Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 53

Văn bản gốc(Tây Tạng)

Trang 11 / 18 (50.000 ký tự/trang)
པའི་ཡན་
ལག་གཉིས་པ་ཉེ་བར་བསྒྲུབ་པ་སྟེ་རྗེས་ཐོགས་སུ་མཚོན་པར་བྱ་བའོ། །དེ་ཡང་། རྡོ་རྗེ་པདྨ་མཉམ་སྦྱོར་བ། །ཉེ་བའི་བསྙེན་པ་ཡིན་པར་འདོད། །ཅེས་གསུངས་པས་སོ། །ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དེ་ཉིད་ཀྱི་ཡངས་པའི་པདྨ་ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་ནང་དུ་འཇུག་ཅིང་འབྱུང་
བ་དང་ལྡན་པའི་རྡོ་རྗེ་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོས་ཡང་དང་ཡང་དུ་གཅིག་ཏུ་དེར་ཞེན་པས་གང་རྣམ་པ་ཐམས་ཅད་དུ་མངོན་སུམ་དུ་བྱེད་པའི་མཚན་ཉིད་ནི་ཟག་པ་མེད་པའི་བསྒོམ་པའི་ལམ་གྱི་ངོ་བོའོ། །དེ་ནི་ཕྱག་རྒྱ་ལས་རིག་པར་བྱའོ། །དེ་ལ་གང་པདྨའི་ནང་དུ་བཙུད་པ་ལ་ཞེན་པའི་
ཤེས་པ་དང་། གང་དེའི་དམིགས་པར་གྱུར་པ་གཙུབས་པའི་དབང་གིས་དྲོ་བ་ཉིད་ནི་མེའི་ཁམས་ཀྱི་ངོ་བོ་སྟེ། དེ་དང་ལྷན་ཅིག་སྐྱེས་པའི་དགའ་བ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་དང་། འདོད་ཆགས་ཀྱི་གོས་དཀར་མོ་དང་། ལོངས་སྤྱོད་དུ་རྣམ་པར་གཞག་
པ་འདོད་ཆགས་དགའ་བ་དང་། འདོད་ཆགས་རྡོ་རྗེ་སྟེ། ཐབས་རྣམ་པར་གཞག་པ་ལས་སྒྲུབ་པ་ཞེས་བྱ་བ་ཡན་ལག་གསུམ་པ་རྗེས་ཐོགས་སུ་མཚོན་པར་བྱ་བའོ། །དེ་ཡང་། སྒྲུབ་པ་བསྐྱོད་པ་ཡིན་པར་བཤད། །ཧཱུཾ་ཕཊ་དང་ནི་ལྡན་པའོ། །ཞེས་གསུངས་པས་སོ། །དེ་ཉིད་ཀྱི་
གནས་སྐབས་སུ་དེ་བཞིན་གཤེགས་པ་ཐམས་ཅད་དང་དེའི་ཤེས་རབ་ཀྱི་ངོ་བོ་ཐབས་དང་ཤེས་རབ་དག་ཤིན་ཏུ་ཆགས་པར་གྱུར་པས་བསྐྱོད་པ་མངོན་པར་སྦྱར་བར་བྱ་བ་དང་། མངོན་པར་སྦྱོར་བར་བྱེད་པའི་མངོན་པའི་ང་རྒྱལ་གྱིས་རྩེད་མོས་བདེ་བའི་ཚོར་བ་གང་གི་སེམས་མྱོས་ཤིང་
དགའ་བར་གྱུར་པ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དང་། ང་རྒྱལ་དང་དྲེགས་པ་སྟེ་ཁྱད་པར་གྱི་ལམ་གྱིས་བསྡུས་པ་ཕྱག་རྒྱ་ལས་རིག་པར་བྱའོ། །དེ་ཉིད་སེམས་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་དང་། འདོད་ཆགས་ཡིན་པར་འདྲ་བ་དང་། འདོད་ཆགས་རྡོ་རྗེ་ཉིད་

ཀྱི་ཁོངས་སུ་གཏོགས་པ་ཡིན་པས་དེས་ན་སྒྲུབ་པའི་ཡན་ལག་ལོགས་ཤིག་པ་མེད་དོ། །དེའི་རྗེས་ལ་ཤེས་རབ་དང་ཐབས་གཉིས་སུ་མེད་པར་སྣང་བ་ཤིན་ཏུ་བསྒོམས་པ་ལས་བྱུང་བའི་མཆོག་ཏུ་དགའ་བ་རོ་མཉམ་པར་གྱུར་པ་ན། གཏི་མུག་ཞེ་སྡང་འདོད་ཆགས་ཀྱི་རྒྱུ་བ་རྣམས་རྣམ་པར་དག་པའི་
ཆོས་ཀྱི་དབྱིངས་ལ་དམིགས་ནས། རྩེད་མོ་མཆོག་གི་བྱ་བའི་ཡེ་ཤེས་ཀྱི་བསྒྲུབ་བྱ་ལ་མངོན་དུ་ཕྱོགས་པའི་ལས་ཀྱི་མཚན་ཉིད་མཐར་ཕྱིན་པའི་ལམ་གྱིས་བསྡུས་པ་གང་ཡིན་པ་དེ་ཕྱག་རྒྱ་ལས་རིག་པར་བྱའོ། །དེ་ཉིད་དུ་གང་རྡོ་རྗེ་ནོར་བུའི་རྩ་བའི་ནང་དུ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དང་
ལྷན་ཅིག་སྐྱེ་བ་ན་སྐུལ་བར་བྱེད་པ་དེ་ནི་རླུང་གི་ཁམས་སོ། །བྱང་ཆུབ་ཀྱི་སེམས་གཡོ་བའི་རེག་པ་ལ་དམིགས་པའི་ཡེ་ཤེས་གང་ཡིན་པ་རྩེད་མོའི་བསྟན་བཅོས་མ་ལུས་པ་ལས་བསྟན་པའི་བྱ་བ་འཇུག་པའི་སྐབས་མེད་པའི་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་རྡོ་རྗེ་ཉིད་བསྒྲུབ་བྱ་
ལ་མངོན་པར་ཕྱོགས་པའི་ལས་ཀྱི་རབ་ཏུ་རྟོགས་པར་བྱ་བ་སྐུལ་བར་བྱེད་པ་རྗེས་ཐོགས་ཉིད་དུ་འབྲས་བུ་མངོན་པར་སྒྲུབ་པར་བྱེད་པ་གང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་རྣམས་རོ་མཉམ་པའི་ངོ་བོའི་ཚོར་བ་ནང་གི་རེག་པ་ཉམས་སུ་མྱོང་བའི་མཚན་ཉིད་ཅན། མཆོག་
ཏུ་དགའ་བའི་ངོ་བོ་ཉིད་གང་ཡིན་པ་དེ་དང་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ཅི་རིགས་པར་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དང་། ཕྲག་དོག་དང་འདོད་པ་དང་དམ་ཚིག་སྒྲོལ་མ་དང་། ལོངས་སྤྱོད་དུ་རྣམ་པར་གཞག་པ་དམ་ཚིག་རྡོ་རྗེ་དང་རྡོ་རྗེ་དགའ་མ་སྟེ། ཐབས་རྣམ་པར་གཞག་པ་
ལས་འདོད་ཆགས་དང་ཞེ་སྡང་གཏི་མུག་རབ་ཏུ་རྒྱུ་བ་ཞི་བ་ཉིད་དང་། བདེ་བ་ཤིན་ཏུ་འཇུག་པ་དང་ལྡན་པ་ཉིད་དང་། ངེས་པར་འབྲས་བུ་དང་ལྡན་པར་གྱུར་པས་སྒྲུབ་པ་ཆེན་པོ་ཞེས་བྱ་བ་སྟེ། ཡན་ལག་བཞི་པ་དེའི་རྗེས་ཐོགས་སུ་མཚོན་པར་བྱ་བ་ཡིན་ནོ། །དེ་ཡང་། རང་བདེ་
ངོ་བོ་ཉིད་དང་བཞི། །སྒྲུབ་པ་ཆེན་པོ་ཞེས་བྱའོ། །ཞེས་གསུངས་སོ། །ཡང་དེ་ཉིད་ཤེས་རབ་ཀྱི་དབང་བསྐུར་བའི་སྐབས་སུ་ལོངས་སྤྱོད་བཞི་རྣམ་པར་གཞག་པ་ལ་མཉམ་པར་གཞག་པའི་ཡིད་ཀྱིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་རྣམས་ཀྱིས་མངོན་དུ་རྒྱུ་འཇུག་

པ་རྣམས་རོ་གཅིག་པར་གྱུར་པ། དེའི་བག་ཆགས་ཀྱི་མཚན་ཉིད་ཅན་རྣམས་ཅི་རིགས་པའི་ཁོངས་སུ་དེ་དག་རྣམ་པར་དག་པའི་མཚན་ཉིད་ཅན་དེ་ནི་ཟད་པ་ཤེས་པའི་ཡེ་ཤེས་ཏེ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་མ་ལུས་པ་ཟད་པའི་མཚན་ཉིད་ཅན་དེ་
དང་དེའི་ཕྱག་རྒྱ་ནི་གཤིན་རྗེ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་ཀྱི་གཟུགས་འདིར་མཚན་པར་བྱའོ། །དེ་ལ་གཏི་མུག་ཟད་པ་ཤེས་པ་ནི་གཤིན་རྗེ་མཐར་བྱེད། ཞེ་སྡང་ཟད་པ་ཤེས་པ་ནི་ཤེས་རབ་མཐར་བྱེད། འདོད་ཆགས་
ཟད་པ་ཤེས་པ་ནི་པདྨ་མཐར་བྱེད་དང་། སྒྲིབ་པ་ཐམས་ཅད་ཟད་པ་ཤེས་པ་ནི་བགེགས་མཐར་བྱེད། ཆོས་ཀྱི་སྐུ་འབྲས་བུ་ཐོབ་པའི་བགེགས་སྐྲོད་པར་བྱེད་པའི་ཕྱིར་རོ། །དེ་ཡང་། གཏི་མུག་གཏི་མུག་ལོངས་སྤྱོད་པས། །གཏི་མུག་ཟད་པས་གཤིན་རྗེ་གཤེད། །ཅེས་བྱ་
བ་ནས་བརྩམས་ནས། སྒྲིབ་པ་ཐམས་ཅད་ཟད་ཅེས་པ། །བགེགས་མཐར་བྱེད་ཅེས་དྲན་པར་བྱ། །ཞེས་པས་སོ། །དེ་ལྟ་བས་ན་གཏི་མུག་དང་ཞེ་སྡང་འདོད་ཆགས་ལ་སོགས་པ་རྣམས་དང་། དེ་དག་གི་བག་ཆགས་ཀྱི་གཉེན་པོར་གྱུར་པ་རྣམས་ནི་ཚོགས་དང་མཐོང་བ་དང་
བསྒོམ་པའི་ལམ་གྱིས་བསྡུས་པ་རྣམས་ཏེ། མོས་པས་སྤྱོད་པ་དང་། ལྷག་པའི་བསམ་པ་དག་པ་དང་། རྣམ་པར་སྨིན་པ་དང་། སྒྲིབ་པ་ཐམས་ཅད་སྤངས་པའི་སར་གཏོགས་པ་རྣམས་སོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དང་། དེའི་ཡེ་ཤེས་ཐོབ་པའི་རྒྱུ་མཚན་
རྣམས་དཔལ་གསང་བ་འདུས་པ་ལ་སོགས་པ་ནི་བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའི་མཚན་ཉིད་ཅན་རྣམས་ཀྱིས་ཤེས་རབ་ཀྱི་དབང་བསྐུར་བར་ཅི་རིགས་པར་འཁྱུད་པ་དང་། རབ་ཏུ་འབྱེད་པ་དང་། རྣམ་པར་སྤྱོད་པ་དང་། ཡེ་ཤེས་འཆར་བའི་
ཕྱག་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་རྒྱས་བཏབ་པའི་བདེ་བ་ཆེན་པོར་རོ་གཅིག་པའི་རྡོ་རྗེ་འཆང་ཆེན་པོའི་དཔེར་གྱུར་པ་དང་། དཔེས་བསྟན་པར་བྱ་བ་མཚོན་ནས། ཐོབ་པར་བྱ་བའི་རྒྱུར་གྱུར་པ་རྣམས་དེའི་རྒྱུ་ཉིད་དུ་སྒྲུབ་པ་བཞི་པོ་རྣམས་ཡང་དག་པར་མཚོན་པར་བྱེད་པ་ཡིན་པར་རིག་

པར་བྱའོ། །དེའི་རྗེས་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པས་ལས་ཐམས་ཅད་རྣམ་པར་དག་པ་ཡིན་ལ། ལས་རྣམ་པར་དག་པས་རྣམ་པར་དག་པའི་འབྲས་བུ་ཐོབ་པ་ཡིན་ནོ། །དེ་ཡང་། ཉོན་མོངས་རྡོ་རྗེ་དག་གྱུར་པས། །ལས་རྣམས་རྣམ་པར་དག་པར་འགྱུར། །
ལས་རྣམས་རྣམ་པར་དག་གྱུར་པས། །ལས་སྐྱེས་འབྲས་བུའང་རྣམ་པར་དག །ཅེས་གསུངས་པས་སོ། །དེ་ལྟ་བས་ན་ཆོས་ཀྱི་སྐུའི་མཚན་ཉིད་ཅན་གྱི་བསྒྲུབ་བྱ་སྒྲིབ་པ་དང་བྲལ་བ་ཟག་པ་མེད་པ། མི་ཉམས་པ་བདེ་བ་ཆེན་པོའི་རང་བཞིན་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་རྣམ་
པར་དག་པ་དང་། དེའི་ཡེ་ཤེས་ཀྱི་ངོ་བོ་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་དང་། ལོངས་སྤྱོད་རྫོགས་པའི་སྐུའི་རྟེན་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་སྤྲུལ་པའི་སྐུ་རབ་ཏུ་བསྐྱེད་པ་ནི་སངས་རྒྱས་ཐམས་ཅད་ཀྱི་
བསྒྲུབ་པར་བྱ་བའོ། །དེའི་སྒྲུབ་པའི་ཐབས་ནི་གསང་སྔགས་ཀྱི་ཚུལ་འདིར་དཔེ་ཕྱག་རྒྱ་ལས་མཚོན་པར་བྱ་བ་ཡིན་ནོ། །དེ་ལྟ་བས་ན་སྒྲུབ་པའི་ཐབས་ཀྱི་མཚན་ཉིད་ཀྱི་རྗེས་ཐོགས་སུ་ཡན་ལག་མཆོག་དང་སྦྱར་བ་ལས་རྡོ་རྗེ་ནོར་བུའི་རྩེ་མོར་ཆུད་པའི་བྱང་ཆུབ་ཀྱི་སེམས་མན་ངག་གིས་
པདྨའི་སྙིང་པོར་རྡོ་རྗེ་ནོར་བུས་མནན་པའམ། རླུང་ལས་རྒྱལ་བར་བྱ་བ་གོམས་པའམ། ཕཊ་ལ་སོགས་པའི་སྔགས་ཀྱིས་ནུས་པ་ཇི་ལྟ་བ་བཞིན་དུ་བཟུང་ནས། དེ་དང་ལྷན་ཅིག་སྐྱེས་པའི་རྒྱུན་མི་འཆད་པ་བརྗོད་པ་མེད་པ། དབང་པོའི་འཇུག་པ་ཐམས་ཅད་ཆུབ་པ། བདེ་བ་ཆེན་པོ་
ཙམ་རབ་ཏུ་སྣང་བའི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། དེའི་ཡེ་ཤེས་ཀྱི་ངོ་བོ་ཆོས་ཀྱི་སྐུ་མཚོན་པར་བྱེད་པ། གཉིས་སུ་མེད་པ་རྟོག་པ་མེད་པ་བདེ་བ་ཙམ་རབ་ཏུ་སྣང་བ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གཅིག་གིས་བསྒྲུབ་པར་བྱ་བའི་རྡོ་རྗེ་འཆང་ཆེན་
པོའི་དཔེ་ལྟ་བུར་དེ་ལྟར་བརྡར་བཏགས་ནས། དཔེ་དང་དཔེས་བསྟན་པར་བྱ་བ་བྱེ་བྲག་མེད་པར་མོས་པར་བྱས་ནས། དེ་ལྟ་བུའི་ངོ་བོ་ཉིད་དུ་དེ་ནི་འདི་ཡིན་ནོ་ཞེས་མཉམ་པར་གཞག་པའི་སེམས་ཀྱིས་འདིར་ཡང་དག་པར་མཚོན་པར་བྱའོ། །ལེགས་པར་མཚོན་ཞིང་བསྟན་པར་བྱས་ནས་

མངོན་པར་རྟོགས་པ་ཇི་ལྟ་བ་བཞིན་དུ་ལྷའི་རྣམ་པའི་རྣལ་འབྱོར་གྱིས་དམ་ཚིག་ཇི་ལྟ་བར་སྙིང་གར་ཟླ་བ་དང་ཡི་གེ་ཧཱུཾ་ལ་སོགས་པ་དང་། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་དང་། ནམ་མཁའི་རྡོ་རྗེ་བསྒོམ་པ་ལ་གུས་པ་དང་། རྒྱུན་མི་འཆད་པར་དུས་རིང་པོར་རང་
གི་དམ་ཚིག་ལ་སྤྱོད་ཅིང་མན་ངག་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱ་བ་ཡིན་ཏེ། ཇི་ལྟར་ཤིན་ཏུ་མྱུར་ཞིང་ཤིན་ཏུ་བདེ་བ་ཐོབ་པ་དེ་ལྟར་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཕྱོགས་གཉིས་པ་སྨྲ་བའི་བསམ་པ་ཡིན་ནོ། །ཕྱོགས་གསུམ་པ་ཉིད་ཀྱི་བསམ་པ་ནི་འདི་ཡིན་ཏེ། སྒྲུབ་པ་དང་བཅས་
ཀྱང་རུང་། སྒྲུབ་པ་དང་མ་བཅས་པ་ཡིན་ཀྱང་རུང་། ཆོས་ཀྱི་སྐུ་ཙམ་ལ་མཚོན་པར་བྱེད་པ་ནི་མ་ཡིན་ནོ། །དེ་ཙམ་ཞིག་ནི་ཐེག་པ་ཆེན་པོའི་བསྒྲུབ་བྱ་མ་ཡིན་པ་ཉིད་དེ། དེ་ཙམ་ཞིག་ལ་ནི་གཞན་གྱི་དོན་ལ་སྦྱོར་བ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟ་བུ་ཞེ་ན། གཞན་ཡང་སྐུ་གཉིས་པོ་
ཡེ་ཤེས་བཞིས་བསྡུས་པ་ཉིད་ཀྱང་བསྒྲུབ་བྱ་ཡིན་ནོ། །དེ་ལྟར་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། དེའི་ཁོངས་སུ་གཏོགས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཆོས་ཀྱི་སྐུ་ཞེས་བྱ་བ་ནི་གཙོར་བསྒྲུབ་པར་བྱ་བ་ཡིན་ལ། དེ་ལ་བརྟེན་པ་རྣམ་པ་
ཐམས་ཅད་དང་དོན་ཐམས་ཅད་ཀྱི་གཟུགས་བརྙན་གྱི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་དུ་རྟོགས་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། རྣམ་པ་ཐམས་ཅད་དུ་དོན་རྟོགས་པའི་དོན་ཐམས་ཅད་དེ་བཞིན་དུ་ཡོངས་སུ་གཅོད་པའི་སོ་སོར་
རྟོག་པའི་ཡེ་ཤེས་དང་། ཡེ་ཤེས་གསུམ་པོ་འདི་དག་གི་ངོ་བོ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བ་ནི་འབྲས་བུ་གཞན་ཡིན་ནོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་དུ་འགྲོ་བའི་དོན་གྱི་བྱ་བ་མཛད་པའི་མཚན་ཉིད་ཅན་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་སྤྲུལ་པའི་སྐུ་ཞེས་བྱ་བ་ཡང་འབྲས་
བུ་ཡིན་ནོ། །དེ་བཞིན་དུ་གསང་སྔགས་ཀྱི་ཐེག་པར་ཡང་བརྡ་ཇི་ལྟ་བ་དང་། རྒྱུ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་རྡོ་རྗེ་འཆང་གི་རང་བཞིན་དང་། ཤིན་ཏུ་རྣམ་པར་དག་པ་དེའི་ཡེ་ཤེས་ཀྱི་ངོ་བོ་མི་བསྐྱོད་པའི་ངོ་བོ་ཆོས་ཀྱི་སྐུ་ཞེས་བྱ་བ་ནི་གཙོར་

བསྒྲུབ་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་སྣ་ཚོགས་ཀྱི་རྣམ་པ་ཐམས་ཅད་སྣང་བས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་དང་། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་དུ་རྟོགས་པའི་ངོ་བོ་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་དང་། ཉམས་སུ་མྱོང་བའི་
དོན་གྱི་རྣམ་པ་ཐམས་ཅད་ཡོངས་སུ་གཅོད་པའི་བདག་ཉིད་ཅན་སོ་སོར་རྟོག་པའི་ངོ་བོ་ཉིད་ནི་སྣང་བ་མཐའ་ཡས་ཀྱི་བདག་ཉིད་དེ། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བ་འབྲས་བུ་གཉིས་ལས་ཆོས་ཀྱི་སྐུ་ལ་བརྟེན་པ་ཡིན་ནོ། །དེ་བཞིན་དུ་སྣ་ཚོགས་ལ་ཁྱབ་པའི་འགྲོ་བའི་དོན་གྱི་བྱ་
བ་མཛད་པའི་མཚན་ཉིད་ཅན། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་དོན་ཡོད་གྲུབ་པའི་རང་བཞིན་ཏེ་སྤྲུལ་པའི་སྐུ་ཞེས་བྱ་བ་འབྲས་བུ་བསྒྲུབ་པར་བྱ་བ་གཞན་ཡིན་ནོ། །དེ་ལྟར་འདིར་ཡང་སྐུ་གསུམ་པོའི་ངོ་བོ་ཉིད་བསྒྲུབ་པར་བྱ་བ་ཡིན་པས། བསྒྲུབ་བྱ་ཇི་ལྟ་བ་དེ་ལྟ་བུའི་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་བརྡར་བྱས་པའི་ཕྱག་རྒྱས་བརྡ་ཇི་ལྟ་བ་བཞིན་དུ་མཚོན་པར་བྱ་བ་ཡིན་ནོ། །ཇི་ལྟར་མཚོན་ཞེ་ན། དེ་ལྟ་བས་ན་ཤེས་རབ་ཀྱི་དབང་བསྐུར་གྱི་དུས་སུ་རྡོ་རྗེ་ནོར་བུའི་རྩེ་མོར་ཕྱིན་པའི་བྱང་ཆུབ་སེམས་ཡུལ་དེ་ཉིད་དུ་མན་ངག་ཇི་ལྟ་བ་ཉིད་དང་། ཕྱོགས་གཉིས་པ་
ནས་བསྟན་པའི་རིགས་པས་བསྟན་པར་བྱས་པའི་བྱང་ཆུབ་ཀྱི་སེམས་དེ་དང་ལྷན་ཅིག་སྐྱེས་པར་གྱུར་པ་གང་ཡིན་པ་རང་དང་གཞན་གྱི་སྣང་བའི་བྱེ་བྲག་དང་བྲལ་བ། མཆོག་ཏུ་བདེ་བ་ཆེན་པོ་ཙམ་རབ་ཏུ་སྣང་བ་དང་། གཉིས་སུ་མེད་པ་བྱ་བ་ཐམས་ཅད་ནུབ་པར་གྱུར་པ་དག་གི་རྣམ་པར་རྟོག་
པ་ལས་ཤིན་ཏུ་འདས་པའི་ངོ་བོ་རང་རིག་པ་དེར་གཏད་པ་མཐར་ཕྱིན་པ། ནམ་མཁའ་དྲི་མ་མེད་པ་ལྟ་བུའི་ཡིད་མཆོག་ཏུ་གྱུར་པའི་བདེ་བ་ཉམས་སུ་མྱོང་བར་གྱུར་པ་དེ་ནི་ཆོས་ཀྱི་སྐུའི་མཚན་ཉིད་དོ། །དེ་ཡང་། ཇི་སྲིད་རྣལ་འབྱོར་བྱང་ཆུབ་སེམས། །གཏོང་བར་བྱེད་པ་མ་ཡིན་པ། །དེ་སྲིད་ཀུན་
དགའ་ལས་བྱུང་བདེ། །ཅི་ཡང་རྒྱུན་མི་འཆད་པ་འཐོབ། །ཅེས་གསུངས་སོ། །གང་རྡོ་རྗེའི་ནང་གཡོ་བར་གྱུར་པའི་བྱང་ཆུབ་ཀྱི་སེམས་རེག་པ་ལས་བྱུང་བའི་ཡུལ་ངེས་པ་མེད་ན་ཡང་དམིགས་པའི་དབང་གིས་ཡུལ་སོ་སོར་ངེས་པ་ལྟ་བུར་ཁ་ཕྱིར་བལྟས་པའི་བདེ་བའི་རྣམ་པ་བྱང་ཆུབ་

ཀྱི་སེམས་ལ་ལོངས་སྤྱོད་པའི་ཡེ་ཤེས་ནི་ཉམས་སུ་མྱོང་བ་དང་ལྡན་པས་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་དོ། །གང་ཡང་ཤེས་རབ་ཀྱི་པདྨའི་ནང་དུ་སྤྲོས་པའི་བྱང་ཆུབ་ཀྱི་སེམས་དེ་ལོངས་སྤྱོད་དུ་བྱས་པས་དེ་ཡོངས་སུ་མཉེས་པར་གྱུར་པ་ན་རྡོ་རྗེ་ནོར་བུས་
ཉམས་སུ་མྱོང་བ་དེ་ནི་སྤྲུལ་པའི་སྐུའི་མཚན་ཉིད་དོ། །དེ་ལྟར་ན་སྐུ་གསུམ་བརྡ་ཇི་ལྟ་བ་བཞིན་དུ་ཕྱག་རྒྱ་ལས་མངོན་པར་མཚོན་པ་བརྟན་པར་བྱས་ལ་མན་ངག་ཇི་ལྟ་བ་དང་། མངོན་པར་རྟོགས་པ་ཇི་ལྟ་བར་ལྷའི་རྣམ་པའི་ཕྱག་རྒྱ་དང་། སྔགས་ཀྱི་རྣམ་པའི་དམིགས་པའི་ཕྱག་རྒྱ་
དང་། རྩ་བའི་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་དང་། གཉིས་པ་དེའི་རྗེས་ཐོགས་ལས་བྱུང་བའི་རྣམ་པས་དམ་ཚིག་དང་ལྡན་པར་བསྒོམས་པས་བདེ་བར་མྱུར་དུ་སྐུ་གསུམ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་གསུམ་པ་སྨྲ་བར་བྱེད་པའི་བསམ་པ་ཡིན་ནོ། །རྣལ་འབྱོར་མའི་རྒྱུད་
དགྱེས་པའི་རྡོ་རྗེ་ལ་སོགས་པ་ཉིད་དུ་ཡང་ཤེས་རབ་ཀྱི་དབང་བསྐུར་བའི་སྐབས་སུ་སྐུ་གསུམ་པོ་ཉིད་བསྒྲུབ་བྱ་ཡིན་པར་མཚོན་པར་བྱ་བ་རིགས་པ་ཡིན་ནོ། །ཁ་ཅིག་ནི་གཙོར་བདེ་བ་ཆེན་པོའི་རྣམ་པ་ལྷན་ཅིག་སྐྱེས་པའི་ངོ་བོ་ཆོས་ཀྱི་སྐུ་ཙམ་མཚོན་པར་བྱ་བ་ཡིན་ནོ་ཞེས་ཟེར་རོ། །དེ་ཉིད་
རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སྒྲུབ་པ་དང་བཅས་པས་བསྒྲུབ་པ་དང་བཅས་པར་མཚོན་པར་བྱ་བ་ཡིན་ནོ་ཞེས་གཞན་དག་ཟེར་རོ། །བརྡ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཏགས་པའི་ཕྱག་རྒྱའི་དེ་ཁོ་ན་ཉིད་ཀྱི་རྗེས་སུ་འབྲངས་ནས། སྐུ་གཉིས་པོ་ཆོས་
དང་ལོངས་སྤྱོད་རྫོགས་པ་ཞེས་བྱ་བ་ཉིད་མཚོན་པར་བྱ་བ་ཡིན་ནོ་ཞེས་གཞན་དག་ཟེར་རོ། །དེ་ལྟ་བས་ན་གང་ནམ་མཁའ་དྲི་མ་མེད་པ་ལྟར། སྣང་བ་མེད་པ་བདེ་བ་ཆེན་པོ་ཙམ་རབ་ཏུ་སྣང་བ་ཉམས་སུ་མྱོང་བའི་མཆོག་དེ་ནི་རྣལ་འབྱོར་མའི་འཁོར་ལོའི་ངོ་བོ་ཆོས་ཀྱི་སྐུའི་མཚན་ཉིད་ཡིན་
ནོ། །གང་ཡང་ཀུནྡ་དང་ཟླ་བ་ལྟར་དཀར་བ་དེ་དང་ལྷན་ཅིག་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཉམས་སུ་མྱོང་བ་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དཔལ་ཧེ་རུ་ཀའི་ངོ་བོར་མཚོན་པར་བྱའོ། །དེ་ཡང་། ཀུན་རྫོབ་དུང་དང་ཟླ་བ་འདྲ། །སྒྲིབ་བྲལ་བདེ་བའི་ངོ་བོ་ཉིད། །བཅོམ་ལྡན་ཞུ་བའི་རྣམ་

པར་གྱུར། །དེ་བདེ་ཆགས་ཅན་མ་རུང་འདོད། །ཅེས་པས་སོ། །དེ་ལྟ་བུ་ནི་མཆོག་དང་དགའ་བྲལ་གྱི་བར་དུ་མཚོན་པར་བྱ་བར་གསུངས་པའི་རིགས་པ་ཤེས་པའི་བསམ་པ་ཡིན་ནོ། །དེ་ཡང་སྨྲས་པ། མཆོག་དང་དགའ་བྲལ་དབུས་དག་ཏུ། །མཚོན་ཞིང་ལྟོས་ལ་བརྟན་པར་གྱིས། །
ཞེས་པ་དང་། དགའ་བྲལ་དང་པོར་མཚོན་བྱ་བ། །དེ་ནི་དགའ་བ་གསུམ་བྲལ་ཉིད། །ཅེས་གསུངས། གལ་ཏེ་བདེ་བ་ཆེན་པོ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། མ་ཞི་བ་ཉིད་ཀྱི་ཕྱིར་དང་། བསྒྲུབ་བྱ་ཉིད་མ་ཡིན་པར་དགྱེས་པའི་རྡོ་རྗེའི་རྒྱུད་དེ་ཉིད་དུ་བཀག་པའི་ཕྱིར་ཏེ། ཇི་སྐད་དུ། དེ་
བས་བདེ་བ་དེ་ཉིད་མིན། །གང་ཕྱིར་འབྱུང་བ་ཆེ་བདེ་བ། །ཞེས་གསུངས་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་ཀྱང་གཉིས་སུ་མེད་པ་ཉིད་བསྒྲུབ་བྱ་ཉིད་དུ་གསུངས་པའི་ཕྱིར། ཐེག་པའི་ཁྱད་པར་ལ་ཡང་དེ་ཁོ་ན་ཉིད་ཀྱི་ཁྱད་པར་ནི་
ཡོད་པ་མ་ཡིན་ཏེ། དེ་ཁོ་ན་ཉིད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཐབས་ཐ་དད་པ་ལས་འབྲས་བུ་ཐ་དད་པར་ཇི་ལྟ་བར་མི་འགྱུར། རྒྱུའི་ཐ་དད་པ་ལས་འབྲས་བུའི་ཐ་དད་མཐོང་ཕྱིར་སཱ་ལུའི་མྱུ་གུ་དང་ནས་ཀྱི་མྱུ་གུ་དག་བཞིན་ནོ། །གཞན་དུ་ན་སྐྱེད་པར་བྱེད་བ་མེད་པ་ཉིད་དུ་འགྱུར་རོ་
ཞེ་ན་དེ་ནི་མ་ཡིན་ཏེ། སྔ་ན་མེད་པ་བསྐྱེད་པའམ། འགྱུར་བ་མེད་པའི་འབྲས་བུ་ནི་རྒྱུའི་ཐ་དད་པ་ལས་འབྲས་བུ་ཐ་དད་པ་འབྱུང་བར་འགྱུར་གྱི། ཐོབ་པར་བྱ་བ་མ་ཡིན་ནོ། །དེ་འཐོབ་པར་བྱེད་པ་ཙམ་གྱིས་ཐབས་ལ་ཐ་དད་ཡོད་ཀྱི་རང་གི་ངོ་བོ་ནི་མ་ཡིན་ནོ། །ཐེག་པ་ཆེན་པོའི་འདིར་
རྟོག་པ་རོ་གཅིག་པ་ནམ་མཁའ་དྲི་མ་མེད་པ་ལྟ་བུ་ཆོས་ཀྱི་སྐུའི་ངོ་བོ་འདུས་མ་བྱས་པའི་བསྒྲུབ་པར་བྱ་བའི་གཙོ་བོ་ཐོབ་པར་བྱ་བ་ལ་ནི་ཐ་དད་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་དེ་ནི་བསྒྲུབ་བྱ་མ་ཡིན་པའི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་སུ་མཚོན་པར་བྱ་བ་མ་ཡིན་
ནོ། །མཆོག་དང་དགའ་བ་དང་དགའ་བྲལ་དག་གི་དབུས་སུ་ཡང་མཚོན་པར་བྱ་བ་མ་ཡིན་ཏེ། དེའི་དུས་ན་བདེ་བའི་རྣམ་པ་ཤིན་ཏུ་ལྷག་པར་གྱུར་པ་ཉིད་ཀྱི་ཕྱིར། ཤིན་ཏུ་མྱ་ངན་ལས་འདས་པར་རབ་ཏུ་གསལ་ཞིང་། རོ་གཅིག་པ་བྱ་བ་བྱས་པ་ཉིད་ཀྱི་མཚན་ཉིད་ཅན། དེའི་

དུས་ན་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་དགའ་བ་ཅིག་ཅར་སངས་རྒྱས་ཀྱི་སྒྲིབ་པ་དང་བྲལ་བ་ཤིན་ཏུ་རབ་ཏུ་ཞི་བའི་བདེ་བ་ཆེན་པོ་ལྟ་ཞོག བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ཉིད་ལ་ཡང་ཤིན་ཏུ་བདེ་བ་ཆེན་པོ་ཉིད་དུ་བསྟན་
ཏེ། དེ་ཡང་། དེ་ལས་རབ་ཞི་མི་གཡོ་མཆོག །དབང་གྱུར་མི་མཉམ་མཉམ་པ་ཉིད། །རྣམ་པར་མི་རྟོག་བདེ་བ་ནི། །བྱང་ཆུབ་སེམས་དཔའ་ཐོབ་པར་འགྱུར། །ཞེས་གསུངས་པས་སོ། །གང་ཡང་དགྱེས་པའི་རྡོ་རྗེ་ཉིད་ལས་ཀྱང་། བདེ་བ་བསྒྲུབ་བྱ་ཉིད་དུ་
བཀག་པ་དེ་ཡང་མི་རིགས་ཏེ། དེར་ནི་ཟག་པ་མེད་པ་ནམ་མཁའ་ལྟ་བུའི་བདེ་བ་བསྒྲུབ་བྱ་མ་ཡིན་པར་བཀག་པ་མེད་དོ། །འོན་ཀྱང་དཔེར་བསྟན་པའི་བདེ་བ་ཟག་པ་དང་བཅས་པ། ཉམས་པ་དང་བཅས་པ། བསྒྲུབ་བྱ་ཉིད་དུ་སེམས་པར་འགའ་ཞིག་འགྱུར་རོ་སྙམ་དུ་དགོངས་
ནས་བཀག་པ་ཡིན་ནོ། །གང་ཡང་། དགའ་བྲལ་མཐར་ནི་གནས་པ་ལ། །ཞེས་བྱ་བའི་ཚིག་གིས་དེ་ཉིད་དུ་བྱ་བ་བྱས་པ། མཆོག་ཏུ་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་མཚོན་པར་བྱ་བ་ཡིན་གྱི། བདེ་བ་ཆེན་པོ་ནི་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ།
དགའ་བྲལ་མཐར་ནི་ཞེས་བྱ་བ་དེར་ཡང་འབྲུ་མང་པོའི་བསྡུ་བ་ཡིན་ནོ། །གང་ཡང་། ལྷན་ཅིག་སྐྱེས་དགའི་འཇུག་ཉིད་དོ། །ཞེས་བསྟན་པ་དེར་ཡང་འཇུག་ཉིད་ནི་ལྷག་མ་གསུམ་པོ་ཉིད་དེ་རིགས་པ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་བསྒོམ་པར་བྱ་བ་ཡིན་ནོ་ཞེས་རྟོགས་པར་བྱའོ། །
གཞན་ཡང་དགའ་བྲལ་གྱི་མཐར་རབ་ཏུ་ཞི་བ་རོ་གཅིག་པ་གཉིས་སུ་མེད་པ། བརྗོད་པ་མེད་པ། འདོད་པ་མེད་པ། འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་མ་ཡིན་པ་ཉིད་ནི་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་འདོད་ན་ཡང་། དེ་ལྟ་བུ་ནི་མི་སྲིད་དེ། གང་གི་ཕྱིར་
དེའི་གནས་སྐབས་ན་གཉིས་སུ་མེད་པའི་ཡེ་ཤེས་ཉམས་སུ་མྱོང་བ་མེད་པ་སྟེ། ཐབས་དང་ཤེས་རབ་དག་གི་ཡུལ་རྣམ་པ་སྣ་ཚོགས་སྣང་བའི་ཕྱིར་རོ། །བརྗོད་པ་མེད་པ་ཡང་མ་ཡིན་ཏེ་ཉམས་སུ་མྱོང་བའི་དོན་དུ་མ་ལ་རབ་ཏུ་རྟོག་པའི་ཕྱིར་རོ། །འདོད་

ཆགས་དང་འདོད་ཆགས་དང་བྲལ་བ་སྤངས་པ་ཡང་མ་ཡིན་ཏེ་ལུས་ཟུངས་ཟད་པར་གྱུར་པ་ལ་འདོད་ཆགས་དང་བྲལ་བ་སྲིད་ལ། ལུས་ཟུངས་འཕེལ་བར་གྱུར་པ་ལ་ཡང་འདོད་ཆགས་སྐྱེ་བར་གྱུར་པ་སྲིད་པའི་ཕྱིར་རོ། །དེ་འདོད་ཆགས་བྲལ་བ་ཡང་མ་
ཡིན་ཏེ། ཡང་འཇུག་པར་མོས་པ་སྲིད་པའི་ཕྱིར་རོ། །མིག་ལ་སོགས་པ་བཙུམས་པའི་འབད་པ་ཉིད་ཀྱིས་རྣམ་པར་རྟོག་པ་སྤོང་པར་འགྱུར་ཞིང་། བྱེ་བྲག་ཏུ་སྣང་བ་ནུབ་པར་གྱུར་ན་ཕྱག་རྒྱའི་དགོས་པ་འབྲས་བུ་མེད་པར་འགྱུར་ཏེ། གཞན་དུ་ཡང་དེ་གྲུབ་པའི་ཕྱིར་རོ། །
ཤེས་རབ་ཀྱི་ཆུ་སྐྱེས་དང་སྦྱོར་བ་མེད་ན་མཆོག་ཏུ་མྱ་ངན་ལས་འདས་པའི་བྱ་བ་བྱས་པ་ཉིད་འགྲུབ་པར་མི་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཟས་དང་། བསྐུ་མཉེ་དང་། ཁྲུས་ལ་སོགས་པས་ཀྱང་དེ་ལྟ་བུའི་བྱ་བ་བྱས་པས་སྐྱེད་པར་འགྱུར་ཏེ་མང་དུ་སྨྲ་ཅི་དགོས། སྨྲས་པ། རྣལ་འབྱོར་
མ་རྒྱུད་བསྒྲུབ་བྱ་འདི། །ལྷན་ཅིག་སྐྱེས་གྲགས་བདེ་བ་ཆེ། །མཆོག་གི་མཐའ་དང་དགའ་བྲལ་གྱི། །དང་པོར་འབད་པས་མཚོན་པར་བྱ། །ཞེས་བྱ་བ་ཡིན་ནོ། །གལ་ཏེ་དཔལ་གསང་བ་འདུས་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་དང་། དགྱེས་པ་རྡོ་རྗེ་ལ་སོགས་པ་རྣལ་
འབྱོར་མའི་རྒྱུད་རྣམས་སུ་དབང་བསྐུར་བ་རྣམ་པ་དུ་ཞིག་ཏུ་འདོད་ཅེ་ན། དེ་ལ་ཁ་ཅིག་ནི་དཔལ་གསང་བ་འདུས་པར་ནི་དབང་བསྐུར་བ་རྣམ་པ་གསུམ་དུ་འདོད་དེ། དབང་བསྐུར་བ་ནི་རྣམ་པ་གསུམ། །རྒྱུད་འདི་རུ་ནི་བསྟན་པ་ཡིན། །ཞེས་བྱ་བའི་ཚིག་དང་ལུས་དང་ངག་དང་ཡིད་
དག་པར་བྱེད་པའི་ཕྱིར་ཏེ། ལུས་དང་ངག་ཡིད་དབྱེ་བ་ཡིས། །གསང་བ་འདུས་པར་དབང་བསྐུར་བ། །མགོན་པོས་གསུམ་དུ་ཡང་དག་བསྟན། །བཞི་པ་ཞེས་བྱ་མི་འདོད་དོ། །ཞེས་ཟེར་རོ། །གལ་ཏེ་དེ་ལྟ་ན། དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་བྱ་བའི་ཚིག་དེ་ཇི་ལྟར་
དྲང་ཞེ་ན། བརྗོད་པར་བྱ་སྟེ། འདིས་ནི་དབང་གི་དོན་རྗོད་པར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱུད་ཀྱི་དོན་སྦྱོར་བར་བྱེད་པ་ཡིན་ཏེ། དེ་ཡང་རྒྱུད་ལས། བསྙེན་པའི་སྒྲུབ་པ་དང་པོ་སྟེ། །གཉིས་པ་ཉེ་བར་སྒྲུབ་པ་ཡིན། །སྒྲུབ་པ་ཉིད་ནི་གསུམ་པ་སྟེ། །སྒྲུབ་པ་

ཆེན་པོ་བཞི་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེའི་དོན་ནི་འདི་ཡིན་ཏེ། ཤེས་རབ་ཡེ་ཤེས་གང་ཡིན་པ་དེ་ཉིད་བཞི་པ་དང་སྒྲུབ་པ་ཆེན་པོ་ཞེས་བྱ་བའི་དོན་ཏེ། དེ་ཉིད་ཀྱིས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའི་ཕྱིར་རོ། །ད་ལྟ་ནི་དེའི་གོ་འཕང་
མཚོན་པར་བྱེད་པ་དེ་ཉིད་ཤེས་རབ་ཡེ་ཤེས་ལ་བཞི་པར་བྱ་ཞིང་། བཞི་པ་ཞེས་བྱ་བའི་སྒྲས་བརྗོད་པར་བྱ་སྟེ། སྒྲུབ་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དབང་བསྐུར་བ་ལ་དེ་མངོན་པར་རྗོད་པར་བྱེད་པ་དགོས་པ་ཅི་ཞིག་ཡོད་ཅེ་ན། ཤེས་རབ་དང་འབྲེལ་པའི་དབང་བསྐུར་བའི་དགོས་པ་
བརྗོད་པར་བྱ་བ་ཡིན་ནོ་སྙམ་དུ་སེམས་པའོ། །བློ་གྲོས་བཟང་བ་གཞན་དག་ནི། །གཞན་དུ་རྗོད་པར་མི་བྱེད་དེ། །བུམ་པའི་དབང་ནི་དང་པོ་སྟེ། །གསང་བ་ཞེས་བྱ་གཉིས་པར་བརྗོད། །ཤེས་རབ་ཡེ་ཤེས་གསུམ་པའོ། །ཞེས་བྱ་བའི་ཚིག་གིས་རྒྱུད་གཞན་དུ་རབ་ཏུ་གྲགས་
པའི་ཕྲེང་བ་དང་ཆུ་དང་ཅོད་པན་ལ་སོགས་པའི་དབང་བསྐུར་བ་མི་འགྲུབ་པར་ཐལ་བར་འགྱུར་ཏེ། ཁྱད་པར་ཅན་དུ་བསྟན་པའི་ཚིག་གིས་སྤྱི་ལ་གནོད་པའི་ཕྱིར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ཡིན་པ་ལས་གཞན་པ། རྒྱུད་གཞན་དག་ཏུ་རབ་ཏུ་གྲགས་པའི་
དབང་བསྐུར་བའི་ཁྱད་པར་ལ་བཞི་པར་གསུངས་ཏེ། རྒྱུད་གཞན་གྱི་གང་ཡིན་པ་དེ་ལྟར་རྒྱུད་འདིར་ཡང་རིག་པར་བྱ་སྟེ། བྱེ་བྲག་མེད་པ་ནི་ཡང་འདིར་བརྗོད་པར་བྱ་མི་དགོས་སོ་སྙམ་དུ་དགོངས་པའོ། །གཞན་དག་ནི་དབང་བསྐུར་བ་བཞི་པ་ཐ་དད་པར་འདོད་དེ། དེ་ཡང་འདི་ལྟར།
གང་ཤེས་རབ་ཡེ་ཤེས་ཀྱི་དུས་ན་བདེ་བ་ཆེན་པོ་གཉིས་སུ་མེད་པ་ཉམས་སུ་མྱོང་བ་དེ་ཉིད་ཇི་ལྟ་བ་དེ་ལྟ་བུར་མཚོན་པར་བྱ་བ་དང་། མཚོན་པར་བྱེད་པའི་ངོ་བོ་མན་ངག་ཇི་ལྟ་བ་བཞིན་དུ་བླ་མའི་ཚིག་གིས་རབ་ཏུ་བསྒྲུབ་པ་ན། ངེས་པར་སྐྱེ་བའི་ཡུལ་དུ་གྱུར་པ་ནི་དབང་བསྐུར་བ་བཞི་པར་
འགྱུར་རོ། །སེམས་ཉིད་ངེས་པ་དང་མ་ངེས་པའི་ངོ་བོ་རྣམ་པ་གཉིས་ཀྱིས་དབང་བསྐུར་བ་ཡང་རྣམ་པ་གཉིས་སུ་འདོད་དེ། དེ་ཡང་། ཆོ་ག་ཇི་སྐད་གསུངས་པའི་དབང་བསྐུར་ནས། །སློབ་མའི་ཡིད་ཀྱི་མོས་པ་ཡོངས་བརྟགས་ལ། །རྒྱ་ཆེ་བ་དང་ཟབ་མོར་མོས་པ་ལ། །དབང་

བསྐུར་རིན་ཆེན་ཚིག་གིས་སྦྱིན་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ཡིན་ན་བུམ་པ་དང་གསང་བ་དག་ལ་ཡང་ཚིག་གིས་སྒྲུབ་པ་དང་ལྡན་པར་གྱུར་པས། དབང་བསྐུར་དེ་དག་གི་ཁྱད་པར་གཞན་དུ་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེ་དག་ནི་དང་པོ་ཉིད་ནས་ངེས་པ་ཡིན་
ཏེ། ངེས་པ་དང་མ་ངེས་པའི་ངོ་བོ་ཉིད་ཀྱི་དབྱེ་བ་མེད་པའི་ཕྱིར་དང་། དབང་བསྐུར་བའི་ཁྱད་པར་གཞན་དག་ཀྱང་རྒྱུད་ལས་གསུངས་པ་མེད་པའི་ཕྱིར་དང་ཡང་དག་པར་སྟོན་པ་ཡང་མེད་པའི་ཕྱིར་རོ་སྙམ་དུ་སེམས་སོ། །དགྱེས་པའི་རྡོ་རྗེ་ལ་སོགས་པ་རྣལ་འབྱོར་མའི་རྒྱུད་ཉིད་དུ་ཡང་
སློབ་དཔོན་ཁ་ཅིག་དབང་བསྐུར་བ་རྣམ་པ་གསུམ་ཉིད་དུ་འདོད་དེ། དེ་ལྟར་དེ་བཞིན་བཞི་པ་ཡང་གསུམ་པ་ལས་གཞན་པ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པར་གསུངས་པའི་ཕྲེང་བ་དང་། ཆུ་ལ་སོགས་པའི་དབང་བསྐུར་བ་གཞན་དེས་བསྡུས་པ་ཡིན་པར་སྟོན་ཏོ། །རྡོ་རྗེ་རིགས་ཀྱི་
ལེའུ་ལས་འདོད་པའི་དབང་བསྐུར་བ་རྣམ་པ་བཞི་ཡང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཉིད་ལ་སྦྱོར་བར་བྱེད་དེ། གང་ཤེས་རབ་དང་ལྷན་ཅིག་ཆགས་པ་དང་། དགོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ལ་མཆོད་པའི་ངོ་བོ་སློབ་དཔོན་གྱི་ལས་ཀྱི་
མཚན་ཉིད་ཡིན་པའི་ཕྱིར་སློབ་དཔོན་གྱིས་དབང་བསྐུར་བའོ། །ཤེས་རབ་གང་ལ་ཆགས་པ་དང་བཅས་པས་པདྨ་འབྱེད་ཅིང་མཐོང་བ་དེ་ནི་གསང་བ་ལ་བརྟེན་པ་ཡིན་པའི་ཕྱིར་གསང་བའི་དབང་བསྐུར་བའོ། །ཤེས་རབ་གང་གི་ཡན་ལག་ཀུན་མཐོང་བ་ནི་དེ་ཤེས་རབ་ལ་བརྟེན་པ་
ཡིན་པའི་ཕྱིར་ཤེས་རབ་ཀྱི་དབང་བསྐུར་བའོ། །གང་གཉིས་ཀའི་བྱ་བ་ལས་བྱུང་བ་དེ་ཁོ་ནའི་མཆོག་ཡང་དག་པར་མཚོན་པ་གཉིས་སུ་མེད་པའི་ཡེ་ཤེས་ནི་བཞི་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ཡང་། དགོད་པ་དག་པ་སློབ་དཔོན་ཏེ། །དེ་བཞིན་མཐོང་བ་གསང་བ་ཉིད། །
ཡན་ལག་ཀུན་ཐོབ་ཤེས་རབ་སྟེ། །དེ་བཞིན་གཉིས་ཀྱིས་བཙལ་བའོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་དག་ནི་དབང་བསྐུར་བ་བཞི་པ་གཞན་དུ་འདོད་དེ། དགྱེས་པའི་རྡོ་རྗེའི་ལེའུ་དང་པོ་ལས་ཐམས་ཅད་བཞི་ཉིད་དུ་འདོད་པའི་ཕྱིར་གཙོ་བོར་བསྟན་པ་ནི་གང་ན་ཡང་

མེད་པས་མོས་པ་ཡང་དགོས་པ་མེད་དོ། །དེ་ལྟ་བས་ན་སེམས་ཀྱི་དབང་བསྐུར་བ་ཉིད་རྣམ་པ་གཉིས་སུ་དབྱེ་བར་བྱས་པ་ལ་དབང་བསྐུར་བ་བཞི་པར་འདིར་བལྟ་བར་བྱའོ། །དེ་ལྟ་ན་ཡང་ཤེས་རབ་ཀྱི་ཡན་ལག་དང་འདུས་པར་གྱུར་པ་ལ། ནོར་བུའི་
རྩེ་མོར་ཕྱིན་པའི་བྱང་ཆུབ་སེམས་དང་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་འཇུག་པ་ཐམས་ཅད་ལ་གནོད་པ་ཡུལ་ཡོད་པ་མ་ཡིན་ཡང་དམིགས་པའི་དབང་གིས་ཡུལ་སོ་སོར་ངེས་པར་འཇུག་པ་ལྟ་བུ་དོན་དམ་པའི་ལྷན་ཅིག་སྐྱེས་པའི་དཔེའི་ངོ་བོ་གང་ཉམས་སུ་མྱོང་བ་དེ་མན་ངག་ཉིད་
དང་། གོམས་པར་བྱ་བའི་འཁྲུལ་འཁོར་དགུག་པ་ལ་སོགས་པ་དང་། རླུང་གི་ས་བོན་ནུས་པ་ཇི་ལྟ་བ་བཞིན་དུ་བརྟན་པར་བྱས་ནས་མཚོན་པར་བྱའོ། །འདི་བརྟན་པར་བྱས་ལ་ཡན་ལག་དང་ཉིང་ལག་ཐམས་ཅད་སྤྲོས་པར་བྱའོ། །ཡན་ལག་དང་ཉིང་ལག་ཐམས་ཅད་ལ་ཁྱབ་ནས་
གོམས་པའི་དབང་གིས་འདི་རིམ་གྱིས་བརྟན་པ་དང་གཡོ་བའི་དངོས་པོ་མ་ལུས་པ་ཐམས་ཅད་ལ་ཁྱབ་པར་བྱས་ཏེ། མཉམ་པར་གཞག་པའི་སེམས་ཀྱིས་དེ་དག་དེའི་རང་བཞིན་དུ་བྱའོ། །སྣ་ཚོགས་འདི་དག་དེའི་རང་བཞིན་དུ་བྱས་པས་ཀྱང་དེ་ལས་གཞན་པའི་དངོས་པོ་སྣང་
བ་དང་། དགའ་བ་ཡིན་པས་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་དེ་བླ་མའི་མན་ངག་ཉིད་ཀྱིས་ཡང་དང་ཡང་དུ་བསྟན་པར་བྱའོ་ཞེས་བྱ་བ་གྲུབ་པའི་མཐའ་ཡིན་ནོ། །དེ་ལ་ཤེས་རབ་ཀྱི་ཡན་ལག་དང་འདུས་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་གང་བརྟན་པར་བྱས་པའི་མཚན་ཉིད་ཅན་
དེ་ནི་ཤེས་རབ་ཀྱི་ཡན་ལག་ལ་བརྟེན་པའི་སེམས་ཉིད་ཡིན་པའི་ཕྱིར་ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་ཞེས་བྱའོ། །གང་ཡང་བརྟན་པར་བྱས་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ནུས་པ་ཇི་ལྟ་བ་བཞིན་མཉམ་པར་གཞག་པའི་སེམས་ཀྱིས་ཡན་ལག་དང་ཉིང་ལག་ཐམས་ཅད་
ཁྱབ་པ་དང་། སྣ་ཚོགས་ལ་ཁྱབ་པས་སྣ་ཚོགས་དེའི་རང་བཞིན་དུ་བྱེད་པ་དེ་ནི་ཤེས་རབ་ཡེ་ཤེས་དང་འདྲ་བར་གཉིས་སུ་མེད་པ་བརྗོད་པ་མེད་པའི་བདེ་བ་ཆེན་པོ་ཙམ་སྣང་བ་ཉིད་དེ་ཡང་སེམས་ཉིད་དབང་བསྐུར་བ་སྟེ། དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་བྱ་བ་བསྟན་པ་ཡིན་

ནོ་སྙམ་དུ་སེམས་སོ། །ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་རྣལ་འབྱོར་འདི་ཇི་ལྟ་བར་གང་ཡང་འདིའི་དམ་ཚིག་ཀྱང་དེ་ལྟ་བུ་ཉིད་དུ་གོམས་པར་བྱའོ། །དེ་ཐམས་ཅད་ལྷན་ཅིག་སྐྱེས་པ་གྲུབ་པར་དགྱེས་པའི་རྡོ་རྗེ་ལས་བཏུས་ནས་ཁོ་བོས་བསྟན་པས་འདིར་རྒྱས་པར་མ་བྱས་སོ། །འདི་དག་ཐམས་ཅད་
ནི་མཉམ་པར་གཞག་པའི་སློབ་དཔོན་གྱིས་སློབ་མ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་སུ་དེ་ལྟ་བུའི་གནས་སྐབས་ཀྱི་བརྡས་ཉེ་བར་ཐོབ་པར་བྱ་སྟེ། ཡེ་ཤེས་འདི་ནི་ཤིན་ཏུ་ཕྲ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ནས་དེ་ཁོ་ན་ཉིད་བསྒྲུབ་པར་བྱའོ་ཞེས་
བྱ་བ་ནི་གཞུང་ལུགས་སོ། །ཤེས་རབ་ཡེ་ཤེས་དབང་བསྐུར་གྱི། །མཚོན་བྱ་མཚོན་བྱེད་དབྱེ་བ་ནི། །བརྗོད་བྱ་གསུམ་ལས་འདིར་དཔྱོད་ལ། །མཁས་པས་རིགས་པ་དེ་བླང་བྱ། །དབང་བསྐུར་རྣམ་པར་གཞག་པ་འདི། །རེ་ཞིག་དཔལ་ལྡན་འདུས་པར་གསལ། །
ཕྱག་རྒྱ་དེ་ཉིད་རྗེས་འབྲངས་ནས། །རྒྱུད་གཞན་རྗེས་སུ་འབྲང་བར་བགྱིས། །དཔལ་ལྡན་འདུས་པའམ་དགྱེས་རྡོ་རྗེར། །དབང་བསྐུར་ཇི་ལྟར་དེ་ལྟར་འདིར། །བཞི་པའི་དབྱེ་བ་གང་བརྗོད་པ། །མཁས་པས་རིགས་པ་དེ་གཟུང་བྱ། །རྒྱུད་གཉིས་རྗེས་སུ་འབྲངས་ནས་
ནི། །རྒྱུད་དེ་དག་གི་བརྡ་ཡིས་ཀྱང་། །རྣལ་འབྱོར་མ་དང་རྣལ་འབྱོར་གྱི། །རྒྱུད་ཀུན་བརྗོད་པ་ཤེས་པར་བྱ། །ལུང་དང་རིགས་པ་ལས་འདས་པའི། །བཞི་པ་ཉིད་ཀྱི་དབྱེ་བ་རྣམས། །བདག་གིས་གཞུང་མང་འཇིགས་པས་ནི། །སུན་འདོན་པ་ནི་འདིར་མ་བྲིས། །
དེ་དང་དེ་ཡི་ཕྱོགས་དེ་ཉིད། །ལྷག་པར་མཐོང་བས་དེ་བརྟགས་ནས། །ལུང་དང་རིགས་པ་དང་ལྡན་པའི། །སུན་འདོན་པ་ནི་སྦྱིན་པར་གྱིས། །དབང་བསྐུར་མཆོག་ནི་དེ་ཉིད་འདི། །བརྗོད་པས་བདག་གིས་དགེ་བསགས་གང་། །དཔལ་ལྡན་རིན་ཆེན་འབྱུང་ལྡན་གཞིར། །
འགྲོ་འདི་མ་ལུས་འཇུག་པར་ཤོག །དབང་བསྐུར་བའི་ངེས་པར་བསྟན་པ་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་ཤཱནྟི་བྷ་དྲ་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅། །རྒྱ་གར་སྐད་དུ། ཨ་བྷི་ཥེ་ཀ་ཨཪྠ་ནི་རུཀྟི་ནཱ་མ། བོད་སྐད་དུ། དབང་གི་དོན་ངེས་པར་བརྗོད་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཆོས་སྐུ་བདེ་བ་ཆེན་པོ་ནི། །སྐུ་གཉིས་པོ་ལ་ཁྱབ་གནས་པ། །རྡོ་རྗེ་འཛིན་
རྟག་ལ་ཕྱག་འཚལ། །དབང་གི་དོན་ནི་ངེས་པར་བཤད། །རྒྱས་བཤད་བདེ་བ་བསྒྲུབ་བྱ་ནི། །ད་ལྟ་ཉིད་དུ་གྱུར་ཡིན་པར། །སེམས་དཔའ་དེ་ནི་མི་རིགས་ཏེ། །དབང་གིས་དེ་མ་ཐག་གྲོལ་ཕྱིར། །གཙོ་མིན་གཞན་ལས་རྒྱས་བཤད་ནི། །ཇི་ལྟར་རང་གིས་མྱོང་བར་འགྱུར། །ཇི་
ལྟར་བསྒྲུབ་བྱ་འཇིག་བཅས་པས། །གྲོལ་བའང་རྣམ་པར་འཇིག་པར་རིགས། །དེ་ཕྱིར་ཟག་མེད་བསྒྲུབ་བྱ་ནི། །འཇིག་མེད་བླ་ན་མེད་པ་སྟེ། །འགྲོ་བའི་དོན་བྱ་ནུས་ལྡན་པ། །བདེ་བ་ནམ་མཁའ་ལྟ་བུའོ། །སྐྱོབ་པའི་སྐུ་ནི་དེ་ཉིད་དེ། །ཆོས་ཀྱི་སྐུ་ཞེས་བཤད་པ་ཡིན། །དེ་ལ་
ཡང་ནི་གནས་པའི་སྐུ། །ལོངས་སྤྱོད་སྤྲུལ་པའི་མཚན་ཉིད་ཅན། །ཐེག་ཆེན་བླ་ན་མེད་པར་ནི། །གཉིས་པོའང་མཁས་པའི་བསྒྲུབ་བྱ་སྟེ། །གཞན་ནི་དེ་ཡི་སྦྱོར་མིན་པས། །རང་དང་གཞན་དོན་བསྒྲུབ་ཕྱིར་རོ། །ཕ་རོལ་ཕྱིན་པའི་ཐེག་པར་ཡང་། །བསྒྲུབ་བྱ་སྐུ་དེར་བསྒོམས་
པ་ཡིས། །རོ་གཅིག་གསལ་བ་བསམ་མི་ཁྱབ། །འདི་ནི་ཐུབ་ཆེན་ཆོས་སྐུའི་མཚན། །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །ལམ་དེ་བསྒོམས་པའི་སྟོབས་ལས་ཀྱང་། །གཙོ་བོ་དེ་ནི་ཐོབ་པར་འགྱུར། །སྦྱིན་སོགས་ལས་ལས་གཉིས་པོ་དེ། །བསྒྲུབ་བྱ་སྐུ་གསུམ་པོ་འདིར་
ནི། །ཕ་རོལ་ཕྱིན་རིམ་དེ་ལྟ་བུར། །སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་སོགས་པས་སོ། །རྣལ་འབྱོར་རྒྱུད་དུ་བསྒྲུབ་བྱ་སྟེ། །ལྷ་ཡི་ཕྱག་རྒྱའི་དངོས་པོ་སྟེ། །གཙོ་བོ་དང་ནི་དཀྱིལ་འཁོར་བ། །སྤྲོ་དང་བསྡུ་བ་ཡིས་ཀྱང་ངོ་། །གང་
ཞིག་ལ་ལར་བདེ་ཆེན་པོར། །བསམ་མི་ཁྱབ་ཀུན་སྟོབས་ལས་ཀྱང་། །བསྒྲུབ་བྱ་གཉིས་དང་གནས་ཀྱི་སྐུ། །རང་བཞིན་ཞེས་བྱར་རབ་བསྡུས་ཏེ། །ཆོས་རྣམས་ཉིད་ནི་ཐམས་ཅད་ཀྱི། །དེ་ཉིད་ལས་བྱུང་བསྒོམ་པར་བྱ། །ལུས་ལ་སོགས་པའི་ལས་རྣམས་ཀྱང་། །དེ་

ཡི་ངོ་བོར་བརྟགས་ནའོ། །རྣམ་པ་གཉིས་སུ་བཤད་པ་ནི། །བསོད་ནམས་ཚོགས་ཀྱི་རྒྱུ་ཡིས་ཏེ། །རང་བཞིན་ཞེས་བྱའི་རྣལ་འབྱོར་ཆེར། །བསྒྲུབ་བྱ་གཉིས་པོའང་དེ་བཞིན་ནོ། །དེ་ཕྱིར་རྒྱུད་རྣམས་ཐམས་ཅད་དུ། །ཕྱག་རྒྱ་མོ་ཡི་བརྡ་ཡིས་ནི། །དབང་བསྐུར་དང་ལས་ཆོས་
སྐུ་ཡི། །རང་བཞིན་དུ་ཡང་མཚོན་པ་ཙམ། །གཙོ་བོ་དེ་ཉིད་གཅིག་པུར་མཚོན། །ཁ་ཅིག་གཞན་གྱིས་དེ་ལྟར་རིག །དེ་ཉིད་སྒྲུབ་ཐབས་དང་བཅས་པར། །འདིར་མཚོན་ནོ་ཞེས་གཞན་རྣམས་གནས། །ཕྱག་རྒྱ་ཡིས་ནི་སྐུ་གསུམ་མོ། །རབ་ཏུ་ཕྱེ་བ་འདིར་རབ་མཚོན། །
འདི་ལྟར་ཤེས་རབ་དབང་བསྐུར་ལ། །མཁས་རྣམས་གཞན་དག་དེ་ལྟར་སྨྲ། །དེ་ལ་ཕྱོགས་དང་པོའི་བསམ་པ་ནི་འདི་ལྟ་སྟེ། བདེ་བ་ཆེན་པོའི་དངོས་པོ་བསམ་གྱིས་མི་ཁྱབ་པ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དག་གི་གནས་སུ་གྱུར་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུར་འགྲོ་བ་མ་
ལུས་པའི་དོན་གྱི་བྱ་བ་མཛད་ཅིང་། ཀུན་ནས་ཉོན་མོངས་པའི་བག་ཆགས་ཀྱི་ས་བོན་ཟད་པར་བཏོན་པ། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཤིན་ཏུ་རྣམ་པར་དག་པའི་བག་ཆགས་ཀྱི་གཞི་མ་ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་གྱུར་པའི་མཚན་ཉིད་འབྲས་བུའི་གཙོ་བོ་ཆོས་
ཀྱི་སྐུ་ཞེས་བྱ་བ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་སྒོམ་པས་བསྒྲུབ་པར་བྱ་བ་ཡིན་གྱི། མི་ཤེས་པར་ནི་བསྒོམ་པར་བྱ་བ་མ་ཡིན་ཏེ། འདིར་དེ་དམིགས་པའི་ཤེས་པ་མེད་པའི་ཕྱིར་རོ། །དེ་ཐོབ་ན་ནི་བསྒོམ་པ་དོན་མེད་དོ། །གཙོ་
བོ་འཇིག་རྟེན་ལས་འདས་པའི་ལམ་དེའི་དངོས་པོ་ཉེ་བར་མ་གྱུར་ན་གཙོ་བོ་མ་ཡིན་པའི་དངོས་པོ་དེར་རིག་པ་མ་ཡིན་ནོ། །དེའི་ཕྱིར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཕྱག་རྒྱས་མཚོན་པར་བྱ་བའི་རྣམ་པར་རྟོག་པ་མེད་པའི་བདེ་བ་ཆེན་པོ་ཙམ་སོ་སོར་སྣང་
བ་དེ་ཁོ་ན་ཉིད་དང་མཐུན་པར་སྣང་བ་དེ་ཉིད་དུས་ཕྱིས་དེ་ཁོ་ན་ཉིད་དུ་རྣམ་པར་གྲོལ་བ་བསྒོམ་པར་བྱའོ། །རྒྱུད་ལས་ཇི་སྐད་གསུངས་པའི་ཕྱག་རྒྱ་མོར་ཡང་དག་པར་སྦྱར་བར་བླ་མའི་མན་ངག་ལས་བྱང་ཆུབ་ཀྱི་སེམས་ནོར་བུའི་དཀྱིལ་ན་གནས་པའི་ཕྱི་རོལ་དུ་མ་སོང་བའི་བར་མ་

དོ་ན་གནས་པ་ལ་ཉེ་བར་དམིགས་པ་ན་དམིགས་པ་གཞན་ཐམས་ཅད་དང་རབ་ཏུ་འགལ་བར་གྱུར་པའི་གཉིས་སུ་མེད་པར་སྣང་བ་བདེ་བ་ཆེན་པོའི་དངོས་པོའི་ཡེ་ཤེས་ནི་དེའི་དཔེར་གྱུར་པར་བལྟས་ཏེ་བསྒོམ་པར་བྱའོ། །དེའི་རྣམ་པ་དང་མཐུན་པ་ལ་བརྟགས་
པ་ལས་དཔེ་དང་ལྡན་པའི་དོན་དམ་པའི་ཡེ་ཤེས་ཀྱང་དཔེ་འདིས་ཤིན་ཏུ་ཐར་པའི་དོན་དམ་པའི་ཡེ་ཤེས་འདོད་པ་རྣམས་ལ་ཤིན་ཏུ་ཉེ་བར་མཚོན་པར་བྱེད་པར་འགྱུར་རོ། །དེ་བས་ན་འདིར་བླ་མ་རྣམས་ཀྱི་མན་ངག་ལས་དོན་དམ་པའི་ཡེ་ཤེས་དེ་ངེས་པར་ཤེས་པར་གྱུར་ན་ནམ་མཁའ་
རྡོ་རྗེ་བསྒོམ་པ་དེ་ཉིད་དང་བསྐྱེད་པ་དང་རྫོགས་པའི་རིམ་པའི་ལྷའི་རྣལ་འབྱོར་དང་བཅས་པའི་སྦྱོར་བའང་མཚོན་པ་ཡིན་ལ། དེ་གུས་པ་དང་བཅས་པས་རྒྱུན་མ་ཆད་པར་དམ་ཚིག་དང་ལྡན་པར་བསྒོམ་པར་བྱའོ། །དེ་ཡོངས་སུ་རྫོགས་པར་བསྒོམ་པའམ། ལྷའི་དངོས་པོ་དང་
པོར་བསྒོམས་པའི་སྟོབས་དང་། དམ་ཚིག་ཆེན་པོ་ལྷུར་བླངས་པའི་སྟོབས་ལས་ཤིན་ཏུ་མྱུར་བར་རབ་ཏུ་བདེ་བ་དང་སྐུ་གསུམ་པོ་ཐོབ་པར་འགྱུར་རོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་སུ་གཙོ་བོའི་ཕྱིར་ན་ཆོས་ཀྱི་སྐུ། སྐུ་གཉིས་པོའི་རྟེན་དེ་ཉིད་མཚོན་པ་ཡིན་
ནོ་ཞེས་ཕྱོགས་དང་པོའི་བསམ་པ་ཡིན་ནོ། །ཕྱོགས་གཉིས་པའི་དགོངས་པ་ཡང་འདི་ཡིན་ཏེ། གང་གི་ཚེ་ཡང་བདེ་བ་ཆེན་པོ་ཟག་པ་མེད་པ་ནི་བདག་གིས་ཀྱང་བསྒྲུབ་པར་བྱ་བ་ཡིན་མོད་ཀྱི། དེ་བས་ཀྱང་དེའི་སྒྲུབ་པའི་ཐབས་ལས་མ་གཏོགས་པ་གཞན་གྱིས་བསྒྲུབ་པར་མི་ནུས་པ་
དེས་ན་སྒྲུབ་པའི་ཐབས་ཀྱང་མཚོན་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་སྒྲུབ་ཐབས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚོགས་མཐོང་བར་བྱ་བའི་ཕྱིར་ན་ལམ་གྱི་རང་བཞིན་བསྒོམ་པའོ། །དེ་ཡང་རྣལ་འབྱོར་གྱི་རྒྱུད་དུ་དམ་ཚིག་ཇི་ལྟ་བ་བཞིན་དུ་ལྷའི་དངོས་པོ་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་བཏབ་པའི་ཡེ་ཤེས་སོ། །དེ་ཡང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་མཚོན་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་མཚན་མ་བསྐྱེད་པའི་རིམ་པ་ལ་རྩོམ་པར་བྱེད་པའི་དུས་ན་བསྐྱེད་པའི་རིམ་པ་ཡང་དེ་བཞིན་དུ་མཚོན་པར་བྱས་པ་ཡིན་ནོ་

ཞེས་སོ། །དེ་ལ་ཆོ་ག་ནི་དཔལ་གསང་བ་འདུས་པ་ལ་སོགས་པ་དེ་སྙེད་དུ་རབ་ཏུ་བསྡུས་པའི་རྒྱུད་ལས་གསུངས་པའི་མཚན་ཉིད་ཅན་སྒྲུབ་པ་པོ་ལ་སྤྲོ་བ་དང་ལྡན་པའི་ཕྱག་རྒྱ་མོའི་གང་གཟུགས་ལ་སོགས་པ་མཐོར་བར་བྱ་བ་དང་། ནུ་མ་སྲ་བ་ལ་སོགས་པ་ལ་རེག་པར་བྱ་བ་
དང་། རྗེས་སུ་ཆགས་པ་དང་བཅས་པ་དང་། དུང་མོ་རྣ་བས་ཐོས་པར་བྱ་བ་དང་། མ་མཆུའི་རོ་མྱང་བར་བྱ་བ་དང་། ལུས་པོ་ལ་རི་དགས་ཀྱི་ལྟེ་བས་བྱུགས་པའི་དྲི་མ་མནམ་ཞིང་། དེ་རྣམས་ཀྱི་དངོས་པོ་ཡང་སྒྱུ་མ་ལྟ་བུར་ཡང་དག་པར་ཁོང་དུ་ཆུད་པར་བྱས་ལ། དེ་
དང་ལྷན་ཅིག་སྐྱེས་པའི་དགའ་བ་གང་ཡིན་པ་དེ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་དང་། གཟུགས་རྡོ་རྗེ་མ་ལ་སོགས་པའི་རང་བཞིན་ཚོགས་ཀྱི་ལམ་གྱི་ངོ་བོར་ཡང་དག་པར་བཟུང་སྟེ་ཡང་དག་པར་བརྩམས་པ་ཉིད་ལས་མཚོན་པར་བྱའོ། །ཕྱག་རྒྱ་
གང་ཡིན་པ་དེ་ཉིད་ཀྱི་ལུས་པོ་བསྡམས་པས་བླངས་པའི་ནུ་མ་ལ་སོགས་པའི་སྲ་བ་རྣམས་ནི་སའི་རང་བཞིན་རེག་བྱ་ཤེས་པའི་དམིགས་བྱར་གྱུར་པ་རང་སྣང་བ་ཙམ་པོ་དེས་ཕྱི་རོལ་གྱི་དོན་གྱི་རྗེས་སུ་དམིགས་པ་ལས་གཞན་དུ་ཅུང་ཟད་ཀྱང་བརྟག་པར་མི་བྱའོ། །དེ་ལྟ་བུའི་ཆོ་ག་དང་
ཡེ་ཤེས་སུ་བཅས་པར་སྐྱེས་པའི་དགའ་བ་དེ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གཏི་མུག་ལོངས་སྤྱོད་པར་གནས་པ་དང་། གཏི་མུག་དགའ་མ་སྟེ་རྡོ་རྗེར་གནས་སོ། །ཐབས་ཀྱི་གནས་སྐབས་སུ་གནས་པ་ལས་བསྙེན་པའི་མཚན་ཉིད་ཡན་ལག་དང་པོ་སྟེ། ངེས་པར་རིག་
པར་བྱེད་པའི་ཆར་ཡང་དག་པར་བླངས་པ་དེའི་དེ་མ་ཐག་པར་ཡང་དག་པར་མཚོན་པའོ། །དེ་སྐད་དུ་གསུངས་པ། བསྒྲུབ་བྱ་སྒྲུབ་པར་རབ་སྦྱོར་བ། །གང་ཡིན་པ་འདི་བསྙེན་པར་གསུངས། །ཞེས་སོ། །འདིར་ཕྱིས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་
པ་ཐམས་ཅད་ཡང་དག་པར་བསྡུས་པར་གྱུར་པ་རྣམས་དང་། གཏི་མུག་རྡོ་རྗེ་ལ་སོགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། གཏི་མུག་དགའ་མ་ལ་སོགས་པ་རྣམས་ཀྱི་སྤྲོ་བ་དང་བསྡུ་བ་ལ་སོགས་པ་རྣམས་བླ་མ་དང་སློབ་མ་མཁས་པ་དག་གིས་ཇི་ལྟ་

བའི་མན་ངག་གིས་བྱ་བ་ཡིན་ནོ། །དེ་ཉིད་ཀྱིས་ན་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དེ་ཉིད་ཀྱི་པདྨ་ནི། སྐུ་དང་གསུང་དང་ཐུགས་ནང་སྟོང་པ་ཉིད་ཀྱི་ནང་ཟུར་གསུམ་པ་དང་། ནམ་ནམ་མཁའི་ངོ་བོ་ཅན་དང་། སྟེང་ནས་སྟེང་དུ་རྣམ་པར་རྒྱས་པ་ནི་ས་རྣམས་རྣམ་པར་
དག་པའི་དམིགས་པར་བྱ་བར་གྱུར་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པ་ཡང་དག་པའི་ཡེ་ཤེས་ཀྱི་རང་གི་ངོ་བོ་ལ་རྡོ་རྗེ་དབྱུག་པ་སྲ་ཞིང་མཁྲེགས་པའི་ངོ་བོ་ནམ་མཁའ་དང་མཉམ་པའི་སྟོང་པ་ཉིད་ཀྱི་དམིགས་པ་དང་ལྡན་པ་ཁ་གྱེན་དུ་བལྟས་པས་ཆོས་
ཀྱི་དབྱིངས་གཉིས་སུ་མེད་ཅིང་། ཟག་པ་མེད་པ་མཐོང་བའི་ལམ་གྱི་ངོ་བོ་ཐམས་ཅད་དུ་ཆོས་ཀྱི་དབྱིངས་སོ་སོར་རིག་པའི་མཚན་ཉིད་མ་མཐོང་བར་བྱེད་པའོ། །དེ་ནི་ཕྱག་རྒྱ་ལས་ཤེས་པར་འགྱུར་རོ། །དེ་ལ་རྡོ་རྗེ་དང་པདྨ་གཉིས་སུ་མེད་པར་བྱེད་པའི་ཡེ་ཤེས་གང་ཡིན་པ་དེ་དང་
དེའི་གཉིས་སུ་དབྱེ་བའི་སྦྱོར་བའི་བདག་ཉིད་དང་བྲལ་མོད་ཀྱང་། གཙོ་བོ་གང་ཡིན་པ་དེ་དམིགས་པར་བྱེད་པར་གྱུར་པ་ཆུའི་ཁམས་ཀྱི་རང་བཞིན་གཤེར་བ་གང་ཡིན་པ་དེ་དང་ལྷན་ཅིག་ཏུ་སྐྱེས་པའི་དགའ་བ་དེ་ནི་བཅོམ་ལྡན་འདས་མི་བསྐྱོད་པ་དང་། མཱ་མ་ཀཱི་ཞེ་སྡང་ལ་སྤྱོད་པར་
གནས་པ་སྟེ་ཞེ་སྡང་དགའ་མ་དང་ཞེ་སྡང་རྡོ་རྗེའོ། །ཐབས་ཀྱི་གནས་སྐབས་ལས་ཡན་ལག་གཉིས་པ་སྟེ་ཉེ་བར་སྒྲུབ་པ་དེ་མ་ཐག་པར་མཚོན་པའོ། །དེ་སྐད་དུ་ཡང་གསུངས་པ། རྡོ་རྗེ་པདྨ་མཉམ་སྦྱར་བ། །ཉེ་བར་བསྒྲུབ་པ་ཡིན་པར་འདོད། །ཅེས་སོ། །ཆོས་ཀྱི་
དབྱིངས་ཀྱི་ཕྱག་རྒྱ་དེ་ཉིད་ཀྱི་པདྨ་རྣམ་པར་རྒྱས་པ་ཆོས་ཀྱི་དབྱིངས་ཀྱི་གཟུགས་དེའི་ནང་དུ་གཞུག་པ་དང་། དབྱུང་བར་ལྡན་པ་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་རྡོ་རྗེས་ཡང་ནས་ཡང་དུ་གཅིག་ཏུ་ཞེན་པར་བྱས་པས་དངོས་པོ་ཐམས་ཅད་སོ་སོར་རྟོག་པའི་མཚན་ཉིད་ཟག་པ་
མེད་པ་བསྒོམ་པའི་ལམ་གྱི་རང་བཞིན་མཚོན་པར་བྱེད་པ་དེ་མང་དུ་བྱའོ། །དེ་ནི་ཕྱག་རྒྱས་རིག་པར་བྱེད་པ་སྟེ། དེར་ཡང་པདྨ་གང་ཡིན་པའི་ནང་དུ་དྲུལ་བའི་མཐུས་བྱུང་བའི་ཡེ་ཤེས་དང་། དེའི་དམིགས་པར་བྱ་བར་གྱུར་པ་དྲུལ་བའི་དབང་གིས་དྲོ་བ་གང་ཡིན་པ་དེ་ནི་རང་བཞིན་

གྱི་ཕྱིར་ན་དེ་དང་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་དང་གོས་དཀར་མོ་སྟེ། ཆགས་པ་ལ་ལོངས་སྤྱོད་པར་གནས་པ་འདོད་ཆགས་དགའ་མ་དང་འདོད་ཆགས་རྡོ་རྗེའོ། །དེ་ནི་ཐབས་ཀྱི་གནས་སྐབས་ལས་སྒྲུབ་པ་ཞེས་བྱ་བའི་ཡན་ལག་
གསུམ་པའི་དེ་མ་ཐག་པར་མཚོན་པའོ། །དེ་སྐད་དུ་ཡང་གསུངས་པ། ཧཱུཾ་ཕཊ་ཡི་གེར་ལྡན་བྱ་སྟེ། །བསྐྱོད་པ་བསྒྲུབ་པར་གསུངས་པ་ཡིན། །ཞེས་སོ། །དེ་ཉིད་ཀྱི་གནས་སྐབས་ན་དེ་བཞིན་གཤེགས་པ་ཐམས་ཅད་དང་། དེ་རྣམས་ཀྱི་ཤེས་རབ་ཀྱི་རང་བཞིན་དག་ཤེས་
རབ་དང་ཐབས་སུ་ཤིན་ཏུ་ཞེན་པ་ལས་སྐྱེས་པའི་སྔོན་དུ་སྦྱར་བ་བྱ་བ་ལ་སྔོན་དུ་སྦྱོར་བ་བྱས་པའི་བདེ་བ་དང་བདེ་བ་མཚུངས་པར་སོ་སོར་རིག་པའི་མངོན་པའི་ང་རྒྱལ་གྱི་སེམས་དེ་ལ་བསྙེམས་པ་དང་སྤྲོ་བ་དེ་ནི་བཅོམ་ལྡན་འདས་གཙོ་བོ་རིན་པོ་ཆེ་སྟེ། ང་རྒྱལ་དང་། ཆང་གི་ངོ་བོ་དང་།
བར་ཆད་མེད་པའི་ལམ་གྱི་ངོ་བོ་བཟུང་བ་སྟེ་ཕྱག་རྒྱས་རིག་པར་བྱེད་པའོ། །དེ་ནི་ཆགས་པའི་སེམས་ཀྱི་ངོ་བོའི་ཐུན་མོང་བ་འདོད་ཆགས་རྡོ་རྗེ་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡིན་གྱི། འདི་ཡན་ལག་ཐ་དད་པ་ནི་མ་ཡིན་ནོ། །དེའི་རྗེས་སུ་ཤེས་རབ་དང་ཐབས་དག་གིས་གཉིས་སུ་མེད་
པ་སོ་སོར་སྣང་བ་ཤིན་ཏུ་བསྒོམས་པ་ལས་བྱུང་བའི་མཆོག་ཏུ་དམ་པ་དགའ་བར་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་ཀྱི་ཚུལ་རྣམས་རོ་མཉམ་པར་གྱུར་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ལ་དམིགས་པ་མཆོག་ཏུ་དགའ་བར་བརྟུན་པའི་ཡེ་ཤེས་བསྒྲུབ་བྱར་མངོན་དུ་
ཕྱོགས་པའི་ལམ་བརྟུན་པས་མཚོན་པ་སྟེ། མཐར་ཕྱིན་པའི་ལམ་གང་ཡིན་པ་བཟུང་ངོ་། །དེ་ནི་ཕྱག་རྒྱས་རིག་པར་བྱེད་དོ། །དེ་ལ་ནོར་བུའི་རྩ་བུ་ག་གང་ཡིན་པ་ན་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དང་བཅས་པ་འཆུག་ཅིང་གཡོ་བ་རླུང་གི་ཁམས་བྱང་ཆུབ་ཀྱི་སེམས་ཀྱི་རེག་བྱར་
དམིགས་པའི་ཡེ་ཤེས་གང་ཡིན་པ་ནི་བདེ་བར་བྱེད་པའི་བསྟན་བཅོས་ཀུན་ནས་སྨྲས་པའི་བྱ་བ་རྣམས་མི་འཇུག་པའི་རྡོ་རྗེ་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་བསྒྲུབ་བྱ་མངོན་དུ་གྱུར་པ་ལ་ལས་ཀྱི་རྐྱེན་རྣམས་འཆུག་པ་མེད་ཅིང་བར་ཆད་མེད་པ་ཉིད་ཀྱིས་འབྲས་བུ་མངོན་དུ་བྱས་

པ་གང་ཡིན་པ་སྟེ། དེ་ནི་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་ལ་སོགས་པ་རྣམས་རོ་མཉམ་པའི་རང་བཞིན་རིག་པར་བྱེད་པ་པོ་རྩེ་མོའི་བུ་གའི་དཀྱིལ་དུ་རེག་བྱ་ཉམས་སུ་མྱོང་བའི་མཚན་ཉིད་མཆོག་ཏུ་དགའ་བའི་རང་གི་ངོ་བོ་ལྷན་ཅིག་སྐྱེས་པའི་
བདེ་བ་གང་ཡིན་པའོ། །དེ་ནི་ཇི་ལྟ་བ་བཞིན་དུ་སྦྱར་བའི་བཅོམ་ལྡན་འདས་ཏེ། བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཕྲག་དོག་ཏུ་འདོད་པ་དམ་ཚིག་ལ་ལོངས་སྤྱོད་པར་གནས་པའི་དམ་ཚིག་རྡོ་རྗེ་དང་རྡོ་རྗེ་དགའ་མའོ། །ཐབས་ཀྱི་གནས་སྐབས་ལས་འདོད་ཆགས་དང་ཞེ་སྡང་དང་གཏི་
མུག་གི་རྒྱུ་རྣམས་ཞི་བར་གྱུར་པས་བདེ་བའི་སྦྱོར་བ་ཤིན་ཏུ་རྒྱས་པའི་འབྲས་བུ་ལ་འབྲས་བུ་གཞན་དུ་ལོངས་སྤྱོད་པ་མེད་དོ། །དེ་ནི་སྒྲུབ་པ་ཆེན་པོ་ཞེས་བྱ་བ་གཞན་ཡན་ལག་བཞི་པའི་མཚན་ཉིད་དེ། དེ་སྐད་དུ་ཡང་གསུངས་པ། རང་གི་བདེ་བ་རང་བཞིན་བཞི། །སྒྲུབ་པ་ཆེན་
པོར་བཤད་པ་ཡིན། །ཞེས་སོ། །ལོངས་སྤྱོད་པ་བཞི་པའི་གནས་སྐབས་དེ་ཉིད་ཀྱི་ཤེས་རབ་ཡེ་ཤེས་ཀྱི་དུས་འདིར་ཡིད་མཉམ་པར་བཞག་པས་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་ལ་སོགས་པ་རྣམས་རབ་ཏུ་སྤྱོད་པར་འཇུག་པ་རྣམས་དང་རོ་གཅིག་ཏུ་གྱུར་པའོ། །
དེ་རྣམས་ཀྱི་བག་ཆགས་ཀྱི་མཚན་ཉིད་རྣམས་ཀྱི་ཐ་མ་ཐ་མ་རྣམ་པར་དག་པའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་སྦྱར་རོ། །དེ་རྣམས་ཟད་པའི་ཡེ་ཤེས་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ལ་སོགས་པའི་མཚན་ཉིད་ཀུན་དེའི་ངོ་བོར་སོན་པའོ། །རྒྱུད་
ལས་གསུངས་པའི་ཕྱག་རྒྱ་དེས་གཤིན་རྗེ་མཐར་འབྱིན་དང་། ཤེས་རབ་མཐར་འབྱིན་དང་། པདྨ་མཐར་འབྱིན་དང་། བགེགས་མཐར་འབྱིན་རྣམས་ཀྱི་གཟུགས་སུ་ཡང་འདིར་མཚོན་པ་ཡིན་ཏེ། དེ་ལ་གཏི་མུག་ཟད་པའི་ཡེ་ཤེས་ནི་གཤིན་རྗེ་མཐར་འབྱིན་ནོ། །ཞེ་
སྡང་ཟད་པའི་ཡེ་ཤེས་ནི་ཤེས་རབ་མཐར་འབྱིན་པའོ། །འདོད་ཆགས་ཟད་པའི་ཡེ་ཤེས་ནི་པདྨ་མཐར་འབྱིན་པའོ། །སྒྲིབ་པ་ཐམས་ཅད་ཟད་པའི་ཡེ་ཤེས་ནི་བགེགས་མཐར་འབྱིན་ཏེ་ཆོས་ཀྱི་སྐུ་ཐོབ་པ་ནི་བགེགས་ཀྱི་རྒྱུན་རྣམས་བསྐྲད་པས་ནའོ། །དེ་སྐད་དུ་ཡང་གསུངས་

པ། གཏི་མུག་གཏི་མུག་ལོངས་སྤྱོད་པས། །གཤིན་རྗེ་མཐར་ཕྱིན་གཏི་མུག་ཟད། །ཅེས་པ་ནས་བརྩམས་ནས། སྒྲིབ་པ་ཀུན་ཟད་ཡེ་ཤེས་ནི། །བགེགས་མཐར་འབྱིན་པར་འདིར་བཤད་དོ། །ཞེས་པ་ཇི་སྙེད་པའོ། །དེ་སྙེད་ཀྱིས་ནི་གཏི་མུག་དང་ཞེ་སྡང་དང་འདོད་ཆགས་
ལ་སོགས་པ་རྣམས་དང་། དེའི་བག་ཆགས་རྣམས་ཀྱི་གཉེན་པོའི་ཕྱོགས་སུ་གྱུར་པའི་ཚོགས་ཀྱི་ལམ་དང་། མཐོང་བ་དང་བསྒོམ་པའི་ལམ་གྱི་ཡང་དག་པར་བསྡུས་པའི་མོས་པ་སྤྱོད་པ་དང་། བསམ་པ་ཀུན་དུ་དག་པ་དང་། རྣམ་པར་སྨིན་པ་དང་། སྒྲིབ་པ་ཐམས་ཅད་དང་།
རྣམ་པར་བྲལ་བའི་སར་འགྲོ་བ་རྣམས་དང་། དེར་སོང་བ་རྣམས་དཔལ་གསང་བ་འདུས་པ་ལ་སོགས་པར་བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའི་མཚན་ཉིད་རྣམས་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཐོབ་པའི་རྟགས་སམ་རྒྱུ་སྟེ། ཤེས་
རབ་ཀྱི་དབང་བསྐུར་བའི་རིམ་པ་དང་ཇི་ལྟ་བ་བཞིན་དུ་སྦྱོར་རོ། །རྩོམ་པ་དང་། སོ་སོར་རིག་པ་ཙམ་དང་། རྣམ་པར་དཔྱོད་པ་དང་། ཡེ་ཤེས་སྐྱེ་བ་ནི་བདེ་བ་ཆེན་པོ་རོ་གཅིག་པ་རྡོ་རྗེ་འཛིན་པ་ཆེན་པོའི་དཔེར་གྱུར་པ་སྟེ། དཔེ་དང་ལྡན་པ་ཡང་དག་པར་ཐོབ་པར་བྱེད་ཅིང་མཚོན་
པར་བྱེད་པའི་རྒྱུ་མཚན་དུ་གྱུར་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་རྒྱས་བཏབ་པའོ། །དེའི་རྒྱུ་སྒྲུབ་ཐབས་རྣམ་པ་བཞི་པོ་དེས་འདིར་ཡང་དག་པར་མཚོན་པར་བྱེད་པ་ནི་ཕྱག་རྒྱས་རིག་པར་བྱེད་པའོ། །དེའི་རྗེས་ལ་ལས་ཐམས་ཅད་རྣམ་པར་དག་པས་ཉོན་མོངས་པ་
དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ཆེན་པོར་འགྱུར་ཏེ། ལས་རྣམ་པར་དག་པས་འབྲས་བུ་རྣམ་པར་དག་པ་ཐོབ་པ་ཡིན་པས་ནའོ། །དེ་སྐད་དུ་ཡང་གསུངས་པ། ལས་རྣམས་ཐམས་ཅད་རྣམ་དག་ན། །ཉོན་མོངས་རྡོ་རྗེའི་སྒྲིབ་པ་འདག །ལས་རྣམས་ཐམས་ཅད་
རྣམ་དག་པའི། །ལས་ལས་འབྲས་བུ་དག་པ་སྐྱེ། །ཞེས་སོ། །འདིས་ན་བསྒྲུབ་བྱ་ཆོས་ཀྱི་སྐུའི་མཚན་ཉིད་ནི་སྒྲིབ་པ་མེད་ཅིང་ཟད་པ་དང་འཇིག་པ་མེད་པ། གཉིས་སུ་མེད་པའི་བདེ་བ་ཆེན་པོ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནི་མེ་ལོང་ལྟ་བུ་

དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་རྒྱུ་བསྒྲུབ་བྱ་དེ་དང་སངས་རྒྱས་ཐམས་ཅད་ཀྱི་ཐབས་སུ་བཅས་པ་སྔགས་ཀྱི་ཐེག་པ་འདིར་ཕྱག་རྒྱའི་དཔེ་ལས་མཚོན་པ་
ཡིན་ནོ། །འདིས་ན་སྒྲུབ་ཐབས་ཀྱི་མཚན་ཉིད་ཀྱི་དེ་མ་ཐག་པར་ཡན་ལག་མཆོག་དང་ལྡན་པའི་ཕྱག་རྒྱ་དང་འདུས་ནས། རྡོ་རྗེ་ནོར་བུའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ཕྱིན་པ་ན་མན་ངག་ཇི་ལྟ་བས་པདྨ་ལ་ནོར་བུའི་ཐོར་ཏོས་མནན་ནས་རླུང་གིས་རྣམ་པར་རྒྱལ་བ་ལ་གོམས་པར་བྱ་ཞིང་། ཡི་
གེ་ཕཊ་ལ་སོགས་པའི་སྔགས་ཀྱིས་ཡང་དག་པར་གཟུང་བར་བྱའོ། །དེའི་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ནི་རྣམ་པར་མི་ཆོད་ཅིང་བརྗོད་དུ་མེད་པར་དབང་པོའི་ཚོགས་རྣམས་སོ་སོར་ཐིམ་པར་གྱུར་པ་བདེ་བ་ཆེན་པོ་འབའ་ཞིག་ཙམ་དུ་སྣང་བར་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་
ཀྱི་ཡེ་ཤེས་ཀྱི་རང་བཞིན་ཆོས་ཀྱི་སྐུ་ཉེ་བར་མཚོན་པར་བྱེད་པ་སྟེ། གཉིས་སུ་མེད་ཅིང་བརྗོད་པ་ལས་འདས་པ་ཙམ་གྱི་ངོ་བོར་སྣང་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་གཅིག་ཏུ་ཞི་བདེ་གསུང་བའི་ཕྱིར་ན་དེ་ཐོབ་པར་བྱ་བའི་རྡོ་རྗེ་འཛིན་པའི་དཔེར་གྱུར་པ་ནི། དཔེ་དེ་དང་
དཔེ་དང་ལྡན་པ་དག་མི་ཕྱེད་པར་མོས་པས་དེ་ཁོ་ན་ཉིད་ཀྱི་རང་བཞིན་དུ་དེ་ཉིད་འདིར་མཉམ་པར་གཞག་པའི་སེམས་ཀྱིས་འདི་ལ་ཡང་དག་པར་མཚོན་པར་བྱའོ། །ཡང་དག་པར་མཚོན་པ་བརྟན་པར་བྱས་ནས་མངོན་པར་རྟོགས་པའི་རིམ་པ་ཇི་ལྟ་བ་དང་། དམ་ཚིག་ཇི་ལྟ་བར་ལྷའི་
དངོས་པོའི་རྣལ་འབྱོར་བྱས་ལ། སྙིང་གར་ཟླ་བ་དང་ཡི་གེ་ཧཱུཾ་ལ་སོགས་པ་ལ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་ནམ་མཁའ་རྡོ་རྗེར་གུས་པས་རྒྱུན་མ་ཆད་པར་ཡུན་རིང་པོར་བསྒོམ་པར་བྱ་ཞིང་། དམ་ཚིག་གི་སྤྱོད་པ་དང་ལྡན་པར་མན་ངག་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །ཇི་ལྟ་བ་
བཞིན་དུ་དེ་བསྒོམས་ན་ཤིན་ཏུ་བདེ་བ་དེར་རབ་ཏུ་མྱུར་བར་འཐོབ་པ་ཡིན་ནོ། །དེ་ལྟར་ཕྱོགས་གཉིས་པའི་སྨྲས་པ་ཡིན་ནོ། །ཕྱོགས་གསུམ་པའི་དགོངས་པ་ནི་འདི་ཡིན་ཏེ། སྒྲུབ་པའི་ཐབས་དང་བཅས་པ་མ་ཡིན་པ་ཆོས་ཀྱི་སྐུ་ཙམ་དང་། སྒྲུབ་པའི་ཐབས་དང་བཅས་པ་ཙམ་ནི་མཚོན་

པར་བྱ་བ་མ་ཡིན་ནོ། །དེ་ཁོ་ན་ཙམ་ཞིག་ནི་ཐེག་པ་ཆེན་པོ་འདིར་བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཙམ་གྱིས་ནི་སེམས་ཅན་གྱི་དོན་སྦྱོར་བ་མེད་པས་ནའོ། །དེ་ལྟ་བས་ན་གཞན་སྐུ་གཉིས་པོ་ཡང་ཡེ་ཤེས་ཡང་དག་པར་བསྡུ་ཞིང་བསྒྲུབ་པར་བྱ་བ་ཡིན་ཏེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡང་ཆོས་
ཀྱི་དབྱིངས་རྣམ་པར་དག་པ་དེར་གྱུར་པའི་ནང་དུ་ཆོས་ཀྱི་སྐུའི་ཡེ་ཤེས་ཆོས་ཀྱི་སྐུ་ཞེས་བྱ་བ་བསྒྲུབ་པར་བྱ་བའི་གཙོ་བོའོ། །དེར་གནས་པ་ན་དངོས་པོ་ཐམས་ཅད་དང་། དོན་ཐམས་ཅད་ཀྱི་རང་བཞིན་གཟུགས་བརྙན་ལྟ་བུར་གསལ་བའི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། སངས་རྒྱས་ཐམས་ཅད་མཉམ་པར་
མངོན་དུ་རྟོགས་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། དོན་གྱི་རྣམ་པ་ཐམས་ཅད་ཀྱི་དངོས་པོ་ཐམས་ཅད་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་ཡོངས་སུ་བཅད་པའི་ཐུགས་སུ་ཆུད་པའི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། ཡེ་ཤེས་གསུམ་པོའི་རང་བཞིན་དེ་རྣམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་
བ་འབྲས་བུ་གཞན་དུ་གྱུར་པའོ། །དེ་བཞིན་དུ་འགྲོ་བའི་དོན་གྱི་དངོས་པོ་ཐམས་ཅད་མཛད་པའི་མཚན་ཉིད་ཅན་བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་འབྲས་བུ་སྤྲུལ་པའི་སྐུ་ཞེས་བྱ་བར་འདོད་པས་སོ། །དེ་ནས་སྔགས་ཀྱི་ཐེག་པར་ཡང་ལུགས་ཇི་ལྟ་བར་རྒྱུད་རྣམས་ཇི་ལྟ་བ་བཞིན་དུ་ཤིན་ཏུ་རྣམ་པར་
དག་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་རྡོ་རྗེ་འཛིན་པའི་རང་བཞིན་མི་བསྐྱོད་པའི་ཡེ་ཤེས་ཀྱི་བདག་ཉིད་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་ནི་ཆོས་ཀྱི་སྐུ་ཞེས་བྱ་སྟེ་བསྒྲུབ་པར་བྱ་བའི་གཙོ་བོའོ། །དེ་བཞིན་དུ་རྣམ་པ་སྣ་ཚོགས་པར་སྣང་བའི་དངོས་པོ་ཐམས་ཅད་དུ་གསལ་བ་ནི་མེ་ལོང་
ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཏེ་རྣམ་པར་སྣང་མཛད་ཀྱི་ངོ་བོའོ། །སངས་རྒྱས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་རང་བཞིན་ནི་མཉམ་ཉིད་ཀྱི་ཡེ་ཤེས་ཀྱི་རང་གི་ངོ་བོ་སྟེ། རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ནོ། །དོན་ཐམས་ཅད་ཀྱི་དངོས་པོ་ཀུན་གྱི་རྗེས་སུ་རྟོག་ཅིང་ཡོངས་སུ་
གཅོད་པའི་མཚན་ཉིད་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ། འོད་དཔག་ཏུ་མེད་པ་རང་གི་ངོ་བོའོ། །དེ་རྣམས་ནི་བསྒྲུབ་པར་བྱ་བའི་འབྲས་བུ་གཉིས་པ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དེ་བཞིན་དུ་འགྲོ་བའི་དོན་རྣམ་པ་སྣ་ཚོགས་པར་མཛད་པའི་མཚན་ཉིད་ཅན་བྱ་བ་

ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་ནི་དོན་ཡོད་གྲུབ་པའི་རང་བཞིན་ཏེ། བསྒྲུབ་པར་བྱ་བའི་འབྲས་བུ་གཞན་མ་སྤྲུལ་པའི་སྐུ་ཞེས་བྱ་བའོ། །དེ་ལྟར་ན་སྐུ་གསུམ་ཆར་ཡང་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ཉིད་ཀྱིས་ན་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་
གཤེགས་པ་ཐམས་ཅད་དང་མཉམ་པའི་ཕྱག་རྒྱས་བརྡ་ཇི་ལྟ་བ་བཞིན་དུ་མཚོན་པར་བྱ་བ་ཡིན་ནོ། །འདིས་ན་ཤེས་རབ་ཀྱི་དབང་བསྐུར་བའི་དུས་སུ་རྡོ་རྗེ་ནོར་བུའི་རྩེ་མོར་ཕྱིན་པའི་བྱང་ཆུབ་ཀྱི་སེམས་ཀྱི་གནས་དེ་ཉིད་ལ་ཕྱོགས་གཉིས་པར་སྨྲས་པའི་ཚུལ་གྱིས་མན་ངག་ཇི་ལྟ་བ་བཞིན་དུ་
བྱང་ཆུབ་ཀྱི་སེམས་ལ་བརྟན་པར་བྱས་པས་དེའི་ལྷན་ཅིག་བྱུང་བ་ནི་བདག་དང་གཞན་དུ་དབྱེ་བར་སྣང་བ་དང་བྲལ་བ་གང་ཡིན་པ་དེ་བདེ་བ་ཆེན་པོ་མཆོག་ཏུ་དགའ་བ་ཙམ་གཉིས་སུ་མེད་པར་སྣང་བ་རྣམ་པར་གཡེང་བའི་ཚོགས་ཐམས་ཅད་སོ་སོར་ཐིམ་པ་ངག་གི་རྣམ་པར་རྟོག་པ་ལ་
སོགས་པ་མནན་པའི་རང་བཞིན་སོ་སོ་རང་རིག་པ་གཅིག་པུར་གནས་ཤིང་གཞི་དང་བྲལ་བ། བདེ་བ་ནམ་མཁའ་དང་མཉམ་པ་རང་རིག་པ་ཙམ་དུ་རྗེས་སུ་རྟོགས་པར་བྱའོ། །དེ་ནི་ཆོས་ཀྱི་སྐུའི་མཚན་ཉིད་མཚོན་པའོ། །དེ་ལྟར་ཡང་གསུངས་པ། རྣལ་འབྱོར་པ་ནི་ཇི་སྲིད་དུ། །བྱང་
ཆུབ་སེམས་གཏོང་མི་བྱེད་ན། །དགའ་བ་ལས་སྐྱེས་བརྗོད་མེད་བདེ། །དེ་སྲིད་རྣམ་པར་མི་གཅོད་ཐོབ། །ཅེས་སོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཐོར་ཏོ་ནས་ཐོན་ཀར་ཡང་དག་པར་བྱུང་སྟེ། གནས་མེད་པར་གནས་པ་ཡང་ཡུལ་རབ་ཏུ་ཉེ་བ་ལྟ་བུ་ལ་དམིགས་བའི་དབང་གིས་
ཁ་ཕྱིར་བལྟས་པའི་བྱང་ཆུབ་ཀྱི་སེམས་བདེ་བའི་དངོས་པོར་ལོངས་སྤྱོད་པའི་ཡེ་ཤེས་རང་རིག་པ་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་མཚོན་པའོ། །ཤེས་རབ་ཀྱི་པདྨོ་གང་ཡིན་པའི་ནང་དུ་བྱང་ཆུབ་ཀྱི་སེམས་ལོངས་སྤྱོད་པའི་ངོ་བོ་དེ་རྡོ་རྗེ་ནོར་བུ་ལས་ཕྱིར་བལྟས་ནས་ཐོག་མ་
འཕྲོས་པའི་ཡོངས་སུ་དགའ་བ་རང་རིག་པ་དེ་ནི་སྤྲུལ་པའི་སྐུའི་མཚན་ཉིད་དོ། །དེ་ཉིད་ཀྱིས་ན་སྐུ་གསུམ་པོ་རྣམས་དུས་ཇི་ལྟ་བར་ཕྱག་རྒྱས་མན་ངག་ཇི་ལྟ་བ་བཞིན་དུ་མངོན་དུ་བརྟན་པར་མཚོན་པར་བྱ་ཞིང་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་པར་བྱའོ། །དེ་ནི་ལྷའི་དངོས་པོའི་ཕྱག་

རྒྱ་དང་། སྔགས་ཀྱི་དངོས་པོའི་ཕྱག་རྒྱ་རྣལ་འབྱོར་ཆེན་པོའི་རྩ་བ་སྟེ། དེ་སྔོན་དུ་བྱས་ལ་དེ་ནས་ཕྱིས་ནི་གཉིས་པར་གྱུར་པའི་དངོས་པོ་དམ་ཚིག་དང་བཅས་པར་བསྒོམས་ན་ཤིན་ཏུ་མྱུར་བར་སྐུ་རྣམས་མྱུར་དུ་རབ་ཏུ་ཐོབ་པར་འགྱུར་རོ། །ཕྱོགས་གསུམ་པ་ནི་དེ་ལྟར་སྨྲ་བར་སེམས་
ཏེ། ཀྱེའི་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་མའི་རྒྱུད་རྣམས་སུ་སྐུ་གསུམ་པོའི་བདག་ཉིད་བསྒྲུབ་པར་བྱ་བ་དེ་ལྟ་བུ་དེ་ཉིད་ཤེས་རབ་ཡེ་ཤེས་ཀྱི་དབང་དུས་མཚོན་པར་བྱ་བར་རིགས་སོ་ཞེས་སོ། །བདེ་བ་ཆེན་པོའི་དངོས་པོ་ལྷན་ཅིག་སྐྱེས་པའི་རང་བཞིན་གཙོ་བོ་ཆོས་ཀྱི་སྐུ་ཙམ་མཚོན་
པ་ཡིན་ནོ་ཞེས་པ་ནི་གཅིག་གོ། །དེ་ཉིད་དང་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སྒྲུབ་ཐབས་ཀྱང་ངོ་ཞེས་པ་ནི་གཞན་ནོ། །དམ་ཚིག་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་དེ་ལྟ་བུའི་རྗེས་སུ་འབྲངས་པས་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་
པའི་སྐུ་དང་གཉིས་པོ་དེ་དག་ཉིད་མཚོན་པར་བྱེད་དོ་ཞེས་པ་ནི་གཞན་ཏེ། འདི་ལྟར་སྣང་བ་མེད་པ་ནམ་མཁའ་དང་མཉམ་པ་བདེ་བ་ཆེན་པོ་རང་རིག་པ་བདེ་བར་སྣང་བ་དེ་ནི་རྣལ་འབྱོར་མའི་འཁོར་ལོའི་རང་བཞིན་ཅན་ཆོས་ཀྱི་སྐུའི་རབ་ཏུ་མཚོན་པ་སྟེ། གང་ཡང་ཀུནྡ་དང་། དུང་ལྟ་
བུའི་བྱང་ཆུབ་ཀྱི་སེམས་ཀྱི་རང་རིག་པ་དེ་ནི་དཔལ་ཧེ་རུ་ཀ་ལོངས་སྤྱོད་རྫོགས་པའི་སྐུའི་རང་རིག་པའོ། །དེ་ལྟར་གསུངས་པ། ཀུན་རྫོབ་དུང་དང་ཀུནྡ་འདྲ། །རྣམ་པ་བདེ་བའི་རང་བཞིན་ཅན། །ཁུ་བའི་དངོས་འགྱུར་བཅོམ་ལྡན་འདས། །དེ་བདེ་འདོད་ལྡན་མར་ནི་བཤད། །ཅེས་པ་ནི་དེ་ཉིད་
མཆོག་ཏུ་དགའ་བོ་དང་བྲལ་བའི་དགའ་བའི་དབུས་སུ་མཚོན་པ་ཡིན་ནོ་ཞེས་མཁས་པ་རིགས་པ་དང་ལྡན་པ་རྣམས་དེ་སྐད་དུ་བརྗོད་པར་སེམས་སོ། །གང་གི་ཚེ་གསུངས་པ། མཆོག་དང་བྲལ་བའི་དབུས་དག་ཏུ། །བརྟན་པར་བྱས་ཏེ་མཚོན་བྱ་བརྟག །དགའ་བ་གསུམ་པོ་རྣམ་
སྤངས་པ། །བྲལ་བའི་དང་པོ་མཚོན་པར་བྱ། །ཞེས་སོ། །འོ་ན་ནི་བསྒྲུབ་པར་བྱ་བ་བདེ་བ་ཆེན་པོ་ཞི་བ་མ་ཡིན་པ་བསྒྲུབ་པར་བྱ་བའི་དོན་གྱིས་ན་འདིར་ཀྱེའི་རྡོ་རྗེའི་རྒྱུད་སྨད་པར་བྱས་པ་ཡིན་ཏེ། ཇི་ལྟར་ཞེ་ན་དེ་གསུངས་པ། །བདེ་བ་འབྱུང་བ་ཆེན་པོ་གང་། །གང་ཕྱིར་བདེ་བ་དེ་ཉིད་མིན། །

ཞེས་གསུངས་པས་ནའོ། །གཞན་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་སུ་ཡང་གཉིས་སུ་མེད་པ་ཙམ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་པར་གསུངས་པས། དེར་ཡང་ཐེག་པའི་དབྱེ་བ་ལས་དེ་ཁོ་ན་ཉིད་ནི་དབྱེ་བ་མེད་
དེ་དེ་ཁོ་ན་ཉིད་མ་ཡིན་པར་འགྱུར་བའི་ཕྱིར་ན་ཡང་ངོ་། །འོ་ན་ཐབས་ཀྱི་དབྱེ་བ་ནི་ཡོད་ལ་འབྲས་བུའི་དབྱེ་བ་མེད་པ་དེ་ཇི་ལྟ་བུ་ཞིག་ཡིན་ཚུལ་ནི་རྒྱུ་ཐ་དད་པ་ལས་འབྲས་བུ་ཐ་དད་པར་མཐོང་སྟེ། དཔེར་ན་སཱ་ལུའི་མྱུ་གུ་དང་། ནས་ཀྱི་མྱུ་གུ་ལྟ་བུའོ། །གཞན་དུ་ནི་སྐྱེད་པར་བྱེད་པ་མ་
ཡིན་པར་གོལ་བར་འགྱུར་རོ་ཞེ་ན་དེ་མ་ཡིན་ཏེ། བསྒྱུར་བ་དང་བྱེད་རྒྱུ་དག་ནི་དབྱེ་བས་ཐ་དད་པར་འགྱུར་བ་ཡིན་གྱི། ཐོབ་བྱ་ཐོབ་བྱེད་ལ་ནི་དེ་ལྟ་བུ་མེད་དོ། །དེ་བས་དེའི་ཐོབ་བྱ་ཙམ་གྱི་ཐབས་ཀྱི་དབྱེ་བས་རང་གི་ངོ་བོ་དེ་ཐ་དད་པ་མ་ཡིན་ནོ། །དེ་བས་ན་ཐེག་པ་ཆེན་པོ་འདི་དག་ཏུ་
གསལ་བར་རོ་གཅིག་པ་ནམ་མཁའ་དང་མཉམ་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་འདུས་མ་བྱས་པ་བསྒྲུབ་པར་བྱ་བའི་གཙོ་བོ་འདི་ལ་དབྱེ་བ་མེད་དོ། །འདི་ཉིད་ཀྱིས་ན་བསྒྲུབ་པར་བྱ་བ་དེ་ལྟ་བུ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་མཚོན་པར་བྱ་བ་མ་ཡིན་ཞིང་། མཆོག་དང་བྲལ་
བའི་དབུས་གང་ཡིན་པར་ཡང་དེ་མཚོན་པ་མ་ཡིན་ཏེ། དེར་ནི་བདེ་བའི་དངོས་པོ་ཤིན་ཏུ་རགས་པའི་ཕྱིར་ན་ཤིན་ཏུ་མྱ་ངན་ལས་འདས་པའི་རོ་རབ་ཏུ་གསལ་བ་ཙམ་བྱ་བ་བྱས་པར་འགྱུར་བའི་མཚན་ཉིད་དེ་ནི་དེའི་ཚེ་སོ་སོར་རིག་པ་མ་ཡིན་ནོ། །དེའི་ཕྱིར་ན་བྲལ་བའི་དགའ་བའི་ཐ་མ་འདོད་
ཆགས་དང་བྲལ་བ་དག་ཟད་པས་བྱ་བ་བྱས་པ་སྟེ། དམ་ཚིག་གི་ཕྱག་རྒྱ་དང་ཡང་དག་པར་ལྡན་པས་རྣམ་པར་རྟོག་པ་ཐམས་ཅད་ཡང་དག་པར་བཅོམ་པར་བྱ་བ་བྱས་པའི་མཚན་ཉིད་འདིས་ནི་མཆོག་ཏུ་མྱ་ངན་ལས་འདས་པར་རབ་ཏུ་གསལ་བ་ཙམ་རོ་གཅིག་པ་དེ་ཡང་དག་པར་མཚོན་
དུ་རུང་ངོ་། །དེ་ལྟར་རྒྱུད་ལས་ཀྱང་གསུངས་པ། བྲལ་བའི་ཐ་མར་གནས་པ་ན། །ཞེས་པ་སྟེ། དེ་ལྟར་སློབ་དཔོན་ཁ་ཅིག་འདོད་དོ། །དེ་ནི་འདིར་གཞན་ནི་རིགས་པ་མ་ཡིན་པར་འདོད་དེ། འདི་ལྟར་གསལ་ཞིང་རོ་གཅིག་པའི་བདེ་བ་ཆེན་པོ་ཉིད་ནི་ཐེག་པ་ཆེན་པོ་ཐམས་

ཅད་དུ་ཡང་བསྒྲུབ་པར་བྱ་བ་ཡིན་ཏེ། རབ་ཏུ་གསལ་བ་བཞིན་དུ་བདེ་བ་ཆེན་པོ་ཡང་སྒྲིབ་པ་མེད་པའི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལྟར་གང་དང་གང་གི་རང་བཞིན་དབྱེ་བར་མི་ནུས་པ་དེ་ནི་རང་བཞིན་ཏེ། དཔེར་ན་རབ་ཏུ་གསལ་བའི་མཚན་ཉིད་ཅན་གྱི་སེམས་
རབ་ཏུ་གསལ་བའི་དངོས་པོ་བཞིན་ནོ། །དཔེར་ན་དབྱེ་བ་མེད་པའི་རང་བཞིན་ཟག་པ་མེད་པའི་སེམས་ཀྱི་བདེ་བའི་དངོས་པོ་ནི་རང་བཞིན་ཁོ་ནའོ། །རྟགས་དེ་ཙམ་གྱི་ཕྱིར་ན་རང་བཞིན་ཉིད་དུ་གནས་པ་ཡིན་ནོ། །གང་གི་ཚེ་དེ་དེར་གནས་པར་མི་འགྱུར་ན་ནི་གཞན་པོ་ཡང་གནས་པར་
མི་འགྱུར་ཏེ་རྟགས་ལ་ཁྱད་པར་མེད་པའི་ཕྱིར་རོ། །འོ་ན་དབྱེ་བ་མེད་དོ་ཞེས་པ་ནི་མ་གྲུབ་སྟེ། སྔོན་པོའི་དངོས་པོ་བཞིན་དུ་བདེ་བའི་དངོས་པོ་ལ་ཡང་གཅིག་དང་དུ་མའི་རྣམ་པར་སྦྱར་བས་ཕྱེད་པའི་ཕྱིར་རོ། །དེ་འདི་ལྟ་སྟེ་ཇི་ལྟར་སྔོན་པོའི་དངོས་པོ་ཡུལ་གྱི་རྣམ་པ་རྒྱ་ཆེར་ཡོངས་སུ་
ཆད་པ་འདིས་ན་རྒྱ་ཆེར་ཐ་དད་པར་གྱུར་པ་དེ་བཞིན་དུ་བདེ་བའི་དངོས་པོ་ཡང་སྟེ། སྔ་དྲོ་ཉི་མས་གདུངས་པ་གང་ཞིག་བསིལ་བའི་ཆུར་ཞུགས་པ་དེ་བཞིན་དུ་བདེ་བར་ཉེ་བར་དམིགས་པ་ལྟ་བུའོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། དེར་ནི་རང་གི་རེག་བྱ་ལ་རེག་པའི་ཤེས་པ་ཡུལ་རྒྱ་
རྣམ་པར་ཆད་པར་དམིགས་པ་རབ་ཏུ་གསལ་བ་འདིས་བདེ་བ་ལ་ཕན་གདགས་པའི་དངོས་པོ་ཙམ་གྱི་མཚན་ཉིད་ཀྱི་ཕྱིར་དང་། དེ་ལ་གཅིག་དང་དུ་མའི་རྣམ་པར་རྟོག་པའི་སྦྱོར་བ་དང་བྲལ་བའི་ཕྱིར་རོ། །དེའི་ཕྱིར་ན་རབ་ཏུ་གསལ་བའི་དངོས་པོ་རང་བཞིན་ཡིན་པ་དེ་བཞིན་དུ་བདེ་བའི་
དངོས་པོ་ཡང་ཟག་པ་མེད་པའི་སེམས་ཀྱི་རང་བཞིན་ཡིན་ཞིང་དེར་དེ་ལ་གཞིག་པའི་དངོས་པོ་མེད་དོ། །སེམས་དེ་དངོས་པོ་མེད་པ་ཉིད་དུ་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ་སེམས་དངོས་པོ་མེད་ན་ནི་རང་རིག་པ་མེད་པས་དེ་གནས་པ་མེད་པའི་ཕྱིར་ན་ཚད་མ་མེད་པར་འགྱུར་བའི་ཕྱིར་དང་།
གཞན་གྱི་དོན་གྱི་དངོས་པོ་ལ་ནུས་པ་མེད་པར་འགྱུར་བའི་ཕྱིར་དང་། ལུང་དང་ཡང་འགལ་བར་འགྱུར་བའི་ཕྱིར་རོ། །བདེ་བ་ཆེན་པོའི་དངོས་པོ་རབ་ཏུ་ཞི་བར་ནི་རང་བཞིན་མ་ཡིན་ནོ་ཞེས་ཟེར་བ་དེ་ལ་བདེ་བ་མི་ཤིགས་པ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་བག་

ཆགས་རྣམས་ཐོགས་པ་དང་ཆགས་པ་མེད་པའི་ངོ་བོ་ཉིད་ཡིན་པས་ནའོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡང་གསལ་བ་རོ་གཅིག་པ་བསྒྲུབ་པར་བྱ་བ་ཆོས་ཀྱི་སྐུའོ་ཞེས་བྱ་བ་དེ་ནི་བདེ་བའི་དངོས་པོ་སྤངས་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱང་གདུལ་བྱ་འདོད་ཆགས་དང་བྲལ་བ་
རྣམས་ལ་གང་དང་གང་ན་བདེ་བ་དེ་དང་དེར་ཉོན་མོངས་པས་འགགས་པར་འགྱུར་བ་དང་། འཇིགས་པ་སྐྱེ་བར་འགྱུར་བ་འདིས་ན་བཅོམ་ལྡན་འདས་ཀྱིས་མཆོག་ཏུ་བདེ་བའི་ངོ་བོ་དེ་དག་ལ་ཡང་དག་པར་སྦས་ནས་རབ་ཏུ་གསལ་བའི་རོ་གཅིག་པ་ཉིད་ཙམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཞེས་བྱ་བ་བསྒྲུབ་བྱ་ཆོས་ཀྱི་སྐུའོ་ཞེས་བསྟན་པ་ཡིན་པར་བལྟའོ། །ཐེག་པ་ཆེན་པོ་སྔགས་སུ་ནི་འདོད་ཆགས་ཆེན་པོས་འཇིག་རྟེན་པ་རྣམས་རབ་ཏུ་འདུལ་བར་གཟིགས་ནས་གཉིས་སུ་མེད་པ་རབ་ཏུ་གསལ་བ་ཙམ་རོ་གཅིག་པར་རབ་ཏུ་གསལ་ཞིང་ནམ་མཁའ་དང་མཉམ་པ་གཞན་
དུ་གསལ་བ་མེད་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་ནི་བསྒྲུབ་པར་བྱའོ་ཞེས་ཡང་དག་པར་རབ་ཏུ་གསལ་བར་མཛད་པ་འདིས་ན་འགལ་བ་མ་ཡིན་ནོ། །འོན་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡང་ཤིན་ཏུ་སྒྲིབ་པ་མེད་ཅིང་རབ་ཏུ་ཞི་བ་ཆེན་པོ་སངས་རྒྱས་ཀྱི་བདེ་བ་ཆེན་པོ་ལྟ་ཞོག་གི །བྱང་ཆུབ་
སེམས་དཔའི་ས་བརྒྱད་པ་ཉིད་ན་ཡང་ཤིན་ཏུ་བདེ་བ་ཆེན་པོ་དང་ལྡན་པར་གསུངས་སོ། །དེ་ལྟར་ཡང་གསུངས་པ། རབ་ཏུ་ཞི་བར་མཐར་མི་གཡོ། །མི་མཉམ་མཉམ་པར་དབང་བསྒྱུར་བ། །རྟོག་མེད་བདེ་བ་དེ་ཡི་ཕྱིར། །བྱང་ཆུབ་སེམས་དཔའ་ཤིན་ཏུ་རྟོགས། །ཞེས་སོ། །
གང་དག་ཀྱང་ཀྱེའི་རྡོ་རྗེ་ཉིད་དུ་བདེ་བའི་བསྒྲུབ་པར་བྱ་བ་སྨོད་ཅིང་སྐུར་བ་བཏབ་བོ་ཞེས་སྨྲ་བ་དེ་ཡང་རིགས་པ་མ་ཡིན་ཏེ། དེར་ནི་ཟག་པ་མེད་པའི་བདེ་བ་ཆེན་པོ་ནམ་མཁའ་དང་མཉམ་པའི་བསྒྲུབ་པར་བྱ་བ་ནི་དེར་སུན་དབྱུང་བ་མ་ཡིན་གྱི། འོན་ཀྱང་དེའི་དཔེའི་བདེ་བ་ཟག་པ་དང་བཅས་པ་
འཇིག་པ་ཅན་དེ་བསྒྲུབ་པར་བྱ་བ་ཡིན་པར་གང་ཞིག་འདོད་པར་འགྱུར་ན་འདི་གསལ་ཞིང་སྤང་བར་བརྟག་པར་བྱ་བ་ཡིན་པས་སོ། །དེ་དག་ཀྱང་རྒྱ་ཆེར་ནི་ཀྱེའི་རྡོ་རྗེའི་ལེའུ་བརྒྱད་པའི་འགྲེལ་པ་མུ་ཏིག་ཕྲེང་བ་ཞེས་བྱ་བར་བདག་གིས་བླ་མ་དམ་པས་གསུངས་པས་ན་བདག་ནི་འདིར་རྒྱ་ཆེར་མི་འགོད་དོ། །

གང་དག་ཡང་བྲལ་མཐར་གནས་ཞེས་པ། བྲལ་བའི་མཐའ་མ་ན་གནས་པ་ཇི་སྲིད་པ་ཉིད་ཀྱིས་ནི་མཆོག་ཏུ་མྱ་ངན་ལས་འདས་པ་བྱ་བ་བྱས་པའི་རང་བཞིན་དེ་བདེ་བ་ཆེན་པོས་མཚོན་པ་མ་ཡིན་ནོ་ཞེས་སྨྲ་བ་དེ་ཡང་རིགས་པ་མ་ཡིན་ཏེ། བྲལ་མཐར་གནས་ཞེས་པ་ནི་འབྲུ་མང་པོ་པར་བརྗོད་པ་ཡིན་ཏེ། གང་ཡང་དེ་རང་བཞིན་དགའ་
བ་ཐ་མའོ་ཞེས་བརྗོད་པ་དེ་ཡང་། ཐ་མ་ནི་གསུམ་པོ་ཡོངས་ཀྱི་ཐ་མར་ནི་རིགས་པ་མ་བྱིན་པའི་ཕྱིར་ན་བསྒོམ་པར་བྱ་བ་དེ་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ། །འདིས་ནི་བྲལ་བའི་ཐ་མར་ནམ་མཁའ་དང་མཉམ་པ་གསལ་བ་གཉིས་སུ་མེད་པ་བརྗོད་པ་ལས་འདས་པ་འདུན་པ་མེད་པ་འདོད་
ཆགས་དང་འདོད་ཆགས་དང་བྲལ་བ་རྣམ་པར་སྤངས་པ་མཚོན་པ་ཡིན་ནོ་ཞེས་བརྗོད་པ་དེ་ནི་ཡང་དག་པར་རྟོགས་པ་མ་ཡིན་ནོ། །འདི་ལྟར་གང་དེའི་གནས་སྐབས་ན་གཉིས་སུ་མེད་པའི་ཡེ་ཤེས་སུ་རིག་པ་མེད་དེ། ཤེས་རབ་དང་ཐབས་དག་གི་ཡུལ་རྣམ་པ་སྣ་ཚོགས་པར་སོ་སོར་སྣང་བས་
ནའོ། །བརྗོད་པ་ལས་འདས་པ་ཡང་མ་ཡིན་ཏེ། ཕྱི་དང་ནང་དག་གི་དོན་དུ་མ་རྣམས་ལ་རྣམ་པར་རྟོག་པས་ནའོ། །འདོད་ཆགས་དང་འདོད་ཆགས་དང་བྲལ་བ་རྣམ་པར་སྤངས་པ་ཡང་མ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་ཁམས་དང་མི་ལྡན་ན་འདོད་ཆགས་དང་བྲལ་བར་འབྱུང་
བའི་ཕྱིར་དང་། ཁམས་དེ་དང་ལྡན་ན་ནི་ཡང་ཐོགས་པ་མེད་པར་འབྱུང་བའི་ཕྱིར་རོ། །དེ་འདུན་པ་མེད་པ་ཡང་མ་ཡིན་ཏེ། དེ་ཉིད་ཀྱི་བདེ་བ་ཡང་ནས་ཡང་དུ་མངོན་དུ་འདོད་པས་ནའོ། །དེ་ལྟ་མ་ཡིན་ཏེ། སེམས་ཉིད་ཀྱིས་སེམས་ལ་ནང་དུ་དེ་ལྟར་རྟོགས་པར་བྱེད་དོ་ཞེ་ན། འོ་ན་མིག་
ཟུམ་པ་ལ་སོགས་པ་འདིས་རབ་ཏུ་འབད་པ་ལས་རྣམ་པར་རྟོག་པ་ཡོངས་སུ་བཅོམ་པས་ཕྱེ་བས་སོ་སོར་སྣང་བ་དང་བྲལ་བར་གྱུར་པས་ཕྱག་རྒྱ་ལ་ཉེ་བར་སྦྱོར་བ་འབྲས་བུ་མེད་པར་འགྱུར་ཏེ་དེ་བཞིན་ཉིད་ཀྱིས་གྲུབ་པས་ནའོ། །ཤེས་རབ་ཀྱི་པདྨ་ལ་ལྟོས་ན་མཆོག་ཏུ་མྱ་ངན་ལས་འདས་པའི་རང་
བཞིན་བྱ་བ་བྱས་པ་དེ་སྐྱེ་བར་མི་འགྱུར་བས་ན་དེ་ལ་ནི་ལྟོས་པར་བྱ་བ་ཡིན་ནོ་ཞེས་ཟེར་བ་ན། འོ་ན་ཁ་ཟས་ཁྱད་པར་ཅན་དང་། ཡན་ལག་བྱུག་པ་ཁྱད་པར་ཅན་གྱིས་བྱུགས་པ་ལ་སོགས་པས་ཀྱང་དེ་ལྟ་བུའི་བྱ་བ་བྱས་པ་དེ་བསྐྱེད་པས་ཆོག་པར་འགྱུར་རོ། །འདིར་དེ་ཙམ་ཞིག་སྨྲས་

པས་ཆོག་སྟེ། དེ་རྒྱས་པར་ནི་མ་ཡིན་ནོ། །གསུངས་པ། རང་བཞིན་ཞེས་བྱའི་བདེ་ཆེན་པོ། །མཆོག་གི་ཐ་མར་མཚོན་པར་འགྱུར། །བྲལ་བའི་ཐོག་མར་རབ་འབད་པས། །རྣལ་འབྱོར་མ་རྒྱུད་ལ་དེ་བསྒྲུབ། །ཅེས།
སོ། །འོ་ན་དཔལ་གསང་བ་འདུས་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་རྣམས་དང་། ཀྱེའི་རྡོ་རྗེ་ལ་སོགས་པ་རྣལ་འབྱོར་མའི་རྒྱུད་རྣམས་སུ་དབང་བསྐུར་བ་རྣམ་པ་དུ་ཙམ་ཞིག་མངོན་དུ་འདོད་ཅེ་ན། དེ་ལ་ཁ་ཅིག་ནི་དཔལ་གསང་བ་འདུས་པ་འདིར་ནི་དབང་བསྐུར་བ་རྣམ་
པ་གསུམ་དུ་དབྱེ་བར་སྨྲ་སྟེ། རྒྱུད་འདིར་གསུམ་དུ་རབ་ཏུ་བརྟག །ཅེས་གསུངས་པས་ན་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བར་བཤད་པ་ཡིན་ནོ། །དེ་ལ་སྨྲས་པ། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །དཔལ་ལྡན་འདུས་པར་གསུམ་དུ་ཡང་། །མགོན་པོས་དབང་
བསྐུར་རབ་བརྗོད་ཀྱི། །བཞི་པ་ཞེས་བྱ་མི་འདོད་དོ། །ཞེས་པས་སོ། །འོ་ན། དེ་ཡང་དེ་བཞིན་བཞི་པའོ། །ཞེས་གསུངས་པ་འདི་ཇི་ལྟར་སེམས་ཤེ་ན། སྨྲས་པ། འདི་ཡིས་དབང་བསྐུར་བ་ཡིན་པར་བརྗོད་མོད་ཀྱི། འོན་ཀྱང་རྒྱུད་ཀྱི་རྒྱན་དུ་མངོན་པར་བརྗོད་པར་བྱ་སྟེ།
དེ་ལྟར་ཡང་རྒྱུད་ལས་གསུངས་པ། བསྙེན་པ་བསྒྲུབ་པ་དང་པོ་སྟེ། །གཉིས་པ་ཉེ་བར་སྒྲུབ་པ་པོ། །གསུམ་པ་ཡང་ནི་སྒྲུབ་པ་སྟེ། །སྒྲུབ་པ་ཆེན་པོ་བཞི་པའོ། །ཞེས་པའོ། །དེ་ལ་འདིའི་དོན་ནི་ཤེས་རབ་ཡེ་ཤེས་གང་ཡིན་པ་དེ་ཉིད་བཞི་པ་སྒྲུབ་པ་ཆེན་པོ་ཞེས་པའི་
དོན་ཏོ། །དེ་ཉིད་ཀྱིས་རྡོ་རྗེ་འཛིན་པ་ཆེན་པོའི་གོ་འཕང་ཐོབ་པ་ཡིན་ཏེ། འདིར་དེའི་གོ་འཕང་ནི་མཚོན་པར་བྱེད་པ་ཡིན་པས་ནའོ། །དེ་ཉིད་ཀྱིས་ན་ཤེས་རབ་ཡེ་ཤེས་དེ་ཉིད་བཞི་པའི་སྒྲར་བཤད་པ་ནི་སྒྲུབ་པ་ཆེན་པོ་ཡིན་ཞེས་པའི་དོན་ཏོ། །དབང་བསྐུར་བར་བཤད་པ་འདིའི་ཉེ་བར་
སྦྱར་བ་ནི་ཇི་ལྟར་འདིར་ཆ་རྐྱེན་གྱིས་དབང་བསྐུར་བར་ཉེ་བར་བརྗོད་པའོ་ཞེས་སེམས་སོ། །གཞན་རབ་ཏུ་བློ་དང་ལྡན་པ་དག་ནི་གཞན་དུ་སེམས་ཏེ། བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་གསང་བའི་དབང་དུ་གསུངས། །གསུམ་པ་ཤེས་རབ་ཡེ་ཤེས་སོ། །ཞེས་གསུངས་

པས་ན་བཞི་པ་ཞེས་པ་ནི། རྒྱུད་གཞན་དུ་གྲུབ་པའི་ཕྲེང་བ་དང་ཆུ་དང་དབུ་རྒྱན་ལ་སོགས་པའི་དབང་བསྐུར་བ་མི་འབྱུང་བ་རྣམས་ལ་ཤེས་པར་བྱ་སྟེ། ཁྱད་པར་ཅན་རྣམས་གསུངས་པའི་ཐུན་མོང་པ་རྣམས་བོར་བར་འགྱུར་བའི་ཕྱིར་ན། དེའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུམ་པོ་
ལས་གཞན་པ་རྒྱུད་གཞན་ལས་རབ་ཏུ་གྲགས་པའི་ཐུན་མོང་གི་དབང་བསྐུར་བ་རྣམས་ཐ་མར་དེ་བཞིན་བཞི་པོའོ་ཞེས་གསུངས་པ་ཡིན་ནོ། །དེས་ན་རྒྱུད་གཞན་རྣམས་སུ་གསུངས་པ་དེ་བཞིན་དུ་རྒྱུད་འདི་ཉིད་དུ་ཡང་རིག་པར་བྱ་སྟེ། དེའི་ཁྱད་པར་རྣམས་འདིར་མ་གསུངས་པ་ཡང་མཐུན་
ནོ་ཞེས་པར་དགོངས་སོ། །གཞན་རྣམས་ནི་དབང་བསྐུར་བ་བཞི་པ་འདི་སོ་སོ་བ་ཉིད་དུ་སེམས་ཏེ། འདི་ལྟར་དེ་ཉིད་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་སུ་བདེ་བ་ཆེན་པོ་གཉིས་སུ་མེད་པ་ཉམས་སུ་མྱོང་བའི་དེ་ཉིད་མཚོན་བྱ་མཚོན་བྱེད་ཀྱི་ངོ་བོས་བླ་མའི་མན་ངག་ཇི་ལྟ་བས་ཁོང་དུ་
ཆུད་པར་བྱ་བའི་ཡུལ་ངེས་པར་རྟོགས་པ་འགྲོ་བ་ནི་དབང་བསྐུར་བ་བཞི་པ་ཡིན་པས་ན། སེམས་ཉིད་ངེས་པ་དང་མ་ངེས་པའི་རང་བཞིན་དེས་དབང་བསྐུར་བ་རྣམ་པ་གཉིས་སུ་སེམས་སོ། །དེ་སྐད་དུ་ཡང་གསུངས་པ། སློབ་མ་གྲོལ་བར་ཡིད་ཀྱིས་རྟོགས་བྱ་ན། །ཆོ་གའི་རིམ་པ་ཇི་
བཞིན་དབང་བསྐུར་སྦྱིན། །ཟབ་དང་རྒྱ་ཆེའི་ཐེག་པར་གྲོལ་བྱེད་པ། །དབང་བསྐུར་རིན་ཆེན་ཚིག་ཉིད་སྦྱིན་པར་བྱ། །ཞེས་པས་སོ། །འོ་ན་བུམ་པ་དང་གསང་བའི་དབང་བསྐུར་བ་གང་ཡིན་པ་དག་ཀྱང་ཚིག་གི་ཁོང་དུ་ཆུད་པར་བྱེད་པས་ན་གང་དེ་ཉིད་ཀྱང་དབང་བསྐུར་བ་གཞན་དུ་འགྱུར་རོ་