Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 53

Văn bản gốc(Tây Tạng)

Trang 2 / 18 (50.000 ký tự/trang)
 །བྱིན་གྱིས་བརླབ་བྱ་ཆུ་དང་རང་ཉིད་ལ། །དབང་བསྐུར་ཚུལ་དུ་སྔགས་
འདི་བརྗོད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་བྱའི་སྔགས་བརྗོད་སྤྱི་བོར་གཏོར། །སྒྲུབ་པའི་གནས་ལ་སོགས་ལ་གཏོར་བར་བྱ། །དེ་རྗེས་ཡིག་གསུམ་གནས་ནི་གསུམ་དུ་དགོད། །སྤྱི་བོར་ཚངས་པའི་ཡི་གེ་དཀར་པོ་སྟེ། །མགྲིན་པར་ཡེ་ཤེས་ཡི་གེ་ཨཱཿ
དམར་བསམ། །ཁྲོ་ཡིག་སྔོན་པོ་སྙིང་གའི་དབུས་སུ་དགོད། །དེ་ནི་སེམས་དཔའ་རྣམ་པ་གསུམ་དུ་བཤད། །དེ་ཡི་མན་ངག་ཁྲོ་ཡིག་པདྨ་སྟེ། །ཨ་ནི་ཟླ་བ་རིག་བྱེད་དང་པོའི་ཚིག །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིན་ཞེས་བསམ། །དེ་ནི་གནས་གསུམ་བསྲུང་ཞིང་དག་པའོ། །དེ་རྗེས་ཤར་
གྱི་ཕྱོགས་སུ་ཁ་བལྟས་ལ། །གསེར་སོགས་སྣོད་དུ་ཆུ་ནི་གཙང་མ་བལྟམ། །ཤར་གྱི་ཕྱོགས་སུ་ནམ་མཁར་ཧཱུྃ་ཡིག་བསམ། །དེ་གྱུར་ལས་བྱུང་པདྨའི་གེ་སར་ལ། །ཨ་ལས་ཟླ་བ་དེ་ཡི་རིགས་སྐྱེས་མཚོན། །དེ་སྟེང་རྣམ་སྣང་ཡིག་གྱུར་ཉི་དཀྱིལ་འཁོར། །འོད་ཀྱི་དཀྱིལ་འཁོར་ལྟ་
བུར་རྣམ་པར་བསམ། །ཟླ་དབུས་བཅོམ་ལྡན་ཤཱཀ་ཐུབ་ཆོས་འཆད་རྒྱ། །ཉི་འོད་ཐུབ་དང་གཉིས་སུ་མེད་པར་བསམ། །དེ་ཡི་རྗེས་ལ་གསང་སྔགས་འདི་བརྗོད་དེ། །ཨོཾ་ན་མོ་ཏ་ཐཱ་ག་ཏ་སྱ་ཕཊ་ཕཊ། མྲྀཥྚཾ་ཨཎྞ་པ་ནཾ། པྲ་ཡཙྪ་མེ་སྭཱ་ཧཱ། མེ་ཏོག་རེ་བླངས་སྔགས་རེ་བརྗོད་བྱས་
པས། །སྔར་བཤམས་ཆུ་ལ་ཉི་ཤུ་རྩ་གཅིག་དོར། །ཡང་ན་རིག་པ་དེ་ཉིད་བརྗོད་བྱས་ལ། །སྔ་མའི་མེ་ཏོག་རེ་རེ་བླངས་ནས་ཀྱང་། །མཎྜལ་ལ་སོགས་ས་ཕྱོགས་གཙང་མར་ནི། །བཅོམ་ལྡན་ཤཱཀྱ་ཐུབ་ལ་དབུལ་བར་བྱ། །དེ་རྗེས་དཔལ་ལྡན་ཡི་གེ་བརྒྱ་པ་ནི། །མི་སྐྱོའི་
ཡིད་ཀྱིས་ཅི་ནུས་བཟླས་པར་བྱ། །ཨོཾ་བྷ་ག་བ་ཏེ་མུ་ནེ་ཡེ་ས་མ་ཡ་མ་ནུ་པཱ་ལ་ཡ། ཤཱཀྱ་མུ་ནེ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ། བྷ་ག་བཱན་

ཤཱཀྱ་མུ་ནེ་མཱ་མེ་མུཉྩ། བུདྡྷ་བྷ་ག་བཱན། མ་ཧཱ་ས་མ་ཡ་སཏྭ་ཨཱཿ། དེ་ནི་ཐོག་མར་གཏི་མུག་ཡི་གེ་ལ། །བར་དུ་སྒྲ་ཅན་ཐ་མར་དབྱངས་ཡིག་ལས། །ཡི་གེ་ཨ་སྟེ་སེམས་དཔའ་གསུམ་དུ་གྲགས། །དེ་རྗེས་དགེ་བའི་རྩ་བ་བསྔོ་བྱས་ཏེ། །ཛཿཧཱུཾ་བཾ་ཧོཿས་གཤེགས་སུ་གསོལ་
བར་བྱ། །རིག་གནས་ལྔ་ལ་མཁས་པ་རྣམས་ཀྱིས་ཀྱང་། །དཔྱད་པར་རྟོགས་དཀའ་རྡོ་རྗེ་འཆང་གི་དངོས། །རྩ་བའི་གྲུབ་ཆེན་ལཱུ་ཡི་ནས་བརྒྱུད་པ། །གདམས་པ་ཕྱི་ནང་གསང་བའི་སེམས་དཔའ་གསུམ། །སྒྲུབ་ཐབས་སློབ་མ་མཆོག་གིས་གསོལ་བཏབ་ངོར། །བླ་མའི་གདམས་
པ་བུམ་རྒྱུན་འཐུངས་ལགས་པ། །བརྩོན་ཤུགས་འབར་བའི་སྙིང་རྗེས་སྣ་དྲངས་ཏེ། །ཉམ་ཆུང་གཟུང་ཕྱིར་རིན་ཆེན་ཕྲེང་བར་བསྡེབས། །ཇི་སྲིད་ཐུབ་པའི་བསྟན་པ་གནས་བར་དུ། །མཐའ་འཁོབ་ཕྱོགས་སུ་དར་ཞིང་རྒྱས་གྱུར་ཅིག །རྗེ་བཙུན་གྱི་ཡི་གེ་བརྒྱ་པའི་སེམས་དཔའ་
གསུམ་གྱི་བསྒོམ་པའི་ཐབས་སློབ་དཔོན་ནཱ་རོ་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། རཏྣ་མཱ་ལ་ནཱ་མ། བོད་སྐད་དུ། རིན་ཆེན་ཕྲེང་བ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མགོན་པོ་ཀུན་གྱི་བདག་ཉིད་ནི། །དངོས་པོའི་རང་བཞིན་
མ་གྲུབ་པའི། །བླ་མ་རྗེ་ལ་ཕྱག་འཚལ་ནས། །རིན་ཆེན་ཕྲེང་བ་བཤད་པར་བྱ། །བསྒོམ་དང་སྒོམ་རྒྱུ་རྣལ་འབྱོར་གྱི། །རྟོག་པ་དེ་ནི་བདེན་པ་མིན། །བདེན་གཉིས་གྲུབ་པ་མེད་པའི་ཕྱིར། །སྒོམ་ལ་བརྟེན་པར་མི་བྱའོ། །ཆོས་ཀྱི་དབྱིངས་དང་དེ་བཞིན་ཉིད། །གང་ཡང་རང་
བཞིན་རྟོགས་པ་དེ། །ཞི་བ་རང་རིག་གཉིས་སུ་མེད། །བླ་མ་དམ་པའི་དགོངས་པའོ། །མཚན་ཉིད་མེད་པའི་ཤེས་རབ་ནི། །ཕྱག་རྒྱ་བླ་མའི་གདམས་ངག་བཅས། །ཕྲ་ཞིང་རང་རྒྱུད་ཡེ་ཤེས་ཀྱི། །མ་རྫོགས་པ་ཡི་སྐད་ཅིག་ལ། །ཡང་དག་གྲུབ་པར་མི་འགྱུར་རོ། །བླ་མ་
གཉིས་པའི་དགོངས་པའོ། །རྣམ་པར་རྟོག་པ་བདེན་པ་མིན། །རྟོག་མེད་རྗེས་སུ་འབྲེལ་པ་ཡི། །རིམ་གྱིས་རྣམ་རྟོག་རྣམས་དང་བྲལ། །དཔེར་ན་ཐ་གུ་སྦྲུལ་འཛིན་ཏེ། །རྣལ་འབྱོར་རྟོག་མེད་བདེ་བ་ཆེ། །བླ་མ་གསུམ་པའི་དགོངས་པའོ། །མ་རིག་པ་ཡི་སྣང་བ་འདི། །

རང་རིག་ཡེ་ཤེས་རྟོགས་གྱུར་ན། །རྨི་ལམ་ཉིན་མོའི་སྣང་བ་རྣམས། །མཉམ་པ་ཉིད་དུ་དོན་རྟོགས་པས། །ཚོར་བ་ཚོར་བྱེད་གཉིས་སུ་མེད། །གཉིས་དང་གཉིས་མིན་སྤངས་པ་ཡི། །གང་ལ་མི་གནས་རྣལ་འབྱོར་དེ། །ཤེས་རབ་ཕ་རོལ་ཕྱིན་མ་ཡིན། །བླ་མ་
བཞི་པའི་དགོངས་པའོ། །བདག་ཉིད་ཤ་ལའི་དགོངས་པ་ནི། །དམིགས་མེད་སྙིང་རྗེའི་རྣལ་འབྱོར་པ། །གཉིས་འཛིན་གཉིས་མེད་དོན་རྟོགས་ཅན། །ཟབ་མོའི་ཆོས་ཉིད་ལ་གནས་པས། །རྡོ་རྗེ་སེམས་དཔའི་གནས་ཐོབ་འགྱུར། །རྟོག་པ་དང་བྲལ་དྲི་མ་མེད། །རྣལ་འབྱོར་རོལ་པའི་
ལྟ་སྤྱོད་ནི། །ཆོས་རྣམས་རང་བཞིན་རྟོགས་གྱུར་ན། །བདེ་དང་སྡུག་བསྔལ་གཉིས་མེད་རྟོགས། །དེ་ལྟར་རྟོགས་པས་རང་གྲོལ་འགྱུར། །རིན་ཆེན་ཕྲེང་བ་ཞེས་བྱ་བ་སློབ་དཔོན་སི་ལ་ཨ་ལིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀཱ་རུ་ཎ་ཨ་དྷིཥྛཱ་ན་བྷཱ་བ་ན་
ནཱ་མ། བོད་སྐད་དུ། སྙིང་རྗེ་བསྒོམ་པའི་བྱིན་རླབས་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་བྱིན་རླབས་ཐོབ་གྱུར་པས། །སྐད་ཅིག་གཅིག་ལ་མཉམ་པར་རྟོགས། །རྒྱུད་སྡེ་རྣམས་ལ་མི་གསལ་བས། །སྙིང་རྗེ་བསྒོམ་པའི་ཉམས་ལེན་བཤད། །རྣལ་འབྱོར་
དེ་ཉིད་དྲན་བྱས་ནས། །མཚན་བཅས་མཚན་མེད་རང་བཞིན་གྱིས། །སྙིང་གའི་དབུས་སུ་ཐིག་ལེ་ནི། །མུན་པའི་རབ་རིབ་བསལ་གྱུར་པ། །ཟླ་རྩེའི་སྟེང་དུ་བསམ་པར་བྱ། །རང་བཞིན་བདག་པོ་རོལ་མཛད་པ། །དྲག་པོའི་གཟི་བརྗིད་ཕྲེང་བས་བརྒྱན། །ཧེ་རུ་ཀ་དཔལ་མགོན་པོ་ཆེ། །
བདུད་བཞི་ལས་ནི་རྣམ་པར་རྒྱལ། །ལྷན་ཅིག་སྐྱེས་པའི་དུར་ཁྲོད་གནས། །བདེ་བ་ཆེན་པོ་དགའ་བའི་མཆོག །རོ་མྱང་ལོངས་སྐུ་བྱང་སེམས་ལྡན། །ཡི་གེ་རྒྱུ་མེད་ཡང་དག་གསུངས། །ལྷ་སྒོམ་ཕྲེང་སྔགས་མཚམས་གཅོད་དང་། །སྦྱིན་སྲེག་ཀློག་སོགས་དགོས་པ་མེད། །རྟོག་
པ་རྣམས་ནི་སྤངས་བྱས་ནས། །འཇིགས་མེད་སྙིང་རྗེ་བསྐྱེད་བྱས་ལ། །སློབ་མ་དང་ནི་བདག་ཉིད་ཀྱི། །སྙིང་གར་བསྒོམས་པས་ཡེ་ཤེས་ནི། །ཐམས་ཅད་མཁྱེན་དང་མཉམ་པར་འགྱུར། །དེ་ཉིད་རྟོགས་པས་ཡང་དག་ཕྲད། །རྫུ་འཕྲུལ་བཞི་དང་ས་བཅུ་ཐོབ། །ནམ་མཁར་སྤྱོད་

དེ་མི་སྣང་འགྲུབ། །སྐྱེ་བ་དྲན་ཞིང་རང་སེམས་རྟོགས། །འདས་དང་མ་འོངས་ད་ལྟར་ནི། །རང་རིག་གཞན་རིག་ཐམས་ཅད་སྐྱེ། །མགལ་མེའི་འཁོར་ལོ་བསྐོར་བ་ལྟར། །སྣ་ཚོགས་སེམས་ཀྱི་རང་བཞིན་གྱི། །ཉམས་སྐྱེས་རྣལ་འབྱོར་གྲུབ་པ་ཐོབ། །སྙིང་རྗེ་བསྒོམ་པའི་མན་ངག་
ཅེས་བྱ་བ་སློབ་དཔོན་ཏེ་ལོ་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་ཨ་པ་ཏཱ་ར་ནཱ་མ། བོད་སྐད་དུ། ཐེག་པ་ཆེན་པོའི་གནས་ལུགས་གཏན་ལ་འབེབས་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོའི་བདག་ཉིད་ནི། །
བདེ་ཆེན་རྒྱ་མཚོའི་བདུད་རྩི་ནི། །མཐའ་དབུས་མཉམ་པའི་ཚད་ནད་སེལ། །དགའ་བ་ཆེ་ལ་ཕྱག་འཚལ་ལོ། །ཐེག་པ་རྣམས་ཀྱི་མཆོག་གྱུར་པ། །ཤེས་དང་ཤེས་བྱའི་ཡེ་ཤེས་ནི། །གཞན་ལ་ཕན་ཕྱིར་རང་ལ་མིན། །བདག་གིས་གཏན་ལ་དབབ་པར་བྱ། །འཛིན་དང་འཛིན་
བྱའི་རིག་པ་ནི། །སོ་སོའི་ལས་དང་རྣམ་པར་ལྡན། །དངོས་པོ་གཟུགས་ཅན་འཆིང་བའི་རྒྱུ། །ཕྱི་དང་ནང་གི་གཟུགས་མེད་པས། །དེ་ཉིད་མ་གྲུབ་གཉིས་མེད་དོ། །གང་ཞིག་འཛིན་པ་གཟུགས་ཡིན་ཏེ། །འཛིན་པ་མེད་པས་དེ་ཉིད་དོ། །དེ་ནི་དམ་པའི་ཡེ་ཤེས་ཏེ། །ལྷུན་གྲུབ་
ཁ་དོག་དབྱིབས་དང་བྲལ། །མཁས་པ་རྣམས་ཀྱིས་རང་རིག་རྟོགས། །གང་ཞིག་རིག་པ་སྟོང་པ་དེ། །སྟོང་པ་མིན་ལ་རིག་པ་མིན། །འདི་དག་ཐམས་ཅད་རང་འགག་གོ། །བདེན་གཉིས་བྲལ་བའི་རྣལ་འབྱོར་གྱིས། །སྟོང་ཉིད་རིག་པའི་ལྟ་བ་འདི། །སྙིང་རྗེ་ཆེན་པོའི་ཤེས་རབ་བོ། །
རྫོགས་པའི་རིམ་དང་ལྷ་སྒྲུབ་སོགས། །རྒྱུད་རྣམས་ཀུན་ལས་གསུངས་པས་ཀྱང་། །དེ་ཉིད་དོན་དམ་ཡེ་ཤེས་མིན། །དོན་དམ་ཡེ་ཤེས་སྟོབས་ཀྱིས་ནི། །རྫོགས་པའི་ལྷ་ནི་གྲུབ་པར་འགྱུར། །དེ་ཕྱིར་བདག་ནི་རྡོ་མཁན་དྷིས། །བློ་དམན་རྣམས་ཀྱི་ཡུལ་མིན་པ། །དོན་དམ་ཀུན་རྫོབ་
གཉིས་མེད་བཤད། །ཐེག་པ་ཆེན་པོའི་གནས་ལུགས་གཏན་ལ་འབེབས་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་རྡོ་མཁན་དྷིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙིཏྟ་སྱ་སཾ་པྲ་དྷཱ་ཡ་བྱཱ་བཥྚ་ནཾ་ནཱ་མ། བོད་སྐད་དུ། སེམས་ལ་གྲོས་འདེབས་པ་ཞེས་བྱ་བ། ཡུམ་རྡོ་རྗེ་

ཕག་མོ་ལ་ཕྱག་འཚལ་ལོ། །དཔའ་བོ་དཔའ་མོ་འབྱུང་པོ་རྣམས་ཀྱིས་བསྐོར་བྱས་པའི། །དཔལ་ཆེན་ཧེ་རུ་ཀ་ཡི་ཞབས་ལ་ཕྱག་འཚལ་ནས། །ཁམས་གསུམ་སེམས་ཅན་རྣམས་ཀྱི་སྒྲིབ་པ་བསལ་བའི་ཕྱིར། །བདག་གཞན་རྣམས་ཀྱི་དོན་དུ་སེམས་ལ་ཕན་པའི་
གྲོས་འདེབས་བྱ། །འདོད་པ་པདྨའི་ཆུ་ལྟར་རིག་ནས་སེམས་ཉིད་ཀྱི། །བླ་མེད་ལྟ་སྒོམ་འབྲས་བུ་ཁྱོད་ཀྱིས་དྲན་པར་གྱིས། །དེ་ཡིས་དཔལ་ལྡན་ཞལ་མཐོང་གཉིས་མེད་དོན་རྟོགས་ཏེ། །དེ་ཕྱིར་ཉམས་ལེན་བརྩོན་པས་ཕྱག་རྒྱ་ཆེན་པོ་ཐོབ་པའི་ཕྱིར། །སྣ་ཚོགས་གཟུགས་སྒྲ་སོགས་
ལ་མ་ཆགས་མ་ཞེན་ན། །འཁོར་བར་མི་གནས་རྒྱུ་མེད་མྱ་ངན་འདས་པ་ཐོབ། །པདྨ་བཞིན་མཛེས་མངོན་སུམ་མིག་གི་དབང་པོ་དང་། །སྒྲ་བརྙན་རྣ་བ་ཉམས་ཤིང་སེམས་ཉིད་རྨོངས་འགྱུར་བས། །ཀྱེ་མ་ཞེ་སྡང་ཕྲག་དོག་དུག་ནི་ཅི་ཕྱིར་འཛིན། །སྐྲ་དཀར་གཉེར་མ་ལ་སོགས་ཁྱོད་ཀྱིས་
མཐོང་གྱུར་ཀྱང་། །ཡོངས་སུ་ཚོལ་བའི་ཞེན་པས་ཉེས་པ་སྐྱོན་གྱིས་བཅིངས། །རབ་འབྲིང་ཐ་མའི་སྤྱོད་ལམ་འདོད་ཆགས་ཞེ་སྡང་གིས། །མཁས་བཙུན་མངོན་པའི་ང་རྒྱལ་འཁོར་བའི་གནས་སུ་འཁྱམ། །ཡི་དགས་ལྷ་མིན་དུད་འགྲོ་ལ་སོགས་སྡུག་བསྔལ་མང་། །དེ་ཕྱིར་ཕྲག་དོག་
སྤངས་ལ་རང་ཉིད་དམིགས་པར་གྱིས། །ལྷ་དང་ཀླུ་དང་མི་རྣམས་བདེ་བར་གྲངས་མང་ཐོབ་གྱུར་ཀྱང་། །སེམས་ཀྱི་རྒྱལ་པོ་འདོད་པས་མི་ངོམས་ངོ་མཚར་ཆེ། །གཉེན་བྲལ་སྡུག་བསྔལ་མཆི་མ་རྒྱ་མཚོ་བས་ཀྱང་ལྷག །དུར་ཁྲོད་གནས་ཀྱི་ཀེང་རུས་བསགས་པ་རི་དང་མཉམ། །འདོད་
པའི་རྨ་ཕྱུང་འཁྲུགས་པའི་ཁྲག་ནི་མཚོ་དང་འདྲ། །ཀྱེ་མ་སེམས་ཀྱི་རྒྱལ་པོའི་རྣལ་འབྱོར་ཅི་ཕྱིར་སྲིད་མི་སྤོང་། །མི་ལུས་འདོད་བྱ་ཁོམ་ལྡན་ཡང་དག་ཐོབ་བྱས་ནས། །དངོས་པོ་རྣམས་ནི་ཆུ་བུར་ལྟ་བུར་བརྟགས་བྱས་ལ། །ཁྱོད་ཀྱིས་བདག་གཞན་རྣམས་ལ་ཇི་སྲིད་ཕན་པར་གྱིས། །འཁོར་
བའི་འདམ་ལ་བྱིང་འགྱུར་ཐར་པ་ཤིན་ཏུ་དཀའ། །དམྱལ་བའི་སྡུག་བསྔལ་ངུ་འབོད་ཚ་གྲང་སྲེག་ཅིང་བཙིར། །སྲེད་པས་ཕྲག་དོག་ཡི་དགས་བཀྲེས་སྐོམ་སྐྱེ་འགྱུར་ལ། །སྙིང་རྗེའི་གནས་ཐོབ་དུད་འགྲོ་ཕན་ཚུན་ཞེ་སྡང་ཆེ། །ལྷ་ཡང་གནས་ནས་ལྟུང་འགྱུར་མི་རྣམས་སྡུག་བསྔལ་མང་། །

དེ་ལྟར་འགྲོ་བའི་སྡུག་བསྔལ་ཁྱོད་ཀྱིས་དྲན་བྱོས་ལ། །དོན་དམ་ཀུན་རྫོབ་ཐ་སྙད་སྣ་ཚོགས་སྤང་བར་གྱིས། །ལོངས་སྤྱོད་སྤྲིན་ཕུང་གློག་ལྟར་རྣམ་པར་གཡོ་བར་འགྱུར། །ཚེ་འདི་རླུང་གིས་བསྐྱོད་པའི་པདྨའི་ཆུ་ལྟར་འཇིག །ལང་ཚོ་རྣམས་ནི་མི་རྟག་དེ་ལྟར་བལྟས་བྱས་ནས། །མཁས་པ་
རྣམས་ནི་མྱུར་དུ་ནགས་སུ་འགྲོ་བར་གྱིས། །འཁོར་བའི་འདོད་པའི་གཉེན་བཤེས་ཆགས་པས་ཕྲག་དོག་སྐྱེ། །མཐར་ཡང་གཤིན་རྗེའི་གནས་འགྲོ་རྒྱལ་བ་ཐོབ་མི་འགྱུར། །ཁྱོད་ཀྱིས་དེ་ལྟར་ཤེས་ན་ཐར་པའི་ལམ་ཐོབ་བོ། །མི་ལུས་དམ་པ་ཡང་དང་ཡང་དུ་ཐོབ་པ་དཀའ། །དཔེར་
ན་རྒྱ་མཚོའི་ཆུ་རླབས་རླབས་སྣང་ཟླ་བའི་གཟུགས་བརྙན་དང་། །རྨི་ལམ་མིག་འཕྲུལ་འཁྲུལ་སྣང་སྣ་ཚོགས་སྒོམ་བྱེད་ན། །འཁོར་བའི་ཞགས་པས་བཅིངས་གྲོལ་རྒྱལ་བྱ་བཞིན་ནོ། །དེ་ཕྱིར་སེམས་ཉིད་མ་ཆགས་མ་ཞེན་ཉམས་ལེན་གྱིས། །འཁྲུལ་ཟད་གང་ཞིག་རྣལ་འབྱོར་བདེ་བ་
ཐོབ་པ་དེས། །སེམས་གསལ་ཡལ་ག་བརྒྱ་ཡིས་སངས་རྒྱས་འབྲས་བུ་ཐོབ། །སེམས་ཀྱི་གྲོས་འདེབས་ཞེས་བྱ་བ་སློབ་དཔོན་ཨ་ཛོ་ཀིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སྠཱ་ན་མཱརྒ་ཕ་ལ་མ་ཧཱ་མུ་དྲ་བྷཱ་བ་ན་ནཱ་མ། བོད་སྐད་དུ། གཞི་ལམ་འབྲས་བུ་
བསྒོམ་པའི་ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གཞི་ལམ་འབྲས་བུ་གསུམ་གྱི་ནི། །རྩ་གསུམ་བརྒྱུད་པའི་བླ་མ་དང་། །ཡིག་འབྲུ་གསུམ་གྱི་ཉམས་ལེན་ནི། །ཉམ་ཆུང་ཉོན་ཅིག་བཤད་པར་བྱ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ནས། །སྣ་
བུག་གཉིས་དང་ཚངས་པའི་བར། །རྩ་གསུམ་ལ་ནི་སེམས་གཏད་བྱ། །གཡོན་གྱི་དཀར་དང་གཡས་རྩ་དམར། །དབུས་ཀྱི་མི་བསྐྱོད་མཐིང་ག་ལ། །གཡས་པར་ཧཱུཾ་དང་གཡོན་པར་ཨོཾ། །ཚངས་པའི་བུ་གར་ཨ་ཡིག་བསམ། །འོད་གསལ་མཐིང་ག་དཀར་དང་དམར། །ཁམས་
གསུམ་སྤྲུལ་པའི་འོད་ཀྱིས་ཁྱབ། །གདུལ་བྱ་བཏུལ་ནས་སླར་ཡང་ཐིམ། །ཡི་གེ་གསུམ་གྱི་ཟླ་ཚེས་ལ། །སྟོང་པའི་ཐིག་ལེ་སྟེང་དུ་ནི། །བརྒྱུད་པའི་བླ་མ་འོད་གསལ་ནི། །དེ་སྟེང་འདི་ལྟར་བསྒོམ་པར་བྱ། །གཡོན་གྱི་སྣ་བུག་ཡི་གེ་ལ། །ཡིད་ཆེས་ཉམས་མྱོང་བླ་མ་ནི། །སྐར་མ་ལྟ་

བུའི་འོད་གསལ་བསྒོམ། །འབྲས་བུ་མངོན་སུམ་བླ་མ་སྟེ། །ཧཱུཾ་ཡིག་ཟླ་ཚེས་སྟེང་དུ་སྟེ། །བརྟན་པར་བསམ་གཏན་བསྒོམ་པར་བྱ། །རླུང་གསུམ་འགགས་ཏེ་གདོན་གསུམ་སེལ། །དུག་གསུམ་རྣམ་རྟོག་བྲལ་འགྱུར་བ། །རྒྱུ་འབྲས་ཆོས་ཀྱི་རྟོག་པ་སྤངས། །
ལུས་ཀྱི་དགོན་པ་བརྟན་འགྱུར་བས། །བདག་གཞན་གཉིས་མེད་དོན་རྟོགས་ཏེ། །དུར་ཁྲོད་ཀྱི་ནི་འཇིགས་པ་སྤངས། །ཧ་རི་ཙནྡྲ་ནམ་མཁའི་དབྱིངས། །དྲི་ཟའི་གྲོང་ཁྱེར་ལོངས་སྤྱོད་བྱེད། །གཞི་ལམ་འབྲས་བུ་བླ་མ་བསྒོམ་པའི་ཕྱག་རྒྱ་ཆེན་པོའི་ཉམས་ལན་ཞེས་བྱ་བ་སློབ་
དཔོན་པཾ་ཀ་ལས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ནཱ་ད་བིནྡུ་དྭཱ་རེ་ཡོ་གི་ནི་ཙརྱ་ནཱ་མ། བོད་སྐད་དུ། རྩ་རླུང་གི་སྒོ་ནས་རྣལ་འབྱོར་གྱི་སྤྱོད་པ་ཞེས་བྱ་བ། ཡུམ་བདག་མེད་མ་ལ་ཕྱག་འཚལ་ལོ། །བདག་ནི་མདོག་སྡུག་འཕྱོན་མ་མིན། །དབྱིབས་
ལེགས་འཕྱོན་མའང་མ་ཡིན་ཏེ། །དགྱེས་རྡོར་སྤྱོད་པའི་དགེ་སྤྱང་གིས། །དེ་ནི་བདག་གི་བདག་པོར་འགྱུར། །བདག་ནི་མཚམས་སུ་ཕུང་བར་འགྱུར། །བྷནྡྷ་པ་ཡིས་མཚམས་སུ་བཅོམ། །དེ་ནི་བདག་གིས་ཇི་ལྟར་བྱ། །ཕྱོགས་བཞིར་བལྟས་ན་ཐར་པ་མེད། །ཐམས་ཅད་བལྟས་
པས་ནམ་མཁའི་དབྱིངས། །བདག་ནི་མཚམས་སུ་ཕུང་བར་འགྱུར། །བྷནྡྷ་པ་ཡིས་མཚམས་སུ་བཅོམ། །ད་ནི་སྟོང་པའི་དེ་ཉིད་རྟོགས། །སྨྲོས་དང་སེམས་ཁྱོད་ཅི་རྟོགས་ན། །དེ་ངོར་གཞན་ཅིག་འགྲོ་བར་བྱེད། །བདག་ནི་མཚམས་སུ་ཕུང་བར་འགྱུར། །བྷནྡྷ་པ་ཡིས་མཚམས་
སུ་བཅོམ། །ད་ནི་དུར་ཁྲོད་དགོན་པ་རུ། །དེ་རུ་བདག་ནི་གནས་པར་བྱེད། །རི་སྦྱོང་བ་ཡི་གནས་དག་ཏུ། །སྐྱེ་རྒའི་རྒྱུན་ནི་བཅད་ནས་གནས། །བདག་ནི་མཚམས་སུ་ཕུང་བར་འགྱུར། །བྷནྡྷ་པ་ཡིས་མཚམས་སུ་བཅོམ། །བྷནྡྷ་མཁས་པ་ཆེན་པོ་དེས། །སྣ་ཚོགས་སེམས་ནི་གར་
བྱེད་པ། །དེ་ཡི་རང་བཞིན་དབང་དུ་འདུས། །བདག་ནི་མཚམས་སུ་ཕུང་བར་འགྱུར། །བྷནྡྷ་པ་ཡིས་མཚམས་སུ་བཅོམ། །རྩ་རླུང་གི་སྒོ་ནས་རྣལ་འབྱོར་གྱི་སྤྱོད་པ་ཞེས་བྱ་བ་སློབ་དཔོན་ཌོཾ་བི་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཀྵ་ར་

དྭི་པ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། ཡི་གེ་གཉིས་པའི་མན་ངག་ཅེས་བྱ་བ། བླ་མ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །རིག་བྱད་དང་ནི་གཏུན་ཤིང་ཡིན། །ཛཱ་དང་མུ་སལ་གཏུན་བརྡུང་ཡིན། །ས་མ་བྷེ་དང་གཏུན་དུ་བྱས། །ཨ་ཐར་ཤིམ་མས་ཕྱག་བརྡར་བྱས། །ཀྱེ་ཧོ་བདག་གིས་
གཏུན་འདི་ནི། །བླ་མ་དམ་པའི་བཀའ་དང་བརྡུང་། །བླ་མ་དམ་པའི་མན་ངག་དང་། །དྲངས་ཤིང་རྐང་པས་རྡེག་པར་བྱེད། །དངོས་པོའི་རང་བཞིན་སྤྱོད་པ་ན། །ལྟ་བ་དྲུག་ནི་སངས་རྒྱས་པའི། །ལམ་འདི་བདག་གིས་དང་དུ་བླངས། །ཀྱེ་མ་རྩེ་གཅིག་སེམས་ཀྱིས་བརྡུང་། །འདི་ལྟར་འབྲས་
ན་ནག་པོ་ལས། །བསོད་ནམས་བརྡེག་པ་གཉིས་ཀ་ཡིས། །བསྣུན་པས་སྙིགས་མ་ཟད་འགྱུར་ཏེ། །རང་སེམས་སྟོང་པ་ཉིད་དུ་ལུས། །ཀྱེ་ཧོ་བདག་གི་གཏུན་བརྡུང་ཡིན། །ཉི་ཟླ་གཉིས་ནི་འགྲམ་ཤིང་བྱས། །རྐང་པའི་གཏུན་ནང་བདག་གི་གནས། །འདི་ནི་ལྐུགས་པའི་རྨི་ལམ་
འདྲ། །ཇི་ལྟར་གང་ལ་སྨྲ་བར་བྱེད། །ཀྱེ་ཧོ་བདག་གི་གཏུན་ཤིང་ནི། །ནམ་མཁའི་ཧེ་དང་ཧཱུཾ་སྒྲ་སྒྲོགས། །སྲིད་པའི་ངེས་པ་གཉིས་སྤངས་ཏེ། །ཉིན་མཚན་སྐད་ཅིག་རེ་རེ་ལ། །གཏུན་དང་མཉམ་པ་ཉིད་དུ་གནས། །ཡི་གེ་གཉིས་པའི་མན་ངག་ཅེས་བྱ་བ་སློབ་དཔོན་ཌོཾ་བིས་མཛད་པ་
རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨ་ནུ་ཡོ་ག་ཏ་ཏྭ་བྷཱ་བ་ནོ་པ་དེ་ཤ་ནཱ་མ། བོད་སྐད་དུ། དེ་ཉིད་བདེ་བ་བསྒོམ་པའི་རྗེས་སུ་འབྲང་བའི་རྣལ་འབྱོར་བསྒོམ་པའི་མན་ངག་ཅེས་བྱ་བ། རྫོགས་པའི་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །གང་ཞིག་སྙིང་གར་ཁ་སྦྱོར་པདྨའི་
དབུས་སུ་ནི། །སེམས་ཉིད་ཕྲ་ཞིང་རབ་གསལ་ཁྱབ་ལ་ཉམས་དང་ལྡན། །ཁམས་གསུམ་ཐམས་ཅད་ཉེ་བར་གཉིས་མེད་ཐོབ་འགྱུར་བ། །མཉམ་ཞིང་གཉིས་མེད་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །གཡོ་འགྱུར་དབང་པོའི་རྟ་རྒོད་ནང་དུ་ཐིམ་པ་དེ། །རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཡང་དག་སྣོད་དུ་
ནི། །མཁས་པས་གཉིས་མེད་ཐོབ་འགྱུར་མྱུར་མའི་དོན་རྟོགས་པས། །དཔལ་ལྡན་དྲི་མེད་ནམ་མཁའ་ལྟར་ནི་ལྟ་བ་གྲུབ། །སངས་རྒྱས་རྗེས་དྲན་རྣལ་འབྱོར་ཆོས་ཀྱི་དབྱིངས་ལ་ནི། །ཆོས་དང་ཆོས་ཉིད་བསྒོམས་པས་ཆོས་སྐུའི་རང་བཞིན་ཐོབ། །དེ་ཉིད་དྲན་ཚོར་རིག་པ་མེད་འགྱུར་

ཡི་ཤེས་མཐོང་། །ཤིན་ཏུ་བསྒོམས་པའི་དགོས་པ་འོད་གསལ་ཡིད་གཉིས་མེད། །ཡི་གེ་མེད་པའི་ཐིག་ལེ་སྙིང་གར་གནས་པ་ནི། །སྒོམ་པར་བྱེད་པའི་རྣལ་འབྱོར་ཡེ་ཤེས་རབ་ཏུ་སྐྱེ། །དེ་ལས་རྡོ་རྗེ་མཁའ་འགྲོ་སྙིང་རྗེར་ལྡན་པ་ཐམས་ཅད་གནས། །སངས་
རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ཁམས་སུ་བཅས། །དེ་ཉིད་རང་བཞིན་མཆོད་པས་མཆོད་འོས་རྣམས་ལས་མཆོད་པ་ཐོབ། །གང་ཞིག་རྣལ་འབྱོར་སྒོམ་བྱེད་སངས་རྒྱས་རྣམས་ཀྱིས་མཆོད། །མཆོད་སྒོམ་བྱེད་པ་དེ་ནི་འབྲས་བུ་སངས་རྒྱས་གསུང་། །རྡོ་རྗེ་རྣལ་འབྱོར་ནང་གི་བདག་
ཉིད་གཉིས་སྦྱོར་བས། །དེ་ཕྱིར་རྡོ་རྗེའི་མཆོད་པས་མཁས་པ་རྣམས་ཀྱིས་མཆོད། །ཡེ་ཤེས་ལྔ་འཕྲོས་སངས་རྒྱས་འགྲུབ་འགྱུར་ཐེ་ཚོམ་མེད། །གང་ཞིག་རྣལ་འབྱོར་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །བནྡུ་ཀ་ཡི་འབྲས་ལྟར་པད་དྲུག་གེ་སར་དབུས། །ཨ་ཎི་སུ་ཏྲི་པྲེ་དུ་ཀ་རིགས་དྲུག་
འགག་ཕྱིར་བསྒོམ། །དབུས་སུ་ཁོང་སྟོང་ཡིག་འབྲུ་དྲུག་པོ་རིམ་གྱིས་ནི། །ཀ་ལ་ཐིམ་པས་སེམས་ཉིད་འགགས་ཏེ་སྐྱེ་བ་མེད། །བསྒྲིབ་བྱ་སྒྲིབ་བྱེད་རང་སེམས་དྲི་མེད་དམིགས་པ་མེད། །རྒྱུད་རྣམས་འདུལ་ཕྱིར་གསུངས་ཏེ་རྣལ་འབྱོར་དོན་དམ་མིན། །སངས་རྒྱས་ཐམས་ཅད་འགྲུབ་
འགྱུར་རང་བཞིན་མཆོད་པ་ཆེ། །གནས་ཆེན་ཉི་ཤུ་རང་གནས་ས་ལམ་རིམ་པ་ཐོབ། །དེ་ཕྱིར་དེ་ཉིད་གཞན་དུ་མི་ཚོལ་རང་ལ་གནས། །རྣལ་འབྱོར་དེ་ཉིད་མ་རྟོགས་འཁྱམས་ན་ཅི་ཞིག་བྱ། །གལ་ཏེ་དེ་ཉིད་རྟོགས་ན་གཞན་དུ་ཅི་ཞིག་བྱ། །སྐལ་བཟང་བདག་ཉིད་རང་ལ་གྲུབ་ཅིང་དེ་ཉིད་ཐོབ། །གང་ཞིག་
གང་གི་སྦྱོར་བས་བརྟུལ་ཞུགས་ཅན་གྱིས་ནི། །གཉིས་མེད་བསམ་གཏན་ལ་ནི་སྨྱོན་པ་བཞིན་དུ་སྤྱོད། །ནམ་མཁའི་གོས་ཅན་ཡང་ན་རྣལ་འབྱོར་དེ་མིན་པ། །ལུས་ལ་ཡི་དམ་ལྷ་གནས་རང་བཞིན་དེ་ཉིད་བསྒོམ། །ཟླ་བ་དྲུག་ཏུ་ངག་བསྡམས་མཁའ་འགྲོ་རྣམས་དང་ཕྲད། །ཡེ་ཤེས་འོད་
འཕྲོས་རྣལ་འབྱོར་སངས་རྒྱས་རྣམས་དང་མཉམ། །སྒྱུ་མ་མཁན་ལྟར་འདུལ་མཆོག་འགྲོ་བའི་དོན་མཛད་དོ། །དེ་ཉིད་བདེ་བ་སྒོམ་པའི་རྗེས་སུ་འབྲང་བའི་རྣལ་འབྱོར་བསྒོམ་པའི་གདམས་ངག་ཅེས་བྱ་བ་སློབ་དཔོན་ཀུ་ཀུ་རི་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ།

སྲ་བ་པ་རིཙྪ་དན་ནཱ་མ། བོད་སྐད་དུ། འཛག་པ་གཅོད་པའི་མན་ངག་ཅེས་བྱ་བ། ཡུམ་དོན་གྲུབ་མ་ལ་ཕྱག་འཚལ་ལོ། །རྐྱེན་དང་རྒྱ་མཚོ་རྒྱས་པ་དང་། །གྲང་བ་སྤྱོད་ལམ་ཉེས་པ་སྟེ། །ཁ་ཟས་བྱིན་རླབས་དམ་ཚིག་གིས། །གྲང་བ་འཛག་པ་ཆུ་རྒྱུན་བཟློག །རྡོ་རྗེའི་རྐེད་པར་དར་
དཀར་བསྒྲིལ། །དར་གྱི་སྐུད་པས་དམ་པར་བཅིངས། །གཡས་གཡོན་ར་བ་དྲག་ཏུ་སྤྲུགས། །བསམ་གཏན་ལྟེ་བར་གཏད་པར་གྱིས། །རྣམ་སྣང་སྒོ་རུ་སྐུ་ཡིག་བསྒོམ། །རྒྱུན་གཅོད་སྔགས་ནི་ཞལ་ནས་ལོངས། །ཟླ་བ་རྒྱས་ན་རྒྱ་མཚོ་ལུད། །ཁ་བྲག་བརྒྱད་ལ་ཆུ་རྒྱུན་འཛག །
གངྒཱའི་རྒྱུན་བཟློག་རྣལ་འབྱོར་ཀྱེ། །མི་ལྟུང་ཚེ་རིང་བདེ་བ་ཐོབ། །རྡོ་རྗེའི་སྤྱི་བོར་དྲག་སེར་བསྒོམ། །ཧྲཱིཾ་ཏྲཱིཾ་ཧཱུཾ་གི་ཐིག་ལེ་འདྲ། །སྟེང་རླུང་བཅིངས་ནས་ཞགས་པ་ལྟར། །གཡས་སྐོར་གཡོན་སྐོར་རྩ་ལ་གྲམ། །རྒྱ་མཚོ་གྲང་བ་མེ་ཡིས་བསྲོ། །བཅུད་ལེན་སྨན་གྱི་སྦྱོར་བ་བྱ། །ཨ་རུ་
གསེར་མདོག་འོ་མར་བསྐོལ། །ཚ་བ་གསུམ་དང་ཅང་ཞི་བསྲེ། །བཅུད་ཅན་ཟས་དང་སྦྱར་ལ་བཟའ། །ན་བའི་ས་རུ་མུ་སྡུག་དང་། །བེམ་རྟོལ་བརྒྱ་དང་རྩ་བརྒྱད་བརྒྱབ། །མར་བསྐོལ་རས་བལ་མེ་བཙའ་གདབ། །གྲང་འདོན་པགས་པ་རྐེད་ལ་དཀྲི། །ལྷ་སྲུང་ལོག་ན་གདོན་གྱི་རྐྱེན། །རྒྱ་
མཚོ་མ་ཐུབ་འཛག་པ་ལ། །རང་བྱུང་མེ་ཏོག་གུ་གུལ་ནག །ཡུངས་ཀར་ཐལ་བ་མེ་ཀླད་བསྲེ། །ཧ་བུའི་སྔགས་བཟླས་རྡོ་རྗེར་བྱུག །དོག་པ་ནག་པོས་བཅིང་བར་བྱ། །དྲག་པོའི་སྤྱོད་ལམ་བཟླས་བྱས་ནས། །བུམ་པའི་རླུང་བཅིང་ཧཱུཾ་ཕཊ་འདྲེན། །རྣལ་འབྱོར་ཁ་ཟས་ཉམས་ན་ནི། །
སེའུའི་ཤུན་ལྤགས་འོ་མར་བསྐོལ། །ཁ་ར་བཏབ་འཐུངས་འགག་པར་འགྱུར། །དམ་ཚིག་ཉམས་ནས་རྒྱུ་བ་ལ། །མཆོད་དང་གཏོར་མ་བྱིན་རླབས་ཞུ། །གཞན་དུ་ཐམས་ཅད་རྣལ་འབྱོར་ལ། །ཡོད་པ་དག་ནི་མ་ཡིན་ནོ། །འཛག་པ་གཅོད་པའི་མན་ངག་ཅེས་བྱ་བ་སློབ་དཔོན་ཀུ་
ཛི་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏི་ཐི་ཀ་ཙཎྜཱ་ལཱི་ཀ་ནཱ་མ། བོད་སྐད་དུ། མུ་སྟེགས་ཀྱི་གཏུམ་མོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་ཐལ་སྐུད་ཅན་ལ་ཕྱག་འཚལ་ལོ། །བུད་མེད་གནས་ནི་དབུ་རྒྱན་མཱ། །རིགས་ནི་གཏུམ་མོའི་

རིགས་གྱུར་པ། །སྲིད་པ་གསུམ་ཡང་སྲེག་པར་བྱེད། །མེ་ལྕེ་ནམ་མཁར་ཁྱབ་པར་བྱེད། །ཨ་ཙིན་དཔལ་ནི་གར་བྱེད་འགྱུར། །ནམ་མཁར་རྔེའུ་ཆུང་ས་ལ་རྔེའུ་ཆུང་བརྡུང་། །རྡོ་རྗེ་མེ་ཡིས་རྒྱ་མཚོ་སྐེམས། །ཉི་ཟླ་གཉིས་ཀྱང་སྐྱབས་སུ་གཞུག །གར་
བྱེད་དཔལ་གྱི་ཨ་ཙིན་ཐོད་པ་ཅན། །ནམ་མཁར་རྔེའུ་ཆུང་ས་ལ་རྔེའུ་ཆུང་བརྡུང་། །ལྷ་དང་ལྷ་མིན་མི་རྣམས་དང་། །དབང་ཕྱུག་ཨུ་མ་ལ་སོགས་པ། །ཐམས་ཅད་ཡེ་ཤེས་མེ་ཡིས་བསྲེགས། །གར་བྱེད་དཔལ་གྱི་ཨ་ཙིན་ཐོད་པ་ཅན། །ནམ་མཁར་རྔེའུ་ཆུང་ས་ལ་རྔེའུ་ཆུང་བརྡུང་། །
རྣལ་འབྱོར་མ་ནི་ཁྲིད་བྱས་ནས། །མགོན་པོའི་གནས་སུ་འཇུག་པར་བྱེད། །འདི་ལྟའི་དཀྱིལ་འཁོར་གླུ་རུ་བླངས། །གར་བྱེད་དཔལ་ནི་ཨ་ཙིན་ཐོད་པ་ཅན། །ནམ་མཁར་རྔེའུ་ཆུང་ས་ལ་རྔེའུ་ཆུང་བརྡུང་། །མུ་སྟེགས་ཀྱི་གཏུམ་མོ་ཞེས་བྱ་བ་སློབ་དཔོན་ཨ་ཙིནྟས་མཛད་པ་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། དྷཱ་ཏུར་པཱ་ད་ནཱ་མ། བོད་སྐད་དུ། གསེར་འགྱུར་གྱི་རྩི་ཞེས་བྱ་བ། ཡུམ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །སྦྱིན་པའི་ཕ་རོལ་རྫོགས་པའི་ཕྱིར། །གསེར་འགྱུར་རྩི་ཡི་གདམས་པ་ནི། །ཉམས་སུ་ལེན་པའི་གང་ཟག་ལ། །ཚོགས་ནི་བསག་ཕྱིར་
བཤད་པར་བྱ། །བལ་པོ་སེའུ་སྨན་ཚེ་དང་། །ས་འུ་ར་བསྲེ་ཀ་སི་ས། །ཆང་སྐྱུར་དང་ནི་སྦྱར་བར་བྱ། །ཟངས་ཀྱི་སྣོད་དུ་ཞག་གསུམ་བཞག །དེ་ནས་བདུན་གསུམ་ཉི་ཤུ་གཅིག །ཞལ་གྱི་གདམས་པའི་སྨན་རྩི་ཡིས། །སྲབ་མོའི་ལྕགས་རྣམས་ཟངས་སུ་འགྱུར། །དངུལ་
ཆུ་དང་ནི་ཁམ་ས་དང་། །སེན་རྩི་དང་ནི་ལྕི་བ་ནི། །ལྡེ་གུར་བྱས་ནས་དེ་ཡི་དབུས། །ཟངས་དམར་བཞག་ན་དངུལ་དུ་འགྱུར། །རྟ་རྨིག་དང་ནི་ལུག་རུ་དང་། །རུས་སྦལ་ཤུན་ལྤགས་ཤི་ལར་བཅས། །བཞུས་པའི་གསེར་ལ་དངུལ་བཏབ་ནས། །དེ་རྣམས་བསྡུས་པའི་ཆ་བརྒྱད་
ཀྱིས། །བཞུས་པའི་ཞ་ཉེ་བཏབ་བྱས་ནས། །ཟླ་བ་ལྔར་ནི་དངུལ་འགྱུར་རོ། །དངུལ་དང་ཁར་བ་མཉམ་བྱས་ནས། །ཞ་ཉེའི་ཚད་དུ་བསྲེ་བར་བྱ། །ཕྱི་ལྟའི་སྣོད་ཀྱི་ནང་དུ་ནི། །ཞུ་བས་ཐམས་ཅད་དངུལ་དུ་འགྱུར། །ཤ་ཆེན་སྲང་ནི་བརྒྱད་དང་ནི། །ཞ་ཉེ་དཀར་པོ་དེ་དང་མཉམ། །ས་ཛཱི་སྲང་

གཉིས་སྨན་ཚ་དང་། །དུག་སྲང་གཅིག་དང་དངུལ་ཆུ་མཉམ། །གངས་ཅན་སྨན་ནི་ཁུ་བ་ཡིས། །སྔ་མའི་སྨན་རྣམས་མཉེ་བར་བྱ། །ཐམས་ཅད་རྭ་དཀར་ནང་དུ་བཅུག །ཡང་ན་རྫ་སའི་སྣོད་དུ་ནི། །ཁ་སྦྱོར་བྱས་ནས་བསྲེག་པར་བྱ། །སྨན་ཐལ་བར་དུ་བཞག་ནས་བཏོན། །དངུལ་ནི་
ཟླ་ལྟར་གྲུབ་པར་འགྱུར། །སྐྱེས་པ་ཙམ་གྱིས་ཤེའུ་ཡི། །བུ་རི་ཤ་ན་བླང་བྱས་ནས། །ཉི་མ་ཞུ་ནས་བཏབ་པར་བྱ། །དེ་ནི་བཞི་འགྱུར་ཕྱེ་ཡིས་ནི། །ཞ་ཉེ་དཀར་པོའི་ཞུན་མར་ལ། །བཏབ་ནས་ཆུ་སྐམས་དངུལ་དུ་འགྱུར། །སྨན་ཚ་དང་ནི་ཚ་ལ་དང་། ཡ་བཀྵ་ར་སརྫི་ཀ །ཙི་
དཀར་སྨན་ནི་ཁུ་བ་དང་། །དུག་དང་ཧ་ནུ་མ་ཤ་ཏིའི། །ཆུ་ནི་མ་ཧེའི་ཞོ་དང་སྦྱར། །ཞག་གསུམ་ཞ་ཉེའི་ནང་དུ་བཞག །དུ་བ་མི་འབྱུང་ཐབས་ཀྱིས་བསྲེག །དངུལ་འགྱུར་ཕོངས་པའི་སྡུག་བསྔལ་སེལ། །དངུལ་འགྱུར་སྦྱོར་བ་བཤད་བྱས་ནས། །གསེར་འགྱུར་བདུད་རྩི་བཤད་
པར་བྱ། །གངས་ཅན་རི་བོ་རྣམས་ལ་ནི། །རོ་དན་ཏི་ཞེས་སྨན་མཆོག་གྲགས། །ལོ་མས་ས་ཕྱོགས་ཟིལ་མི་བྲལ། །གསེར་གྱི་མདོག་ཅན་ཁུ་བ་འཛག །ཞ་ཉེ་དཀར་པོ་དངུལ་ཆུ་ལྡན། །ཐལ་སྦྱོར་ཞལ་གྱི་གདམས་པ་ཡིས། །རེག་པས་དངུལ་ཟངས་གསེར་དུ་འགྱུར། །དང་
པོ་མེ་ཡིས་དངུལ་ཆུ་ཡི། །མི་འཆོར་བ་ཡི་སྦྱོར་བ་བྱ། །དེ་ནས་སྨན་གྱི་རྩི་ཤེས་ནས། །རྣལ་འབྱོར་གསེར་འགྱུར་འགྲུབ་འགྱུར་རོ། །མི་དང་ལྷན་ཅིག་མ་གནས་ན། །གསེར་འགྱུར་འགྲུབ་པར་མི་འགྱུར་རོ། །དེའི་ཕྱིར་ཁ་སྦྱོར་འཁོར་ལོ་ཡིས། །ཅི་ནས་དངུལ་ཆུ་བཅིང་བར་བྱ། །
དེ་བཅིངས་གང་ཡང་གསེར་དུ་འགྱུར། །ཟོས་པས་ཐམས་ཅད་རྡོ་རྗེའི་སྐུ་རུ་འགྱུར། །གསེར་འགྱུར་རྩིའི་གདམས་པ་སློབ་དཔོན་ན་ལིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙིཏྟ་ཙི་ཏི་ལ་ཤ་པ་ནོ་པཱ་ཡཾ། བོད་སྐད་དུ། སེམས་དང་སེམས་ཉིད་འདུལ་
བའི་ཐབས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྤུ་མདོག་སྣ་ཚོགས་རི་དགས་ཏེ། །རྐང་པས་རྡེག་ཅིང་ཕྱོགས་བཞིར་འགྲོ། །བརྡས་ནས་ནམ་མཁར་བསད་པར་བྱས། །རང་གི་ཤ་ཡིས་རང་ལུས་ལ། །རྣམ་པ་ཀུན་དུ་དགྲ་རུ་སོང་། །བྷུ་སུ་ཀུ་ཡི་རྔོན་པ་ཡིས། །སྐད་

ཅིག་གཅིག་ཀྱང་གཏོང་བ་མེད། །རི་དགས་མོ་ནི་ཕོ་ལ་སྨྲ། །ནགས་སུ་གནས་ན་བདེ་བར་འདུག །དེ་ནས་བྱུང་ནས་གསོད་པར་བྱེད། །རང་གི་ཤ་ཡིས་རང་ལུས་ལ། །རྣམ་པ་ཀུན་དུ་དགྲ་རུ་སོང་། །བྷུ་སུ་ཀུ་ཡི་རྔོན་པ་ཡིས། །སྐད་ཅིག་གཅིག་ཀྱང་གཏོང་བ་
མེད། །ཕོ་ནི་མོ་ལ་འདི་སྐད་སྨྲ། །སུ་ལ་བདག་གིས་གནོད་མ་བྱས། །ཅི་ཡང་བདག་གིས་ཟོས་པ་མེད། །སུ་ལའང་གནོད་པ་མ་བྱས་ན། །ཅི་ཡི་ཕྱིར་ན་སོད་ཅིག་སྨྲ། །རང་གི་ཤ་ཡིས་རང་ལུས་ལ། །རྣམ་པ་ཀུན་ཏུ་དགྲ་རུ་སོང་། །བྷུ་སུ་ཀུ་ཡི་རྔོན་པ་ཡིས། །སྐད་ཅིག་གཅིག་
ཀྱང་གཏོང་བ་མེད། །རྩྭ་དང་ཆུ་ལ་མི་གནོད་པའི། །གང་དུ་གནས་ཀྱང་ལྟོགས་པ་མེད། །རྟག་ཏུ་བཙལ་ཀྱང་མ་རྙེད་པའི། །རི་དགས་ཕོ་མོ་འདི་གཉིས་ནི། །བདག་གིས་རྙེད་པར་མ་གྱུར་ཏོ། །རང་གི་ཤ་ཡིས་རང་ལུས་ལ། །རྣམ་པ་ཀུན་དུ་དགྲ་རུ་སོང་། །བྷུ་སུ་ཀུ་ཡི་རྔོན་པ་
ཡིས། །སྐད་ཅིག་གཅིག་ཀྱང་གཏོང་བ་མེད། །རྒྱུག་ཅིང་འགྲོ་བའི་རི་དགས་ནི། །དེ་ཡི་རྗེས་ནི་རྙེད་པ་མེད། །བརྡས་པས་ནམ་མཁའི་དབྱིངས་སུ་སྟོར། །བྷུ་སུ་ཀུ་ཡི་རྔོན་པ་ཡིས། །སྐད་ཅིག་གཅིག་ཀྱང་གཏོང་བ་མེད། །སེམས་དང་སེམས་ཉིད་འདུལ་བའི་མན་ངག་ཅེས་
བྱ་བ་སློབ་དཔོན་ཤཱནྟ་དེ་བ་ནས་བརྒྱུད་པ་སློབ་དཔོན་མེ་ཀོ་ལས་གསུངས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སརྦ་དེ་བ་དྷ་ནིས་པན་ཀྲ་མ་མརྒ་ནཱ་མ། བོད་སྐད་དུ། ལྷ་ཀུན་གྱི་རྫོགས་པའི་ལམ་ཞེས་བྱ་བ། མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། །མི་སྙན་སྒྲ་སོགས་
སྤངས་པ་ཡི། །དབེན་ཞིང་གཙང་བའི་ས་ཕྱོགས་སམ། །ཡིད་དང་མཐུན་པའི་དགོན་པ་རུ། །རིམ་པ་འདི་བཞིན་བསྒོམ་པར་བྱ། །ཤིང་གཅིག་བྱང་ཆུབ་སེམས་ཡིན་ཏེ། །ཨ་བ་དྷཱུ་ཏཱིའི་ཆུ་འགྲམ་ལ། །ལྟེ་བའི་གཏུམ་མོ་དུར་ཁྲོད་དེ། །རི་ཐོད་སྙིང་གའི་པདྨ་ལ། །དགོན་པ་རྣམ་
སྣང་གནས་ཡིན་ཏེ། །ནགས་ཚལ་པདྨའི་གསང་བ་རུ། །བྷི་ཌ་དང་ནི་རྡོ་རྗེ་ཆུ། །བྱང་ཆུབ་སེམས་དང་བཞི་མཉམ་དང་། །རིན་ཆེན་འབྱུང་ལྡན་འོད་དཔག་མེད། །ཐིག་ལེའི་གནས་ནི་དྲུག་ལ་བསྒོམ། །རྣལ་འབྱོར་པ་ཡི་སྒྲུབ་ས་བསྟན། །དེ་ནས་ལུས་ཀྱི་མཎྜལ་ནི། །རང་བཞིན་

དྲི་མ་མེད་པའི་རྩ། །ལྷན་ཅིག་སྐྱེས་པའི་ཉམས་དང་ལྡན། །ཟླུམ་པོ་ནམ་མཁའ་ལྟ་བུ་སྟེ། །མཐེ་བོང་ཚད་ནི་བདེ་ཆེན་ལ། །ཨོཾ་མ་མ་ཧཾ་གཉིས་གང་རུང་བསྒོམ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །མཎྜལ་བྱིན་གྱིས་བརླབས་བྱས་ནས། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། །རྣལ་
འབྱོར་སྙིང་གའི་སྒྲ་གཅན་གྱི། །སྟེང་དུ་ཧཱུཾ་ནི་དུད་ཀ་བསམ། །མི་བསྐྱོད་པ་ཡི་རྒྱ་མཚོ་ལ། །ཨོཾ་ནི་སྐར་མ་ལྟ་བུ་སྟེ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །མགྲིན་པའི་འཁོར་ལོར་བསམ་པར་བྱ། །བྱང་ཆུབ་སེམས་དང་རཀྟ་དང་། །མི་བསྐྱོད་ཆུ་ཡི་ཐིག་ལེའོ། །དེ་ལྟར་བྱིན་བརླབས་
རྩ་བསྒོམས་ནས། །བསོད་ནམས་ཚོགས་ནི་བསག་པའི་ཕྱིར། །མཚན་མེད་རྩ་དང་འཁོར་ལོ་བཞི། །ཕྱག་རྒྱ་བཞི་ཡི་རྒྱས་བཏབ་ནས། །ཐིག་ལེ་བཞི་ལ་ཉམས་ལེན་བྱ། །ཚད་མེད་བཞི་ཡི་ཉམས་སྐྱེའོ། །དེ་ལྟར་རྣལ་འབྱོར་བཞི་བསྒོམས་ནས། །རྫོགས་པའི་ཧཱུཾ་བསམ་བགེགས་
སྐྲོད་དོ། །སྙིང་གའི་ཁོང་སྟོང་དབུས་སུ་ནི། །པཾ་ལས་པདྨ་རཾ་ཉི་མ། །ཧཱུཾ་ལས་འབར་བའི་རྡོ་རྗེ་འཕྲོ། །ཕྱི་དང་ནང་བགེགས་མཚམས་བཅད་དོ། །དེ་ནས་རྣལ་འབྱོར་སྟོང་ཉིད་ནི། །སྐྱིལ་ཀྲུང་བཅས་ཤིང་ལུས་ཉིད་བསྲང་། །མིག་གི་དབང་པོ་སྣ་རྩེར་གཏད། །དངོས་པོ་ཐམས་ཅད་རྗེས་
དྲན་ནས། །དྲི་མ་མེད་པའི་ནམ་མཁའ་ལ། །སྐར་མ་ལྟ་བུའི་སེམས་ཉིད་ཀྱིས། །ཕྲ་རབ་ཙམ་གྱི་བདག་གཞན་བསྒོམ། །སྟོང་ཉིད་ལྟ་བ་བསྟན་བྱས་ནས། །རྫོགས་པའི་དབང་གི་རིམ་པ་བསྟན། །རྡོ་རྗེ་དྲིལ་བུའི་སྦྱོར་བ་ཡིས། །རྐན་གྱི་ཕྱོགས་སུ་འགྱུར་ལྷ་མོ། །བདེ་བ་ཆེན་པོའི་ཟླ་
རྒྱུན་ནི། །འབེབས་སམ་དབང་བསྐུར་ལུས་ཚིམ་མོ། །དེ་ནས་དཔའ་བོ་དཔའ་མོ་ཡིས། །གང་ཡང་དཔལ་ལྡན་འདུས་པའི་སྐུ། །དྲི་མེད་མེ་ལོང་གཟུགས་བརྙན་དང་། །ནམ་མཁའི་སྐྱེས་བུ་ལྟ་བུ་ནི། །རང་བཞིན་ཁ་དོག་དབྱིབས་དང་བྲལ། །ཡེ་ཤེས་ལྔ་ཡི་རང་བཞིན་ནི། །ནམ་
མཁའི་དབྱིངས་སུ་བསྒོམ་པར་བྱ། །དེ་ལྟར་རྫོགས་པའི་རིམ་པ་ནི། །སྐལ་ལྡན་རྣམས་ཀྱི་དོན་ཕྱིར་བརྩམས། །དེ་ཡིས་དགེ་བ་གང་ཐོབ་པ། །འགྲོ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ། །ལྷ་ཀུན་གྱི་རྫོགས་པའི་རིམ་པ་གྷ་དྷ་རིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ།

སོ་མ་སཱུརྱ་བནྡྷ་ནོ་པཱ་ཡ་ན་མ། བོད་སྐད་དུ། ཉི་ཟླ་བཅིང་བའི་ཐབས་ཞེས་བྱ་བ། ཡུམ་དོན་གྲུབ་མ་ལ་ཕྱག་འཚལ་ལོ། །དགེ་འདུན་རྣམས་ཀྱི་ཡོན་ཏན་བརྗོད་མི་ཤེས་པ་ཡི། །གཎྜཱིའི་སྒྲ་བརྡུངས་སྐྱོན་སྨྲས་ཕྱི་རོལ་དག་ཏུ་བསྐྲད། །ཆུ་ཡི་སྟེང་གཤེགས་མེ་ཏོག་ལེན་ཅིང་
ཆུ་ཡི་གཏིང་མི་འབྱིང་། །ངོ་མཚར་ཕུལ་དུ་བྱུང་བའི་བི་རཱུ་པ་ཞེས་གྲགས། །ཚོང་འདུས་སྲང་དུ་འཁྱམ་ཞིང་ཟས་ཀྱི་ལྷག་མ་ཟ། །ཡུད་ཙམ་ཁྲོས་པས་གངྒཱའི་ཆུ་རྒྱུན་གྱེན་ལ་བཟློག །ཆུ་ཡི་སྟེང་གཤེགས་མེ་ཏོག་ལེན་ཅིང་ཆུ་ཡི་གཏིང་མི་འབྱིང་། །ཡོན་ཏན་ཕུལ་དུ་བྱུང་བའི་བི་རཱུ་པ་ཞེས་
གྲགས། །ཆང་ཚོང་དག་ལ་ཁྲོ་བར་མི་བྱེད་ཉི་མ་ནི། །ཁྱོད་ཀྱི་ཁང་པར་གཏའ་མར་བཞག་ཅེས་སྨྲས་ཏེ་འདུག །ཆུ་ཡི་སྟེང་གཤེགས་མེ་ཏོག་ལེན་ཅིང་ཆུ་ཡི་གཏིང་མི་འབྱིང་། །ངོ་མཚར་ཕུལ་དུ་བྱུང་བའི་བི་རཱུ་པ་ཞེས་གྲགས། །མུ་སྟེགས་རྟེན་ལ་སྤྱན་ཟུར་གཟིགས་པས་ལིངྒ་
གས། །དེ་མཐོང་ཁྱབ་མཇུག་ལྷ་ཡི་རྟེན་དེ་ཨནྡྷ་འདར། །ཉི་མ་གཏའ་མར་བཅུག་ནས་ཆང་འཐུང་བི་རཱུ་པ། །འཇིག་རྟེན་རྣམས་ནི་ཕྱུགས་འདྲ་བི་རཱུ་པ་ཞེས་བརྗོད། །ལྷན་ཅིག་སྐྱེས་པའི་སེམས་ཉིད་ཕྲ་ཞིང་དྲི་མ་མེད། །ཆུ་ཡི་སྟེང་གཤེགས་མེ་ཏོག་ལེན་ཅིང་ཆུ་ཡི་གཏིང་མི་འབྱིང་། །
ངོ་མཚར་ཕུལ་དུ་བྱུང་བའི་བི་རཱུ་པ་ཞེས་གྲགས། །ཉི་ཟླ་བཅིང་བའི་ཐབས་ཞེས་བྱ་བ་སློབ་དཔོན་བི་རཱུ་པ་ནས་བརྒྱུད་པ་ཀ་མ་རིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཧཱུཾ་ཀ་ར་ཙིཏྟ་བིནྡུ་བྷ་བ་ན་ཀྲ་མ། བོད་སྐད་དུ། སེམས་ཉིད་ཀྱི་ཐིག་ལེ་ཧཱུཾ་ཉིད་བསྒོམ་པའི་རིམ་པ་
ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཉི་ཟླའི་སྟེང་དུ་ནི། །དེ་སྟེང་རིན་ཆེན་འོད་བྱེད་པས། །པདྨའི་ཁ་ནི་དབྱེ་བར་བྱེད། །མཛེས་མ་ལྷ་མཛེས་བཙུན་མོ་ཀྱེ། །པདྨའི་ཚལ་ནི་བཏང་བ་ཡིས། །གཞན་ན་ཡོན་ཏན་ཅི་ཞིག་ཡོད། །སེམས་ཀྱི་བུང་བ་གེ་སར་ལ། །ཁུ་བ་དག་ནི་
འཐུང་བར་བྱེད། །གཟུགས་ནི་སྐམས་ནས་འཕུར་ཏེ་འགྲོ། །མི་རྒོད་ལྔ་དང་མེ་ཚོགས་བཞི། །དེ་ལྔ་མནན་ཏེ་ཐོག་ཏུ་གནས། །དགའ་བའི་གཞུ་ནི་བཀང་བྱས་ནས། །མདའ་ནི་བདེ་བ་ཆེན་པོར་བརྒྱབ། །སེམས་ཀྱི་བུང་བ་གེ་སར་ལ། །ཁུ་བ་དག་ནི་འཐུང་བར་བྱེད། །གཟུགས་སྐམས་

གྱུར་ནས་འཕུར་ཏེ་འགྲོ། །བུང་བ་མོ་ལ་འདི་སྐད་སྨྲ། །སྨྲས་ཀྱང་གོ་བར་མི་བྱེད་དམ། །འདི་འཐུངས་རྟག་ཏུ་འདི་རུ་གནས། །བདེ་བ་ཆེན་པོའི་ཁུ་བ་འདི། །འཐུངས་ཞིང་སྒྲ་སྐད་སྒྲོགས་པར་བྱེད། །བདེ་དང་སྡུག་བསྔལ་གྲོང་ཁྱེར་གཉིས། །མཚམས་ན་བདུད་རྩིའི་རྫིང་བུ་གནས། །དེ་རུ་
ཆུ་འཐུང་མི་བྱེད་པའི། །ཡོན་ཏན་མེད་པའི་བུང་བ་ཁྱོད། །སེམས་ཀྱི་བུང་བ་གེ་སར་ནི། །ཁུ་བ་དག་ནི་འཐུང་བར་བྱེད། །གཟུགས་སྐམས་གྱུར་ནས་འཕུར་ཏེ་འགྲོ། །སྟོང་ཉིད་ཞགས་པ་ཆེན་པོ་ཡིས། །སེམས་ཀྱི་རྒྱལ་པོ་བཅིང་བར་བྱ། །བདེ་གཤེགས་ལྔ་ནི་བསྡམ་བྱས་ནས། །
གཅིག་ཏུ་མགོ་ལ་བཀུར་བྱས་ཏེ། །བདེ་བས་གར་ནི་བྱེད་པར་འགྱུར། །སེམས་ཉིད་ཀྱི་ཐིག་ལེའི་ཧཱུཾ་ཉིད་བསྒོམ་པའི་རིམ་པ་ཞེས་བྱ་བ་སློབ་དཔོན་ཛཱ་ལནྡྷ་རས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨ་ཙིནྟ་བྷ་བ་ཏི་པ་རི་བྷཱ་བ་ན་ནཱ་མ། །བོད་སྐད་དུ།
བསམ་གྱིས་མི་ཁྱབ་པ་བསྒོམ་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དགོངས་པ་མདོར་བསྡུས་རྣལ་འབྱོར་གྱི། །ཚད་མེད་བཞི་ཡི་ཉམས་ལེན་ནི། །བསམ་གྱིས་མི་ཁྱབ་བཤད་པར་བྱ། །རྒྱུ་འབྲས་སྟོང་པའི་རང་བཞིན་ལ། །
དངོས་མེད་གཟུགས་དང་གཉིས་མེད་སྨྲ། །དམིགས་མེད་འབྲས་བུ་འབད་མེད་འགྱུར། །དཔེར་ན་འབྲུག་མེད་ཆར་བཞིན་ནོ། །དེ་ཕྱིར་རང་བཞིན་བདག་མེད་ཀྱི། །བརྟུལ་ཞུགས་སྐལ་ལྡན་རྣལ་འབྱོར་པས། །སྣང་ཞིང་སྲིད་པ་སྣ་ཚོགས་འདི། །དངོས་པོ་སྟོང་པ་བདག་མེད་དེ། །
ངོ་བོ་ཉིད་ཀྱིས་རྣམ་པར་དག །དེ་ལྟ་བུ་ཡི་སྙིང་རྗེ་ལ། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །མི་བསྒོམ་མི་རྟོག་རང་བཞིན་གསལ། །མཐའ་དབུས་བྲལ་བ་དབུ་མའི་དོན། །དེ་ལྟའི་སེམས་ཀྱི་རང་བཞིན་བསྒོམ། །མ་རྟོགས་པ་ཡི་སེམས་ཅན་ལ། །ནད་འདོན་སྙིང་རྗེ་བསྒོམ་
པར་བྱ། །བདག་གི་མདུན་དུ་གང་ཞིག་ཀྱང་། །མཉམ་པར་བཞག་སྟེ་མཉམ་པར་བསྒོམ། །དེ་ལ་རྣམ་པ་ཐམས་ཅད་ཀྱི། །གཉིས་མེད་དོན་ནི་འགྲུབ་འགྱུར་རོ། །དགོན་པའི་སྙན་རྒྱུད་གདམས་ངག་ནི། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཀུན་གྱི་སེམས་ཉིད་ཧཱུཾ་ཡིག་

ཡིག་དཀར། །བདག་དང་གཞན་གྱི་སྙིང་གར་བསྒོམ། །ཉི་མའི་གདན་སྟེང་ཐིག་ལེར་བསྒོམ། །དེ་ཉིད་ཀྱི་ནི་འཕྲོ་འདུ་ལས། །ཉོན་མོངས་ཐམས་ཅད་སྦྱང་བར་བསམ། །དེ་ནི་གཉིས་མེད་དོན་ཡིན་ཏེ། །ལྷ་ཡི་དེ་ཉིད་རང་བཞིན་མེད། །དེ་ལྟར་སྙིང་རྗེ་
བསྒོམ་བྱས་ནས། །བསམ་མི་ཁྱབ་པའི་བསམ་པ་ནི། །ཕན་ཕྱིར་བདེ་ལྟར་བསམ་པར་བྱ། །རྣལ་འབྱོར་བདག་ཉིད་སྙིང་ག་རུ། །པདྨ་འདབ་བརྒྱད་སྲན་མའི་ཚད། །དེ་ནས་འོད་གསལ་དཀར་དམར་ཏེ། །བར་དུ་མེ་ལྷའི་ཨཾ་ཡིག་ནི། །དངོས་པོའི་རྣལ་འབྱོར་གང་ཡང་
མེད། །དེ་ལས་ཅི་ཡང་བསམ་མི་ཁྱབ། །གང་ཞིག་སྒོམ་པའི་རྣལ་འབྱོར་དེ། །གཉིས་མེད་ཡེ་ཤེས་འགྲུབ་འགྱུར་རོ། །གསལ་རིག་མེད་པ་ཆོས་སྐུ་དེ། །དེ་ལྟར་ཕྲ་བའི་རྣལ་འབྱོར་པས། །མངོན་ཤེས་ཤར་ཏེ་གཉིས་མེད་རྟོགས། །དགའ་བའི་རང་བཞིན་འབྱུང་འགྱུར་ལ། །
བཏང་སྙོམས་འབྲས་བུ་ཐོབ་པའོ། །ཁ་ཅིག་ལྷ་མོ་བཞི་བསྒོམས་ནས། །ཁ་ཅིག་དག་གི་དོན་ལ་བརྟེན། །གཉིས་མེད་བསྒོམ་པ་མི་ཤེས་སོ། །ཞལ་ནས་ཞལ་དུ་བརྒྱུད་པ་ཡི། །ཞལ་གདམས་གཞན་ལ་ཕན་ཕྱིར་ནི། །རཱ་ཧུ་ལས་ནི་བཤད་པར་བྱས། །ཚད་མེད་བཞི་བསམ་
གྱིས་མི་ཁྱབ་པ་བསྒོམ་པ་ཞེས་བྱ་བ་སློབ་དཔོན་རཱ་ཧུ་ལས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཧཱུཾ་ཀ་ར་ཙིཏྟ་བིནྡུ་བྷཱ་བ་ན་ཀྲ་མ། བོད་སྐད་དུ། ཧཱུཾ་ཡིག་སེམས་ཉིད་ཐིག་ལེ་བསྒོམ་པའི་རིམ་པ་ཞེས་བྱ་བ། ཡུམ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །གཡས་
དང་གཡོན་དང་དབུས་མ་ཡི། །གྱེན་ཐུར་གནས་པའི་རྩ་དྲུག་ལ། །དེ་རྣམས་ལ་ནི་སྨན་དྲུག་འབབ། །དྲི་དང་ཟླ་བ་སྨན་གཉིས་ནི། །གྱེན་ཐུར་གཉིས་ཀྱི་དབྱེ་བ་ཡིས། །ར་ས་ནཱ་ནས་ཡང་དག་རྒྱུ། །ཆུ་དང་ཉི་མ་ཀུན་འདར་མ། །གྱེན་ཐུར་གཉིས་ཀྱི་དབྱེ་བ་ཡིས། །སྔ་མ་བཞིན་དུ་ཡང་
དག་རྒྱུ། །དབུས་མ་ཨ་བདྷཱུ་ཏཱི་ལ། །དབུགས་དང་སྒྲ་གཅན་མི་རྒྱུ་བ། །མེ་དང་ཆུ་ཁམས་མགྲིན་པ་ཡི། །དུས་གསུམ་གནས་པའི་ཕག་མོ་མཆོད། །ཉི་ཟླའི་ཤུ་ཀྲ་རཀྟ་ཡི། །ཐིག་ལེ་འཛིན་བྱེད་སྒྲ་གཅན་དང་། །སེམས་ཉིད་ཐིག་ལེ་ཇི་ལྟར་དག །ཐིག་ལེ་དེ་ནི་གང་ལ་གནས། །

འཁོར་ལོ་བཞི་ཡི་དབུས་སུ་ནི། །ཁ་སྦྱོར་པདྨའི་འདབ་བརྒྱད་ལ། །དེ་དབུས་ཉི་ཟླ་ཁ་སྦྱོར་ལ། །ནཱ་ད་བིནྡུ་རྣམ་པར་བརྒྱན། །གནས་པ་ཕྲ་ཞིང་ཡུངས་ཀར་ཚད། །ཡི་གེ་ཧཱུཾ་ཉིད་བསྒོམ་པར་བྱ། །དེ་ལས་འོད་འཕྲོས་ཐིག་ལེ་བཞི། །པད་འདབ་བཞི་ལ་འཕྲོ་བར་བསམ། །ཤར་གྱི་ཐིག་
ལེ་མཁའ་འགྲོ་མ། །མི་བསྐྱོད་ཆུ་ཡི་རང་བཞིན་ནོ། །ནུབ་ཕྱོགས་ལཱ་མའི་ཐིག་ལེ་ནི། །གསལ་བའི་དྲི་ནི་རྣམ་སྣང་ངོ་། །ཁཎྜ་རོ་ཧ་བྱང་ཕྱོགས་ཏེ། །བྱང་ཆུབ་སེམས་ཀྱི་ཐིག་ལེར་འཕྲོ། །ལྷོའི་ཕྱོགས་སུ་རཱུ་པི་ནི། །ཐིག་ལེ་དམར་པོ་བསྒོམ་པར་བྱ། །གནས་བཞིའི་འཁོར་ལོ་དག་
པ་ཡི། །སྐྱེ་གནས་བཞི་ནི་དག་པར་བྱས། །དེ་ལྟར་འཕྲོས་པའི་འོད་ཟེར་གྱིས། །འགྲོ་དྲུག་སེམས་ཅན་དག་པར་བསམ། །སླར་ཡང་ཐིག་ལེར་ཐིམ་པ་ཡིས། །སྦྱོར་བ་འདི་ལྟར་ཤེས་པར་བྱ། །ཐིག་ལེ་བཞི་ནི་ཧཱུཾ་ཐིམ་པའི། །ཧཱུཾ་ནི་ཟླ་ཚེས་བསྡུ་བར་བྱ། །ཟླ་ཚེས་ནམ་མཁའི་ཐིག་
ལེར་བསྡུ། །ནམ་མཁའི་ཐིག་ལེ་ཁོང་སྟོང་ལ། །ཉི་ཟླའི་ཁ་སྦྱོར་ཐིག་ལེ་ནི། །གསལ་ཞིང་ཁ་དོག་དབྱིབས་དང་བྲལ། །རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཧཱུཾ་ཡིག་སེམས་ཉིད་ཐིག་ལེ་བསྒོམ་པའི་རིམ་པ་ཞེས་བྱ་བ་སློབ་དཔོན་ནག་པོ་པ་ནས་བརྒྱུད་པའི་སློབ་དཔོན་དྷརྨ་པས་མཛད་
པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པྲ་ཀྲྀ་ཏི་སིདྡྷི་ནཱ་མ། བོད་སྐད་དུ། རང་བཞིན་གྲུབ་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མདོར་བསྡུས་པ་ཡི་རིམ་པ་ནི། །བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །ལུས་ལ་གནས་པའི་བློ་ལྡན་
རྣམས། །རྗེས་སུ་དྲན་ཞིང་ཉམས་སུ་བླངས། །ཡབ་ཡུམ་སྦྱོར་བའི་ང་རྒྱལ་བྱ། །གང་ཞིག་རྒྱུད་དེའི་རྫོགས་པའི་རིམ། །དེ་ཕྱིར་བདག་ཉིད་ཡི་དམ་གྱི། །ང་རྒྱལ་དང་ནི་བྲལ་མི་བྱ། །ཡུམ་ནི་རིགས་ཀྱི་ལྷ་མོ་སྟེ། །དཔལ་ལྡན་ཡབ་ནི་དག་པའོ། །དེ་དག་གཉིས་ཀྱི་ལོངས་སྤྱོད་ནི། །
འོད་འཕགས་ཐིམ་པ་བདེ་གཤེགས་སོ། །ཞེ་སྡང་རྡོ་རྗེ་མི་བསྐྱོད་པ། །གཏི་མུག་དྲ་བ་རྣམ་སྣང་པོ། །ང་རྒྱལ་རིན་ཆེན་འབྱུང་ལྡན་ནོ། །ཕྲག་དོག་དོན་ཡོད་གྲུབ་པའོ། །གཞན་ཡང་ཐབས་དང་ཤེས་རབ་ཀྱི། །ལུས་ལ་གནས་པ་འདི་དག་གོ། །ས་ཡི་ཁམས་ནི་སངས་རྒྱས་སྤྱན། །

ཆུ་ཁམས་མཱ་མ་ཀཱི་ཞེས་བྱ། །གོས་དཀར་མོ་ནི་མེ་ཁམས་ཏེ། །སྒྲོལ་མ་རླུང་ཁམས་ངོ་བོ་ཉིད། །ནམ་མཁའ་རྡོ་རྗེ་དབང་ཕྱུག་མ། །ས་ཡི་སྙིང་པོ་མིག་དག་ལ། །ཕྱག་ན་རྡོ་རྗེ་རྣ་བ་ལ། །སྣ་ལ་ནམ་མཁའི་སྙིང་པོ་སྟེ། །ལྕེ་ནི་སྤྱན་རས་གཟིགས་དབང་པོ། །
ལུས་ལ་སྒྲིབ་པ་རྣམ་སེལ་ཏེ། །ཡིད་ལ་ཀུན་དུ་བཟང་པོའོ། །བྱང་ཆུབ་སེམས་ལས་འདི་རྣམས་འབྱུང་། །དེ་ཕྱིར་བདག་ནི་ཆོས་དབྱིངས་སོ། །ས་དང་མེ་དང་རླུང་ཁམས་སོགས། །བརྗོད་བྱ་ཙམ་དུ་རྣམ་པར་སྤྲུལ། །རང་བཞིན་དྲི་མ་དག་པ་ཡི། །དེ་ནས་སྔགས་གསུམ་བརྗོད་
བྱས་ནས། །རང་ལུས་ཁོང་སྟོང་བསམ་བྱས་ནས། །དེ་དབུས་བྷྲུཾ་ལས་གཞལ་ཡས་ཁང་། །སོར་བཞི་ཙམ་གྱི་རྣམ་པར་བསྐྱེད། །ཨོཾ་ཨཱཿཧཱུཾ་བརྗོད་ཡི་དམ་ལྷ། །རྣལ་འབྱོར་དག་གི་སྒོ་ལྔ་ནས། །གཞལ་ཡས་དབུས་སུ་སྤྱན་དྲང་བྱ། །དེ་ཉིད་ཐིག་ལེ་ཞུ་བྱས་ནས། །ལམ་དུ་རྒྱུ་ཞིང་ཆོས་
འབྱུང་དབུས། །ཟིལ་བ་ལྟ་བུའི་ཐིག་ལེ་ལ། །བདེ་གཤེགས་དགུག་གཞུག་གཉིས་མེད་བསམ། །དེ་ནས་བྱང་ཆུབ་སེམས་ཉིད་ནི། །པདྨའི་དབྱིབས་ལྡན་བསམ་བྱས་ནས། །དེ་ལ་བདག་ཉིད་སེམས་གཏད་དོ། །རང་བཞིན་གྲུབ་པའི་ཐབས་ཞེས་བྱ་བ་སློབ་དཔོན་རྡོ་ཀ་རིས་མཛད་པ་
རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ས་ཧཱ་ཛ་ཨ་ནནྟ་ཨཱ་བཱ་ཡཾ་ནཱ་མ། བོད་སྐད་དུ། ལྷན་ཅིག་སྐྱེས་པའི་གདམས་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །སྙིང་གའི་ཁ་སྦྱོར་དབུས་སུ་ནི། །གཉིས་མེད་ཐིག་ལེ་ཡུངས་ཀར་
ཚད། །དེ་ཡང་འོ་མའི་རྒྱ་མཚོ་ལྟར། །རིམ་གྱིས་རྒྱས་པ་བསམ་པར་བྱ། །བདག་དང་གཞན་གྱི་ལུས་ཉིད་ནི། །དྲི་མེད་བདུད་རྩིས་ཞོ་ལྟར་གང་། །རླུང་ནད་སེལ་ཞིང་སེམས་ཉིད་བཅིང་། །མེ་དྷི་བདག་ནི་སྨྲ་བར་བྱེད། །དངོས་པོར་སེམས་གཏད་དངོས་མེད་རྟོགས། །
ཀྱེ་ཧོ་མ་ཡེངས་རང་སེམས་ཟུང་། །རྣལ་འབྱོར་གྲུབ་རྟགས་དངོས་མེད་པ། །ཕན་ཚུན་གཉིས་ཀྱི་འབྲེལ་པ་བཅད། །དངོས་དང་དངོས་མེད་རང་བཞིན་ལ། །མཐའ་གཉིས་མི་གནས་ལྷན་སྐྱེས་གྲུབ། །དངོས་པོ་ཐམས་ཅད་སྐྱེ་མེད་དེ། །བསྒྲིབས་པས་བདག་གིས་མ་རྟོགས་

སོ། །སྣང་བ་ཐམས་ཅད་སེམས་ངོ་བོ། །སེམས་ཉིད་མ་གྲུབ་སེམས་ཉིད་དེ། །བདག་ཉིད་སྙིང་རྗེ་ཀུན་དུ་ཁྱབ། །ནམ་མཁའ་ལྟ་བུར་འགྱུར་བ་མེད། །གཉིས་ལ་མི་གནས་སེམས་ཉིད་ཡིན། །མེ་དྷི་བདག་ནི་སྨྲ་བར་བྱེད། །རང་རིག་མ་བཅོས་བྱ་བ་ཐོང་། །འཛིན་མེད་དྲན་མེད་
སེམས་ཉིད་དེ། །ཆད་པར་མི་འགྱུར་རང་རིག་རྟོགས། །རྟག་པར་མི་འགྱུར་སྒྲོ་འདོགས་བཅད། །སྟོང་པའི་རང་བཞིན་རྟག་ཆད་མེད། །མེ་དྷི་བདག་ནི་སྨྲ་བར་བྱེད། །ལྟ་བ་བསྒོམ་མེད་འབྲས་བུ་མེད། །སྣང་ལ་རང་བཞིན་དངོས་པོ་མེད། །རྣམ་རྟོག་སྦྲུལ་གྱི་མདུད་པ་ལྟར། །རང་གྲོལ་
ཟུང་འཇུག་ཐ་སྙད་མེད། །དེ་ལྟར་བསྒོམས་པས་སྟོང་ཉིད་རྟོགས། །མེ་དྷི་བདག་ནི་སྨྲ་བར་བྱེད། །ལྷན་སྐྱེས་ཟུང་འཇུག་སྟོང་ཉིད་དེ། །རྣལ་འབྱོར་བདག་གིས་རྟོགས་པའོ། །ལྷན་སྐྱེས་ཟུང་འཇུག་གི་གདམས་པ་སློབ་དཔོན་མེ་དྷི་ནིས་མཛད་པ་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཨ་ནུཏྟ་ར་སརྦ་ཤུདྡྷེ་ཀྲ་མཾ་ནཱ་མ། བོད་སྐད་དུ། བླ་མེད་སྦྱོར་བའི་རིམ་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཇི་ལྟར་པདྨ་འདམ་ལས་སྐྱེས། །དེ་བཞིན་མ་རིག་མུན་པ་ལས། །གཉིས་མེད་རིག་པ་སྐྱེ་འགྱུར་བའི། །རང་རིག་དེ་ལ་ཕྱག་འཚལ་
ནས། །བླ་མེད་སྦྱོར་བའི་རིམ་པ་ཡིས། །དྲི་མེད་དམ་ཆོས་བཤད་པར་བྱ། །སྟོང་དང་ཤིན་ཏུ་སྟོང་པ་སྟེ། །སྟོང་པ་ཆེན་པོ་གསུམ་པ་ཡིན། །བཞི་པ་རྒྱུ་འབྲས་ཐམས་ཅད་དོ། །ཐབས་ཤེས་ཡང་དག་སྦྱོར་བ་ཡིས། །རྫོགས་རིམ་ཡང་དག་ཉེ་བར་འགྱུར། །རྫོགས་པ་ཉེ་བར་
མཐོང་བ་ཡིས། །ཐམས་ཅད་སྟོང་པའི་འོད་གསལ་ཡིན། །རང་རིག་གསུམ་གྱི་རྣལ་འབྱོར་གྱིས། །རྒྱུ་གསུམ་རྣམ་པར་དག་པར་འགྱུར། །སྟོང་ཉིད་དོན་ནི་རྟོགས་པ་ཡིན། །བླ་ན་མེད་པའི་གནས་ཐོབ་འགྱུར། །འོད་གསལ་སྟོང་པ་ཤེས་རབ་དང་། །སེམས་ཉིད་གཞན་གྱི་རྗེས་
སུ་འབྲང་། །དེ་ལ་བདག་གིས་འདི་ལྟར་ནི། །ཡང་དག་འཕྲོས་པས་བཤད་པར་བྱ། །རྣམ་པར་ཆགས་ཤིང་ཤིན་ཏུ་ཆགས། །ཆགས་པ་ཆེན་པོ་དེ་བཞིན་ནོ། །གཏི་མུག་ལ་སོགས་དུག་གསུམ་གྱིས། །བརྟན་དང་གཡོ་བའི་སེམས་ཉིད་འདི། །འདས་དང་མ་འོངས་ད་ལྟར་གསུམ། །

ཞི་དང་ཆགས་དང་རྟོགས་པར་ལྡན། །ཕྱི་རོལ་ཇི་ལྟར་ནང་ན་གནས། །འདས་དང་མ་འོངས་ད་ལྟར་བ། །འདས་པའི་འདས་པར་བདག་གནས་སོ། །སྲེད་པ་ཆེ་དང་ཤིན་ཏུ་སྲེད། །བཀྲེས་དང་སྐོམ་པ་ཀུན་དུ་ལྡན། །ཚོར་བ་ཉལ་བའི་ཚོར་བ་དང་། །ཤིན་ཏུ་ཚོར་བའི་
སྐད་ཅིག་གཅིག །སོ་སོར་རྟོག་དང་སྙིང་རྗེར་ལྡན། །ངོ་མཚར་ལྡན་པའི་རྣལ་འབྱོར་ལ། །ཉམས་དང་ཕྲག་དོག་རྣམ་པར་བསགས། །དེ་ལྟར་སུམ་ཅུ་རྩ་གསུམ་གྱིས། །རང་རིག་ཡེ་ཤེས་རྣམ་པར་འགྲིབས། །རྣལ་འབྱོར་པ་ཡི་ཉམས་ལེན་ལ། །ནམ་མཁའ་བདེ་ཆེན་པདྨའི་
དབུས། །ཟླ་བའི་གདན་ལ་ཧཾ་ཡིག་གནས། །ཀུན་རྫོབ་གསལ་ཞིང་དྲི་མ་མེད། །འབྱུང་འཇུག་རླུང་འཛིན་ཡེ་ཤེས་ཡིན། །ཟླ་ཚེས་དམར་པོ་ཤེས་རབ་སྟེ། །དབྱངས་ཡིག་དང་པོ་ཐིག་ལེར་ལྡན། །རླུང་ནི་འཛིན་ཕྱིར་བསྒོམ་པར་བྱ། །དེ་ནི་འོད་གསལ་སྐར་ཆེན་ལྟར། །སེམས་
ཉིད་སྟོང་པའི་ཐབས་ཡིན་ནོ། །གཟུགས་དང་བྲལ་ཞིང་ཁ་དོག་མེད། །ཞི་བའི་རྣམ་པ་ཟུང་འཇུག་བྲལ། །བརྟན་དང་གཡོ་བའི་ཐ་སྙད་མེད། །དེ་ལྟར་བླ་མའི་དྲིན་གྱིས་ནི། །འདས་དང་མ་འོངས་ད་ལྟ་བ། །རྡོ་རྗེའི་བཟླས་པའི་ཏིང་འཛིན་གྱིས། །ཅི་ཡང་མཐོང་འགྱུར་ཐེ་ཚོམ་མེད། །ཇི་ལྟར་
བུད་ཤིང་སྐམ་པོ་ལ། །མེ་རྒྱུ་གནས་ཀྱང་འབར་བ་མེད། །དེ་བཞིན་བརྡ་དང་རྩོལ་མེད་ལ། །བྱམས་སེམས་གནས་ཀྱང་གྲུབ་པ་མེད། །དེ་ཕྱིར་ང་རྒྱལ་ལ་སོགས་སྤང་། །བརྩོན་འགྲུས་བསྐྱེད་ལ་བླ་མ་བཀུར། །དབང་བསྐུར་ཐོབ་ནས་ཉམས་ལེན་གྱིས། །རྣལ་འབྱོར་དང་པོའི་སྦྱོར་བ་
ཡིས། །ས་ནི་བརྒྱད་པོ་ཐོབ་པར་འགྱུར། །འོད་གསལ་གསུམ་ལྡན་རྫོགས་པ་ཡིས། །ཡོངས་སུ་རྫོགས་པའི་ས་ཐོབ་པོ། །དབང་བསྐུར་ཐོབ་ཀྱང་སྐུར་པ་འདེབས་པ་དང་། །བརྩོན་འགྲུས་ཆུང་ལ་ལོག་ལྟ་འཛིན་པ་དང་། །བླ་མའི་སྐྱོན་བརྗོད་ཡོན་ཏན་བརྗོད་མི་འགྱུར། །རྒྱལ་བའི་ལམ་ནི་དེ་
ཡིས་ཐོབ་མི་འགྱུར། །བཀུར་སྟི་མེད་ཅིང་དེ་ཉིད་ཐོབ་ཏུ་རེ། །ཚིག་ནི་འཇམ་སྟེ་ཁྲོ་ཚུལ་བསྟན་ནས་འགྲོ། །མི་ཚོགས་མང་པོ་གནས་པའི་ས་རུ་ནི། །བླ་མ་མཐོང་ཡང་ཕྱག་སོགས་མི་བྱེད་དེ། །སྣོད་དང་མི་ལྡན་གདམས་ངག་མི་སྦྱིན་ནོ། །ཡོན་ཏན་བཟང་ཐོབ་བརྩོན་འགྲུས་ལྡན་པ་ནི། །

བླ་མ་འཁོར་སོགས་བཀུར་སྟི་ལྡན་པ་ལ། །སངས་རྒྱས་རྣམས་དང་མཉམ་པའི་དགའ་བ་འཛིན། །རྒྱལ་བས་གསུངས་པའི་ཆོས་ལ་སྲེད་པ་ཆེ། །རྒྱུད་རྟེན་རྒྱུད་མང་རྡོ་རྗེ་སེམས་དཔའ་ནི། །བྱང་ཆུབ་སེམས་དཔའི་ལམ་དུ་འགྱུར་བ་དེ། །དགེ་བའི་རྩ་བ་གང་ཐོབ་རྒྱུར་འགྱུར་བ། །འགྲོ་བ་
དྲུག་ལ་བསྔོ་ཞིང་བཀྲ་ཤིས་ཤོག །བླ་མེད་སྦྱོར་བའི་རིམ་པ་ཞེས་བྱ་བ་སློབ་དཔོན་བཱང་ག་ཛས་མཛད་པ་རྫོགས་སོ། ༄༅༅། །རྒྱ་གར་སྐད་དུ། ཨཱ་ལི་ཀཱ་ལི་མནྟྲ་ཛྙཱ་ན་ནཱ་མ། བོད་སྐད་དུ། ཨ་ཕྲེང་ཀ་ཕྲེང་གི་སྔགས་ཀྱི་རིམ་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།
དབྱངས་དང་གསལ་བྱེད་བཞི་བཅུ་རྩ་དགུ་ཡི། །བདག་གཞན་སྒྲ་ཡི་རིག་པའི་སྒྲ་དོན་ནི། །བ་རྫི་ལ་སོགས་གྲངས་ཀྱང་དེ་དོན་རྟོགས་པ་མེད། །དེ་ཕྱིར་གསལ་དོན་བདག་གིས་བཤད་པར་བྱ། །སྒྲ་ཡི་གནས་ནི་བརྒྱད་ཡིན་ཏེ། །རྐན་དང་ལྕེ་དང་སོ་རྣམས་ཏེ། །སྤྱི་བོ་མགྲིན་པ་མཆུ་དང་ནི། །
ཁོད་པ་སྣ་ལ་རྣམ་པར་གནས། །དེ་ཡི་དང་པོ་ཨ་ཕྲེང་ནི། །ཐུན་ཕྱེད་བཅུ་དྲུག་ལ་སོགས་ལྡན། །ཤེས་རབ་མེ་ལོང་ཡེ་ཤེས་ཏེ། །བློ་དང་ལྡན་པས་ཤེས་པར་བྱ། །དེ་ཡི་ཐོག་མ་བཅུ་བཞི་པ། །དབྱངས་ཅན་སྒྲ་གསལ་ཡི་གེའོ། །དེ་དག་རྣམས་ཀྱི་དང་པོ་ནི། །བཅུ་ནི་མཉམ་པའི་ཡེ་
ཤེས་སོ། །སྐབས་འབྱུང་ལྔ་ནི་ཐུང་བ་སྟེ། །གཞན་རྣམས་རིང་བར་ཤེས་པར་བྱ། །དབྱངས་རྣམས་ཀྱི་ནི་ཐོག་མ་གཉིས། །སྤངས་ཏེ་བཅུ་བཞིའི་མིང་ཅན་ནོ། །ཨེ་ཨཻ་ཨོ་ཨཽ་བཞི་དག་ནི། །དོན་དམ་ཀུན་རྫོབ་འབྲལ་ཡིག་གོ། །ཨ་ནི་སྟོང་པའི་ཐིག་ལེའོ། །ཟླ་བ་ཉི་མ་གཏུམ་མོའོ། །
ཐིག་ལེ་གཉིས་ལྡན་ཨ་ཡིག་ནི། །དྲག་པོའི་སྒྲ་ནི་དབྱེ་བར་བྱེད། །རྀ་རཱྀ་ལྀ་ལཱྀ་འབྱུང་བ་བཞི། །དབྱེ་བས་སྲེག་བྱེད་ཡི་གེའོ། །ཐུང་བའི་མིག་འཛུམས་སྐད་ཅིག་གཅིག །མིག་འཛུམས་རིང་བ་སྐད་ཅིག་གཉིས། །སྐད་ཅིག་གསུམ་པ་འབོད་ཡིག་ཡིན། །སྐད་ཅིག་ཕྱེད་པ་གསལ་བྱེད་དེ།
རྣལ་འབྱོར་གཡོན་གྱི་ཕྱོགས་སུ་ནི། །དབྱངས་ཅན་བཅུ་དྲུག་ཤེས་རབ་བོ། །དེ་རྣམས་སྒྲ་གནས་འདི་ཡིན་ཏེ། ཨ་ཀུ་ཧ་ཡིག་ཐིག་ལེ་གཉིས་ལ་ལྷུང་། །ཨ་ནི་ཁོང་གི་ཡི་གེའོ། །ཨི་ཙུ་ཡ་ཤ་རྐན་ལ་གནས། །ལྀ་ཏུ་ལ་ས་སོ་འབྱུང་ངོ་། །རྀ་ཊུ་ར་ཥ་སྤྱི་བོར་གྲགས། །ཨཾ་ནི་འོད་གསལ་

སྣ་ལྡན་ཏེ། །ལྟེ་བར་གནས་ཏེ་གྱེན་ལ་རྒྱུ། །ཨེ་ཨཻ་མགྲིན་པ་ཨོ་ཨཽ་མཆུ། །དེ་ཡི་ཐོག་མར་ཆོས་དབྱིངས་སོ། །དེ་ལྟར་ཨ་ཕྲེང་བཤད་བྱས་ནས། །ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟེ། །རྩ་བའི་སྒྲས་ནི་དེ་རྣམས་སོ། །ཀ་ལས་བརྩམས་ཏེ་ཧ་ཡི་མཐར། །གཡས་ཕྱོགས་གསལ་
བྱེད་ཤེས་པར་བྱ། །ཀ་ཕྲེང་ལྔ་ཚན་ལྔ་པོ་སྟེ། །བཞི་ཡི་སྒྲ་ཡི་རེག་པའོ། །ཤ་ཥ་ས་ཧ་བཅས་པ་ནི། །ཐོག་མར་གཉིས་གཉིས་གྲངས་མིན་ནོ། །ལྷག་མ་གསུམ་གསུམ་སྒྲ་ཡིན་ཏེ། །ལྔ་ཚན་ལྔ་ནི་སྣ་ལས་འབྱུང་། །མཐའ་ལ་གནས་པའི་འབྱུང་བ་བཞི། །རྣལ་འབྱོར་ཀུན་རྫོབ་འདོད་
པས་བཅད། །མ་ཚན་ལྔ་ཡི་ནམ་མཁའ་ལ། །ཤ་ཥ་ས་ཧ་དྲོད་ཅན་གནས། །ཀྵ་ནི་ཀཱ་ལི་མ་མོ་འདུས། །དེ་ནི་འཁོར་ལོའི་རྣལ་འབྱོར་རོ། །བསྐྱེད་པའི་རིམ་པའི་དབྱེ་བ་ཡིས། །རྒྱུ་ཡི་ཡི་གེ་བཤད་པར་བྱ། །ཀ་ནས་བརྩམས་ནས་ཧ་ཡི་བར། །སྟི་ར་རོ་ཡི་གདན་ཡིན་ནོ། །ཡ་ར་ལ་བ་མ་ཡིས་
བརྒྱན། །མཁའ་འགྲོ་རྣམས་ཀྱི་བསྐྱེད་ཐབས་སོ། །ཀཾ་ནི་ཐོད་པ་ཁ་ཊྭཱཾ་ག །ཚ་ནི་ཀེང་རུས་གདུགས་ཡིན་ཏེ། །ང་ཚན་ལྔ་ནི་ཉི་མ་ཡིན། །ཤ་ཥ་དུར་ཁྲོད་ཤེས་པར་བྱ། །ས་བོན་ཡི་གེ་བཤད་བྱས་ནས། །ཀཱ་ལི་རྣལ་འབྱོར་ངོ་སྤྲོད་བསྟན། །ཀ་ཚན་ཡ་དང་བཅས་པ་ནི། །ཟླ་གམ་སྔོན་པོ་ནང་
ནུབ་ལ། །ཕུ་ཕུ་ས་དང་གཞན་ལ་ཆགས། །ཇི་ལྟར་རི་མོ་བྲི་དང་མཐོང་། །ཤར་གྱི་ཡི་གེ་རླུང་ཡིན་ནོ། །ཙ་ཚན་ར་དང་ཤ་དང་བཅས། །གྲུ་གསུམ་དམར་དང་ཉི་མ་ཕྱེད། །ཞེ་སྡང་དུས་སུ་སྦྲུལ་ཡང་བྲི། །ལྷོ་ཕྱོགས་དྲག་པོའི་གནས་ཡིན་ནོ། །ཊ་ཚན་བྷ་དང་བཅས་པ་ནི། །ཟླུམ་ལ་དཀར་ཏེ་
སྔ་དྲོའི་དུས། །ཀ་ལི་ཛྣ་དང་འབུག་ཀ་ནི། །གཏི་མུག་བྱ་ཡི་རི་མོ་ཅན། །ནུབ་ཀྱི་ཕྱོགས་སུ་མོ་གདོན་ནོ། །ཏ་ཚན་ཀྵ་དང་ཎ་བཅས་པ། །གྲུ་བཞི་ལྗང་སེར་ནམ་ཕྱེད་ནི། །ས་དང་རླུང་གི་ཁམས་ཡིན་ནོ། །ཕྲག་དོག་དམར་པོ་རྒྱས་པའི་དུས། །རྨི་ལམ་རྟ་དང་སྟག་མཐོང་བ། །རྒྱལ་པོ་ས་
བདག་གདོན་གྱི་ངོ་། །བྱང་གི་ཕྱོགས་སུ་འཛིན་པར་བྱ། །བ་ཚན་སྔོན་པོ་ཆུ་རླུང་སྟེ། །གྲུ་གསུམ་ཟླ་གམ་དབྱིབས་དང་ལྡན། །ནང་ནུབ་དུས་སུ་ཁམས་ལྕི་བ། །རིག་པས་རྣལ་འབྱོར་བརྟག་པར་བྱ། །དེ་བཞིན་འབྱུང་ཆུང་ཉི་ཤུ་ལྔའི། །གདམས་པ་ཞལ་ནས་བླང་བར་བྱ། །དྲི་མེད་ཤེས་

རབ་བརྒྱན་པ་ཡི། །ཐབས་དང་ལྡན་པའི་སྦྱོར་བ་ནི། །ཐ་སྙད་མུན་པ་རབ་བསལ་བའི། །དེ་དག་སེམས་ཉིད་སྟོང་པ་བདག །ཐ་སྙད་ལ་བཀོད་དགེ་བ་དེས། །འགྲོ་དྲུག་སྡུག་བསྔལ་ཟད་ཕྱིར་བསྔོ། །ཨཱ་ལི་ཀཱ་ལིའི་རྣལ་འབྱོར་ཞེས་བྱ་བ་སློབ་དཔོན་གནྡྷས་མཛད་པ་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཀཱ་ལི་མརྒ་བྷཱ་བ་ན་ནཱ་མ། བོད་སྐད་དུ། ཀ་ཕྲེང་སྒོམ་པའི་ལམ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དོན་དམ་ཀུན་རྫོབ་རབ་གསལ་བའི། །ཨ་སོགས་བཞི་བཅུ་རྩ་དགུ་ཡི། །རང་བྱུང་ཡི་གེ་རྣམས་ཀྱི་ནི། །དཀྱིལ་འཁོར་འཁོར་ལོའི་བསྒོམ་ལམ་
བཤད། །བདག་གི་གནས་བཞི་རྩ་ལྔ་དང་། །སུམ་མདོ་རླུང་ལྷ་འཁོར་ལོ་ནས། །ལྟེ་བར་འབར་བའི་གཏུམ་མོ་ལ། །སྙིང་ག་སྦར་བའི་འཁོར་ལོ་ཡིན། །སྟེང་དུ་བརྟན་པའི་འཁོར་ལོ་གནས། །སྤྱི་བོར་ཆུ་རླུང་ལྗང་གུ་སྟེ། །དེ་རྣམས་ལ་ནི་རིམ་པ་བཞིན། །ཀ་ཕྲེང་ཡི་གེ་ལྔ་ལ་དགོད། །ཐོག་མར་
ཆགས་པའི་འདབ་མ་ལ། །ཤར་དུ་ཀཾ་དང་ལྷོ་རུ་ཁཾ། །ནུབ་ཏུ་གཾ་སྟེ་བྱང་དུ་གྷཾ། །དབུས་ཀྱི་ནམ་མཁར་ངཾ་ཞེས་བརྗོད། །རིམ་བཞིན་སྔོ་དང་དམར་དང་དཀར། །སེར་དང་སྔོ་བ་བསམ་པར་བྱ། །ཆགས་པ་སྐྱེས་ཏེ་ཆགས་པ་ན། །ཆགས་པའི་ནད་རྣམས་སེལ་བར་བྱེད། །ཀཾ་གི་རླུང་ནི་མེ་ལ་
ཕོག །གཏུམ་མོ་འོད་ཟེར་རྗེས་དྲན་ནས། །ཆུ་བསྐམས་ས་བརྟོལ་རླངས་པ་བྱུང་། །དེ་ནས་ལྟེ་བ་ནས་ཧིག་ཧཱུཾ་བགྲང་། །བདེ་ཆེན་ཧ་ལ་སེམས་གཏད་ནས། །བདུད་རྩི་རྒྱུན་ནི་འབབ་པར་བསམ། །ལྟེ་བའི་རྫིང་བུ་བཀང་བྱས་ནས། །སྤྱི་བོའི་ཚངས་བུག་སྒྲ་སྐད་འབྱུང་། །བདེ་ཆེན་ཁང་
སྟོང་བསམ་བྱས་ནས། །ལྟེ་དབུས་ཁོང་སྟོང་སེམས་གཏད་བྱ། །རྣལ་འབྱོར་སྡིག་པ་དག་པར་འགྱུར། །རྣལ་འབྱོར་དྷ་མ་དྷུ་མ་ཡིས། །དེ་ལྟར་སྦྱང་བའི་འཕོ་བ་སྨྲས། །ཡུལ་ནས་ཡུལ་དུ་འཕོ་བྱེད་ན། །རྣལ་འབྱོར་བདག་གི་མདུན་དུ་ནི། །བདུད་རྩི་ལྔ་ཡི་མཎྜལ་བྱ། །
ཙ་ན་ཀ་ཡི་འབྲས་བུ་སྟེ། །ཐོད་པ་ནག་པོར་གཞག་པར་བྱ། །ཀུནྡ་ལྟ་བུའི་ཧཱུཾ་ཉིད་བྲི། །དེ་བཞིན་རང་གི་སྙིང་ག་རུ། །ཟླ་ཚེས་སྟེང་དུ་ཧཱུཾ་ཉིད་བསྒོམ། །སེམས་ཉིད་རྟོགས་ནས་རྣལ་འབྱོར་པས། །ཐོད་པའི་དབུས་སུ་སེམས་གཏད་ན། །གྲུབ་པའི་རྟགས་འབྱུང་རྣལ་

འབྱོར་བདེ། །སེམས་ལ་སེམས་ཉིད་ཐིམ་པར་བྱ། །དེ་ནས་མེ་ཁྱེར་རོ་བླངས་ལ། །དེ་ཡི་སྙིང་གར་ཧཱུཾ་བསམ་བྱ། །རོ་ལངས་གྲུབ་རྟགས་བྱུང་བ་ཡིས། །རིགས་བཟང་གཞོན་ནུའི་རོ་ལ་ནི། །ཁ་སྦྱོར་དེ་ཉིད་ཧཱུཾ་ཉིད་བསྒོམ། །རྣལ་འབྱོར་གྲོང་ནས་གྲོང་དུ་འཕོ། །རྣལ་འབྱོར་བཙན་
ཐབས་འཕོ་བ་ལ། །སེང་གེ་རྣམ་རྒྱལ་མེ་ཏོག་འཛིན། །ཕྱག་རྒྱ་བཅས་ལ་ཚངས་པ་ཕྱེ། །སེམས་ཉིད་རི་རབ་རྩེ་མོའི་སྟེང་། །པད་འདབ་བརྒྱད་པའི་གེ་སར་ལ། །ཧཱུཾ་ལས་སེམས་ཉིད་གཏད་པར་བྱ། །དཔལ་ལྡན་ནག་པོའི་འཕོ་བ་ནི། །དྷ་མ་དྷུ་མ་བདག་གིས་སྨྲས། །རྣལ་འབྱོར་གང་ཞིག་འགྲུབ་
འགྱུར་ན། །ནམ་མཁར་ཐིམ་འགྱུར་ཐེ་ཚོམ་མེད། །ཀ་ཕྲེང་བསྒོམ་པའི་ལམ་ཞེས་བྱ་བ་སློབ་དཔོན་དྷ་མ་དྷུ་མས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སམྦ་ར་ཙཀྲ་ཨཱ་ལི་ཀཱ་ལི་མཧཱ་ཡོ་ག་བྷ་བ་ན་ནཱ་མ། བོད་སྐད་དུ། ཨ་ཕྲེང་ཀ་ཕྲེང་བདེ་མཆོག་འཁོར་ལོའི་རྣལ་འབྱོར་
ཆེན་པོ་བསྒོམ་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འཁོར་བའི་ཐོག་མཐའི་ཚད་ནད་ནི། །བདེ་བ་ཆེན་པོའི་བདག་ཉིད་ཀྱི། །རྒྱ་མཚོ་ལྟ་བུའི་བདུད་རྩིས་སེལ། །དགའ་ཆེན་དེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཕག་མོའི་སྙིང་པོ་ཡིས། །བདེ་ཆེན་དཀྱིལ་འཁོར་ཤིན་ཏུ་མཛེས། །དཔའ་བོ་དཔའ་
མོ་ཉི་ཤུ་བཞིས། །ས་མུ་དྲ་ཡི་ལུས་ཉིད་ལ། །གོ་ཆ་དྲུག་གི་རྒྱས་བཏབ་ལ། །ཡི་གེ་བདུན་པའི་རྣ་རྒྱན་ཅན། །དཔལ་ལྡན་ཕྲེང་བའི་སྔགས་ཀྱིས་ནི། །མགོ་ཕྲེང་བཞི་བཅུ་རྩ་དགུས་བརྒྱན། །གླང་པོ་ཆེ་ཡི་གཡང་གཞི་ནི། །སངས་རྒྱས་ཀུན་གྱི་མཁའ་འགྲོ་འཛིན། །རྣལ་འབྱོར་མ་ཡི་རིག་པ་ནི། །རྣལ་
འབྱོར་རྒྱ་མཚོས་རྐེད་རྒྱན་བྱས། །ཐོད་ཕྲེང་ཡེ་ཤེས་ལྔ་ཡིན་ཏེ། །བདེ་གཤེགས་ལྔ་ཡིས་སྤྱི་བོར་བརྒྱན། །སཱ་ག་ར་བདག་གར་བྱེད་དོ། །ཚངས་སྤྱོད་རྟག་ཏུ་བསྲུང་བྱས་ནས། །རྣལ་འབྱོར་ཆེན་པོ་གཉིས་མེད་བསམ། །རྐང་པ་བརྒྱད་པའི་སྔགས་མཆོད་བྱ། །བདག་ཉིད་རྣལ་འབྱོར་སཱ་ག་ར། །དུར་
ཁྲོད་བརྒྱད་དུ་གནས་བྱེད་ཀྱང་། །འཇིགས་པ་རྣམས་དང་བྲལ་བ་ཡིན། །དེ་ཕྱིར་རྣལ་འབྱོར་དབང་ཕྱུག་རྣམས། །བདེ་མཆོག་འཁོར་ལོར་རྟག་ཏུ་མཆོད། །ཀྱེ་ཧོ་རིགས་ལྔའི་སྤྱོད་པ་འདི། །རྣལ་འབྱོར་པ་ཡིས་ཏག་ཏུ་རྟོགས། །རྟོག་པ་མེད་པའི་སེམས་ཀྱིས་ནི། །འདོད་ཡོན་ལྔ་ནི་སྤྱོད་པར་

གྱིས། །རྒྱན་དྲུག་གིས་ནི་བརྒྱན་པའི་སྐུ། །སེང་གེ་བཞིན་དུ་རྟག་ཏུ་སྤྱོད། །ཨ་ཕྲེང་ཀ་ཕྲེང་རྣལ་འབྱོར་ཆེ། །མདུན་དུ་བསམ་ཞིང་གཉིས་མེད་སྐྱེ། །རྣལ་འབྱོར་ཆེན་པོ་བསྲེ་བྱས་ནས། །བདག་གི་ལྟེ་བའི་ཁུང་བུ་ལ། །ཟླ་བའི་ཐིག་ལེ་རྒྱས་པར་བསམ། །ཡང་དག་པ་ཡི་ཡི་གེ་
ནི། །བདུད་རྩིའི་རྒྱ་མཚོའི་དབུས་བསམས་ནས། །དབང་པོ་ཞི་ཞིང་གཉིས་མེད་འགྲུབ། །བསམ་གཏན་བསམ་མེད་འགྲུབ་རྒྱུ་མེད། །བསམ་མེད་བསམས་ན་གྲུབ་པ་ཐོབ། །སཱ་ག་ར་བདག་སྨྲ་བར་བྱེད། །གྲུབ་པའི་རྟགས་ནི་གླང་ཆེན་ཐུལ། །རྣལ་འབྱོར་ཆེན་པོ་གཉིས་མེད་དོ། །
ཨ་ཕྲེང་ཀ་ཕྲེང་བདེ་མཆོག་འཁོར་ལོའི་རྣལ་འབྱོར་ཆེན་པོ་བསྒོམ་པ་ཞེས་བྱ་བ་སློབ་དཔོན་སཱ་ག་རས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཱ་ཡུ་སྠཱ་ན་རོ་ག་པ་རི་ཛྙཱ་ན་ནཱ་མ། བོད་སྐད་དུ། རླུང་གནས་ནད་ཀྱི་བརྟག་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །
དགེ་དང་མི་དགེའི་ཆགས་པས་འཁོར་བའི་གཞི། །དེ་དག་ཆགས་བྲལ་རྣལ་འབྱོར་མྱ་ངན་འདས། །མེ་རླུང་ཆགས་པའི་གནས་སུ་གནས་འགྱུར་བ། །རླུང་གི་ཆུ་གནས་གཡོ་བའི་སེམས་ཉིད་དག །དེ་ཡིས་རྣམ་རྟོག་གང་ཡང་རིམ་གྱིས་འགགས། །དཔེར་ན་ཆུ་དང་ནམ་མཁའི་སྐྱེས་བུ་
བཞིན། །མེ་རླུང་ནག་པོས་སྣང་བ་འདེད་གྱུར་པས། །དཀར་པོའི་ཤེལ་ལྟར་ལ་སོགས་ཡེ་ཤེས་འགྲུབ། །དང་པོའི་ཡན་ལག་མགོ་ནི་གཏི་མུག་གནས། །སྔར་ལྟར་བསྒོམས་པས་དེ་ཉིད་ཡེ་ཤེས་ཡིན། །དབང་པོ་ལྔ་ལ་ཉི་ཟླའི་མིག་གཉིས་ཆགས། །ལུས་ཀྱི་ཡན་ལག་ལྟེ་བའི་
ཡེ་ཤེས་ནི། །ཆགས་པའི་འཁོར་ལོར་སྲོག་གི་རྩ་གནས་སོ། །དེ་ལ་ཟླ་གྲངས་རྩ་ནི་བཅུ་གཉིས་ལ། །ལུས་ཀྱི་ཚད་ནི་འདོམ་གང་གྲུ་བཞི་ཡིན། །འཛམ་བུའི་གླིང་བཞི་གླིང་ཕྲན་བརྒྱད་དག་བྱུང་། །ཉི་ཟླའི་སྒོ་ནས་རླུང་ནི་ཡང་དག་འབྱུང་། །ལྷོ་བྱང་གཉིས་དག་ཉི་ཟླའི་ལམ་ཡིན་ཏེ། །དབྱར་
ཟླ་འབྲིང་པོ་བྱང་གི་བར་དུ་དགུ། །དགུན་ཟླ་ལྷ་འབྲང་བོ་རུ་ཤེས་པར་བྱ། །སྟོན་དཔྱིད་གཉིས་ཀྱི་འབྲིང་པོ་ཉིན་མཚན་མཉམ། །ད་ནི་རྣལ་འབྱོར་རླུང་གི་གྲངས་ལ་ནི། །སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ཡིན་ཏེ། །ཐུན་བརྒྱད་ཐུན་ཕྱེད་སུམ་བརྒྱ་དྲུག་ཅུ་གཞག །ལོ་གཅིག་ཧཱུཾ་ཉིད་ཐིག་ལེར་

ཤེས་བར་བྱ། །ཉི་ཟླ་གཉིས་ཀྱི་སྒོ་ནས་རླུང་ལྔ་ནི། །རང་ནས་མི་རྒྱུ་གཞན་ནས་རྒྱུ་བ་དེས། །དཔལ་ལྡན་རྣལ་འབྱོར་རླུང་ལོག་ན་བར་འགྱུར། །དེ་ལ་རླུང་གི་མིང་དང་གནས་རྣམས་ནི། །བརྟན་གཡོ་བར་གནས་མཁྲིས་རྒྱས་བདེ་གཤེགས་རླུང་། །རིམ་པར་གཏི་མུག་ཆུ་
རླུང་མགོ་ལ་རྒྱུ། །བད་ཀན་སྐྱེ་བས་རྣལ་འབྱོར་ལྷ་གནས་ཉམས། །གཡོ་བའི་རླུང་ནི་གཞན་གྱི་རྩ་ལ་རྒྱུ། །མདུད་པར་ཆགས་ན་དྲོད་ཉམས་གྲང་བ་སྟེ། །ཆུ་རླུང་བར་ན་མེ་རླུང་གནས་པ་དེ། །རྩུབ་པའི་རླུང་འཛིན་ངལ་དུབ་བྱས་པའི་ཚེ། །དྲག་པོའི་ཞེ་སྡང་མཐར་ཡང་སྙིང་རླུང་ལྡང་། །འདུས་
པའི་གནས་སུ་དུག་གསུམ་རླུང་འདུས་པ། །འདུས་པའི་ནད་ཀྱིས་སེམས་ཀྱི་དབང་པོ་འཁྲུལ། །བདེ་གཤེགས་གནས་སུ་མི་རྒྱུ་གཞན་རྒྱུ་ན། །རྣལ་འབྱོར་ལས་ཀྱི་ནད་དུ་ཤེས་པར་གྱིས། །སྨན་དང་སྨན་པ་རང་ལུས་གནས་པ་ལ། །ལུས་ཀྱི་དཀྱིལ་འཁོར་བརྒྱད་ཀྱི་ཐིག་ལེ་ལས། །སོར་ནི་
བཅུ་གཉིས་བཅུ་གཉིས་སྟེང་དུ་ནི། །བཞི་བཞི་གནད་འཛིན་བརྒྱད་ལ་སེམས་གཏད་བྱ། །བུང་བའི་རླུང་འཛིན་འཁྲུལ་འཁོར་ནད་འདོན་བྱ། །དབུ་མར་མ་ཆུད་རླུང་ནི་རྩ་བཞི་རུ། །བཟུང་བས་རྣལ་འབྱོར་མངོན་རྟོགས་འདི་ལྟར་འཆར། །ས་ཡི་རླུང་གིས་ལུས་ལྕི་སེམས་མི་གསལ། །མི་རྟག་
ཆུ་རྒལ་ཟླ་བ་མཐོང་བ་དང་། །ཆུ་མིག་ལ་སོགས་རྟགས་ནི་སྣ་ཚོགས་འབྱུང་། །རྣལ་འབྱོར་ཤ་རྒྱས་ལྡན་པ་ཤིན་ཏུ་དཀའ། །ཐང་ལ་འགྲོ་བར་འགྱུར་ན་གློ་སྙིང་བརྡུང་། །རླུང་གི་རླུང་ནི་ཟིན་པའི་མངོན་རྟགས་ནི། །གྲང་བ་སྐྱེ་ཞིང་ལུས་ཁོལ་ཐིག་ལེ་འཛག །ཕོ་བ་ན་ཞིང་གཡང་ཟ་ཡན་
ལག་འཁུམས། །མེ་རླུང་ཟིན་པའི་རྟགས་ནི་མཁྲིས་པ་རྒྱས། །སེམས་ཉམས་དྲོད་སྐྱེས་རོ་སྟོད་ལྕི་ཞིང་ན། །རྨི་ལྟས་མི་མཐོང་སྣང་བ་དམར་པོ་མཐོང་། །འཆི་རླུང་གཡང་ཟ་འགྲོ་འདོད་སེམས་མི་དགའ། །མི་རྟགས་འཕུར་དང་ལྷུང་དང་ཕྲད་མི་ཐར། །བདེ་གཤེགས་རླུང་འཛིན་སེམས་བདེ་
གཉིས་མེད་གནས། །བསུས་པའི་གེགས་སེལ་རིམ་བཞིན་འདི་ལྟར་བྱ། །དམིགས་པས་མེ་སྦར་ས་ཁམས་བསྲེག་པར་བྱ། །ཆུ་མིག་བརྒྱད་ལ་རྣལ་འབྱོར་རླངས་པ་འཐུལ། །ཆུ་བྲུབ་ས་སྦྱང་རླུང་གི་ཕྱག་དར་བྱ། །ཐོ་རངས་མི་བསྐྱོད་གྲང་ནས་བཏུང་བར་བྱ། །རླུང་ལ་མེ་བསྒོམ་ཧི་རྒྱུ་མར་

ཆེན་དྲིལ། །བེམ་རྟོལ་བརྒྱབ་པས་བ་སྤུའི་བུ་ག་ཕྱེ། །འཁོར་ལོ་བསྒོམ་ཞིང་གྲང་བ་སེལ་བར་བྱེད། །དབུ་མར་མ་ཆུད་ཆུ་རླུང་གཞན་ཞུགས་ན། །བད་ཀན་ན་བས་བུ་ག་གཉིས་དག་བྱེད། །ལུས་བཅའ་ཆུ་འབྲུབ་རླངས་པ་འཐུལ་བར་བསམ། །མེ་རླུང་གཉིས་ཀྱིས་འབྱུང་བར་སེམས་གཏད་
དོ། །མཁྲིས་པ་ལྡང་ན་གངས་ཀྱི་ཆུ་འབྲུབ་བྱ། །བདུད་རྩིས་ལུས་གང་གངས་ནས་དུ་བ་འཐུལ། །སྤྱི་བོར་བླ་མའི་བདུད་རྩི་ལུས་ལ་བྱུག །རླུང་གི་རླུང་ནི་འཛིན་པའི་རྣལ་འབྱོར་པ། །བྱང་ཆུབ་སེམས་ཀྱི་ཏིང་ངེ་འཛིན་ལ་བསླབ། །གཞན་ཡང་ནད་རྟགས་ནད་འདོན་ཞལ་ལས་ཤེས། །རླུང་
གནས་ནད་ཀྱི་བརྟག་པ་ཞེས་བྱ་བ་སློབ་དཔོན་ཨ་ཛོ་ཀིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙིཏྟ་ཏ་ཏྭོ་པ་དེ་ཤཾ་ནཱ་མ། བོད་སྐད་དུ། སེམས་ཉིད་ཀྱི་དེ་ཉིད་བཅིང་བ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ཉིད་ཀྱིས་ནི་བཅིངས་པ་ལ། །དེ་ཉིད་
ཀྱིས་ནི་གྲོལ་བར་བྱེད། །བླ་མའི་བཀའ་ཡིས་ཐམས་ཅད་རྟོགས། །གཡོན་ནས་འགྲོ་བའི་ཅེ་སྤྱང་ནི། །དེ་བཞིན་གཡས་འགྲོ་ཤེས་པར་བྱ། །ཀོ་དྷ་ལི་ནི་སྨྲ་བར་བྱེད། །དེ་ཙམ་གྱིས་ནི་བྱ་བ་གྲུབ། །འཁོར་བས་ང་ནི་དེ་ཉིད་ཙམ་དུ་རྟོགས། །བཤད་དང་དཀྱིལ་འཁོར་ཅི་ཞིག་བྱ། །གང་
གིས་བཅིངས་པ་མ་རྟོགས་སམ། །གཡོན་ནས་འགྲོ་བའི་ཅེ་སྤྱང་ནི། །དེ་ཉིད་གཡས་འགྲོ་ཤེས་པར་བྱེད། །ཀོ་དྷ་ལི་ནི་སྨྲ་བར་བྱེད། །དེ་ཙམ་གྱིས་ནི་བྱ་བ་གྲུབ། །རྩ་བ་བསྐྱུར་ནས་ཡལ་ག་དག །བཙལ་བ་དེས་ནི་ཅི་ཞིག་བྱ། །བླ་མ་དམ་པའི་གདམས་ངག་གིས། །འཇིག་རྟེན་གསུམ་
ཡང་གསལ་བར་བྱས། །གཡོན་ནས་འགྲོ་བའི་ཅེ་སྤྱང་ཡང་། །དེ་ཉིད་གཡས་འགྲོ་ཤེས་པར་བྱེད། །དེ་ཙམ་གྱིས་ནི་བྱ་བ་གྲུབ། །ཆོས་ཉིད་ཇི་ལྟར་སྣང་བ་ཡང་། །དེ་ཡི་རང་བཞིན་རང་ལ་བཞག །གཡོན་ནས་འགྲོ་བའི་ཅེ་སྤྱང་ཡང་། །དེ་ཉིད་གཡས་འགྲོ་ཤེས་པར་བྱེད། །ཀོ་དྷ་ལི་ནི་
སྨྲ་བར་བྱེད། །དེ་ཙམ་གྱིས་ནི་བྱ་བ་གྲུབ། །སེམས་ཉིད་ཀྱི་དེ་ཉིད་བཅིང་བ་ཞེས་བྱ་བ་སློབ་དཔོན་ཀོ་དྷ་ལིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙཎྜ་ལཱི་ཀ་བིནྡུ་པྲ་སྥ་ར་ཎཾ་ནཱ་མ། བོད་སྐད་དུ། གཏུམ་མོའི་ཐིག་ལེ་བཀྲམ་པ་ཞེས་བྱ་བ། ཡུམ་གཏུམ་

མོ་ལ་ཕྱག་འཚལ་ལོ། །ལུས་ནི་གྲུ་བཞི་འདོམ་གང་ཚད། །འཁོར་ལོ་བཞི་ནི་རང་བཞིན་གནས། །རླུང་ནི་གཉིས་ཏེ་འཁོར་ལོ་དྲུག །རླུང་གི་དེ་ཉིད་ཡང་དག་ནི། །བརྟན་དང་གཡོ་བའི་རྩོལ་བ་དགག །རླུང་གི་དེ་ཉིད་བསྒོམས་ནས་ནི། །མེ་ཆུ་ས་ཡི་དེ་ཉིད་ཤེས། །
རྩ་གསུམ་གྲུ་གསུམ་རང་བཞིན་ཏེ། །ཕྱི་རོལ་མ་ཡིན་ནང་ཡིན་ནོ། །སྲོག་གི་རྩ་ནས་ཡབ་ཀྱི་ངོས། །སོར་བཞི་གནས་སུ་དེ་གནས་དེ། །ཐིག་ལེ་དང་ལྡན་ཡི་གེ་ཨཾ། །ལྟེ་བ་ཡེ་ཤེས་འཁོར་ལོ་ཡིན། །སྤྲུལ་པའི་གནས་སུ་བསྒོམ་བྱ་སྟེ། །དེ་སྟེང་སོར་ནི་བཅུ་གཉིས་ལ། །ཆོས་ཀྱི་རང་
བཞིན་བརྒྱད་དུ་ནི། །རིགས་བཞི་ཡུམ་བཞི་ས་བོན་གྱི། །རླུང་དང་མེ་དང་ཆུ་རུ་གནས། །དེ་སྟེང་ལོངས་སྤྱོད་བཅུ་དྲུག་ནི། །མེ་ལོང་ཡེ་ཤེས་ཡི་གེ་ཨཾ། །གསལ་ལ་ཤེལ་ལྟར་བསྒོམ་པར་བྱ། །བདེ་ཆེན་འཁོར་ལོའི་གནས་སུ་ནི། །ཨ་ཕྲེང་གཉིས་ལྡན་ཡི་གེ་ཧཾ། །དེ་ལྟར་ཤེས་པའི་ལུས་
གནས་ནི། །བདེ་བ་ཆེན་པོའི་ཡུལ་ཞེས་བྱ། །ལྟེ་བའི་རཾ་ཡིག་ཡཾ་རླུང་གིས། །ཡེ་ཤེས་མེ་ཉིད་འབར་བར་འགྱུར། །གཡོ་བའི་ཡེ་ཤེས་རླུང་ཡིན་ཏེ། །བརྟེན་པའི་མཚན་ཉིད་ཡེ་ཤེས་མེ། །ཨཾ་བཅས་དབུས་སུ་འབར་ན་ནི། །སྡུག་བསྔལ་དུག་ལྔའི་ནད་རྣམས་དག །བདག་ཉིད་སྟོང་
པའི་མཉམ་ཉིད་ལྷ། །ལོག་མིན་རྒྱུ་ནས་འཁྲུལ་འཁོར་བྱ། །བདེ་ཆེན་གནས་ནས་ཆོས་དབྱིངས་འབར། །སེམས་ཀྱི་བདེ་བ་ཆེར་སྐྱེས་ན། །གཞུ་རྒོད་འཐེན་ནས་འཕེན་པར་འགྱུར། །ཐིག་ལེ་འཐོར་ནས་དགྲམ་པར་བྱ། །སེམས་ཉིད་སྙིང་གར་བསྟིམས་ནས་བསྒོམ། །གཏུམ་མོ་
ཐིག་ལེ་བཀྲམ་པ་ཞེས་བྱ་བ་སློབ་དཔོན་ལུ་ཙི་ཀིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤ་རཱྀ་ར་ཎ་རི་ཀ་བིན་དུ་སཱ་མཱ་ཏཱ་ནཱ་མ། བོད་སྐད་དུ། ལུས་ཀྱི་རྩ་ཐིག་མཉམ་པ་ཉིད་ཀྱི་མན་ངག་ཅེས་བྱ་བ། །དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཇི་
སྲིད་རྩ་བ་སྡོང་བུ་རྣམས། །བརྐོས་པས་དེ་ནི་མ་བྱས་ན། །དེ་སྲིད་ཕག་རྒོད་གསོད་པ་ཡི། །མདའ་པ་དེ་ནི་ཚ་དེ་ཡིན། །གནད་དུ་བསྣུན་ནས་ཕག་རྒོད་གསད། །རྫིང་བུ་སྐམས་པར་མ་གྱུར་པས། །དེ་གོང་དུ་ནི་བརླག་པར་བྱས། །དཔག་ཚད་ཕྱེད་དང་བཞི་པ་ཡིས། །གྲུ་བཞི་པ་

ཡི་རྫིང་བུ་ལ། །ནང་དུ་ཞུགས་པར་བྱས་ནས་ནི། །ཟས་ནི་དོན་དུ་གཉེར་བར་བྱེད། །ཤིན་ཏུ་བཀང་བར་བྱས་ནས་ནི། །གནད་དུ་བསྣུན་ནས་ཕག་རྒོད་བསད། །རྫིང་བུ་སྐམས་པར་མ་གྱུར་པར། །དེ་གོང་དུ་ནི་བརླག་པར་བྱས། །ལྟེ་བའི་དཀྱིལ་འཁོར་གཞུ་རུ་བྱས། །རྩ་གཉིས་དེ་ནི་རྒྱུད་དུ་
སྦྲེངས། །བླ་མའི་མན་ངག་མདའ་རུ་བྱས། །ཤིན་ཏུ་བཀང་བར་བྱས་ནས་ནི། །གནད་དུ་བསྣུན་པས་ཕག་རྒོད་བསད། །རྫིང་བུ་སྐམས་པར་མ་གྱུར་པར། །དེ་གོང་དུ་ནི་བརླག་པར་བྱས། །མཚོ་ལ་ཕག་རྒོད་ཇི་ལྟར་འཐུང་། །འཕྲང་ལ་རྙི་ནི་གཟུགས་བྱས་ནས། །གནད་དུ་བསྣུན་ནས་ཕག་
རྒོད་བསད། །ཇི་སྲིད་རྫིང་བུ་མ་སྐམས་པར། །དེ་གོང་དུ་ནི་བརླག་པར་བྱས། །ལུས་ཀྱི་རྩ་ཐིག་མཉམ་པ་ཉིད་ཀྱི་མན་ངག་ཅེས་བྱ་བ། སློབ་དཔོན་ནི་ཀུ་ནིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙ་ཏུར་བུདྡྷ་བྷ་བ་བྷྱ་བ་ཤ་ནཾ་ཀྲ་མཾ་ནཱ་མ། བོད་སྐད་དུ། འབྱུང་བ་
བཞིའི་སྲིད་པའི་ཆགས་ལུགས་ཞེས་བྱ་བ། །ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །རི་རབ་ཟུར་ནི་བརྒྱད་པ་དང་། །རོལ་པའི་མཚོ་ནི་བདུན་པ་དང་། །ཚངས་པ་བརྒྱ་བྱིན་ཉི་མ་དང་། །ཟླ་བ་དང་ནི་ལྷ་ཆེན་དང་། །མཐུ་ཆེན་འདི་དག་རྟག་མིན་ན། །བདག་གིས་ཇི་ལྟར་བརྟན་པ་ཐོབ། །
བདག་ནི་བརྟག་ན་ཇི་ལྟར་ཡིན། །བདག་གི་མ་ནི་གང་དུ་སོང་། །ཕ་ཡང་གང་དུ་སོང་བར་འགྱུར། །འདི་ལྟ་བུ་ཡི་འཇིག་རྟེན་ནི། །བལྟས་པས་འཇིག་རྟེན་རྨི་ལམ་འདྲ། །སྟོབས་ལྡན་གྱུར་ན་སུས་ཀྱང་བཀུར། །སྟོབས་ཉམས་གྱུར་ན་སྨྲ་མི་བྱེད། །དེ་བས་ཚེམ་བུའི་གོས་གྱོན་ལ། །བསོད་སྙོམས་
ཀྱིས་ནི་འཚོ་བ་སྟེ། །ཡུལ་དང་གྲོང་ཁྱེར་སོ་མ་རུ། །ཡང་ཡང་སྤྲང་བ་མཁས་པ་ཡིན། །འདི་ལྟ་བུ་ཡི་སྤྱོད་པ་ཡིས། །འཇིག་རྟེན་ཀུན་ལ་རྒྱལ་བ་ཐོབ། །སྐལ་ལྡན་བདག་ནི་ཙ་ར་པ་ཏྲི་སྨྲ། །འབྱུང་བ་བཞིའི་སྲིད་པའི་ཆགས་ལུགས་ཞེས་བྱ་བ་སློབ་དཔོན་ཙ་ར་པ་ཏྲིས་མཛད་པ་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཨཱཏྨ་པ་རི་ཛྙཱ་ན་དྲྀཥྚི་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། །རང་རིག་ཡེ་ཤེས་ཀྱི་ལྟ་བའི་ཉམས་ལེན་ཞེས་བྱ་བ། ཡུམ་བདག་མེད་མ་ལ་ཕྱག་འཚལ་ལོ། །རང་རིག་ཡེ་ཤེས་ལས་ཡིན་ན། །བྱེད་པ་པོ་མེད་ལས་མེད་དོ། །དེ་དག་མེད་ན་བྱ་བ་མེད། །གསུམ་ནི་ཇི་ལྟར་

གཉིས་མེད་དོ། །གལ་ཏེ་ཕྱི་ནི་བདེན་པ་ཡིན། །ཐ་སྙད་འབྲེལ་ཕྱིར་ནང་དུ་བརྗོད། །གལ་ཏེ་ཀུན་རྫོབ་རང་རིག་ཡིན། །རིག་པས་རིག་པ་རིག་པ་མེད། །རྣལ་འབྱོར་བདག་ཉིད་རིག་ན་ནི། །འཁོར་བའི་སྡུག་བསྔལ་འཇོམས་པར་བྱེད། །ཐ་སྙད་འདི་ཡིས་དངོས་པོ་རྣམས། །
རང་བཞིན་མ་གྲུབ་དྲི་མ་མེད། །དངོས་པོ་རྣམས་ནི་མ་གྲུབ་པས། །གཞན་དག་བདག་ལ་གྲུབ་རྒྱུ་མེད། །དེ་ཕྱིར་བདག་ནི་རྟེན་མེད་པ། །གལ་ཏེ་སྒྲ་དོན་རྟོགས་བྱ་ཡིན། །རང་བཞིན་དོན་ལ་སྒྲ་དོན་མེད། །དངོས་པོ་མ་གྲུབ་རྣལ་འབྱོར་པ། །ང་བདག་འདི་ནི་ཐམས་ཅད་བྲལ། །གཉིས་བྲལ་
མ་རིག་མུན་པ་མེད། །དེ་མེད་དྲི་མེད་ཡེ་ཤེས་མེད། །འདི་ལྟར་རྣལ་འབྱོར་རིག་པ་ཡིས། །འཁོར་བའི་འཆིང་བ་གྲོལ་བར་བྱེད། །གན་རྐྱལ་ཉལ་བ་རྣལ་འབྱོར་སྐྱེ། །ལུས་ཀྱི་རྣམ་གཞག་དྲན་པར་གྱིས། །མིག་བགྲད་རྣམ་པར་ཤེས་པ་འབུལ། །ནམ་མཁའི་ཕྱོགས་སུ་བལྟས་བྱས་
པས། །མཐོང་རྒྱུ་ཡིད་ལ་འཛིན་རྒྱུ་མེད། །ཕྱོགས་ཀྱི་རྟོག་པ་བྲལ་བ་ཡིན། །དབང་པོ་ནུབ་འགྱུར་གཉིས་མེད་འགྲུབ། །རང་རིག་ཡེ་ཤེས་ཀྱི་ཉམས་ལེན་ཞེས་བྱ་བ་སློབ་དཔོན་ཙམ་པ་ཀས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙ་བུ་ར་མུཀྟི་ཀ་ར་ཙཾ་ཨུ་པཱ་ཡ་
ནཱ་མ། བོད་སྐད་དུ། འཇིགས་པ་བརྒྱད་རྨོངས་པར་བྱེད་པའི་ཐབས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྦྲུལ་སྟག་ཆོམ་རྐུན་མདའ་དང་མེ་ཡི་ནི། །འཇིགས་པས་མི་འཇིགས་ཀླུ་སྒྲུབ་གདམས་པ་ཐོབ། །སྐར་མཁན་བི་ཁ་ན་ནི་འཇིགས་མེད་དེ། །འོན་ཀྱང་རྣལ་
འབྱོར་ཉམས་ཀྱི་ནུས་པ་བྲི། །སེམས་ཉིད་འདུལ་ཞིང་བདུད་འཇོམས་རྣལ་འབྱོར་ལ། །ལས་ནི་མ་རྟོགས་རྐྱེན་གྱི་བར་ཆོད་འབྱུང་། །དེ་ཕྱིར་དང་པོའི་རྣལ་འབྱོར་སྒྲུབ་པ་པོས། །འཇིགས་སྐྱོབ་དྲན་ཞིང་བླ་མ་སྤྱི་བོར་བསྒོམ། །སྦྱོར་བ་བྱས་པའི་སྙིང་བོ་ལ་སོགས་བཟླ། །ཨོཾ་སྟེ་ཨ་རྗེས་ལ་
ནི་བཞི་པས་སྦྱར། །ཀ་ཕྲེང་གཉིས་པ་ལས་བྱུང་གསུམ་པ་སྟེ། །ཨ་ཕྲེང་གསུམ་པ་རྣལ་འབྱོར་འབྲེལ་པར་མཛོད། །བཾ་གྱིས་བཅིངས་ཏེ་དྷ་ནི་རྗེས་སུ་བྲི། །རྐན་གྱི་དང་པོ་དབྱངས་ཅན་ལྔ་པས་བཅིངས། །ལ་དང་ཨི་འབྱོར་ཤ་ཟའི་སྐད་ཡིན་ནོ། །དབྱངས་ཅན་བཅུ་གསུམ་ཡི་གེ་ཙ་

ཡིག་ནི། །འབྲེལ་ནས་མཐར་ཡང་འབྱུང་ཆེན་གཉིས་པ་བྲི། །ཕྱིས་འབྱུང་སེང་གེའི་ནང་དུ་སྟག་ལྟར་སྤྱོད། །བྱཱ་གྷྲའི་སྒྲ་སྒྲོགས་སྟག་གི་འཇིགས་པ་མེད། །ཀན་དྷཱ་བཟླ་ཞིང་མདའ་ཡི་འཇིགས་པ་བྲལ། །སབ་པ་སྣལ་ཆེན་རྣམས་ཀྱི་འཇིགས་པ་སེལ། །མུ་ཧཾ་ཁ་བཅིངས་བནྡྷ་སྭཱ་ཧཱ་བྲི། །
འགྲོ་བའི་དོན་དུ་རྣལ་འབྱོར་སེམས་བསྐྱེད་ནས། །བཟླས་བྱ་ཉོན་མོངས་བྲལ་ཞིང་ཐར་པ་ཐོབ། །ཨ་ཁུ་ནག་པོའི་ཁྲག་གིས་མིག་སྨན་དང་། །སོར་བཞིའི་ཤིང་བུ་བླངས་ནས་རྣམ་པར་འཕྱང་། །ཟླ་བརྒྱད་རོ་ཡི་ཡན་ལག་བརྒྱད་བླངས་ནས། །ཟླ་བའི་ཞག་ལ་མཆོད་དང་གཏོར་མ་
བྱ། །ཟླ་ཟིན་དུས་སུ་མི་སྣང་སྒྲུབ་བཟླས་བྱ། །ཚེ་ནའི་སྦྱོར་བས་མགོ་ནི་མཐོང་མིན་ནོ། །མི་མཐོང་མི་སྣང་སྦྱོར་བ་འདི་ཡིན་ནོ། །ཨོཾ་ཀ་ལི་ཀ་ལི་མ་ཧཱ་ཀ་ལི། མཾ་ས་ཤོ་དྷ་ནི། བྷོ་ཛྷ་ནི། སྨ་ཤ་ན་བྷ་སི་ནི་དྷ་བྱི་དང་། མ་མཾ་པ་ཤྱནྟུ་མ་ནུ་ཤ །ཨ་དང་ཧ་ཧ་ཧྲཱི་ཧཱུཾ་སྭཱ་ཧཱ་མཐར། །བརྒྱད་
དང་བཅུ་བཞི་ནག་པོའི་ཚེས་ལ་ནི། །གོས་དམར་གཅེར་བུ་དུར་ཁྲོད་མཚན་མོ་ནི། །ཁྲི་བཟླས་རཀྟའི་གཏོར་མས་མི་སྣང་འགྲུབ། །ད་ནི་རྣལ་འབྱོར་ཡང་སྙིང་སྦྱོར་བ་ནི། །སྙིང་པོ་འདི་ལྟ་སྟེ་གཞན་ཡང་ཞལ་ལས་བླང་། །ཨོཾ་རུ་དྷ་ཀི་རཱ་ཏི། ཀི་རི་ཀི་རི། མི་རི་མི་རི། རུ་དྷྲ་ཨ་མེ་ལེ།
ཀྵུ་པ་ཀྵུ་པ་སྭཱ་ཧཱ། །འདི་ནི་བརྒྱད་བརྒྱ་རྣལ་འབྱོར་བཟླས་བྱས་ནས། །ལམ་དུ་འགྲོ་བའི་དུས་སུ་སྦྱོར་བ་བྱ། །སྦྲུལ་སྟག་ཆོམ་རྐུན་མདའ་བཅིང་བཤད་བྱས་ནས། །སྲེག་བྱེད་མེ་ཡི་ནུས་པའི་རྟེན་འབྲེལ་བཤད། །ཆུ་སྦལ་བཏང་བ་སྦལ་ཚིལ་ཛམ་བྷིར་ཆུ། །ཞིབ་ཏུ་བཏགས་ནས་རྐང་པ་
ལག་པ་བསྐུ། །འདི་ལྟར་སྙིང་པོ་ཉེ་སྙིང་བཤད་བྱས་ནས། །ཤར་བའི་མར་གྱིས་གཏོར་ནས་སྲེག་མི་ནུས། །སིདྡྷི་ནཱ་གཱརྫུ་ན་པ་དང་ནི། །ཨགྣི་མོ་ཧ་ར་ཏི་ར་སྒྲ་དང་། །དེ་རྗེས་ཏེ་ཏ་ད་ཀ་རན་ཏེ་བྲི།