Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 53

Văn bản gốc(Tây Tạng)

Trang 12 / 18 (50.000 ký tự/trang)
ཞེ་ན་མ་
ཡིན་ཏེ། དེ་དག་ནི་སྔོན་དུ་ངེས་པར་བྱས་པའི་ཕྱིར་དང་། ངེས་པ་ཡང་མ་ངེས་པའི་རང་བཞིན་ཡིན་ན་ནི་ངེས་པ་དང་མ་ངེས་པ་ཞེས་དབྱེ་བར་མི་འགྱུར་བས་སོ། །གཞན་ཡང་དབང་བསྐུར་བ་གཞན་དག་གི་ཐ་མར་ནི་ཚིག་གི་དབང་ངོ་ཞེས་རྒྱུད་ལས་སྨྲས་པ་མེད་པའི་ཕྱིར་དང་། གཏན་
ལ་འབེབས་པའི་དངོས་པོ་ཡང་མེད་པའི་ཕྱིར་ན་ཞེས་སེམས་སོ། །རྣལ་འབྱོར་མའི་རྒྱུད་ཀྱེའི་རྡོ་རྗེ་ལ་སོགས་པར་ཡང་སློབ་དཔོན་ཁ་ཅིག་དབང་བསྐུར་བ་རྣམ་པ་གསུམ་ཉིད་དུ་སེམས་ཏེ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པ་ནི་གསུམ་པ་ལས་གཞན་པ་དེ་ཁོ་ན་ཉིད་བསྡུས་པ་ལ་

སོགས་པར་གསུངས་པའི་ཕྲེང་བ་དང་ཆུ་ལ་སོགས་པའི་དབང་བསྐུར་བ་རྣམས་ཏེ། དེ་ཡང་ཡང་དག་པར་བསྡུས་པར་བརྗོད་པ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ནི་དབང་བསྐུར་བའི་ཆོ་ག་རྣམ་པ་བཞི་པོ་དེ་ཉིད་ནི་རྡོ་རྗེ་རིགས་སུ་བརྗོད་པར་ཤིན་ཏུ་འདོད་པར་
སྦྱར་ཏེ། གང་ཤེས་རབ་དང་ལྷན་ཅིག་ཏུ་དགའ་བ་དང་དགོད་པ་ལ་བརྩོན་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་མཆོད་པའི་རང་བཞིན་ཏེ། སློབ་དཔོན་གྱི་ལམ་གྱི་མཚན་ཉིད་ཀྱི་ཕྱིར་ན་སློབ་དཔོན་གྱི་དབང་ངོ་། །ཤེས་རབ་ལ་དགའ་བ་དང་བཅས་པར་དེའི་པདྨ་ལ་ལྟ་བ་གང་
ཡིན་པ་དེ་ནི་གསང་བའི་གནས་ཡིན་པའི་ཕྱིར་ན་གསང་བའི་དབང་ངོ་། །ཤེས་རབ་ཀྱི་ཡན་ལག་ཕང་དུ་ཐོབ་པ་དང་བཅས་པ་གང་ཡིན་པ་ནི་ཤེས་རབ་ཀྱི་གནས་ཡིན་པའི་ཕྱིར་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །གང་ཡང་གཉིས་པོ་དང་ལྡན་པར་བྱས་པའི་ལས་ལས་བྱུང་བ་དེ་ཁོ་ན་ཉིད་ཀྱི་
མཆོག་གཉིས་སུ་མེད་པའི་ཡེ་ཤེས་ཉེ་བར་མཚོན་པ་དེ་བཞི་པ་ཡིན་ནོ་ཞེས་པར་སེམས་སོ། །དེ་ལྟར་གསུངས་པ། དགོད་པ་དག་པ་སློབ་དཔོན་ཏེ། །ལྟ་བ་དེ་བཞིན་གསང་བའོ། །ལག་པའི་བཅང་བ་ཤེས་རབ་སྟེ། །གཉིས་གཉིས་སྦྱར་ལྡན་དེ་ཡང་ངོ་། །ཞེས་པའོ། །
གཞན་དག་ནི་དབང་བསྐུར་བ་བཞི་བ་ནི་དབང་སོ་སོ་བ་ཡིན་པར་སེམས་ཏེ། ཀྱེའི་རྡོ་རྗེའི་ལེའུ་དང་པོར་ཐམས་ཅད་པ་ཉིད་བརྗོད་པའི་ཕྱིར་དང་། བདེ་བའི་འབྱུང་གནས་མ་ཡིན་པར་འདོད་པ་ནི་གང་ཡང་མ་སྦྱར་བས་སོ། །དེའི་ཕྱིར་ན་སེམས་ཀྱི་དབང་བསྐུར་བ་དེ་ཉིད་ལ་རྣམ་པ་
གཉིས་སུ་ཕྱེ་བ་ནི་འདིར་དབང་བཞི་པར་བལྟ་བར་བྱ་སྟེ། འདི་ལྟར་ཤེས་རབ་ཀྱི་ཡན་ལག་དང་ཡང་དག་པར་འདུས་པ་ན་ནོར་བུའི་རྩེ་མོར་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པ་དབང་པོའི་འཇུག་པ་ཐམས་ཅད་དང་བྲལ་བ་བསྟན་དུ་མེད་པ་ཡིན་མོད་ཀྱང་ཐུན་མོང་མ་ཡིན་པའི་
གནས་སུ་འཇུག་པ་ལྟ་བུར་གནས་པ་དེ་ལ་དམིགས་པའི་དབང་གིས་ལྷན་ཅིག་སྐྱེས་པ་དོན་དམ་པའི་བདེ་བའི་དཔེའི་རང་བཞིན། དཔེའི་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བ་གང་ཡིན་པ་དེ་མན་ངག་གི་ཇི་ལྟ་བར་གོམས་པ་ལས་འཁྲུལ་འཁོར་གྱི་དགུག་པ་ལ་སོགས་པ་དང་། རླུང་གི་

རྣམ་པར་རྒྱལ་བ་རྣམས་ཀྱིས་ཇི་ལྟར་ནུས་པས་བསྟན་པར་བྱ་སྟེ་མཚོན་པར་བྱའོ། །དབུགས་རྔུབ་པའི་རིམ་པ་གོམས་པས་འདི་བསྟན་པར་བྱ་སྟེ། ཡན་ལག་སོ་སོ་ཐམས་ཅད་ལ་སླར་བཟློག་ན་ཡན་ལག་སོ་སོ་ཐམས་ཅད་ལ་སླར་ལོག་སྟེ། ཁྱབ་པར་གྱུར་ནས་བརྟན་པ་དང་གཡོ་བའི་
དངོས་པོ་ཐམས་ཅད་ལ་ཡང་ཁྱབ་པར་འགྱུར་རོ། །དེའི་རང་གི་ངོ་བོ་དེ་ཉིད་ལ་སེམས་ཀྱིས་མཉམ་པར་བཞག་ཅིང་དེའི་ངོ་བོས་བྱས་པའི་སྣ་ཚོགས་པ་འདི་ལས་གཞན་དུ་དགལ་བའི་རང་བཞིན་དུ་སྣང་བ་འདི་དེ་ཉིད་དང་བཅས་པ་བདེ་བ་ཆེན་པོར་བླ་མའི་མན་ངག་དག་གིས་ཡང་དང་ཡང་དུ་
མཆོད་པ་བརྩམ་ཞིང་གོམས་པར་བྱའོ་ཞེས་པ་ནི་གྲུབ་པའི་མཐའོ། །དེ་ལ་ཤེས་རབ་ཀྱི་ཡན་ལག་དང་ཡང་དག་པར་འདུས་པ་ན་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ལ་བརྟན་པར་བྱས་པའི་མཚན་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཡན་ལག་ཏུ་གནས་པའི་ཕྱིར་ན་དེ་ནི་ཤེས་རབ་ཡེ་
ཤེས་ཀྱི་དབང་ངོ་ཞེས་བཤད་དོ། །ཡང་གང་ཞིག་བརྟན་པར་བྱས་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་མཉམ་པར་བཞག་པའི་ཡིད་ཀྱིས་ཇི་ལྟར་ནུས་པར་ཡན་ལག་ཐམས་ཅད་ལ་སོ་སོར་ཁྱབ་པར་བཟློག་སྟེ། རྣམ་པ་སྣ་ཚོགས་རྣམས་ཀྱང་དེའི་ངོ་བོར་བྱེད་པ་དེ་ནི་ཤེས་རབ་
ཡེ་ཤེས་ལྟར་གཉིས་སུ་མེད་ཅིང་བརྗོད་པ་ལས་འདས་པ་བདེ་བ་ཆེན་པོ་ཙམ་དུ་སྣང་བ་འདི་ཡང་སེམས་ཀྱི་དབང་བསྐུར་བ་ཉིད་དེ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པ་འདིས་སྟོན་ཅིང་རིག་པར་བྱེད་དོ་ཞེས་པར་སེམས་སོ། །འདི་ལྟར་བལྟ་བར་བྱ་བ་གང་ཡིན་པ་དེ་ནི་བདེ་བ་
ཆེན་པོའི་རང་བཞིན་གྱི་རྣལ་འབྱོར་དུ་བལྟ་བར་བྱ་བ་གང་ཡིན་པའི་དམ་ཚིག་སྟེ། འདི་ཇི་ལྟ་བ་བཞིན་བསྒོམ་པར་བྱ་བ་ཡིན་ནོ། །དེ་ཐམས་ཅད་ནི་སྒྲུབ་པའི་ཐབས་དང་བཅས་པར་ཀྱེའི་རྡོ་རྗེ་ལས་གསུངས་པ་བཞིན་དུ་བདག་གི་བླ་མ་མཆོག་གིས་གསལ་པོར་བཀོད་ཅིང་གསུངས་
བས་འདིར་ནི་རྒྱས་པར་མི་བྱེད་དོ། །འདི་ཐམས་ཅད་ནི་ཤིན་ཏུ་མཉམ་པར་བཞག་པའི་བླ་མས་སློབ་མ་ལ་ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་ཀྱི་གནས་སྐབས་ན་དེ་ལྟ་བུར་བརྡ་དེས་རབ་ཏུ་ཡང་དག་པར་དམིགས་ཏེ། དེ་སྐད་དུ་ཡང་། ཡེ་ཤེས་ཆེན་པོ་ཕྲ་མོ་ནི། །

ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་པས་དེ་ཁོ་ན་ཉིད་དུ་རབ་ཏུ་རྟོགས་པར་བྱ་བ་ཡིན་ནོ་ཞེས་པར་དགོངས་སོ། །ཤེས་རབ་ཡེ་ཤེས་དབང་བསྐུར་བའི། །མཚོན་བྱ་མཚོན་བྱེད་དབྱེ་བ་ནི། །གསུམ་བརྗོད་ངེས་པར་འདིར་རྟོགས་ལ། །མཁས་པ་རྣམས་ཀྱིས་རིགས་པ་ཟུང་། །དཔལ་ལྡན་འདུས་
པར་ཡོངས་གསལ་བ། །དེ་སྙེད་གནས་པ་འདི་རྣམས་ནི། །དེ་ཉིད་ཕྱག་རྒྱའི་རྗེས་འབྲང་ཕྱིར། །རྒྱུད་གཞན་དུ་ཡང་རྗེས་འབྲང་ས་པའོ། །དཔལ་ལྡན་འདུས་དང་ཀྱེའི་རྡོ་རྗེར། །བཞི་པ་ཕྱེ་བར་བརྗོད་པ་དང་། །དེ་བཞིན་འདིར་ནི་དབང་བསྐུར་ཉིད། །མཁས་པ་རྣམས་ཀྱིས་རིགས་པས་ལོང་། །རྒྱུད་གཉིས་པོ་ཡི་རྗེས་འབྲངས་
ནས། །རྒྱུད་ཀྱི་དམ་ཚིག་དེ་ཡིས་ཀྱང་། །རྣལ་འབྱོར་རྣལ་འབྱོར་མ་རྒྱུད་དུ། །གསུངས་པ་ཐམས་ཅད་ཤེས་པར་བྱའོ། །བཞི་པའི་དབྱེ་བ་གང་ཡིན་པ། །ལུང་དང་རིགས་པ་ཕྱི་རོལ་རྣམས། །རྒྱ་ཆེས་པ་ཡིས་བདག་འཇིགས་ནས། །དེ་དག་བཞག་སྟེ་འདིར་མ་བྲིས། །གནས་རྣམས་དེ་དང་དེ་རྣམས་ལ། །མཁས་པས་དེར་ནི་
རབ་བལྟས་ནས། །ལུང་དང་རིགས་པ་ལྡན་པ་ཡིས། །དེ་ལ་སུན་ནི་དབྱུང་བར་བྱའོ། །དེ་ཉིད་འདིར་ནི་མངོན་པར་བརྗོད་པ་དང་། །དབང་བསྐུར་མཆོག་གི་བསོད་ནམས་གང་འཐོབ་པ། །དེ་ཡིས་རྒྱལ་བ་བཟང་པོ་དཔལ་སྦས་དང་། །འགྲོ་འདི་མ་ལུས་རྒྱལ་བ་ཉིད་གྱུར་ཅིག །མཁས་པ་དུ་མའི་དབང་བསྐུར་ངེས་བརྗོད་འདི། །སྐྱེ་བོ་
དབང་བསྐུར་ཕྱིན་ཅི་ལོག་ཞེན་པ། །དེ་བཟློག་དོན་དུ་བདག་གིས་འདི་བསྒྱུར་བའི། །དགེ་བས་དེ་དག་ཡང་དག་དབང་ཐོབ་ཤོག །དབང་གི་དོན་ངེས་པར་བརྗོད་པ་ཞེས་བྱ་བ་སློབ་དཔོན་རྒྱལ་བ་བཟང་པོ་དཔལ་སྦས་པ་ཞེས་བྱ་བས་མཛད་པ་རྫོགས་སོ།། །།རུ་ལག་རྒྱང་གི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་ཨ་བ་དྷཱུ་ཏཱི་པའི་ཞལ་
སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཡཱ་ན་མཱུ་ལ་པཏྟི་སཾ་གྲ་ཧ། བོད་སྐད་དུ། རྡོ་རྗེ་ཐེག་པ་རྩ་བའི་ལྟུང་བ་བསྡུས་པ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་དང་བླ་མ་ཡི། །ཞབས་ཀྱི་པདྨར་རབ་བཏུད་དེ། །རྩ་བའི་ལྟུང་བ་བཅུ་
བཞི་ནི། །རྒྱུད་ལས་གསུངས་པ་བཤད་པར་བྱ། །གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་གསུངས། །ཁྲོས་པས་རྡོ་རྗེ་སྤུན་གྱི་ནི། །ཉེས་པ་བརྗོད་པ་གསུམ་པ་

ཡིན། །སེམས་ཅན་རྣམས་ལ་བྱམས་པ་སྤོང་། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་ཡིན། །ཕུང་པོ་སངས་རྒྱས་ལྔ་བདག་
ཉིད། །སྨོད་པར་བྱེད་པ་བརྒྱད་པ་ཡིན། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པར་འདོད། །ཆད་སོགས་མ་ཡིན་ཆོས་རྣམས་ལ། །བརྟགས་པ་ལས་ནི་བཅུ་གཅིག་པ། །སེམས་ཅན་དད་དང་ལྡན་པ་ཡི། །སེམས་སུན་འབྱིན་པ་བཅུ་གཉིས་པ། །དམ་
ཚིག་ཇི་བཞིན་རྙེད་པ་དག །མི་བསྟེན་པ་དེ་བཅུ་གསུམ་པ། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །འདི་དག་རྣམ་པར་སྤངས་པ་ཡི། །སྔགས་པས་དངོས་གྲུབ་ཉེ་བར་འཐོབ། །གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པས་བདུད་ཀྱིས་གཟུང་འགྱུར་ཏེ། །དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང་། །ཐུར་དུ་བལྟས་ཏེ་
དམྱལ་བར་འགྲོ། །དེ་བས་ང་རྒྱལ་བཅོམ་ནས་ནི། །རང་གི་འཁྲུལ་པ་ཤེས་བྱས་ལ། །ཅི་འབྱོར་པ་ཡིས་བླ་མ་ལ། །ཐུབ་པའི་སྤྱན་སྔར་མཆོད་བྱས་ནས། །གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །བྱང་ཆུབ་སེམས་སོགས་སྡོམ་པ་དག །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་བླང་བར་བྱ། །རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་
བ་བསྡུས་པ་སློབ་དཔོན་ཆེན་པོ་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སྠཱུ་ལ་པཏྟི། བོད་སྐད་དུ། ལྟུང་བ་སྦོམ་པོ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དང་བླ་མ་ཡི། །ཞབས་ཀྱི་པདྨར་རབ་བཏུད་དེ། །རྣལ་འབྱོར་སྡོམ་པར་གང་གསུངས་པའི། །ལྟུང་བ་སྦོམ་པོ་བཤད་པར་བྱ། །རྣལ་འབྱོར་གང་
ཞིག་རིག་མ་ནི། །དམ་ཚིག་མེད་པའང་སྟོབས་ཀྱིས་སྤྱོད། །དེ་ལ་འཕྱ་བར་བྱེད་པ་ཡང་། །དེ་ཡི་ལྟུང་བ་དང་པོར་གསུངས། །རྒྱུད་ལས་མ་གསུངས་རིམ་ཉིད་ཀྱིས། །གང་ཞིག་བདུད་རྩི་བསྟེན་པ་ཡང་། །དེ་ལ་ངན་འགྲོར་ལྟུང་བ་ཡི། །ལྟུང་བ་གཉིས་པར་འགྱུར་བ་ཡིན། །རྨོངས་པ་གང་ཞིག་ཚོགས་འཁོར་ལོ། །རྩོད་པར་སངས་
རྒྱས་ཀྱིས་གསུངས་པའི། །དམ་ཚིག་ལ་ནི་བཞད་གད་བྱེད། །དེ་ལ་གསུམ་པར་འགྱུར་བ་ཡིན། །གསང་བའི་ཆོས་ནི་གང་གསུངས་པ། །བློ་ངན་གསང་བར་མི་བྱེད་ན། །རྨོངས་པའི་རྣལ་འབྱོར་པ་དེ་ལ། །སྦོམ་པོའི་ལྟུང་བ་བཞི་པར་འགྱུར། །དད་ལྡན་ཆོས་ལ་འདྲི་བ་ན། །ཆོས་ཉིད་གཞན་དུ་སྟོན་པ་ནི། །དེ་ལ་སྦོམ་པོར་བཤད་པ་ཡི། །

ལྟུང་བ་ལྔ་པར་རྒྱལ་བས་གསུངས། །ཉན་ཐོས་ཐེག་པ་ཅན་དག་དང་། །ཞག་བདུན་དུ་ནི་ལྷན་ཅིག་གནས། །སྦོམ་པོར་གྲགས་པ་དེ་ལ་ནི། །དྲུག་པར་རབ་ཏུ་འགྱུར་བ་ཡིན། །ཡང་དག་དེ་ཉིད་མི་ཤེས་པར། །གང་ཞིག་དེ་ཉིད་ང་རྒྱལ་བྱེད། །རྨོངས་པའི་སེམས་ལྡན་དེ་ལ་ནི། །སྦོམ་པོ་ཞེས་བྱ་བདུན་པ་ཡིན། །
གང་ཞིག་སྣོད་མིན་སེམས་ཅན་ལ། །ཕྱི་ཡི་ཆོས་མོས་དེ་ལ་ཡང་། །གསང་བའི་ཆོས་ནི་ཡང་དག་སྟོན། །དེ་ལ་སྦོམ་པོ་བརྒྱད་པར་འགྱུར། །བློ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །འདི་དག་སྤང་བར་བྱ་བ་སྟེ། །གལ་ཏེ་བྱུང་ན་ཆོ་ག་བཞིན། །བཤགས་ན་དམྱལ་བར་མི་འགྲོའོ། །ཐབས་ནི་འདི་དག་ཉིད་ཀྱིས་ནི། །བསྙེན་པར་བཤགས་
པར་མི་བྱེད་ན། །བླ་མས་སློབ་མིན་དེ་བཞིན་དུ། །རྡོ་རྗེའི་སྤུན་གྱི་ཚོགས་ཀྱིས་ཀྱང་། །ལྟུང་བ་བསྡུས་པ་བྱས་པ་ལས། །བདག་གིས་བསོད་ནམས་གང་ཐོབ་པ། །འགྲོ་ཀུན་ལྟུང་བས་མི་གོས་ཤིང་། །དམ་ཚིག་སྣོད་དུ་འགྱུར་བར་ཤོག །ལྟུང་བ་སྦོམ་པོ་བསྡུས་པ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།། ༄༅། །རྒྱུད་
གཞན་ལས་གསུངས་པའི་ལྟུང་བའི་མཚན་ཉིད་གཞན་བཤད་པ་ཡང་བརྗོད་པར་བྱ་སྟེ། རང་ལྷ་བླང་དོར་ལྟུང་བ་མིག །དེ་ཉིད་དུས་འདས་རི་བོང་ཅན། །ལྷ་གཞན་དགའ་བ་ཡོན་ཏན་ནོ། །རིག་བྱེད་དངོས་ལ་ཞེན་པ་ཡིན། །མ་རྫོགས་རྫོགས་བྱེད་མདའ་ཡིན་ནོ། །འཇིག་རྟེན་ཆོས་ཕྱིར་དབང་པོའོ། །ཁྱད་དུ་གསོད་པ་ཡང་
ནི་རི། །གོང་མེད་ཚུལ་སྟོན་བཀྲ་ཤིས་སོ། །ཕྲིན་ལས་མ་རྫོགས་གཟའ་ཞེས་གྲགས། །དོན་མེད་གནས་པ་ཕྱོགས་ཡིན་ནོ། །བརྩེ་བ་གཏོང་བ་དྲག་པོ་སྟེ། །དམན་པའི་སྤྱོད་པ་ཉི་མའོ། །ཟང་ཟིང་རྟོག་པ་ཡན་ལག་གོ། །ཡོངས་སུ་མི་འཛིན་ས་ཞེས་གྲགས། །རང་སྤྱོད་འདོར་བ་ཆོས་ཞེས་གྲགས། །ལྟུང་བ་བཅོ་ལྔ་པ་རྫོགས་
སོ།། ༄༅། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དམ་པ་ཉེར་བསྟན་ཅིག་ཤོས་མིན། །སྣོད་དང་ལྡན་པ་རྣམ་པར་བརྟག །འདོད་ཕྱིར་གཞན་ལ་གནོད་པ་སྤོང་། །དཀོན་མཆོག་ལ་སོགས་ནོར་ལ་མིན། །གཞན་དོན་སྐད་ཅིག་ཡལ་མི་དོར། །བྱང་ཆུབ་མིན་པར་དགེ་མི་འཇུག །རྣམ་ཤེས་འཕོ་བའི་དེ་ཉིད་མཁས། །གཞན་
དུ་ཡན་ལག་ཉེས་པའོ། །ཡན་ལག་གི་ཉེས་པ་བདུན་པ་རྫོགས་སོ།། ༄༅༅།།རྒྱ་གར་སྐད་དུ། བཛྲ་ཡཱ་ན་སྠཱུ་ལ་པཏྟི། བོད་སྐད་དུ། རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བླ་མའི་ཞབས་ཀྱི་པདྨ་ལ། །ཀུན་ནས་དང་བས་ཕྱག་འཚལ་ཏེ། །སྦོམ་པོའི་ལྟུང་བ་རྣམ་པ་བརྒྱད། །རྒྱུད་དུ་

གསུངས་བ་བྲི་བར་བྱ། །ཤེས་རབ་སྟོབས་ཀྱིས་ལེན་པ་དང་། །དེ་ཡི་བདུད་རྩི་སྟོབས་ཀྱིས་ལེན། །སྣོད་མིན་ལ་ནི་མི་གསང་དང་། །ཚོགས་ཀྱི་ནང་དུ་རྩོད་པ་དང་། །དད་ལྡན་ལ་གཞན་ཆོས་སྟོན་དང་། །ཉན་ཐོས་ནང་དུ་ཞག་བདུན་གནས། །བརྫུན་གྱིས་རྣལ་འབྱོར་ང་རྒྱལ་བྱེད། །དད་པ་མེད་ལ་ཆོས་སྟོན་པ། །འདི་རྣམས་སྦོམ་པོའི་ལྟུང་
བ་བརྒྱད། །རྩ་ལྟུང་སྦོམ་པོའི་རིམ་པ་དག །ཆོ་ག་ཡིས་ནི་ཤེས་བྱ་ཞིང་། །ཉམས་པར་གྱུར་ན་བཤགས་པར་བྱ། །རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀཱ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་
གཏན་ལ་ཕབ་པའོ། །སླད་ཀྱིས་རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་པཎྜི་ཏ་ཆེན་པོ་མ་ཎི་ཀ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་དང་། ཆག་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཆོས་རྗེ་དཔལ་གྱིས་ཞུས་ཏེ་དག་པར་བགྱིས་སོ།། ༄༅། །ཡན་ལག་དམ་ཚིག་ཅེས་བྱ་བ། །དམ་ཚིག་དང་ནི་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་དང་། །
ཚོགས་ཀྱི་འཁོར་ལོར་རྩོད་པ་དང་། །གསང་བའི་ཆོས་ནི་སྟོན་པ་དང་། །སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་གཞན་དུ་སྟོན་པ་དང་། །ཉན་ཐོས་དག་ཏུ་རློམ་བྱེད་པའི། །ནང་དུ་ཞག་བདུན་གནས་པ་དང་། །སྦྱོར་བ་ངེས་པར་མ་བྱས་པར། །སྐལ་མིན་གསང་བ་སྟོན་པ་དང་། །གང་ཞིག་ཕྱག་རྒྱ་མི་མཁས་ལ། །
ལུས་ཀྱི་ཕྱག་རྒྱ་སྟོན་པ་དང་། །བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང་། །སྡོམ་པ་གཉིས་གྱི་བཅས་པ་ལ། །དགོས་པ་མེད་པར་འདའ་བ་ནི། །ཁ་ན་མ་ཐོ་བཅས་འགྱུར་ཏེ། །སྔགས་པ་དེ་ཡི་དམ་ཚིག་ཟད། །ཟད་པས་འགྲུབ་པར་མི་འགྱུར་ཞིང་། །བདུད་དང་སྡུག་བསྔལ་མང་དུ་
འཕེལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །ཡན་ལག་གི་དམ་ཚིག་ཅེས་བྱ་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཡཱ་ན་པཏྟི་མཉྫ་རི་ནཱ་མ། བོད་སྐད་དུ། རྡོ་རྗེ་ཐེག་པའི་ལྟུང་བའི་སྙེ་མ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའི་
སྡོམ་པ་འཛིན་པ་ལ་ལྟུང་བའི་སྡེ་ཚན་རྣམ་པ་གཉིས་ཏེ། རྩ་བའི་ལྟུང་བ་བཤད་པ་དང་། སྦོམ་པོའི་ལྟུང་བ་བཤད་པའོ། །དེ་ལ་བླ་མ་ལ་མ་གུས་པ་དང་། བདེ་བར་གཤེགས་པའི་བཀའ་ལས་འདས་པ་དང་། ཞེ་སྡང་གིས་རྡོ་རྗེ་སྤུན་ལ་སྐྱོན་འབྲུ་བ་དང་། བྱམས་པ་གཏོང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། ཐེག་པ་གསུམ་ལ་

སྨོད་པ་དང་། ཡོངས་སུ་མ་སྨིན་པ་ལ་གསང་བ་སྒྲོགས་པ་དང་། དེ་བཞིན་གཤེགས་པའི་བདག་ཉིད་ཕུང་པོ་ལྔ་ལ་སྨོད་པ་དང་། ཆོས་ཐམས་ཅད་རང་བཞིན་མེད་པར་རྣམ་པར་དག་པ་ལ་ཐེ་ཚོམ་ཟབ་དང་། གདུག་པ་ལ་བྱམས་པ་དང་ལྡན་པ་དང་། ཐོག་
མ་དང་། ཐ་མ་དང་། དབུས་ཀྱི་ཆོས་ཐམས་ཅད་སྟོང་པ་ལ་ཐོག་མ་དང་ཐ་མ་དང་དབུས་སུ་རྟོག་པ་དང་། དད་ལྡན་གྱི་སེམས་སུན་འབྱིན་པ་དང་། ཇི་ལྟར་རྙེད་པའི་དམ་ཚིག་མི་བསྟེན་པ་དང་། བུད་མེད་ལ་སྨོད་པ་སྟེ་རྩ་བའི་ལྟུང་བ་བཅུ་བཞིའོ། །དེ་ལ་སྟོབས་ཀྱིས་རྣལ་འབྱོར་མ་ལེན་
པ་དང་སྟོབས་ཀྱིས་དེའི་བྱང་ཆུབ་ཀྱི་སེམས་ལེན་པ་དང་། གསང་བ་མི་སྦོད་པ་དང་། དམ་ཚིག་ལ་རྩོད་པ་དང་། དད་པ་དང་ལྡན་པ་ལ་ཕྱིན་ཅི་ལོག་གི་ཆོས་སྟོན་པ་དང་། ཉན་ཐོས་ཀྱི་ཐེག་པ་པ་དང་ལྷན་ཅིག་ཞག་བདུན་དུ་གནས་པ་དང་། རྣལ་འབྱོར་མི་ཤེས་པར་རྣལ་འབྱོར་པར་
མངོན་པའི་ང་རྒྱལ་བྱེད་པ་དང་། མི་དད་པ་ལ་ཆོས་སྟོན་པ་སྟེ་སྦོམ་པོའི་ལྟུང་བ་བརྒྱད་དོ། །རྡོ་རྗེ་སེམས་དཔའི་བསླབ་པ་ལ་གནས་པས་རྣམ་པ་ཐམས་ཅད་དུ་ཡོངས་སུ་སྤང་བར་བྱའོ། །རྡོ་རྗེ་ཐེག་པའི་ལྟུང་བའི་སྙེ་མ་ཞེས་བྱ་བ་མཁས་པ་ཆེན་པོ་ཨ་བྷྱཱ་ཀ་ར་གུཔྟས་མཛད་པ་རྫོགས་
སོ། །མ་ག་དྷཱའི་མཁས་པ་ཆེན་པོ་དེ་ཉིད་དང་། མང་དུ་ཐོས་པའི་དགེ་སློང་བསོད་སྙོམས་པ་སངས་རྒྱས་གྲགས་པས་ནཱ་ལེནྡྲར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཡཱ་ན་མཱུ་ལ་པཏྟི་བྲྀཏྟི། བོད་སྐད་དུ། རྡོ་
རྗེ་ཐེག་པའི་རྩ་བའི་ལྟུང་བ་བཅུ་བཞི་པའི་འགྲེལ་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཉན་ཐོས་ཀྱི་ལུས་ངག་གཙོ་བོར་གྱུར་པའི་སྤང་བྱ་བདུན་གྱི་མཚན་ཉིད་དང་། བྱང་ཆུབ་སེམས་དཔའི་སྙིང་རྗེ་གཙོ་བོར་གྱུར་པའི་སྤང་བྱ་བཅུའི་མཚན་ཉིད་དང་།
གསང་སྔགས་རྣལ་འབྱོར་ཆེན་པོའི་ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་གཙོ་བོར་གྱུར་པའི་སྤང་བྱ་བཅུ་བཞིའི་མཚན་ཉིད་དེ། དེ་ལ་གཉིས་ནི་གཞུང་གཞན་རྣམས་ལས་གསལ་བས་འདིར་མ་བཤད་དོ། །གསང་སྔགས་རྣལ་འབྱོར་ཆེན་པོའི་རྣམ་པར་ཐར་པ་ལ་ལྟོས་ཏེ་བསྟན་

པ་ལ། སྤྱིར་ཐོབ་པར་བྱ་བ་དང་། མངོན་པར་རྟོགས་པའི་བྱེ་བྲག་དང་། བསྲུང་བའི་ཚུལ་ལོ། །དེ་ལ་གཉིས་ནི་རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་དག་ལས་གསལ་བས་འདིར་ལོགས་ཤིག་ཏུ་མ་བརྗོད་དོ། །བསྲུང་བའི་ཚུལ་ལ་གཉིས་ཏེ། དམ་ཚིག་དང་། སྡོམ་པའོ། །
དེ་ཉིད་ནི་དམ་བཅའ་བའི་ཡུལ་དང་། སྤོང་བའི་བྱེ་བྲག་གིས་ཏེ། འདི་སྐད་དུ། སྡོམ་པ་སངས་རྒྱས་ཐམས་ཅད་དེ། །ཨེ་ཝཾ་ལ་ནི་རབ་ཏུ་བཞུགས། །རྒྱུ་ཡིས་ཡུལ་ལས་མི་འདའ་བས། །དམ་ཚིག་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་སོ། །དེ་བས་ན་དབང་བཞིའི་
བྱེ་བྲག་གིས་དམ་ཚིག་ཀྱང་བཞི་སྟེ། སྒྲ་ཇི་བཞིན་པ་དང་། སྒྲ་ཇི་བཞིན་པ་མ་ཡིན་པ་དང་། དགོངས་པ་ཅན་དང་། མཐར་ཐུག་པའི་བྱེ་བྲག་གིས་སོ། །དེ་དག་ཀྱང་མདོར་བསྡུ་ན། རིགས་ཀྱི་དམ་ཚིག་དང་། རྩ་བ་དང་། ཉེས་པ་སྦོམ་པོའོ། །རིགས་ཀྱི་ལ་གཉིས་ཏེ། སྤྱི་
དང་། ཁྱད་པར་རོ། །རྩ་བ་ལ་གསུམ་སྟེ། དབང་གསུམ་གྱི་དབྱེ་བས་སོ། །སྦོམ་པོ་ལ་གསུམ་སྟེ། ལུས་ལ་སོགས་པའི་བྱེ་བྲག་གིས་སོ། །དེ་ལ་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པའི་སྡོམ་པ་གསུམ་ལ་གནས་ན་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་ཆེན་པོ་འཐོབ་པོ་ཞེས་
འབྱུང་ལ། དེ་ཡང་རྡོ་རྗེ་རྩེ་མོའི་མངོན་པར་རྟོགས་པའི་སྐབས་ནས་ཇི་སྐད་དུ། བྱང་ཆུབ་སེམས་འཛིན་གྱུར་ནས་ནི། །ལྷ་གཞན་ལ་ནི་མི་མོས་པས། །དཀོན་མཆོག་གསུམ་ལ་དད་པ་དང་། །དེ་ལ་གཞོལ་ཞིང་འབབ་པ་ཡིས། །གསོད་དང་རྐུ་དང་འཁྲིག་པ་དང་། །བརྫུན་དང་
ཆང་ནི་རྣམ་པར་སྤང་། །ཁྱིམ་པའི་ཚུལ་དུ་གནས་པས་ཀྱང་། །རིག་སྔགས་རྒྱལ་པོ་རྟག་ཏུ་བསྒྲུབ། །གལ་ཏེ་དེར་ནི་རབ་བྱུང་ན། །སྡོམ་པ་གསུམ་ལ་གནས་པར་འགྱུར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་སྡོམ་པའོ། །ཞེས་གསུངས་པས་དེའི་དོན་
ལ་འཇུག་པར་བྱ་སྟེ། འདིར་དེ་དག་དང་མི་འགལ་བ་ནི་ཡེ་ཤེས་ཀྱི་བྱེ་བྲག་གིས་ཏེ། རང་བཞིན་པའི་ཆོས་བཞི་མི་སྤྱད་ཅིང་བཅས་པ་ལ་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་གྱིས་ཤེས་པས་སྤྱོད་ཅིང་དོན་ཆེན་པོ་ཡོད་པའི་ཕྱིར་དང་། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ལ་ནི་དངོས་པོ་ལ་

འགལ་བ་མེད་པས་ཉེས་བྱས་ལ་སོགས་པར་མི་གཞག་གོ། །དེ་ལྟར་རྩ་བའི་དམ་ཚིག་བསྟན་པ་ལ་སྤྱིར་བཏང་བ་ནི་གང་ལ་གནོད་པ་དང་། གང་གིས་བར་དུ་གཅོད་པ་དང་། གང་དྲི་མ་ཅན་དུ་བྱས་པ་སྟེ་དགེ་བའི་རྩ་བ་གསུམ་དང་། དངོས་གྲུབ་གཉིས་དང་།
རང་གི་རྒྱུད་དང་གོ་རིམས་བཞིན་ནོ། །དེ་ལ་དངོས་གཞི་ནི། གཉི་གའི་བར་དུ་གཅོད་ཅིང་ངན་སོང་གསུམ་དུ་ལྟུང་བར་བྱེད་དོ། །འདྲ་བས་ནི་གཉི་གའི་བར་དུ་གཅོད་ཅིང་ངན་སོང་གསུམ་དུ་ལྟུང་ཡང་སྡུག་བསྔལ་དྲག་པོ་ལ་སོགས་པ་མ་ཡིན་པ་དང་། འབྲིང་གིས་ནི་གཉིས་ཀའི་
བར་དུ་གཅོད་ཀྱང་ངན་སོང་དུ་ལྟུང་བའི་རྒྱུ་སྟེ་ཁྱད་པར་དུ་མི་བྱེད་པ་དང་། ཆུང་ངུས་ནི་འཇིག་རྟེན་པའི་དངོས་གྲུབ་ཀྱི་བར་དུ་གཅོད་དོ། །ཡང་སྤྱིར་འགྲོ་བ་ནི་ཉོན་མོངས་པ་དྲུག་དང་། ཉེ་བའི་ཉོན་མོངས་པ་དང་འབྲེལ་པའོ། །ཡང་གཉིས་ཏེ། ལྷན་ཅིག་སྐྱེས་པ་དང་། ཀུན་དུ་བརྟགས་
པའོ། །ཡང་བདུན་ཏེ། སྦྱོར་བ་དང་། དངོས་གཞི་དང་། ཉེས་བྱས་དང་། ཉེས་པ་མེད་པ་དང་། ཕྱོགས་དང་མཐུན་པ་དང་། བསླབ་པར་བྱ་བ་དང་། དྲི་མ་ལས་ལྡང་བའོ། །ལྡང་བ་ལ་བདུན་ཏེ། དབང་དང་། ཚོགས་དང་། བསྙེན་སྒྲུབ་དང་། ཚོགས་པའི་མཐུ་དང་། བཟླས་པ་དང་།
སེམས་སུན་འབྱིན་པ་དང་། ཐ་མལ་པ་ལ་བཤགས་པའོ། །ད་ནི་གཞུང་ལ་འཇུག་པར་བྱ་སྟེ། སློབ་དཔོན་ལ་ནི་བརྙས་པ་དང་། །ཞེས་སྨོས་པ་ལ་གང་ལས་དབང་བསྐུར་མཆོག་ཐོབ་པ་མེད་པ་དང་། སློབ་དཔོན་གྱིས་དེ་ཉིད་བསྟན་པ་དང་། དེར་འདུ་ཤེས་པ་དང་། ཉོན་མོངས་པ་དང་
འབྲེལ་པའི་སེམས་དང་། ལུས་ངག་ཡིད་ཀྱིས་སྦྱོར་བ་བྱས་པ་དང་། གོ་བའམ་ཁྱད་པར་ཅན་གྱིས་ཉོན་མོངས་པ་བསྐྱེད་པ་དང་། རང་བཞིན་དུ་གནས་པ་དང་། དབང་དང་ལྡན་པ་དང་། རྨི་ལམ་ཡིན་པ་དང་། ཡན་ལག་བརྒྱད་ཀྱི་ནི་དངོས་གཞི་ཡིན་ལ། སྦྱོར་བ་ནི་ཇི་སྲིད་མ་
རྫོགས་པ་དེ་སྲིད་དོ། །གཞན་མ་ཚང་བ་ལ་ཡན་ལག་གཙོ་བོ་ཡོད་པ་ནི་ཉེས་པ་ཆེན་པོའོ། །འབྲིང་དང་ཆུང་ངུ་ཡོད་པ་ལ་ནི་ཉེས་པ་འབྲིང་དང་ཆུང་ངུའོ། །གསུམ་པོ་ལྟ་བུའི་གནས་སྐབས་སུ་ནི་ཉེས་པ་མེད་དོ། །གཉིས་དང་ཤན་འདྲ་བ་ནི་ཕྱོགས་དང་མཐུན་པའོ། །སློབ་དཔོན་ཐམས་

ཅད་ལ་རྡོ་རྗེ་སེམས་དཔར་བལྟའོ་ཞེས་པ་ནི་བསླབ་པར་བྱའོ། །རྩ་བ་ནི་དབང་གིས་ལྡང་ངོ་། །ཚོགས་དང་བསྙེན་སྒྲུབ་མ་གཏོགས་པ་བཞིས་ནི་འདྲ་བ་ལས་ལྡང་ངོ་། །གོང་མ་གཉིས་ཀྱིས་ནི་འབྲིང་ལས་ལྡང་ངོ་། །ཐ་མ་གཉིས་ཀྱིས་ནི་ཆུང་ངུ་ལས་ལྡང་ངོ་། །དེ་བཞིན་དུ་གཞན་རྣམས་
ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །བདེ་གཤེགས་བཀའ་ལས་འདས་པ་དང་། །ཞེས་སྨོས་པ་ལས། འདིར་ནི་བདེ་བར་གཤེགས་པའི་བཀའ་དང་རྡོ་རྗེ་འཆང་གི་བཀའ་ཐམས་ཅད་ཀྱང་གདུལ་བྱའི་ཆེད་དུ་ཡིན་ལ། དེ་ཡང་འགྲོ་བའི་དོན་དུ་སྟེ། དེ་བས་ན་གང་ཟག་བདག་
གྲོལ་བའི་དབང་དུ་བྱས་པས་ཐམས་ཅད་ཀྱང་དེར་འདུས་སོ། །རྡོ་རྗེ་འཆང་གི་བཀའ་ཡང་བཞི་སྟེ། ལས་ཀྱི་བྱེ་བྲག་ཐམས་ཅད་བདེ་བར་གཤེགས་པའི་བཀའ་དང་། བསྲུང་བར་བྱ་བ་དང་། སྒྲུབ་པའི་ཐབས་དང་། འབྲས་བུའོ། །དེ་ལས་འདས་པ་ནི་གཉིས་ཏེ། ལོག་
པར་སྤྱོད་པ་དང་། ལོག་པར་སྟོན་པའོ། །དེ་དག་ཀྱང་དགག་སྒྲུབ་ཀྱི་བྱེ་བྲག་གིས་རྣམ་པ་བཞིའོ། །དེ་ལ་ཡན་ལག་ནི་ཐུན་མོང་བ་གསུམ་དང་། ཉོན་མོངས་པའི་སེམས་དང་ལྡན་པ་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། ལོག་པར་སྤྱོད་པའི་སྦྱོར་བ་
བྱས་པ་དང་། ངེས་པ་བསྐྱེད་པ་སྟེ་བརྒྱད་ཀྱིས་དངོས་གཞིའོ། །སྟོན་པའི་ཕྱོགས་ལ་ཐ་མའི་དོན་གོ་བར་གྱུར་པ་གཞུག་གོ། །ལྡང་བ་ནི་ཚོགས་པའི་མཐུ་མན་ཆད་བཞིས་དངོས་གཞི་ལས་ལྡང་ངོ་། །ཤེས་རབ་གསུམ་དང་། ཉོན་མོངས་པའི་སེམས་དང་། ཡུལ་དེ་
གོང་མ་ལྟ་བུ་ཡིན་པ་དང་། དེར་འདུ་ཤེས་པ་དང་། སྦྱོར་བ་བྱས་པ་དང་། གོ་བའམ་ཉོན་མོངས་པ་ཁྱད་པར་ཅན་བསྐྱེད་པ་དང་། དགོངས་པ་མ་ཡིན་པ་སྟེ་དགུས་དངོས་གཞིར་འགྱུར་རོ། །དེ་ནི་ཚོགས་ཀྱི་འཁོར་ལོས་ལྡང་ངོ་། །གཞན་ནི་སྔ་མ་བཞིན་ནོ། །ཆོམ་
རྐུན་གྱི་གནས་ཀྱི་གྲོགས་སྟོབས་ཅན་ལྟ་བུར་རྡོ་རྗེ་སྤུན་ཀུན་ལ་བལྟའོ་ཞེས་པ་ནི་བསླབ་པར་བྱ་བའོ། །བྱམས་པ་ཆེན་པོ་སྤོང་བ་དང་། །ཞེས་པ་ལ་སེམས་ཅན་ཤིན་ཏུ་སྡུག་བསྔལ་དང་ལྡན་པ་ལ་བཏང་སྙོམས་དང་ལྡན་པ་དང་དེར་འདུ་ཤེས་པ་དང་། བགྲོད་དུ་རུང་བ་ན་ཡོད་

པར་མཐོང་བའམ་ཐོས་པ་དང་། ཉོན་མོངས་པའི་སེམས་དང་། ཐུན་མོང་བ་གསུམ་དང་། བདག་ལ་མཐུ་ཡོད་པ་དང་། དགོངས་པ་མ་ཡིན་པ་དང་། བདེ་བའི་སྦྱོར་བ་འདོར་བ་སྟེ་བཅུས་དངོས་གཞིར་འགྱུར་རོ། །ཚོགས་པའི་མཐུ་མན་ཆད་བཞིས་
དེ་ལས་ལྡང་ངོ་། །སེམས་ཅན་ཐམས་ཅད་ལ་ཕ་མ་ལ་སོགས་པ་དང་། བདག་ཉིད་ཀྱི་བར་དུ་འདུ་ཤེས་བསྐྱེད་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །བྱང་ཆུབ་སེམས་ནི་འདོར་བ་དང་། །ཞེས་པ་ནི་དངོས་པོར་འཛིན་པ་དང་ཞེན་པ་སྟེ། སྤོང་བའི་གདམས་ངག་མི་ཚོལ་བ་དང་།
གཉེན་པོ་མི་བསྟེན་པ་དང་། ཡང་དང་ཡང་དུ་འདོར་བ་དང་། དེའི་དབང་གིས་ཉེས་པ་ལ་སྦྱོར་བའོ། །ཡན་ལག་གི་གྲངས་ནི་སྔ་མ་བཞིན་ནོ། །བདེ་བའི་སྦྱོར་བ་འདོར་བ་ཞེས་པ་ནི་སྡུག་བསྔལ་དང་བྲལ་བའི་སྦྱོར་བ་འདོར་བ་ཞེས་གཞག་གོ། །ལྡང་བ་ནི་སྔ་མ་བཞིན་ནོ། །མ་རྒལ་
བ་བསྒྲལ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་བསླབ་པར་བྱ་བའོ། །ལྷ་ཡི་བདག་ཉིད་ཕུང་པོ་སྨོད། །ཅེས་པ་ནི། ལྷར་མི་སྒོམ་པ་དང་། འབྲལ་བར་འདོད་པ་དང་། དེ་ལས་གཞན་དུ་བསྒོམ་པའོ། །ཡན་ལག་ནི་ཐུན་མོང་བ་བཞི་དང་། ཡུལ་དེ་དང་དེ་ལྟ་བུ་ཡིན་པ་དང་། དེར་འདུ་
ཤེས་པ་དང་། གོང་མ་གསུམ་གང་ཡང་རུང་བ་སྟེ་བདུན་གྱི་དངོས་གཞིའོ། །ལྡང་བ་ནི་བསྙེན་སྒྲུབ་ཀྱིས་སོ། །ལུས་ལ་མཚན་དང་དཔེ་བྱད་ལ་སོགས་པ་བསམ་པར་བྱའོ་ཞེས་བྱ་བ་ནི་བསླབ་པར་བྱ་བའོ། །ཐེག་པ་གསུམ་ལ་སྨོད་པ་དང་། །ཞེས་བྱ་བ་ནི་བྱ་བ་དང་གཉི་ག་དང་།
རྣལ་འབྱོར་གྱི་རྒྱུད་དང་། གསང་བའི་ཐེག་པ་གསུམ་པོ་རྣལ་འབྱོར་མ་དང་ཐབས་དང་ཟུང་དུ་འཇུག་པའོ། །སྨོད་པ་ནི་གཞུང་བཞིན་མ་སྨོས་པའོ། །ཐུན་མོང་བ་བཞི་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། མི་མཐུན་པའི་སྦྱོར་བ་བྱས་པ་དང་། ཡང་དག་པའི་སྦྱོར་བ་
ལོག་པ་སྟེ་བརྒྱད་ཀྱིས་དངོས་གཞིའོ། །ཚོགས་པའི་མཐུ་མན་ཆད་བཞིས་ལྡང་ངོ་། །མེད་ན་མི་འབྱུང་བའི་ལམ་གསུམ་དུ་ཤེས་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །ཡང་དག་ཆོས་ལ་ཡིད་གཉིས་ཟ། །ཞེས་པ་ལ་སྲུང་བ་དང་། སྒྲུབ་པ་དང་། ཐོབ་པ་དོན་དམ་པའི་རང་བཞིན་

ལ་ཡིད་གཉིས་ཟ་བ་སྟེ་ཐུན་མོང་བ་བཞི་དང་། དོན་དམ་པ་དག་པ་དང་འབྲེལ་པ་དང་། དེར་འདུ་ཤེས་པ་དང་། མེད་དམ་སྙམ་པའི་བློ་གཉིས་དང་། འདི་ལ་མ་དད་པ་དང་བཏང་སྙོམས་སུ་དོར་བ་སྟེ་དགུས་དངོས་གཞིའོ། །ལྡང་བ་ནི་སྔ་མ་བཞིན་ནོ། །ཆོས་ཐམས་ཅད་ལ་ཚུལ་
གཅིག་ཁོ་ནས་ཤེས་པར་བྱའོ་ཞེས་བྱ་བ་ནི་བསླབ་པར་བྱ་བའོ། །ཆོས་ལ་གཉིས་སུ་འབྱེད་པ་ཞེས་བྱ་བ་ནི་ཆོས་རྣལ་འབྱོར་ཆེན་པོ་ལ་སོགས་པའི་གྲུབ་པའི་མཐའ་ལས་གྲགས་པའི་བསྐྱེད་པ་དང་རྫོགས་པའི་ཆ་ཤིན་ཏུ་ཕྲ་བ་ཕྱི་རོལ་པའི་གྲུབ་པའི་མཐར་འཆད་ཅིང་འཛིན་པའམ། སངས་རྒྱས་
པའི་གྲུབ་པའི་མཐའ་ལ་བཟང་ངན་འབྱེད་པའམ་སྟོན་པ་སྟེ་ཐུན་མོང་བ་བཞི་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། མི་མཐུན་པའི་སྦྱོར་བ་བྱས་པ་དང་། གཞན་གྱིས་གོ་བ་དང་། དགོངས་པ་མ་ཡིན་པ་སྟེ་དགུས་དངོས་གཞིར་འགྱུར་རོ། །ཚོགས་པའི་མཐུ་མན་
ཆད་བཞིས་ལྡང་ངོ་། །ལམ་ལ་བྱེ་བྲག་མེད་པར་བསླབ་པར་བྱ་ཞིང་བདེན་པར་སྨྲ་བར་བྱའོ་ཞེས་བྱ་བ་ནི་བསླབ་པར་བྱ་བའོ། །གདུག་ལ་བྱམས་དང་ཆགས་བྲལ་དང་། །ཞེས་པ་ལ། འདིར་སངས་རྒྱས་ཀྱི་བསྟན་པ་འཇིག་པར་བྱེད་པ་དང་། སུན་འབྱིན་པ་སྟེ། སྟོབས་དང་ལྡན་པས་
བཅོམ་པའོ། །དེ་དག་ཆོས་དང་ཟང་ཟིང་གི་འབྲེལ་བ་དང་བྲལ་བར་བྱ་བ་སྟེ། དེ་ལས་གཞན་དུ་བྱེད་པ་ནི་ཉེས་པའོ། །ཐུན་མོང་བ་བཞི་དང་། ཡུལ་ཁྱད་པར་ཅན་དང་དེ་ལྟར་འདུ་ཤེས་པ་དང་། སྦྱོར་བ་བྱས་པ་དང་། དགོངས་པ་མ་ཡིན་པ་དང་། །གཞན་གྱིས་གོ་བ་སྟེ་དགུས་དངོས་
གཞིའོ། །ལྡང་བ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་སློབ་དཔོན་སྨོད་པ་དང་། །དཀོན་མཆོག་གསུམ་ལ་གནོད་བྱེད་པ། །འབད་པས་གསད་པར་བྱ་བ་ཡིན་ནོ་ཞེས་བསླབ་པར་བྱ་བའོ། །ཆགས་བྲལ་བ་ནི་སྙིང་རྗེ་དང་བྲལ་བའོ། །སྐལ་མིན་གསང་བ་སྟོན་པ་དང་། །ཞེས་འབྱུང་བ་
ལ་ཐུན་མོང་བ་བཞི་དང་། རུང་བར་མ་བྱས་པའི་ཡུལ་དང་། དེར་འདུ་ཤེས་པ་དང་། ངག་གི་སྦྱོར་བ་བྱས་པ་དང་། དབང་དང་འབྲེལ་ཞིང་ཟབ་པ་དང་། རྒྱ་ཆེ་བ་བརྗོད་པ་དང་། དགོངས་པ་མ་ཡིན་པ་དང་། གོ་བ་སྟེ་བཅུས་དངོས་གཞིའོ། །ལྡང་བ་ནི་སྔ་མ་བཞིན་ནོ། །འདི་ན་

གསང་བའི་སྣོད་དཀོན་པར་བལྟའོ་ཞེས་པ་ནི་བསླབ་པར་བྱ་བའོ། །དད་ལྡན་སེམས་ནི་སུན་འབྱིན་དང་། །ཞེས་འབྱུང་བ་ལ་ཐུན་མོང་བ་བཞི་དང་། ཡུལ་རུང་བར་གྱུར་པ་དང་། དེར་འདུ་ཤེས་པ་དང་། དགོངས་པ་མ་ཡིན་པ་དང་། ངག་གི་སྦྱོར་བ་
བྱས་པ་དང་། གོ་བ་སྟེ་དགུས་དངོས་གཞིའོ། །ལྡང་བ་ནི་སྔ་མ་བཞིན་ནོ། །ཆོས་ཀྱི་སྦྱིན་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱའོ་ཞེས་བྱ་བ་ནི་བསླབ་པར་བྱ་བའོ། །དམ་ཚིག་ལས་ནི་ཇི་བཞིན་རྙེད་མི་བསྟེན། །ཞེས་བྱ་བ་ནི་ཐུན་མོང་བ་བཞི་དང་། རྫས་ཁྱད་པར་ཅན་དང་། དེར་
འདུ་ཤེས་པ་དང་། ཚོགས་ཀྱི་འཁོར་ལོའི་དུས་དང་། དགོངས་པ་མ་ཡིན་པ་དང་། གཞན་གྱིས་གོ་བ་སྟེ་དགུས་དངོས་གཞིའོ། །ལྡང་བ་ནི་ཚོགས་ཀྱི་འཁོར་ལོས་སོ། །སྤྱོད་པ་ཐམས་ཅད་དང་མཐུན་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །ཤེས་རབ་རང་བཞིན་ཅན་སྨོད་
པ། །ཞེས་བྱ་བ་ནི་དམ་ཚིག་དུས་སུ་རུང་བ་གཟུངས་སུ་བྱས་པའམ་ཡོན་ཏན་དང་ལྡན་པའོ། །སྨོད་པ་ནི་སྐྱོན་བརྗོད་པའོ། །ཐུན་མོང་བ་བཞི་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། སྦྱོར་བ་བྱས་པ་དང་། གང་ཡང་རུང་བས་གོ་བར་བྱས་པ་དང་། དགོངས་པ་མ་
ཡིན་པ་སྟེ་དགུས་དངོས་གཞིའོ། །ལྡང་བ་ནི་བསྙེན་སྒྲུབ་ལ་སོགས་པས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དམིགས་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །དེ་དག་ཀྱང་བསྡུ་ན་གསུམ་དུ་འདུ་སྟེ། བྱང་ཆུབ་སེམས་འདོར་བདེ་གཤེགས་བཀའ་འདས་དང་། །བྱམས་སྤོང་ཐེག་
གསུམ་སྨོད་དང་ཆོས་ཡིད་གཉིས། །ཐུགས་ཀྱིའོ། །སློབ་དཔོན་བརྙས་དང་ལྷ་ཉིད་ཕུང་པོ་སྨོད། །དམ་ཚིག་མི་བསྟེན་ཤེས་རབ་སྨོད་པ་རྣམས། །སྐུའིའོ། །མི་བསྔགས་བརྗོད་དང་དད་ལྡན་སེམས་སུན་འབྱིན། །གདུག་ལ་ཆགས་བྲལ་ཆོས་གཉིས་གསང་བ་སྟོན། །གསུང་
གིའོ། །གཞན་ཡང་རྩ་བའི་དངོས་གཞིའི་ཡན་ལག་མ་ཚང་བ་ལས་སྦོམ་པོ་ལ་སོགས་པ་གསུམ་གྱི་བྱེ་བྲག་གིས་རྣམ་པ་དུ་མར་འགྱུར་བ་བསྟན་པ་ལས། འདིར་དེ་དང་མི་འདྲ་བའི་ཉེས་པ་སྦོམ་པོར་བསྟན་པར་བྱ་སྟེ། དམ་ཚིག་དང་ནི་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་དང་། །

ཞེས་འབྱུང་བ་ལ་ཐུན་མོང་བ་བཞི་དང་། ཡུལ་དམ་ཚིག་མེད་པ་དང་། དེར་འདུ་ཤེས་པ་དང་། སྦྱོར་བ་བྱས་པ་དང་། ཉམས་སུ་མྱོང་བ་སྟེ་བརྒྱད་ཀྱིས་དངོས་གཞིར་འགྱུར་རོ། །ལྡང་བ་ནི་བསྙེན་སྒྲུབ་མན་ཆད་ཀྱིས་སོ། །མའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་
བའོ། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང་། །ཞེས་པ་ནི་ཐུན་མོང་བ་བཞི་དང་། བླ་མའམ་རྡོ་རྗེ་སྤུན་གྱི་ཚོགས་པ་དང་། བསྒྲུབ་པའམ། དམ་ཚིག་གི་དཀྱིལ་འཁོར་གྱི་ནང་དུ་ཞུགས་པའི་དུས་དང་། དེར་འདུ་ཤེས་པ་དང་། ངག་གི་སྦྱོར་བ་བྱས་པ་དང་། དགོངས་པ་མ་ཡིན་པ་
སྟེ་བཅུས་དངོས་གཞིར་འགྱུར་རོ། །ལྡང་བ་ནི་ཚོགས་ཀྱིས་སོ། །བག་ཡོད་པར་བྱ་ཞེས་པ་ནི་བསླབ་པར་བྱ་བའོ། །སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་གཞན་དུ་སྟོན་པ་དང་། །ཞེས་བྱ་བ་ལ་ཐུན་མོང་བ་བཞི་དང་། སེམས་ཅན་སྣོད་དུ་གྱུར་པ་དང་། དེར་འདུ་ཤེས་པ་དང་
གཞན་སྟོན་པའི་ངག་གིས་སྦྱོར་བ་བྱས་པ་དང་། གོ་བ་དང་། དགོངས་པ་མ་ཡིན་པ་སྟེ་དགུས་དངོས་གཞིར་འགྱུར་རོ། །ལྡང་བ་ནི་བཟླས་པ་ལ་སོགས་པས་སོ། བདེན་པར་སྨྲ་བར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །ཉན་ཐོས་དག་ཏུ་རློམ་བྱེད་པའི། །ནང་དུ་ཞག་བདུན་གནས་
པ་དང་། །ཞེས་པ་ལ་འདིར་སྐུར་པ་འདེབས་པ་དང་། མི་མོས་པ་ཡིན་པར་གཟུང་ངོ་། །ཞག་བདུན་ནམ་དྲུག་ཏུ་འགྲོ་ན་བར་དུ་གནས་ཤིང་རང་གི་སྤྱད་པ་མི་བྱེད་པ་ན་ལུང་དང་ཡུལ་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་འདས་པ་ནི་དུས་ཀྱི་སྒྲུབ་པར་ཚང་བའི་ཕྱིར་རོ། །ཁ་ཅིག་ནི་ཡོན་
ཏན་བདུན་དང་ལྡན་པའི་ལྷའི་རྣལ་འབྱོར་ཅན་ཞག་གཅིག་ཀྱང་གནས་པར་མི་བྱའོ་ཞེས་འཆད་དོ། །དེ་ཡང་འདི་ལྟ་སྟེ། དཀྱིལ་འཁོར་ཚོགས་དང་སྦྱིན་སྲེག་དང་། །མཆོད་དང་གཏོར་མ་གོ་རིམས་དང་། །དེ་ཉིད་དང་ནི་བདུན་དུ་བསྟན། །ཞེས་འབྱུང་བའི་རྣལ་འབྱོར་པའོ། །འདིར་ཡང་
ཐུན་མོང་བ་བཞི་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། ཞག་བདུན་འདས་པ་དང་། དགོངས་པ་མ་ཡིན་པ་སྟེ། བརྒྱད་ཀྱིས་དངོས་གཞིར་འགྱུར་རོ། །ལྡང་བ་ནི་ཚོགས་ཀྱི་འཁོར་ལོས་སོ། །གཅིག་པུར་གནས་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །

སྦྱོར་བ་ངེས་པར་མ་བྱས་པའི། །སྐལ་མིན་གསང་བ་སྒྲོགས་པ་དང་། །ཞེས་པ་ནི་དམ་ཚིག་ཐོབ་ཀྱང་ཕུན་སུམ་ཚོགས་པ་མ་ཡིན་པ་དང་། དེ་དང་མི་ལྡན་པ་ལ་བྱའོ། །ཐུན་མོང་བ་བཞི་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། དབང་དང་
འབྲེལ་པའི་གསང་བ་དང་། ངག་གི་སྦྱོར་བ་བྱས་པ་དང་། གོ་བ་དང་། དགོངས་པ་མ་ཡིན་པ་སྟེ་བཅུས་འགྱུར་རོ། །ལྡང་བ་ནི་བཟླས་པ་ལ་སོགས་པས་སོ། །བརྒྱད་བརྟག་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །གང་ཞིག་ཕྱག་རྒྱ་མི་མཁས་པས། །ལུས་ཀྱི་ཕྱག་རྒྱ་སྟོན་པ་
དང་། །ཞེས་པ་ལ་ཐུན་མོང་བ་བཞི་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། དགོངས་པ་མ་ཡིན་པ་དང་མཐོང་བ་སྟེ་བརྒྱད་ཀྱིས་དངོས་གཞིར་འགྱུར་རོ། །ལྡང་བ་ནི་བསྙེན་སྒྲུབ་ཀྱིས་སོ། །ཤིན་ཏུ་སྦ་བར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །བསྙེན་
སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང་། །ཞེས་པ་ལ་ཐུན་མོང་བ་བཞི་དང་། དག་པར་མ་བྱས་པ་དང་། དེར་འདུ་ཤེས་པ་དང་། དགོངས་པ་མ་ཡིན་པ་དང་། སྦྱོར་བ་དང་ཞུགས་པ་སྟེ་དགུས་དངོས་གཞིར་འགྱུར་རོ། །ལྡང་བ་ནི་བསྙེན་སྒྲུབ་ཀྱིས་
སོ། །མཚན་མ་ཐོབ་ནས་འཇུག་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །སྡོམ་པ་གཉིས་ཀྱི་བཅས་པ་ལས། །དགོས་པ་མེད་པར་འདའ་བ་དང་། །ཞེས་པ་ལ་ཐུན་མོང་བ་བཞི་དང་། ལྟུང་བའི་ཡུལ་ཡིན་པ་དང་། དེར་འདུ་ཤེས་པ་དང་། དགོངས་པ་མ་ཡིན་པ་དང་། སྦྱོར་བ་
དང་། དེ་དག་ལས་འདས་པ་སྟེ་དགུས་དངོས་གཞིར་འགྱུར་རོ། །ལྡང་བ་ནི་བཟླས་པ་ལ་སོགས་པས་སོ། །སྡོམ་པ་གསུམ་ལ་གནས་པར་བྱའོ། །བླ་མ་ལྔ་བཅུ་པའི་ཉེས་པ་ནི་ཅི་རིགས་པར་བཅུ་བཞི་པའི་ནང་དུ་འདུས་པར་རིག་པར་བྱའོ། །སློབ་དཔོན་ཆེན་པོ་དཔལ་ལ་ཀྵ་མཱི་
ཀ་རའི་ཞལ་སྔ་ནས་མཛད་པ་རྩ་བའི་ལྟུང་བ་བཅུ་བཞི་པའི་འགྲེལ་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཡཱ་ན་མཱུ་ལ་པཏྟི་ཊཱི་ཀཱ། བོད་སྐད་དུ། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་

ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྐུ་གསུམ་སྤྲུལ། །སྐུ་རྣམས་འདུལ་བའི་རྒྱལ་པོ་དང་། །འཕགས་དང་ཟབ་པའི་དོན་སྟོན་དང་། །རྣ་བརྒྱུད་ཐོབ་པའི་སློབ་དཔོན་ནི། །བཅུ་གཉིས་ཚོགས་ལ་བདག་ཕྱག་འཚལ། །རིན་ཆེན་ལྟ་བུའི་རྒྱུད་ཆེན་ལས། །གཞི་མོ་ལྟ་བུར་
བཞག་ནས་ནི། །རྒྱུད་རྣམས་ཀུན་ལས་བཏུས་ནས་ཀྱང་། །སྒྲུབ་པའི་དོན་དུ་བཤད་པར་བྱ། །དེ་ལ། དམ་ཚིག་ཉམས་དང་མ་ཉམས་དང་། །བསྐང་བའི་ཆོ་ག་གསུམ་དུ་བསྟན། །རྡོ་རྗེ་སློབ་དཔོན་དམ་ཚིག་ནི། །ཉམས་པའི་རབ་འབྲིང་གསུམ་དང་དགུ། །ངན་སེམས་བཅས་
ནས་སློབ་དཔོན་ལ། །ཚིག་རྩུབ་མཚོན་ཕྱུང་རྒྱབ་ནས་ནི། །ཡུན་རིང་མཐོལ་བཤགས་མི་བྱེད་པ། །ཉམས་པ་ཆེ་སྟེ་འབྲིང་གི་ནི། །མཚོན་ཕྱུང་ལ་སོགས་བརྒྱབ་ནས་སུ། །ཅུང་ཞིག་མཐོལ་བཤགས་མི་བྱེད་པ། །འབྲིང་ཡིན་ཐ་མ་ཉམས་པ་ནི། །ངན་སེམས་སྒོ་ནས་བཤགས་
ནས་སུ། །མཐོལ་བཤགས་མི་བྱེད་ཟླ་བའི་བར། །ཐ་མ་ཡིན་ཏེ་གསུམ་ཀ་ལ། །སེམས་དང་དངོས་དང་སོགས་པ་ལ། །བཟློག་ནས་ཆེས་ཆེར་འཁྲུལ་པ་དང་། །གོ་མཉམ་པ་ནི་མཚོ་སྐྱེས་གསུངས། །ཡང་ན་དགུ་ཡི་རབ་ཀྱི་རབ། །བསམ་པ་གོང་རྫོགས་སློབ་དཔོན་བཀྲོངས། །
ལོ་རུ་བཤགས་པ་མི་བྱེད་པ། །འབྲིང་ནི་གོང་བཞིན་རྫོགས་ནས་སུ། །ལོ་ཕྱེད་བཤགས་པ་མི་བྱེད་པ། །ཐ་མ་ཟླ་བར་མི་བཤགས་པའོ། །སློབ་དཔོན་མ་བཀྲོངས་གསུམ་པ་རྫོགས། །ལོ་རུ་མི་བཤགས་འབྲིང་གི་རབ། །འབྲིང་གི་ལོ་ཕྱེད་ཐ་མ་ནི། །ཟླ་བ་གཅིག་གོ་ཐ་
མའི་བར། །གཉིས་པོ་རྫོགས་ནས་ལོ་དུས་སུ། །འབྲིང་ནི་ལོ་ཕྱེད་དུ་ནི་བསྟན། །ཐ་མ་ཟླ་བ་གཅིག་གནས་པའོ། །སློབ་དཔོན་གཉིས་སུ་བསྟན་པ་ལ། །རྡོ་རྗེ་སློབ་དང་སློབ་དཔོན་ཙམ། །ལུས་ངག་ཡིད་གསུམ་བྱིན་བརླབས་པའི། །རྡོ་རྗེ་སློབ་དཔོན་དེ་ལ་ནི། །ཐམས་
ཅད་བརྩི་བར་བྱ་བ་ཡིན། །བསྟན་བཅོས་སློབ་དཔོན་དགུ་ཡི་ནི། །ཐ་མ་ཙམ་མམ་ཡང་ན་ནི། །ཡན་ལག་མགོ་མཉམ་ཙམ་དུ་དཔྱད། །རྡོ་རྗེ་སློབ་དཔོན་གསུམ་དུ་སྟེ། །རྩ་བ་དང་ནི་ཡན་ལག་གཉིས། །དགུ་ཀ་བརྩི་བར་བྱ་བ་ཡིན། །ཕྱག་རྒྱ་དྲུག་པ་མན་ཆད་དོ། །ལས་

ཀྱི་སློབ་དཔོན་གསུམ་པ་ཡིན། །རྩ་བ་མན་ངག་གཉིས་པོ་ཡང་། །རྩ་བ་མན་ངག་བསྟན་པ་ནི། །མན་ངག་པས་ནི་རྩ་བ་ཆེ། །མན་ངག་གིས་ནི་མན་ངག་ཆེ། །རྩ་བ་ཆུང་ན་གོ་མཉམ་མོ། །མན་ངག་གིས་ནི་མན་ངག་ཤིན་ཏུ་ཆེ། །གོང་མ་དེ་ལས་བཟློག་སྟེ་
བསྟན། །ལུང་སྟོན་པ་ཡི་སློབ་དཔོན་ནི། །ཕྱག་རྒྱ་ཉིད་དང་གོ་མཉམ་མོ། །སློབ་དཔོན་གྱི་རྩ་བའི་དམ་ཚིག་གོ། །སྤུན་གྱི་དམ་ཚིག་ཉམས་པ་ལ། །རབ་འབྲིང་བསྡུས་རྒྱས་དགུ་དང་གསུམ། །རབ་ཀྱི་ཡང་རབ་ཉམས་པ་ནི། །བསམ་ངན་མཚོན་དབྱུག་བསྣུན་ནས་སུ། །ཤི་
ནས་ལོ་རུ་མི་བཤགས་པ། །ཡང་རབ་ཡིན་ཏེ་རབ་ཀྱི་འབྲིང་། །ལོ་ཕྱེད་དུ་ནི་ཤེས་པར་བྱ། །རབ་ཀྱི་ཐ་མ་ཟླ་བ་གསུམ། །འབྲིང་གི་རབ་ཀྱི་དམ་ཚིག་ནི། །ཟླ་བ་གཅིག་ཏུ་ཤེས་པར་བྱ། །འབྲིང་གི་འབྲིང་ནི་ཟླ་བ་ཕྱེད། །འབྲིང་གི་ཐ་མ་ཞག་གཅིག་གོ། །ཐ་མའི་དམ་ཚིག་ཉམས་
པ་ནི། །ཚིག་རྩུབ་སྨྲས་ནས་ཟླ་གཅིག་ཏུ། །མཐོལ་བཤགས་མི་བྱེད་ཐ་མའི་རབ། །འབྲིང་ནི་ཟླ་ཕྱེད་ཤེས་པར་བྱ། །ཐ་མ་ཞག་གཅིག་ཡན་ཆད་དོ། །གསུམ་དུ་ཕྱེ་སྟེ་བསྟན་པ་ནི། །མཚོན་དབྱུག་ལ་སོགས་བརྒྱབ་ནས་སུ། །ཤི་ནས་ཅུང་ཞིག་མི་བཤགས་པ། །དེ་ནི་རབ་
ཡིན་འབྲིང་གི་ནི། །མཚོན་ཕྱུང་བརྒྱབ་ནས་མ་ཤི་བར། །ཐ་མ་ཚིག་རྩུབ་སྨྲས་ནས་ནི། །ཞག་འདས་མཐོལ་བཤགས་མི་བྱེད་པ། །རྡོ་རྗེ་སྤུན་གྱི་དམ་ཚིག་ཉམས་པའི་ཚད་དོ། །བདེ་གཤེགས་བཀའ་ལས་འདས་པ་ཡི། །དམ་ཚིག་ཉམས་པའི་ཚད་བསྟན་པ། །དམ་ཚིག་
ས་ཡ་འབུམ་སྡེ་ཡང་། །བདེ་གཤེགས་བཀའ་རུ་འདུས་པ་ཡིན། །འདི་ནི་ཁྱབ་ཆེ་ཁྱད་པར་ནི། །རྡོ་རྗེ་སློབ་དཔོན་བྱེད་པས་སུ། །སློབ་དང་འགྲོ་བའི་དོན་དུ་ཡང་། །ཆོ་ག་ཚུལ་བཞིན་མ་གྱུར་པ། །ལོ་རུ་བྱེད་ན་རབ་ཀྱི་རབ། །ཟླ་དགུར་བྱེད་ན་འབྲིང་ཡིན་ནོ། །ཟླ་དྲུག་ཐ་མར་ཤེས་
པར་བྱ། །འབྲིང་གི་རབ་ནི་ཟླ་བ་གསུམ། །འབྲིང་གི་འབྲིང་ནི་ཟླ་གཅིག་གོ། །འབྲིང་གི་ཐ་མ་ཟླ་ཕྱེད་དོ། །ཐ་མའི་རབ་ནི་ཞག་གཅིག་གོ། །ཁེངས་གྲགས་འདོད་པའི་དབང་གྱུར་ནས། །ཆོ་ག་ཐམས་ཅད་འཁྲུལ་པའམ། །འབྲིང་ནི་ཆོ་ག་ཕྱེད་འཁྲུལ་པ། །ཐ་མ་ཆོ་ག་གཅིག་

འཁྲུལ་པ། །དེ་རྣམས་རྒྱུ་ཡི་རིམ་པ་ཡང་། །འཁྲུལ་པའི་ཆོ་ག་རྒྱུན་བྱེད་ལ། །ཤིན་ཏུ་ཆེ་བར་གྱུར་པ་ཡིན། །བཤགས་པ་ཡུན་རིང་མི་བྱེད་པ། །བཤགས་ལ་བརྩོན་ན་དེ་ལ་སྨད། །འཁྲུལ་པའི་ཆོ་ག་རྒྱུན་དུ་ནི། །མི་བྱེད་གཅིག་གཉིས་དེ་ལ་སྨད། །ཆེ་ཆུང་ཡོད་ན་དེ་ལ་
བསྟོད། །དེ་ལྟར་རབ་འབྲིང་དགུ་གསུམ་ནི། །མཁས་པས་བརྟགས་ནས་ཤེས་པར་བྱ། །ཡང་ན། སྒྲུབ་དང་སློབ་དཔོན་གཉིས་ཀ་ཡང་། །བདེ་གཤེགས་བཀའ་ནི་ཁྱབ་ཆེ་བས། །དོད་མོ་དབང་བསྐུར་བྱས་ནས་སུ། །དབང་དང་དམ་ཚིག་མི་ཤེས་དང་། །སྣོད་མིན་བསྟན་
པར་མི་བྱ་ལ། །དབང་ལ་སོགས་པ་སྟོན་པ་དང་། །ཡི་དམ་ལྷ་ནི་བརྗེད་ནས་སུ། །སླར་ཡང་ལེན་པར་མི་བྱེད་དང་། །ཐུན་མཚམས་སྒོམ་པར་མི་བྱེད་དང་། །ཟས་དང་གཏོར་མའི་རྣལ་འབྱོར་དང་། །ཕྱི་ནང་སྦྱིན་སྲེག་རྣལ་འབྱོར་དང་། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །
མཆོད་པའི་དུས་ཀྱི་འཁོར་ལོ་སོགས། །ཡི་དམ་ལྷ་དང་སློབ་དཔོན་གྱི། །མདུན་དུ་དམ་བཅའ་བྱས་ནས་ནི། །སྤངས་དང་མ་བཤགས་བརྗེད་པ་རྣམས། །རྡོ་རྗེ་དྲིལ་བུ་ཕྲེང་བ་གསུམ། །མི་བཅང་རབ་གནས་མ་བྱས་དང་། །རྒྱུ་དང་ཚད་སོགས་འཁྲུལ་པ་དང་། །འཚོང་དང་
བགོ་དང་གཏེ་འཇུག་དང་། །རབ་གནས་བྱས་ལ་ཤེས་པར་བྱ། །མ་བྱས་པ་ལ་ཆུང་ངུ་འོང་། །པོ་ཏི་གླེགས་བམ་ལ་སོགས་དང་། །ཁ་ཊྭཱཾ་ལ་སོགས་ཕྱག་མཚན་རྣམས། །གོང་བཞིན་རབ་གནས་བྱས་པ་དང་། །མ་བྱས་པ་ནི་ཆེ་ཆུང་ངོ་། །ཁྱད་པར་སྒྲུབ་པ་པོ་ཡིས་ནི། །རྡོར་
དྲིལ་ལ་སོགས་ཐམས་ཅད་ཀུན། །གཙོ་བོ་ལ་སོགས་མཆོད་བྱས་ལ། །ཆོས་མཐུན་ཡིད་འོང་གཟུང་བར་བྱ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པ་གསུམ། །གཉིས་ནི་རིག་འཛིན་རྟེན་ཡང་ཡིན། །ཡང་ན་རིག་འཛིན་ནང་དུ་འདུས། །མི་དགེ་ལ་སོགས་བཅུ་པོ་
ཡང་། །གསུམ་དུ་འདུས་ཏེ་ཁྱད་པར་ནི། །སྤང་བ་དང་ནི་མི་སྤང་དང་། །དངོས་དང་བསམ་པ་དུས་དང་ནི། །གནས་སྐབས་དང་ནི་རྣལ་འབྱོར་གྱི། །བློ་ཡི་ཁྱད་པར་རིམ་པ་ཡིས། །ཤེས་པར་དེ་ནི་མ་བྱས་ན། །བྱས་ན་ཡང་ནི་ལྟུང་བར་འགྱུར། །མ་བྱས་ན་ཡང་ལྟུང་བར་འགྱུར། །དེ་བས་

སློབ་དཔོན་ལ་གུས་པས། །མན་ངག་གིས་ནི་ཤེས་པར་བྱ། །ཆོས་སྤྱོད་ལ་སོགས་བཅུ་པོ་ཡང་། །མན་ངག་བསྒོམ་པ་མ་ཤེས་ན། །མདོར་ན་བཀའ་ཡི་ཆོས་རྣམས་ཀུན། །ཐམས་ཅད་ཆོས་ཚུལ་བཞིན་ཤེས་བྱ། །དེ་ལྟར་མི་ཤེས་དམ་ཚིག་ཉམས། །སྐུ་དང་མེ་
ཏོག་དམན་པ་དང་། །སློབ་དཔོན་ལ་སོགས་གྲིབ་མ་ལ། །འགོམ་དང་བརྫི་བར་བྱེད་པ་དང་། །དབང་དང་བརྫི་བར་མི་བྱེད་ཀྱི། །བར་གྱི་དམ་ཚིག་དེ་དག་ཀུན། །ལོ་དུས་ལོན་ལ་ཆེན་པོར་འགྱུར། །ལོ་ཕྱེད་ལོན་ན་འབྲིང་དུ་འགྱུར། །ཐ་མ་ཟླ་གཅིག་ཤེས་པར་བྱ། །བདེ་གཤེགས་བཀའ་
ཡི་དམ་ཚིག་གོ། །སེམས་ཅན་རྣམས་ལ་བྱམས་པ་ཡི། །སེམས་སྤངས་པས་ནི་དམ་ཚིག་ཉམས། །དེ་ཡི་རབ་འབྲིང་བསྟན་པ་ནི། །ཞིང་དག་པ་ཡི་གང་ཟག་ལ། །ཁྲོས་དང་བྱམས་སེམས་སྤངས་ནས་ནི། །མཚོན་དབྱུག་ལ་སོགས་བསྣུན་ནས་ནི། །ལོ་རུ་བཤགས་པ་མི་
བྱེད་པ། །རབ་ཀྱི་རབ་ཡིན་འབྲིང་གི་ནི། །དེ་ཕྱེད་དུ་ནི་ཤེས་པར་བྱ། །ཐ་མ་ཡི་ནི་ཟླ་གཅིག་གོ། །ཞིང་མ་དག་པའི་གང་ཟག་ལ། །གོང་བཞིན་བྱས་ནས་ལོ་རུ་ནི། །མི་བཤགས་པ་ནི་འབྲིང་གི་རབ། །འབྲིང་གི་ལོ་ཕྱེད་ཐ་མ་ནི། །ཟླ་བ་གཅིག་ཏུ་ཤེས་པར་བྱ། །སེམས་ཅན་
ལ་སོགས་གཞན་པོ་ལ། །གོང་བཞིན་བྱས་ནས་ལོ་རུ་ནི། །མི་བཤགས་པ་ནི་ཐ་མའི་རབ། །འབྲིང་ནི་ལོ་ཕྱེད་ཐ་མ་གཅིག །ཞིང་དག་པ་ཡི་གང་ཟག་ལ། །ཉིན་གཅིག་མང་པོར་རྡུང་བྱེད་ལ། །རབ་ཀྱི་ཡིན་ཏེ་འབྲིང་གི་ནི། །མ་དག་པ་ཡི་གང་ཟག་ལ། །ཐ་མ་སེམས་ཅན་ཕལ་
པ་ལ། །མང་པོ་རྣམས་ནི་རྡུང་བྱེད་ལ། །དེ་ལས་མང་ཉུང་འཁྲུལ་པ་དང་། །སེམས་དང་དངོས་དང་སོགས་པ་རྣམས། །སློབ་དཔོན་ཞལ་ནས་ཤེས་པར་བྱ། །དག་དང་མ་དག་གང་ཟག་དང་། །སེམས་ཅན་གཞན་ལ་སོགས་པ་ལ། །ལུས་ངག་ཡིད་གསུམ་གདུངས་ནས་ནི། །
འཆི་ལ་ཐུག་པའི་སེམས་ཅན་ལ། །ཉིན་དང་མཚན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞིས་མི་སྐྱོང་ན། །དམ་ཚིག་ཉམས་ཏེ་གོང་མ་བཞིན། །སློབ་དཔོན་ཞལ་ནས་ཤེས་པར་བྱ། །བྱམས་སེམས་སྤངས་པའི་དམ་ཚིག་གོ། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་དམ་ཚིག་

ཉམས་པ་ནི། །དམ་ཚིག་རབ་འབྲིང་ཚད་བསྟན་པ། །སྔགས་ཀྱི་རྣལ་འབྱོར་སེམས་བསྐྱེད་ནས། །སླར་ལོག་ཉན་ཐོས་སེམས་བསྐྱེད་ལ། །ཞུགས་ནས་ལོ་རུ་གནས་པ་ཡིན། །བཤགས་པ་མི་བྱེད་རབ་ཡིན་ནོ། །འབྲིང་གི་ལོ་ཕྱེད་ཐ་མ་ནི། །ཟླ་བ་གཅིག་ཏུ་ཤེས་པར་བྱ། །ཟླ་
ཕྱེད་ཞག་བདུན་ཞག་གཅིག་ནི། །ཐ་མ་ཡི་ནི་རབ་འབྲིང་གསུམ། །གོང་མ་དེ་ནི་འབྲིང་གི་ཡིན། །རབ་ནི་མུ་སྟེགས་སེམས་སུ་ནི། །ཞུགས་ནས་ལོ་གཅིག་ལོ་ཕྱེད་དང་། །ཟླ་གཅིག་ཐ་མའི་རབ་ཡིན་ནོ། །སེམས་སྤངས་པ་ཡི་དམ་ཚིག་གོ། །རང་དང་གཞན་གྱི་གྲུབ་པའི་མཐའ། །
ཆོས་ལ་སྨོད་པའི་དམ་ཚིག་གི། །རབ་འབྲིང་གི་ནི་ཚད་བསྟན་པ། །ཆོས་ལ་སྨོད་ནས་ལོ་རུ་ནི། །མི་བཤགས་པ་ནི་རབ་ཡིན་ནོ། །འབྲིང་ནི་ལོ་ཕྱེད་ཐ་མ་ནི། །ཟླ་བ་གཅིག་ཏུ་ཤེས་པར་བྱ། །རྒྱུན་དུ་སྨོད་ཅིང་མི་བཤགས་པ། །ལོ་དང་ལོ་ཕྱེད་ཟླ་བ་དང་། །རབ་ཀྱི་རབ་འབྲིང་གསུམ་
ཡིན་ནོ། །གོང་མ་འབྲིང་ཡིན་ཐ་མ་ནི། །ཟླ་ཕྱེད་ཞག་གཅིག་ཞག་བདུན་ནི། །ཐ་མ་ཡི་ནི་རབ་འབྲིང་གསུམ། །ཆོས་ལ་སྨོད་པའི་དམ་ཚིག་གོ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པའི་དམ་ཚིག་ནི། །རབ་འབྲིང་གི་ནི་ཚད་བསྟན་པ། །མ་སྨིན་པ་ལ་
གཉིས་ཡོད་དེ། །དབང་བསྐུར་དེ་ནི་མ་བྱས་དང་། །གླེན་པ་ལྐུགས་པར་གྱུར་པ་གཉིས། །དེ་ལྟ་བུ་ཡི་གང་ཟག་ལ། །མན་ངག་གསང་བ་བསྟན་ནས་ཀྱང་། །ལོ་ཡི་དུས་སུ་མི་བཤགས་པ། །འབྲིང་གི་རབ་ཡིན་འབྲིང་གི་ལོ། །ཕྱེད་འབྲིང་ཡིན་ཏེ་ཐ་མ་ནི། །ཟླ་བ་གཅིག་
ཏུ་ཤེས་པར་བྱ། །དེ་འདྲའི་གང་ཟག་མང་པོ་ལ། །ཡང་ནས་ཡང་དུ་སྒྲོགས་པ་ནི། །ལོ་གཅིག་ལོ་ཕྱེད་ཟླ་ཕྱེད་ནི། །རབ་ཀྱི་རབ་འབྲིང་གསུམ་ཡིན་ནོ། །མི་ཟབ་ཆོས་སུ་གྱུར་པ་ཡི། །ལོ་གཅིག་ཏུ་ནི་གནས་པ་དང་། །ཐ་མའི་རབ་ཡིན་ཐ་མ་ཡི། །ལོ་ཕྱེད་ཟླ་གཅིག་གཉིས་པོ་
ཡིན། །ཡང་ན་ཟབ་པའི་དོན་རྣམས་ལ། །ཟླ་ཕྱེད་ཞག་བདུན་ཞག་གཅིག་ནི། །ཐ་མ་ཡི་ནི་རབ་འབྲིང་གསུམ། །ཡང་ན་དེ་གསུམ་འཁྲུལ་ཀ་ཡི། །སློབ་དཔོན་མཁས་པས་ཤེས་པར་བྱ། །གསང་བ་སྒྲོགས་པའི་དམ་ཚིག་གོ། །ཕུང་པོ་སངས་རྒྱས་ལྔ་བདག་ལ། །བརྙས་

པར་བྱེད་པའི་དམ་ཚིག་ནི། །རབ་འབྲིང་ཐ་མའི་ཚད་བསྟན་པ། །ཕུང་པོ་ལྷ་ཡི་ང་རྒྱལ་དུ། །མ་ཤེས་ཤེས་ནས་སྤངས་པ་ནི། །བཤགས་པ་མི་བྱེད་ལོར་ལོན་པ། །འབྲིང་གི་རབ་ཡིན་འབྲིང་གི་ནི། །ལོ་ཕྱེད་ཐ་མ་ཟླ་བ་གཅིག །ཟླ་ཕྱེད་ཞག་བདུན་ཞག་
གཅིག་ནི། །ཐ་མའི་རབ་འབྲིང་གསུམ་ཡིན་ནོ། །མ་ཤེས་སྟེང་དུ་ཡང་ནས་ཡང་། །སྨོད་པར་བྱེད་ཅིང་གདུང་བ་ནི། །ལོ་གཅིག་ལོ་ཕྱེད་ཟླ་གཅིག་ནི། །རབ་ཀྱི་འབྲིང་ཡིན་གསུམ་ཡིན་ནོ། །ཕུང་པོ་བརྙས་བྱེད་དམ་ཚིག་གོ། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བའི་
དམ་ཚིག་ནི། །རྩ་བ་རླུང་གི་མན་ངག་ལ། །ལན་ཅིག་དཀའ་བ་ལ་སོགས་ཀྱི། །ཟབ་མོའི་དོན་ལ་ལོ་དུས་སུ། །ཐེ་ཚོམ་ཟ་ཞིང་མི་བཤགས་པ། །རབ་ཀྱི་རབ་ཡིན་འབྲིང་གི་ནི། །ཐ་མ་ཟླ་བ་ལོ་གཅིག་གོ། །ལྷན་ཅིག་བཀའ་བཅའ་མ་གཏོགས་པའི། །ལྷག་མ་རྣམས་ལ་ཐེ་ཚོམ་
ནི། །ལོ་དུས་ཟླ་བ་འབྲིང་གི་རབ། །ལྷག་མ་གཉིས་པོ་གོང་བཞིན་བྱ། །སྒྱུ་མ་ལྟ་བུའི་ཏིང་འཛིན་ལས། །ལྷ་ཡི་རྣལ་འབྱོར་གཉིས་དང་ནི། །མི་ཤེས་ཕྱི་ནང་ཐུན་མོང་གསུམ། །ཡང་ན་གོང་མ་གཉིས་པོ་ཡི། །ཟླ་ཕྱེད་ཞག་བདུན་ཞག་གཅིག་ནི། །ཐ་ཡི་རབ་འབྲིང་གསུམ་ཡིན་
ནོ། །སོམ་ཉི་ཟ་བའི་དམ་ཚིག་གོ། །གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པའི་དམ་ཚིག་ཉམས་པ་ནི། །གདུག་ཅེས་བྱ་བའི་སློབ་དཔོན་ནི། །རྡོ་རྗེ་སྤུན་དང་རྣལ་འབྱོར་གྱི། །དགྲར་གྱུར་བསྟན་པ་འཇིག་པ་དང་། །དེ་ལ་སོགས་པ་བྱེད་པ་རྣམས། །གདུག་པ་ཞེས་ནི་བྱ་
བ་ཡིན། །དེ་ལྟ་བུ་ཡི་གདུག་པ་ནི། །མཐོལ་བཤགས་མི་བྱེད་ལོ་རུ་ནི། །གནས་པས་རབ་ཀྱི་རབ་ཡིན་ནོ། །ལྷག་མ་གཉིས་པོ་གོང་བཞིན་ནོ། །སློབ་དཔོན་མ་གཏོགས་རྡོ་རྗེ་སྤུན། །འབྲིང་གི་རབ་འབྲིང་གསུམ་ཡིན་ནོ། །གཉིས་པོ་མ་གཏོགས་ལྷག་མ་ནི། །ཐ་མའི་རབ་
འབྲིང་གསུམ་ཡིན་ནོ། །ཡང་ན་དེ་རྣམས་གསུམ་ཀ་ལ། །ཞག་གྲངས་བརྩི་ན་གོང་བཞིན་ནོ། །གདུག་ལ་བྱམས་པའི་དམ་ཚིག་གོ། །མིང་སོགས་བྲལ་བའི་ཆོས་རྣམས་ལ། །རྟོག་པར་བྱེད་པའི་དམ་ཚིག་ནི། །ཆོས་རྣམས་སྤྲོས་དང་བྲལ་བ་ལ། །ལོ་གཅིག་རྟོག་པར་

འཛིན་པ་དང་། །གཞན་ཡང་དེ་ལ་སྦྱོར་བྱེད་པའི། །བཤགས་པར་མི་བྱེད་པ་ཡི་མི། །ལྷག་མ་གཉིས་ནི་གོང་བཞིན་ནོ། །གཞན་ལ་མི་སྦྱོར་རང་ཙམ་ནི། །ལོ་ནས་ཟླ་བར་འབྲིང་གི་ནི། །རབ་འབྲིང་དུ་ནི་ཤེས་པར་བྱ། །དངོས་པོར་མ་བཟུང་ཚོལ་འདོད་པ། །དེ་བཞིན་ལོ་ནས་ཟླ་བའི་
བར། །ཐ་མའི་རབ་འབྲིང་གསུམ་ཡིན་ནོ། །རྟོག་འཛིན་བྱེད་པའི་དམ་ཚིག་གོ། །སེམས་ཅན་དད་དང་ལྡན་པ་ཡི། །སེམས་སུན་འབྱིན་པའི་དམ་ཚིག་ནི། །དད་དང་ལྡན་པའི་གང་ཟག་རྣམས། །ཟབ་མོའི་ཆོས་ལས་བཟློག་ནས་ནི། །མུ་སྟེགས་ཆོས་ལ་སྦྱོར་བྱས་པ། །ལོ་
ནས་ཟླ་བའི་བར་དུ་ནི། །རབ་ཀྱི་རབ་འབྲིང་གསུམ་ཡིན་ནོ། །ཟབ་མོའི་དོན་ལས་བཟློག་ནས་ནི། །ཉན་ཐོས་ཐེག་པར་སྦྱོར་བྱེད་པ། །འབྲིང་རབ་གསུམ་ཡིན་ནོ་བཞིན་ཚད། །ཟབ་མོའི་དོན་ལས་བཟློག་ནས་ནི། །ཕ་རོལ་ཕྱིན་པར་སྦྱོར་བྱེད་པ། །ཐ་མའི་རབ་འབྲིང་གསུམ་ཡིན་ནོ། །
ཡང་ན། ཕ་རོལ་ཐེག་པ་བཟློག་ནས་ནི། །མུ་སྟེགས་ཐེག་པར་སྦྱོར་བྱེད་པ། །འབྲིང་ཡིན་ཉན་ཐོས་ཟློག་བྱེད་པ། །ཐ་མ་ཡིན་ཏེ་གསང་སྔགས་ནི། །རབ་ཡིན་ཡང་ན་མང་པོ་རྣམས། །ཟློག་བྱེད་པ་ནི་རབ་ཡིན་ཏེ། །ཉུང་ངུ་འབྲིང་ཡིན་ཐ་མ་ནི། །སེམས་སུན་འབྱིན་པའི་དམ་ཚིག་
གོ། །དམ་ཚིག་རྣམས་ལ་ཇི་བཞིན་རྙེད། །མི་བསྟེན་དམ་ཚིག་ཉམས་པའི་ཚད། །རྩ་བ་དང་ནི་ཡན་ལག་གི། །དམ་ཚིག་ཉིན་མཚན་མི་སྡོ་དང་། །སྤྱོད་པ་ལ་སོགས་ལྔ་པོ་ལྔ། །དང་དུ་བླངས་ནས་མི་བསྟེན་པ། །ལོ་ནས་ཟླ་བའི་བར་དུ་ནི། །མི་བཤགས་རབ་ཀྱི་གསུམ་ཡིན་ནོ། །རྩ་
བ་དང་དུ་མི་ལེན་པར། །འཇོག་པ་འབྲིང་གི་གསུམ་ཡིན་ནོ། །ཡན་ལག་མི་ལེན་ཐ་མ་གསུམ། །ཡང་ན་ཟླ་ཕྱེད་ཞག་བདུན་དུ། །ཞག་གཅིག་པ་ནི་འབྲིང་གི་གསུམ། །ཉིན་མཚན་གཅིག་ལ་ཐ་མའི་གསུམ། །མི་བསྟེན་པ་ཡི་དམ་ཚིག་གོ། །བུད་མེད་ཤེས་རབ་རང་བཞིན་ཅན། །
སྨོད་པར་བྱེད་པའི་དམ་ཚིག་ནི། །དཔེར་ན་བ་ལང་ཀོ་བ་ནས། །སྒྲས་མཚོན་བར་དུ་སློབ་པ་བཞིན། །བུད་མེད་ཤེས་རབ་སྒྱུ་མ་ཅན། །ལས་ཀྱི་ཕྱག་རྒྱ་མཚན་ལྡན་ལ། །བརྟེན་ནས་དེ་ལ་ལོབས་གྱུར་ན། །ཡིད་ཀྱི་ལྷ་མོ་ལ་བརྟེན་ནས། །དེ་ནས་གཏུམ་མོ་ཉིད་ལ་བརྟེན། །ད་ནས་ཤེས་

རབ་དགའ་མ་ལ། །ལྷན་ཅིག་དགའ་བའི་བར་དུ་ནི། །བརྟེན་ནས་ཤེས་རབ་རིམ་པར་བསྐྱེད། །དེ་ནས་ཕྱག་རྒྱའི་དངོས་གྲུབ་འཐོབ། །དེ་ལྟར་བུད་མེད་ཤེས་རབ་ལ། །སྨོད་ཅིང་སྤོང་བར་བྱེད་པ་ནི། །ལོ་དུས་ལོན་ན་རབ་ཀྱི་རབ། །ཕྱེད་དང་ཟླ་གཅིག་གཉིས་སུ་
བསྟན། །དེ་ལྟའི་ཤེས་རབ་རང་བཞིན་ལ། །རྣལ་འབྱོར་ལམ་པ་སྨོད་ན་ནི། །འབྲིང་གི་གསུམ་དང་བསྟན་པ་ཡིན། །མཚན་དང་མི་ལྡན་ཐམས་ཅད་ལ། །རྒྱུན་དུ་སྨོད་ཅིང་མི་བཤགས་པ། །ལོ་དུས་ལོན་ན་ཐ་མའི་རབ། །ཕྱེད་དང་ཟླ་གཅིག་གཉིས་སུ་བསྟན། །ཤེས་རབ་
སྨོད་པའི་དམ་ཚིག་གོ། །རྩ་བའི་དམ་ཚིག་རབ་འབྲིང་ཉམས་པའི་ཚད་བསྟན་པའོ། །ཡན་ལག་དམ་ཚིག་བསྟན་པ་ནི། །རྣལ་འབྱོར་སྔགས་པས་སྔགས་པ་ནི། །ནན་གྱིས་ལེན་པ་གསུམ་དུ་བསྟེན། །གཞན་གྱི་བུད་མེད་ལེན་པ་དང་། །རང་གི་རྣལ་འབྱོར་མ་གཉིས་ལ། །
ཆགས་པའི་དོན་དུ་འཇུག་པ་དང་། །བྱིན་གྱིས་བརླབ་པར་མི་བྱེད་པར། །ཐ་མལ་སྤྱོད་པས་འཇུག་པ་དང་། །རྟགས་དང་མི་ལྡན་འཇུག་པ་ནི། །རྣལ་འབྱོར་ཆགས་པའི་ལམ་པས་ནི། །དང་པོ་ཆགས་པ་འདུལ་བ་དང་། །ཟབ་མོའི་དོན་ལ་འཇུག་བྱའི་ཕྱིར། །ཤིན་ཏུ་ཆགས་པ་ཆེར་
ལྡན་པ། །བདེ་གཤེགས་རྒྱལ་བས་བསྟན་པ་ཡིན། །རྣལ་འབྱོར་གྲོལ་བའི་ལམ་པ་ལ། །གོང་མ་དེ་བཞིན་མ་བསྟན་ཏེ། །ལས་དང་རྣལ་འབྱོར་དུས་སུ་ནི། །ཡིད་ཀྱི་ལྷ་མོ་གཟུགས་མཛེས་མ། །ཚོགས་ཀྱི་འཁོར་ལོའམ་སྤྱོད་དུས་སུ། །མོས་པས་དེ་བསམ་དམ་ཚིག་ཡིན། །རྟགས་
ལྡན་བརྟན་པ་ཐོབ་ནས་ནི། །མཆོག་གི་དངོས་གྲུབ་མྱུར་འདོད་པས། །རྣལ་འབྱོར་མ་ཡིས་ལུང་བསྟན་ནས། །མི་དེ་ལྷ་ལ་སོགས་པ་ཡིས། །ཞག་གཅིག་ཟླ་གཅིག་ཞག་དྲུག་ཏུ། །བསྙེན་པས་མཆོག་ནི་ཐོབ་པར་འགྱུར། །ཆགས་མེད་རྣལ་འབྱོར་མོས་པ་ཡི། །སྐད་ཅིག་ཤེས་རབ་
ལ་བརྟེན་ནས། །ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར། །དེ་དོན་བྱ་བའི་རིམ་པ་ནི། །ས་ལ་གནས་པའི་མཁའ་འགྲོ་མ། །ཁོ་ན་ཉིད་ལ་བརྟེན་པ་ཡིན། །དེ་ལྟར་མི་ཤེས་འཁྲུལ་པར་སྤྱོད། །རྒྱུན་དུ་སྤྱོད་ཅིང་ལོ་དུས་སུ། །མི་བཤགས་དེ་ནི་རབ་ཡིན་ནོ། །དེ་བས་ཉུང་བར་གྱུར་པ་ནི། །

འབྲིང་ཉིད་དུ་ནི་ཤེས་པར་བྱ། །ཐབས་ཅིག་སྤྱོད་པ་ཐ་མ་ཡིན། །ནན་གྱིས་ལེན་པའི་དམ་ཚིག་གོ། །མ་གསུངས་པ་ཡི་རིག་མ་ལ། །སྔགས་པས་བདུད་རྩི་ཐོབ་བྱེད་ནི། །བླ་མ་རྡོ་རྗེ་སློབ་དཔོན་གྱིས། །མན་ངག་རྣ་བར་མ་བརྒྱུད་པར། །ནན་གྱིས་བརྟགས་ནས་ཚུལ་འཆོས་པ། །རྒྱུན་དུ་
བྱེད་ཅིང་ལོ་དུས་སུ། །མི་བཤགས་པ་ནི་རབ་ཡིན་ནོ། །དེ་བས་ཉུང་བ་འབྲིང་ཡིན་ཏེ། །གཅིག་ཙམ་བྱེད་པ་ཐ་མ་ཡིན། །མ་ཐོབ་པ་ཡི་དམ་ཚིག་གོ། །ཚོགས་ཀྱི་འཁོར་ལོའི་དམ་ཚིག་གོ། །བསྟན་ལ་འཐབ་མོ་རྩོད་བྱེད་པ། །དབང་བསྐུར་མན་ངག་ཟབ་མོ་དང་། །སློབ་དཔོན་གཅིག་
པར་མ་གྱུར་ལ། །མི་ཟབ་ཚོགས་ལ་བཤད་པ་ཡི། །དུས་སུ་རྩོད་ནས་མཚོན་དབྱུག་ནི། །འདྲེས་ནས་ཅུང་ཞིག་མི་བཤགས་པ། །རབ་ཀྱི་ཡིན་ཏེ་འབྲིང་གི་ནི། །མཚོན་དབྱུག་འདྲེས་ནས་ཡུན་ཐུང་བ། །ཐ་མ་ཚིག་རྩུབ་ཤིན་ཏུ་ཐུབ། །ཤི་བར་གྱུར་ན་སློབ་དཔོན་གྱི། །འབྲིང་པོ་མན་ཆད་
བརྩི་བར་བྱ། །ཚོགས་ཀྱི་དམ་ཚིག་ཉམས་པའོ། །གསང་ཆོས་ཡན་ལག་ཤེས་གྱུར་ཀྱང་། །གཞན་ལ་མི་སྟོན་ཤེས་ངན་ནི། །སྣོད་དུ་གྱུར་པའི་གང་ཟག་ལ། །མན་ངག་ཤེས་བཞིན་མི་སྟོན་ན། །སྣོད་གྱུར་མང་ལ་མི་སྟོན་རབ། །ཉུང་ལ་མི་སྟོན་ཐ་མ་གཅིག །ཡང་ན་དུས་ཀྱི་
གསུམ་པོ་ནི། །གོང་མ་བཞིན་དུ་ཤེས་པར་བྱ། །ལུང་མི་སྟོན་པའི་དམ་ཚིག་གོ། །དད་པའི་སེམས་ཅན་ཆོས་ཀྱི་རྒྱུ། །གཞན་གྱི་གཏམ་བྱེད་བྱང་ཆུབ་སེམས། །ཐེག་ཆེན་སྣོད་དུ་གྱུར་པ་ལ། །གུས་པས་ཆོས་ནི་དྲི་བྱེད་པ། །ལན་མི་འདེབས་ཏེ་ཡི་གེའི་གཏམ། །བྱེད་པ་རབ་ཡིན་
འབྲིང་གི་ནི། །ལུང་མ་བསྟན་པའི་གཏམ་བྱེད་ཅིང་། །ཐ་མ་ཉན་ཐོས་ཀྱི་ནི་གཏམ། །དུས་གསུམ་གོང་བཞིན་ཤེས་པར་བྱ། །ལོག་པར་སྟོན་པའི་དམ་ཚིག་གོ། །ཉན་ཐོས་ནང་དུ་ཞག་བདུན་འདུག །ཐེག་པ་ཆེན་པོའི་ཆོས་ལ་ནི། །ཐོས་པར་གྱུར་ནས་སྐུར་པ་ཡི། །ནང་དུ་ཞག་
བདུན་འདུག་ནས་ནི། །སྤངས་ནས་སྤོང་བྱེད་ལོ་དུས་སུ། །མི་བཤགས་པ་ནི་རབ་ཡིན་ནོ། །ཞག་གསུམ་དུ་ནི་གཅིག་ནི་ཐ། །དེ་གཉིས་སུ་ནི་གོང་བཞིན་ནོ། །ཡང་ན་རིགས་འདྲར་གྱུར་པ་ལ། །གཉིས་པོ་མན་ཆད་བརྩི་བར་བྱ། །ཞག་བདུན་ཉལ་བའི་དམ་ཚིག་གོ། །རྣལ་འབྱོར་

ཡེ་ཤེས་མི་ཤེས་པར། །ང་ནི་སྔགས་པ་ཡིན་ཞེས་ཟེར། །རྣལ་འབྱོར་མེད་པའི་ཏིང་འཛིན་གྱིས། །ཚིག་ཙམ་འགའ་ཡི་ང་རྒྱལ་གྱིས། །སྔགས་པར་ཁས་འཆེས་ཡང་ནས་ཡང་། །ལོ་དུས་མི་བཤགས་རབ་ཡིན་ནོ། །དེ་བས་ཉུང་ལྟར་ཤིན་ཏུ་ཉུང་། །
གཉིས་པོ་ཡིན་པར་ཤེས་པར་བྱ། །མི་ཤེས་པ་ཡི་དམ་ཚིག་གོ། །སྣོད་མིན་པ་ཡི་སེམས་ཅན་ལ། །ཕྱི་ཡི་ཆོས་བཤད་ཡིན་པ་ལ། །གསང་བའི་ཆོས་རྣམས་འཆད་པ་ནི། །ཕྱི་ཙམ་བསྟན་པའི་གང་ཟག་ལ། །གསང་བའི་མན་ངག་སྟོན་པ་ནི། །ཡང་ཡང་སྟོན་དང་མང་ལ་སྟོན། །
ལོ་དུས་མི་བཤགས་རབ་ཡིན་ནོ། །གཉིས་པོ་གོང་བཞིན་ཤེས་པར་བྱ། །དམ་ཚིག་དེ་རྣམས་ཀུན་ལ་ཡང་། །དུས་དང་བསམ་པ་དངོས་པོ་ཀུན། །ཆེ་ཆུང་བྱུང་བར་གྱུར་པ་དང་། །མཉམ་པར་གྱུར་དང་མ་ཚང་རྣམས། །མཁས་པས་བརྟགས་ནས་ཆོ་ག་ནི། །ཆེ་ཆུང་བསྟོད་དང་སྨད་
པར་བྱ། །དེ་ལྟར་མ་ཤེས་གསུམ་དང་དགུ། །མུ་དེ་བཟུང་ནས་ལྷག་ཀྱང་བཟང་། །དེ་རྣམས་ནི་དམ་ཚིག་ཉམས་པའི་ཚད་བསྟན་པའོ། །མ་ཉམས་པའི་ཚད་བསྟན་པ་ནི། གོང་མ་དེ་རྣམས་མ་བྱུང་དང་། །ཡང་ན་སློབ་དཔོན་དཀོན་མཆོག་དང་། །རྡོ་རྗེ་སྤུན་དང་སྡུག་པ་ཡི། །སེམས་
ཅན་རྣམས་ཀྱི་དོན་དུ་ནི། །རབ་ཏུ་མ་གྱུར་འབྲིང་གི་ནི། །དེ་དག་མན་ཆོད་བྱུང་ན་ཡང་། །ཉམས་པར་མི་འགྱུར་བདེ་གཤེགས་གསུངས། །ལུས་ལ་ཕན་པར་གྱུར་ནས་ཀྱང་། །ཏིང་འཛིན་གྲོགས་སུ་གྱུར་པ་ནི། །ངེས་པར་མི་འགྱུར་བདེ་གཤེགས་གསུངས། །སེམས་ཅན་
འདུལ་བར་གྱུར་པ་དང་། །སེམས་ཅན་དྲང་བའི་དོན་དུ་ཡང་། །ཉམས་པར་མི་འགྱུར་བདེ་གཤེགས་གསུངས། །དེ་རྣམས་ཤེས་རབ་ཟབ་མོ་དང་། །སློབ་དཔོན་ཞལ་གྱི་མན་ངག་ལ། །བརྟེན་ནས་གནང་བཀག་རིམ་པ་ནི། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །དམ་
ཚིག་མ་ཉམས་པའི་ཚད་བསྟན་པའོ། །ད་ནི་དམ་ཚིག་ཉམས་པ་བསྐང་བའི་ཆོ་ག་བསྟན་ཏེ་ཆོ་ག་ཡང་ནི་དགུ་རུ་ཤེས་པར་བྱ། རབ་ཀྱིས་ལོ་གཅིག་ལ་བསྒོམས་ལ། །ཚོགས་འཁོར་བཅུ་གཉིས་ཕྲག་བཞི་དང་། །སྦྱིན་སྲེག་བདུན་བརྒྱ་ཉི་ཤུ་དང་། །གཏོར་མ་བདུན་བརྒྱ་ཉི་ཤུ་

དང་། །དེ་དུས་རྡོ་རྗེ་སློབ་དཔོན་དང་། །རྡོ་རྗེ་མཆེད་ཀྱང་སྤྱན་དྲངས་ལ། །རྡོ་རྗེ་སློབ་དཔོན་གྲངས་གྱུར་ན། །གཟུགས་བྱ་ཡང་ན་མཆིལ་ལྷམ་གོས། །དེ་རྟེན་ཡང་ན་མིང་གི་ཡི་གེས་བསྐྱེད། །འོད་ཟེར་འཕྲོས་ནས་སློབ་དཔོན་གྱིས། །རྣམ་ཤེས་བཀུག་ནས་དེ་ལ་གཟུང་། །ཡི་
དམ་ལྷའམ་མི་བསྐྱོད་པའི། །གཟུགས་སུ་བལྟས་ལ་དེ་ལ་ནི། །བསྐྱེད་རིམ་ཐུན་རེ་བྱེད་པ་དང་། །བཟླས་བརྗོད་འབུམ་ཕྲག་གསུམ་གྱིས་ནི། །ཡི་གེ་འཁོར་ལོའི་འོད་ཟེར་གྱིས། །བདག་དང་སློབ་དཔོན་གཉིས་ཀ་ཡི། །ལུས་ངག་ཡིད་ཀྱི་སྒྲིབ་པ་སྦྱང་། །སྦྱིན་སྲེག་གིས་ཀྱང་དེ་
བཞིན་སྦྱང་། །ཚོགས་ཀྱི་འཁོར་ལོའི་མཆོད་པ་ཡིས། །འཁོར་ལོ་འདུ་འཕྲོས་སྦྱང་བར་བྱ། །འཁོར་ལོ་འདུ་འཕྲོས་མཆོད་པའོ། །གཏོར་མ་དང་པོས་སྦྱང་མཆོད་དང་། །བར་མས་བསྲུང་ཞིང་སྤེལ་བ་དང་། །ཐ་མས་གནོད་པ་མི་བྱེད་ཅིང་། །བཤགས་པ་རྒྱུན་བྱ་འདུས་བྱས་ཀྱི། །དགེ་
རྩ་ལ་སོགས་གཞན་ཡང་བྱ། །དེ་ལྟར་བྱས་ནས་སློབ་དཔོན་ལ། །སླར་ཡང་སྡོམ་པ་གསུམ་བླངས་ལ། །དཀྱིལ་འཁོར་འཇུག་ཅིང་དབང་བསྐུར་བླང་། །སློབ་དཔོན་མེད་གྱུར་རྡོ་རྗེ་སྤུན། །མཁས་པ་ཉིད་ལས་བླང་བར་བྱ། །དེ་མེད་ཡི་དམ་ལྷ་ལ་བླང་། །དེ་ལྟར་བྱས་ན་དག་འགྱུར་
ཏེ། །དངོས་གྲུབ་ཀྱང་ནི་ཐོབ་པར་འགྱུར། །འབྲིང་དང་ཐ་མ་གཉིས་པོ་ཡང་། །ཕྱེད་ཕྱེད་འདྲེས་ཕྱེད་ཤེས་པར་བྱ། །འབྲིང་གི་རབ་ནི་ཟླ་བ་གཅིག །ལྷ་བསྒོམ་སྦྱིན་སྲེག་སུམ་ཅུ་དང་། །གཏོར་མ་སུམ་ཅུ་ཕྲག་གཉིས་དང་། །ཚོགས་འཁོར་གསུམ་དང་བཟླས་བརྗོད་ནི། །སུམ་
ཁྲི་བཤགས་པ་ཐུན་མཚམས་སུ། །འབྲིང་གི་འབྲིང་ནི་ཉི་ཤུ་རུ། །སྦྱིན་སྲེག་གཏོར་མ་ཉི་ཤུ་དང་། །ཚོགས་གཉིས་བཟླས་བརྗོད་ཉི་ཁྲི་བྱ། །འབྲིང་གི་ཐ་མ་བཅུ་རུ་སྦྱིན་སྲེག་བྱ། །གཏོར་མ་བཅུ་དང་བཟླས་བརྗོད་ཁྲི། །དེ་དག་ཆོ་ག་བྱེད་པ་ཡང་། །སློབ་དཔོན་ལ་སོགས་མ་
ཚོགས་ཀྱང་། །རྣལ་འབྱོར་གཉིས་ཀྱིས་བོར་ལེན་བྱ། །ཐ་མའི་རབ་འབྲིང་ཞག་བདུན་དུ། །སྦྱིན་སྲེག་གཏོར་མ་བདུན་དང་བཟླས་བརྗོད་སྟོང་། །ཚོགས་འཁོར་གཅིག་དང་བཤགས་པ་མཐུན། །ཐ་མའི་འབྲིང་ནི་ཞག་གསུམ་དུ། །སྦྱིན་སྲེག་གཏོར་མ་གསུམ་དང་མཆོད་པ་

བརྩམ། །བཟླས་བརྗོད་ལྔ་བརྒྱ་བཤགས་པ་བྱ། །ཐ་མའི་ཐ་མ་ཞག་གཅིག་ཏུ། །གཏོར་མ་སྦྱིན་སྲེག་རེ་རེ་དང་། །བཟླས་བརྗོད་བརྒྱ་དང་བཤགས་པ་བྱ། །དེ་ལྟར་བྱས་པས་དག་པར་འགྱུར། །ཚོགས་ཀྱི་འཁོར་ལོ་མ་འབྱོར་པས། །སྦྱིན་སྲེག་གཅིག་པུས་བསྐང་
བ་ཡིན། །རབ་ཀྱི་གསུམ་གྱི་སྦྱིན་སྲེག་ནི། །སུམ་ཁྲི་ཉི་ཁྲི་ཁྲི་རུ་བྱ། །འབྲིང་གི་གསུམ་གྱི་སྦྱིན་སྲེག་ནི། །ལྔ་སྟོང་སྟོང་དང་ལྔ་བརྒྱ་བྱ། །ཐ་མ་གསུམ་གྱི་སྦྱིན་སྲེག་ནི། །བརྒྱ་དང་ལྔ་བཅུ་ཉི་ཤུ་ལྔ། །དེ་ལྟར་བྱས་པས་དག་པར་འགྱུར། །སྦྱིན་སྲེག་མ་བྱས་རྣལ་འབྱོར་པས། །
བཟླས་བརྗོད་ཀྱིས་ནི་བྱ་བར་གསུངས། །གསུམ་གྱི་རབ་འབྲིང་གསུམ་གསུམ་སྟེ། །བྱེ་བ་བདུན་འབུམ་སུམ་འབུམ་དང་། །འབུམ་དང་བདུན་ཁྲི་སུམ་ཁྲི་དང་། །ཁྲི་དང་བདུན་སྟོང་སུམ་སྟོང་དང་། །སྟོང་དང་བདུན་བརྒྱ་སུམ་བརྒྱ་དང་། །དེ་ལྟར་བྱས་པས་དག་པར་འགྱུར། །
དེ་ལྟར་མི་འགྲུབ་རྣལ་འབྱོར་པས། །གཏོར་མ་ཆེན་པོའི་ཆོ་གས་ཀྱང་། །སྦྱིན་སྲེག་བཞིན་དུ་བསྟེན་ནས་སུ། །ཉམས་པ་དག་སྟེ་བསྐོང་བར་འགྱུར། །སྦྱིན་སྲེག་བཟླས་བརྗོད་གཏོར་མ་ལས། །བྱུང་བའི་དངོས་གྲུབ་གསུམ་གྱིས་ནི། །དམ་ཚིག་ཉམས་པ་བསྐོང་བར་འགྱུར། །
ཐུན་མོང་དངོས་གྲུབ་གྲུབ་ནས་ཀྱང་། །བརྒྱུད་པས་མཆོག་ཀྱང་འགྲུབ་པར་གསུངས། །བསྒོམ་པ་ལས་བྱུང་དངོས་གྲུབ་ཀྱིས། །དམ་ཚིག་ཉམས་པ་བསྐོངས་གྱུར་ནས། །དངོས་གྲུབ་གཉིས་ཀ་ཐོབ་པར་འགྱུར། །ལྷག་མ་རྣམས་ཀྱི་ཆོ་ག་ནི། །སློབ་དཔོན་རབ་གསུམ་ཕར་བོར་ནས། །
འབྲིང་གི་གསུམ་གྱི་རབ་ཏུ་བསྟན། །ཐ་མ་གསུམ་གྱི་འབྲིང་དུ་བསྟན། །ཐ་མ་རབ་ཀྱི་སྦྱིན་སྲེག་གཅིག །འབྲིང་གི་གཏོར་མའམ་བཟླས་བརྗོད་བྱ། །ཐ་མས་བླ་མའི་མཆོད་པ་བྱ། །བླ་མ་མཆོད་པའི་མན་ངག་ཀྱང་། །མཎྜལ་གསུམ་མམ་གཅིག་བྱས་ལ། །མཎྜལ་མཐར་ཕྱིན་
མཛེས་པ་ལ། །མེ་ཏོག་མཛེས་ལྡན་མཆོད་པ་བསགས། །ལུས་ཚགས་བགོས་པས་པུས་བཙུགས་ནས། །བདུན་དང་བཅུ་དང་བཅུ་གཉིས་དང་། །བྱ་བ་ཆོ་ག་གཞན་དང་མཐུན། །ཁྱད་པར་བདག་གི་སྡིག་པ་ནི། །འོད་ཟེར་དྲ་བས་བསྡུས་ནས་ནི། །ཕྱུང་ནས་གདན་གྱི་པད་སྟེངས་

སུ། །བླ་མ་ཡི་དམ་དཀོན་མཆོག་དང་། །བདག་གི་འོད་ཟེར་འཁྲུལ་འཁོར་གྱིས། །སྡིག་པ་སྦྱོང་ཞིང་བཤགས་པར་བྱ། །ཡང་ན་སྒྱུ་མ་ལྟ་བུའི་སེམས། །དེ་བཞིན་བྱས་པས་དག་པར་འགྱུར། །ཡན་ལག་ཆོ་ག་བསྟན་པ་ནི། །རྩ་བའི་ཐ་མ་གསུམ་པོ་དང་། །གོ་རིམས་བཞིན་
དུ་ཤེས་པར་བྱ། །ཁྱད་པར་ཆོ་ག་བསྟན་པ་ནི། །རྡོ་རྗེ་སྤུན་ནི་བཀུག་གྱུར་ནས། །སྒྲིབ་སྦྱང་ལྷ་རུ་བསྐྱེད་པ་ལ། །མཆོད་པ་ལ་སོགས་གོང་བཞིན་ནོ། །དེ་བཞིན་འགྱུར་ནའང་གོང་བཞིན་ནོ། །བདེ་གཤེགས་བཀའ་འདས་དུས་སུ་ནི། །གང་དུ་ཉམས་པ་དེ་ལ་ནི། །སྦྱང་བ་ལ་
སོགས་བྱ་བ་དང་། །རིགས་ཀྱི་ལྷའམ་ཕྱག་མཚན་ནམ། །ཨཱ་ལི་ཀཱ་ལིའི་ཕྲེང་བ་ནི། །བསྟིམས་ནས་གོང་བཞིན་ཤེས་པར་བྱ། །སེམས་ཅན་བྱམས་སེམས་དམ་ཚིག་ལ། །གང་དུ་སྤངས་པ་དེ་བཀུག་ནས། །དངོས་དང་བསམ་པ་གཉིས་ཀས་སུ། །སྦྱང་བ་ལ་སོགས་གོང་བཞིན་
བྱ། །བྱང་སེམས་སྤོང་བ་དེ་ལ་ཡང་། །ཕྱི་ནང་ཡང་ནི་གཉིས་སུ་བསྟན། །ཕྱི་ནི་གོང་བཞིན་ནང་གི་ནི། །འབབ་ར་ཀ་ཏར་མ་ཟིན་པའོ། །དེ་ཡི་སྦྱང་བ་ལ་སོགས་ཀུན། །སྙིང་ག་གོང་འོག་ལ་བསྟིམས་ནས། །རང་གི་པོ་ཏི་ཁོ་ན་ལ། །གཞན་གྱི་པོ་ཏི་འམ་དངོས་དེ་ཉིད། །བསམ་
དང་དངོས་ལ་སོགས་པ་ནི། །གོང་མ་བཞིན་དུ་ཤེས་པར་བྱ། །དེ་འོག་སླར་ཡང་སྨིན་པར་བྱ། །ཡང་ན་ཡི་དམ་ལྷ་སོགས་ལ། །གོང་བཞིན་ཁྱད་པར་ངག་གིས་སྦྱང་། །ཕུང་པོ་ལྷ་རུ་བསམས་ནས་ནི། །ནང་མཆོད་ནང་གི་སྦྱིན་སྲེག་ནི། །བསམ་སྟེ་སྦྱང་བའི་ཆོ་ག་བྱ། །རང་བཞིན་
ཆོས་ཀྱི་གནས་དེ་རུ། །ཐེ་ཚོམ་ཟ་བའི་དེ་ཉིད་ལ། །རང་བཞིན་དེ་ཉིད་བསམས་ནས་སུ། །དེ་ཉིད་ལྷ་འམ་ཐིག་ལེ་འམ། །ཡིག་འབྲུ་གཏུམ་མོ་ལ་སོགས་ལ། །གཙང་མཆོད་ལ་སོགས་གོང་བཞིན་བྱ། །སེམས་ཅན་གདུག་པ་སྦྱང་བ་དང་། །བླ་མ་སྤུན་ལ་མཆོད་པ་བྱ། །སྟོང་པའི་
དོན་ལ་མོས་པ་དང་། །བླ་མ་ཡི་དམ་དབུ་སྟེང་དུ། །ཆོས་སྐུའི་རྟགས་དང་གཙུག་ཏོར་ལ། །ཁྱད་པར་མཆོད་པར་བྱ་བའོ། །སེམས་ཅན་དད་ལྡན་བཀུག་ནས་ནི། །སྦྱང་བ་ལ་སོགས་བྱས་ནས་ཀྱང་། །དཀྱིལ་འཁོར་བསྒྲུབ་ཅིང་དབང་བསྐུར་དང་། །མན་ངག་ཟབ་མོའི་དོན་

བསྟན་པ། །ལྷར་དམིགས་མཆོད་པ་ལ་སོགས་བྱ། །དམ་ཚིག་ཐམས་ཅད་དྲན་ནས་ཀྱང་། །ཐམས་ཅད་ལྷར་དམིགས་ཁྱད་པར་ནི། །སྤྱད་པར་བྱ་བ་ལ་སོགས་ལ། །རིགས་ལྔ་ཡབ་ཡུམ་བསམས་ནས་ནི། །མཆོད་ཅིང་སྦྱང་བར་བྱ་བ་ཡིན། །ཤེས་རབ་
ཐམས་ཅད་བཀུག་ནས་ནི། །སྦྱང་བར་བྱས་ལ་ལྷ་མོར་དམིགས། །མཆོད་པ་སྣ་ཚོགས་ཁྱད་པར་བསམ། །བདག་པོ་དང་བཅས་བཀུག་པ་ལ། །སྦྱང་བ་ལ་སོགས་གོང་བཞིན་བྱ། །ཡང་ན་ཐ་མལ་ཞེན་པ་བཟློག །མཁའ་ལ་སོགས་པ་བྱིན་བརླབས་ལ། །ལྷ་ཡི་རྣལ་འབྱོར་
བལྟས་ནས་ནི། །ཕན་ཚུན་མཆོད་པས་ཚིམ་པར་བྱ། །ཐ་མལ་ལྕེ་ནི་སྦྱངས་ནས་སུ། །རྡོ་རྗེ་ལྕེ་རུ་བྱིན་བརླབས་ལ། །གང་བཤད་ལེགས་བབ་གནས་པ་ནི། །སྦྱང་དང་ལྷག་བསམ་ལ་སོགས་བྱ། །ཁྱད་པར་རྡོ་རྗེ་འོད་ཟེར་ལས། །བཟླས་ཤིང་མཆོད་པས་ཚིམ་པར་བྱ། །བསྟན་
བྱ་ཉིད་ཀྱང་བཀུག་ནས་ནི། །གསོ་ཞིང་སྦྱང་བའི་ཆོ་ག་བྱ། །རྣལ་འབྱོར་སྤུན་རྣམས་བཀུག་ནས་ནི། །སྦྱང་བ་ལ་སོགས་གོང་བཞིན་ནོ། །སྣོད་ལྡན་སེམས་ཅན་བཀུག་ནས་ནི། །སྦྱང་བ་ལ་སོགས་བྱ་བ་དང་། །གསང་བ་དངོས་དང་བསམ་པ་ཡིས། །བསྟན་ལ་སོགས་པ་བྱ་བའོ། །དད་ལྡན་ཀུན་ལ་གོང་བཞིན་ནོ། །
སྦྱང་བ་ལ་སོགས་དངོས་དང་བསམ། །གཉིས་ཀའི་ཐབས་ཀྱིས་བསྟན་པ་ཡིན། །ཉན་ཐོས་ལ་སོགས་སྦྱང་བ་དང་། །བདག་ཉིད་སྦྱང་བར་བྱ་བའོ། །རྣལ་འབྱོར་ལྷ་ལ་ནན་ཏན་བྱའོ། །ང་རྒྱལ་ལ་སོགས་སྦྱང་བའོ། །དེ་ལྟར་ཆོ་ག་བྱས་ནས་ནི། །དམ་ཚིག་ཉམས་པ་བསྐོངས་ནས་ཀྱང་། །དངོས་
གྲུབ་རྣམ་གཉིས་ཐོབ་པར་གསུངས། །ལས་དང་པོ་ཡི་གང་ཟག་ལ། །རྟོག་པ་སྣ་ཚོགས་དགུར་གྱུར་པས། །རིག་འཛིན་ས་ནི་མ་ཐོབ་པར། །དམ་ཚིག་ཉམས་པ་འབྱུང་འགྱུར་བས། །བསྐང་བའི་ཆོ་ག་མ་བྱས་ན། །ངན་སོང་གསུམ་དང་རྡོ་རྗེ་ཡི། །དམྱལ་བ་དག་ཏུ་ལྟུང་བར་
འགྱུར། །བསྐལ་པ་གྲངས་མེད་གནས་ནས་ནི། །དེ་ནས་བསྐལ་པར་ཚ་གྲང་མྱོང་། །དེ་ནས་བྱོལ་སོང་ཡི་དགས་སུ། །ཡུན་རིང་གནས་ནས་བརྒྱ་ལམ་ན། །སེམས་ཅན་གླེན་ལྐུགས་ལ་སོགས་སུ། །ཡུན་རིང་གནས་ནས་ཐ་མར་ནི། །སྔོན་གྱི་དགེ་བའི་ས་བོན་གྱིས། །

བདེ་གཤེགས་ཐུགས་རྗེས་ཕྲད་པ་དང་། །དེ་རུ་དམ་ཚིག་ཉམས་གྱུར་ན། །སླར་ཡང་ཐུར་ལ་ལྟུང་བར་འགྱུར། །མ་ཉམས་གྱེན་དུ་འགྲོ་བར་འགྱུར། །དེ་བས་ནན་ཏན་ཆེར་བསྐྱེད་ཅིང་། །དམ་ཚིག་ས་ཡ་འབུམ་སྡེ་ནི། །ལུང་རྒྱུད་ཀུན་ལའང་གསལ་བས་ན། །ཤེས་རབ་ཅན་གྱིས་
བླང་བར་བྱའོ། །འདི་ནི་བློ་དམན་དོན་དུ་གསུངས། །ཐེག་པ་ཆེན་པོ་སྨོད་པ་དང་། །ཁྱད་པར་གསང་སྔགས་སྨོད་པ་ནི། །བསྐལ་པ་མཐའ་ཡི་བར་དུ་ཡང་། །ལྕེ་ལ་ཕུར་བུས་འདེབས་ཤིང་ཁྲོ་ཆུ་ལྡུད། །དེ་བས་གསང་སྔགས་འདི་ལ་སྨད་པར་མི་བྱའོ། །རྒྱུད་རྣམས་ཀུན་དང་མི་འགལ་
ཙམ་དུ་ནི། །དཔེར་ན་ས་གཞི་ལྟ་བུའི་དམ་ཚིག་ནི། །སྒྲུབ་དང་སློབ་དཔོན་རྣམས་ལ་བསྟེན་པས་སུ། །མྱུ་གུ་ལྟ་བུའི་སངས་རྒྱས་འགྲུབ་པར་ཤོག །རིན་ཆེན་ཕུག་གི་ཡང་སྟེང་དུ། །སྙིང་པོས་དམ་ཚིག་ཉམས་པ་ལ། །བསྐང་བའི་ཆོ་ག་མི་ཤེས་པས། །མཁའ་འགྲོ་མ་ཡི་ནད་
ཀྱིས་བཏབ། །དེ་ལ་སློབ་དཔོན་ཆེན་པོས་སུ། །རྡོ་རྗེ་བསྟོད་གླུས་བཤགས་པ་ཡིས། །མཁའ་འགྲོ་མ་ལ་བཤགས་ནས་ཀྱང་། །མཁའ་འགྲོ་མ་ཡི་རྒྱུད་ཀུན་དུ། །ཆོ་ག་ཟབ་མོ་སྦས་པ་ལ། །ཡང་ནས་ཡང་དུ་གསོལ་བཏབ་པས། །མཁའ་འགྲོ་མ་ཡིས་ཆོས་བསྟན་ཏེ། །དེ་ནི་
སློབ་དཔོན་ཆེན་པོ་ཡིས། །བདག་གི་རྣ་བར་བརྒྱུད་པ་འདི། །ཕྱི་ནས་རྣལ་འབྱོར་དོན་ཆེད་དུ། །བདག་གིས་རིམ་པར་བཀོད་པ་ཡང་། །བདེ་གཤེགས་མཁའ་འགྲོས་བཟོད་པར་བཞེས། །སློབ་དཔོན་ཆེན་པོ་སྙིང་པོ་ཞབས་ཀྱིས་མཛད་པ་སློབ་དཔོན་བྷ་བི་པའི་གདམས་ངག་མངོན་
པར་བཀོད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མཱུ་ལ་པཏྟི་ཊཱི་ཀཱ། བོད་སྐད་དུ། རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ལྟུང་བ་བཅུ་བཞི་པོ་ནི་དཀྱུས་སུ་བསྡེབས་པ་བདུན་ཏེ། བདུན་པོ་དེ་དག་ལ་ལྟུང་བའི་ངོ་
བོ་བདུན་དང་། རྒྱུ་བདུན་དང་། དངོས་པོ་བཅུ་བཞི་ཟུང་ཕྲལ་ན་བཅུ་བཞི་པོ་ཚན་ཚན་གསུམ་མོ། །དེ་ལ་ལྟུང་བ་དང་པོ་དང་གཉིས་པའི་ངོ་བོ་དང་རྒྱུ་གཅིག་སྟེ། བླ་མ་ལ་བརྙས་པ་ཉིད་བདེ་བར་གཤེགས་པའི་བཀའ་ལས་འདས་པ་སྟེ། དེ་ཡང་། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་

མི་བརྟག་གོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་རྡོ་རྗེ་འཛིན་པ་དང་བླ་མ་ཐ་མི་དད་པའི་ཕྱིར་ལྟུང་བ་གཉིས་ངོ་བོ་དང་རྒྱུ་གཅིག བརྙས་པའི་ཡུལ་བླ་མ་དེ་ཡང་ཐུན་མོང་གི་ལམ་འཁོར་བ་ཡིད་ལ་བྱས་པ་འདི་ལས་བློ་ལོག་པར་བྱས་པ་ཤེས་ཤིང་བྱས་པ་གཟོ་བ་ལ་བརྟེན་ནས་
བྱམས་པ་དང་སྙིང་རྗེ་བརྟན་པར་བྱས་པ་དེ་གཉིས་ཀྱི་སྟོབས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་འཇུག་པའི་སྡོམ་པ་དང་ལྡན་པས་མི་མཐུན་པའི་ཕྱོགས། །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུང་། །ཁེངས་ཤིང་ཆགས་ལ་མ་བསྡམས་དང་། །སྤྱོམས་དང་བཅས་པར་མི་བྱའོ། །ཞེས་
གསུངས་པས་ཐུན་མོང་གི་ལམ་གྱི་མི་མཐུན་པ་དེ་རྣམས་ལས་ལོག་ནས། ཐུན་མོང་མ་ཡིན་པའི་མཚན་ཉིད་དབང་བཞིའི་སྒོ་ནས་ལྟ་བ་དང་། སྤྱོད་པ་དང་། སྒོམ་པ་གསུམ་གྱི་མན་ངག་དང་ལྡན་པ་དེ་ཡང་དང་ཡང་དུ། གོམས་པར་བྱས་པས་ཡོན་ཏན་དང་། །བརྟན་ཞིང་དུལ་ལ་བློ་
གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་རྗེ་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་འདྲི་བའི་ལས་ལ་མཁས། །སྔགས་བཤད་པ་ཡི་སྤྱོད་པ་ཤེས། །རབ་ཏུ་ཞི་དང་དབང་པོ་དུལ། །
ཞེས་བྱ་བས་དེ་ལྟར་ཡོན་བཅུ་བཞི་དང་ལྡན་པ་ལྟ་བ་རྣམ་གཉིས་གྲུབ་པར་གནས་པའི་དོན་དང་། ངེས་པར་གྲུབ་པའི་ཐབས་ལྔ་དང་། སྤྱོད་པ་རྣམ་པ་གཉིས་དང་། དབང་རྣམ་པ་བཞིའི་མན་ངག་དང་ལྡན་པའི་གྲུབ་པའི་ཚིག་གི་ཉམས་དང་ལྡན་པའི་བླ་མ་ཞེས་བྱ་བ་སྟེ། དེ་ལྟ་བུའི་བླ་
མ་དམ་པ་ཉེ་བར་བསྟེན་པའི་སྒོ་ནས། སློབ་མ་དེ་རྫོགས་པའི་བྱང་ཆུབ་ཀྱི་སེམས་བརྟན་པར་བྱ་བ་དང་། འཇུག་སེམས་ཀྱི་སྡོམ་པ་དང་ལྡན་པར་བྱ་སྟེ། འོག་ནས། མཉམ་པར་བཞག་པས་བླ་མ་ལ། །ཅི་འབྱོར་པ་ཡིས་མཆོད་བྱས་ལ། །གསུམ་ལ་སྐྱབས་འགྲོ་ནས་བརྩམས་
ཏེ། །བྱང་ཆུབ་སེམས་སོགས་སྡོམ་པ་ནི། །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་གཟུང་བར་བྱ། །ཞེས་གསུངས་པས་བླ་མ་དེས་དང་པོ་འཁོར་བའི་ཉེས་དམིགས་ཡིད་ལ་བྱ་བ་དང་། སྐྱབས་སུ་འགྲོ་བ་དང་བྱམས་པ་དང་སྙིང་རྗེའི་སྒོ་ནས་བྱང་ཆུབ་ཏུ་སེམས་

བརྟན་པར་བྱས་ནས་འཇུག་སེམས་ཀྱི་སྡོམ་པ་དང་ལྡན་པ་ལ་དབང་བཞི་སྣོད་དུ་བསྒྲུབས་ནས་ལྟ་སྤྱོད་སྒོམ་པ་གསུམ་གྱི་མན་ངག་དང་ལྡན་པར་བསྒྲུབ་པ་དེའི་ཕྱིར་རོ། །དེ་ནས་སྔགས་སོགས་སྦྱིན་པ་ཡིས། །དམ་ཆོས་སྣོད་དུ་བྱས་ནས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བླ་མ་ལ་རག་
ལས་པས། དངོས་གྲུབ་སློབ་དཔོན་རྗེས་འབྲངས་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུངས་པར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་བྱ་བ་དེ་ལྟ་བུའི་བླ་མ་དེ་དུས་རྟག་ཏུ་ཕུན་སུམ་ཚོགས་པ་མཐའ་དག་གི་འབྱུང་གནས་འཁོར་བའི་རྒྱ་
མཚོ་ནས་འབྱིན་བྱེད་དངོས་གྲུབ་ཐམས་ཅད་ཀྱི་རག་ལས་པ་ཡིན་པས་དེའི་ཕྱིར། གདན་བསྟབས་པ་དང་ལྡང་བ་དང་། །དོན་གྱི་བྱ་བ་སོགས་བསྙེན་བཀུར་བྱེད་པ་དང་། བླ་མ་ལས་ནི་དངོས་གྲུབ་དང་། །མཐོ་རིས་དང་ནི་ཐར་པ་ཐོབ། །ཅེས་པ་ནས། མདུན་དུ་དུལ་བས་འདུག་
པར་བྱ། །ཞེས་བྱ་བའི་བར་དུ་བྱ་བ་མཐའ་དག་དྲན་པ་དང་ཤེས་བཞིན་གྱིས་མ་ཡེངས་པར་བྱ་བའི་ཚུལ་གྱིས་བླ་མ་བསྟེན་པར་བྱའོ། །དེ་ལྟ་བུའི་བླ་མ་ལ་བརྙས་ན་སངས་རྒྱས་ཐམས་ཅད་ལ་བརྙས་པ་སྟེ། དེ་འདྲའི་མགོན་ལ་བསམ་བཅས་པས། །སློབ་མར་གྱུར་པས་བརྙས་ན་
ནི། །སངས་རྒྱས་ཐམས་ཅད་བརྙས་པ་སྟེ། །དེས་ནི་རྟག་ཏུ་སྡུག་བསྔལ་འཐོབ། །ཅེས་པ་ནས། དེར་ནི་གནས་པ་ཡང་དག་བཤད། །ཅེས་བྱ་བའི་བར་དང་། དེ་བས་འབད་པ་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་ཡོངས་སུ་མི་སྤྱོམས་པ། །ནམ་
ཡང་སྨད་པར་མི་བྱའོ། །ཞེས་པ་དེ་ནི་རྩ་བའི་ལྟུང་བ་ཀུན་གྱི་ངོ