Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 66

Văn bản gốc(Tây Tạng)

Trang 22 / 22 (50.000 ký tự/trang)
ོག་གོ། །མགོ་བོ་ཐོད་པ་ཞེས་བྱ་བ་ནི་སོར་མོ་རྩེ་མོ་བསྣོལ་བའི་སྙིམ་པ་སྟེ། ནག་པོ་ཞེས་བྱ་བ་ནི་དགའ་བྱེད་དབང་ཕྱུག་དང་བཅས་པའིའོ། །
ལག་པ་བརྐྱང་བ་ཞེས་བྱ་བ་ནི་དམ་པ་སྦྱིན་པའོ། །བྷྲྀངྒི་རི་ཏི་ཞེས་བྱ་བ་ནི་སྔར་བསྟན་པའམ་ཡང་ན་འདིས་ཕྱག་རྒྱར་བྱ་བ་སྟེ། ཁ་ཅིག་ན་རེ་ཕྱི་རོལ་དུ་ནི་སྟོབས་བཟངས་བྱ་བ་ལ་སོགས་པའི་ནང་དུ། བྷྲྀངྒི་རི་ཏི་བགྲང་ཞིང་སྟོབས་ཆེན་ནི་ནང་དུ་བཞག་ཅེས་ཕྱག་རྒྱ་འདིར་བསྟན་པ་ལས་དཔགས་ཏེ་སྨྲའོ། །པི་ཝང་གཡོན་
ན་ཐོགས་ཞེས་བྱ་བ་ནི་ལག་པ་གཡོན་པ་བསྟོད་ཅིང་སོར་མོ་བཞི་ཅུང་ཟད་བཀུག་པས་པི་ཝང་འཛིན་པ་ལྟར་བྱ་སྟེ། གཡས་པས་རྒྱུད་སྒྲེང་བ་ལྟར་བྱས་པ་ནི། དྲི་ཟ་རྣམས་ཀྱི་རྒྱལ་པོ་ཡུལ་འཁོར་སྲུང་གི་ཕྱག་རྒྱའོ། །ལག་པ་གཉིས་འབྱར་བའི་ཕྱག་རྒྱ་སྟེ། ཐལ་མོ་སྦྱར་བ་བཀན་ལ་མཐེ་བོ་བསྒྲེང་སྟེ། ཐལ་མོའི་རྩེ་

མོ་ཅུང་ཟད་གཡབས་པ་ནི། དྲང་སྲོང་ཆེན་པོ་མེའི་འབར་བའི་ཕྱག་རྒྱའོ། །ལག་པ་གཡས་པ་ཁུ་ཚུར་བཅངས་པ་ལས། གུང་མོ་བརྐྱང་བ་ནི་དབྱུག་པ་འདྲ་བའི་ཕྱག་རྒྱ་སྟེ། ཆོས་ཀྱི་རྒྱལ་པོ་གཤིན་རྗེའིའོ། །སྲིན་པོའི་ཕྱག་རྒྱ་རལ་གྲི་རྣོ་བ་ལ་ནི་ཁྲོ་བ་སྟེ་གུང་མོ་དང་དབང་མོ་སྟེ་སྲིན་ལག་སྦྱར་བ་བསྒྲེང་བའོ། །དེ་ཡང་ལག་པ་
གཡས་པའི་ཁུ་ཚུར་གཉིས་ལས་སོ། །ལག་པ་གཡས་པ་ཁུ་ཚུར་བཅངས་པའི་མཐེའུ་ཆུང་བསྒྲེང་སྟེ། ཕྱར་བ་ནི་རལ་གྲིའི་ཕྱག་རྒྱ་སྟེ། གྲུལ་བུམ་གྱི་བདག་པོ་འཕགས་སྐྱེས་པོའི་ཕྱག་རྒྱའོ། །ལག་པ་གཡས་པའི་ཁུ་ཚུར་བཅངས་པ་ལས། མཛུབ་མོ་བརྐྱང་བ་བཀུག་ལ་ཞགས་མིག་ལྟར་བྱས་པ་ནི།
མཛུབ་མོ་ཞགས་པ་འདྲ་བ་སྟེ། ཀླུའི་བདག་པོ་མིག་མི་བཟང་དང་ཆུ་ལྷའི་ཕྱག་རྒྱའོ། །རྒྱལ་མཚན་ཡིན་ཞེས་བྱ་བ་ནི་སོར་མོ་རྣམས་བསྣོལ་བ་ལས། མཐེའུ་ཆུང་གཉིས་བསྒྲེང་བའམ། ལག་པ་གཡས་པའི་ཁུ་ཚུར་ལས་མཛུབ་མོ་དང་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་འདི་ནི་ཕྱོགས་ཀྱི་བདག་པོ་རླུང་གི་
ཕྱག་རྒྱའོ། །ཅི་ལྷ་འདི་དག་གི་ཕྱག་རྒྱ་འདི་ཁོ་ན་ལྟར་ངེས་སམ་འོན་ཏེ་གཞན་ཡང་ཡོད་ཅེ་ན། དེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱག་རྒྱ་རབ་འབྱམ་དཔག་ཏུ་མེད་པ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལ་སོགས་པའི་རྒྱུད་ལས་གསུངས་པ། འདིར་སྦྱར་ཡང་གནོད་པ་མེད་ཅིང་དངོས་
པོའི་རང་བཞིན་ངེས་པར་ཤེས་པས། ཇི་ལྟར་སྦྱར་བ་དེ་ཆོས་ཀྱི་དབྱིངས་དང་། རང་གི་བསམ་པའི་མཐུས་ཕྱག་རྒྱར་འགྱུར་ཏེ། ཇི་སྐད་དུ་དཔལ་སྡོམ་པ་ལས། སེམས་ཅན་རྣམས་ཀྱི་ཇི་ཙམ་དུ། །ལུས་ནི་རྣམ་པར་བསྐྱོད་འགྱུར་བ། །ཕྱག་རྒྱའི་འཁོར་ལོ་འཛིན་པ་ལ། །མདོར་ན་ཐམས་ཅད་ཕྱག་རྒྱར་འགྱུར། །
ཞེས་གསུངས་པས་སོ། །ལྷ་རྣམས་ཀུན་ཞེས་བྱ་བ་ལ་སོགས་པ་ནི་ཐུན་མོང་པ་སྟེ་གོ་སླའོ། །བུད་མེད་རྣམས་ཞེས་བྱ་བ་ནི་མ་མོ་རྣམས་སོ། །སེམས་སྒྲུབ་པའོ་ཞེས་བྱ་བ་ནི། སེམས་རང་དབང་མེད་པར་སྒྲུབ་པ་པོས་འགྲུབ་པ་སྟེ། ཇི་སྐད་དུ། ཇི་ལྟར་རྒྱལ་པོ་ཉིད་ཀྱིས་རྒྱལ། །རྒྱལ་པོའི་ཁྲིམས་ནི་བསྟན་
པ་ལྟར། །བདག་ཆེན་ཉིད་ཀྱི་ཕྱག་རྒྱས་ཀྱང་། །སྐྱེ་བོ་རྣམས་ལ་དེ་བཞིན་བཏབ། །ཅེས་གསུངས་པས་སོ། །རྡོ་རྗེ་རྣལ་འབྱོར་མ་ཞེས་བྱ་བ་ནི། སྔར་གྲུབ་པའི་བུད་མེད་རྣམས་སོ། །ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ཡི། །ཞེས་བྱ་བ་འདི་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཧཱུཾ་གི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་

སོགས་པས་ནི་བསྲུང་བ་ལ་ཤིས་པའི་ཁྲོ་བོ་གཉིས་ཀྱི་ཕྱག་རྒྱ་སྟོན་ཏོ། །སྤྱན་གྱི་མིག་དང་འདྲ་བར་བཤད། །ཅེས་བྱ་བ་ལ་སོགས་པ་ནི། རྩ་བ་ལ་སོགས་པའི་རྒྱུད་དུ་གསུངས་པའི་ལྷ་མོ་བཞིའི་ཕྱག་རྒྱ་རྫོགས་པར་བྱེད་དོ། །ཚིག་གི་དོན་ནི་གོ་སླའོ། །ཨ་ས་ས་ས་ཞེས་བྱ་བ་ལ་སོགས་པ་ནི། བཛྲ་སཏྭ་ཧཱུཾ།
བཛྲ་སཏྭ་ཛ་ཞེས་བྱ་བ་ལ་སོགས་པར་སྦྱར་ཏེ། སེམས་དཔའ་བཅུ་དྲུག་གི་སྔགས་སུ་སྦྱར་རོ། །ཧཱུཾ་ཛ་ཞེས་བྱ་བ་ལ་སོགས་པ་འབའ་ཞིག་པ་ནི། དེ་དག་གི་ཆོས་ཀྱི་ཕྱག་རྒྱའོ་ཞེས་ལ་ལ་ཟེར་རོ། །ཨོཾ་བུདྡྷ་ཞེས་བྱ་བ་ལ་སོགས་པས་ནི། རིགས་ཀྱི་ལྷ་མོ་བཞིའི་སྔགས་སྟོན་ཏོ། །དེ་ལྟར་ནི་འདིར་ཕྱག་རྒྱ་དང་སྔགས་མ་
ལུས་པར་རྫོགས་པར་བྱའོ། །ཤཾ་པ་ཏ་ཤཾ་པ་ཏ་ཞེས་བྱ་བ་ལ་སོགས་པ་ནི། དཀྱིལ་འཁོར་བཅུ་གཉིས་སུ། དྲི་མུ་ཀ་བརྡུང་བའི་ང་རོའི་བརྡ་དང་། དེ་བྱིན་གྱིས་རློབ་པའི་གསང་སྔགས་ཏེ། ཕྱོགས་བཞིར་བཞི་བཞི་བརྡུངས་པ་ལས། །འོད་ཟེར་རྗེས་སུ་མཐུན་པ་བྱུང་བས། དེས་བསྒྲུབ་བྱའི་ལུས་ལ་ཕོག་པས་ལས་
གང་འདོད་པ་དེ་འགྲུབ་པར་བྱེད་པའོ། །དཀྱིལ་འཁོར་དང་པོའི་འགྲེལ་པའོ།། །།ད་ནི། དེ་ནས་ལྷ་རྣམས་ཀུན་མགུ་ནས། །ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གཉིས་པ་སྟོན་ཏེ། རང་གི་སྐུ་བོར་ཏེ་ཞེས་བྱ་བ་ནི་གནོད་སྦྱིན་གྱི་གཟུགས་ལ་འཁོར་ལོས་སྒྱུར་བའི་ཆ་ལུགས་ཅན་དེའོ། །རྡོ་རྗེ་སེམས་དཔའི་
སྐུར་ཞུགས་ནས། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་རང་བཞིན་གྱི་ཁྲོ་བོའི་གཟུགས་སུ་གྱུར་པའོ། །ཅི་འདི་ལ་བོར་བ་དང་ཐོབ་པའི་འདུ་ཤེས་མངའ་འམ་ཞེ་ན། དེའི་ཕྱིར་གཉིས་སུ་མཉམ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་གསུངས་ཏེ། སྔོན་གྱི་སྨོན་ལམ་དང་མི་དམིགས་པའི་
ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་བྲལ་བ་དང་ཐོབ་པའི་འདུ་ཤེས་མི་མངའ་ཟིན་ཀྱང་། མ་འོངས་པའི་གདུལ་བྱའི་དབང་ལས་བོར་བ་དང་ཐོབ་པ་སྟོན་ཏེ། གདུལ་བྱ་གང་རབ་ཏུ་དྲག་པོས་གཞུག་པར་བྱ་བ་ལ། དེ་དག་ལ་ནི་ཞི་བའི་ལུས་བོར་ནས་རྡོ་རྗེ་ཁྲོ་བོར་སྙོམས་པར་ཞུགས་ཏེ་བསྟན་པ་ལ་འཛུད་པར་སྟོན་
ཏེ། ཇི་སྐད་དུ། སྐྱོབ་པ་མྱ་ངན་འདས་གྱུར་ཀྱང་། །ཚོགས་དང་ཆོས་ཀྱི་མཐུ་ཡིས་ནི། །འཁོར་ལོ་འཁོར་བའི་ཚུལ་དུ་ནི། །སེམས་ཅན་དོན་ལ་རབ་ཏུ་འཇུག །ཅེས་གསུངས་སོ། །རྡོ་རྗེ་སེམས་དཔའ་ཁྲོ་བོ་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའི་རང་བཞིན་གྱི་ཁྲོ་བོའམ། ཡང་ན་རྡོ་རྗེ་སེམས་དཔའ་

ཡོངས་སུ་གྱུར་པའི་ཁྲོ་བོ་སྟེ། ཇི་སྐད་དུ། ཨེ་མའོ་ཐབས་ཀྱིས་འདུལ་བ་ཡི། །ཐབས་ཆེན་ལྡན་པ་བདག་ཡིན་ཏེ། །གང་ཕྱིར་སེམས་ཅན་འདུལ་ཐབས་བཞིན། །དྲི་མ་མེད་པའི་ཁྲོ་བོར་འགྱུར། །ཞེས་བཅོམ་ལྡན་འདས་ཉིད་ཀྱིས་གཞན་དུ་ཆེད་དུ་བརྗོད་པས་སོ། །འདིར་རྡོ་རྗེ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་མི་
ཕྱེད་པ་ལ་དབྱེར་མེད་པར་སེམས་དཔའ་ཆོས་ཀྱི་སྐུ་ཡིན་ལ། དེ་ལས་མ་ཉམས་པ་ཉིད་དུ་ཁྲོ་བོར་སྣང་བར་བསྐྱེད་པ་སྟེ། ཇི་སྐད་དུ། ཉི་མའི་ཟེར་གྱིས་གདུངས་པའི་མཚོ་ཆེན་ལྟར། །མཉམ་པས་སྙིང་རྗེ་ཆེན་པོས་ཁྲོ་བྱེད་ཅིང་། །ནང་ན་ཁ་བ་ལྟར་བསིལ་ཕྱི་རོལ་དུ། །རྩུབ་པ་ཉིད་ཀྱིས་འགྲོ་བ་སྐྱོང་བར་བྱེད། །ཅེས་
གསུངས་པ་ལྟ་བུའོ། །རྡོ་རྗེ་ཉི་མ་ཞེས་བྱ་བ་ལ། འདིས་སྡིག་པ་དང་འཇིགས་པ་རྣམས་བསྲེག་པ་ན། མེའི་ཁྱད་པར་ཡང་བསྐལ་པ་ཐ་མའི་ཉི་མ་བདུན་འབར་བ་དང་འདྲ་བས་ན་རྡོ་རྗེའོ། །དེ་ལྟ་བུར་རབ་ཏུ་མི་ཟད་པར་གནས་པ་ཡང་ཆོས་ཀྱི་དབྱིངས་ལས་དབྱེར་མེད་པའི་ཕྱིར་རྡོ་རྗེ་ཞེས་པས་བསྟན་ཏོ། །ལྷ་རྫས་འབར་བའི་ཕྲེང་
བས་འཁྲིགས། །ཤིན་ཏུ་འཁོར་ཞིང་འཚེར་འབར་བ། །ཞེས་བྱ་བ་ནི་ཁང་པ་བརྩེགས་པ་གང་ལས་འོད་འབར་བའི་ཕྲེང་བས་འཁྲིགས་པ་ཡོད་པ་དེ་ཉིད་ལྷའི་རྫས་ཏེ་ཡིད་དུ་འོང་བའི་ཕྱིར་རོ། །ཡང་ན་འདི་ནི་རབ་ཏུ་དྲག་པོའི་དཀྱིལ་འཁོར་ཡིན་པའི་ཕྱིར་མེ་ཏོག་དང་དྲི་དང་། བདུག་པ་ལ་ལོགས་པའི་ལྷ་རྫས་དེ་དག་ཀྱང་འོད་
འབར་བའི་ཕྲེང་བ་དྲག་པོ་འཁྲིགས་པའོ། །ཤིན་ཏུ་འབར་ཞིང་ཞེས་བྱ་བ་ལ་ནི། ལྷ་རྣམས་འོད་ཟེར་དྲག་པོ་སྐུ་ལས་ཤིན་ཏུ་འབར་ཞིང་གདུག་པ་རྣམས་བསྲེག་པའོ། །ཆེར་འབར་བ་ཞེས་བྱ་བ་ནི་ཁང་པ་བརྩེགས་མ་དེ་ཡང་རབ་ཏུ་མ་རུངས་པའི་འོད་རྒྱ་ཆེར་འབར་བ་གདུག་པ་རྣམས་བསྲེག་པའོ། །མ་རུངས་སྙིང་གར་མནན་ནས་
ཞེས་བྱ་བ་ནི། རང་རང་གི་ཕྱོགས་སྐྱོང་ངམ་སྔར་བསྟན་པ་བཞིན་ནོ། །དེ་ནས་བདུད་རྩི་གང་ཡིན་ཞེས་བྱ་བ་ཁ་ཅིག་ན་རེ་མར་དང་། འོ་མ་དང་བུ་རམ་དང་ཀ་ར་དང་སྦྲང་རྩི་ནི་བདུད་རྩི་ལྔའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་བདུད་རྩི་འཁྱིལ་པས་བྱིན་གྱིས་བརླབས་པའི་འབྲུ་ལྔ་ལ་སོགས་པ་བུམ་པའི་ནང་དུ་བཞག་པ་རྣམས་ནི་བདུད་རྩིའོ་ཞེས་
ཟེར་རོ། །ཁ་ཅིག་ན་རེ་ཤུ་ཀྲ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་གཞན་ལས་གསུངས་པ་རྣམས་ཉིད་བདུད་རྩི་ཞེས་ཟེར་ཏེ། འདིར་རབ་ཏུ་མ་ཞི་བའི་ཆང་ནི་བདུད་རྩི་ཞེས་དགོངས་ལ། འོག་ཉིད་ནས། བཟའ་དང་བཅའ་དང་བདུད་རྩི་ཞེས། །མགོ་ཐོད་གང་བར་གྱུར་པ་རྣམས། །ཞེས་གསུངས་པ་ཡང་ཆང་ཉིད་ཡིན་ཏེ། སྔར་འཇིགས་བྱེད་

ཆེན་པོའི་དཀྱིལ་འཁོར་དུ་ཡང་། ཤའམ་ཡང་ན་ཆང་མཆོག་གིས། །ཐོད་པ་བཀང་སྟེ་དབུལ་བར་བྱ། །ཞེས་གསུངས་པའི་ཕྱིར་རོ། །འོ་མ་ལ་སོགས་པའི་བདུད་རྩི་ལྔ་ནི་གཙང་སྦྲ་འདོད་པ་དག་གི་དུས་སུ་ཡིན་ལ། འདིར་གཙང་སྦྲའི་དགོས་པ་བྱ་བ་མེད་པའི་ཕྱིར་ཏེ། རྡོ་རྗེ་ཁྲོ་བོ་ལ་ནི་གཙང་སྦྲ་གཙོར་མ་
གྱུར་པར་འཕགས་པ་བདུད་རྩི་འཁྱིལ་པའི་རྟོག་པ་ལ་སོགས་པ་བྱ་བའི་རྒྱུད་དུ་ཡང་གསུངས་ལ། དེ་བཞིན་གཤེགས་པའི་རིགས་ལ་ནི། །གཙང་སྦྲའི་བྱ་བ་ལ་རྣལ་འབྱོར་གྱི་རྒྱུད་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རྒྱུད་ལ་སོགས་པར་གསུངས་སོ། །བདུད་རྩི་འཁྱིལ་པས་བྱིན་གྱིས་
བརླབས་པའོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་མི་རིགས་ཏེ། ལས་ཀྱི་བུམ་པ་མ་ཡིན་པ་རྣམས་བདུད་རྩི་འཁྱིལ་པས་བྱིན་གྱིས་བརླབ་པར་བྱ་བ་ནི་ནམ་ཡང་མ་ཡིན་པའི་ཕྱིར་དང་། འདིར་བུམ་པ་བཅུ་དྲུག་ཅེས་དབང་བསྐུར་བའི་བུམ་པ་ཉི་ཚེ་ཞིག་སྨོས་ཀྱི། བཀང་བའི་བུམ་པ་ནི་གཙོར་མ་སྨོས་པའི་
ཕྱིར་རོ། །གཞན་ཡང་བཀང་བའི་བུམ་པའི་དབང་དུ་བྱས་པ་ནི་མ་ཡིན་ཏེ། བཀང་བའི་བུམ་པ་ནི་ཐོས་པ་ཁོ་ནར་བྱ་བར་རིགས་ཤིང་གཞན་དུ་མ་ཡིན་པས་སོ། །གང་ཡང་ཤུ་ཀྲ་ལ་སོགས་པ་ཞེས་སྨྲས་པ་དེ་ཡང་རབ་ཏུ་རིགས་པ་མ་ཡིན་ཏེ། རྣལ་འབྱོར་གྱི་རྒྱུད་ཀྱི་ཚུལ་མ་ལུས་པ་བརྗོད་པ། འཕགས་པ་དེ་ཁོ་ན་ཉིད་
འདུས་པ་ལས་ཀྱང་། འདི་ལྟ་བུ་མི་སྣང་ལ། ཟླ་གསང་ཐིག་ལེ་ལ་སོགས་པའི་རྒྱུད་ལས། ཤུ་ཀྲ་ལ་སོགས་པ་སྨོས་པ་ཡང་། སྒྲ་ཇི་བཞིན་པ་ནི་མ་ཡིན་ཏེ། བདུད་ཀྱིས་སྨྲས་པ་དང་འདྲ་བའི་ཕྱིར་རབ་ཏུ་མི་འཐད་པར་འགྱུར་རོ། །འོ་ན་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་ལས། སངས་རྒྱས་རྣམས་ནི་
མཉེས་བྱ་དང་། །དམ་ཚིག་རྣམས་ནི་བསྲུང་བ་དང་། །སྔགས་མཁན་གྱིས་ནི་བསྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བསྟེན་པར་བྱ། །ཞེས་གསུངས་ལ། འདིར་ཡང་བདུད་རྩི་ཆེན་པོ་ལ་སོགས་པ་བསྟེན་པར་གསུངས་པས། འདི་ཡང་རྣལ་འབྱོར་ཆེན་པོའི་གཞུང་ཉིད་ཡིན་ནོ་ཞེ་ན། རྣལ་འབྱོར་ཆེན་པོའི་
གཞུང་ཞེས་པ་ཅི་ལ་བྱ། གལ་ཏེ་ཤུ་ཀྲ་ལ་སོགས་པ་དངོས་སུ་བསྟེན་པ་དང་། བུད་མེད་ལ་སོགས་པ་དངོས་སུ་བསྟེན་པས་རྣལ་འབྱོར་ཆེན་པོར་འདོད་ན་ནི། རབ་ཏུ་ཡང་མཚར་ཏེ། གཞོན་ནུ་མ་འཁྲིག་པས་གདུངས་ཤིང་། བྱང་ཆུབ་སེམས་དཔའི་ཡུལ་ལ་རབ་ཏུ་ཆགས་ལ། དེ་ཡང་བདག་པོས་མ་

བསྲུངས་ཤིང་། བྱང་ཆུབ་སེམས་དཔའ་ཡང་ཁྱིམ་པ་ཞིག་ཡིན་ན། དེས་བདག་ནི་སེམས་ཅན་དམྱལ་བར་སོང་ཡང་སླའོ། །གཞོན་ནུ་མ་འདིའི་གདུང་བ་ཞི་བར་བྱས་ལ། དེར་ཡང་བདག་ལ་དགའ་བར་བྱས་ཏེ། དགའ་བ་ལ་སྦྱོར་རོ་ཞེས་བསམས་ཏེ་འཁྲིག་པ་སྤྱད་ན། དེ་བཞིན་གཤེགས་པ་དགྱེས་
པ་དང་། ཐེག་པ་ཆེན་པོ་འདིར་ནི་གཙོར་གྱུར་པ་སྙིང་རྗེ་ཡིན་པས་དེ་སྲུང་བ་དང་། རྒྱུ་དེ་གཉིས་ཉིད་ཀྱི་ཕྱིར། སྔགས་པའི་དངོས་གྲུབ་ཀྱི་ཡན་ལག་ཏུ་འགྱུར་བ་ཞེས་བྱ་བ་འདི་ནི་རིགས་པས་ཀྱང་འགྲུབ་ལ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་དང་། འཕགས་པ་གསང་ཆེན་ཐབས་ལ་མཁས་པའི་
མདོ་ལ་སོགས་པ་ལས་ཀྱང་གསུངས་སོ། །རྣལ་འབྱོར་གྱི་རྒྱུད་འདིར་ཡང་། དམ་ཚིག་ཕྱག་རྒྱ་རབ་གསང་བ། །འདི་ནི་བུད་མེད་སྒྲར་བསྟེན་ལ། །མཆོག་ཕྱིར་བདག་གཅིག་མ་ཡིན་ཕྱིར། །གཞན་ཞེས་བྱ་བ་ཡི་གེས་བརྗོད། །ཅེས་གསུངས་པས། དམ་ཚིག་ནི་ཕྱག་རྒྱ་བཅིང་བ་ཉིད་གཞན་གྱི་བུད་
མེད་ཡིན་གྱི། གལ་ཏེ་བུད་མེད་ཐ་མལ་པའི་ཡུལ་བསྟེན་པས། ཐར་པ་ཐོབ་པར་སྨྲ་བ་ནི་ངེས་པར་བདུད་ཀྱིས་སྨྲས་པར་ཟད་དོ། །གཞན་ཡང་། རྣམ་དག་ཆོས་ཉིད་ཁུ་བ་སྟེ། །ཡུལ་རྣམས་བཤང་བའི་སྒྲར་གསུངས་ལ། །དབང་པོ་རྣམས་ནི་གཅི་བ་སྟེ། །རྣམ་ཤེས་རྟེན་ཕྱིར་ཁྲག་ཏུ་འདོད། །དེ་ལས་བྱུང་བའི་
སེམས་བྱུང་སོགས། །ཚོགས་ཆེན་ཕྱིར་ནི་ཤ་ཡིན་ཏེ། །འདི་དག་ཟོས་པ་སྟོད་བྱས་པའོ། །ཞེས་བཤད་པས་ཐ་མལ་པའི་ཤུ་ཀྲ་ལ་སོགས་པ་ཅིའི་ཕྱིར་ཡོན་ཏན་དུ་བྱེད། གལ་ཏེ་བྱིན་གྱིས་བརླབས་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལྟ་ན་ནི་གོ། རྡོ་དང་ཆུ་ལ་སོགས་པ་ལ་ཅིའི་ཕྱིར་བྱིན་གྱིས་མི་རློབ།
ད་ནི་དེ་དག་ལ་རང་བཞིན་གྱིས་མཐུ་ཡོད་དོ་ཞེ་ན། གལ་ཏེ་རང་བཞིན་གྱིས་མཐུ་ཡོད་ན། བྱིན་གྱིས་བརླབ་པའི་བྱ་བས་ཅི་ཞིག་བྱ། གཞན་ཡང་ཁྱི་ལ་སོགས་པ་དག་ཀྱང་དེའི་བྱིན་གྱི་རླབས་ཀྱིས། ཅིའི་ཕྱིར་གོ་འཕང་བཟང་པོ་མི་འཐོབ། དེའི་ཕྱིར་རབ་ཏུ་བཙོག་པའི་འདམ་དུ་བྱིང་ནས། བདག་ནི་འདིར་གཙང་
སྦྲ་བྱེད་པའི་ཕྱིར་ཞུགས་སོ་ཞེས་ཟེར་བའི་བྱིས་པ་ལྟར་སྨྲས་པ་འདི་ཅི་ཞིག་བྱ། དེའི་ཕྱིར་གང་དུ་ཡང་ཟབ་པས་མི་ཟབ་པ་གཞོམ་གྱི། དམན་པས་གྱ་ནོམ་པ་མི་གཞོམ་པས་ན། སྒྲ་ཇི་བཞིན་དུ་འདོད་པས་དགོངས་པ་དེ་གསུངས་པ་ཇི་ལྟར་སྨད། དེ་བས་ན་ལྟ་བ་ངན་པ་ནི། སྒྲ་ཇི་ལྟ་བར་དོན་འཛིན་པའོ་ཞེས་

བཤད་དོ། །རྣལ་འབྱོར་གྱི་རྒྱུད་ལས་གཞན་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ཅེས་བྱ་བ་ནི་འགའ་ཡང་མེད་དོ། །དེ་ལྟར་ན་ཤ་དང་ཆང་དག་ཀྱང་འདིར་དགག་པར་རིགས་སོ་ཞེ་ན། གང་མྱོས་པར་མ་གྱུར་པ་དང་། རྣམ་པ་གསུམ་དག་པའི་ཤ་ནི། དེ་ལྟར་སུ་ཡང་སྨོད་པར་མི་བྱེད་ལ། དེ་སུ་ལ་ཕན་འདོགས་
པ་འཇིག་རྟེན་དང་མཐུན་ཞིང་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ཡང་མ་ཡིན་ནོ། །དེ་བས་ན་གཅིག་ཁོ་ན་བདག་དང་གཞན་དེ་དག་ལྟར་གནོད་པ་མི་བྱེད་དོ། །ཕྱག་རྒྱ་དེ་དང་དེ་ཡིས་ནི། །ཤ་རྣམས་ཀུན་གྱི་དམ་ཚིག་སྩོལ། །ཞེས་བྱ་བ་ནི། ཕྱག་རྒྱ་དེ་དང་དེ་ཡིས་ནི། །ཞེས་ཟློས་བུར་སྨོས་པ་ནི། ཡོན་ཆབ་
ནས་བཤོས་ཀྱི་བར་དུ་རྫས་དེ་དང་དེ་ཐོད་པའི་ཕྱག་རྒྱས་དབུལ་བའི་ཕྱིར་རོ། །ཁ་ཅིག་ན་རེ་དེ་དང་དེ་ཡིས་ནི་ཞེས་ཟློས་བུར་སྨོས་པ་ནི། གཙུག་ཏོར་གྱི་དཀྱིལ་འཁོར་དུ་མཆོད་པའི་ཕྱག་རྒྱ་བསྟན་པ་དེ་དང་དེ་ཡིས་ཟེར་རོ། །ཤ་རྣམས་ཀུན་གྱི་ཞེས་བྱ་བ་ནི། མ་ཧེ་དང་ཕག་དང་ར་ལ་སོགས་པ་གང་འཇིག་
རྟེན་རབ་ཏུ་བསྔགས་པས་སྡིག་མེད་པ་དེ་དག་གིས་སོ། །དམ་ཚིག་ལས་སྩོལ་ཞེས་བྱ་བ་ནི། ལྷ་བཤོས་ཀྱི་དམ་ཚིག་ཏུ་དབུལ་ཞིང་གསོལ་བའོ། །ལྷ་བཤོས་བཟང་པོ་རྟག་ཏུ་དབུལ་བ་དེ་ནི་དམ་ཚིག་གི་མཆོག་སྟེ། གང་ཟག་བདག་གིས་ཟས་རྣམས་ལ། །ཐོག་མར་དེ་ཡི་ཕུད་ཕུལ་ཏེ། །ཆོ་ག་ཤེས་
པས་བཟླས་བརྗོད་བྱ། །མཆོད་པའི་བཤོས་རྣམས་སྨོས་པ་ལས། །ཟས་ཀྱི་རྣམ་པ་ཅི་འབྱོར་པ། །མཁས་པ་དག་གིས་ཕུལ་ནས་ནི། །ཉིན་རེ་རྟག་ཏུ་བཟླས་བརྗོད་ཙམ། །ལྷ་བཤོས་ཕུལ་བ་གསང་སྔགས་ཀྱི། །ཁ་ཟས་ཡིན་པར་བཤད་པ་ན། །དེ་ནི་རྟག་པར་ཁམས་བཞིན་དུ། །བཟླས་བརྗོད་བྱེད་པ་དབུལ་
བར་བྱ། །རྩ་བ་རྡོ་གུ་འབྲས་བུ་ཡི། །ལྷ་བཤོས་ཅུང་ཟད་ཅི་འབྱོར་པ། །དུས་གསུམ་དུ་ནི་གསང་སྔགས་ལ། །ཕུལ་ནས་དངོས་གྲུབ་ཐོབ་པར་འགྱུར། །གལ་ཏེ་ཟློས་པས་གསང་སྔགས་ལ། །མཆོད་པ་བཤོས་རྣམས་མ་ཕུལ་ན། །དེ་ཚེ་རྩུབ་ཅིང་མདོག་ངན་ལ། །བཀྲེས་པ་དག་གིས་གདུངས་པར་འགྱུར། །
ལྷ་རྣམས་གྲུབ་པར་མི་འགྱུར་ཞིང་། །བགེགས་རྣམས་ཀྱིས་ཀྱང་ཟིལ་གྱིས་གནོན། །ལྷ་བཤོས་མེད་ན་དེ་ཡི་སེམས། །རྟོག་པ་དག་ཀྱང་མང་དུ་འགྱུར། །དེ་བས་ནན་ཏན་ཆེར་བྱ་སྟེ། །དུས་མཚམས་ཉིན་པར་ཅི་འབྱོར་པས། །གསང་སྔགས་འཁོར་དང་བཅས་པ་ལ། །ལྷ་བཤོས་ལེགས་པར་དབུལ་བར་བྱ། །

ཞེས་པ་དང་། ཡང་། བྱུག་སྤོས་མེ་ཏོག་བདུག་སྤོས་དང་། །ལྷ་བཤོས་སྦྱིན་སྲེག་ཡོ་བྱད་རྣམས། །ཕོངས་པར་གྱུར་ཀྱང་མི་དབྲི་སྟེ། །ཕྲི་ན་ངེས་པར་འཆི་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་འདོད་ལྡན་རྙེད་ནས་ནི། །ཞེས་བྱ་བ་ལ། འདོད་ལྡན་ནི་སློབ་དཔོན་ཉིད་ཡིན་ཏེ། དངོས་གྲུབ་འདོད་པས་སོ། །རྙེད་
ནས་ནི་ཞེས་བྱ་བ་ནི། རྫས་དང་གནས་ལ་སོགས་པ་འཚོགས་ཤིང་རྙེད་ནས་སོ། །ཡང་ན་འདོད་ལྡན་ཞེས་བྱ་བ་ནི། སློབ་མས་ཏེ་དབང་བསྐུར་བར་འདོད་པས་སོ། །རྙེད་ནས་ནི་ཞེས་བྱ་བ་ནི། དེས་ཡོ་བྱད་རྙེད་ན་སློབ་དཔོན་གྱིས་བསྙེན་པར་བྱའོ། །མ་རྙེད་པར་ནི་མ་ཡིན་ནོ། །དེའི་ཕྱིར་དང་པོ་དྲི་བ་སྨོས་པའོ། །ཧཱུཾ་ཞེས་
བྱ་བ་ལས་ཞེས་བྱ་བ་ནི། ས་བོན་ཡི་གེ་ཧཱུཾ་སྔོན་པོས་སོ། །བསྒྲུབ་པར་བྱ་བ་ཞེས་བྱ་བ་ནི། ཕྱག་མཚན་ལས་སམ། དེ་ཉིད་ལྷའི་གཟུགས་སུའོ། །དེ་ནས་སྔགས་མཁན་སྒོར་ཡང་ཞེས་བྱ་བ་ནི་ཤར་སྒོའམ་ལྷོ་སྒོར་རོ། །ཧཱུཾ་ཞེས་བྱ་བ་ལས་བསྒྲུབ་པར་བྱ་ཞེས་བྱ་བ་དེ་ཉིད་བསྟན་པའི་ཕྱིར། དེ་ཉིད་དྲན་ཞེས་བྱ་བ་
གསུངས་ཏེ། བདག་དང་ལྷ་དང་སྔགས་ཀྱི་དེ་ཁོ་ན་དྲན་པར་བྱེད་ཅིང་། དཀྱིལ་འཁོར་དེའི་སྤྱན་སྔ་ཁོ་ནར་སློབ་དཔོན་བདག་ཉིད་ཀྱིས་བསྙེན་པར་བྱ་བའོ། །བསྙེན་པར་བྱ་བའི་འབྲས་བུ་ནི་ངེས་པར་ཞེས་བྱ་བ་ལ་སོགས་ཏེ་གོ་སླའོ། །དཀྱིལ་འཁོར་དུ་ནི་ཞེས་བྱ་བ་ལ་སོགས་པ་ནི། སློབ་མ་སྨིན་པར་བྱ་བ་སྟོན་ཏེ།
རྒྱུད་ལས་བྱུང་བའི་དམ་ཚིག་ནི། སྤྱིའི་ལྷ་ཚོགས་དང་དཀྱིལ་འཁོར་ལ་སློབ་མ་གཞུག་པ་གཉིས་རྩ་བའི་རྒྱུད་ལས་འབྱུང་བ་ལྟར་བརྗོད་དོ། །དེ་ནས་མཆོད་དེ། སློབ་དཔོན་ལངས་ནས་ཀྱང་། སྒྲུབ་པའི་གྲོགས་མཆོག་བཞག་ལ། སློབ་མའི་ཚོགས་ཀྱིས་ལྷག་པའི་སྤྱན་དང་འདྲ་བ་སྟེ། རྡོ་རྗེ་སེམས་དཔའི་སྐུའི་
ཚུལ་ལ་གནས་ནས། ཕྱིར་འབྱུང་བར་བྱས་ནས་གཏོར་མ་སྦྱིན་ནོ། །ཨོཾ་བཛྲ་ཞེས་བྱ་བ་ལ་སོགས་པ་ལས། སྔགས་དང་པོས་ནི། ཕྱག་རྒྱ་བཅིངས་ལ། གཉིས་པས་ནི་གཞུག་ཅིང་། གསུམ་པས་ནི་མེ་ཏོག་དོར་རོ། །བཞི་པས་ནི་གདོང་གཡོགས་བཀྲོལ་ལ་དཀྱིལ་འཁོར་བསྟན་ཏོ། །ལྔ་པས་ནི་མནའ་ཆུ་བླུད་དོ། །
དྲུག་པས་ནི་རྡོ་རྗེ་སེམས་དཔའི་གསང་བ་བསྒོམ་པར་བྱའོ། །བདུན་པས་ནི་བདག་པོའི་བུམ་པས་དབང་བསྐུར་རོ། །ཁ་ཅིག་ན་རེ་བདུན་པས་ནི། བདག་པོའི་ཕྱག་རྒྱས་མཇུག་ཏུ་དབང་བསྐུར་རོ་ཞེས་ཟེར་རོ། །དེ་བཞིན་དུ་དབང་བསྐུར་རོ་ཞེས་བྱ་བ་ནི། བུམ་པ་བཅུ་དྲུག་གིས་ཏེ། ཁ་ཅིག་ན་རེ། སྔོན་གྱི་

དབང་བཅུ་གསུམ་མོ་ཞེས་ཟེར་བ་ནི་མི་རིགས་སོ། །དེ་ནས་དེ་དག་གི་ཞེས་བྱ་བ་ལ་སོགས་པ་ནི་སྤྲོ་བ་དང་བསྡུ་བ་གཙོར་བསྟན་པ་སྟེ། འདི་ནི་རྣལ་འབྱོར་གྱི་རྒྱུད་ཡིན་པའི་ཕྱིར། རྣལ་འབྱོར་བྱས་ལ་གཞན་དུ་བཟླས་པ་ཉི་ཚེས་འགྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཧཱུཾ་གིས་ཚོགས་བཞག་ལ། །རྡོ་རྗེ་ལྟ་བུར་
ལུས་བསམ་ཞིང་། །ཞེས་བྱ་བ་ནི། སྒྲུབ་པ་པོའི་བ་སྤུའི་བུ་ག་མ་ལུས་པ་དང་དབང་པོ་རྣམས་ལ་ཡི་གེ་ཧཱུཾ་དཀར་པོ་ལས་འོད་ཟེར་འཕྲོ་བ་བཀོད་ལ། དེའི་འོད་ཟེར་གྱི་ཚོགས་དེས་དེའི་ལུས་རྡོ་རྗེ་ལྟ་བུར་མི་ཤིགས་པར་བསམ་ཞིང་། ཡང་དེའི་སྙིང་གར་ཡི་གེ་ཧཾ་དཀར་པོ་ལས་འོད་ཟེར་བྱུང་བའི་འོད་ཟེར་དེས་དེའི་ལུས་སྐྱེས་བུ་ཡ་ལད་
གྱོན་པ་ལྟར་གཡོགས་པས་བསྲུངས་པའི། སྲུང་བའི་འཁོར་ལོས་བསྲུངས་པ་ལྟར། །ཅིས་ཀྱང་མི་ཚུགས་པའི་གོ་ཆས་གོ་ཆར་བྱའོ། །ཁ་ཅིག་ན་རེ། ཧཾ་ཞེས་བྱ་བ་ནི། ཨ་ཧཾ་ཞེས་དྲངས་ལ། རང་གི་ལྷའི་འཁྲུལ་འཁོར་བྲིས་པས། གདགས་པས་གོ་ཆ་བྱའོ་ཞེས་ཟེར་ཏེ། འདིར་དཀྱིལ་འཁོར་བྱ་བ་བདག་གིས་ནི་མ་རིག་གོ། །
ཁ་ཅིག་ན་རེ། སྦྱོར་བ་སྔ་མ་ཉིད་རང་གི་འཁོར་ལོས་གོ་ཆར་བྱས་སོ་ཞེས་ཟེར་རོ། །ལྷག་མ་ནི་གོ་སླའོ། །དཀྱིལ་འཁོར་གཉིས་པའི་འགྲེལ་པའོ།། །།ད་ནི་དཀྱིལ་འཁོར་བརྒྱད་ཀྱི་བདག་པོ་ལ་ཕྱག་འཚལ་བ་དང་། མཆོད་པ་དང་བསྟོད་པས་རྒྱུད་བཤད་པ་ལ། ལན་དུ་མཆོད་པར་བསམས་པ་དང་། གདུལ་བྱ་འབྱུང་བར་
འགྱུར་བ་རྣམས་ལ་ཡང་བསླབ་པའི་ཕྱིར། དེ་ནས་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ་གོ་སླའོ། །སངས་རྒྱས་ཀུན་པས་སྔར་སངས་རྒྱས། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འདི་ནི། བྱང་ཆུབ་སེམས་ཀྱི་བདག་ཉིད་ཡིན་ལ། སངས་རྒྱས་ཐམས་ཅད་ནི་དེ་ལས་འབྱུང་བ་ཡིན་པས་འདི་ནི་འདས་
པའི་སངས་རྒྱས་ཐམས་ཅད་ཀྱི་ཡབ་ཡིན་ཏེ། དེ་ལྟར་ཡང་འཕགས་པ་དེ་ཁོ་ན་ཉིད་འདུས་པ་ལས། རྫོགས་པའི་བྱང་ཆུབ་ཁྱོད་རག་ལུས། །ཀུན་གཟིགས་ཡབ་ནི་ཁྱོད་ལགས་ཏེ། །འབྱུང་བ་དང་ནི་འབྱུང་འགྱུར་བའི། །དེ་བཞིན་གཤེགས་པ་ཁྱོད་ཀྱིས་བསྒྲུབས། །ཞེས་བྱ་བ་དང་། གང་ཕྱིར་ཐོག་མ་ཐ་མ་མེད། །
བྱང་ཆུབ་སེམས་ནི་ཁྱོད་ཡིན་ཏེ། །ཁྱོད་ལ་བརྟེན་ཏེ་རྒྱལ་བ་དང་། །དཔའ་བོ་བྱང་ཆུབ་སེམས་དཔའ་ཀུན། །འབྱུང་བཞི་ཡང་དག་འབྱུང་འགྱུར་བས། །སངས་རྒྱས་བྱང་ཆུབ་མཆོག་གི་རྒྱུ། །ཞེས་གསུངས་སོ། །དེ་ལྟར་ངོ་བོ་ཉིད་ཀྱི་སྐུའི་དབང་དུ་བྱས་ཏེ་བསྟོད་པ་བྱས་ནས། ད་ནི་ཆོས་ཀྱི་སྐུའི་སྒོ་ནས་བསྟོད་པ་

མི་ཤེས་པ་སྟེ། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཤེས་བྱའི་སྒྲིབ་པ་དང་དྲི་མ་སྟེ། ཉོན་མོངས་པའི་སྒྲིབ་པ་གཉིས་ཀ་རབ་ཏུ་ཕྲ་བ་ཡང་མ་ལུས་པ་སྤངས་པས་ན་ཀུན་བཅོམ་པའོ། །རྡོ་རྗེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་འདུས་བྱས་ཀྱི་གྲོང་ཁྱེར་མ་ལུས་པར་རབ་ཏུ་འཇིག་པ་སྟེ། ཇི་སྐད་དུ།
བསྐལ་པ་དུ་མར་རབ་ཏུ་གོམས་བྱས་པའི། །རྒྱུ་དང་རིགས་ཚུལ་དང་ནི་ས་ལ་མཁས། །གང་གི་འདུས་བྱས་གྲོང་ཁྱེར་རྣམ་འཇིག་པའི། །ཡེ་ཤེས་རྡོ་རྗེ་བསྟན་ཏེ་འཕགས་བདག་སྩོལ། །ཞེས་གསུངས་པ་ལྟ་བུའོ། །རྡོ་རྗེ་ཞེས་གཉིས་པ་སྨོས་པ་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་རབ་ཏུའམ་
མི་ཕྱེད་པ་རྡོ་རྗེ་ལྟ་བུ་འདིས་རབ་ཏུ་བརྗོད་དོ་ཞེས་བཤད་པས་སོ། །དེ་ནས་རྡོ་རྗེ་ཡིས་རྡོ་རྗེ་འཛིན་པ་དེ་ཉིད་ཐོབ་པའི་ཚོགས་ཀྱི་རྒྱལ་པོ་ཉིད་དུ་བསྟན་ཏོ། །ད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་བསྟོད་པ། སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེ་རྣམ་པར་དབྱེར་མེད་པའི་ངོ་བོར་གྱུར་པའི་སྐུ་ནི་དེ་དག་འཛིན་པ་
སྟེ། སྐུ་སྔ་མ་གཉིས་ཀྱང་འདིའི་ཐུགས་ཉིད་ཡིན་ལ། སྤྲུལ་པའི་སྐུ་ཡང་འདི་ཉིད་ཀྱི་སྣང་བ་སྐྱེས་པ་ལས་གཞན་མ་ཡིན་ཞིང་། དེ་བས་ན། སྐུ་ལ་སོགས་པ་ཇི་སྙེད་པ། སྐུ་འདི་ཉིད་ཡིན་པའི་དབང་དུ་བྱས་ཏེ་བསྟོད་པའོ། །ད་ནི་རྣམ་པར་སྨིན་པའི་སྤྲུལ་པའི་སྐུའི་དབང་དུ་བྱས་ཏེ། རྡོ་རྗེ་ལྟར་མི་ཕྱེད་པས་ན།
ཟབ་པའི་སྐུའི་ངོ་བོ་སྟེ། སྐུ་དེ་ཡང་ཆོས་ཀྱི་དབྱིངས་ལས། གཞན་མ་ཡིན་པའི་ཕྱིར་ཏེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །གང་ཕྱིར་ཆོས་ཡོད་མ་ཡིན་ཏེ། །ཞེས་གསུངས་པས་སོ། །སྐུ་དེ་ཡང་། ལ་ལར་མེ་བཞིན་མྱ་ངན་འདའ། །ལ་ལར་རྫོགས་པར་བྱང་ཆུབ་སྟོན། །ཞེས་བྱ་བ་
ལ་སོགས་པའི་ཚུལ་གྱིས་རབ་ཏུ་ཡང་རྒྱ་ཆེ་བས་ན་སྐུ་ཆེ་བ་ཞེས་གསུངས་ཏེ། དེ་ལྟར་སྐུ་བཞིའི་བདག་ཉིད་ཕྱག་ན་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་གསུངས་ཏེ། ཚིག་རྐང་གཉིས་པོ་འདི་ནི་ཚོག་མ་ལུས་པའི་མཐར་སྦྱར་བར་ཤེས་པར་བྱའོ། །འདི་ནི་རྣམ་པར་སྨིན་པ་མ་ཡིན་པའི་སྤྲུལ་པའི་སྐུའི་དབང་དུ་
ཕལ་ཆེར་བྱས་ཏེ། འགྲོ་བ་ངན་པའམ། གྱ་ནོམ་པ་གང་དུ་སྐྱེས་ཀྱང་ངོ་བོ་ཉིད་ཀྱི་སྐུ་ལས་མི་འདའ་བས་ན། རྡོ་རྗེའི་ཡན་ལག་ཅེས་བྱ་བ་ལ་སོགས་པས་བསྟོད་དོ། །བཅོམ་ལྡན་འདས་འདི་ཐུགས་རྗེ་ཆེན་པོས་བསྐུལ་བས་སྲིད་པ་དང་ཞི་བ་ཐམས་ཅད་དུ་སྣང་བས་སྟོན་ཏེ། འདི་སྐད་དུ་གསུངས་པ་ཡང་།

རྡོ་རྗེ་འཆང་གི་གསུང་ཐོས་ལྷ་རྣམས་དང་། །ཚངས་སོགས་ལྷ་མིན་གནོད་སྦྱིན་གྲུབ་པ་དང་། །རིག་འཛིན་ཀླུ་དང་གནོད་སྦྱིན་དྲི་ཟ་དང་། །གསང་བ་པ་དང་མཚུང་དང་འབྱུང་པོ་རྣམས། །དད་པས་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །གུས་པས་ཐལ་མོ་སྦྱར་ནས་ཚིག་གསོལ་པ། །ཀྱེ་མ་སྲོག་ཆགས་རྣམས་
ལ་ཐུགས་རྗེར་ལྡན། །ཀྱེ་མ་ཁྱོད་ཀྱི་སྤྱོད་པ་སྣ་ཚོགས་པས། །ཁ་ཅིག་གིས་ནི་རྡོ་རྗེ་འབར་བར་མཐོང་། །གཞན་གྱིས་དབྱིག་ཏོ་གཞན་གྱིས་འཁོར་ལོ་དང་། །དེ་བཞིན་གཞན་གྱིས་རྩེ་གསུམ་འབར་བ་ཅན། །གཞན་གྱིས་རལ་གྱི་གཞུ་དང་བེ་ཅོན་ཅན། །འཇིགས་པའི་གཟུགས་ཅན་མཚོན་ཆ་ཀུན་ཐོགས་དང་། །
གཞན་དག་ཀུན་གྱི་ཞི་བ་ཉིད་དུ་མཐོང་། །དུ་མའི་སྐུ་མངའ་དམིགས་མེད་སྐུ་མངའ་བར། །ལྷ་དང་གནོད་སྦྱིན་གྱིས་མཐོང་དེ་ལ་འདུད། །ལྷ་མིན་ལྷ་ཡིས་ཞབས་ལ་ཕྱག་བགྱིས་པ། །བྱང་ཆུབ་སེམས་དཔའ་མཆོག་རབ་ཁྱོད་ལ་འདུད། །རིག་སྔགས་གཞུ་འགེངས་ཁྱོད་ལ་ཕྱག་འཚལ་འདུད། །ཁྱོད་
ལ་བདག་ཅག་དེང་ནི་སྐྱབས་སུ་མཆི། །ཞེས་པས། བཅོམ་ལྡན་འདས་འདི་ལ་བསྟོད་པ་ལྟ་བུའོ། །དེ་ཙམ་དུ་སྣང་བ་སྟོན་པར་སྤྱོད་པས་ན། རྡོ་རྗེ་ཅན་ཁྱོད་ནི་ལྷ་རྣམས་ཀྱི་ནང་ན་མཆོག་ཉིད་དོ་ཞེས་བྱ་བ་ལ་སོགས་པ་བསྟོད་པ་སྟེ། ཚིག་གི་དོན་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །གང་གིས་ཞེས་བྱ་བ་ལ་
སོགས་པས་ནི། བསྟོད་པ་བྲིས་པ་ལ་སོགས་པའི་ཡོན་ཏན་བསྡུས་ཏེ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི། རྗེས་སུ་ཡི་རང་བ་བསྟན་ཏོ། །རབ་ཟབ་རྒྱུད་འདིའི་སྙིང་པོ་ནི། །བདག་གིས་འདིར་བརྗོད་ཁོ་ནར་ཟད། །གང་དུ་གཞུང་དོན་རྣམ་མ་ཕྱེ། །བླ་མ་མཉེས་པར་བྱས་ལ་བླང་། །
འདིར་ནི་འཁྲུལ་གྱུར་ལྷ་རྣམས་ལ། །བཟོད་སྨྲ་དགེ་བ་གང་ཡིན་དེས། །འགྲོ་བ་རྒྱལ་འགྱུར་ངན་འགྲོ་སྤངས། །བདག་ཀྱང་སངས་རྒྱས་འགྱུར་བར་ཤོག །འཕགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བ། ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོའི་རྒྱ་ཆེར་འགྲེལ་པ། སྙིང་པོ་རྣམ་པར་བཤད་པ་
ཞེས་བྱ་བ། ཛཱ་ལནྡྷ་རའི་རྡོ་རྗེ་སློབ་དཔོན། ཀཱ་མ་དྷེ་ནུ་པ་ཞེས་བྱ་བའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།ཨཱ་ཙཱརྱ་བི་ན་ཡ་ཙནྡྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས། འཕན་ཡུལ་རྒྱལ་གྱི་ལུག་ལྷས་སུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་རྫོགས་སོ།། །།