ་སོགས་པ་བྱ་བའི་རྒྱུད་དག་ལས་བདག་གི་དེ་ཁོ་ན་ཉིད་སྟོན་པ་ལྷུར་ལེན་པ་དེ་དག་ལས་འདིར་བླངས་ཏེ་ཅི་རིགས་སུ་ཤེས་པར་བྱའོ། །དེ་ལྟར་ན་འདིར་དང་པོ་ནི་བསྲུང་བའོ། །དེ་ནས་བྲིས་སྐུའི་སྤྱན་སྔར་འདུག་པར་བྱའོ། །དེ་ནས་
གཟུགས་བྱིན་གྱིས་བརླབ་པའོ། །དེ་ནས་བདག་གི་རྣལ་འབྱོར་རོ། །དེ་ནས་མཆོད་པའོ། །དེ་ནས་བསྙེན་པ་བཟླ་བ་བྱ་བའི་ཕྱིར། །འབུམ་ཕྲག་གསུམ་མམ་ཞེས་པ་ལ་སོགས་པ་སྨོས་ཏེ། སྔགས་པ་མཆོག་གི་དབང་དུ་བྱས་ནས་འབུམ་ཕྲག་གསུམ་སྟེ། ཇི་སྐད་དུ། བཟླས་བརྗོད་གྲངས་
ནི་སུམ་འབུམ་དུ། །ཕལ་ཆེར་ངས་ནི་བསྟན་པ་དག །ལུས་ཅན་སྡིག་དང་བྲལ་བ་ཡི། །སྔགས་པ་རྣམ་པར་དག་པ་ལས། །བཟླས་པའི་གྲངས་ནི་བསྟན་པ་སྟེ། །གཞན་དུ་བྱ་བ་མ་ཡིན་ནོ། །ཞེས་གསུངས་པས་སོ། །སྔགས་པ་འབྲིང་གི་དབང་དུ་བྱས་ཏེ། ཡང་ན་དྲུག་ཅེས་བྱ་
བ་སྨོས་ཏེ། འབུམ་ཕྲག་ཅེས་པ་ཚིག་ལྷག་མའོ། །སྔགས་པ་སྨན་པ་དག་གིས་ནི། །དུས་ཡུན་རིང་པོར་བཟླས་པ་བྱ་དགོས་ཏེ། འདི་སྐད་དུ། ལོ་གྲངས་བཅུ་གཉིས་དག་བསྙེན་པས། །ལས་རྣམས་ཐམས་ཅད་ནུས་པར་འགྱུར། །ཞེས་གསུངས་ལ། ཡང་གཞན་ལས།

ཉེས་པ་ཆེན་པོ་བྱེད་པ་ཡང་། །ལོ་བཅུ་གཉིས་ཀྱིས་འགྲུབ་པར་འགྱུར། །ཞེས་གསུངས་པས་སོ། །ཡང་། བྱེ་བྲག་སུམ་འབུམ་བཞི་ཁྲི་རྩོད་དུས་སྦྱར། །ཞེས་གསུངས་པས། དེའི་དབང་དུ་བྱས་ཏེ། དངོས་གྲུབ་མཚན་མ་བྱུང་བར་དུ། །ཞེས་བྱ་བ་གསུངས་ཏེ། འདིའི་ཚད་ནི་འདི་
ལས་གཞན་ཅི་ཡང་བྱ་བར་མི་ནུས་པས་སོ། །དེ་ལ་དངོས་གྲུབ་ཀྱི་མཚན་མ་མངོན་སུམ་པ་ནི། སྔར་རྒྱས་པར་བསྟན་པར་ཟད་དོ། །རྨི་ལམ་གྱི་མཚན་མ་ཕྲ་བ་ནི། །ཇི་སྐད་དུ་འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས། དེ་ལྟར་བཟློག་པའི་གསང་སྔགས་ཉེར་འགྱུར་ན། །
མཚན་མོ་ཉལ་ན་རྨི་ལམ་འདི་དག་མཐོང་། །ཁང་བཟངས་ལྗོན་ཤིང་བྲམ་ཟེ་སེང་གེ་རྟ། །རི་བོ་ཤིང་རྟ་སྒྲ་ལྡན་སྤྲིན་དང་ནི། །སྟག་དང་བསེ་དང་གླང་ཆེན་ཁྱུ་མཆོག་ལ། །རྨི་ལམ་ན་ནི་དགའ་བས་ཞོན་པ་དང་། །མེ་ཏོག་ཕྲེང་བ་དྲི་དང་གོས་དང་ནི། །ཤ་ཆང་ཉ་དང་འབྲས་བུ་གླེགས་བམ་
དང་། །ལྷ་ཡི་གཟུགས་དང་ཨུཏྤལ་དམར་པོ་དང་། །ཤིང་རྟ་གང་ལའམ་བ་བཞོན་བེའུ་ཕྲུག་ཅན། །གདུགས་དཀར་བསིལ་ཡབ་ལྷམ་དང་རལ་གྱི་དང་། །རྔ་ཡབ་གསེར་ཡུ་ཅན་དང་ཕྲེང་བ་དང་། །ནོར་བུ་མུ་ཏིག་ཉ་ཕྱིས་དུང་དང་དངུལ། །བུད་མེད་གཟུགས་བཟང་བ་དང་བུ་མོ་དང་། །
རིན་ཆེན་སྣ་ཚོགས་རྣམས་ཀྱིས་སྤས་པའི་རྒྱན། །མལ་སྟན་དཀར་པོ་བཏིང་བ་རྙེད་པ་དང་། །ཐོ་རངས་ཁར་ནི་ཆུ་བོ་ཆུ་ཀླུང་དང་། །འབབ་ཆུའམ་རྒྱ་མཚོ་མཚོ་དང་རྫིང་བུ་དང་། །ལུ་མ་ལ་ནི་འཐུང་ངམ་རྐྱལ་རྨི་དང་། །ཡང་ན་ཁྲག་གིས་ལུས་ནི་ཁྲུས་བྱེད་དང་། །མཆོད་རྟེན་ལྷ་ཁང་གནས་དང་རྒྱལ་བའམ། །
བྱང་ཆུབ་སེམས་དཔའ་མཆོག་དང་རང་རྒྱལ་དང་། །ཟག་མེད་དགེ་འདུན་དང་ནི་དགེ་སློང་མ། །དགེ་བསྙེན་རྣམས་དང་ལྷ་དང་ས་བདག་དང་། །ལྷ་མིན་བྲམ་ཟེ་ཡིད་འོང་སྐྱེས་པ་དང་། །མི་དང་མི་མཆོག་ཕྱུག་ཅིང་འབྱོར་དང་གཉེན། །ཐ་མ་མཛའ་བཤེས་བུ་དང་གནོད་སྦྱིན་དང་། །གྲུབ་པའི་
ལྷ་དང་ན་ཆུང་ཚོགས་བདག་དང་། །ཅི་སྟེ་ཉི་མ་ཟླ་བ་ཟ་བ་དང་། །ས་ཡི་ནང་འགྲོ་ས་བོན་འཐུང་བ་དང་། །མེ་ལ་རྫི་ཞིང་ཤ་ནི་ཟ་བ་དང་། །ལུས་གྱི་ནང་དུ་བུད་མེད་ཞུགས་པར་མཐོང་། །རྨི་ལམ་བཟང་པོ་འདི་དག་མཐོང་བ་གང་། །དེ་ནི་རིང་པོར་མི་ཐོགས་འགྲུབ་པར་འགྱུར། །

ཟླ་བ་གཅིག་དང་ཟླ་ཕྱེད་ཉིན་ཞག་དང་། །སྐད་ཅིག་གིས་ཀྱང་ཕྱི་ཕྱིར་ཉེ་བར་འགྱུར། །ཞེས་ཇི་སྐད་གསུངས་པའོ། །གཞན་ཡང་ནད་མེད་པ་ལ་སོགས་པའི་མཚན་མས་མཚན་པར་བྱའོ། །དེ་ལྟ་བས་ན་བསྙེན་པ་ཕལ་པ་བྱས་ཀྱང་། དངོས་གྲུབ་ཆེན་པོ་འདོད་ན་ནི། །
བསྙེན་པ་ཁྱད་པར་ཅན་བརྩམས་ཏེ། །ཤིན་ཏུ་མཆོག་གི་ལས་དེ་ནི། །བསྙེན་པ་ཁྱད་པར་ཅན་གྱིས་འགྲུབ། །ཅེས་གསུངས་ལ། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དེ་ནས་འདི་ཡི་བརྟུལ་ཞུགས་བརྩམ། །ཞེས་གསུངས་སོ། །དེ་ལ་བསྙེན་པ་ཁྱད་པར་ཅན་ཡང་། རིག་པའི་བརྟུལ་
ཞུགས་དང་། དེ་དང་འདྲ་བའི་དཀའ་ཐུབ་བོ། །དེ་ལས་འདིར་ནི་དེ་དང་འདྲ་བའི་དཀའ་ཐུབ་ཀྱི་བསྙེན་པ་ཁྱད་པར་ཅན་བསྟན་པའི་ཕྱིར། དེ་ནས་དབེན་པའི་གནས་སུ་ནི། །བརྒྱད་བརྒྱ་ཉིད་དུ་ཚང་བར་བྱ། །སྔགས་ནི་འཁྲལ་འཁྲུལ་མེད་པ་བཟླས། །ཞེས་བྱ་བ་གསུངས་ཏེ། དབང་པོ་
བསྡམས་པ་དང་། སེམས་ཀྱི་གནས་ངན་ལེན་བཀག་པ་དང་། ལུས་དང་ངག་གི་གནས་ངན་ལེན་གང་ཡང་མེད་པ་དང་། ཟས་དང་གོས་དང་གནས་ལ་སོགས་པ་ལ་ཆགས་པ་མེད་པ་དང་། རབ་ཏུ་ཡང་རྟོག་པས་དབེན་པ་སྟེ། དེས་ན་འདིར་བར་ཆད་ཀྱི་ཆོས་ཀྱིས་དབེན་པར་གནས་པ་ནི།
དབེན་པའི་གནས་སུ་ནི་ཞེས་ཚིག་གཞན་དུ་ཡང་གསུངས་པ་ནི། །ཉེ་བར་ནི་འདུ་འཛི་སྤངས་པའོ། །དེའི་ཕྱིར་འདི་བརྟུལ་ཞུགས་ལས་སྤྱོད་ལམ་དང་ཆ་ལུགས་ཀྱིས་དམན་པར་ཟད་དོ། །བསྙེན་པ་ལས་ནི་དངོས་གྲུབ་བཙལ། །ཞེས་གསུངས་པས། །བསྙེན་པ་རྫོགས་ནས་ད་ནི་སྒྲུབ་
པའི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བའི་ཆེད་དུ་སྔར་བསྟན་པ་ལྟར་བྲི་བར་གསུངས་པ། དེ་ནས་བཟླས་པའི་མཇུག་ཏུ་ནི། །དཀྱིལ་འཁོར་སྔ་མ་བཞིན་བསམས་ལ། །མཆོད་པ་རྒྱ་ཆེར་བྱས་ནས་ཀྱང་། །ཞེས་བྱ་བ་སྟེ། འདིར་ཅུང་ཟད་དུ་ནི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་
འདས་ལུགས་མ་ལ་སོགས་པར་བྱས་པ། རིན་པོ་ཆེའི་གདན་ཁྲི་ལ་བཞུགས་པ་དེ་དག་ཏུ་རུང་བར་བྱའོ། །དེ་ནས་ནུས་ན་བདག་ཉིད་ཀྱིས་མཆོད་པ་དང་། སྡོམ་པ་བཟུང་བ་དང་དབང་བླང་བ་རྣམས་རང་གིས་བྱའོ། །གལ་ཏེ་འགྲོ་མི་ནུས་ན་གང་ལས་དམ་ཚིག་ལ་སོགས་པ་ཐོབ་པའི་བླ་མ་

ལ་སོགས་པ་གང་ཞིག་དོན་དུ་གཉེར་བ་དེ་མཉེས་པར་བྱས་ཏེ། དེས་བདག་དབང་བསྐུར་ལ་གཏོར་མ་རྒྱ་ཆེར་བྱིན་ཏེ། དེ་ནས་དཔའ་བོ་བཞི་དང་སྒྲུབ་པའི་གྲོགས་མཆོག་གམ། ཡང་ན་སྒྲུབ་པའི་གྲོགས་མཆོག་འབའ་ཞིག་དང་སྒྲུབ་པ་ལ་འཇུག་པར་བྱ་སྟེ། དཀྱིལ་འཁོར་གྱི་བདག་པོར་
གསལ་ལ། དེར་བདག་ཉིད་འདུག་སྟེ། ཇི་ལྟར་འདོད་པའི་དངོས་གྲུབ་བཙལ་ལོ། །མཚན་གཅིག་ཐོག་ཐག་བཟླས་པ་བརྩམ། །ཞེས་བྱ་བ་ནི་དངོས་གྲུབ་ཆེན་པོའི་དབང་དུ་བྱས་པ་སྟེ། ཇི་སྐད་དུ། ཐ་མ་སྲོད་ལ་འགྲུབ་འགྱུར་ཏེ། །འབྲིང་པོ་རྣམས་ནི་ནམ་ཕྱེད་ན། །རབ་ནི་ཉི་མ་
འཆར་བ