Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 53

Văn bản gốc(Tây Tạng)

Trang 3 / 18 (50.000 ký tự/trang)
།ནི་པ་རི་བྷ་ན་ཏེ་མེ་ནུས་མེད། །ཨོཾ་སིདྡྷི་ནི་གཱརྫུ་ན་པ་སྟེ། །པ་ཡི་ར་གསུམ་མཐར་སྔགས་
རྫོགས་པར་བཟླ། །ལན་གསུམ་གཅོད་ཅིང་ཡུངས་ཀར་མར་ཁུ་གཏོར། །ལྕགས་བསྲེགས་མེ་རུ་ཞུགས་ཀྱང་སྲེག་མི་ནུས། །ནུས་པ་མཐར་ཕྱིན་སྔགས་སྦྱོར་གཉིས་པ་ནི། །ན་མོ་ལ་བྷི་ཤྭ་མི་ཏྲ་ཡ་ཏེ། །ཧཱུ་ཏ་བྷ་ཧ་ཧ་སྟཾ་སྟཾ་བྷ་ཡ་མི། །ཙི་ལི་སྭཱ་ཧཱ་མེད་ནུས་མེད་པར་གྱིས། །ད་ལྟར་བྱང་

སེམས་ལྡན་པའི་རྣལ་འབྱོར་གྱིས། །རིམ་བཞིན་བསྒྲུབས་ན་འགྲུབ་འགྱུར་ཐེ་ཚོམ་མེད། །འཇིགས་པ་བརྒྱད་རྨོངས་པར་བྱེད་པའི་ཐབས་ཞེས་བྱ་བ་སློབ་དཔོན་བྷི་ཥ་ནས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བི་ཥ་ཨནྟ་ར་བཱ་ཧྱ་ནི་པྲྀ་ཏི་བ་བྷ་ན་ཀྲ་མཾ། བོད་
སྐད་དུ། ཕྱི་ནང་གི་དུག་སེལ་གྱི་རིམ་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཡིད་དང་མཐུན་པའི་སྒྲུབ་གནས་སུ། །ཕྱི་ནང་དུག་ནི་སེལ་བ་ཡི། །གསང་བའི་རྣལ་འབྱོར་སྒྲུབ་པའི་ཐབས། །ཏི་ལོ་བདག་གིས་བཤད་པར་བྱ། །རྣལ་འབྱོར་བསྐྱེད་པའི་རིམ་པར་ལྡན། །རུ་
ཙོག་སྦྲུལ་ལ་སོགས་པ་ཡི། །དུག་ཆེན་འཇོམས་པའི་ཨོཾ་ཨཱཿཧཱུཾ། །ལན་གསུམ་བརྗོད་ཅིང་འདི་ལྟར་བསམ། །རྩེ་སོར་བཅུ་གཉིས་ཚད་དུ་ནི། །སྤྱི་བོ་ཚངས་པའི་བུ་ག་ལ། །དབུས་སུ་ཨོཾ་བསམ་བདུད་རྩི་འབབ། །སྦྱོར་བ་དེ་ཡི་རྣལ་འབྱོར་ནི། །སྐད་ཅིག་གཅིག་ལ་མདངས་ལྡན་
ནོ། །དེ་ནི་ཕྱི་ཡི་དུག་སེལ་ཏོ། །ནང་གི་འདི་ལྟར་བསྒོམ་པར་བྱ། །རྡོ་རྗེ་ཆེན་པོའི་སྙིང་གའི་དབུས། །སྐུ་མདོག་དཀར་པོ་བསིལ་བའི་འོད། །ཚེས་གཉིས་ཟླ་བར་སྤྲིན་ཆེན་པོ། །བསྒོམས་ཤིང་འཕྲོས་འགྱུར་རྣམ་པར་བསྡུ། །ཡང་དང་ཡང་དུ་བསམ་བྱས་པས། །ནང་གི་ནད་མེད་ཀུན་དུ་
བཟང་། །རི་རྒྱལ་དང་མཉམ་དུག་ཡོད་ཀྱང་། །སྐད་ཅིག་གཅིག་ལ་སེལ་ཞིང་འདྲེན། །སྐབས་ལས་བྱུང་བའི་དུག་སེལ་ནི། །འདབ་བརྒྱད་པདྨ་ན་ས་རུ། །ཟླ་དཀར་གསལ་ཞིང་དྲི་མ་མེད། །ཡེ་ཤེས་ལྔ་ལྡན་བདུད་རྩི་ནི། །ཨ་ཡིག་དེ་དབུས་བསམ་པར་བྱ། །དུག་ལྔ་གག་ལྷོག་རྐྱེན་གྱི་
ནད། །སྤྲེའུ་ཁྱིམ་བྱའི་གཟུགས་ཅན་རྣམས། །དེ་དག་ཕྱུང་ཞིང་ནམ་མཁར་ཐིམ། །བདག་གི་སྐུ་གསུང་ཐུགས་རྡོ་རྗེ། །འདོད་པའི་ཁམས་དང་གཟུགས་ཁམས་དང་། །གཟུགས་མེད་ཁམས་དང་དངོས་མེད་པས། །དེ་ཕྱིར་རང་བཞིན་ནམ་མཁའ་སྟེ། །དེས་ནི་སྟོང་པ་རྟེན་མེད་པ། །རྣལ་
འབྱོར་མི་རྟོག་སེམས་གཏད་དོ། །ཕྱི་ནང་ནད་སེལ་གྱི་གདམས་པ་སློབ་དཔོན་ཏི་ལོས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ནནྷྱ་བརྟ་ཏྲ་ཡ་མུ་ཁ་ཨཱ་ག་མ་ནཱ་མ། བོད་སྐད་དུ། གཡུང་དྲུང་འཁྱིལ་པ་གསུམ་གྱི་ཞལ་གདམས་ཀྱི་ཉམས་ལེན་ཞེས་བྱ་བ། ཡུམ་རྣལ་

འབྱོར་མ་ལ་ཕྱག་འཚལ་ལོ། །བླ་མའི་ཞལ་གདམས་ཐོབ་བྱས་ནས། །གཡུང་དྲུང་གསུམ་གྱི་གདམས་པ་ནི། །སྟོང་ཉིད་དོན་ནི་རྟོགས་པའི་ཕྱིར། །ཀཾ་ཀ་མེ་ཁ་ལ་བཤད་བྱ། །རང་གི་ལུས་ནི་ཁོང་སྟོང་ལ། །སྤྱི་བོར་བརྩམས་ནས་ལྟེ་བའི་བར། །རྩ་གསུམ་སེར་དང་དཀར་དམར་རོ། །དེ་
རྣམས་ནང་ནི་ཁོང་སྟོང་སྟེ། །གཡས་ཀྱི་རྩ་ལ་ཁབ་རྩེ་ཚད། །རང་བཞིན་བསལ་བ་བསམ་པར་བྱ། །གཡོན་པར་ཟླ་བའི་ཐིག་ལེ་སྟེ། །དབུས་ཀྱི་རྩ་ནི་ཁོང་སྟོང་ངོ་། །དེ་ལ་སེམས་གཏད་ཕྱི་ནང་སྟོང་། །ཤེས་པ་རྒོད་ན་གཡས་གཡོན་གྱི། །ཐིག་ལེ་གཉིས་ལ་སེམས་གཏད་ལ། །དེ་
ནས་དབུ་བཅད་དྷཱུ་ཏཱིའི་སྟེང་། །ཧྲཱིཿལས་གཡུང་དྲུང་འཁྱིལ་པ་ནི། །མེ་ཡི་མདོག་ཅན་རྣམ་བསམ་བྱ། །གཡུང་དྲུང་འཁྱིལ་པའི་ཟུར་བཞི་ལ། །ཨོཾ་དང་ཨཱཿདང་ཧཱུཾ་དང་ཕཊ། །གཡས་ཕྱོགས་ར་སའི་སྟེང་དུ་ནི། །ཨ་ལས་ཟླ་བའི་གཡུང་དྲུང་འཁྱིལ། །བྱང་ཆུབ་སེམས་ཀྱི་ཆུ་
རླུང་བཀག །གཡོན་པ་ལ་ནཱའི་སྟེང་དུ་ནི། །ཨོཾ་ལས་གཡུང་དྲུང་འཁྱིལ་བ་དམར། །བསམས་པས་མེ་ཡི་རླུང་འགགས་སོ། །དེ་ནས་རླུང་གི་འཁོར་ལོ་ནས། །རླུང་ནི་ལངས་ཏེ་མགྲིན་པར་སླེབ། །དབུས་སུ་བདེ་གཤེགས་རླུང་རྒྱུ་བས། །སོར་ནི་བཅུ་གཉིས་རྩ་འཐོན་ནས། །
གཡས་གཡོན་ཆུ་རླུང་མེ་རླུང་ནི། །ཉི་ཟླའི་རྩ་ནས་འབྱུང་བྱས་ནས། །ལྷ་མོ་གཉིས་དག་ཞལ་དུ་རྔུབ། །སླར་ཡང་གཉིས་ཀྱིས་ཕུ་བྱས་པས། །རྩ་དག་གཉིས་ཀྱི་རྩ་བུག་བརྟོལ། །རྣམ་པར་རྒྱུ་སྟེ་གཡུང་དྲུང་འཕོག །དབུས་ཀྱི་སེམས་བསྐོར་བྱས་ནས་སུ། །གཉིས་ནི་གཡས་སྐོར་གཡོན་
སྐོར་རོ། །སླར་ཡང་རླུང་གིས་ཕུ་བྱས་ནས། །གཡུང་དྲུང་གཉིས་ལ་ཐིམ་བྱས་ནས། །དབུས་ཀྱི་འཁྱིལ་པ་ཐིམ་པར་བསམ། །ཡེ་ཤེས་མེ་སྦར་རང་ལུས་ནི། །མགྲིན་པའི་གནས་ནས་རྐང་མཐིལ་བར། །རིམ་གྱིས་ཞུ་སྟེ་ཆོས་དབྱིངས་སུ། །མཉམ་ཉིད་ཐིག་ལེར་སེམས་གཏད་དོ། །བརྟགས་པས་
མ་གྲུབ་དངོས་མེད་ཡིན། །དམིགས་པའི་མཚན་ཉིད་ཐམས་ཅད་བྲལ། །དེ་ལྟར་མ་བསྒོམས་ཅི་བྱས་ཀྱང་། །ལྷན་སྐྱེས་མ་རྟོགས་འཁོར་བར་འཁྱམས། །ཐིག་ལེ་དེ་ལས་བླངས་བྱས་ནས། །བདག་ཉིད་དབུ་བཅད་ཡུམ་དུ་བསྐྱེད། །དེ་ནས་ལྟེ་བར་ཧྲིཾ་ཡིག་བསམ། །སུམ་མདོར་རླུང་ལྡང་གྱེན་

ལ་རྒྱུ། །ཧྲི་ནི་ཐིག་ལེ་གསུམ་དུ་ཞུ། །ཨི་ནི་རླུང་གི་ཐིག་ལེ་སྟེ། །ཧ་སྟེ་བྱང་ཆུབ་ཐིག་ལེའོ། །རཀྟའི་ཐིག་ལེ་རཾ་ཡིག་སྟེ། །མདོར་ན་རིམ་པར་སྔོ་དཀར་དམར། །མ་ཤར་རླུང་གིས་གྱེན་ལ་འདེད། །དབུ་བཅད་རྩ་སྦུབས་རྒྱུ་ན་ནི། །སྟེང་དུ་སོར་བཞི་འཐོན་པར་བསམ། །
གཡོན་པ་གཡོན་སྐོར་གཡས་པ་གཡས། །དབུས་ཀྱི་ཐིག་ལེ་འབར་ཞིང་ཐིམ། །ལྷ་མོ་གཉིས་ཀྱིས་ཕུས་བཏབ་པས། །གཡས་གཡོན་ཐིག་ལེ་དབུས་ལ་ཐིམ། །དེ་ཉིད་མར་ལ་རྔུབ་བྱས་པས། །སྙིང་གའི་ཧཱུཾ་ལ་ཐིམ་པར་བསམ། །དེ་ནི་གསལ་ལ་དྲི་མ་མེད། །གཉིས་མེད་ཐིག་ལེ་རང་
རིག་སྟེ། །བདེ་དང་སྡུག་བསྔལ་ཐམས་ཅད་བྲལ། །འཁོར་བ་སྣང་བ་རང་རིག་སྟོང་། །ཀྱེ་ཧོ་རྣལ་འབྱོར་བསྒོམས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །གཡུང་དྲུང་འཁྱིལ་པ་གསུམ་གྱི་ཞལ་གདམས་ཡུམ་ཀངྐ་ལ་མེ་ཀ་ལས་གསུངས་པ་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ས་ཧ་ཛ་ཨ་ནནྟ་སྭ་བྷཱ་བ་ན་ནཱ་མ། བོད་སྐད་དུ། ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་བྱ་བ། རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །འཁོར་ལོ་རྣ་རྒྱན་མགུལ་རྒྱན་གདུ་བུ་དང་། །སྐ་རགས་ཁྱོད་ལ་བཟང་ཞིང་རབ་ཏུ་མཛེས། །བོ་ལ་ཀཀྐོ་ལ་མྱོས་ངོ་མཚར་
ཆེ། །སྐད་ཅིག་གཅིག་ལ་ཧེ་རུ་ཀ་དཔལ་དགྱེས། །ཀྱེ་ཧོ་རྩ་ལག་འདི་ལ་བདག་ཡིད་དགའ། །ལུས་ངག་སེམས་ཀྱི་རོ་ནི་གཅིག་བྱས་ནས། །ནམ་མཁར་བསྡུས་ནས་རྣལ་འབྱོར་སྦས་པར་འགྱུར། །རྣལ་འབྱོར་མ་ཀྱེ་འདི་ལ་བདག་ཡིད་དགའ། །འཇིགས་བྱེད་དུས་མཚན་ཞབས་ཀྱི་འོག་ཏུ་
མནན། །ནམ་མཁའི་མཐར་ཐུག་ཧེ་དང་ཧཱུཾ་སྒྲ་སྤྲོ། །ཕྱོགས་བཅུར་ཆང་གིས་མྱོས་པ་ཡི། །ཀྱེ་ཧོ་དཔལ་ལྡན་རྣལ་འབྱོར་མ། །ཀྱེ་མ་དཔའ་བོ་རྣལ་འབྱོར་མེད། །སྟོང་པ་དང་ནི་སྙིང་རྗེའི་རང་བཞིན་ལ། །དངོས་དང་དངོས་མེད་གཉིས་ཀ་མེད། །པྲ་ཕབ་གཟུགས་བཞིན་མཁའ་ལ་སྣོད། །
ཀྱེ་ཧོ་རྣལ་འབྱོར་མ་དང་ཡུམ་ལྔའི་གྲོང་། །ཨཱ་ལི་དང་ནི་ཀཱ་ལི་ཉི་མ་རྣམས། །མེད་པ་རྨོངས་པ་རྣམས་ཀྱང་གཏི་མུག་ཆེ། །ཨཱ་ལི་རྣམས་དང་ཀཱ་ལི་ཉི་ཟླ་དག །མེད་ལ་ཤེས་མིན་ཕྱུགས་འདྲ་ཐེ་ཚོམ་མེད། །དཔའ་བོ་རྣལ་འབྱོར་མ་རྣམས་སྦྱོར་བ་ཡིས། །སྲིད་པའི་འཆིང་བ་གཅོད་པ་ངོ་མཚར་

ཆེ། །ཀྱེ་ཧོ་རྩ་ལག་འདི་ལ་བདག་ཡིད་དགའ། །ལུས་ངག་སེམས་ཀྱི་རོ་ནི་གཅིག་བྱས་ནས། །ནམ་མཁའི་ཁམས་སུ་བསྡུས་ནས་སྦས་པར་འགྱུར། །རྣལ་འབྱོར་མ་ཀྱེ་འདི་ལ་བདག་སེམས་དགའ། །ཚད་མེད་གནས་བཞིའི་དབུས་སུ་ནི། །བདག་གིས་སྤྱིར་ཡང་དངོས་པོ་བརྗོད་དུ་མེད། །
དཔའ་བོ་རྣལ་འབྱོར་དབང་ཕྱུག་ངོ་མཚར་ཆེ། །ཇི་ལྟར་ཆུ་གཏིང་ཆུ་ཟླ་དང་འདྲེས་ལྟར། །རྣལ་འབྱོར་མ་ཀྱེ་འདི་ལ་བདག་སེམས་དགའ། །ཤ་རློན་དམ་ཚིག་རྫས་འདི་ངོ་མཚར་ཆེ། །གོ་ཀུ་ལ་སོགས་དམ་ཚིག་ལ་ཆགས་པས། །དེ་ཡིས་བདག་མེད་མ་ནི་གར་མཛད་དོ། །ཀྱེ་ཧོ་བདེ་
གཤེགས་རྣམ་སྣང་ཕྱག་རྒྱ་ཅན། །རྣལ་འབྱོར་མ་ཀྱེ་འདི་ལ་བདག་སེམས་དགའ། །ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་བྱ་བ་སློབ་དཔོན་ཀནྠ་རིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨ་ཏི་ཡོ་ག་བྷཱ་བ་ན་ནཱ་མ། བོད་སྐད་དུ། ཨ་ཏི་རྣལ་འབྱོར་གྱི་སྒོམ་
པའི་ཐབས་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དུར་ཁྲོད་བརྒྱད་ལ་འཇིགས་བྱེད་བརྒྱད། །དུས་མཐའི་མེ་འབར་ཁམས་གསུམ་བསྲེག །ཚངས་པའི་སྒོ་ནས་དུ་བ་འཐུལ། །རྒྱ་མཚོ་བསྐམས་ཤིང་པདྨ་འབར། །རྡོ་རྗེ་ཟེ་འབྲུའི་དབུས་སུ་ནི། །ཉི་མའི་གདན་
སྟེང་གནས་པ་དེ། །ནམ་མཁའི་འོད་ཆེན་ཧཱུཾ་ཉིད་སྒྲོགས། །མཛེས་པའི་སེམས་ཉིད་རྒྱུ་བ་ཡིན། །རུས་སྦལ་འཐེན་ཅིང་སྒྲ་སྐད་འབྱུང་། །རི་བོང་ཅན་གྱིས་མདུད་པ་བཀྲོལ། །ཉམས་མྱོང་དཔའ་བོ་རང་རིག་རྒྱལ། །ལྷན་ཅིག་སྐྱེས་པའི་འཇིགས་པའི་བདག །མགོན་པོ་ཉིད་ནི་བསམ་པར་
གྱིས། །དེ་ཉིད་སྙིང་རྗེའི་དཀྱིལ་འཁོར་འཕྲོ། །དེ་ཉིད་དུར་ཁྲོད་མེ་ཡིན་ཏེ། །དེ་ཉིད་སྨྲ་དང་ཟླ་རྒྱུན་འཛག །སྐྱེ་རྒ་ཤི་དང་ཁམས་གསུམ་གནས། །རང་ཉིད་དྲན་ཏེ་དེ་ཉིད་མཐོང་། །འདི་ནི་གཉིས་མེད་དབྱིབས་དང་བྲལ། །དངོས་པོའི་ཆོ་འཕྲུལ་བརྫུན་པ་སྟེ། །སེམས་ཉིད་འཁྲུལ་པས་
མ་རྟོགས་སོ། །ཨ་ཏིའི་རྣལ་འབྱོར་རིག་པ་མེད། །ཇི་ལྟར་བཞག་པ་དེ་ལྟར་ཡིན། །གཉིས་མེད་སེམས་ལ་རྟག་ལྟ་དང་། །ཆད་པར་འགྱུར་བ་འང་མ་ཡིན་ནོ། །དེ་ཕྱིར་ཉི་ཟླའི་དབུས་སུ་ནི། །ཕྲ་བའི་ཧཱུཾ་ཉིད་བསྒོམ་པར་གྱིས། །ཨ་ཏི་རྣལ་འབྱོར་གྱི་བསྒོམ་པའི་མན་ངག་ཅེས་བྱ་བ་སློབ་དཔོན་ཀླུའི་

བྱང་ཆུབ་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཱ་ཡུ་བོ་དྷི་ཙིཏྟ་སྲ་བ་ན་བྷ་བ་ན་ཨུ་པཱ་ཡཾ་ནཱ་མ། བོད་སྐད་དུ། བྱང་ཆུབ་སེམས་ཀྱི་རླུང་རྒྱུ་བའི་གདམས་ངག་བསྒོམ་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རང་ལུས་ཁོང་སྟོང་
བསམ་བྱས་ནས། །ལྟེ་བའི་དཀྱིལ་དུ་རླུང་ཉིད་ནི། །ཕྲ་ལ་སྔོ་བ་ཡུངས་ཀར་ཚད། །རྣལ་འབྱོར་དེ་ལ་སེམས་གཏད་བྱ། །རྣལ་འབྱོར་པ་ཡི་སེམས་ཉིད་སྐྱེ། །དེ་ཉིད་ཁོང་སྟོང་ནམ་མཁའ་རུ། །ནམ་མཁའི་སྤྲིན་ལྟར་ཐིམ་པར་བསམ། །རྣལ་འབྱོར་ཕོ་རླུང་འཕྲོག་ཙམ་ན། །འདི་ལྟར་མེ་
རླུང་བདུད་རྩི་འབབ། །སུམ་མདོ་རྒྱབ་ཀྱི་སྒལ་ཚིགས་ལ། །རླུང་གི་དཀྱིལ་འཁོར་སྔོན་པོ་བསམ། །ལྟེ་བར་མེ་དང་སྙིང་གར་ཆུ། །མགྲིན་པའི་ས་ལས་རླངས་པ་ཐོན། །གཉིས་མེད་དྷཱུ་ཏཱི་མེ་ཡིས་ཁེངས། །མི་མདའ་ཆུ་ཤིང་མེ་ཏོག་ལས། །རྒྱས་ཤིང་སེམས་ཀྱི་བུང་བ་ནི། །གེ་སར་བདུད་
རྩི་འཇིབ་པར་བསམ། །རླུང་གིས་མེ་སྦར་ཆུ་ཁོལ་བས། །དྲོད་སྐྱེས་ནམ་མཁའི་བདུད་རྩི་འབབ། །ཁོང་སྟོང་བདུད་རྩིས་ཁེངས་པར་བསམ། །ལུས་ལ་བདེ་བ་ཆེན་པོ་སྐྱེ། །འབྱུང་བ་ཡས་མར་རིམ་གྱིས་ཐིམ། །རླུང་གི་གཞུ་དང་སེམས་ཀྱི་མདའ། །སྤྱི་བོར་བདེ་ཆེན་ཧཾ་ལས་ནི། །ས་ནས་
ནམ་མཁའི་དབྱིངས་ཀྱི་བར། །འཇའ་ཚོན་མདོག་ལྟར་སེམས་གཏད་བྱ། །ཕྱི་ནང་བྱང་ཆུབ་རང་ལ་ཤར། །གཉིས་མེད་ཡེ་ཤེས་རང་བཞིན་སྐྱེ། །སུ་ཏ་ལི་བདག་བསམ་མི་ཁྱབ། །གཅིག་ལ་སྣ་ཚོགས་རི་བོ་ཅན། །འཁོར་བའི་སྡུག་བསྔལ་སྐྱེ་འགག་མེད། །བླ་མའི་དྲིན་གྱིས་གྲུབ་པ་ཐོབ། །
བྱང་ཆུབ་སེམས་ཀྱི་རླུང་རྒྱུ་བའི་མན་ངག་བསྒོམ་པ་ཞེས་བྱ་བ་སློབ་དཔོན་སུ་ཏ་ལིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙརྱ་དྲྀཥྚི་ཨ་ནུཏ་པནྣ་ཏྭ་ཏ་བྷཱ་བ་ན་ནཱ་མ། བོད་སྐད་དུ། ལྟ་སྤྱོད་སྐྱེ་མེད་ཀྱི་བསྒོམ་པ་ཞེས་བྱ་བ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །སེམས་ཉིད་སྟོང་པ་
སྐྱེ་མེད་ཡིན། །དེ་ཉིད་མ་བཅོས་ཆོས་ཉིད་དེ། །དེ་ཡང་དབྱེར་མེད་ལྟ་བ་རྟོགས། །སྒོམ་ལས་མ་འདས་པ་ནི་སྨྲ། །ཞེན་མེད་རྣལ་འབྱོར་རང་སར་སྤྱོད། །ཕྱོགས་བཅུར་རེ་མེད་འབྲས་བུ་ཡིན། །དེ་ལ་མི་རེ་ཆགས་པ་སྤྱད། །རང་བཞིན་ཉམས་སྐྱེས་ངོ་མཚར་ཆེ། །པ་ན་ཧ་ནི་སྨྲ་བར་བྱེད། །གཉིས་

མེད་ཡེ་ཤེས་རྟོགས་པ་ཡིན། །བདེ་ཆེན་བདུད་རྩི་བདག་གིས་འཐུངས། །ཀུཉྫ་ནའི་བྲེང་བས་མགུལ་པ་བརྒྱན། །ལོ་མའི་ཤམ་ཐབས་བརྟན་པར་ཆིངས། །མྱོས་པས་ནགས་ཀྱི་གསེབ་ཏུ་འཁྱམ། །བདག་ཉིད་པ་ན་ཧ་ངོ་མཚར་མཐོང་། །པུ་རི་མ་ལར་བདག་པོ་ལྔ། །གཅིག་དང་མི་
འབྲེལ་ངོ་མཚར་ཆེ། །མྱ་ངན་འདས་པའི་གནས་སུ་ནི། །མེ་ཏོག་ལྡུམ་ར་རྒྱས་པར་བྱེད། །དེ་ནི་གེ་སར་འཇིབ་པར་བྱེད། །བདག་ཉིད་བོ་ལ་ཀཀྐོ་ལའི། །རྣལ་འབྱོར་རྒྱལ་པོ་གྲུབ་པ་ཐོབ། །ལྟ་སྤྱོད་སྐྱེ་མེད་ཀྱི་སྒོམ་པ་ཞེས་བྱ་བ་སློབ་དཔོན་པ་ན་ཧས་མཛད་པ་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཨཱ་ཡུ་པ་རི་རཀྵ་ནཱ་མ། བོད་སྐད་དུ། ཚེ་སྒྲུབ་པའི་གདམས་ངག་ཅེས་བྱ་བ། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རྣམས་ལ་ཕྱག་འཚལ་ནས། །བཅུད་ལེན་ཞལ་གྱི་གདམས་པ་ཡིས། །ལུས་ངག་རྟག་ཏུ་བསྲུང་བར་བྱ། །དེ་མེད་
བསྒྲུབ་བྱ་གྲུབ་མིན་པས། །དེས་ན་ཐམས་ཅད་འབད་པ་ཡིས། །དོན་ནི་ཐམས་ཅད་སྒྲུབ་པའི་ཕྱིར། །སྐབས་འབྱུང་ཚེ་སྒྲུབ་འདི་རུ་བཤད། །མར་དང་སྦྲང་རྩི་འོ་མ་མཉམ། །སྣུམ་པའི་སྣོད་ལ་སྦྱར་བྱས་ནས། །ནས་ཀྱི་སྦང་མར་ཞག་གཅིག་བཞག །དེ་ནས་བཏོན་ནས་ཉེ་བར་བཟའ།
སོ་དང་སེན་མོ་ཟླ་དྲུག་གིས། །བརྗེས་འགྱུར་ལོ་ནི་སྟོང་ཐུབ་སྟེ། །རྟགས་ནི་མིག་རྣོ་སྟོབས་ལྡན་ནོ། །ཉེ་ཤིང་རྩ་བ་བླང་བྱས་ནས། །གྲིབ་སྐམ་ཞིབ་ཏུ་བཏགས་པར་བྱ། །འོ་མའམ་ཞོ་དང་སྦྱར་བྱས་ནས། །ཞོ་ནི་ལངས་ནས་སྐྲོག་པར་བྱ། །མར་སར་བླངས་ནས་ཐོ་རངས་བཟའ། །ཞག་ནི་
བདུན་ནས་རྟགས་འབྱུང་སྟེ། །བདུན་གཉིས་གྱུར་ནས་ཉི་འོད་ལྡན། །བདུན་གསུམ་ཉི་ཤུ་རྩ་གཅིག་ནས། །འབྲས་བུ་ནད་སེལ་ལུས་ཡང་ངོ་། །ལོ་དྲུག་ཏུ་ནི་བཟའ་བཏུང་གིས། །རྣམ་རྟོག་བྲལ་ཞིང་ཚེ་འགྲུབ་བོ། །ཐོ་རས་མུ་ཟི་སྲང་ཕྱེད་ནི། །ཡུངས་ཀར་མར་ཁུས་བཏུལ་ནས་བཟའ། །
ཤུ་བའི་ནད་སེལ་ཚེ་འགྲུབ་འགྱུར། །སྤྲིན་ནག་ཞོ་གཉིས་སྦྲུལ་མིག་པའི། །ཁུ་བས་མཉེས་ནས་གང་བར་བྱ། །ཞུ་རྗེས་དྲུག་ཅུའི་འབྲས་ཆན་བཏང་། །འོ་མ་བཏུང་ཞིང་ཚ་སྔོ་སྤང་། །ལོ་གཅིག་སྦྱོར་བ་འགྲུབ་པར་འགྱུར། །བྷྲྀང་ག་ར་ཛའི་ཕྱེ་ལ་ནི། །མར་དང་སྦྲང་གི་རྩི་སྦྱར་ནས། །ལྟོ་

སྟོང་དག་ལ་བཟའ་བར་བྱ། །སྐྱུར་རྩང་བཅུད་ཅན་ཁ་ཟས་བཏང་། །ཟླ་བ་དྲུག་ཏུ་ཟོས་གྱུར་ན། །ནད་རྣམས་སེལ་ཅིང་ཉིས་བརྒྱ་ཐུབ། །འབྲས་བུ་གསུམ་དང་ལྕགས་ཕྱེ་དང་། །དེ་བཞིན་བྷྲྀད་ག་ར་ཛ་དང་། །རུ་རྟ་དང་ནི་ཆ་མཉམ་སྟེ། །བྷྲྀང་གའི་ཁུ་བས་ལྡེ་གུར་སྦྱར། །
གྲིབ་སྐམས་ཕྱེ་མ་བཟའ་བར་བྱ། །རེག་པ་དང་ནི་སྔོ་སྐྱུར་སྤང་། །ལོ་གཉིས་ཀྱིས་ནི་འགྲུབ་འགྱུར་རོ། །ལྕགས་ཀྱི་ལྷུང་བཟེད་མར་གྱིས་བཀང་། །ལྷ་ཤིང་རྩ་བའི་ཤུན་ལྤགས་ནི། །ཞིབ་བཏགས་སྦྱར་ལ་ལོ་གཅིག་བཞག །གཟའ་སྐར་བཟང་པོའི་དུས་སུ་བཏོན། །ཡི་དམ་ལྷ་
ཡི་བསྙེན་པ་བསྐྱལ། །ར་ཡི་འོ་མ་བཏུང་བར་བྱ། །ཟླ་བ་གསུམ་ན་གཉེར་མ་དངས། །ཟླ་བ་དྲུག་ནས་རླུང་ཤུགས་ལྡན། །ལོ་གཅིག་སྦྱོར་བས་ཚེ་འགྲུབ་བོ། །འབྲས་བུ་གསུམ་དང་བྷྲྀང་གའི་ཕྱེ། །མར་དང་སྦྲང་རྩི་སྦྱར་ལ་བཟའ། །སྨན་ཉིད་ཞུ་བའི་དུས་སུ་ནི། །འོ་མ་འབྲས་བསྐོལ་
བཟའ་བར་བྱ། །མིག་རྣོ་ནད་མེད་སུམ་བརྒྱ་ཐུབ། །ཐོ་རངས་ཨ་རུ་གཉིས་དག་དང་། །ཉི་མ་ཕྱེད་ལ་བ་རུ་སྟེ། །ཞག་དུས་སྐྱུ་རུ་བཞི་དག་ཟ། །དྲུག་ཅུའི་འབྲས་དང་འོ་མ་ཡི། །རྣལ་འབྱོར་ཁ་ཟས་ཅི་ནུས་བཏང་། །སྐྲ་དཀར་གཉེར་མ་ནད་མེད་པས། །འདོད་པའི་དབང་ཕྱུག་ནད་མེད་
ལྡན། །བྱ་ཁྱུང་ལྟ་བུར་མིག་རྣོ་འགྱུར། །འབྲས་བུ་གསུམ་གྱི་ལྡེ་གུ་ནི། །ལྕགས་ཀྱི་སྣོད་ལ་བསྐུས་བྱས་ལ། །ཉིན་མཚན་གཉིས་ནི་ཁྲུས་བྱས་ནས། །མར་དང་སྦྲང་རྩི་སྦྱར་ལ་བཟའ། །ལོ་གཅིག་སྦྱོར་བས་སུམ་བརྒྱ་ཐུབ། །ནད་བྱང་སོ་དང་སེན་མོ་བརྗེ། །ཀོ་ཀི་ལ་ལྟ་བུའི་སྐད་ལྡན་འགྱུར། །དེ་ཕྱིར་བདག་ཉིད་ཀོ་ཀི་
ལར་གྲགས། །ཚེ་སྒྲུབ་པའི་གདམས་ངག་ཅེས་བྱ་བ་སློབ་དཔོན་ཀོ་ཀི་ལས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བི་ཥ་ནི་བརྞཾ་བྷ་བ་ན་ནཾ་ཀྲ་མཾ་ནཱ་མ། བོད་སྐད་དུ། དུག་སེལ་བསྒོམ་པའི་རིམ་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །
ཕྱི་དང་ནང་གི་དུག་བཞིའི་རྩ་བ་ནི། །སེམས་ཅན་རྣམས་ཀྱི་སྲོག་གཅོད་འཁྱམ་པའི་རྒྱུ། །དེ་རྣམས་སེལ་ཐབས་ཞལ་ནས་ཞལ་བརྒྱུད་པ། །ཨ་རཾ་བདག་གིས་སྒོམ་ལུགས་བཤད། །ཐོག་མར་ནང་གི་དུག་སེལ་བཞི་རྣམས་ལ། །ཞེ་སྡང་གཉེན་པོ་བདག་གཞན་གྲུབ་མེད་ལ། །ཆགས་

བའི་གཉེན་ངོ་མི་གཙང་རང་ལུས་སྨན། །ང་རྒྱལ་གཉེན་པོ་འདི་དག་མི་རྟག་པ། །ཕྲག་དོག་འདུས་པའི་ནད་ནི་སྤང་བྱས་ནས། །གཏི་མུག་གཉེན་པོ་བླ་མ་ལྷ་ཉིད་དང་། །རྣལ་འབྱོར་ཚད་མེད་བཞི་ནི་བསྒོམ་པར་བྱ། །དེ་ཡིས་བདག་གཞན་ནད་སེལ་ནད་མེད་འགྲུབ། །ཕྱི་ལྟར་ཚད་མེད་འབྲས་བུ་
རང་སྙིང་དབུས། །ཐ་ཡིག་དཀར་པོ་བ་ཚན་ལྔ་པས་བརྒྱན། །ཡེ་ཤེས་བྱ་ཁྱུང་ཕྱག་རྡོར་སྙིང་པོར་ལྡན། །བདུད་ཀྱི་གདན་ལ་ཧཾ་སའི་བྱ་ཁྱུང་སྟེ། །ཧཱུཾ་འབྱུང་སྣ་ཚོགས་གསེར་གྱི་གཤོག་པ་ཅན། །དབུ་སྐྲ་བཅས་པའི་ཁྱུང་ཞལ་དམར་པོ་སྟེ། །རྭ་གཉིས་ཉི་ཟླའི་ཐིག་ལེ་དག་གིས་བརྒྱན། །
པུས་མོ་སེ་རལ་བྲང་དང་ལྟེ་བ་དཀར། །འཇིགས་བྱེད་ཀླུ་རྒྱལ་རྣམས་ཀྱིས་བརྒྱན་པ་བསྒོམ། །ཞལ་ནས་ཧཾ་སའི་བདུད་རྩི་དཀར་སེར་འཛག །ཧ་ཕུས་ཞལ་ནས་དུག་གི་རླངས་པ་འཐུལ། །དེ་ལྟར་བསྒོམས་ཤིང་སྔགས་ཀྱི་གླུ་ཉིད་བླང་། །ཨོཾ་ཨ་ར་ཧ་ཊྚ་གྷའི་ཛའི། གྷོ་སའི་ཕྱག་
ཀ་རའི། །བྷི་སུ་ན་སའི། ཏུ་ཧི་བྷི་ཏུ་ཀ་བ་ལཾ། ཏིག་ཁུ་བྷི་ས་ནའི། བྷི་ས་བྷི་ཎ་ཎཾ། ནེ་ས་སུ་མ་ས་ཎེ། ཨ་བྷ་རུ་ཧ་བྷུ་ཎྱ། བྷནྟི་བྷུ་ཡེ་ས་ལ་ཡེ། བྷ་བི་སེ་ན། ཀི་དྷིཏ་ཐི། ཨེ་ལཪྺ་བི་ལ་ཌ་ཎ། ཨ་ཐ་ཀའི། ཙན་དྷེ་ཙན་དྷ་བྷི་ས་ཎེ། ཨུ་པ་རི་དྷ་ཧི། ཨ་ཐ་ཀའི་
ཀར། ཧྲིཾ་ཛྲིཾ་བྷྲཾཧྨ། ཙྪེ། ཧྲིཾ་ཛཱིཾ་ཡཾ། ཨ་ས་པ་ཡི་ཎཾ་མེ། ཛཾ་གྷ་ལི། བྷི་སཾ་ཁ་མི། བྷི་སཾ་པི་ཝཾ་མི། ལེ་བ་ཎཾ། མ་ཛཱཾ་ཎཾ་ཀ་རོ་ཡི། ཛྷྭཾ་བྷེ་ཁཾ། བྷི་སེ་ཎ་བ་བྷའི། ཏི་ནཾ་བྷེ་ལ། ཨེ་ཨ་ཨི། ཧི་ཧི། རྀ་རྀ། སིདྡྷ་ཛཾ་ག་ལི། ར་ཧ་རྀ་རཀྵི་ཛ་ཡི་སྭ་ཧཱ། དུག་གིས་ཟིན་པའམ། སྦྲུལ་གྱིས་
རྨུགས་པ་ལ། རྣ་བར་གླུ་ལེན་ཆུར་བཟླས་བྱིན་པ་ཡིས། །སྐད་ཅིག་གཅིག་ལ་དུག་ནད་སེལ་བར་འགྱུར། །ད་ནི་བསྐྱེད་རིམ་རྫོགས་རིམ་འདི་ལྟར་བསྒོམ། །བདེ་ཆེན་ནམ་མཁར་སཾ་སྟེ་ཧཾ་ཡིག་གིས། །ཟླ་བའི་ཐིག་ལེ་དཀར་ལ་གངས་ལྟར་བསིལ། །ནམ་མཁའི་དབྱིངས་ནས་བདུད་རྩིའི་འོད་ཟེར་
ནི། །དཀར་སེར་འཛགས་ཏེ་ཁོང་སྟོང་ལུས་འདི་དག །རྐང་ལ་ཞུགས་པའི་ཕྱི་ནང་དུག་རྣམས་ནི། །རྫོགས་པའི་རིམ་པས་སེལ་འགྱུར་ཐེ་ཚོམ་མེད། །ཟླ་ཚེས་དཀར་པོ་ཐིག་ལེས་བརྒྱན་པ་ནི། །སེམས་ཉིད་བདུད་རྩི་དབུས་སུ་དཀར་དམར་ལྟར། །སྙིང་གའི་ཁ་སྦྱོར་པད་དབུས་སྦྱོར་བྱེད་ན། །

དེ་ཡིས་ཕྱི་ནང་དུག་སེལ་བྱང་ཆུབ་བསྒྲུབ། །ཕྱི་ཡི་དུག་རྣམས་སེལ་བའི་སྨན་སྦྱོར་ནི། །མཚན་མོའི་སྨན་ནི་སྲང་གཅིག་འོ་མར་བསྐོལ། །དུག་ཟིན་རྣམས་ལ་བཏང་བས་དུག་འདྲེན་ནོ། །མཚན་མོ་མ་དང་སྦྲུལ་མིག་ཐང་བསྐོལ་ཏེ། །ལོ་དུག་སྦྱར་དུག་རྣམས་ནི་སེལ་འགྱུར་
རོ། །རིག་པ་འདི་ནི་རས་ལ་ལན་བདུན་བཟླས། །དུག་ཅན་ནད་པ་དེ་ཡིས་བཀབ་བྱས་ནས། །དེ་ནས་ཆུ་ཡི་སྣོད་ལ་རྐང་ལག་བཅུག །སྔགས་འདི་བཟླས་ཤིང་བྲབ་ཅིང་གདབ། །ཨོཾ་ན་མ་ཤ་བ་ར་ནཾ། ཤ་བ་རི་ཀུ་མ་ར་ཀ་ནཾ། །ཁུ་ཁུ་རི། ས་ར་ས་ར། པ་ཏྲེ་པྲ་བྷི་ཤུདྡྷ། གྷ་རཾ་སྭཱ་ཧཱ། དེ་
ལྟར་བཟླས་ཤིང་བྱང་ཆུབ་སེམས་བསྒོམ་མོ། །གདམས་ངག་འདི་བསྟན་དགེ་བའི་རྩ་བ་འདིས། །གང་ཐོབ་དེ་ཡིས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་སྒྲིབ་པ་དག་ཅིང་བྱང་ཆུབ་སེམས། །དྲི་མེད་མཁའ་ལྟར་ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག །དུག་སེལ་བསྒོམ་པའི་རིམ་
པ་ཞེས་བྱ་བ་སློབ་དཔོན་ཨ་རང་གིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨ་དྭ་ཡ་ནི་རི་ཀ་བྷ་བ་ན་ཀྲ་མ། བོད་སྐད་དུ། གཉིས་མེད་ཀྱི་རྩ་བསྒོམ་པའི་རིམ་པ། གཉིས་མེད་བདེ་ཆེན་ལ་ཕྱག་འཚལ་ལོ། །མཉམ་པ་ཉིད་ཀྱི་ཀློང་དཀྱིལ་དུ། །མྱོས་
པས་དབྱིངས་སུ་རིན་ཆེན་སྟོར། །ཀྱེ་མ་རིགས་ཉམས་ངོ་མཚར་ཆེ། །མཉམ་ཉིད་གནས་སུ་གཉིས་མེད་འགྱུར། །བདག་གིས་དེ་ནི་མ་རྟོགས་པས། །ནི་ལ་ཁན་དྷས་མཚམས་སུ་འཇོམས། །བདག་གིས་དེ་ནི་མ་རྟོགས་པས། །དགེ་སྦྱོང་གིས་ནི་མཚམས་སུ་འཇོམས། །གཉིས་མེད་སེམས་ནི་གཉིས་མེད་
འགྱུར། །མཁའ་ཡི་བདག་ཉིད་མགུལ་ནས་མཁྱུད། །བདག་གཞན་བརྗེ་བའི་ཁྱད་པར་བྱས། །གཉེན་འདུན་ཐམས་ཅད་རླག་པར་བྱས། །དེ་ནི་བདག་གིས་མ་རྟོགས་པས། །ནི་ལ་ཁན་དྷས་མཚམས་སུ་འཇོམས། །དེ་ནི་བདག་གིས་མ་རྟོགས་པས། །དགེ་སྦྱོང་གིས་ནི་མཚམས་སུ་འཇོམས། །གཞོན་ནུ་ལོ་ནི་བཅུ་གཉིས་
མ། །ཅི་ཡང་བདག་གིས་རྟོགས་པ་མེད། །རྣལ་འབྱོར་ཀུན་གྱི་བྱེད་གནས་པས། །འཕྱོན་མ་དང་ནི་འདྲ་བར་བྱས། །དེ་ནི་བདག་གིས་མ་རྟོགས་པས། །ནི་ལ་ཁན་དྷས་མཚམས་སུ་འཇོམས། །དུང་དང་གསེར་དང་དངུལ་དག་ཀྱང་། །གཅིག་ཀྱང་བདག་ལ་དགོས་པ་མེད། །

བདག་ཉིད་འཐད་པའི་གྲོགས་དང་འགྲོགས། །ཧེ་རུ་ཀ་ལ་འཁྱུད་པ་ཡིས། །བདག་གི་རྒྱལ་སྲིད་ངོ་མཚར་ཆེ། །ནམ་མཁའ་དེང་རྩེར་ཆགས་པ་ལ། །སུས་ཀྱང་མ་མཐོང་ངོ་མཚར་ཆེ། །རྣལ་འབྱོར་མ་བརྒྱད་དགའ་ཞིང་འཁྱུད། །ཧེ་རུ་ཀ་དང་འཁྱུད་ནས་གནས། །གཉིས་མེད་ཀྱི་རྩ་
བསྒོམ་པ་ཞེས་བྱ་བ་སློབ་དཔོན་ནག་པོ་ནས་བརྒྱུད་པ་སློབ་དཔོན་ནི་ལ་ཁན་དྷས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སུཀྵྨ་ཡོ་གཾ་ནཱ་མ། བོད་སྐད་དུ། ཕྲ་བའི་རྣལ་འབྱོར་ཞེས་བྱ་བ། དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཁྱིམ་དུ་ཁྱིམ་བདག་
རྣལ་འབྱོར་པ། །གསང་འཁྱུད་གཉིས་མེད་བསྒོམ་པར་བྱ། །འཇིགས་པ་ཅན་གྱི་རྣམ་རྟོག་འདི། །ཁྱོད་ཀྱིས་འདི་ཀུན་སྦ་བར་གྱིས། །ཚད་ཀྱང་གཟུང་དུ་མེད་པ་ལ། །དེ་ཡི་རིགས་ཀྱང་རྟོགས་པ་མེད། །ས་མུ་དྲ་ཡི་དགེ་སྦྱོང་ནི། །ས་གསུམ་གྲགས་པས་ཁྱབ་པར་འགྱུར། །བདག་ཉིད་
མྱོས་པའི་ཆ་ལུགས་ཀྱིས། །དུག་ལྔ་ཁྲུས་ཤིང་དག་པར་འགྱུར། །འཇིགས་པ་ཅན་གྱི་རྣམ་རྟོག་འདི། །ནང་དུ་མནན་ནས་བསད་པར་གྱིས། །རིགས་ཀྱི་ང་རྒྱལ་སྤང་བྱས་ནས། །དགེ་སྦྱོང་བདག་གིས་སྨྲས་པ་ཡིན། །དབང་པོ་སྣ་ཚོགས་མཐོང་འགྱུར་ཀྱང་། །དུས་ཀྱི་ཕོ་ཉས་དྲན་པ་
ཡིས། །ཅི་ཕྱིར་བདག་ཉིད་འགྲོ་འོང་བྱེད། །མཐའ་གཉིས་བྲལ་ན་དོན་རྣམས་གྲུབ། །འཇིགས་པ་ཅན་གྱི་རྣམ་རྟོག་འདི། །སེམས་འདི་མནན་ནས་སྤང་བར་གྱིས། །རྣལ་འབྱོར་རྣམ་རྟོག་གཅོད་པ་ཡིས། །ས་མུ་དྲ་དག་དངོས་མེད་འགྱུར། །ཕྲ་བའི་རྣལ་འབྱོར་བསྒོམ་པ་ཡིས། །བདག་
ཉིད་གཉིས་མེད་གྲུབ་པ་ཐོབ། །ཕྲ་བའི་རྣལ་འབྱོར་གྱི་ཉམས་ལེན་ཞེས་བྱ་བ་སློབ་དཔོན་ས་མུ་དྲས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཱ་ཧྱ་ཨནྟར་ཨ་མྲྀ་ཏ་ཀལྤ་ནཱ་མ། བོད་སྐད་དུ། ཕྱི་ནང་བདུད་རྩིའི་བཅུད་ལེན་ཞེས་བྱ་བ། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་
ལོ། །རྒྱུན་ཆད་བདུད་རྩིས་གསང་བ་བཅུད་ལེན་གྱིས། །ཉམས་ལེན་ཐབས་དང་དེ་ཡི་སྨན་སྦྱོར་དང་། །ཉམས་སུ་བླངས་ན་ཚེ་རིང་གྲུབ་པ་ཐོབ། །དེ་ཕྱིར་བདག་ཉིད་བྱ་རའི་ཉམས་ལེན་བཤད། །རྣལ་འབྱོར་ཕྱི་ཡི་ཉམས་ལེན་བྱེད་ན་ནི། །བདུད་རྩི་ལྔ་ཡིས་རང་ལུས་དག་པར་བྱས། །རྣམ་

སྣང་མི་བསྐྱོད་རིན་ཆེན་འབྱུང་ལྡན་ལ། །འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས། །རང་གི་ལུས་གནས་ཉམས་ལེན་ཤེས་པ་མེད། །མཱ་མ་ཀཱི་ཡི་རྒྱུད་བཏུས་ཉམས་ལེན་བཤད། །རྣམ་སྣང་བླངས་ལ་རྡོ་རྗེའི་ཆུ་ཡིས་དཀྲུགས། །བཙིར་ནས་སྣོད་ཀྱི་ནང་དུ་ཐུན་ཕྱེད་བཞག །
བྱིན་བརླབ་མཆོད་བྱ་རླུང་མེད་ས་རུ་བརྡུང་། །རླུང་ནད་ཅན་ལ་བུ་རམ་སྦྱར་བར་བྱ། །བད་ཀན་ཅན་ལ་ཚ་བ་གསུམ་དང་སྦྱར། །དྲི་མེད་རྣམ་སྣང་བཙིར་ནས་གྲིབ་སྐམ་བྱ། །ཞིབ་པར་བཏགས་ནས་མར་དང་སྦྲང་རྩི་སྦྱར། །མི་བསྐྱོད་པ་ཡིས་སྦྲུས་ནས་བཟའ་བཏུང་བྱ། །ཤ་དང་འོ་མ་ཟ་ཞིང་
ཆང་རྣམས་སྤང་། །རྣམ་སྣང་ཉམས་ལེན་བདག་ཉིད་བྷྱ་རིས་སྨྲས། །མི་བསྐྱོད་བསྐོལ་ནས་མར་དང་ཁ་ར་སྦྱར། །གྲངས་པར་བྱས་ནས་རྣལ་འབྱོར་བཏུང་བར་བྱ། །ཆང་དང་བུད་མེད་སྤངས་ན་ཟླ་དྲུག་གྲུབ། །མི་བསྐྱོད་བཅུད་ལེན་བྷྱ་རིས་སྨྲ་བར་བྱེད། །རིན་ཆེན་འབྱུང་ལྡན་གན་དྷི་དངུལ་ཆུ་དང་། །
ར་ཡི་འོ་མ་སྦྲང་དང་བྷི་ཏ་སྟེ། །ཞིབ་པར་བཏགས་ནས་ཀ་ར་ལ་སོགས་སྦྱར། །མར་ཁུ་བཏོན་ནས་རྣལ་འབྱོར་ལུས་ལ་བྱུགས། །སྨན་རྣམས་གཏོང་དུས་ཁེངས་པའི་དུས་སུ་གཏོང་། །གཞན་དང་མི་འདྲ་བྷ་རི་སྟོབས་སྐྱེས་སོ། །དབྱར་ཟླ་གསུམ་ལ་དོན་ཡོད་གྲུབ་པ་ཡི། །ཨ་རུ་ར་དང་སྨན་ཚ་སྦྱར་ལ་
བཟའ། །སྟོན་གསུམ་ཀ་ར་ཨ་རུ་ར་སྦྱར་ནས། །རྣལ་འབྱོར་པ་ནི་ལྟོ་སྟོང་དག་ལ་བཟའ། །དགུན་གསུམ་འབྲས་བུ་གསུམ་དང་སྦྱར་ལ་བཟའ། །དཔྱིད་གསུམ་མར་སྦྲང་འབྲས་བུ་གསུམ་སྦྱར་བཟའ། །དོན་ཡོད་གྲུབ་པའི་རྣལ་འབྱོར་བཅུད་ལེན་པས། །ནད་རྣམས་སེལ་ཞིང་དོན་རྣམས་གྲུབ་
བར་བྱེད། །ཤིང་མངར་སྦྲང་མར་འོད་དཔག་མེད་པ་འབྲས་བུ་གསུམ། །ཅོང་ཞི་དང་སྦྱར་ཟོས་ན་ནད་རྣམས་སེལ། །ཅིས་ཀྱང་རྣལ་འབྱོར་བླ་མའི་ཞལ་ལ་ལྟོས། །འོད་དཔག་མེད་ཀྱི་བཅུད་ལེན་བྷྱ་རིས་སྨྲས། །ཟླ་བ་དྲུག་ནས་རྣལ་འབྱོར་རུ་རྟ་བསྐོལ་ལ་བཏང་། །དཀར་གསུམ་མངར་གསུམ་
རྟེན་དབང་ཆུ་བསྐོལ་བཏང་། །མདོར་ན་ཅི་དགོས་ཁ་ཟས་རིམ་གྱིས་སྤང་། །བྲག་ལ་སྦྱར་ནས་བྷྱ་རིས་བརྟེན་པར་བྱ། །ཁ་ཟས་རྒྱུན་ཆད་བཤད་ནས་གསང་བ་བཤད་པར་བྱ། །སྙིང་གའི་དབུས་ནས་ཡི་དམ་ལྷ་ཉིད་ནི། །རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་ལྡན། །སེམས་དཔའི་སྐྱིལ་

ཀྲུང་བདུད་རྩི་བུམ་པ་འཛིན། །ངག་ཏུ་ཧཱུཾ་བརྗོད་སྙིང་ག་གྱེན་ལ་བཟློག །ཡུམ་གྱི་འོད་ཀྱིས་དཀར་ནག་མཚམས་སུ་བཅད། །ཨོཾ་ཨཱཿཧཱུཾ་བརྗོད་ཞལ་ནས་བདུད་རྩི་འཛག །དཀར་ནག་བཅད་པའི་མཚམས་ནས་འབབ་པ་ཡིན། །རང་ལུས་ཁོང་སྟོང་འོ་ལྟར་གང་བར་བསམ། །དེ་ནི་ཏིང་
འཛིན་སེམས་དཔའ་བདག་གིས་སྨྲས། །མདུན་གྱི་མཁའ་ལ་ཡེ་ཤེས་སེམས་དཔའ་སྟེ། །ཡིད་ཀྱིས་དྲན་ནས་དེ་ཡི་འོད་ཀྱིས་ནི། །རང་གི་སྨིན་མཚམས་ཡན་ཆད་ཐོད་པ་བཅད། །ཡེ་ཤེས་སེམས་དཔས་ཨོཾ་ཨཱཿཧཱུཾ་བརྗོད་པས། །ཐོད་པའི་བདུད་རྩི་འཛག་སྟེ་རྩ་སྦུབས་ཞུགས། །བུམ་པའི་
འོག་ཏུ་རཾ་འབར་བདུད་རྩི་བླུགས། །དེ་ནས་འདྲེས་པས་ལུས་ནི་བདུད་རྩིས་གང་། །གཉིས་མེད་དེ་ཡི་སྟོབས་ཀྱིས་ཆུ་སེར་སོགས། །གསང་བའི་གནས་ནས་མར་ལ་འཛག་པར་བསམ། །དེ་ནས་མར་ཤལ་ཡར་ལ་བདུད་རྩིས་རང་ལུས་གང་། །སླར་ཡང་རྣལ་འབྱོར་ཐོད་པའི་བཅད་འཕྲོ་ལས། །
བདུད་རྩི་སོར་གཅིག་ལུད་ནས་གང་བར་བསམ། །གལ་ཏེ་རྣལ་འབྱོར་རླུང་ཁམས་སྐྱེས་ན་ནི། །སྙིང་གའི་བུམ་པ་མར་གྱིས་གང་བར་བསམ། །མཁྲིས་པས་སྐྱ་རིམས་ཚད་ནད་འབབ་ནད་ལ། །ག་པུར་ཆུ་བཞིན་ནང་ལུས་བསིལ་བར་བསམ། །རྣལ་འབྱོར་གྲང་བའི་ནད་ནི་ན་གྱུར་ན། །དྲོད་སྨན་
རྣམས་ཀྱི་སྟོབས་ནི་བསྒོམ་པར་བྱ། །བསྒོམས་ཀྱང་སྐྱོ་ན་ཧྲིཾ་ཡིག་བློ་ལྡན་བཟླ། །བྷྱ་རི་བདག་གིས་གསང་བའི་བཅུད་ལེན་སྨྲས། །བརྟན་པའི་སེམས་ཀྱིས་རྣལ་འབྱོར་ཉིད་ཀྱིས་བསྒྲུབས། །ཉམས་སུ་མྱོང་བའི་ཡོན་ཏན་ནད་རྣམས་སེལ། །ཟླ་དྲུག་ཤེས་རབ་བློ་འཕེལ་རང་བཞིན་སྐྱེ། །སློབ་
དཔོན་བྷྱ་རིས་གསུངས་པའི་ཕྱི་ནང་གི་བདུད་རྩིའི་བཅུད་ལེན་གྱི་གདམས་པ་རྫོགས་སོ། །རྒྱ་གར་གྱི་པཎྜི་ཏ་རཏྣ་ཕ་ལས་རང་འགྱུར་དུ་མཛད་ནས། བཤད་རྒྱུད་ཀྱི་གདམས་པ་བར་མ་ཆད་པར་གསུངས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙརྱ་དྲྀཥྚི་དོ་ཧ་གཱི་ཏི་ཀ་ནཱ་མ། བོད་སྐད་དུ།
དོ་ཧ་སྤྱོད་པའི་གླུའི་ལྟ་བ་ཞེས་བྱ་བ། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྨ་བྱའི་གདུགས་བསྒྲེང་འཛིན་བྱེད་ཅིང་། །ཆ་བྱད་སྣ་ཚོགས་འཛིན་བྱེད་པའི། །རྣལ་འབྱོར་པ་ནི་སྨྱོན་པ་འདྲ། །ང་རྒྱལ་ཅན་ལ་རྒྱལ་བའི་ལམ། །མེད་ཅེས་ལཱུ་ཡི་སྨྲ་བར་བྱེད། །ལུས་ཀྱི་ཚིམ་བུ་བསྲུངས་པས་

གྲུབ། །དབང་བསྐུར་མང་པོ་བླང་བྱ་སྟེ། །དོན་མེད་པར་ནི་སླུ་བར་བྱེད། །དབང་བསྐུར་རྟོགས་པར་མ་གྱུར་ན། །དུས་ཀྱི་དབང་དུ་འགྲོ་བ་ཡིན། །ང་རྒྱལ་ཅན་ལ་རྒྱལ་བའི་ལམ། །མེད་ཅེས་ལཱུ་ཡི་སྨྲ་བར་བྱེད། །ལུས་ཀྱི་ཚིམ་བུ་བསྲུངས་པས་གྲུབ། །གཉིད་དང་
ཆང་དང་རྩོད་པ་དང་། །སྦྱོར་བས་རྣལ་འབྱོར་ཇི་ལྟར་གྲུབ། །བཟློག་ན་སྲིད་པའི་ཞགས་པས་བཅིངས། །ང་རྒྱལ་ཅན་ལ་རྒྱལ་བའི་ལམ། །མེད་ཅེས་ལཱུ་ཡི་སྨྲ་བར་བྱེད། །ལུས་ཀྱི་ཚིམ་བུ་བསྲུངས་པས་གྲུབ། །ཚང་དུས་ཁམ་ཕོར་གསེར་སྐྱོགས་ལྟར། །གལ་ཏེ་དེ་ལྟར་བྱས་པ་ན། །སངས་
རྒྱས་རྣམས་དང་ཕྲད་པར་འགྱུར། །ང་རྒྱལ་ཅན་ལ་རྒྱལ་བའི་ལམ། །མེད་ཅེས་ལཱུ་ཡི་སྨྲ་བར་བྱེད། །ལུས་ཀྱི་ཚིམ་བུ་བསྲུངས་པས་གྲུབ། །དོ་ཧ་སྤྱོད་པའི་གླུའི་ལྟ་བ་ཞེས་བྱ་བ། སློབ་དཔོན་ལཱུ་ཡི་པ་ནས་བརྒྱུད་པ་སློབ་དཔོན་ཀི་ར་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ།
ཤཱུ་ནྱ་ཏཱ་དྲྀཥྚི་ནཱ་མ། བོད་སྐད་དུ། སྟོང་པ་ཉིད་ཀྱི་ལྟ་བ་ཞེས་བྱ་བ། སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སེམས་ཀྱི་རྟོག་རྩེ་ཆོས་ཉིད་ནི། །ས་བོན་ནམ་མཁའི་དབྱིངས་སུ་སྨོས། །བདག་མེད་གཞོན་ནུས་མགུལ་ནས་འཁྱུད། །གཉིད་སད་བྱེད་པ་ཉིད་དུ་གནས། །སྤོངས་ཤིག་
དོར་ཤིག་བདག་རྨོངས་སོ། །ཀྱེ་ཧོ་བཅིངས་པ་མ་ལུས་པ། །ཤ་བ་རི་བདེ་ཆེན་པོར་རོལ། །སྟོང་པའི་བཙུན་མོ་འཁྱུད་བྱས་ཏེ། །ཀྱེ་ཧོ་ལུས་ངག་སེམས་སྨིན་ཏེ། །ཐམས་ཅད་དུས་སུ་བརྟགས་པ་ཡིས། །ཤ་བ་རི་ནི་མྱོས་པར་འགྱུར། །དགའ་བའི་རྣམ་པ་ཐམས་ཅད་དུ། །ཤ་བ་རི་ནི་
གཉིད་ལོག་ནས། །གཉིད་ནི་ནམ་མཁའི་དབྱིངས་སུ་ལོག །ཀྱེ་ཧོ་བདག་གི་དེ་ཉིད་ནི། །ས་བོན་ནམ་མཁར་མཉམ་པར་སྨོས། །འབྲས་བུ་ནམ་མཁར་སྐར་ཆེན་ཤར། །སྤོངས་ཤིག་དོར་ཤིག་བདག་རྨོངས་སོ། །སྲིད་པས་བཅིངས་པའི་གླང་ཆེན་བསད། །དབང་པོ་ལྔ་ཡི་གཏོར་
མ་བྱས། །བདག་གི་སྡུག་བསྔལ་ཐམས་ཅད་སྤངས། །སྤོངས་ཤིག་དོར་ཤིག་བདག་རྨོངས་སོ། །ཉིན་མཚན་རྟག་ཏུ་གཉིད་མེད་པར། །རང་གི་སེམས་ལ་བྱ་ར་བྱས། །དེ་ནས་སྐྱེས་པ་བུད་མེད་ནི། །གཅིག་ཏུ་དབེན་པར་སོང་སྟེ་གནས། །གཙོ་བོ་འཇིག་རྟེན་མགོན་པ་སྨྲ། །སྤོངས་

ཤིག་དོར་ཤིག་བདག་རྨོངས་སོ། །སྟོང་པའི་བཙུན་མོ་འཁྱུད་བྱས་ཏེ། །ཤ་བ་རི་བདེ་ཆེན་པོར་གནས། །སྟོང་པ་ཉིད་ཀྱི་ལྟ་བ་ཞེས་བྱ་བ་སློབ་དཔོན་ཤ་བ་རི་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སུ་ཁ་དུཿཁ་ཨདྷྱ་པ་རིརྱ་གྷ་དྲྀཥྚི་ནཱ་མ། བོད་སྐད་དུ།
བདེ་སྡུག་གཉིས་བྲལ་གྱི་ལྟ་བ་ཞེས་བྱ་བ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །སྒོམ་ལས་འདས་པ་སྒྲུབ་རྒྱུ་མེད། །མགོན་པོ་རྣམས་ཀྱི་བདག་ཉིད་ཅན། །གྲུབ་ཐོབ་རྣམས་ཀྱི་བླ་མ་ལ། །ཕྱག་འཚལ་གཉིས་བྲལ་ལྟ་བ་བཤད། །རང་བཞིན་བསྒོམ་རྒྱུ་མེད་པའི་
ཕྱིར། །རྣལ་འབྱོར་སྒོམ་ལས་འདས་པ་ཡིན། །དངོས་དང་དངོས་མིན་གཉིས་དང་བྲལ། །དེ་ཕྱིར་ཀུན་རྫོབ་གྲུབ་པ་མེད། །དངོས་པོ་སྒོམ་མེད་དངོས་མེད་མིན། །རང་བཞིན་དབྱེར་མེད་རྒྱུ་ལས་འདས། །ནམ་ཡང་རང་བཞིན་ཡེ་ཤེས་ཏེ། །ཟུང་འཇུག་དགའ་བ་གཉིས་སུ་མེད། །
དྲན་པ་དང་བྲལ་དྲན་མེད་དེ། །རྣལ་འབྱོར་པ་ཡི་འཁྲུལ་པ་ཡིན། །ཤེས་རབ་ཐབས་ཀྱི་ཟུང་འཇུག་ལ། །རྣལ་འབྱོར་གཞན་གྱི་དགོངས་པ་ནི། །དང་པོ་ཐབས་ནི་བསྒོམ་པའི་ཕྱིར། །མི་རྟོག་ཤེས་རབ་སྐད་ཅིག་ལ། །མ་གྲུབ་ཐབས་ཀྱང་གྲུབ་མི་འགྱུར། །མཐོང་མིན་དེ་ནི་བསྒོམ་པ་
མིན། །གང་ཞིག་ཐབས་ནི་སྒོམ་བྱེད་ན། །བླ་མའི་གདམས་ངག་ལྡན་པ་ཡིས། །ཡང་དག་ཕྱག་རྒྱ་ཐབས་ཉིད་ཀྱིས། །ཕྲ་ཞིང་རང་བཞིན་རབ་རྒྱུ་བ། །ཡེ་ཤེས་ཀུན་གྱི་བདུད་རྩི་འབབ། །མཚོན་པའི་འོད་གསལ་སྐད་ཅིག་ལ། །བློ་ལྡན་བརྟན་པའི་སེམས་ཀྱིས་བསྒོམ། །
བརྟགས་པས་མ་གྲུབ་རྟོག་བྲལ་ཡིན། །དཔེར་ན་འགྲོན་པོ་ཡུལ་འགྲོ་བཞིན། །ཆོས་སྐུའི་མཚན་མར་སེམས་གཏད་པས། །རིམ་གྱིས་སླེབ་པས་དེ་ཉིད་མིན། །སྔར་བཞིན་མཚན་མ་མེད་གྱུར་པས། །རྣམ་རྟོག་དང་བྲལ་བདེ་ཆེན་འགྲུབ། །སྣ་ཚོགས་པ་ཡི་རིག་པ་རྣམས། །
རང་རིག་གཞན་གྱིས་རིག་མི་འགྱུར། །དེ་རྟོགས་ཉིན་མཚན་བདེ་ཆེན་མཉམ། །གཉིས་དང་གཉིས་མེད་སྤངས་གྱུར་པའི། །གང་ལ་མི་གནས་རྣལ་འབྱོར་དེ། །ཤེས་རབ་ཕ་རོལ་ཕྱིན་པ་རྟོགས། །དེ་རྟོགས་བདག་མེད་ལྟ་བ་ཡིན། །རྣལ་འབྱོར་བདེ་སྡུག་གཉིས་དང་བྲལ། །གཉིས་

བྲལ་རྣལ་འབྱོར་ཤཱནྟི་པ། །རྟོགས་པས་ཕྱག་རྒྱ་ཆེན་པོ་ཐོབ། །བདེ་སྡུག་གཉིས་བྲལ་གྱི་ལྟ་བ་ཞེས་བྱ་བ་སློབ་དཔོན་ཤཱནྟི་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨ་སཾ་བནྡྷ་དྲྀཥྚི་ནཱ་མ། བོད་སྐད་དུ། འབྲེལ་མེད་ཀྱི་ལྟ་བ་ཞེས་བྱ་
བ། འབྲེལ་མེད་རྒྱུན་ཆད་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ། །འཇིག་དང་རྟེན་པའི་ཐ་སྙད་ལ། །རེ་ཞིག་རྟེན་ན་འཇིག་རྒྱུ་མེད། །འཇིག་དང་རྟེན་གྱིས་ཅི་ཞིག་བྱ། །དེ་ཕྱིར་འཇིག་རྟེན་པ་ཡིས་ནི། །རྣམ་པར་གཞག་པ་ཡོད་མིན་ལ། །འཇལ་བྱེད་ཚད་མར་ཤེས་པར་བྱ། །ཁྱབ་བྱ་དང་ནི་ཁྱབ་
བྱེད་ཀྱི། །དབྱེ་བའི་དཔེ་ཡི་དབང་དུ་ནི། །ཉི་མ་ཁྱབ་བྱ་ཞེས་བྱ་སྟེ། །འོད་ཟེར་ཁྱབ་བྱར་ཤེས་པར་བྱ། །དཔེར་ན་འོ་མར་འདྲེས་པ་ཡི། །མར་ནི་དང་པོར་ཡོད་མིན་ཏེ། །ཁྱབ་བྱ་ཁྱབ་བྱེད་འཐད་མིན་ལ། །དེ་དག་འབྲེལ་པ་ཡོད་མིན་ནོ། །མེ་ཡི་རྒྱུ་ནི་གང་ཡིན་ལ། །དེ་ལ་འབྲས་བུ་ཇི་
ལྟར་འབྱུང་། །མེ་ཡི་མཚན་ཉིད་སྲེག་བྱེད་དེ། །དེ་ཉིད་ཁྱབ་བྱེད་ཅེས་བྱ་སྟེ། །ཁྱབ་བྱར་དུ་བ་ཡིན་པར་མཐོང་། །ཕ་ནི་སངས་རྒྱས་ཁྱབ་བྱེད་དེ། །བུ་ནི་དམ་ཆོས་ཁྱབ་བྱར་གསུངས། །དཔེར་ན་བུམ་པའི་མེ་དེ་ནི། །ནང་གསལ་ཕྱི་ནི་གསལ་མི་བྱེད། །དེ་བཞིན་སངས་རྒྱས་གསལ་
བྱེད་མེ། །ཆོས་ནི་ཇི་ལྟར་གསལ་བར་བྱེད། །དང་པོ་ཆོས་མིན་སངས་རྒྱས་མིན། །སྐྱེ་མིན་ལ་ནི་ཇི་ལྟར་འབྲེལ། །རྒྱུ་རྣམས་འདྲ་བའི་འབྲས་བུ་འབྱུང་། །གསུངས་པ་རྒྱུ་མེད་འབྲས་བུ་མེ། །ཁྱབ་བྱ་ཁྱབ་བྱེད་ཇི་ལྟར་སྒྲུབ། །གཡོ་དང་མི་གཡོ་རྣམས་ཀྱིས་ནི། །རྟེན་འཇིག་འབྱུང་བ་
རྣམས་ཀྱི་སྟེ། །འབྱུང་བཞི་མཐའ་དག་རང་མི་སྒྲུབ། །ཤིང་ནི་ཁྱབ་བྱ་ཡལ་ག་དང་། །རྩ་བ་ཁྱབ་བྱར་ཇི་ལྟར་ཡོད། །བདག་དང་བདག་གིས་རྟོགས་པ་ཡིས། །མིང་དང་མིང་ཅན་འཕྲོས་པས་འབྱུང་། །དང་པོ་མིང་ཅན་མིང་ཞེ་ན། །དེ་ལྟར་གང་ཞིག་ལྡོག་པ་ནི། །ཁྱབ་བྱ་དེ་བཞིན་ལྡོག་
པའོ། །རྟེན་ཅིང་འབྲེལ་པས་འབྱུང་བ་སྟེ། །རྟེན་ཅིང་འབྲེལ་པར་འགོག་པར་བྱེད། །གཅིག་ལ་ཡང་དག་འབྱུང་བ་ནི། །བྱིས་པ་རྣམས་ཀྱིས་སྨྲ་བཞིན་བྱེད། །ཁྱབ་བྱ་ལྡོག་ན་འགལ་བ་མེད། །དེ་ལྟར་དེ་ནི་འཇིག་རྟེན་གྱི། །འཇལ་བྱེད་ཚད་མར་ཤེས་པར་བྱ། །ཇི་ལྟར་རི་བོང་རྭ་ཅོ་

ནི། །བརྟགས་བཞིན་ཡོད་པ་མ་ཡིན་ཏེ། །དེ་བཞིན་དུ་ནི་ཆོས་རྣམས་ལ། །གང་ཞིག་རྟོགས་བཞིན་ཡོད་བ་མིན། །བ་ཡི་རྭ་ཅོ་ཇི་ལྟར་ནི། །ཤར་དང་ནུབ་ནི་དེ་བཞིན་དུ། །ཕྲད་པར་ཤེས་པར་མི་འགྱུར་ཏེ། །དཔེ་ནི་དེ་བཞིན་ལྟ་དྲུག་པ། །ཕྱི་ནང་མུ་སྟེགས་རྟགས་ཅན་དང་། །
ནང་པ་སངས་རྒྱས་ཉན་ཐོས་དང་། །ཨ་ཏི་དང་ནི་གཅེར་བུ་དང་། །གྲུབ་མཐའ་ཁྱབ་འཇུག་ཚངས་སྐུད་ཅན། །ཕྱི་ནང་གཉིས་ནི་སྒྲུབ་མིན་པ། །རྣམས་ལ་འབྲེལ་བ་ཡོད་མིན་ལ། །སངས་རྒྱས་དགོངས་པ་དེ་ཡིན་ཏེ། །དེ་དང་མི་ལྡན་གང་ཟག་ནི། །འཇིག་རྟེན་འདས་ཞེས་མི་
བྱའོ། །དེ་ཡི་དབང་དུ་བྱས་ནས་ནི། །བརྟགས་པས་ཁྱབ་བྱ་གང་ཟག་ནི། །བདག་གཞན་གང་ཟག་ཡོད་མིན་ནོ། །བྱ་བ་མཐོ་རིས་ངན་སོང་དང་། །ཁྱབ་བྱ་སེམས་ཉིད་གཉིས་སུ་མཐོང་། །འཇིག་རྟེན་འཇིག་རྟེན་འདས་པ་བཞིན། །བདག་གིར་འཛིན་པས་འཁོར་བ་སྟེ། །དེ་ཉིད་བྲལ་
ཞིང་བདེ་གཤེགས་ཏེ། །ཆགས་པ་ཞེ་སྡང་རྨོངས་པ་དང་། །བྲལ་ཞིང་རྒྱུན་ཆད་མྱ་ངན་འདས། །དེ་ལྟར་རྟོགས་པས་སངས་རྒྱས་ཏེ། །གསུངས་པ་དེ་ནི་མི་རིགས་སོ། །འཁོར་བ་དེ་ནི་མྱ་ངན་མིན། །མྱ་ངན་འདས་ལ་མྱ་ངན་མེད། །རིག་པ་དང་ནི་མ་རིག་པའོ། །གནས་སྐབས་
རྟོགས་པས་བཅིང་བར་བྱེད། །མི་རྟོག་བཀྲོལ་བར་གསུངས་པ་སྟེ། །རྟོག་པ་རྣམས་ལ་ཁྱད་པར་མེད། །ཡོང་འགྲོ་དག་ནི་བྱང་ཆུབ་ལ། །ཉེ་རིང་ཐ་སྙད་ཡོད་པ་མིན། །ཉོན་མོངས་མུན་པ་བྱང་འགྱུར་ལ། །མཐོང་མིན་དེ་ལ་ཡོད་མིན་ནོ། །སངས་རྒྱས་ཀྱིས་ནི་ལུང་ལས་གསུངས། །མཐའ་
དབུས་མེད་པའི་རྒྱ་མཚོ་ནི། །ཇི་ལྟར་ཡི་དགས་སྐམས་པར་མཐོང་། །དེ་བཞིན་མ་རིག་མུན་པ་ཡིས། །ཚིག་པ་རྣམས་ཀྱིས་སངས་རྒྱས་ནི། །ཡོད་པ་མིན་ལ་མཐོང་བ་མིན། །རྫོགས་ཆེན་པ་ཡི་ལུང་ལས་ནི། །ཆོས་ཉིད་གཞིའམ་མ་བཅོས་པ། །ཁྱབ་བྱེད་དེ་ལ་འབྱུང་བ་ཡི། །འགྲོ་
དྲུག་ཁྱབ་པར་གསུངས་པའོ། །ཅུང་ཟད་དགེ་བའི་ཆོས་རྣམས་ལ། །སངས་རྒྱས་མི་སྒྲུབ་ཅི་ཞིག་བྱེད། །དཔེར་ན་དམུས་ལོང་སྐྱེས་བུ་ལ། །འབར་བའི་རིན་ཆེན་ལག་མཐིལ་བཞག །མཐོང་མིན་དེ་ཡིས་ཅི་ཞིག་བྱ། །ནང་པ་མུ་སྟེགས་དབང་དུ་ནི། །རང་རིག་འོད་གསལ་ཁྱབ་བྱེད་དེ།

རྣམ་པར་རིག་པ་ཁྱབ་བྱ་སེམས། །དཔེར་ན་ཆུ་དང་བསྲེས་པ་ཡི། །འོ་མ་སྣོད་ནི་གཅིག་པ་སྟེ། །ཇི་ལྟར་ཆུ་ནི་ལུས་བྱས་ནས། །ངང་པས་འོ་མ་འཐུང་བར་བྱེད། །དེ་བཞིན་ཉོན་མོངས་འདྲེས་པ་ནི། །ཡེ་ཤེས་སྣོད་ནི་གཅིག་པ་སྟེ། །དེ་བཞིན་རྣལ་འབྱོར་
རིག་པ་འཐུང་། །མ་རིག་པ་ནི་ལུས་པར་བྱེད། །ནང་པ་མུ་སྟེགས་རྣམས་ཀྱིས་ནི། །ལྟ་བ་དེ་ནི་གསུངས་པའོ། །དེ་ལ་ལན་གྱི་དབང་དུ་ནི། །སངས་རྒྱས་ལུང་ལས་འདི་ལྟར་གསུངས། །བྱེད་པོ་མེད་ལ་ལས་ཀྱང་མེད། །དེ་དག་མེད་ལ་ཁྱབ་བྱ་མེད། །གསུམ་མེད་འབྲེལ་བ་ཇི་ལྟར་
སྒྲུབ། །ཕྱི་ནི་བདེན་པ་གལ་ཏེ་ཡོད། །ནང་ནི་བདེན་པར་རང་བཞིན་ནོ། །གང་ཞིག་རྟོགས་པ་ཕྱི་དོན་ལ། །དེ་མེད་གང་ཞིག་ཡོད་པ་མིན། །རང་དང་གཞན་གྱི་རིག་པ་མིན། །དེ་ཕྱིར་ཁམས་གསུམ་འབྲེལ་པ་མེད། །དེ་ཕྱིར་རིག་པ་དངོས་པོ་ལ། །མཚན་ཉིད་ཡོད་པ་མ་ཡིན་ནོ། །དངོས་
པོ་རིག་མིན་དངོས་མིན་བཞིན། །སྐྱེ་མིན་དེ་ནི་བདག་མེད་པ། །བདག་མེད་པ་ནི་སྐྱེ་མི་ལེན། །དེ་ནི་ཀུན་རྫོབ་མི་རིགས་ཏེ། །གལ་ཏེ་རིགས་ན་དོན་དམ་མེད། །རེ་ཞིག་རྒྱུ་མེད་སྐྱེ་བ་མེད། །འབྲས་བུ་མེད་ལ་སྐྱེ་བ་མེད། །བདག་ལ་མི་སྐྱེ་གཞན་ལ་མིན། །གཉིས་ལ་མིན་ཕྱིར་ཀུན་རྫོབ་
མིན། །རང་རིག་བདེ་གསལ་ཁྱབ་བྱེད་དང་། །རྣམ་རིག་ཙམ་དུ་ཁམས་གསུམ་དང་། །སེམས་ཀྱི་འདོད་པ་ཁྱབ་བྱ་ཡི། །དབང་དུ་བཤད་པ་བྱས་ནས་ནི། །ཉན་ཐོས་རྣམས་ཀྱི་དབང་དུ་ནི། །ཀུན་གཞི་རྣམ་ཤེས་ཁྱབ་བྱེད་ལ། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དང་། །རྟོག་པ་རྣམས་
ནི་ཁྱབ་བྱའོ། །དཔེར་ན་ནམ་མཁའ་ཁྱབ་བྱེད་ནི། །ཉི་མ་དང་ནི་ཟླ་བ་དང་། །སྤྲིན་དང་གློག་དང་ཆུ་སོགས་དང་། །ཁྱབ་བྱ་མི་འགལ་ཡོན་ཏན་བཅུ། །དེ་ལྟར་དཔེ་རྣམས་གཉིས་ཡིན་ཏེ། །ཐ་སྙད་འཇལ་བྱེད་ཚད་མར་ཤེས། །དེ་ལ་དོན་དམ་འཇལ་བྱེད་ཀྱི། །ཚད་མའི་དབང་དུ་བྱས་ནས་
ནི། །གོང་མའི་དཔེ་དོན་རྣམ་གཉིས་ནི། །ཀཾ་པ་ལ་ཡི་དགོངས་པ་ནི། །ཕྱི་སྒྲུབ་ལུས་ལས་གསུངས་པ་བཞིན། །སངས་རྒྱས་དང་ནི་གྲུབ་རྣམས་ཀྱིས། །ཉམས་རང་རིག་པ་གསལ་བར་གསུངས། །དེ་ལས་ལུང་གི་དབང་དུ་ནི། །ཆོས་ཀྱི་བདག་ནི་ཡོད་མིན་ལ། །ཁམས་གསུམ་ཐམས་ཅད་

སྟོང་པ་སྟེ། །འདུས་བྱས་ཐམས་ཅད་རྟག་མིན་གསུངས། །དེ་རྣམས་སེམས་ཉིད་རྟོག་པ་སྟེ། །རྟོག་པ་དེ་ཉིད་འཁོར་བ་ཡིན། །གང་ཞིག་རྟོག་མེད་གྲོལ་བའོ། །ཆགས་པ་ཞེ་སྡང་ང་རྒྱལ་དང་། །གཞན་ཡང་བྱིས་པ་རྣམས་ཀྱིས་ནི། །འཁོར་བ་མྱ་ངན་འདས་པ་སོགས། །ཆོས་
རྣམས་ཇི་སྲིད་གསུངས་པ་སྟེ། །སེམས་ཀྱི་རྟོག་པར་ཤེས་པར་བྱ། །བཟང་དང་ངན་པའི་རྟོག་པ་ལ། །ཁྱད་ནི་ཡོད་པ་མ་ཡིན་ནོ། །དཔེར་ན་ཤིང་ཆེན་མེ་ལ་ནི། །ཁྱད་ནི་ཡོད་པ་མ་ཡིན་ལ། །གང་ལ་རེག་པ་འཚིག་པར་བྱེད། །ཙནྡན་ག་བུར་ལ་སོགས་ཀྱི། །འབར་བའི་མེ་ཡིས་དེ་
བཞིན་འཚིག །དེ་ཕྱིར་ཅུང་ཟད་རྟོག་པ་ནི། །ལྟ་ཤེས་རྣལ་འབྱོར་པ་ཡིས་སྤང་། །རིགས་པས་བརྟགས་པས་མ་གྲུབ་སྟེ། །དབང་པོའི་ཡུལ་ལ་ཆགས་པ་མེད། །ཕྱི་ནང་སེམས་ལ་ཡོད་པ་མིན། །གཞན་ལ་གནས་མིན་བདག་ལ་མིན། །དཔེར་ན་མ་རྟོགས་པ་ཡིས་ནི། །ཇི་ལྟར་
ཐོག་ནི་སྤྲིན་ལས་འབྱུང་། །དེ་བཞིན་ཞེ་སྡང་ང་རྒྱལ་དང་། །ཉོན་མོངས་ལ་སོགས་སེམས་ལས་འབྱུང་། །བདག་གིས་བདག་ཉིད་སྟོང་པ་སྟེ། །དབང་པོ་རྣམས་ལ་རྟེན་ཡང་མེད། །དེ་མེད་སེམས་ནི་ཡོད་མིན་ལ། །བེམས་པོ་འབྲེལ་པ་ཇི་ལྟར་སྒྲུབ། །ཁྱབ་བྱ་དང་ནི་ཁྱབ་བྱེད་ཀྱི། །
འབྲེལ་པ་ཧ་ཅང་ཆེས་པ་སྟེ། །སྐད་ཅིག་གཅིག་ཀྱང་བསྒྲུབ་པ་མེད། །ཉམས་ཀྱི་དབང་དུ་བྱས་ནས་ནི། །བྱམས་དང་སྙིང་རྗེ་མདོར་བསྟན་ནས། །མ་གྲུབ་པ་ཡི་སྒོ་ནས་བཤད། །སྐད་ཅིག་མ་ནི་དང་པོ་ལ། །ཞེ་སྡང་སྐྱེས་པའི་དུས་སུ་ནི། །བྱམས་པའི་མིང་ཡང་ཡོད་མ་ཡིན། །
བྱམས་པ་སྐྱེས་པའི་དུས་སུ་ནི། །ཞེ་སྡང་མུན་པ་ཡོད་མིན་ནོ། །དེ་ལ་བརྟག་པ་གསུམ་ཡིན་ཏེ། །དེ་རྣམས་སེམས་ལས་བྱུང་བར་ཤེས། །སེམས་ཉིད་དེ་ནི་དོན་དམ་དུ། །ལུང་ལས་གསུངས་བཞིན་ཡོད་མིན་ནོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ། །སེམས་ཉིད་སྒྱུ་མ་རྨི་
ལམ་འདྲ། །དེ་ཡི་དོན་ནི་འདི་ལྟ་སྟེ། །དཔེར་ན་གཅིག་དང་དུ་མ་ནི། །སེམས་ཉིད་རང་བཞིན་ཆོས་རྣམས་མཐོང་། །དེ་དག་སེམས་ཉིད་སྤྲུལ་པ་སྟེ། །སེམས་ཉིད་མེད་ལ་སྤྲོས་པ་མེད། །དཔེར་ན་སྐར་མའི་ཡོན་ཏན་ནི། །སྣམ་བུ་ཡོད་ལ་ཡོན་ཏན་ཡོད། །དེ་ཉིད་མེད་ལ་ཡོན་

ཏན་མེད། །གཅིག་དང་དུ་མ་རིགས་མེད་ལ། །སྣམ་བུ་དེ་ནི་ཡོད་མིན་ནོ། །དེ་ལྟར་དཔེ་ཡི་དབང་དུ་ནི། །སེམས་ཉིད་མེད་ལ་བྱམས་པ་དང་། །སྙིང་རྗེ་བཏང་སྙོམས་དགའ་སོགས་ནི། །དེ་དག་ཡོད་པ་མ་ཡིན་ནོ། །དེ་ལ་རིགས་པའི་དབང་དུ་ནི། །རྒྱུན་
ནི་གཅིག་གམ་ཐ་དད་དམ། །རྒྱུན་ནི་གཅིག་པ་ཡིན་ན་ནི། །ཐོག་མར་ཞེ་སྡང་སྐྱེས་པ་ན། །བྱམས་པ་ཕྱི་ནས་སྐྱེ་མི་རིགས། །འོན་ཏེ་བྱམས་པ་སྔོན་ལས་ནི། །ཞེ་སྡང་ཕྱི་ནས་སྐྱེས་པའམ། །ཡང་ན་དེ་གསུམ་དུས་མཉམ་ཡིན། །ཡང་ན་ལས་ཀྱི་འབྲས་བུ་ཡིན། །མི་རྟོག་
རྣམས་ལ་འབྲེལ་པར་འབྱུང་། །དཔེར་ན་རས་བལ་ས་བོན་ལ། །རས་བལ་ཇི་ལྟར་དམར་པོ་འབྱུང་། །དེ་བཞིན་སྐད་ཅིག་གཅིག་ལས་ནི། །འབྱུང་བའི་ཕུང་པོ་རྣམས་ལས་ཀྱང་། །གཞན་དག་རྣམས་ལ་ལས་ཀྱི་འབྲེལ། །ཇི་ལྟར་རིགས་པ་ཡོད་པ་ཡིས། །དེ་བཞིན་རང་རེ་
རང་འདུས་ལ། །འབྲེལ་པ་ཡོད་པར་རིགས་པའོ། །བྱམས་པའི་དུས་སུ་བྱམས་པ་སྟེ། །རང་འདུས་འབྱུང་བ་ཞེ་སྡང་ལ། །ཧ་ཅང་སྐྱོན་ནི་མི་རིགས་སོ། །ལྷ་སྦྱིན་བྱས་པའི་ལས་ལ་ནི། །མཆོད་སྦྱིན་ལ་ནི་འབྲེལ་པ་མེད། །དེ་བཞིན་ཞེ་སྡང་བྱམས་པ་ལ། །འབྲེལ་པ་ཡོད་པ་
མ་ཡིན་ནོ། །དེ་ལྟར་དགོས་པ་མི་རིགས་སོ། །མི་རིགས་པ་ནི་ཇི་ལྟར་ན། །ལྷ་སྦྱིན་མཆོད་སྦྱིན་རིགས་ལ་ནི། །ཕན་ཚུན་འབྲེལ་པ་མེད་པའི་ཕྱིར། །དཔེར་ན་ཀིམ་པའི་བར་དག་དང་། །ནས་དང་འབྲས་ཀྱི་སོ་བ་བཞིན། །དེ་བཞིན་སྐྱེས་པའི་ཕུང་པོ་གཞན། །གཞན་དག་ཕུང་
པོས་འབྲེལ་པ་མེད། །དེ་བཞིན་ཞེ་སྡང་བྱམས་པ་ལ། །འབྲེལ་པ་ཡོད་པར་མི་རིགས་སོ། །གལ་ཏེ་སེམས་ཉིད་རྒྱུན་གཅིག་ན། །འབྲེལ་པ་ཡོད་ན་རིགས་སོ་ཞེས། །དཔེར་ན་ཚ་གྲང་བཞིན་དུ་ནི། །ཕན་ཚུན་སྤངས་པའི་འགལ་བ་ཡིན། །སྔ་མ་བྱམས་པ་ཞེ་སྡང་ནི། །
རྒྱུན་ནི་གལ་ཏེ་གསུངས་པར་རིགས། །གྲང་བ་ཡི་ནི་རེག་པ་ལས། །ཚ་བའི་རེག་པ་འབྱུང་བར་འགྱུར། །དེ་ཡི་རྒྱུ་ནི་གཞན་ཟེར་ན། །སྐད་ཅིག་དང་པོའི་གནས་ནི་བསྒྲུབ། །ལུས་དང་སེམས་དག་མ་གཏོགས་པ། །གཞན་ཡང་གང་ཞིག་ཡོད་མིན་ལ། །རྒྱུ་ཞེས་གང་ལ་དགག་ཏུ་

མེད། །གལ་ཏེ་དུས་མཉམ་སྨྲས་པས་ནི། །དེ་ནི་འཐད་པར་མེད་པའི་ཚིག །འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་། །དེ་ཉིད་ཉམས་དང་ལུང་ལས་གསལ། །དེ་ཡི་རིགས་པ་འདི་ལྟ་སྟེ། །ཕུང་པོ་ཁམས་དང་སྐྱེ་མཆེད་དག །བརྟན་དང་ཁྱབ་དང་གཡོ་བ་ཡི། །དེ་རྣམས་
སྤངས་པའི་རང་བཞིན་མིན། །བདག་དང་སྐྱེས་བུ་ཕུང་པོ་སོགས། །མུ་སྟེགས་རྣམས་ཀྱིས་སྨྲས་པ་ནི། །སེམས་ནི་སྤངས་པ་གཞན་མེད་དེ། །དེ་རྣམས་སྣ་ཚོགས་མི་རྟག་པ། །གཞན་རྣམས་སྨྲས་པས་རྟག་པའོ། །ཆ་སྐྱེས་པ་ལ་བྱམས་པ་དང་། །སྙིང་རྗེ་ལ་སོགས་རྒྱུན་
ཆད་པས། །ཐོག་མ་ཐ་མ་མི་དམིགས་སོ། །གལ་ཏེ་རྟག་ན་འདི་སྐྱོན་ཏེ། །ས་བོན་མྱུ་གུ་དུས་གཅིག་ཏུ། །དེ་ཕྱིར་དོན་དམ་འཇལ་བྱེད་ཀྱི། །ཚད་མའི་དབང་དུ་བྱས་ནས་ནི། །འཇིག་རྟེན་ཁྱབ་བྱ་ཁྱབ་བྱེད་དང་། །དཔེ་དོན་རྒྱུ་དང་འབྲས་བུ་དང་། །འབྲེལ་པ་ལ་སོགས་སྐད་ཅིག་ཀྱང་། །
མ་གྲུབ་པར་ནི་གསུངས་པའོ། །མ་གྲུབ་པ་ཡི་རིགས་པ་ནི། །དང་པོ་མེ་དང་དུ་བ་ནི། །གཉིས་ཀྱི་འབྲེལ་པ་མ་གྲུབ་སྟེ། །སྲེག་བྱེད་གསལ་བའི་མཚན་ཉིད་ནི། །དུ་བ་མུན་པ་མི་རིགས་སོ། །རིགས་ན་གསལ་བ་མེད་པ་ཡི། །མེ་ལ་སྐྱོན་ནི་འགེལ་བར་བྱེད། །གང་ཉིད་དུ་བ་མེ་ཡིན་
ན། །མི་རིགས་པ་ཡི་གསལ་བ་སྐྱོན། །བུད་རྒྱུ་མེད་ལ་མེ་མེད་པའི། །མེ་ནི་ཤིང་ལ་མི་གནས་སོ། །དེ་ཕྱིར་འབྲེལ་པ་ཡོད་མིན་ནོ། །ཡང་ན་བདག་ཉིད་གཅིག་པ་དང་། །དེ་ལས་བྱུང་བའི་འབྲེལ་པ་སྟེ། །དེ་དག་ཡོད་པ་མ་ཡིན་ནོ། །བདག་ཉིད་གཅིག་པའི་འབྲེལ་ཡོད་ན། །
ཕན་ཚུན་འགལ་བའི་སྐྱོན་ཡིན་ནོ། །མེས་ནི་གསལ་བར་བྱེད་པ་བཞིན། །དུ་བ་དེ་བཞིན་ཐལ་བའི་སྐྱོན། །དེ་ལས་འབྱུང་བའི་འབྲེལ་ཡོད་ན། །མེས་ནི་སྲེག་པར་བྱེད་པ་ལ། །དུ་བས་དེ་བཞིན་སྲེག་པར་ཐལ། །དུ་བ་ནག་པོ་དེ་བཞིན་དུ། །མེ་ཡང་ནག་པོར་ཐལ་བའི་སྐྱོན། །དེ་
ཕྱིར་འབྲེལ་པ་ཡོད་མིན་ལ། །དཔེར་ན་སྣམ་བུ་སྣལ་མ་ལ། །ཇི་ལྟར་འབྲེལ་པ་ཡོད་མིན་ལ། །སྣམ་བུ་མིན་ལ་སྣལ་མ་མིན། །སྣལ་མ་ཡིན་ལ་སྣམ་བུ་མིན། །སྣམ་བུ་ཡིན་ན་ཐག་པ་མིན། །ཐག་པས་ཇི་ལྟར་སྣམ་བུའོ། །དེ་དག་ཕན་ཚུན་འགལ་བ་ཡིན། །ཆོས་དང་སངས་རྒྱས་

འབྲེལ་པ་མེད། །དང་པོར་ཆོས་མིན་སངས་རྒྱས་མིན། །སངས་རྒྱས་ཡིན་ན་ཆོས་མིན་ནོ། །བསྐུར་བ་མིན་ལ་མ་སྐྱེས་སོ། །མ་སྐྱེས་པ་ལ་འབྲེལ་པ་མེད། །དེ་བཞིན་ཕ་དང་བུ་ལ་ནི། །ལུང་དང་རིགས་བཞིན་བཤད་པར་བྱ། །རླུང་གི་ཤུགས་ཅན་འཁོར་
ལོ་ལ། །ཤར་ནུབ་ཇི་ལྟར་འགྲུབ་པ་མེད། །ཕ་དང་བུ་ལ་འབྲེལ་པ་ཡང་། །དེ་བཞིན་ཡོད་པ་མ་ཡིན་ནོ། །གལ་ཏེ་ཀུན་རྫོབ་བདེན་པ་ལ། །འདི་ལྟའི་སྐྱོན་ནི་ཡོད་མིན་ནོ། །དེ་ལ་བདག་ནི་ཀཾ་པ་ལའི། །མེད་པའི་རིགས་པ་འདི་ཡིན་ནོ། །ཡོད་པ་སྐྱེ་མིན་ཡོད་པའི་ཕྱིར། །དཔེར་
ན་ཡོད་པའི་བུམ་པ་ལ། །སྐྱེས་བུའི་རྩོལ་བས་སྐྱེ་མི་ནུས། །མེད་པ་དེ་བཞིན་སྐྱེ་མིན་ཏེ། །རྒྱུ་དང་འབྲས་བུ་མེད་པའི་ཕྱིར། །དཔེར་ན་མེ་ལོང་སྐུ་བཞིན་ནོ། །དེ་བཞིན་ཡོད་དང་མེད་པ་ཡི། །རང་ལས་མ་ཡིན་གཞན་ལས་མིན། །མ་སྐྱེས་རང་བཞིན་བདག་ཉིད་མེད། །ཕ་དང་བུ་
ཡང་ཇི་ལྟར་འགྲུབ། །དེ་དག་གྲུབ་པ་མེད་ལ་ནི། །ཕ་དང་བུ་ཡི་ཐ་སྙད་མེད། །དེ་ཡི་ཐ་སྙད་དབང་དུ་ནི། །དང་པོ་བུ་ནི་མ་གྲུབ་པའི། །ཕ་ཡི་ཐ་སྙད་ཇི་ལྟར་འབྱུང་། །བུ་ནི་མ་གྲུབ་དུས་སུ་ནི། །དུས་ཀྱི་མཚན་ཉིད་མ་གྲུབ་བོ། །དེ་ཕྱིར་ཕ་ཡི་ཐ་སྙད་དང་། །བུ་ཡི་འབྲེལ་པ་ག་ལ་
ཡོད། །གལ་ཏེ་གཞན་དག་དགོངས་པ་ནི། །རིགས་པས་བརྟགས་ན་མ་གྲུབ་བཞིན། །ཡོད་མེད་འབྲེལ་པ་ཡོད་པར་འདོད། །དེ་ལ་བདག་གི་དགོངས་པ་ནི། །དེ་ལ་བདག་ཉིད་གཅིག་པའམ། །དེ་ལས་འབྱུང་བའི་འབྲེལ་པ་ཡོད། །བདག་ཉིད་གཅིག་པའི་འབྲེལ་པ་མེད། །ཕ་
ཡི་ངོ་བོ་མ་གྲུབ་ཕྱིར། །དེ་ལས་འབྱུང་བའི་འབྲེལ་པ་ནི། །དཔེར་ན་མར་ནི་འོ་མ་ལས། །ཇི་ལྟར་འབྱུང་ཡང་ཤེས་པར་བྱ། །ཁྱོད་ཀྱིས་འདུས་བྱས་གང་སྨྲས་པ། །སྐྱེ་འཇིག་གནས་སོ་རིམ་པ་ལས། །འོན་ཏེ་སོ་སོར་གནས་པའོ། །དེ་ལས་སྐྱེ་བའི་གནས་སུ་ནི། །འཇིག་དང་
གནས་པ་ཡོད་མིན་ནོ། །དེ་དག་མེད་པའི་སྐྱེ་བ་མེད། །འབྲེལ་པ་ཇི་ལྟར་གྲུབ་པའོ། །གལ་ཏེ་གནས་པའི་རང་བཞིན་ནི། །སོ་སོར་གནས་པའི་མཚན་ཉིད་ནི། །འབྲེལ་པ་ཇི་ལྟར་འགྲུབ་པའོ། །དངོས་པོ་གཉིས་ནི་མ་གྲུབ་ན། །ཕ་ཞེས་གདགས་སུ་ག་ལ་རུང་། །སྐད་ཅིག་དང་པོ་

པ་ཡིས་ནི། །ནུས་པ་དངོས་མེད་དེ་ལས་ནི། །དེ་ཉིད་ལ་ནི་བུ་ཞེས་ནི། །ཐ་སྙད་མི་འགྲུབ་ཅེ་ན་ནི། །དེ་ཕྱིར་གཉིས་ནི་མ་གྲུབ་ན། །དེ་དག་ཉིད་ཀྱིས་འགྲུབ་པ་མེད། །རྒྱུ་ལྟ་ཕ་ཞེས་མ་གྲུབ་ཀྱང་། །འབྲས་བུ་བུ་ནི་གྲུབ་པོ་ཞེས། །མེད་པ་ཡོད་པར་ཐལ་བའི་སྐྱོན། །དོན་བྱེད་
ཚད་མ་ཡོད་པའི་སྐྱོན། །དེ་ཕྱིར་ཁྱབ་བྱ་ཁྱབ་བྱེད་དང་། །འདི་ཡི་སྐབས་སུ་གྲུབ་པ་མེད། །དེ་དག་ཇི་ལྟར་མ་གྲུབ་པ། །འབྲེལ་པ་དེ་ནི་གྲུབ་མིན་ནོ། །སྐད་ཅིག་དེ་བཞིན་གྲུབ་པ་མེད། །དཔེར་ན་མྱུ་གུ་ས་བོན་བཞིན། །མྱུ་གུ་མེད་པའི་སྐྱོན་ལ་ནི། །གང་ལ་ལྟོས་ནས་ས་བོན་བཞག །
མྱུ་གུ་ལ་ལྟོས་སྨྲ་ཞེ་ན། །མྱུ་གུ་འབྱུང་བའི་དུས་སུ་ནི། །ས་བོན་དེ་ནི་གྲུབ་པ་མེད། །ས་བོན་འབྱུང་བ་སྟོབས་མེད་པའི། །ནུས་པ་འབྲས་བུ་སྐོགས་པའོ། །དེ་ཕྱིར་ས་བོན་མ་གྲུབ་སྟེ། །མེད་པ་དེ་ནི་ཇི་ལྟར་འབྲེལ། །ཡོད་པ་དེ་ནི་འབྲེལ་ལོ་ཞེས། །ཡོད་པ་དེ་ནི་ཐེར་ཟུག་བསྟན། །དངོས་པོ་
ཅན་ལ་འབྲས་བུ་མེད། །ཁྱབ་བྱ་ཁྱབ་བྱེད་ཇི་ལྟར་གྲུབ། །མ་གྲུབ་པ་ནི་དངོས་མེད་དེ། །ཁ་དོག་དབྱིབས་ནི་ཡོད་མིན་ནོ། །སངས་རྒྱས་དགོངས་པ་དེ་ཡིན་ནོ། །དེ་དག་མེད་པ་དེ་ལྟར་གྱིས། །དུས་ཀྱི་སྐད་ཅིག་མ་གྲུབ་བོ། །འདས་པའི་དུས་ན་མ་འོངས་པ། །མ་གྲུབ་བདག་ནི་མ་ཡིན་ནོ། །
དཔེ་དང་དེ་བཞིན་དོན་ལ་ནི། །ཁྱབ་བྱེད་བདག་གི་གང་ཟག་གིས། །བརྟགས་པ་དེ་ནི་བྱེད་པ་པོ། །ཁྱབ་བྱ་མཐོ་རིས་ངན་སོང་ལ། །བདག་ཉིད་གཅིག་པའི་འབྲེལ་པ་འམ། །དེ་ལས་འབྱུང་བའི་འབྲེལ་པ་ཡོད། །བརྟག་པ་བྱེད་པའི་མིང་ཅན་རྣམས། །མཐོ་རིས་ངན་སོང་བདེན་པ་
མིན། །བརྟག་པ་བྱེད་པར་ཐལ་བའི་སྐྱོན། །གལ་ཏེ་ཅི་ཕྱིར་ཞེ་ན་ནི། །བདག་ཉིད་ས་ནི་གཅིག་པའི་ཕྱིར། །དཔེར་ན་སྣམ་བུ་བུམ་པས་ནི། །མི་རྟག་པར་ནི་བཤད་པ་བཞིན། །དབང་པོའི་དོན་ནི་དངོས་པོ་སྟེ། །བུམ་པའི་གཟུགས་ནི་ཡོད་པར་མཐོང་། །མེད་པའི་གཟུགས་ནི་མཐོང་
མིན་ཏེ། །དེ་ཕྱིར་གཟུགས་མཐོང་བུམ་པ་བཞིན། །དེ་ལྟར་སྨྲས་པ་མི་རིགས་པ། །བུམ་པ་དང་ནི་དབང་པོ་དང་། །གཅིག་གམ་འོན་ཏེ་མི་གཅིག་པ། །གལ་ཏེ་དེ་ཉིད་མི་གཅིག་ན། །དབང་པོ་དེ་ནི་འབྲེལ་མེད་ལ། །བུམ་པ་དེ་ནི་མཐོང་མིན་ལ། །གལ་ཏེ་དེ་དག་གཅིག་པ་སྟེ། །དབང་

པོ་མེད་ལ་བུམ་པ་མིན། །བདག་ཉིད་གཅིག་པའི་འབྲེལ་པ་མེད། །གལ་ཏེ་དབང་པོ་མེད་ལ་ནི། །བུམ་པ་དེ་ནི་ཡོད་ཅེ་ན། །དེ་ལ་དེ་དག་གཅིག་པ་མེད། །མི་གཅིག་པ་ནི་འབྲེལ་མེད་དོ། །དེ་ལས་འབྱུང་བའི་འབྲེལ་ཞེ་ན། །རྟག་པར་བདག་ཉིད་བྱེད་པ་
པོ། །མཐོ་རིས་ངན་སོང་འབྱུང་བར་ཐལ། །མཐོ་རིས་ངན་སོང་དེ་དག་ཀྱང་། །རྟག་པར་བྱེད་པ་པོ་ལས་ནི། །འབྱུང་བར་ཐལ་བའི་སྐྱོན་ཡིན་ནོ། །གལ་ཏེ་འབྲེལ་པ་མེད་ན་ཡང་། །བརྟག་པ་གཅིག་པུ་ཡིན་ཞེ་ན། །དོན་འདི་སེམས་ཅན་རྣམས་ཀྱིས་ནི། །གཞན་དོན་བྱེད་དམ་མི་
བྱེད་དོ། །དེ་ལྟར་མི་བྱེད་ཅེ་ན་ནི། །རྡོ་དང་ཁྱད་པར་མེད་པར་ཐལ། །གལ་ཏེ་དོན་ནི་བྱེད་དོ་ཞེས། །རིམ་གྱིས་བྱེད་དམ་ཅིག་ཅར་བྱེད། །དེ་ནི་རིམ་གྱིས་བྱེད་ཅེ་ན། །རྟག་པར་ཉམས་པར་ཐལ་བའི་སྐྱོན། །ཅིག་ཅར་བྱེད་དོ་ཞེ་ན་ནི། །བདག་གཅིག་སྐྱེས་པའི་དུས་སུ་ནི། །འགྲོ་དྲུག་
ཐམས་ཅད་སྐྱེས་པར་མཐོང་། །དེ་བཞིན་རྒ་ཤི་སྐྱེ་འགག་སོགས། །ཅི་རིགས་རྣམས་དང་འབྲེལ་པར་བྱ། །དེ་སྐབས་མུ་སྟེགས་རྣམས་ཀྱིས་ནི། །བདག་མེད་འབྲེལ་མེད་ལྟ་བ་འདྲི། །ཐམས་ཅད་མཁྱེན་པ་རིགས་ཀྱི་བུ། །ཕུང་པོ་འབྲེལ་མེད་བསྟན་པ་སྟེ། །ཕུང་པོ་འདི་ལ་བདག་མེད་
ན། །ཇི་ལྟར་འགྲོ་འོང་དགོད་པ་དང་། །དུ་དང་རོལ་མོ་ཁྲོ་བ་སོགས། །དེ་ལྟར་བདག་ཅག་རྣམས་ལ་ནི། །རྣམ་རྟོག་འབྱུང་སྟེ་སྒྲོལ་བར་འདོད། །ཕུང་པོར་བདག་ནི་ཡོད་མིན་ལ། །ཐེག་པ་ཆེན་པོའི་རིགས་ཅན་ནི། །བདག་མེད་འབྲེལ་པ་ཇི་ལྟར་རིགས། །བདག་ནི་ཕུང་པོ་འདི་ལ་ནི། །
མུ་སྟེགས་ཡོད་པ་མ་ཡིན་ནོ། །ཡོད་པ་དང་ནི་མེད་པ་དང་། །དེ་དག་གཉིས་ནི་སྨྲ་མི་བྱ། །བདག་ཉིད་ཡོད་པར་སྨྲ་བ་ཡི། །མེད་པ་དེ་ནི་མི་རིགས་སོ། །གལ་ཏེ་ཡོད་ན་འདི་རྣམས་ལ། །གནས་པ་ཇི་ལྟར་མི་མཐོང་ངོ་། །སྐྲ་དང་པགས་པ་སེན་མོ་དང་། །མགོ་དང་ཤ་དང་རུས་
པ་ལ། །རྐང་དང་ཚིལ་དང་ཆུ་བ་དང་། །མཁྲིས་པ་དང་ནི་རྒྱུ་མ་ལ། །ལག་པ་རྐང་པ་ལ་སོགས་ལ། །ཕྱི་ནང་རྣམ་པ་གཉིས་སུ་ནི། །ལྟ་ཞིང་བདག་མེད་མི་མཐོང་ངོ་། །དེ་ལ་མུ་སྟེགས་འདྲི་བ་ནི། །བདག་མེད་མི་གཟུགས་ཇི་ལྟར་འབྲེལ། །ཐེག་པ་ཆེན་པོའི་རིགས་ཅན་ནི། །འབྲེལ་

མེད་དེ་ལ་འདི་ལྟར་སྨྲ། །ཤ་ཡི་མིག་ནི་ཧ་རྡང་མེས། །ཡེ་ཤེས་མིག་གིས་མ་མཐོང་ངོ་། །ཁ་དོག་དབྱིབས་དང་གནས་འབྲེལ་བའི། །དེ་ནི་ཇི་ལྟར་མཐོང་བའི་རིགས། །དེ་ལ་མུ་སྟེགས་འདྲི་བ་ནི། །འོ་ན་དེ་ནི་མེད་དོ་ཞེས། །ཐེག་པ་ཆེན་པོའི་རིགས་ཅན་སྨྲ། །མེད་པའི་ཚིག་
ནི་སྨྲ་བ་ཡིས། །ཡོད་པ་དེ་ནི་མི་རིགས་སོ། །སླར་ཡང་འདི་ལྟར་མེད་ན་ནི། །ཚད་མ་འདི་རྣམས་ཇི་ལྟར་མཐོང་། །ས་དང་མེ་དང་ཆུ་དང་རླུང་། །དེ་རྣམས་ལ་བརྟེན་རོལ་མོའི་ཚོགས། །དེ་ཕྱིར་མེ་ནི་མི་རིགས་སོ། །ཡོད་པ་དེ་ཡང་མ་གྲུབ་བོ། །དེ་ལ་མུ་སྟེགས་འདི་ལྟར་སྨྲ། །འོ་ན་དེ་
བརྟེན་གང་ཡིན་ན། །ཐེག་པ་ཆེན་པོའི་རིགས་ཅན་ནོ། །བདག་མེད་འབྲེལ་མེད་ཇི་ལྟར་སྨྲ། །རྟེན་ནི་གང་ཡང་ཡོད་མིན་ནོ། །མུ་སྟེགས་རྒོལ་བ་འདི་སྐད་སྨྲ། །ཇི་ལ་སྟོང་པའི་ནམ་མཁའ་ལ། །ཐེག་པ་ཆེན་པོ་འདི་སྐད་སྨྲ། །རྟགས་ཅན་དེ་ནི་དེ་བཞིན་སྨྲ། །མུ་སྟེགས་པ་ནི་འདི་སྐད་སྨྲ། །འོ་ན་དངོས་པོ་ཅན་རྣམས་ནི། །ངུ་དང་དགོད་དང་
རོལ་མོའི་ཚོགས། །ཇི་ལྟར་ཤེས་པར་བྱའོ་ཞེས། །ཐེག་པ་ཆེན་པོ་འདི་སྐད་སྨྲ། །སྒྱུ་མ་དང་ནི་རྨི་ལམ་དང་། །ཆོ་འཕྲུལ་གཞན་དུ་ཤེས་པར་བྱ། །མུ་སྟེགས་པ་ནི་འདི་སྐད་སྨྲ། །སྒྱུ་མ་ལྟ་བུའི་རྨི་ལམ་དང་། །ཐེག་པ་ཆེན་པོ་འདི་སྐད་སྨྲ། །སྒྱུ་མ་ནམ་མཁའ་ལྟ་བུ་ལ། །རྨི་ལམ་དེ་ནི་འཛིན་
བྱེད་པ། །ཆོ་འཕྲུལ་དེ་ནི་བརྫུན་པའོ། །ཡུལ་དང་ཡུལ་ཅན་འདུས་བྱས་ཏེ། །བརྗོད་བྱའི་ཡུལ་ནི་མ་གྲུབ་པའོ། །རྟགས་ཅན་ཇི་ལྟར་ཕྱག་གིས་སོགས། །སླར་ཡང་ཀུན་རྫོབ་མཐོང་བ་ནི། །དོན་ནི་དམ་པ་དེ་བཞིན་ནོ། །ཀུན་རྫོབ་མིང་ཅན་འདི་ལྟ་སྟེ། །འདི་ན་བདག་དང་གཞན་དག་དང་། །
སེམས་དང་སྐྱེས་བུ་ཕུང་པོ་དང་། །ཚོར་བ་དང་ནི་བྱེད་པ་པོ། །ནོར་དང་བུ་དང་ལང་ཚོ་སོགས། །དེ་དག་དོན་དམ་འབྲེལ་པ་མེད། །གང་ལ་བདག་མེད་གཞན་མེད་ལ། །སེམས་མེད་སྐྱེས་བུ་ཡོད་མིན་ལ། །བྱེད་པོ་མེད་ལ་ཚོར་བ་མེད། །ནོར་དང་ལང་ཚོས་དྲེགས་པ་སོགས། །དོན་ནི་དམ་
པར་ཤེས་པར་བྱ། །དེ་དག་རྣམས་ལ་འབྲེལ་པ་དང་། །དོན་ནི་ཡོད་པ་མ་ཡིན་ནོ། །ཀུན་རྫོབ་ལ་ནི་བརྟེན་བྱས་ནས། །ཉོན་མོངས་པ་ཡི་དབང་ཐོབ་པས། །འཁོར་བ་རུ་ནི་གྲངས་མེད་འཁྱམས། །སྡུག་བསྔལ་ཉོན་མོངས་ཐོབ་པ་ཡིས། །འགྲོ་བའི་ལམ་ནི་ཤེས་མིན་ལ། །འཇིག་

རྟེན་པ་བཞིན་འཁོར་བར་འཁོར། །དཔེར་ན་ཉིན་མཚན་ཉི་ཟླ་བཞིན། །དོན་ནི་དམ་པར་བྱང་ཆུབ་སེམས། །རྟེན་མེད་པ་ལ་རང་བཞིན་མེད། །ཐམས་ཅད་སྟོང་པ་ལ་གནས་མེད། །སྤྲོས་པ་རྣམས་ཀྱི་འབྲེལ་པ་སྟེ། །དོན་དམ་བྱང་ཆུབ་སེམས་ཉིད་ལ། །འཇམ་
པ་མ་ཡིན་མཁྲེགས་པ་མིན། །དྲོ་བ་མ་ཡིན་བསིལ་བ་མིན། །རིག་བྱ་རིག་མིན་འཛིན་པ་མེད། །ཕྲ་དང་རགས་པ་མ་ཡིན་ཏེ། །བྱང་ཆུབ་སེམས་ཀྱི་མཚན་ཉིད་དོ། །མུ་སྟེགས་མཐོང་མིན་སྒོམ་ལས་འདས། །དངོས་མེད་མཐོང་མིན་སྒོམ་མེད་པའི། །གསལ་དང་མི་གསལ་ཉིད་
དང་བྲལ། །འབྲེལ་མེད་དེ་ནི་བྱང་ཆུབ་སེམས། །ཐམས་ཅད་རྒྱ་མཚོའི་ཆུ་བུར་འདྲ། །སྙིང་པོ་མེད་ལ་སྦུ་བ་བཞིན། །རྟག་མིན་བདག་མེད་སྒྱུ་མ་ལྟར། །རི་དགས་སྨིག་རྒྱུ་ལྟ་བུ་ལ། །རྫ་ས་བུམ་པ་བཞིན་དུ་ནི། །ཆོ་འཕྲུལ་རྣམས་ཀྱིས་བཀང་བ་ལ། །དབུས་སུ་འཁོར་ལོ་སྟོང་གྲུབ་
མིན། །དེ་ལྟར་དོན་དམ་ཀུན་རྫོབ་ནི། །དེ་དག་ཇི་ལྟར་འབྲེལ་པ་གྲུབ། །སེམས་རྟོགས་རྨི་ལམ་ལྟ་བུ་ལ། །སེམས་ནི་ཡོད་མིན་ནམ་མཁའ་ལྟར། །རེ་ཞིག་སེམས་ཉིད་ཇི་ལྟར་འབྲེལ། །སློབ་དཔོན་ཀཾ་པ་ལའི་འབྲེལ་མེད་ཀྱི་ལྟ་བ་འདི་རྣལ་འབྱོར་རྟོགས་ཚད་ཀྱི་ལྟ་བ་རྫོགས་སོ། །
བླ་མ་རཏྣ་ཕ་ལས་རང་འགྱུར་དུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨ་སམྦནྡྷ་སརྒ་དྲྀཥྚི་ནཱ་མ། བོད་སྐད་དུ། ཞེན་མེད་ཀྱི་ལྟ་བ་ཞེས་བྱ་བ། ཡུམ་ཕག་མོ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་གྱི་རྒྱུ་ལས་འདི། །དཔའ་བོ་བདག་གི་དཀྱུས་སར་ཐུངས། །
བདེ་གཤེགས་ལྔ་ཡི་རྟ་ལ་ཞོན། །རྟ་པ་བདག་འདྲའི་དཔའ་བོ་ནི། །འཇིག་རྟེན་ན་ནི་ཡོད་མ་ཡིན། །བརྒྱུགས་པས་དུག་གསུམ་རྟ་རྒོད་བཏུལ། །ལྷ་ཆེན་བཞི་ཡི་སྒ་ཡིས་བསྟད། །ཤེས་རབ་ཐབས་ཀྱིས་སྲབ་ཏུ་བཅུག །རྟ་པ་བདག་འདྲའི་དཔའ་བོ་ནི། །འཇིག་རྟེན་ན་ནི་ཡོད་མ་
ཡིན། །བརྒྱུགས་པས་དུག་གསུམ་རྟ་རྒོད་བཏུལ། །ཉོན་མོངས་བཅུ་ཡི་གསོས་ཅིག་བྱིན། །ལྟ་དྲུག་དབུས་ཀྱི་བྲེས་སུ་བཅུག །བརྒྱུགས་པས་དུག་གསུམ་རྟ་རྒོད་བཏུལ། །རྟ་པ་བདག་འདྲའི་དཔའ་བོ་ནི། །འཇིག་རྟེན་ན་ནི་ཡོད་མ་ཡིན། །བླ་མ་ལུང་གི་རལ་གྲི་ཐོགས། །

ཚངས་པའི་གནས་དྲུག་སྟེང་དུ་འགྲོ། །རྟ་པ་བདག་འདྲའི་དཔའ་བོ་ནི། །འཇིག་རྟེན་ན་ནི་ཡོད་མ་ཡིན། །བརྒྱུགས་པས་དུག་གསུམ་རྟ་རྒོད་བཏུལ། །ཕྱོགས་བཅུ་དག་ཏུ་བརྒྱུགས་པས་ཀྱང་། །དེ་ཡི་རྟ་རྗེས་མངོན་པ་མེད། །རྟ་པ་བདག་འདྲའི་དཔའ་བོ་ནི། །འཇིག་རྟེན་ན་ནི་
ཡོད་མ་ཡིན། །བརྒྱུགས་པས་དུག་གསུམ་རྟ་རྒོད་ཐུལ། །སློབ་དཔོན་ཀཾ་པ་ལས་མཛད་པ་ཞེན་མེད་ཀྱི་ལྟ་བ་ཞེས་བྱ་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤཱུ་ནྱ་ཏཱ་ཀཱ་རུ་ཎ་དྲྀཥྚི་ནཱ་མ། བོད་སྐད་དུ། སྟོང་ཉིད་སྙིང་རྗེའི་ལྟ་བ་ཞེས་བྱ་བ། འཕགས་པ་འཇམ་
དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མི་གཙང་བ་ཡི་སྲིད་པ་དང་། །འཇིག་རྟེན་པ་ཡི་སྤྱོད་པ་དང་། །རྣམ་པས་དཔྱད་ཅིང་བལྟས་པས་ན། །དངོས་པོ་སྟོང་པ་ཉིད་དུ་སྣང་། །ཀྱེ་མ་སྙིང་རྗེ་ཌ་མ་རུ། །སྒྲ་སྒྲོགས་པ་ནི་ངོ་མཚར་ཆེ། །ཨཱརྱ་དེ་བ་དམིགས་མེད་པའི། །
རྒྱལ་པོའི་སྲིད་ལ་ངོམས་པ་མེད། །གང་དུ་ཡིད་དང་རླུང་དག་དང་། །དབང་པོ་གནས་པ་ཡོད་མིན་ན། །བདག་ནི་གང་དུ་འགྲོ་བ་དང་། །གང་དུ་གནས་པ་མ་ཤེས་སོ། །ཀྱེ་མ་སྙིང་རྗེ་ཌ་མ་རུ། །སྒྲ་སྒྲོགས་པ་ནི་ངོ་མཚར་ཆེ། །ཨཱརྱ་དེ་བ་དམིགས་མེད་པའི། །རྒྱལ་པོའི་སྲིད་ལ་
ངོམས་པ་མེད། །ཟླ་བ་ལས་ནི་ཟླ་བ་ཡི། །འོད་ཟེར་ཡོངས་སུ་གསལ་བར་འབྱུང་། །ལྷན་ཅིག་སྐྱེས་པའི་རང་བཞིན་ནི། །དེ་ཉིད་དུ་ནི་འཇུག་པར་འགྱུར། །ཀྱེ་མ་སྙིང་རྗེ་ཌ་མ་རུ། །སྒྲ་སྒྲོགས་པ་ནི་ངོ་མཚར་ཆེ། །ཨཱརྱ་དེ་བ་དམིགས་མེད་པའི། །རྒྱལ་པོའི་སྲིད་ལ་ངོམས་
པ་མེད། །ཨཱརྱ་དེ་བ་ཐམས་ཅད་སྤྱད། །སྤྱད་པས་རང་བཞིན་དམིགས་མེད་འགྱུར། །ཀྱེ་མ་སྙིང་རྗེ་ཌ་མ་རུ། །སྒྲ་སྒྲོགས་བ་ནི་ངོ་མཚར་ཆེ། །ཨཱརྱ་དེ་བ་དམིགས་མེད་པའི། །རྒྱལ་པོའི་སྲིད་ལ་ངོམས་པ་མེད། །སྟོང་ཉིད་སྙིང་རྗེའི་ལྟ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཨཱརྱ་དེ་བ་
ནས་བརྒྱུད་པ་སློབ་དཔོན་ཙ་ཏ་བས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙིཏྟ་རཏྣ་དྲྀཥྚི་ནཱ་མ། བོད་སྐད་དུ། སེམས་ཉིད་རིན་ཆེན་གྱི་ལྟ་བ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བདག་ཉིད་བདེ་གཤེགས་ཁྱབ་འཇུག་དང་ནི་ལྷ་ཆེན་ཚངས་

པ་རྣམས། །ཨ་ཏི་གཅེར་བུ་ཉི་མ་དང་ནི་གྲུབ་མཐའི་ངོ་བོ་དག །བདག་ནི་དཔའ་བོ་ཆེན་པོ་འཇིག་རྟེན་གསུམ་ན་གཅིག་པུ་ཡིན། །འཇིག་རྟེན་པ་ནི་རྨོངས་པས་མི་རྟོགས་གཏི་མུག་དྲ་བས་བཅིངས། །བདག་ནི་དཔའ་བོ་ཆེན་པོ་འཇིག་རྟེན་གསུམ་ན་གཅིག་པུ་ཡིན། །
སྲིད་པ་བདག་སྟེ་སྲིད་པར་རོལ་པ་བདག་གི་ངོ་བོ་ཉིད། །གར་བྱེད་མཉམ་ཉིད་ཀློང་དུ་འདྲན་ཟླ་མེད་པའི་རྣལ་འབྱོར་གནས། །བདག་ནི་དཔའ་བོ་ཆེན་པོ་འཇིག་རྟེན་གསུམ་ན་གཅིག་པུ་ཡིན། །འཇིག་རྟེན་པ་ནི་རྨོངས་པས་མི་ཤེས་གཏི་མུག་དྲ་བས་བཅིངས། །སྐྱེས་པ་བུད་མེད་དག་ཏུ་སྣང་
ཡང་བདག་གི་རྣམ་འཕྲུལ་ཡིན། །སྲིད་པ་ཆགས་པ་འཇིག་པ་དེ་ཡང་བདག་གི་རྣམ་འཕྲུལ་ཡིན། །བདག་ནི་དཔའ་བོ་ཆེན་པོ་འཇིག་རྟེན་གསུམ་ན་གཅིག་པུ་ཡིན། །འཇིག་རྟེན་རྣམས་ནི་རྨོངས་པས་མི་ཤེས་གཏི་མུག་དྲ་བས་བཅིངས། །བླ་མ་སློབ་མ་བདག་ཉིད་བཤད་པར་བྱེད་པ་བདག་
ཉིད་དེ། །དཔེ་དོན་བདག་ཉིད་སྡུག་བསྔལ་སྐྱོབ་པར་བྱེད་པ་བདག་ཉིད་ཡིན། །བདག་ནི་དཔའ་བོ་ཆེན་པོ་འཇིག་རྟེན་གསུམ་ན་གཅིག་པུ་ཡིན། །འཇིག་རྟེན་རྣམས་ནི་རྨོངས་པས་མི་ཤེས་གཏི་མུག་དྲ་བས་བཅིངས། །ཁ་དོག་དུ་མར་སྣང་བ་དེ་ཡང་བདག་གི་ངོ་བོ་ཡིན། །ཀ་ན་སྨྲ་བར་བྱེད་
པ་གཅིག་ཀྱང་དུ་མའི་ངོ་བོ་ཡིན། །བདག་ནི་དཔའ་བོ་ཆེན་པོ་འཇིག་རྟེན་གསུམ་ན་གཅིག་པུ་ཡིན། །འཇིག་རྟེན་རྣམས་ནི་རྨོངས་པས་མི་ཤེས་གཏི་མུག་དྲ་བས་བཅིངས། །བདག་ནི་དཔའ་བོ་ཆེན་པོ་འཇིག་རྟེན་གསུམ་ན་གཅིག་པུ་ཡིན། །སེམས་ཉིད་རིན་ཆེན་གྱི་ལྟ་བ་ཞེས་བྱ་བ་སློབ་དཔོན་
ཀ་ན་པ་ནས་བརྒྱུད་པ་སློབ་དཔོན་དྷེ་ཏ་ནས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏཏྟྭཱ་ཨཥྚ་ཀ་དྲྀཥྚི་ནཱ་མ། བོད་སྐད་དུ། དེ་ཉིད་བརྒྱད་ཀྱི་ལྟ་བ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཁོར་འདས་དངོས་པོའི་རྟོག་པ་འདི། །
གྲུབ་པ་མེད་དེ་ཆུ་ཟླ་བཞིན། །ཀུན་རྫོབ་ཐ་སྙད་རྟེན་བྱས་ནས། །དེ་ཉིད་བརྒྱད་ཀྱི་ལྟ་བ་འཆད། །དྲི་བཅས་སེམས་ནི་འཁོར་བ་སྟེ། །ཐ་སྙད་དང་བྲལ་མྱ་ངན་འདས། །དཔེར་ན་སྤྲིན་མེད་ནམ་མཁའ་ནི། །གང་ལ་མི་གནས་ཕྱག་རྒྱ་ཆེ། །ཨིནྡྲ་བྷཱུ་ཏི་སྨྲ་བར་བྱེད། །འཁོར་བ་མྱ་ངན་

འདས་པ་དང་། །བདེ་དང་སྡུག་བསྔལ་གང་ཞིག་ཀྱང་། །སེམས་ཀྱི་རྟོག་པས་སྲེག་པར་བྱེད། །དཔེར་ན་ག་པུར་མེ་བཞིན་ནོ། །དེ་ཕྱིར་རྣལ་འབྱོར་རྟོག་པ་ནི། །ཆུང་ཡང་ཀུན་དུ་སྦ་བར་བྱ། །སེམས་དང་སེམས་ཉིད་དངོས་པོའོ། །དངོས་པོ་ཐམས་ཅད་མི་གནས་པ། །དཔེར་ན་དྲི་ཟའི་
གྲོང་ཁྱེར་བཞིན། །མི་གནས་མི་འདས་འཁྲུལ་སྣང་ཡིན། །ཨིནྡྲ་བྷཱུ་ཏིས་གཉིས་མེད་སྨྲས། །དེ་ནི་དབུས་མའི་དེ་ཉིད་དེ། །བདག་མེད་ཆོས་ཀྱང་རང་བཞིན་ལ། །ཐོག་མཐའི་རང་བཞིན་དེ་ཉིད་དོ། །བདེ་གཤེགས་ལྟ་བ་དེ་ཉིད་དེ། །སྟོང་ཉིད་དོན་ཡང་ཤེས་པར་བྱ། །དངོས་མེད་དྲན་
མེད་བློ་འདས་སྨྲ། །དཔེར་ན་ཉི་མ་ཟླ་བ་དང་། །ནམ་མཁའ་སྐར་མའི་འཁོར་ལོ་དང་། །ས་དང་ཆུ་དང་རྒྱ་མཚོ་དང་། །ཕྱོགས་དང་མཚམས་དང་དེ་ཡིན་ལ། །རི་རབ་ལ་སོགས་འཁྲུལ་སྣང་ཡིན། །ཨིནྡྲ་བྷཱུ་ཏི་སྨྲ་བར་བྱེད། །དེ་རྣམས་གང་ཡང་གྲུབ་པ་མེད། །གཉིས་མེད་དོན་ལ་
ཉམས་ལེན་གྱིས། །དེ་ཉིད་བརྒྱད་ཀྱི་ལྟ་བ་ཞེས་བྱ་བ་སློབ་དཔོན་ཨིནྡྲ་བྷཱུ་ཏིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙིཏྟ་ཀལྤ་པ་རི་ཧ་ར་དྲྀཥྚི་ནཱ་མ། བོད་སྐད་དུ། སེམས་ཉིད་ཀྱི་རྟོག་པ་འཇོམས་པའི་ལྟ་བ་ཞེས་བྱ་བ། གཤིན་རྗེ་གཤེད་ལ་ཕྱག་
འཚལ་ལོ། །མར་སར་མགོ་བོ་བཅད་བ་ཡིས། །སྟ་རེའི་སོ་ནི་འཆག་པར་བྱེད། །སྦལ་པས་གླང་པོ་མིད་པར་འགྱུར། །ཀྱེ་མ་ཤིང་ཐུན་དགོད་པར་བྱེད། །ཀྱེ་མ་ངོ་མཚར་མེ་གོ་ཀྱེ། །སེམས་ལ་ཐེ་ཚོམ་མ་བྱེད་ཅིག །མཚར་ན་ཨ་བ་དྷཱུ་ཏཱི་པ། །སེམས་ལ་རྟོག་པ་མ་བྱེད་ཅིག །
ཁོ་ཡིས་མ་བཤད་འདི་མ་གོ །ནམ་མཁའ་ལས་ནི་མེ་ཏོག་འབྱུང་། །ཀྱེ་མ་ངོ་མཚར་མེ་གོ་ཀྱེ། །སེམས་ལ་ཐེ་ཚོམ་མ་བྱེད་ཅིག །མཚར་ན་ཨ་བ་དྷཱུ་ཏཱི་པ། །སེམས་ཀྱི་ཐེ་ཚོམ་ཅི་ཞིག་བྱ། །ཀྱེ་མ་མོ་གཤམ་བུ་སྐྱེས་ན། །ཁྲི་ཡང་གར་ནི་བྱེད་པར་འགྱུར། །རས་བལ་དཀོན་པར་
ཐོབ་འགྱུར་བས། །ནམ་མཁའི་གོས་ཅན་ངུ་བར་བྱེད། །ཀྱེ་མ་ངོ་མཚར་མེ་གོ་ཀྱེ། །སེམས་ཀྱི་ཐེ་ཚོམ་ཅི་ཞིག་བྱ། །མཚར་ན་ཨ་བ་དྷཱུ་ཏཱི་པ། །སེམས་ལ་ཐེ་ཚོམ་མ་བྱེད་ཅིག །ཀྱེ་མ་གླང་ཆེན་ཁྲི་ལ་འདུག །སྦྲང་བུ་གཉིས་ཀྱིས་འདེགས་པར་བྱེད། །དམུས་ལོང་ལམ་སྟོན་ངོ་མཚར་

ཆེ། །ལྐུགས་པས་གཏམ་ནི་སྨྲ་བར་བྱེད། །ཀྱེ་མ་ངོ་མཚར་མེ་གོ་ཀྱེ། །སེམས་ལ་ཐེ་ཚོམ་མ་བྱེད་ཅིག །མཚར་ན་ཨ་བ་དྷཱུ་ཏཱི་པ། །སེམས་ཀྱི་ཐེ་ཚོམ་ཅི་ཞིག་བྱ། །བྱི་བས་བྱི་ལ་འདེད་པ་མཚར། །དེ་མཐོང་ངོ་མཚར་སྐྱེ་བར་འགྱུར། །བོང་བུ་མྱོས་པ་
མཐོང་འགྱུར་བས། །གླང་པོ་རྣམས་ཀྱང་བྲོས་པར་བྱེད། །ཀྱེ་མ་ངོ་མཚར་མེ་གོ་ཀྱེ། །སེམས་ལ་ཐེ་ཚོམ་མ་བྱེད་ཅིག །མཚར་ན་ཨ་ཝ་དྷཱུ་ཏཱི་པ། །སེམས་ཀྱི་ཐེ་ཚོམ་ཅི་ཞིག་བྱ། །ཀྱེ་མ་སྤྲེའུ་ལྟོགས་པ་ནི། །རྡོ་བ་ཁམ་གྱིས་ཟ་བར་བྱེད། །ཀྱེ་མ་སེམས་ཀྱི་ཉམས་མྱོང་ནི། །སུས་
ཀྱང་བརྗོད་པར་ནུས་མ་ཡིན། །ཀྱེ་མ་ངོ་མཚར་མེ་གོ་ཀྱེ། །སེམས་ལ་ཐེ་ཚོམ་མ་བྱེད་ཅིག །མཚར་ན་ཨ་ཝ་དྷཱུ་ཏཱི་པ། །སེམས་ཀྱི་ཐེ་ཚོམ་ཅི་ཞིག་བྱ། །སེམས་ཉིད་ཀྱི་རྟོག་པ་འཇོམས་པར་བྱེད་པ་ཞེས་བྱ་བ་ཀཾ་ཀ་ལ་དང་མེ་ཁ་ལ་ནས་བརྒྱུད་པ་སློབ་དཔོན་ལཀྵ་མཱི་ཡིས་གསུངས་པ་རྫོགས་
སོ།། ༄༅༅། །རྒྱ་གར་སྐད་དུ། ཤོ་ཀ་བྷི་ནོ་བྷི་དྲྀཥྚི་ནཱ་མ། བོད་སྐད་དུ། མྱ་ངན་གྱི་ལྟ་བ་ཞེས་བྱ་བ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །བདག་གི་ཕུང་པོ་ངན་པ་འདི། །བླ་མ་ཧཾ་དང་བྲལ་འགྱུར་བས། །སྣང་བ་རྣམས་ནི་ནུབ་པར་འགྱུར། །བླ་མ་དམ་པའི་
མྱ་ངན་གྱིས། །མ་ཧི་ལ་དག་མྱ་ངན་གནས། །བླ་མ་ཡེ་ཤེས་མིག་མེད་པས། །ཕྱོགས་མཚམས་གང་ཡང་མཐོང་བ་མེད། །བླ་མ་དམ་པའི་མྱ་ངན་གྱིས། །མ་ཎི་བྷ་དྲ་བདག་ནི་ངུ་། །སྙིང་རྗེ་རྔེ་ཆུང་དུགས་དཀར་ཕུབ། །རྣལ་འབྱོར་རྒྱལ་པོ་མཛེས་པའི་བདག །སྡིག་ཅན་གང་
གིས་སྤྱན་དྲངས་ནས། །མ་ཎི་བྷ་དྲ་རེ་མ་དགའ། །གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ཡིས། །ནམ་མཁའི་དབྱིངས་སུ་དཀྱིལ་འཁོར་བཞེངས། །དེ་དབུས་བླ་མ་ནོར་བུ་བཞུགས། །སེམས་ཀྱི་གདུང་བས་བདག་ལུས་བསྲེགས། །དྷ་མ་དྷཱུ་མ་རེ་མ་དགའ། །སྐད་ཅིག་གཅིག་ལ་ཀཱ་མ་རཱུ། །
བླ་མ་ལོངས་སྤྱོད་ཐིམ་པར་མཐོང་། །སྣ་ཚོགས་སྐད་ཅིག་གཅིག་ལ་ནི། །རྣམ་པར་དངོས་མེད་མཐོང་འགྱུར་བས། །བླ་མ་གཤེགས་པས་རེ་མ་དགའ། །ནོར་དང་ལོང་ཚོ་ཐམས་ཅད་སྤངས། །སྲིད་ལ་ཆགས་པའི་ང་རྒྱལ་བཅོམ། །ནོར་བུ་བཟང་པོ་མ་ཧི་ལ། །དྷ་མ་དྷཱུ་མ་བདག་

ཅག་གི །དཔལ་ལྡན་བླ་མ་མེད་འགྱུར་བས། །ཕྱོགས་མཚམས་ཐམས་ཅད་མུན་པས་ཁེབས། །ཀྱེ་མ་གཉིས་མེད་ཌ་མ་རུ། །ནམ་མཁའི་དབྱིངས་སུ་གདུང་བྱས་ནས། །གདུང་བས་རྣལ་འབྱོར་བདག་ཅག་གིས། །བླ་མའི་གདུང་ཐལ་ལུས་ལ་བྱུགས། །དེ་ཉིད་སྤྱི་བོར་
བསྒོམ་བྱས་ནས། །སྙིང་རྗེས་བྷ་ཧུ་རི་བདག་གིས་བསད། །བདུད་ཀྱིས་ཁྱེར་བའི་བྷ་རི་ཁྱོད། །བླ་མའི་སྐུ་དགྲ་ཁྱོད་ཡིན་ནོ། །བདག་ཅག་ཁྱོད་ཀྱི་མུན་པས་བསྒྲིབས། །བདག་ཅག་རྣམས་ཀྱིས་མདུན་མ་བྱས། །དུག་པོ་གྱོན་ཞིང་སྐྲ་རྣམས་བྲེགས། །དབྱུག་པ་དང་ནི་ཐོད་པ་ཐོགས། །
མྱ་ངན་ལུས་རྣམས་ཀེང་རུས་འབྱུང་། །ཀྱེ་མ་རྣལ་འབྱོར་མི་རྟག་གོ། །བདག་ཅག་རྣམས་ཀྱིས་བྷ་ཧུ་རི་བཅོམ། །དེ་བྷི་བྷནྟུ་ཀོ་ཏི་ནས། །སྲི་མི་ལིའི་གནས་ཆེན་ཕྱེད་དང་གསུམ། །བླ་མ་ནག་པོའི་ལྟ་བ་ཡིས། །རྣལ་འབྱོར་དྲག་པོ་མ་ཧི་ལས། །མཁའ་འགྲོ་དྲུག་ཅུ་རྩ་བཞི་སྐྲག །
སྲེ་མི་ལི་བཤགས་བྷ་ཧུ་རི་བསད། །ཀྱེ་མ་བླ་མའི་སྐུ་དགྲ་བསྒྲལ། །བདག་ཅག་མཁའ་སྤྱོད་གནས་སུ་འགྲོ། །མྱ་ངན་གྱི་ལྟ་བ་ཞེས་བྱ་བ་སློབ་དཔོན་མ་ཧི་ལ་ནས་བརྒྱུད་པ་དྷའུ་རིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙིཏྟ་མ་ཏྲ་དྲྀཥྚི་ནཱ་མ། བོད་སྐད་དུ།
སེམས་ཙམ་གྱི་ལྟ་བ་ཞེས་བྱ་བ། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ནམ་མཁའ་ཞེས་བྱའི་གྲུ་ལ་ནི། །ལུས་ངག་ཡིད་གསུམ་དཀྲུགས་ཤིང་བྱས། །བླ་མའི་མན་ངག་གཞུང་ཤིང་བཙུགས། །སེམས་ཀྱི་བརྟན་པ་གྲུམ་ནན་ཞིང་། །ཕ་རོལ་སྒྲོལ་བར་བྱས་པ་ལས། །
འདི་ལས་ཐབས་གཞན་རྣལ་འབྱོར་པ། །ཡོད་པ་དག་ནི་མ་ཡིན་ནོ། །འདི་ལས་རྣམ་རྟོག་ཡོད་མིན་ལ། །དཀྲུགས་ཤིང་དག་ཀྱང་ཡོད་མ་ཡིན། །རླུང་གཉིས་ཀྱིས་ནི་དེད་ནས་འགྲོ། །ཐབས་ཀྱིས་དེ་རུ་བརྟོལ་ཏེ་གནས། །གྲུ་འདི་མྱུར་བར་མ་བསྐྱོད་ན། །བར་ནས་ཆོམ་པོའི་འཇིགས་
པ་ཆེ། །རྒྱ་མཚོའི་ཆུ་རླབས་གཡོས་པ་ཡིས། །སྲིད་གསུམ་གཡང་སར་རྣལ་འབྱོར་ལྷུང་། །སེམས་ཀྱི་གྲུ་འདི་བརྟན་བཟུང་བ། །ཕ་རོལ་དག་ཏུ་སྒྲོལ་བར་བྱ། །འདི་ལས་ཐབས་གཞན་རྣལ་འབྱོར་པ། །ཡོད་པ་དག་ནི་མ་ཡིན་ནོ། །མ་རྟོགས་པ་ནི་ཐམས་ཅད་ཀྱིས། །བྱེ་བྲག་

ཏུ་ནི་སྨྲ་བར་བྱེད། །བརྟགས་ཤིང་ལྟ་དྲུག་ཐམས་ཅད་ཀྱང་། །གྲུ་འདི་གཅིག་ཏུ་འདུས་པར་འགྱུར། །སེམས་ཀྱི་གྲུ་འདི་བརྟན་བཟུང་ལ། །ཕ་རོལ་དག་ཏུ་སྒྲོལ་བར་བྱ། །འདི་ལས་ཐབས་གཞན་རྣལ་འབྱོར་པ། །ཡོད་པ་དག་ནི་མ་ཡིན་ནོ། །མཐའ་གཅིག་
ནས་ནི་དྲངས་བྱས་ནས། །གྲུ་འདི་གྱེན་ལ་བགྲོད་པར་བྱ། །ས་ར་ཧ་ནི་སྨྲ་བར་བྱེད། །སེམས་ནི་སྟོང་ཉིད་གནས་སུ་ཐིམ། །སེམས་ཀྱི་གྲུ་འདི་བརྟན་བཟུང་ལ། །ཕ་རོལ་དག་ཏུ་བགྲོད་པར་བྱ། །འདི་ལས་ཐབས་གཞན་རྣལ་འབྱོར་པ། །ཡོད་པ་དག་ནི་མ་ཡིན་ནོ། །སེམས་ཙམ་གྱི་ལྟ་
བ་ཞེས་བྱ་བ་སློབ་དཔོན་ས་ར་ཧ་ནས་བརྒྱུད་པ་སློབ་དཔོན་མཻ་ཏྲི་པས་གསུངས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀཱ་རུ་ཎ་ཀ་པཱ་ལ་ཙརྱཿདྲྀཥྚི་ནཱ་མ། བོད་སྐད་དུ། སྙིང་རྗེ་སྤྱོད་པ་ཐོད་པའི་ལྟ་བ་ཞེས་བྱ་བ། དཔལ་བདེ་མཆོག་ལ་ཕྱག་འཚལ་ལོ། །ནམ་མཁར་
གསེར་གྱི་ཡུ་བ་ཅན། །གདུགས་སྟེང་མགོ་ལ་འཛིན་ནས་གནས། །རྡོ་རྗེ་མཁའ་འགྲོ་གཤེགས་པར་མཛོད། །དྷ་རི་མཁའ་འགྲོ་མ་ཡི་སྲས། །ཅི་ཕྱིར་ཞེ་ན་དེ་ཡི་ནི། །དྲིན་གྱིས་རྣལ་འབྱོར་བསམ་པ་གྲུབ། །སྟོང་ཉིད་ཁམ་ཕོར་ལག་ཏུ་ཐོགས། །ཐབས་ཀྱི་ཁུ་བས་བཀང་བྱས་ནས། །
སངས་རྒྱས་ཞིང་དུ་ཕྱིན་ཏེ་གནས། །སྲིད་གསུམ་བཅིང་བ་རྩད་ནས་བཅད། །མཁའ་འགྲོ་མ་བརྒྱད་རྟག་ཏུ་བསྲུངས། །སྒོ་བཅུ་དག་ནི་རྒྱ་ཡིས་བཏབ། །དྷ་རི་ཀ་ནི་སྨྲ་བར་བྱེད། །ཀུན་ལ་ཁྱབ་ཀྱང་གཅིག་གིས་ནི། །དེ་ཡི་མཚན་ཉིད་རྟོག་མེད་ན། །བདག་གིས་ཇི་ལྟར་བསྟན་པར་
བྱས། །དྷ་རི་མཁའ་འགྲོ་མ་ཡི་སྲས། །ཅི་ཕྱིར་ཞེ་ན་དེ་ཡི་ནི། །བསམ་པ་ཡིད་བཞིན་འགྲུབ་པར་འགྱུར། །སྙིང་རྗེ་ཐོད་པ་སྤྱོད་པའི་ལྟ་བ་ཞེས་བྱ་བ་སློབ་དཔོན་དྷ་རི་ཀ་པ་ནས་བརྒྱུད་པ་སློབ་དཔོན་སར་བྷ་ཁས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨ་སམྦནྡྷ་
དྲྀཥྚི་ནཱ་མ། བོད་སྐད་དུ། འབྲེལ་མེད་ཀྱི་ལྟ་བ་ཞེས་བྱ་བ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །ནོར་དང་ལང་ཚོ་རིགས་ཀྱིས་དྲེགས། །བདག་ཉིད་འཇིག་པར་འགྱུར་བའི་དུས། །དེ་དག་གཅིག་ཀྱང་སྣང་བ་མེད། །ཁྱོད་དང་ང་ཞེས་བྱ་བ་ནི། །ཕྲད་པར་འགྱུར་བ་ག་ལ་ཡོད། །རྒྱ་མཚོའི་

ནང་དུ་གྲུ་ཞིག་པ། །སླར་ཡང་འདུ་བར་འགྱུར་རམ་ཅི། །ཕ་དང་མ་དང་བུ་ཚ་རྣམས། །གར་ལ་ལྟ་ཕྱིར་འདུས་པ་འདྲ། །གར་མཁན་སོང་ནས་ལྟད་མོ་གྱེས། །ཁྱོད་དང་ང་ཞེས་བྱ་བ་ནི། །ཕྲད་པར་འགྱུར་བ་ག་ལ་ཡོད། །རྒྱ་མཚོའི་ནང་དུ་གྲུ་ཞིག་པ། །སླར་ཡང་འདུ་བར་འགྱུར་རམ་
ཅི། །ཚོང་དུས་དག་གམ་སྲང་དག་གམ། །རིའམ་ཐང་ངམ་ཆུ་འགྲམ་དུ། །ལུས་དག་གང་གི་སར་འཇིག་པ། །བདག་གིས་དེ་ནི་མ་ཤེས་སོ། །ཁྱོད་དང་ང་ཞེས་བྱ་བ་ནི། །ཕྲད་པར་འགྱུར་བ་ག་ལ་ཡོད། །རྒྱ་མཚོའི་ནང་དུ་གྲུ་ཞིག་པ། །སླར་ཡང་འདུ་བར་འགྱུར་རམ་ཅི། །ཀན་པ་
ནི་སྨྲ་བར་བྱེད། །བདག་གིས་འདི་ལས་རྟོགས་པ་མེད། །འགྲོ་འོང་བྱས་པས་བདག་ཉིད་བཅོམ། །ཁྱོད་དང་ང་ཞེས་བྱ་བ་ནི། །ཕྲད་པར་འགྱུར་བ་ག་ལ་ཡོད། །རྒྱ་མཚོའི་ནང་དུ་གྲུ་ཞིག་པ། །སླར་ཡང་འདུ་བར་འགྱུར་རམ་ཅི། །སློབ་དཔོན་ནག་པོ་པས་མཛད་པ་འབྲེལ་མེད་ཀྱི་ལྟ་བ་ཞེས་
བྱ་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏ་ཐཱ་ཏཱ་དྲྀཥྚི་ནཱ་མ། བོད་སྐད་དུ། དེ་བཞི