Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 53
Văn bản gốc(Tây Tạng)
Trang 9 / 18 (50.000 ký tự/trang)
མ་སྤངས་ང་རྒྱལ་འཕེལ་འགྱུར་བས། །ཕྱིར་ཡང་ལྷུང་ཞིང་བྱང་ཆུབ་རིང་བར་འགྱུར། །གལ་ཏེ་རྣལ་འབྱོར་བདག་ལ་གཞན་དག་གིས། །སྔོན་དང་ད་ལྟར་མ་འོངས་གནོད་བྱེད་ཅེས། །ཞེ་སྡང་སྐྱེས་ནས་རིག་སྔགས་ གསོད་གཏོང་ན། །ཞེ་སྡང་དབང་གིས་བྱང་ཆུབ་རིང་བར་འགྱུར། །གལ་ཏེ་བདག་ལ་གཞན་གྱི་མཆོད་བཀུར་ཞིང་། །བསྔགས་པ་མང་བརྗོད་བསྟོད་ལ་སེམས་དགའ་ན། །འགྲོ་ལ་ཕྱོགས་ཆར་གྱུར་ཏེ་ཆགས་སེམས་ཀྱིས། །བྱང་ཆུབ་ལམ་ལ་འདིས་ཀྱང་རིང་བར་འགྱུར། །གལ་ཏེ་རྣལ་ འབྱོར་འཁོར་མང་འདུ་ལོང་དག །རྒྱལ་པོ་ལྟ་བུར་མང་པོར་བརྟེན་ན་ནི། །ཁེངས་གྲགས་ཡིན་པས་བསྒོམ་པ་གཡེང་བའི་རྒྱུ། །བྱང་ཆུབ་ལམ་ལས་ཤིན་ཏུ་རིང་བར་འགྱུར། །བརྒྱད་པ་སྐྱོན་བསལ་ཐབས་ནི་རྣལ་འབྱོར་པ། །སེམས་ལ་བར་ཆད་མཚན་མ་དེ་བྱུང་ན། །འདི་ལྟར་ བསམས་ནས་མཚན་རྟོག་བསལ་བར་བྱ། །ཆོས་སུ་ཅི་སྣང་སེམས་ལས་གཞན་མེད་ཅིང་། །སེམས་ཀྱི་རང་བཞིན་ཆོས་ཉིད་ངོ་བོ་ལ། །བཟང་ངན་སྤོང་ལེན་འདོད་སྲེད་བྱམས་སྡང་སོགས། །རྟོག་དང་རྟོག་པའི་དབང་གིས་བགེགས་བྱུང་ན། །སེམས་ལ་བལྟས་ན་གང་ཡང་ མི་སྣང་བས། །སྣང་མེད་སེམས་རྟོག་མཚན་མ་ག་ལ་ཡོད། །བདག་རྟོག་མཚན་མར་སེམས་ལ་བཟུང་ཉེས་པས། །རྟོག་པ་ཐམས་ཅད་སྤངས་ཤིང་རྟོག་མེད་གནས། །རྟོག་པ་མེད་པ་ལ་ཡང་གནས་པ་མེད། །དེ་ལྟར་རིང་དུ་གནས་ན་རྟོག་བགེགས་ནི། །མྱུར་བར་ཞིག་ནས་ ཇི་བཞིན་བསྒོམ་པ་ལ། །བར་ཆད་སེམས་ཀྱི་རྟོག་པ་འབྱུང་མི་འགྱུར། །བྱང་ཆུབ་འབྲས་བུ་མྱུར་དུ་ཐོབ་པར་འགྱུར། །རྣལ་འབྱོར་པའི་རྟོག་པའི་གེགས་སེལ་བ་ཞེས་བྱ་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་མཁས་པ་ཆེན་པོ་སངས་རྒྱས་གསང་བའི་ཞལ་སྔ་ནས་མཛད་པ་ རྫོགས་སོ།། ༄༅། །དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །བྱིས་པའི་རྗེས་སུ་བྱིས་པ་འབྲེང་། །བྱིས་པས་བྱིས་པ་འཇིག་འགྱུར་བས། །འདིར་བྱིས་པ་གྲོལ་བར་བྱ་བའི་ཕྱིར། ཞེས་པ་འཆད་པར་བསམས་སོ། །བྱིས་འཆིང་ལམ་དུ་དཀྱེར་བ་ བཤད། །དེ་ལ་འདུལ་བ་དོན་ཡོད་པར་གྲུབ་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། གང་གིས་རྨོངས་པ་འཆིང་འགྱུར་ཞིང་། །ངུ་འབོད་མཐར་ནི་ངེས་འགྱུར་བ། །དེ་ཉིད་ཀྱིས་ནི་གྲོལ་འགྱུར་ཞིང་། །ཤེས་རབ་སྟོབས་ཀྱིས་བདེ་བ་ཐོབ། །ཅེས་གསུངས་པའི་དོན་ མཁས་པས་མངོན་དུ་བསྟེན་པར་བྱ་སྟེ། གང་དེ་ལ་མཆོག་ཏུ་བསྡམ་པར་བྱ་བ་ཡིན་པས་ཐོག་མར་རྒྱུད་བརྟག་པར་བྱའོ། །དེ་ལ་ཆ་མཉམ་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཡུན་རིང་པོར་སྐྱེ་བར་མི་འགྱུར་ཡང་དངོས་པོ་དེས་དེ་ལ་འདོད་ཆགས་ལ་སོགས་པ་མི་ འབྱུང་བ་མ་ཡིན་ནོ། །ཉོན་མོངས་པ་ཆུང་བ་ནི་འདོད་ཆགས་ལ་སོགས་པའི་དངོས་པོ་ཆེན་པོ་དང་། མང་པོ་དང་། ལྷག་པ་དང་ཕྲད་ཅིང་མངོན་དུ་གྱུར་པ་ལ་ནི་ཉོན་མོངས་པ་བུལ་བར་སྐྱེ་ལ། འབྲིང་དང་ཆུང་ངུ་ལ་ནི་ཤིན་ཏུ་ཆ་ཕྲ་བའོ། །གང་ཟག་འདོད་ཆགས་ སྤྱད་པ་ནི་ཆགས་པའི་དངོས་པོ་ཆུང་ངུ་དང་། ངན་པ་ལ་ཡང་ཆགས་པ་ཆེན་པོར་འགྱུར་ན། དེ་ལས་བཟློག་པ་ལ་ལྟ་ཅི་སྨོས་ཏེ་ཡུན་རིང་དུ་ཆགས་པའོ། །དབང་པོ་མཉེན་པ་དང་། དེ་བཞིན་དུ་འཇམ་པ་དང་། མི་བརླང་བ་དང་། ལུས་ངག་གིས་གཞན་ལ་ཐོ་འཚམས་པ་མ་ཡིན་པ་ དང་། དབྲལ་བར་དཀའ་བ་དང་། དམན་པ་ལ་མོས་པ་དང་། སྤྲོ་རིང་བ་དང་། དེ་ལ་འདུ་བ་དང་། ཡིད་མི་བདེ་བ་མང་བ་དང་། ཀུན་དགའ་བ་མང་བ་དང་། ཁྲོ་གཉེར་མེད་པ་དང་། མདོག་གསལ་བ་དང་། འཛུམ་པ་སྔོན་དུ་གཏོང་བ་དང་། ཤ་རྩི་དམར་ཞིང་འགྲོ་བ་མགྱོགས་པ་ དང་། འཁུན་བུར་སྨྲ་ཞིང་མི་བརྟན་པའི་བསམ་པ་སྣ་ཚོགས་སུ་རྒྱུ་བའོ། །ཞེ་སྡང་དང་ལྡན་པའི་གང་ཟག་ནི་ཤ་རྩི་ནག་ཅིང་སྟོབས་ཆེ་བ། དྲང་པོར་འགྲོ་ཞིང་བརླང་པོར་སྨྲ་བ། ཐམས་ཅད་མནར་སེམས་དང་ལྡན་པ། ཞེ་སྡང་བའི་དངོས་པོ་ཆུང་ངུ་ལ་ཁོང་ཁྲོ་བས་ཀུན་ནས་དཀྲིས་པ་ སྟུག་པོ་དང་། མང་པོ་སྐྱེད་པར་བྱེད་ན་འབྲིང་དང་ཆེན་པོ་ལ་ལྟ་སྨོས་ཅི་དགོས་ཏེ་ཡུན་རིང་དུ་གནས་པར་བྱེད་དོ། །དབང་པོ་མི་མཉེན་མི་འཇམ་གཞན་ལ་ཐོ་འཚམས། །དབྲལ་བར་སླ། ཡིད་འབྱུང་བ་སླ། མུ་ཅོར་སྨྲ། སྤྱི་བརྟོལ་ཆེ། མི་མོས་པ་མང་། ལས་ཀྱི་མཐའ་དམ་བརྟན། བརྟུལ་ཞུགས་དམ་བརྟན། ཡིད་མི་བདེ་བ་མང་། འཁྲུག་པ་མང་། བཟློག་དཀའ། གནོད་བཞིན་དུ་གནས། ཁྲོ་གཉེར་དང་ལྡན། བཞིན་གྱི་མདོག་མི་གསལ་བའོ། །གཏི་མུག་དང་ལྡན་པའི་གང་ཟག་ནི་རྨོངས་པར་འགྱུར་བའི་དངོས་པོ་ཆུང་ངུ་ལ་ཡང་གཏི་མུག་གིས་ཀུན་ ནས་དཀྲིས་པ་སྟུག་པོ་དང་། མང་པོ་སྐྱེད་པར་བྱེད་ན་གཞན་ལྟ་ཅི་སྨོས་ཏེ་ཡུན་རིང་དུ་གནས་པར་བྱེད་དོ། །དབང་པོ་བུལ་བ་དང་། བླུན་པ་དང་། ཞན་པ་དང་། ལུས་ཀྱི་ལས་ཀྱི་མཐའ་ལྷོད་པ་དང་། ངག་གི་ལས་ཀྱི་མཐའ་ལྷོད་པ་དང་། ཉེས་པར་སེམས་པ་དང་། ཉེས་ པར་སྨྲ། ཉེས་པར་བྱས་པའི་ལས་བྱེད། ལེ་ལོ་ཆེ། སྒྲུབ་མི་ཕོད། སྨྲ་བ་ཞན། ཡིད་མི་འཇུག །བརྗེད་པས་ཤེས་བཞིན་དུ་མི་སྤྱོད། ལོག་པར་འཛིན། དབྲལ་བར་དཀའ། ཡིད་འབྱུང་བར་དཀའ། དམན་པ་ལ་མོས། གླེན་དིག་ལྐུགས། ལག་པས་ བརྡ་བྱེད། ལེགས་པར་གསུངས་པ་དང་། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་མི་ནུས། རྐྱེན་གྱིས་ཕྲོགས། གཞན་གྱི་དྲིང་ལ་འཇོག །ཤ་མདོག་ངེས་པ་མེད། དལ་བར་རྒྱུའོ། །གང་ཟག་ང་རྒྱལ་དང་ལྡན་པ་ནི། ཁེངས་པར་གྱུར་པའི་ དངོས་པོ་ཆུང་ངུ་ལ་ཡང་ང་རྒྱལ་གྱི་རྒྱུ་ཀུན་ནས་དཀྲིས་པ་སྟུག་པོ་དང་། མང་པོ་སྐྱེ་བར་བྱེད་ན་འབྲིང་དང་ཆེན་པོ་ལ་ལྟ་ཅི་སྨོས་ཏེ་ཡུན་རིང་དུ་གནས་པར་བྱེད་དོ། །དབང་པོ་རྒོད་པ་དང་། དབང་པོ་འདམ་བུ་ལྟར་མཐོ། ཁེངས་ལུས་ཆེར་བརྒྱན་པ་ལ་སྦྱོར་བའི་རྗེས་སུ་བརྩོན། བཙན་ ངག་ཏུ་སྨྲ་ཞིང་མི་འདུད། ཕ་མ་ཉེ་དུ་བླ་མ་ལྟ་བུ་དག་ལ་དུས་གསུམ་དུ་རྐྱེན་དུ་འབབ་པའི་མཆོད་པ་མི་བྱེད། ལུས་མི་འདུད། གསོང་པོར་སྨྲ་བ་དང་། ཕྱག་འཚལ་མངོན་དུ་ལྡང་ཐལ་མོ་སྦྱར་ཞིང་འདུད་པར་བྱེད་པའི་ངང་ཚུལ་ཅན་མ་ཡིན་པ་དང་། བདག་ཉིད་ཀུན་ཏུ་འཛིན། བདག་བསྟོད་གཞན་ལ་སྨོད། རྙེད་པ་དང་བཀུར་སྟི་འདོད། གྲགས་པ་འདོད། ཐམ་ཐོམ་གྱི་སྣོད་གྱུར། དབྲལ་ཅིང་ཡིད་འབྱུང་བ་དཀའ། རྒྱ་ཆེན་པོ་ལ་མི་མོས། སྙིང་རྗེ་ཆུང་། བདག་དང་། སེམས་ཅན་དང་། སྲོག་དང་གསོ་བ་དང་གང་ཟག་ཏུ་ལྟ་བ་ཤས་ཆེ། ཁྲོ་གཏུམ་ཆེ། འཁྲུག་པ་དང་ལྡན་པ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་ནི་ང་རྒྱལ་གྱི་རྟགས་སོ། །ཕྲག་དོག་དང་ལྡན་པའི་གང་ཟག་ནི་ཤ་མདོག་སྔོ་ནག་པ། འདུས་པའི་ཡུལ་མེད་པར་རྒྱུ་བ། གཞན་ལ་གནོད་པར་སྨྲ་ཞིང་། ངེས་པ་མེད་པའི་བསམ་པ་སྣ་ཚོགས་རྒྱུ་བའོ་ཞེས་ གསུངས་པ་འདི་དག་ངེས་པར་སློབ་དཔོན་གྱིས་བརྟགས་ལ་གདམས་པར་བྱའོ། །དེ་ཡང་གསུངས་པ། བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ཏེ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་གསུངས་པས་ཡོངས་སུ་སྒྲོལ་བ་ལ་ བསམ་གྱིས་མི་ཁྱབ་པར་འདོད་པ་དང་། རྒྱུ་མ་དག་པ་ལ་བསམ་གྱིས་མི་ཁྱབ་པར་འདོད་པ་དང་། ཕྱོགས་ཙམ་ལ་བསམ་གྱིས་མི་ཁྱབ་པར་འདོད་པ་དང་། རབ་ཏུ་ཐལ་བ་བསམ་གྱིས་མི་ཁྱབ་པར་འདོད་པ་སྟེ། འདི་དག་ནི་རྨོངས་པ་རྣམས་ཀྱི་དན་རྟགས་ཡིན་ཏེ། མཁས་ པས་ཀུན་དུ་སྤང་བར་བྱ་བ་ཡིན་ནོ། །བླང་བར་བྱ་བ་ནི་མཆོག་ཏུ་གསང་བ་བསམ་གྱིས་མི་ཁྱབ་པ་སྟེ། །དེ་ཡང་གསང་བ་བསམ་གྱིས་མི་ཁྱབ་པ་དང་། བཟོད་པ་བསམ་གྱིས་མི་ཁྱབ་པ་དང་། ཐབས་བསམ་གྱིས་མི་ཁྱབ་པ་དང་། གཉིད་བསམ་གྱིས་མི་ཁྱབ་པ་དང་། འཕོ་བ་བསམ་གྱིས་མི་ ཁྱབ་པ་དང་། འབྲས་བུ་བསམ་གྱིས་མི་ཁྱབ་པ་དང་དྲུག་གོ། །གསང་བ་བསམ་གྱིས་མི་ཁྱབ་པ་ནི་བླ་མའི་གདམས་པའོ། །བཟོད་པ་བསམ་གྱིས་མི་ཁྱབ་པ་ནི་དུག་ལྔ་སྦས་པའི་ལམ་དུ་འཁྱེར་བའོ། །གསང་བ་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཁ་ཅིག་ཀྱང་དུག་ལྔར་འདུས་མོད་ཀྱི་དགོངས་པ་ཅན་ཡིན་ ནོ། །དུག་ལྔ་ལམ་དུ་ཇི་ལྟར་འཁྱེར་ན། གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །ཞེས་གསུངས་པས། འདོད་ཆགས་ཀྱི་སྟོང་ཉིད་ཇི་ལྟ་བ་བཞིན་དུ་ཞེ་སྡང་ལ་སོགས་པའོ། །དེ་ལ་ཕྱི་ནང་གི་གཟུགས་ལ་སོགས་པ་ཡིད་དུ་འོང་བ་གཅིག་ལ་ཆགས་པ་སྐྱེས་པ་ དེ་ཡང་ཁ་དོག་ལ་སོགས་པར་མ་གྲུབ་པས་ན་བརྟག་པའི་མཐའ་བསལ་བའོ། །རླུང་རྗེས་སུ་དཔག་པ་ལས་ཤེས་པ་དེ་བཞིན་དུ་ཤེས་རིག་མ་འགགས་པའི་སྒོ་ནས་ཆད་པ་མ་ཡིན་ནོ། །དེ་གཉིས་ཀྱི་བར་དེ་གཉིས་ཀའི་བདག་ཉིད་ཅན་གྱི་དངོས་པོ་ཡང་ཡོད་པ་མ་ཡིན་ཏེ། དེ་བས་ན་བཞི་ པ་ནི་རྗེས་ཐོབ་ཀྱི་ཤེས་པས་དཔག་པར་བྱ་བའི་དེ་ཉིད་དུས་སུ་སྤྲོས་པ་ཅི་ཡང་ཡོད་པ་མ་ཡིན་ནོ། །དེ་ལ་འདོད་ཆགས་མ་སྤངས་རྣམ་པར་དག་པའོ། །ཞེ་སྡང་ལ་སོགས་པ་ལ་སྨྲས་ཏེ། དེ་ནི་ཕན་ཚུན་སྤངས་ཏེ་འགལ་བ་མ་ཡིན་ནོ། །ཆོས་ཀྱི་དབྱིངས་རྟོགས་པས་མ་ལུས་པའི་ཡུལ་དུག་མེད་ པར་བྱས་སོ་ཞེས་གསུངས་སོ། །སྔར་སྨོས་པ་ལྟར་སྟོང་པ་ཉིད་ནི་ཀུན་དུ་སྦྱར་བར་བྱས་ལ། དུག་ལྔའི་བཙལ་ཐབས་ནི་ཞེ་སྡང་བཙལ་བ་བཞིན་དུ་ཀུན་དུ་བལྟ་བར་བྱའོ། །དེ་ལ་ནང་པར་ལྡང་བའི་དུས་སུ་དེ་རིང་ནི་བདག་གི་ཞེ་སྡང་གི་དངོས་པོ་བདག་གིས་སྐྱེས་པའམ། ཕས་རྒོལ་ བའམ། གཞན་དག་ཕན་ཚུན་འཐབ་པའམ། ཞེ་སྡང་སྐྱེས་པ་གང་ཡང་རུང་སྟེ། དེ་དག་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པའི་ཡན་ལག་ཡིན་པས་ཞེ་སྡང་ཅི་བྱུང་ཚོར་བར་ཤོག་ཤིག་པར་སྨོན་ལམ་བཏབ་ལ། ནམ་ཚོར་བའི་དུས་སུ་ཞེ་སྡང་དེ་ཉིད་བསམ་གྱིས་མི་ཁྱབ་པར་བྱའོ། །གལ་ ཏེ་དེའི་ཉིན་པར་ཞེ་སྡང་མ་བྱུང་ན་སྔར་བདག་ཉིད་ཞེ་སྡང་སྐྱེས་པའམ། ཕན་ཚུན་སྡང་བ་དང་། གཞན་གྱི་ཕན་ཚུན་ཞེ་སྡང་སྐྱེས་པ་ལ་དྲན་པ་བསྐྱེད་ལ་དེ་ཉིད་རང་བཞིན་མེད་པར་བྱའོ། །དེ་ལྟར་ནང་གཅིག་བཞིན་དུ་སྨོན་ལམ་བཏབ་ལ་བྱའོ། །དེ་ལྟར་བྱས་པས་ཞེ་སྡང་གི་དུག་གིས་མི་ཚུགས་པར་བྱའོ། ། ཞེ་སྡང་སྐྱེས་སོ་ཅོག་ལམ་དུ་ཤེས་ཙམ་ན། དུག་གཞན་ལ་ཡང་དེ་བཞིན་དུ་ཤེས་པར་བྱ་སྟེ། ཞེ་སྡང་ཡིད་ཀྱི་གང་ཟག་གིས་ཞེ་སྡང་ཡི་དམ་དུ་བྱས་པས་དེ་ལས་སུ་རུང་བ་དང་། འདོད་ཆགས་ལ་སོགས་པ་ལ་སླ་བར་འོང་བ་དེ་བཞིན་དུ་གང་གི་ཞད་ཆེ་བ་དེ་ཐོག་མར་ཡི་དམ་དུ་བྱའོ། ། དེ་ནས་གཞན་ལ་སྦྱར་བ་ནི་སྔ་མ་བཞིན་ནོ། །ཆ་མཉམ་པ་དང་། ཉོན་མོངས་པ་ཆུང་བས་ཀྱང་ཐོག་མར་གང་ཡང་རུང་བ་ཅིག་ཡི་དམ་བྱས་ལ། དེ་ལས་སུ་རུང་བ་དང་རིམ་གྱིས་སྤོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལས་དང་པོའི་གང་ཟག་གིས་གཅིག་ལ་མཆོག་ཏུ་མ་གདམས་ན་ དུག་ལྔ་མང་དུ་འབྱུང་བས་ཡིད་གཏོང་སྙིང་མི་འདོད་དེ། གཞུག་ལྷོད་པ་སྐྱེ་བར་འགྱུར་རོ། །དེ་དག་ནི་སྔོན་དུ་བསྟན་པར་མི་བྱ་སྟེ། ནམ་སྒོམ་པའི་དུས་སུ་གཟོད་གང་ལ་དེ་གདམས་པ་ཞེས་སྔོན་དུ་བསྟན་པའི་དོན་དེ་ནི་དེ་ཉིད་ཡི་དམ་དུ་གདམས་པའོ། །དུག་ལྔའི་འཇིགས་པ་བཏུལ་ནས་མི་ འཇིགས་པ་ལ་ཞུགས་པ་འདི་ནི་མཆོག་ཏུ་གསང་བའོ། །སྣོད་ཤིན་ཏུ་བཟང་བ་ལ་གདམས་པར་བྱའི། སྣོད་ངན་ཚིག་ཙམ་ལ་བརྟེན་ནས་བག་མེད་དུ་སྤྱོད་པ་ལ་ནི་མ་ཡིན་ནོ། །ཐམས་ཅད་བསམ་གྱིས་མི་ཁྱབ་པ་ནི། །གཏོར་མ་དང་ནི་བཟླས་པ་དང་། །དཀྱིལ་འཁོར་མེ་དང་ཆུ་ ཡི་ལས། །ཕྱག་རྒྱ་གདུགས་སོགས་མཆོད་པ་དང་། །ཕྱག་དང་བསྐོར་བ་བྱ་བ་དང་། །ལུགས་མ་འམ་བྲིས་པ་ལ་སོགས་དང་། །གསུང་རབ་བྲི་སོགས་རྩོམ་པ་དང་། །ཐམས་ཅད་དུས་སུ་རྣལ་འབྱོར་པས། །ཐམས་ཅད་རང་བཞིན་རྟོག་མེད་བྱ། །གཉིད་ནི་བག་མེད་མི་ལོག་སྟེ། ། ཇི་ལྟར་པདྨ་ཁ་ཟུམ་པ། །གྲིབ་མས་ནོན་པས་ཟུམ་པ་སྟེ། །གྲིབ་སེལ་སྟོབས་ཀྱིས་རྒྱས་པ་ལྟར། །གསལ་བ་འདས་ནས་མ་རིག་པ། །ས་མཐུག་གྱུར་པའི་སྟོབས་ཀྱིས་ཏེ། །དབུགས་དག་མེ་ལོང་དཀྱིལ་འདུས་ལྟར། །རིམ་གྱིས་བསྡུས་ཏེ་མ་རིག་པ། ། ཤེས་རབ་ཀྱིས་ནི་སྦྱང་བྱས་ནས། །གཅིག་ཤོས་ལ་ནི་ངེས་འདུས་པ། །མ་གོམས་པ་ལས་ཡིད་མི་འབྱུང་། །གོམས་པས་ཡིད་གཉིས་མེད་བ་ནི། །རབ་ཏུ་འབད་པའི་སེམས་གོམས་ཡིན། །གསང་བ་འདུས་པ་ལས། འཕོ་བའི་དུས་སུ་བསམ་མི་ཁྱབ། །ལས་ཀྱི་ཤུགས་ ཀྱིས་འཕོ་བ་དང་། །རྣལ་འབྱོར་ལྕེབ་པའི་མན་ངག་གོ། །བསྒོམ་བྱ་སྨིག་རྒྱུ་ལ་སོགས་ལ། །མཐོང་འོག་དེ་ཉིད་གནས་པ་དང་། །རང་བཞིན་གྱིས་གྲུབ་རྡོ་རྗེའི་ལུས། །བདུན་གྱི་འཕོ་བ་སྤངས་ནས་སུ། །སྲིད་མི་འཇུག་སྟེ་མཐའ་གཉིས་སྤང་། །སྦྱོར་སེམས་སྔོན་དུ་བཏང་བ་ཡིས། ། མཐོང་ནས་ལྡང་འགྱུར་མི་འཇུག་བྱེད། །འདའ་བར་མི་འགྱུར་མཆོག་གྲུབ་པའོ། །རྐང་པ་དང་ནི་ཁ་དང་ལྟེ། །སྙིང་ག་སྤྱི་གཙུག་མིག་རྣམས་ཏེ། །རླུང་ནི་གང་ནས་འཕོ་འགྱུར་བ། །རིམ་པ་བཞིན་དུ་སྐྱེ་ཞིང་འཐོབ། །དམྱལ་བ་ཡི་དགས་བྱོལ་སོང་དང་། །མི་དང་ལྷ་དང་ཡེ་ཤེས་སོ། ། དེ་ནས་སྒོ་གཞན་དགག་བྱས་ལ། །མིག་ནས་རླུང་ནི་ཕུལ་བར་བྱ། །བླ་མའི་ཞལ་ལ་གནས་པའོ། །དེ་བཞིན་ལྕེབ་པའང་ཞལ་ལ་གནས། །རྣལ་འབྱོར་མི་ཤེས་གང་ཟག་གིས། །མི་དང་ལྷ་ཡི་སྐྱེ་བ་རུ། །བླང་བའི་སེམས་ནི་རྩེ་གཅིག་བྱ། །རྡོ་རྗེ་མཁའ་འགྲོའི་ནང་ནས་ཀྱང་། ། འཆི་ཀའི་སེམས་ནི་གཙོ་ཡིན་པས། །གང་ལྟར་བསམས་པ་དེ་ལྟར་འགྱུར། །ཞེས་གསུངས་སོ། །འོ་ན་སྡིག་པ་ཅན་ཡང་དེ་ལྟར་འགྱུར་རམ་ཞེ་ན་མི་འགྱུར་ཏེ། སྡིག་ཆེ་ལས་ཀྱིས་བསྐལ་ནས་ནི། །མན་ངག་འདོད་ན་མི་ཕྲད་དེ། །གལ་ཏེ་ཕྲད་ན་གླད་གཟེར་དང་། །སྨྱོ་འབོག་ སོགས་པས་མི་དྲན་ནོ། །འོ་ན་ཚོགས་བསགས་པ་ལ་འདའ་ཀའི་སེམས་མེད་ཀྱང་བདེ་འགྲོ་རུ་སྐྱོའོ་ཞེ་ན། ཚོགས་དུ་མ་བསགས་ཀྱང་འཆི་ཀར་སེམས་ངན་སྐྱེས་ན་རྒྱལ་པོ་མ་སྐྱེས་དགྲ་ལྟ་བུའོ། །དེ་བས་ན་འདའ་ཀ་མའི་བསམ་གྱིས་མི་ཁྱབ་པ་ལ་ཤིན་ཏུ་འབད་པར་བྱའོ། །འབྲས་བུ་བསམ་ གྱིས་མི་ཁྱབ་པ་ནི་སྐུ་དང་ཡེ་ཤེས་ཏེ། གསེར་ནི་མི་གཙང་ནང་དུ་བཅུག་གྱུར་ཀྱང་། །འབར་བའི་རང་བཞིན་ནམ་ཡང་མི་སྤོང་ལྟར། །ངེས་པ་གང་ཞིག་འཇིག་རྟེན་ཆོས་སྤྱོད་ཀྱང་། །བསམ་པའི་རང་བཞིན་ནམ་ཡང་དེ་མི་སྤོང་། །ཞེས་གསུངས་པས་གཟུགས་སྐུས་འགྲོ་བའི་དོན་བྱེད་པ་ན་ ཡང་འཇིག་རྟེན་གྱི་བྱ་བ་ངན་པ་དང་བྲལ་བའོ། །དེ་ལྟར་རྒྱུ་དང་འབྲས་བུ་ཐམས་ཅད་དུ་གཉིས་སུ་མེད་པ་ཁོ་ན་ཡིན་ཞིང་། དུག་ལྔ་ཤིན་ཏུ་བཙལ་བར་བྱ་བ་ཡིན་ཀྱང་ཐོག་མ་མེད་པའི་དུས་ནས་ཕྱིན་ཅི་ལོག་ལ་གོམས་པའི་དབང་གིས་ཤེས་རབ་དང་བྲལ་ནས་ལོག་པའི་ཤེས་རབ་རྒྱུ་བས་དབེན་པ་ རུ་གནས་ཏེ། མི་རྟོག་པའི་ནུས་པ་རྙེད་ནས་ཚོགས་ཀྱི་གསེབ་ཏུ་ཕྱིན་ཀྱང་ཞེ་སྡང་ལ་སོགས་གང་བྱུང་ཡང་དྲན་པ་དང་མི་འབྲལ་ཞིང་གཞན་གྱི་དབང་དུ་མི་འགྲོ་ན་དུས་ལ་བབ་པའོ། །ཡང་ན་ཀུན་དུ་རྒྱུ་ཉིད་བྱ་སྟེ། གནས་གཅིག་ཏུ་ཡུན་རིང་དུ་གནས་པར་མི་བྱ་སྟེ། མི་དང་ཁྱི་འདྲ་བས་ཁྱི་ ཡང་རང་གི་གནས་ནི་སྟོབས་ཆེ་ལ། ཡུལ་གཞན་དུ་དུལ་བར་འགྱུར་རོ། །དེ་བཞིན་དུ་མི་ཡང་རང་གི་གནས་ན་ཉོན་མོངས་པ་དུལ་བར་དཀའ་སྟེ། ཡུལ་གཞན་དུ་ཉོན་མོངས་པ་ཐུལ་བར་སླ་བས་ཀུན་དུ་རྒྱུའི་ཚུལ་ལ་གནས་པར་བྱའོ། །གང་ཞིག་བདག་གིས་བྱས་བསོད་ཀྱིས། ། ཀུན་ཀྱང་འཚེ་བ་མེད་པར་ཤོག །གང་གི་ལམ་ནས་འགྲོ་བ་ཡིས། །སངས་རྒྱས་ཉིད་དུ་གྲུབ་པར་ཤོག །དུག་ལྔ་སྦས་པའི་ལམ་མཆོག་ཏུ་གསང་བ་བསམ་གྱིས་མི་ཁྱབ་བ་ཞེས་བྱ་བ་སློབ་དཔོན་འཕགས་པ་ལྷས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཡོ་ག་ལཀྵ་ཎ་ས་ཏྱ། བོད་སྐད་དུ། རྣལ་འབྱོར་གྱི་མཚན་ཉིད་བདེན་པ། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དུས་ཀུན་སངས་རྒྱས་དང་། །ཆོས་དང་དགེ་འདུན་ཚོགས་བཅས་ལ། །ཐལ་སྦྱར་གུས་པས་ཕྱག་འཚལ་ནས། །རྣལ་འབྱོར་བསྒོམ་པའི་མན་ངག་ ནི། །རིན་ཆེན་སྣ་ཚོགས་ཚོགས་པ་ལྟར། །རྣལ་འབྱོར་པ་རྣམས་སྒྲོལ་བའི་ཕྱིར། །མདོར་བསྡུས་ནས་ནི་བཤད་པར་བྱ། །ནམ་གྱི་ཆ་སྨད་གཉིད་ལས་སད། །བདག་མ་གཏོགས་པའི་སེམས་ཅན་ལ། །ཐོག་མ་ཉིད་དུ་སྙིང་རྗེ་བསྒོམ། །དེ་ནས་བདག་ཉིད་ལ་བལྟས་ནས། །དིང་ གི་ཉིན་ཞག་འདི་ལ་ནི། །སློང་བའི་སེམས་ཅན་དག་ལ་ནི། །ཇི་སྲིད་འོངས་ཀྱང་སེར་སྣ་ཡི། །དྲི་མས་མི་གོས་ཉིད་དུ་བྱ། །གལ་ཏེ་བསླབ་པ་ལས་འགལ་བའི། །ཡིད་ལ་རྒྱུ་བ་ཕྲ་མོ་ཡང་། །བསམ་པ་ཉིད་དུ་མི་བྱ་ན། །ངག་དང་ལུས་ཀྱི་སྨོས་ཅི་དགོས། །བདག་ ལ་དི་རིང་ཁྲོ་བ་དང་། །བརྡེག་པ་ལ་སོགས་འབྱུང་བར་ཤོག །དེས་ཀྱང་འཁྲུག་པར་མི་བྱ་ཡི། །ལེ་ལོ་བྱུང་ན་ཤེས་བཞིན་གྱིས། །མགོ་ལ་མེ་འབར་བཞིན་དུ་དོར། །བདག་གིས་འགྲོ་འམ་ཉལ་འདུག་རུང་། །སྤྱོད་ལམ་ཇི་ལྟར་གནས་འདུག་ཀྱང་། །ཡིད་ནི་ལྷ་ཡི་ང་རྒྱལ་དང་། །སྐད་ ཅིག་ཙམ་ཡང་མི་འབྲལ་བར། །རང་ཉིད་ཡིན་པར་རྟག་ཏུ་བསམ། །འཁོར་བ་མྱ་ངན་འདས་པ་ཡི། །ཤེས་དང་ཤེས་བྱ་བདག་གིས་ནི། །དེ་རིང་ཉིད་ནས་བདག་གིས་བརྟག །བསྟོད་དང་སྨད་པ་གྲགས་མ་གྲགས། །གཞན་དག་ཇི་ལྟར་ཟེར་ཡང་ནི། །དེ་ཉིད་བྲག་ཅ་ལྟ་བུ་དང་། ། འོན་པ་ལྟ་བུ་བདག་གིས་བྱ། །ཆགས་པའི་གཟུགས་སྒྲ་དྲི་རོ་རེག །འདོད་ཡོན་ལྔ་ལ་གང་དུ་ཡང་། །རྣམ་ཤེས་འཕྲོ་བའི་ཡུལ་བྱུང་ཡང་། །ངག་ཏུ་མ་ཐོན་བར་དུ་བཟློག །གཟུགས་སུ་སྣང་རྣམས་སྐུ་ཉིད་ཡིན། །སྒྲ་རྣམས་གསུང་དུ་བདག་ཉིད་བརྟག །སེམས་ཅན་བྱང་ ཆུབ་རྒྱུ་ཡིན་ཕྱིར། །དེ་ཡི་ཤེས་པ་ཡེ་ཤེས་ཡིན། །སེམས་ཅན་ཇི་ལྟར་མཐོང་གྱུར་ཀྱང་། །དེ་དག་ཉིད་ལ་བློ་ཕྱག་བྱ། །འདི་དག་ཉིད་ལ་བརྟེན་ནས་བདག །སངས་རྒྱས་ཉིད་དུ་འགྲུབ་པས་ན། །དགེ་བའི་བཤེས་གཉེན་དམ་པ་ཡིན། །མང་པོ་ཚོགས་པར་གྱུར་པ་ན། །རོ་དང་ དུར་ཁྲོད་འདུ་ཤེས་བསྐྱེད། །གྲོང་དུ་འཇུག་པར་བྱེད་པ་ན། །བཙོན་ར་ཁྲི་མོན་འདུ་ཤེས་བསྐྱེད། །རྒྱལ་པོའི་ཕོ་བྲང་འགྲོ་བ་ན། །ངན་འགྲོ་ནད་དང་འཆིང་བ་དང་། །གཡང་ས་ཆེན་པོའི་འདུ་ཤེས་བསྐྱེད། །གལ་ཏེ་བུད་མེད་ཚོགས་མཐོང་ན། །མི་གཙང་རྫས་ནི་སུམ་ཅུ་དང་། ། འཁོར་བའི་ལམ་འདྲེན་ཡིན་པར་བསམ། །ཉེ་དུ་ཕ་མ་བུ་ཚ་རྣམས། །དེ་ལ་ཆགས་སྤངས་བཏང་སྙོམས་བསམ། །དགྲ་རྣམས་མཐོང་ན་འདི་དག་གིས། །བཟོད་རྫོགས་བྱང་ཆུབ་ཡིན་པར་བསམ། །བདག་གི་ལོངས་སྤྱོད་རྫས་ལ་ཡང་། །འདིར་ནི་རྩོད་པའི་རྒྱུ་དང་ནི། །ཕྱི་མར་ ངན་འགྲོར་འཁྲིད་པར་བསམ། །བདག་ལ་བསྟོད་པ་བརྗོད་ན་ཡང་། །འདི་ནི་ང་རྒྱལ་འཕེལ་བྱེད་པས། །ངན་འགྲོར་འཁྲིད་པར་བྱེད་པ་ཡིན། །གལ་ཏེ་སྨོད་པ་བྱུང་ན་ཡང་། །འདི་ལ་བཟོད་བསྒོམ་བྱང་ཆུབ་ཀྱང་། །མཚན་མ་རྫོགས་པར་རབ་ཏུ་བསམ། །གནས་ལ་ཞེན་པ་བྱུང་གྱུར་ན། ། རྨི་ལམ་གྲོང་ཁྱེར་ཇི་བཞིན་དུ། །རྣལ་འབྱོར་པ་ཡིས་རབ་ཏུ་བསྒོམ། །བདག་གིས་དེང་གི་ཉིན་ཞིག་ལ། །ངག་ལས་བཟླས་བརྗོད་ཁ་ཏོན་བྱ། །ཀླག་སོགས་བསླབ་ལས་མི་འགལ་བར། །དེ་རིང་བདག་གིས་སྨྲ་བར་བྱ། །ལུས་ཀྱི་གཡོ་བ་ཐམས་ཅད་ཀྱང་། །མཆོད་དང་བསྐོར་བ་ལ་ སོགས་པ། །ངལ་སོ་དོན་ཡོད་ཉིད་དུ་བྱ། །རྣམ་རྟོག་གཉེན་པོར་མ་བསྡམས་ན། །ཚིག་ཏུ་བརྗོད་པས་ཅི་ཞིག་འགྲུབ། །དེ་བས་རྣམ་པ་ཐམས་ཅད་དུ། །གཉེན་པོའི་དཔུང་ཚོགས་བསྐྱེད་ནས་ནི། །ཉོན་མོངས་རྣམས་ནི་དཔྱིས་ཕྱིན་བྱ། །བཟའ་བཏུང་ཞིམ་པོ་ཟ་བའི་ཚེ། །རོ་ལ་ཞེན་པ་ སྤང་བྱ་ཞིང་། །མི་གཙང་རྒྱུ་ལས་བྱུང་བ་དང་། །ཐ་མར་མི་གཙང་འགྱུར་བར་བསམ། །རེག་བྱ་འཇམ་པོ་ཚོར་བའི་ཚེ། །རེག་བྱ་ཇི་བཞིན་ཡིན་པར་བསམ། །འདིར་མང་སྨོས་པ་ཅི་ཞིག་དགོས། །གང་དུ་ཉོན་མོངས་འཕེལ་བ་ཡི། །ཁྱིམ་པ་འང་རབ་ཏུ་བྱུང་ཡང་རུང་། །དེ་དག་རབ་ཏུ་སྤང་བྱ་ ཞིང་། །ཉོན་མོངས་རྣམ་པར་མི་འཕེལ་བའི། །སྒྲུབ་པའི་གྲོགས་མཆོག་གང་ཡང་རུང་། །དེ་དག་བསྟེན་པ་མིག་ལྟར་བྱ། །བདག་ནི་དེ་རིང་ནས་བརྩམས་ཏེ། །བྱང་ཆུབ་སྙིང་པོར་མཆིས་བར་དུ། །རྟག་ཏུ་རབ་ཏུ་བྱུང་བ་དང་། །ཚངས་པར་སྤྱོད་པ་ཉིད་དུ་བྱ། །ཉིན་མཚན་དུས་ལས་ མ་ཡོལ་བར། །ཐུན་མཚམས་གསུམ་དུ་བསྒོམ་པར་བྱ། །སྲོག་དང་རྩོལ་བ་བཀག་པ་དང་། །རླུང་མེད་པ་ཡི་མར་མེ་ལྟར། །རྟག་ཏུ་སྤྲོས་བྲལ་བསྒོམ་པར་བྱ། །དེ་ནས་ལྡང་ཚེ་ང་རྒྱལ་གྱིས། །མཚན་དང་དཔེ་བྱད་སྐུར་ལྡན་པའི། །ལྷ་ཡི་ང་རྒྱལ་བརྟན་པོར་བསམ། །མཚན་ མོའི་ཐུན་ལ་བབ་པའི་ཚེ། །བདེ་གཤེགས་ཇི་ལྟར་གཟིམས་པ་ལྟར། །འཇིག་རྟེན་རྟོག་སྤངས་བདག་ཉིད་ཉལ། །མདོར་ན་ཆོས་རྣམས་ཐམས་ཅད་ཀུན། །རྨི་ལམ་ལྟ་བུར་བརྟག་པར་བྱ། །རྣལ་འབྱོར་སྒོམ་རྣམས་གཙོར་བྱ་ཡིས། །ལུས་ངག་དགེ་བ་གཙོར་མི་བྱ། །ཆོས་སྤྱོད་ རྣམ་བཅུ་ལ་སོགས་ལ། །ཉོན་མོངས་པས་ནི་མ་ཡེངས་པར། །བསྒྲིམས་ནས་བདག་གིས་འབད་པས་བསྒྲུབ། །རྟག་ཏུ་འཆི་བསམ་མ་ཆགས་བློས། །དངོས་པོ་ཅི་ལའང་མ་ཆགས་པར། །སྤྱོད་ལམ་ཇི་ལྟར་གནས་ཀྱང་བསྒོམ། །བསོད་ནམས་སེམས་ཅན་ ཀུན་ལ་བསྔོ། །བྱང་ཆུབ་བཟང་པོ་བདག་གིས་ནི། །རྣལ་འབྱོར་སྒོམ་པ་བརྩམས་པ་ཡིས། །དགེ་བ་ཟླ་ཟེར་དྲི་མེད་དེས། །བདག་དང་འགྲོ་བ་མ་ལུས་པས། །དཔལ་ལྡན་རྡོ་རྗེ་འཆང་འགྲུབ་ཤོག །རྣལ་འབྱོར་གྱི་མཚན་ཉིད་བདེན་པ་མཁས་པ་ཆེན་པོ་དཔལ་བྱང་ཆུབ་བཟང་པོའི་ཞལ་ སྔ་ནས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་ཏཪྴ་གནྦྷོ་ཤི་པཱ་རི་ཀ་ཐཱ་ནཱ་མ། བོད་སྐད་དུ། ཤེས་རབ་བརྩམ་པ་དུས་ཀྱི་གཏམ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་ཕྱག་འཚལ་ལོ། །བདེ་ཆེན་འཁོར་ལོ་ཟག་མེད་སྤྲོས་པ་རྒྱས་པའི་ སྐུ་དང་ཆོས། །ཚོགས་པའི་ཞིང་དང་དངོས་གྲུབ་རྩ་བ་རྣམས་ལ་ཕྱག་འཚལ་ཏེ། །གལ་ཏེ་བརྩོན་འགྲུས་ཕ་རོལ་ཕྱིན་པའི་དུས་མིན་གྱི། །ཡིན་པའི་རྟགས་དང་ལྡན་དུས་རྟག་ཏུ་བཟོད་མེད་བརྩམ། །སློབ་དཔོན་སློབ་མ་ཚོལ་བ་དང་། །རིན་ཆེན་རྙེད་པར་བསྒྲུབ་པ་དང་། །སློབ་མ་དོན་ དྲིན་སླར་འདོན་དང་། །དབང་བསྐུར་མེད་པར་སླར་འདོད་དང་། །རེ་བའི་གོས་ཀྱིས་འགྲོ་བ་དང་། །ལྕི་བའི་ཟས་ཀྱིས་འཚོ་བ་དང་། །མི་ཕྱེད་རྙེད་སོགས་རྩོད་པ་དང་། །དྲག་པོས་གཞན་ཟིལ་གནོན་འདོད་དང་། །སྐུ་གཟུགས་རྩོད་པས་འཇིག་པ་དང་། །མིག་ཅན་འགྲན་ཟླས་རྩོད་གྱུར་ དང་། །དགེ་སློང་གནས་ལ་རྩོད་པ་དང་། །གྲུབ་མཐའ་སྐུར་བས་སུན་འབྱིན་དང་། །འགྲོ་རྣམས་སྤྱོད་པ་ལྟ་བ་དང་། །མཁའ་འགྲོ་འབྲས་བུར་འཕོ་བ་དང་། །རིན་ཆེན་གྲགས་པ་འདས་པ་དང་། །མི་རྣམས་གཡོ་སྒྱུས་འཚོ་བ་དང་། །ཤིང་རྣམས་གཡབ་མོས་གཡབ་པ་དང་། ། རི་རྣམས་ཆོ་ངེས་འདེབས་པ་དང་། །ཆུ་རྣམས་མེ་ཡི་འོད་འབྱིན་དང་། །སྐལ་བ་ཅན་ལ་གྲགས་མིན་བརྗོད། །རྩོད་རྟགས་ཉི་ཤུ་རྫོགས་པ་ཡིས། །བྲམ་ཟེ་མོ་ཡི་མར་མེ་འདྲ། །ཀྱེ་ལྷ་དང་དྲང་སྲོང་འཚོ་བའི་དུས་འདས་བསམ། །སྙིང་རྗེས་དམན་པ་རྗེས་འཛིན་ཟླ་འབྱུང་དུས། །སྐྱབས་ སུ་འགྲོ་བ་དམ་པའི་རྟེན་འབྲེལ་ན། །འཆི་བའི་དུས་ཚེ་སྡུག་བསྔལ་སོགས་འབྱུང་འགྱུར། །ཀྱེ་སྐྱེ་བ་བཟང་ཐོབ་སྐྱེས་ངན་བུད་མེད་ཀྱིས། །ལུས་དང་ངག་ཡིད་སྡོམ་པ་མཆོག་གསུམ་ལ། །བརྩེ་ལྡན་དམིགས་མེད་འབྲེལ་པ་མི་གནས་པ། །དམ་པར་འགྱུར་ཚུལ་བྲལ་ན་ངེས་པར་འཆིང་། ། ཀྱེ་དངོས་གྲུབ་ཉེ་བར་རྙེད་པར་མ་བཙལ་ན། །རང་གི་བདེ་ཆེན་འབད་པས་རྟོགས་མི་འགྱུར། །འོད་གསལ་མ་བརྙེས་ཉོན་མོངས་ལམ་མི་འགྱུར། །ངག་དང་མི་ལྡན་ཆོས་ཉིད་རྒྱས་གདབ་བྲལ། །བདེན་པ་བྲལ་བས་ངེས་འབྱིན་རྙེད་མི་འགྱུར། །བརྟུལ་ཞུགས་བརྟན་ཏེ་མ་བྱས་གསལ་མི་ རྙེད། །སེམས་ཀྱི་མེལ་ཚེ་བྲལ་བས་མཆོག་ཐོབ་མིན། །དབང་པོ་མ་ཡེངས་སྐྱེ་བ་རྣལ་འབྱོར་རྣམས། །འདོད་པས་མ་གཡེང་བྱ་བ་ལ་མི་འཇུག །མན་ངག་འགྲོ་ལ་མ་གཡེང་གཉིད་མ་ལྡོག །དམ་པའི་བརྒྱུད་པ་མ་བསྐམ་འབྲས་མ་བཅད། །ཀྱེ། ཀྱེ་མ་རྟག་ཏུ་ཕྱི་ནང་མཉམ་ པར་བལྟ། །དུས་ནི་ཡུན་ཐུན་འདི་ལ་མ་རྫོགས་ན། །དུས་འགྱུར་བ་ཡིས་དུས་རབ་རྙེད་མི་འགྱུར། །དེ་བས་བརྩོན་འགྲུས་དུས་ལ་བབ་ཀྱིས་བྱོས། །རྟོགས་པའི་སངས་རྒྱས་བྲམ་ཟེ་སྟེ། །འདོད་ལ་རབ་ཆགས་བྷ་བྷི་ཏི། །ངོམས་མེད་ཉམས་བྲལ་བྷ་ལོ་ཤ །ད་ནི་དུས་འདས་ཉི་མ་འདྲ། ། བདག་གིས་གདམས་པ་འདི་བྲིས་པས། །རིམ་གྱིས་ལམ་ལ་རྩོལ་འགྱུར་ཤོག །ཤེས་རབ་བརྩམ་པ་དུས་ཀྱི་གཏམ་ཞེས་བྱ་བ་བྷངྒ་ལའི་མཁས་པ་དཔལ་ངེས་པར་སྦྱངས་པ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་བྲམ་ཟེ་བྷ་ལོ་ལ་གདམས་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ས་མཱ་དྷི་སམྦྷ་ར་པ་རི་བརྟ། བོད་སྐད་དུ། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །དང་པོའི་སྙིང་རྗེའི་སྟོབས་ལས་བྱུང་། །རྫོགས་པའི་བྱང་ཆུབ་སེམས་བརྟན་བྱ། །སྲིད་པའི་ལོངས་སྤྱོད་བདེ་མ་ཆགས། །ཡོངས་སུ་ འཛིན་པ་རྒྱབ་ཀྱིས་ཕྱོགས། །དད་སོགས་ནོར་ནི་ཕུན་སུམ་ཚོགས། །བླ་མ་སངས་རྒྱས་དང་མཉམ་གུས། །དེས་བསྟན་དམ་ཚིག་སྤྱོད་པ་ནི། །ཡོངས་སུ་བསྐྱེད་ལ་རབ་ཏུ་བརྩོན། །བུམ་པ་གསང་བའི་དབང་བསྐུར་བ། །བླ་མའི་དྲིན་གྱིས་ཡོངས་སུ་ཐོབ། །ལུས་ངག་སེམས་ནི་རྣམ་ དག་པའི། །སྒྲུབ་པ་པོ་དེ་དངོས་གྲུབ་སྣོད། །ཏིང་འཛིན་ཡན་ལག་ལས་བྱུང་བའི། །ཚོགས་ནི་ཡོངས་སུ་རྫོགས་པ་ལས། །མྱུར་དུ་དངོས་གྲུབ་ཐོབ་འགྱུར་བ། །དེ་ལྟར་གསང་སྔགས་ཚུལ་གནས་ཡིན། །ཏིང་འཛིན་ཡན་ལག་ཉམས་གྱུར་ཅིང་། །དེ་ཡི་མི་མཐུན་ ཕྱོགས་གནས་ན། །སྐྱེ་བ་བྱེ་བ་སྟོང་གིས་ཀྱང་། །ཏིང་འཛིན་རབ་ཏུ་གྲུབ་མི་འགྱུར། །ཏིང་ངེ་འཛིན་ནི་རབ་གྲུབ་ཕྱིར། །གསང་སྔགས་སྤྱོད་གནས་རྣལ་འབྱོར་པས། །དེ་ལས་གཞན་པའི་སེམས་སྤངས་ཏེ། །གཡེང་མེད་བརྩོན་པས་འབད་པར་བྱ། །ཏིང་ངེ་འཛིན་གྱི་ཡན་ལག་ དང་། །མི་མཐུན་ཕྱོགས་གང་ངེས་བྱའི་ཕྱིར། །ཏིང་འཛིན་ཡན་ལག་མི་མཐུན་ཕྱོགས། །དེ་ནི་མདོར་བསྡུས་ནས་བཤད་བྱ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། །ལོངས་སྤྱོད་རྣམས་ལ་ལྟོས་མེད་ཉིད། །བཟོད་ལྡན་དམ་བཅའ་བརྟན་པ་དང་། །སྐྱེ་བོ་འདུ་འཛི་རྣམ་པར་སྤང་། ། ལུས་དང་ངག་ཡིད་ལས་རྣམས་ལ། །ཤེས་བཞིན་དང་ནི་ལྡན་པ་དང་། །སངས་རྒྱས་སྐུར་འདོགས་དྲན་པ་ཡི། །ལུས་ཀྱི་རྗེས་དྲན་ཡང་དག་ལྡན། །དུས་གང་དུ་ནི་བྱ་བ་ཡི། །རྗེས་དྲན་དེ་ལ་བརྟན་པ་དང་། །སྒྲིབ་པ་ལྔ་ནི་སྤང་བ་དང་། །ཟས་ཀྱི་ཚོད་རིག་སྤྱོད་ལམ་རན། ། འཇིག་རྟེན་ཆོས་ནི་ཐམས་ཅད་ལ། །རྟག་ཏུ་སེམས་ནི་བཏང་སྙོམས་དང་། །ཡོ་བྱད་བསྙུངས་འདི་ཡན་ལག་སྟེ། །གོ་བཟློག་པ་ནི་མི་མཐུན་ཕྱོགས། །ཏིང་འཛིན་ཚོགས་ཀྱི་ལེའུ་བཀོད་པའི་བསོད་ནམས་དེས། །འགྲོ་བས་ཏིང་འཛིན་རྡོ་རྗེ་ལྟ་བུ་ཐོབ་པར་ཤོག །ཏིང་ངེ་འཛིན་གྱི་ ཚོགས་ཀྱི་ལེའུ་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ལོཀ་ ཨ་ཏི་ཏ་སཔྟ་ཀ་བི་དྷིཿ། བོད་སྐད་དུ། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཕྱག་གནས་ཕྱག་བྱེད་ཕྱག་རྣམས་ནི། །གང་ཚེ་ཐ་དད་མི་ དམིགས་པ། །དེ་འདིར་སྔགས་པའི་ཕྱག་ཡིན་ཏེ། །རྡོ་རྗེའི་ཕྱག་ཅེས་བརྗོད་པ་ཡིན། །མཆོད་གནས་མཆོག་བྱེད་མཆོད་པ་རྣམས། །གང་ཚེ་སྣ་ཚོགས་མི་དམིགས་པ། །དེ་ཚེ་མཆོད་པ་ཆེན་པོ་སྟེ། །རྡོ་རྗེའི་མཆོད་པ་ཞེས་བརྗོད་དོ། །བཤགས་བྱ་འཆག་བྱེད་བཤགས་པ་ རྣམས། །གང་ཚེ་རྣལ་འབྱོར་པས་མ་མཐོང་། །རང་བཞིན་དག་པར་ཡང་དག་མཐོང་། །དེ་འདིར་བཤགས་པའི་མཆོག་ཡིན་ནོ། །རྗེས་ཡི་རང་བྱ་ཐམས་ཅད་དང་། །བདག་དང་རྗེས་སུ་ཡི་རང་བ། །རྣལ་འབྱོར་པ་ཡིས་མཉམ་པར་མཐོང་། །རྗེས་སུ་ཡི་རང་དམ་པ་ཡིན། །སྒྱུ་ མས་སྤྲུལ་པའི་སངས་རྒྱས་ལ། །སྒྱུ་མས་སྤྲུལ་པའི་ལུས་ཅན་ཕྱིར། །བྲག་ཅ་ལྟ་བུའི་ཆོས་རྣམས་ནི། །བསྟན་པར་ཡང་དག་སྐུལ་འདེབས་པ། །སྤྲུལ་པ་དག་དང་མཚུངས་པར་ནི། །ཐལ་མོ་སྦྱར་ནས་སྐུལ་བྱེད་ཅིང་། །རྡོ་རྗེ་རྣལ་འབྱོར་མཉམ་པར་མཐོང་། །སྐུལ་བར་བྱེད་པའི་ མཆོག་ཏུ་འདོད། །མྱ་ངན་འདས་བཞེད་སངས་རྒྱས་རྣམས། །འཁོར་བར་སྤྲུལ་པ་བཞིན་དུ་ནི། །སེམས་ཅན་སྤྲུལ་པའི་དོན་གྱི་ཕྱིར། །བཞུགས་པར་གསོལ་འདེབས་དེ་ཉིད་རིག །འཇིག་རྟེན་འདས་པ་ཉིད་ཀྱི་ཕྱིར། །དེ་འདིར་གསོལ་འདེབས་མཆོག་ཏུ་འདོད། །དམིགས་པ་ ཅན་དུ་འཇུག་པ་ཉིད། །ཐམས་ཅད་འཇིག་རྟེན་པ་ཉིད་ཡིན། །རྫོགས་པའི་བྱང་ཆུབ་རྨི་འདྲ་ལ། །དེ་ཉིད་རིག་པས་རྨི་འདྲར་རིག །རྨི་འདྲའི་སྲིད་པར་གནས་པ་ཡིན། །སེམས་ཅན་རྣམས་ལ་ཕན་བཏགས་པས། །ཆོས་དབྱིངས་བཞིན་དུ་དཔག་མེད་པར། །དགེ་བ་ཐམས་ཅད་ཡོངས་ བསྔོ་ན། །དེ་འདིར་བསྔོ་བ་དམ་པ་སྟེ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་མཛད་པ་རྫོགས་ སོ།། ༄༅༅། །རྒྱ་གར་སྐད་དུ། སུ་ག་ཏ་ཤཱ་ས་ན་རཏྣ་བྷ་ཧི་ད་དྲ་ནཱ་མ། བོད་སྐད་དུ། བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེའི་གྲུ་བོ་ཞེས་བྱ་བ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །བརྩེ་ལྡན་རྟོགས་བཅས་ལུང་གིས་ཕྱུག །སྨྲ་མཁས་ སྐྱོ་བ་མེད་ཡིད་ཐུལ། །སྦྱངས་སྡོམ་དབང་པོ་རབ་ཞི་བའི། །བླ་མ་ལ་བཏུད་དེ་བསྟན་བཤད། །ཤིན་ཏུ་རྙེད་དཀའི་དལ་བ་སྤྲིན་འདྲ་ལས་འབྲས་རྗེས་འབྲེལ་སྡུག་བསྔལ་ཅན། །གནས་ལ་རབ་དད་འགྲོ་ལ་བརྩེ་དང་ཆོས་རབ་རྣམ་འབྱེད་བརྩོན་འགྲུས་དང་། །གུས་པས་མཆོག་ གསོལ་ཆོ་ག་བཟང་ལྡན་མཉམ་པར་འཇོག་བརྩོན་ལེགས་བསྔོར་བཅས། །བསམ་བྱ་བསྒྲུབ་བྱ་རྣལ་འབྱོར་མཆོག་སྤྱོད་སྲིད་ཞིའི་རྒྱ་མཚོ་སྒྲོལ་བའི་གྲུ། །རུས་སྦལ་གྱིས་ནི་གཉའ་ཤིང་དང་། །ཡུངས་འབྲུ་ཁབ་ཀྱི་བུ་གར་དང་། །རྩིག་ངོས་ལ་ནི་སྲན་འབྲས་ལྟར། །དལ་བ་ཤིན་ཏུ་རྙེད་དཀར་ གསུངས། །གང་ཕྱིར་ལས་ཅན་ཀུན་གྱི་ལས། །རྒྱུན་ལྟར་ཐུར་དུ་ལྟུང་ཕྱིར་དང་། །དེར་ཡང་མི་དགེ་འཕེལ་ཕྱིར་དང་། །མིན་ཡང་ལེགས་སྤྱད་བྱ་དཀའི་ཕྱིར། །རྟེན་འདི་ཐོབ་དཀའ་དེ་བཞིན་དུ། །ཇི་ཙམ་རྙེད་དཀའ་དེ་ཙམ་གྱིས། །སྙིང་པོ་མེད་པའི་ལུས་འདི་ལས། །སྙིང་པོ་དམ་པ་ བཙལ་བར་བྱ། །དེ་ཕྱིར་བདག་ལ་ལེགས་འདོད་པས། །སྐྱེས་བུའི་དོན་བསྒྲུབ་བྱ་བའི་ཕྱིར། །རྒྱ་མཚོར་བྱིང་བས་རྙེད་པ་ཡི། །གྲུ་བོ་ལྟ་བུར་ལུས་འདི་སྤྱད། །སྲོག་འདི་འདུས་བྱས་ཡིན་ཕྱིར་དང་། །མི་སྡོད་ཕྱིར་དང་རྐྱེན་མང་ཕྱིར། །དེ་བཞིན་སྙིང་པོ་མེད་པའི་ཕྱིར། །འཆི་བདག་གིས་ བདག་མྱུར་ཟ་ངེས། །ལུས་དང་ལོངས་སྤྱོད་སྡུག་པ་ཡི། །མཛའ་རྣམས་རྗེས་འབྲང་མི་འགྱུར་ཞིང་། །མགོན་མེད་གཅིག་པུ་གྱི་ནར་ནི། །འཇིག་རྟེན་ཕ་རོལ་འདོང་བར་བྱེད། །རེ་ཞིག་ཚེ་རབས་འགའ་ལྟ་ཞིག །ཉོན་མོངས་མི་འགྱུར་གདེང་ཐོབ་པའམ། །བདག་ལ་ཡང་ཡེ་མི་ སྣང་ན། །ཅི་ཕྱིར་བདག་ཡིད་བདེ་བར་འདུག །དེ་བས་འབད་པ་ཐམས་ཅད་ཀྱིས། །ཚེ་འདིའི་དགོས་པ་ཁྱད་བསད་ཅིང་། །མགོ་ལ་མེ་ཤོར་བསྒྲིམས་པ་བཞིན། །མཁས་པ་སླད་མའི་དོན་བསྒྲུབ་བྱ། །མཐོང་དང་མ་མཐོང་མྱོང་བ་ཡི། །རྣམ་སྨིན་རྒྱུ་མཐུན་དབང་གི་ལས། །མངར་ སྐྱུར་ཁ་ལ་རང་རྒྱུ་བཞིན། །སླུ་མེད་ལས་འབྲས་འབྲེལ་པར་འདོད། །མཁའ་ལྟར་འགག་མེད་སེམས་ཉིད་ལ། །སྣ་ཚོགས་བག་ཆགས་སྤྲིན་ཚོགས་འཁྲིགས། །སྨིན་གྱུར་ཆར་གྱི་རྒྱུན་འབབ་པས། །རྗེས་མྱོང་ལོ་ཏོག་སྨིན་པར་བྱེད། །ཆོས་ཀུན་རྟེན་ཅིང་འབྲེལ་འབྱུང་ཞིང་། ། རྟེན་མེད་དེ་ཡི་རྟེན་ཡིན་ཏེ། །བརྟེན་པའི་རྒྱུ་འབྲས་གཤིས་ཡིན་ཕྱིར། །དཀར་གནག་ལས་འབྲས་འབྲེལ་པ་ཉིད། །སླུ་མེད་སོ་སོར་ངེས་ཕྱིར་དང་། །ཆུང་ལས་ཆེ་ཉིད་འབྱུང་ཕྱིར་དང་། །སྔོན་བྱུང་ད་དུང་མྱོང་འགྱུར་ཕྱིར། །བློ་ལྡན་བླང་དོར་འབད་པར་རིགས། །དེ་ལྟར་ལས་དེ་དང་ དེ་ཡི། །འབྲས་བུ་སྡུག་བསྔལ་བསམ་ཡས་ཀྱིས། །སྐྱེ་དགུ་ཀུན་དུ་གདུང་བ་ཡང་། །མེ་ལྕེ་ཡི་ནི་སོ་མལ་བཞིན། །དེ་ནི་འདུ་བྱེད་འགྱུར་བ་དང་། །སྡུག་བསྔལ་གྱི་ཡང་སྡུག་བསྔལ་སོགས། །སྐྱེ་རྒ་ན་དང་རྒུད་དང་འཆི། །ཕྲད་བྲལ་བསྲུང་དཀའ་ཚོལ་ལ་སོགས། །ཇི་ ལྟར་བཀྲ་ཤིས་རྣ་ནག་དང་། །དྲི་མི་ཞིམ་དང་མི་གཙང་བཞིན། །སྡུག་བསྔལ་ཉེ་བར་ལེན་པ་ལ། །ལྷན་སྐྱེས་རྟག་ཏུ་འབྲེལ་པ་ཡིན། །རྨོངས་རྣམས་སྡུག་བསྔལ་གྱིས་སྐྲག་བཞིན། །དེ་ཡི་རྒྱུ་ལ་དགའ་མགུར་སྤྱོད། །མི་གང་ནད་ལ་དུག་བཞིན་དུ། །ཤེས་པས་གཉིས་ སྤོང་དེ་མཁས་པ། །བསྐལ་མང་རྙེད་དཀའི་དལ་བ་ལེགས་རྙེད་བྲག་རུམ་ཨུ་དུམྦཱ་ར་བཞིན། །གང་ཐོབ་སྲོག་འདིའང་རྟག་ཏུ་མི་རུང་རི་གཟར་ཁྲོད་ཀྱི་ཀླུང་རྒྱུན་འདྲ། །ལུས་ཅན་རྣམས་ཀྱི་དཀར་ནག་ལས་ཀྱང་ས་བོན་དང་ནི་ལོ་ཏོག་མཚུངས། །འདི་དག་ཏུ་ནི་སྡུག་བསྔལ་གདུང་བའང་མེ་འོབས་ འབར་བའི་མེ་ལྕེ་བཞིན། །ཞེས་བྱ་བ་ནི་བསམ་པར་བྱ་བའི་གནས་བཞིའི་ཆོས་མདོར་བསྡུ་བའོ།། །།སྐྱབས་གསུམ་ཐར་པ་ལས་འབྲས་ལ། །རབ་དང་མངོན་འདོད་ཡིད་ཆེས་དང་། །རྙོག་མེད་ཡིད་གཞུངས་རྣམ་པར་ངེས། །གུས་སྦྱོར་ཐེ་ཚོམ་མེད་པར་རྒྱུ། །ཡོན་ཏན་ཤེས་པ་ཉིད་ དང་དེ། །ཅིག་ཤོས་སྐྱོན་མཐོང་ཡིད་འབྱུང་བཅས། །རྟགས་མྱོང་ཁོང་དུ་ཆུད་གྱུར་ལ། །བརྟེན་ནས་དང་བ་ཐོབ་པར་འགྱུར། །བྱ་བ་ཀུན་སྔོན་འགྲོ་ཕྱིར་དང་། །བྱེད་པ་ཡི་ནི་རྒྱུ་ཉིད་ཕྱིར། །ས་བོན་ཚིག་ལས་མྱུ་གུ་བཞིན། །ཆོས་ཀུན་སྤྲོ་བ་མེད་ལ་མིན། །འདི་ན་གང་ལ་རབ་དང་ཡོད། ། དེ་ཡིས་དངོས་གང་བསྒྲུབ་དཀའ་བ། །དེ་ཡང་གཞན་གྱིས་བྱ་སླ་བས། །རབ་ཏུ་སླ་བས་འགྲུབ་པར་འགྱུར། །སེམས་ཅན་ཆོས་དང་ཆོས་ཉིད་ལ། །བརྩེ་རྟོགས་མཚན་མ་མེད་སྙིང་རྗེ། །མི་བཟོད་མངོན་དུ་བྱེད་རྟོག་མེད། །དོན་ཤེས་དྲི་མ་ཟད་སྦྱོར་རྒྱུ། །གཉེན་ཚོགས་སྡུག་བསྔལ་ མཐོང་དྲན་དང་། །གང་ཟག་ཆོས་བདག་མེད་ཉིད་དང་། །རིགས་ལུང་མན་ངག་གིས་ཕྱེ་བས། །མཐོང་ཕྱིར་གཞན་ཞུགས་བརྩེ་བ་སྐྱེ། །སྐུ་གཉིས་ལྷུན་གྱིས་འགྲུབ་པའི་རྒྱུ། །རིན་ཆེན་སེམས་ཀྱི་རྒྱུ་ཕྱིར་དང་། །ཇི་ལྟར་ཁབ་ལ་ཁབ་ལེན་བཞིན། །འགྲོ་ བ་སྡུད་པར་བྱེད་ཕྱིར་ཏེ། །དེ་བཞིན་དེ་ཡི་ཁྱད་པར་གྱིས། །རྒྱལ་སྲས་མཛད་པ་ཁྱད་པར་ཕྱིར། །སྨན་ཤིང་ལྗོན་པ་ལྟ་བུ་ཡི། །ཕུན་ཚོགས་སྙིང་རྗེ་བསྐྱེད་པར་བྱོས། །སྒྱུ་མས་སྤྲུལ་པའི་གྲོང་ཁྱེར་དུ། །སྐྱེས་བུ་དེ་དག་དགའ་དང་གདུང་། །ཡུལ་དུས་རྣམ་ཀུན་ཤིན་ཏུ་བ། །སྣང་ མཚུངས་དོན་མ་གྲུབ་རྟོགས་ཤེས། །མ་འགགས་མུ་མཐར་ཐུག་མིན་དང་། །སྐྱེ་བ་མེད་ལས་སྐྱེ་ཕྱིར་ནི། །སྣང་འགྱུར་གང་སྐྱེས་སྐྱེ་མེད་དང་། །རྟེན་འབྲེལ་རྩ་བ་ཟད་ཕྱིར་སྟོང་། །དེ་ལ་གང་སྣང་ལ་སོགས་ཕྱིར། །འཁོར་བའོ་དེ་ཉིད་དེ་ཚེ་དེར། །དཔྱད་ན་མཁའ་ལྟར་དབེན་པ་ན། ། རང་བཞིན་མྱ་ངན་འདས་པར་བརྗོད། །དེ་ནི་མི་རྟོགས་རྟོགས་དཀའ་ཞིང་། །རྟོགས་ན་ངེས་པར་གྲོལ་འགྱུར་ཕྱིར། །རབ་ཟབ་ཟབ་ཅིང་ངོ་མཚར་ཕྱིར། །མཁས་པས་འཛིན་པ་རྣམ་པར་གཞིག །འབྲས་བུ་བཟང་རྣམས་མཐོང་ཉིད་དང་། །འགྲུབ་པ་འབད་པ་ལ་རག་ཕྱིར། ། རྒྱུན་འབྲེལ་གོམས་པས་དོན་ཐོབ་ཤེས། །བསམ་བརྩོན་ཕྱིར་མི་ལྡོག་བརྩོན་འགྲུས། །གཞན་སྐྱོན་འདི་ཡི་ཡོན་ཏན་རིག །གཉིད་སོགས་སྙོམ་བྲལ་ཞུམ་མེད་དང་། །ཐབས་སྦྱངས་སྙིང་བརྟན་རྟུལ་ཕོད་དཔའ། །སྐལ་ལྡན་སྤྲོ་བ་རྣམ་པར་འཕེལ། །རླུང་མེད་རྣམ་གཡོ་ མི་འབྱུང་བཞིན། །བརྩོན་བྲལ་ལེགས་སྤྱད་ག་ལ་ཡོད། །སྤྲོ་ལྡན་སྐད་ཅིག་ཉིད་ལ་ཡང་། །རི་རབ་ཐལ་བར་བརླག་སེམས་བསྐྱེད། །ཀྱེ་མ་ཧོ་གཞན་དུ་ཡིད་བརྟན་མེད། །ཉིང་མཚམས་ཚེ་ན་ལོང་མེད་དེ། །གསོན་ཚེ་འང་བསིལ་ཁང་མར་མེ་བཞིན། །ཅི་ཕྱིར་བདག་བློ་ ངལ་བར་གནས། །བདག་ཉིད་པདྨོ་དམར་གསལ་རབ་དགའ་དྲི་མེད་དད་པའི་ཉི་ཟེར་འབར་བས་རྣམ་ཕྱེ་བ། །མཐའ་ཡས་འགྲོ་ལ་བརྩེ་བའི་ཆབ་བརླན་རྗེས་ཆགས་ཨུཏྤལ་མིག་གི་རྫི་རབ་དཀྲུགས་ནས་ནི། །སྣ་ཚོགས་སྣང་སེམས་ཤེས་བྱའི་དཀྱིལ་འཁོར་རྟེན་ཅིང་འབྲེལ་འབྱུང་ རང་བཞིན་སྟོང་པ་ཉིད་རིག་དང་། །སྲིད་པའི་དགྲ་ཚོགས་སྐྱོན་མང་གིས་སྐྲག་ཕང་དུ་སྦྲུལ་འོང་བརྩོན་པ་བཞིན་དུ་བརྩོན་པར་བྱ། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་གནས་བཞིའི་ཆོས་མདོར་བསྡུ་བའོ། །སྲིད་ཞིའི་སྐྱོན་ཡོན་དྲན་བྱས་ནས། །བདག་དང་གཞན་གྱི་དོན་བསྒྲུབ་ཕྱིར། ། ཡིད་བཞིན་ནོར་ལ་བྱི་དོར་བཞིན། །དེ་ནས་དངོས་གྲུབ་མཆོག་གསོལ་བྱ། །གང་ཕྱིར་བསྐལ་པ་བརྒྱ་ཕྲག་ཏུ། །འབད་ཀྱང་ཕྱོགས་ཙམ་མི་རྙེད་པ། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་ཐོབ་བྱའི་ཕྱིར། །རྒྱུན་གྱི་རྣལ་འབྱོར་ཆོ་ག་ཡིས། །ཇི་བཞིན་མངོན་དུ་བྱས་ནས་ སུ། །རེ་བ་ཉིད་དང་གདུང་བ་དང་། །གུས་པས་རྟེན་གཉིས་གསོལ་བ་གདབ། །གང་ཚེ་ལྷར་བཅས་བླ་མ་ཡི། །བྱིན་རླབས་སྙིང་ལ་གང་བབས་པ། །དེ་ཚེ་ཤེལ་ལྟར་དང་བ་ཡི། །སེམས་ཐོབ་སྤྲོ་བས་ནོན་པར་འགྱུར། །རྣམ་དག་གསུམ་གྱིས་བསྒྱུར་བྱས་ནས། །འོད་ གསལ་གྱིས་ནི་དྲི་མེད་བྱ། །ཟུང་དུ་འཇུག་པས་ཡེ་ཤེས་ཏེ། །དབང་བསྒྱུར་སྦྱོར་བས་ཕྲིན་ལས་བསྒྲུབ། །ལྷ་དང་སྔགས་དང་ཏིང་འཛིན་ཉིད། །སྣང་གྲག་དྲན་པ་ཉིད་མེད་ཉིད། །སྣ་ཚོགས་བྲལ་བ་ཀུན་སྣང་ཞིང་། །གང་སྣང་གཞན་གྱི་དབང་ཅན་ནོ། །འདི་དག་ལུས་ངག་ ཡིད་རིམ་བཞིན། །དྲི་མ་འཁྲུ་བར་བྱེད་ཕྱིར་དང་། །མཆོག་བྱེད་རོ་གཅིག་བྱེད་པའི་ཕྱིར། །དོན་སྒྲུབ་བྱེད་ཕྱིར་རྣམ་པར་གཞག །བདག་ཉིད་རྟོགས་པར་བྱེད་ཕྱིར་དང་། །རྟོགས་པས་གྲོལ་ཕྱིར་གྲོལ་བ་ཉིད། །གཞན་དོན་རྣམ་པར་འཕྲུལ་པའི་ཕྱིར། །ལམ་འདི་ཐེག་གཞན་ ལས་ཁྱད་འཕགས། །རྣལ་འབྱོར་ཆེན་པོ་རང་གི་སེམས། །དྲི་མེད་རབ་དང་སིམ་བྱེད་ཕྱིར། །མཁའ་དང་ཟླ་འོད་བདེན་མཐོང་ཞིང་། །མི་རྟོག་འོད་གསལ་བདེ་ཆེན་བརྗོད། །སྒྱུ་མ་ཉིད་དང་དེ་སྣང་དང་། །དེ་དག་ཇི་བཞིན་ཆོས་རྣམས་ཀུན། །སེམས་ཡིན་དེ་ཉིད་འོད་གསལ་ ཕྱིར། །བློ་མཆོག་རྣམ་པར་མི་རྟོག་གོ། །རང་བཞིན་ཀུན་དུ་མ་འགགས་ཤིང་། །རྣམ་པ་སྣ་ཚོགས་རང་སྣང་བ། །ཀུན་ཁྱབ་རྙོག་པ་མེད་མཚན་ཉིད། །སྐལ་བཟང་འོད་གསལ་ཏིང་འཛིན་བཤད། །མཆོག་མཐོང་ཕྱིར་དང་རྡུལ་མེད་ཕྱིར། །དངོས་བྲལ་དངོས་ལ་མངོན་ཆུབ་ཕྱིར། ། ཆགས་བྲལ་ཟག་པ་མེད་རབ་ཞི། །སིམ་གྱུར་བདེ་བ་ཆེན་པོར་འདོད། །དེ་ལྟར་འདི་སྐྱེས་དགེ་བ་ཡང་། །མཚན་མ་མེད་ཅིང་རྒྱ་ཆེ་ཉིད། །སྟོང་ཉིད་སྙིང་རྗེར་བཅས་སེམས་ཀྱིས། །མཆོག་སྤྱོད་སྐུ་གཉིས་ལེགས་བསྔོ་བྱ། །རྨི་ལམ་ཡུལ་གྱི་འདུ་བྱེད་བཞིན། ། གང་ཕྱིར་གང་དུ་གང་གིས་གང་། །ཇི་ལྟར་བསྒྲུབ་པ་མི་དམིགས་ཕྱིར། །དགེ་བ་མཚན་མ་མེད་པར་གསུངས། །དམིགས་མེད་དམིགས་པར་རབ་གསལ་བ། །ངོ་བོ་ངོ་བོ་མེད་རྗེས་འབྲེལ། །རྣམ་ལྔ་ཡན་ལག་སྣང་བའི་གཞི། །རྒྱལ་སྲས་རྣམས་ཀྱི་ཚོགས་རབ་ཡིན། །གང་ཞིག་ཆོག་ཤེས་ གང་ཟག་ཤེས། །ཤེས་རབ་ཐབས་བཅས་ཆགས་བྲལ་ཆགས། །མི་གནས་མྱ་ངན་འདས་བསྔོ་བ། །བདག་ཉིད་ཆེན་པོའི་ངོ་མཚར་རྨད། །གང་སྙིང་ཅོད་པན་ཆུ་སྐྱེས་དམར་རྒྱས་ལྷ་མཆོག་གིས་མཚན་རྫོགས་སངས་སྟོང་ལྡན་མགོན་པོས་བརྒྱན། །ཕྱི་ནང་གསང་བདག་དྲི་མེད་ཡེ་ ཤེས་ལྷན་ཅིག་སྐྱེས་རོལ་འོད་ཀྱི་སྦྱོར་བས་རྣམ་པར་རྩེན། །སྤྲིན་བྲལ་མཁའ་དང་ཟླ་རྒྱས་ཟེར་ལྟར་དག་ཅིང་རབ་གསལ་བདེ་ཆེན་ཡིད་རབ་སིམ་པ་དང་། །གང་སྐྱེས་དགེ་ཚོགས་རིན་ཆེན་མདའ་དེའང་བརྩེ་བའི་གཞུས་བསྐྱོང་འགྲོ་ལ་ཡོངས་འཕེན་དེ་དཔའ་བོ། །ཞེས་བྱ་བ་ནི་རྣལ་འབྱོར་དུ་བྱ་ བའི་གནས་བཞིའི་ཆོས་མདོར་བསྡུ་བའོ།། །།སྲིད་མཚོར་རབ་གནས་ཉོན་མོངས་ཆུ་སྲིན་ཁ་གདེངས་གནས། །སྡུག་བསྔལ་རླབས་འཁྲུག་གཏིང་མཐའ་མེད་མངོན་འཇིགས་པ་དང་། །ཞི་བ་མཆིང་བུའི་མཚོ་ཆེན་དཀར་འཁྱིལ་གཉིས་ཀ་ལས། །སྒྲོལ་བྱེད་བསྟན་པ་རིན་ ཆེན་གྲུ་མཆོག་བཟང་འདི་ཡིན། །ལེགས་སྦྱར་བདག་བློ་རབ་དང་དགའ་བ་དང་། །སྙིང་བརྩེས་ཡིད་གཞུངས་འབད་བྱས་དགེ་བ་འདིས། །འགྲོ་རྣམས་སྔོན་གྱི་རྒྱལ་བས་མ་བསྒྲལ་བ། །དེ་དག་ལེགས་སྒྲོལ་དེད་དཔོན་མཆོག་བདག་གྱུར། །བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེའི་ གྲུ་བོ་ཞེས་བྱ་བ་གྲུབ་པ་བརྙེས་པའི་པཎྜི་ཏ་ཆེན་པོ་ཨ་ཛི་ཏ་མི་ཏྲ་གུཔྟས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བནྡྷ་བི་མུཀྟ་ཤཱསྟྲ། བོད་སྐད་དུ། དཔལ་འཆིང་བ་རྣམ་གྲོལ་གྱི་བསྟན་བཅོས། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ ལོ། །གང་ཞིག་མ་རྟོགས་རྟོགས་དཀའ་རྟོགས་ན་དེ་ཉིད་དུས། །འཆིང་བ་མི་བཟད་ཤིན་ཏུ་གྲོལ་དཀའ་གྲོལ་འགྱུར་བ། །བདག་དང་གཞན་དོན་ཕུན་ཚོགས་རྫོགས་པའི་སངས་རྒྱས་ལམ། །ངོ་མཚར་དེ་ནི་འགྲོ་བ་བསྒྲལ་ཕྱིར་བདག་གིས་བཤད། །གྱད་ཀྱི་ནོར་བུ་ལ་སོགས་བཞིན། ། སྙིང་པོ་དེ་ནི་གཞན་མིན་གནས། །གང་ཕྱིར་ཐམས་ཅད་རང་གིས་རང་། །འཆིང་དང་གོལ་བར་འགྱུར་བའི་ཕྱིར། །འདི་ན་འཆིང་བ་གང་ཡང་མེད། །འཆིང་བ་གང་ཡིན་དེ་གྲོལ་བའོ། །དེ་ནི་སྟོང་དང་རྟེན་འབྲེལ་འཇུག །དེ་ཕྱིར་ཕོངས་པས་མི་རྟོགས་སོ། །དམན་དང་ལོག་པའི་བཤེས་ གཉེན་གྱིས། །ཟིན་གྱུར་བསོད་ནམས་བརྩོན་འགྲུས་ཞེན། །སྦྱངས་སྟོབས་བློ་གྲོས་ཆུང་བ་ཡི། །སྐྱེ་བོ་རྣམས་ཀྱིས་རྟོགས་དཀའོ། །རྟོགས་ལྡན་སྙིང་བརྩེ་མན་ངག་མཁས། །བཤེས་གཉེན་དམ་པ་བཙལ་བར་བྱ། །དེ་ནི་སྲོག་ལུས་ལོངས་སྤྱོད་སོགས། །རྣམ་ཀུན་དྲི་མེད་གུས་པས་བསྟེན། ། ཇི་སྲིད་བདག་སེམས་བརྟན་གྱུར་པ། །དེ་སྲིད་ལུས་དང་གྲིབ་མ་བཞིན། །དེ་ཡི་རྗེས་སུ་བསྟན་པ་ནི། །རྟེན་འབྲེལ་སྟོང་ཉིད་བདུད་རྩིའི་ཆུ། །སྐོམ་པས་གདུངས་ལ་ཆུ་བསིལ་བཞིན། །དགའ་མགུ་མི་ཟད་དང་བས་བཏུང་། །ལམ་གཞན་ཕུན་ཚོགས་ངེས་འབྱུང་མིན། །དེ་ཤེས་ ཐབས་དང་ཤེས་རབ་ཡིན། །དེ་ནི་ཆོས་སྒོ་ཀུན་གྱི་སྒོ། །རྟོགས་དཀའ་རྟོགས་བྱེད་དམ་པའི་ལམ། །ཇི་ལྟར་རྟེན་འབྲེལ་ཙམ་ཉིད་ཕྱིར། །དེ་ནི་ཇི་ལྟར་སྟོང་མ་ཡིན། །གང་ཕྱིར་སྟོང་པ་ཉིད་ཡིན་ན། །དེ་ནི་མཁའ་ལྟར་འགག་མེད་ཕྱིར། །ཅི་ཕྱིར་རྟེན་ཅིང་འབྲེལ་མི་འབྱུང་། ། དེ་ཕྱིར་དེ་གཉིས་གཉིས་མ་ཡིན། །དེ་ལ་རྟེན་འབྲེལ་ཇི་ལྟ་བུ། །དེ་ཡི་སྟོང་ཉིད་གང་ཞེ་ན། །ཉོན་ཅིག་འདི་ལྟར་སྣང་བའི་དངོས། །དབང་པོའི་གཞུ་ལྟར་རབ་གསལ་བ། །སྣ་ཚོགས་བདེ་དང་སྡུག་བསྔལ་སོགས། །འདི་དག་རང་འབྱུང་རྒྱུ་མེད་མིན། །རྒྱུ་གཞན་མ་ཡིན་མ་ངེས་ མིན། །མངར་སྐྱུར་ཁ་ལ་རང་རྒྱུ་ཡིན། །སེམས་ཉིད་རྟེན་ཅིང་འབྲེལ་པར་འབྱུང་། །ཇི་ལྟར་མཁའ་ལ་སྤྲིན་བཞིན་ནོ། །ཀྱེ་མ་སྲིད་པའི་ནགས་ཚལ་དུ། །སྡུག་བསྔལ་ལོ་འབྲས་ཆེར་ལྷགས་ཤིང་། །ཉེས་པར་སྤྱད་པའི་ཡལ་ག་ཅན། །འཛིན་པའི་མེ་ཏོག་རབ་གསལ་ བའོ། །དེ་རྒྱུ་ཆགས་སྡང་ཚུལ་མིན་སྡོང་། །བདག་ཏུ་ལྟ་བའི་རྩ་བརྟན་ཏེ། །མི་ཤེས་བག་ཆགས་བཅས་དྲོད་གཤེར། །ས་ཆེན་འབྱུང་བ་ལས་བསྐྱེད་པའོ། །མཁའ་ལ་སྣོད་ཀྱི་འཇིག་རྟེན་ལྟར། །ཨེ་མའོ་རྟེན་མེད་རྟེན་གྱུར་པ། །རྟེན་འབྲེལ་བརྟན་པ་ རྣམས་ཀྱི་མཆོག །རེ་ཞིག་རྟེན་ནི་མ་གྲུབ་ན། །བརྟེན་པ་ཇི་ལྟར་རྣམ་གཞག་རུང་། །བདག་མེད་དེ་ལྟ་བདེན་མིན་ན། །དེས་བསྐྱེད་ཆགས་སོགས་ལས་རྣམས་སོགས། །གང་དུ་ཇི་ལྟར་ངེས་པར་བྱ། །དེ་མ་གྲུབ་ན་སྡུག་བསྔལ་གང་། །དེ་མྱོང་ཉིད་ཀྱང་སུ་ཞིག་བརྗོད། ། ཇི་ལྟར་སྡོང་པོའི་རྩ་ཕྱུང་ན། །བཅད་པའི་བྱ་བ་གྲུབ་པ་ལྟར། །གཞིར་གྱུར་བདག་རྟོགས་རྣམ་བཟློག་པས། །མཁས་པ་དེ་བཞིན་སྲིད་པ་གཞིག །བསྲེགས་བཅད་བདར་བས་གསེར་སོགས་བཞིན། །འདི་ལྟར་བདག་དང་གཞན་པ་ཞེས། །བྱ་བ་ཇི་ལྟར་རྟེན་དང་གནས། ། ངོ་བོ་མཚན་ཉིད་བརྟག་པར་བྱོས། །དེ་ལ་ལུས་ངག་རླུང་དང་ཡིད། །ཕྱི་ནང་བར་སོགས་འདི་དག་ནི། །ནམ་ཡང་རྟེན་བྱེད་གནས་གྱུར་པ། །སུས་ཀྱང་ངེས་པར་མི་ནུས་སོ། །གང་ཕྱིར་བདག་དེ་སྣང་རུང་ན། །དམིགས་གྱུར་དམིགས་པ་མེད་པའི་ཕྱིར། །མི་སྣང་སེམས་དང་ སེམས་མིན་སྨོས། །སེམས་ནི་རང་བཞིན་སྟོང་བདག་ཉིད། །སེམས་མིན་མི་རྟག་རྟེན་འབྲེལ་བདག །རྣམ་པར་དཔྱད་ན་སྤྲོས་མེད་དོ། །རྟག་ལ་བྱ་བ་འགལ་བའི་ཕྱིར། །གང་ན་ཅི་འདྲ་བདག་བསྟན་བྱོས། །མདོར་ན་འདིར་མང་སྨྲ་མི་བྱ། །བདག་དེ་རང་གི་སྒོ་གསུམ་ལས། ། གཞན་ན་འདིར་སྣོད་ཅི་ཞིག་བྱས། །མཚོན་གྱི་རྨ་ལྟར་ཉེས་པ་ཡང་། །བྱིས་པ་རྣམས་ཀྱི་རང་རྟགས་དང་། །ལོག་སྲེད་སྐྱེ་བོའི་རྩོད་པར་ཟད། །གཞན་མིན་དེ་དག་རྣམ་དཔྱད་ན། །ཇི་ལྟར་གང་ཞིག་བདག་ཏུ་འགྱུར། །དེ་མིན་དེ་རྟེན་དེ་གནས་གང་། །གང་ཡང་འདི་དག་དེ་རྟེན་དང་། །དེ་ གནས་ཕྱོགས་ཀྱང་རྣམ་དཔྱད་ཀྱི། །ཚུལ་འདིས་བདག་དངོས་བདག་མཚན་ཉིད། །སྒྱུ་ལྟར་ལེགས་གྲུབ་བསྟན་པ་ཡིན། །ལྟོས་ཤིག་ཚུལ་འདི་ཆུ་ཤིང་འདྲ། །ངག་ནི་བྲག་ཅ་མཁའ་འདྲ་ཡིད། །རྡུལ་ཙམ་དམིགས་པ་ཡོད་མིན་ན། །འདི་ལ་ཇི་ལྟར་བདག་ཏུ་བརྟག །ཕྱི་ནི་ཕྱི་ རོལ་ནང་ཡང་གཞན། །དེས་ན་བར་ཡང་དེ་དག་མིན། །གང་ཡང་དེ་ནི་དཀར་སོགས་མིན། །རིང་དང་ཐུང་དང་སྦོམ་དང་ཕྲ། །མཐུག་དང་སྲབ་ཅེས་བྱ་ལ་སོགས། །མཚན་ཉིད་ངེས་པར་ནུས་མ་ཡིན། །ཅི་སྟེ་ཤིང་ལ་འཁྲིལ་ཤིང་བཞིན། །དེ་ནི་ཀུན་གཞི་འམ་བག་ཆགས་ལ། ། བརྟེན་ཏེ་མི་མངོན་གནས་ཤེ་ན། །སྣང་དང་མི་སྣང་རྣམ་དཔྱད་དང་། །དེ་ཉིད་སེམས་དང་སེམས་མིན་ཞེས། །སྔར་བཞིན་བརྟག་པ་མཚུངས་པར་འགྱུར། །འོན་ཏེ་སེམས་ནི་གང་ཡིན་པ། །དེ་ཉིད་བདག་ཅེས་བྱ་ཞེ་ན། །སེམས་ནི་དམིགས་མེད་འོད་གསལ་ཕྱིར། །ད་ནི་བདག་དེ་ བདག་མེད་འགྱུར། །ཨེ་མའོ་ཤིན་ཏུ་རྟོགས་དཀའི་གནས། །ཨེ་མའོ་ཨེ་མ་ཤིན་ཏུ་རྨད། །ཨེ་མའོ་མཁས་པས་ཤེས་པར་རུང་། །ཨེ་མའོ་ཤེས་བྲལ་ཤེས་པའི་དབྱིངས། །དེ་ལྟར་འགྲོ་བ་འདི་ན་བདག །མེད་ཀྱང་ང་དང་ང་ཡི་ཞེས། །གཟུང་དང་འཛིན་པས་བརླབས་པ་ཡི། །སྐྱེ་བོ་ སྨྱོས་པ་འདི་དག་ཅི། །འོན་ཀྱང་འཇིག་རྟེན་ལོག་པས་མིག །བསྒྲིབས་ནས་གཟུང་དང་འཛིན་པ་ནི། །ཇི་ལྟར་སྣང་བ་ཇི་བཞིན་བཞག །སྣང་ལ་སྣང་ལྟར་རབ་ཆགས་སྲིད། །སྡུག་བསྔལ་འཁོར་ལོས་སྒྱུར་བའི་རྒྱུ། །བདག་ཅག་དེ་ལས་འདའ་མིན་ནམ། །གལ་ཏེ་བདག་ཉིད་མ་གྲུབ་ཀྱང་། ། དེ་འཛིན་ཉིད་དུ་བདེན་ཞེ་ན། །འདི་ཉིད་ཨེ་མའོ་འགྲོ་ཀུན་གྱི། །ལོག་པར་འཆིང་བ་མི་བཟད་པས། །མགོ་ལ་མེ་ཤོར་བསྒྲིམས་པ་བཞིན། །རིངས་པར་མྱུར་དུ་ལྡོག་པར་བྱ། །གྲོགས་དག་འདི་ལྟར་མངོན་སུམ་དུ། །ཡང་དག་རིག་པའི་མིག་ཉིད་ཀྱིས། །བདག་དེ་མ་གྲུབ་དེས་ན་ འདིར། །གཞན་ཞེས་བྱ་བའང་ཡོད་མིན་ན། །ཡུ་བུ་ཐམས་ཅད་ང་སྙམ་དང་། །ངའོ་སྙམ་དང་གཞན་སྙམ་དང་། །གཞན་གྱིའོ་ཞེས་ལོག་རྟོག་པ། །འདི་དག་ཇི་ལྟར་གང་དུ་དོགས། །དཔེར་ན་རྨི་ལམ་བུ་ཤི་བ། །བུ་ཉིད་མེད་ན་དེ་ཤི་ཡང་། །བདེན་པར་ཡོད་པ་མ་ཡིན་པ། །དེ་བཞིན་ ཡུ་བུའི་འཛིན་པ་ཡང་། །ཨེ་མའོ་ཤིན་ཏུ་ངོ་མཚར་གནས། །གང་ཞིག་གཅིག་ཉིད་རྟོགས་པ་ཡིས། །ཐམས་ཅད་རྣམ་པར་གྲོལ་འགྱུར་བ། །འདི་ལ་ཐེ་ཚོམ་སུ་ཞིག་སྐྲག །འཁོར་དང་མྱ་ངན་འདས་པའི་ཆོས། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །ཐེག་གསུམ་ཐེག་གསུམ་ ངེས་འབྱུང་ལམ། །མ་ལུས་བདག་མིན་བདག་གིས་མིན། །བདག་མེད་སྟོང་པའི་མཚན་ཉིད་དེ། །མེད་ཕྱིར་མེད་ལ་མེད་ཉིད་དུ། །ཚུལ་བཞིན་ངེས་པར་བྱས་པ་ལ། །ཀྱེ་མ་ཁྱོད་ལ་སྐྱོན་ཅི་ཡོད། །གང་གང་བདག་དང་བདག་གི་ཞེས། །འཛིན་པའི་འཆིང་ བ་ཐམས་ཅད་ཀྱང་། །ཕྱི་མིན་ནང་མིན་བར་ཡང་མིན། །དེ་བཞིན་ལུས་ངག་ཡོད་མ་ཡིན། །དེ་དག་ལས་མིན་དེར་གནས་མིན། །དེ་བཞིན་ཆགས་དང་སྡང་སོགས་ཀྱི། །མ་ལུས་ཡིད་ལ་བྱེད་པ་ཡང་། །དཔྱད་ན་རེ་ཞིག་གང་ལ་གང་། །གང་དུ་གང་གིས་ཆགས་པ་དང་། །སྡང་ བར་འགྱུར་བའང་ག་ལ་ཡོད། །གཟུགས་སྡུག་སྒྲ་སྙན་དྲི་ཞིམ་དང་། །རོ་མངར་རེག་འཇམ་ཡིད་བདེའི་རྐྱེན། །འདི་དག་གང་གིས་དེ་ཤེས་ལ། །ཅི་ཞིག་ཕན་བཏགས་འབྲེལ་བ་ཡོད། །དེ་ཤེས་པས་ཀྱང་དེ་དག་ལ། །ཆགས་དང་རབ་ཏུ་ཆགས་འགྱུར་གང་། །དེ་ནི་ཕྱི་ནང་བར་དག་ དང་། །ལུས་སོགས་དངོས་པོ་གང་ཞིག་ཡིན། །དེ་མིན་དེ་ལ་དེ་བརྟེན་དང་། །སྐྱེས་དང་གནས་དང་འགག་འགྱུར་བ། །སྒྱུ་མ་ཡི་ནི་རྟ་གླང་ལྟར། །དོན་དུ་གྲུབ་པ་ཡོད་མ་ཡིན། །གང་གིས་བདག་ལ་བརྙས་སོགས་དང་། །སྨད་སོགས་བརྡེག་སོགས་བྱས་པའི་རྒྱུ། །སྡང་དང་རབ་ སྡང་སེམས་འབྱུང་བ། །འདི་ཡང་སྔར་བཞིན་བདག་སེམས་དང་། །གང་ཡང་ཕ་རོལ་དེ་ཡི་སེམས། །མཁའ་འདྲ་མཚན་མ་མེད་པ་ཡིན། །དེ་བཞིན་གཞན་དེའི་ངག་ཉིད་དང་། །ལུས་ནི་དྲི་སྒྲ་ཤིང་ལྟ་བུ། །ཡིན་ན་སྒྱུ་མས་སྒྱུ་མ་ཡི། །རྒྱལ་ལྟར་དེས་འདིར་བདག་ གནོད་གང་། །བདག་གིའང་དེ་བཞིན་ངག་དང་ལུས། །དེ་ལྟར་ལུས་ཅན་ཐམས་ཅད་ཀྱིའང་། །མཚུངས་ཕྱིར་འདི་དག་སྐྱེ་བ་དང་། །གནས་དང་འགག་འགྱུར་མི་དམིགས་སོ། །གང་ཕྱིར་ཕན་ཚུན་འབྲེལ་མེད་ཕྱིར། །དཔྱད་ན་ཐམས་ཅད་སྤྲོས་མེད་ཕྱིར། །ཡུལ་དུས་རྣམ་ ཀུན་དྲི་མེད་ཕྱིར། །མཁའ་ལ་འཕུར་བའི་བྱ་རྗེས་བཞིན། །དེ་ལྟར་སྟོང་པའི་སྤྱོད་ཡུལ་འདིར། །རྨི་ལམ་སྒྲ་དང་འཇའ་བཞིན་དུ། །གང་ལ་གང་ཞིག་ཇི་ལྟར་ཆགས། །དེ་བཞིན་སྡང་བ་འང་གང་དུ་དོགས། །ཕ་དང་མ་དང་ཆུང་མ་བུ། །གཉེན་དང་བཤེས་པ་དེ་བཞིན་དགྲ། ། སྒྱུ་མ་ཇི་བཞིན་དེ་བཞིན་པས། །འཛིན་པ་ཐམས་ཅད་གཞིག་པར་བྱ། །དེ་ཉིད་ཀྱིས་ན་ཆགས་སོགས་ཀྱིས། །ལས་བྱེད་དེ་ཡང་ཇི་ལྟ་བུ། །ཡང་ཡང་ཤེས་རབ་བརྟན་པོ་ཡིས། །མཁས་པས་སྔར་བཞིན་བརྟག་པར་བྱོས། །དེ་ཕྱིར་བདེ་དང་སྡུག་བསྔལ་ཡང་། །བེམས་པོས་ རྣམ་པར་མྱོང་མིན་ལ། །རིག་ལ་དངོས་པོ་ཡོད་མིན་ཏེ། །ཐོག་མེད་དུས་ནས་ལོག་སྦྱངས་པ། །འཁྲུལ་པས་འཛིན་པ་ཉི་ཚེ་བ། །དེ་ཡང་དངོས་པོ་མེད་པ་ཉིད། །དེ་ལྟར་མེད་ལ་མེད་ཉིད་དུ། །བློ་བཟང་རྣམས་ཀྱིས་གོམས་བྱས་ན། །སྨྱོས་བས་གཉེན་ལ་དགྲ་བཞིན་དུ། ། མི་བཟད་འཆིང་བས་བཅིངས་པ་དེ། །སྦྲུལ་མདུད་རང་གིས་འགྲོལ་བ་བཞིན། །ངེས་པར་རྣམ་པར་གྲོལ་བར་འགྱུར། །རྣམ་གྲོལ་རྣམ་གྲོལ་ལས་བྱུང་བའི། །འབྲས་བུ་ལྷུན་གྱིས་གྲུབ་པ་གང་། །དོན་གཉིས་ཕུན་ཚོགས་ངོ་མཚར་བ། །དེ་ནི་བུམ་པ་བཟང་པོ་བཞིན། །དཔལ་ འཆིང་བ་རྣམ་གྲོལ་གྱི་བསྟན་བཅོས་རྒྱ་གར་གྱི་སློབ་དཔོན་ཆེན་པོ་གྲུབ་པ་བརྙེས་པའི་དཔལ་ནི་སྐ་ལངྐས་མཛད་པ་རྫོགས་སོ།། །།རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲཱ་ནནྡའི་ཞལ་སྔ་ནས། ཁ་ཆེའི་པཎྜི་ཏ་ཆེན་པོ་བུདྡྷཱ་ཤྲཱི་བྷ་དྲས་གཏན་ལ་ཕབ་ནས་བོད་ཀྱི་ལོ་ཆུང་ གནུབས་ཚུལ་ཁྲིམས་ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བི་ཤུདྡྷ་དཪྴ་ན་ཙརྱ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། ལྟ་སྤྱོད་རྣམ་དག་གི་མན་ངག་ཅེས་བྱ་བ། བཅོམ་ལྡན་འདས་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ། །རྨི་ལམ་ལྟ་བུར་ཕྱི་རོལ་ མིན། །སྒྱུ་མ་ལྟ་བུར་བདེན་དོན་མེད། །ནམ་མཁའ་ལྟ་བུར་མཚན་ཉིད་བྲལ། །ཆོས་ཀུན་རང་བཞིན་འོད་གསལ་བའོ། །འགྲོ་འོང་གནས་མེད་བྱང་ཆུབ་སེམས། །རྒྱ་ཆེན་སེམས་ཅན་དོན་ལ་མཁས། །ཚོགས་གཉིས་དབྱེར་མེད་ལམ་གྱི་མཆོག །སྟོང་ཉིད་སྙིང་རྗེའི་སྙིང་པོ་ བསྒོམ། །ལྟ་སྤྱོད་རྣམ་དག་གི་མན་ངག་ཅེས་བྱ་བ་ཁ་ཆེའི་རིགས་ཀྱི་པཎྜི་ཏ་ཆེན་པོ་དཔལ་ཆོས་ཀྱི་ཤཱཀྱ་ཤྲཱི་བྷ་དྲའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།མཁས་པ་ཆེན་པོ་དེ་ཉིད་ཀྱི་སྤྱན་སྔར་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་ཁྲོ་ཕུ་བཟང་ལུང་དུ་བསྒྱུར་བའོ།། །། ༄༅། །རྒྱ་གར་སྐད་དུ། ཙིཏྟ་རཏྣ་བི་ཤོ་དྷ་ནཱཾ་མཱརྒ་ལཾ། བོད་སྐད་དུ། སེམས་རིན་པོ་ཆེ་སྦྱང་བའི་ལམ་འབྲས། རྗེ་བཙུན་མི་ཕམ་མགོན་པོ་ལ་ཕྱག་འཚལ་ལོ། །རྙེད་དཀའི་དལ་འབྱོར་མྱུར་དུ་འཇིག །ལས་དང་དེ་འབྲས་སྡུག་བསྔལ་ཡིན། །དེ་སྤོང་ ཤེས་རབ་སྙིང་རྗེ་བསྒོམ། །སྐྱེས་གསུམ་ལམ་གྱིས་དོན་གསུམ་ཐོབ། །དམ་པ་གསུམ་གྱིས་བསོད་ནམས་བསགས། །རྒྱ་ཆེན་ཐབས་ཀྱིས་ཡང་དག་སྤེལ། །ཤེས་རབ་ཟབ་མོས་རྣམ་དག་བྱ། །ཟུང་འཇུག་བསྔོ་བས་རྒྱས་གདབ་པོ། །ཁ་ཆེའི་རིགས་ལས་བལ་ ཡུལ་དུ་སྐུ་འཁྲུངས་པའི་པཎྜི་ཏ་ཆེན་པོ་དཔལ་ལྔ་རིག་པའི་མཆོག་བུདྡྷཱ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་གསུངས་པ་སེམས་རིན་པོ་ཆེ་སྦྱང་བའི་ལམ་འབྲས་ཞེས་བྱ་བ་རྫོགས་སོ།། །།མཁས་པ་ཆེན་པོ་དེ་ཉིད་ཀྱི་སྤྱན་སྔར་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བལ་ཡུལ་ཡམ་འགལ་གྱི་གཙུག་ ལག་ཁང་དུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བནྡྷ་བི་མུཀྟོ་པ་དེ་ཤ་ནཱ་མ། བོད་སྐད་དུ། འཆིང་བ་རྣམ་གྲོལ་གྱི་མན་ངག་ཅེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཀྱེ་ཧོ་གང་གིས་འཆིང་བར་བྱེད་པའི་རྒྱུ། །དེ་ ཉིད་གྲོལ་བར་བྱེད་པའི་ལམ། །འདི་ན་འཆིང་བ་གང་ཡང་མེད། །འཆིང་བ་གང་ཡིན་དེས་གྲོལ་བའོ། །འདོད་ཆགས་བདེ་བ་ཆེན་པོར་དག །ཞེ་སྡང་འོད་གསལ་མེ་ལྕེ་འབར། །གཏི་མུག་རྣམ་པར་མི་རྟོག་ཉིད། །དུག་གསུམ་སྐུ་གསུམ་ལྷུན་གྱིས་གྲུབ། །འཆིང་བ་རྣམ་ གྲོལ་གྱི་མན་ངག་ཅེས་བྱ་བ། རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་ཛ་ག་ཏ་མི་ཏྲ་ཨཱ་ནནྡའི་ཞལ་སྔ་ནས་གསུངས་པ་རྫོགས་སོ།། །།རྣལ་འབྱོར་གྱི་དབང་ཕྱུག་དེ་ཉིད་ཀྱི་སྤྱན་སྔར་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བལ་ཡུལ་གུ་ལང་གསེར་ཁང་དུ་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། སིདྡྷ་སདྨཱརྒ་ནིརྣ་ལཾ་ཏ། བོད་སྐད་དུ། གྲུབ་པ་དམ་པའི་ལམ་ངེས་པ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཁཪྶ་པཱ་ཎི་འཇིག་རྟེན་དཔལ། །ཐུགས་རྗེ་ཆེན་པོ་སྟོན་པའི་མཐུས། །གདུལ་དཀའི་རང་སེམས་གདུལ་བ་ ལ། །སྙིང་པོ་བླ་མེད་རྣམ་གསུམ་ཐོབ། །ཀྱེ་མ་ཧོ་འཛམ་གླིང་སྐྱེ་བོ་ཉོན། །འགྲོ་བའི་བཤེས་གཉེན་འདི་སྐད་སྨྲ། །གང་ཞིག་འཆིང་བར་བྱེད་པའི་རྒྱུ། །དེ་ཉིད་གྲོལ་བར་བྱེད་པའི་ལམ། །སྡུག་བསྔལ་རྒྱ་མཚོ་སྒྲོལ་བའི་གྲུ། །ཐུབ་པའི་བསྟན་པ་རིན་པོ་ཆེ། །དེ་ཡི་ངོ་བོ་ལམ་ དང་ཐབས། །བཤེས་གཉེན་ཀུན་དགའི་གདམས་པ་ཡིན། །ཨེ་མའོ། །མི་ལུས་རིན་ཆེན་རྙེད་པར་དཀའ། །རྙེད་དཀའི་དལ་འབྱོར་སྤྲིན་ལྟར་གཡོ། །འཁོར་བ་ཐམས་ཅད་སྡུག་བསྔལ་ཏེ། །རང་སེམས་མྱ་ངན་འདས་པ་ཡིན། །རྒྱ་མཚོར་བྱིང་བས་རྙེད་པའི་གྲུ། །ཆུ་ རྒྱུན་དྲག་པོའི་དབའ་དང་ནི། །དུག་ཅན་སྦྲུལ་གྱི་ཚང་བཞིན་དང་། །སྟོན་གྱི་ནམ་མཁའི་གུང་བཞིན་ནོ། །ལོངས་སྤྱོད་ཅི་འདྲ་ཁྱིམ་གྱི་སྦྲ། །བཤེས་པ་ཅི་འདྲ་ཚོང་ཁང་མི། །རང་ལུས་ཅི་འདྲ་སྦྲུལ་གྱི་ལྤགས། །ཚེ་སྲོག་ཅི་འདྲ་རི་གཟར་ཆུ། །ཀྱེ་མ་ཧོ་མི་རྟག་སྲིན་པོ་ཡི། ། ཁར་ཆུད་མ་གྱུར་དེ་སྲིད་བར། །གྲོགས་དག་སྲིད་པ་རུ་བཟློག་ལ། །སྒྲིམ་པར་གྱིས་ཤིག་བཞིན་བཟང་དག །སྒྱུ་མའི་གྲོང་ཁྱེར་ཡངས་པ་ན། །རྨི་ལམ་སྐྱེས་བུ་ལོངས་སྤྱོད་པ། །སེམས་ཉིད་རྟེན་ཅིང་འབྲེལ་བར་འབྱུང་། །སྣང་སེམས་དེ་ལྟར་ཤེས་པར་བྱ། །ལྟོས་ ཤིག་ལུས་ནི་ཆུ་ཤིང་འདྲ། །ངག་ནི་བྲག་ཅ་མཁའ་འདྲ་ཡིད། །རྡུལ་ཙམ་དམིགས་པ་ཡོད་མིན་ན། །བུ་དག་གང་ལ་སུ་ཞིག་འཆིང་། །ཡུ་བུ་ཐམས་ཅད་ང་སྙམ་དང་། །ངའོ་སྙམ་དང་གཞན་སྙམ་དང་། །གཞན་གྱིའོ་ཞེས་ལོག་རྟོག་པ། །འདི་དག་ཇི་ལྟར་གང་དུ་ དོགས། །ཇི་ལྟར་རྨི་ལམ་བུ་ཤི་བ། །བུ་ཉིད་མེད་ན་དེ་ཤི་ཡང་། །བདེན་པར་ཡོད་པ་མ་ཡིན་པ། །དེ་བཞིན་ཡུ་བུའི་འཛིན་པ་ཡང་། །ཆོས་ཀུན་རྨི་ལམ་འདྲ་བའི་ཕྱིར། །ཟས་གོས་ནོར་དང་གྲོགས་བཤེས་དགྲ། །སྣ་ཚོགས་སྣང་བ་འདི་དག་ཀུན། །སྒྱུ་མ་ཡི་ནི་རྟ་གླང་ བཞིན། །གང་ཤར་སོར་བཞག་དྲན་པ་ཡིན། །དྲན་པ་རང་གྲོལ་བྲལ་བ་སྟེ། །བྲལ་བ་རོ་མཉམ་ལྷུན་གྱིས་གྲུབ། །སྙིང་པོའི་གསེབ་ལམ་རྣམ་པ་གསུམ། ཨྠྀི། ༄༅༅། །རྒྱ་གར་སྐད་དུ། སྭ་ཙིཏྟ་ཡོ་གི་གྲནྠ་ཀ་ཏོ་པ་དེ་ཤ །བོད་སྐད་དུ། རྣལ་འབྱོར་པ་རང་ གི་སེམས་མདུད་པ་འགྲོལ་བའི་མན་ངག བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ་གདོད་ནས་མ་སྐྱེས་པ། །འཁོར་དང་འདས་པའི་བྱེད་རྒྱུ་ཅན། །གཞན་མིན་རང་གི་སྙིང་དབུས་གནས། །བླ་ མའི་ཞལ་ལས་ཤེས་པར་འགྱུར། །ཀྱེ་ཧོ་བཞིན་བཟང་ང་ལ་ཉོན། །གང་གིས་འཆིང་བར་བྱེད་པའི་རྒྱུ། །དེ་ཉིད་གྲོལ་བར་བྱེད་པའི་ལམ། །འདི་ན་འཆིང་བ་གང་ཡང་མེད། །རྨི་ལམ་གྲོང་ཁྱེར་ཡངས་པ་ན། །སྒྱུ་མའི་སྐྱེས་བུ་ལོངས་སྤྱོད་པ། །ལོངས་སྤྱོད་དུས་ན་ལོངས་ སྤྱོད་མེད། །སྣང་སེམས་དེ་ལྟར་ཤེས་པར་བྱ། །སྣ་ཚོགས་སྣང་བ་རང་གི་སེམས། །དེ་ནི་སྤྲུལ་པའི་ཚོགས་འདུས་བཞིན། །རང་སེམས་དབང་པོའི་གཞུ་འདྲ་བ། །གཉུག་མ་འོད་གསལ་ལྷུན་གྱིས་གྲུབ། །གང་ཤར་ཐམས་ཅད་དེ་ཡིན་ཏེ། །དེ་ནི་གང་དུའང་མ་ཤར་བའོ། ། དེ་ཕྱིར་གང་སྐྱེས་དེ་མ་སྐྱེས། །མ་སྐྱེས་པ་ཉིད་སྐྱེ་བའི་ཚུལ། །མེ་ལོང་གཟུགས་དང་པི་ཝང་སྒྲ། །དགེ་སློང་སྤྲུལ་པ་རྫུ་འཕྲུལ་བཞིན། །ཡོད་དང་མེད་དང་སྐྱེ་འགག་དང་། །འགྲོ་འོང་མཚན་ཉིད་རྟོགས་པར་གྱིས། །སྒྱུ་མ་ཡི་ནི་རྟ་གླང་ལྟར། །སྣང་བ་རྟེན་ཅིང་འབྲེལ་པར་ འབྱུང་། །དེ་ཉིད་སྟོན་གྱི་མཁའ་བཞིན་དུ། །འོད་གསལ་ཆོས་གསུམ་སྦྱར་བར་བྱ། །ཨེ་མའོ་རྣལ་འབྱོར་རྒྱལ་པོ་ཆེ། །ཨེ་མའོ་མ་བཅིངས་མ་གྲོལ་བའོ། །ཨེ་མའོ་མ་སྤངས་ལྷུན་གྱིས་གྲུབ། །ཨེ་མའོ་ཨེ་མའོ་བདེ་བ་ཆེ། །མ་རྟོགས་འགྲོ་ལ་རང་དབང་དུ། །སྙིང་རྗེ་ ཆེན་པོའི་དབང་གིས་ན། །དམིགས་མེད་རྣམ་ཀུན་ཡོངས་རྫོགས་པའི། །བསོད་ནམས་ཡེ་ཤེས་ཕུན་ཚོགས་འགྱུར། །རང་གི་སེམས་ཀྱི་མདུད་པ་འགྲོལ་བའི་གདམས་པ་རྫོགས་སོ།། །།བླ་མ་མི་ཏྲ་ཨཱ་ནནྡ་ཞེས་བྱ་བ་སྦས་པའི་སངས་རྒྱས་དེ་ཉིད་བོད་ཡུལ་ཁ་བ་ཅན་གྱི་ མཐིལ་བཀྲ་ཤིས་ཀྱི་ཚོང་འདུས་ཆེན་པོ་འགུར་མོ་རིན་པོ་ཆེའི་གླིང་དུ་བྱོན་པའི་ཚེ་མདོ་སྔགས་ཀྱི་བདག་པོ་ཆེན་པོ། རྒྱ། འབྲེ། ལམ། ལོ། དྲོ། གཤེན་དྲུག་གིས་ཞུས་པའི་དོན་དུ་གསུངས་པ། ཕྱག་རྒྱ་ཆེན་པོ་ཚིག་ཆོད་ཀྱི་དོ་ཧ་གནུབས་ལོ་ཙཱ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་སཔྟ་ཡོ་ག་མཱརྒ་བི་ནི་ཤྩ་ཡ། བོད་སྐད་དུ། དཔལ་རྣལ་འབྱོར་བདུན་གྱི་ལམ་རྣམ་པར་ངེས་པ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །འཇིག་རྟེན་མགོན་ལ་ཕྱག་འཚལ་ཏེ། །དེ་ཡི་ཞལ་གྱི་བཀའ་དྲིན་གྱིས། །གདུལ་དཀའི་རང་སེམས་འདུལ་བ་ ལ། །སྙིང་པོའི་མན་ངག་རྣམ་བདུན་ཐོབ། །ཀྱེ་ཧོ་བཞིན་བཟང་ང་ལ་ཉོན། །ཐོག་མེད་འཁོར་བའི་འཁོར་ལོ་འདིར། །ཁྱེད་ཅིག་གང་གིས་འཁོར་གྱུར་པ། །ཨེ་མ་ཧོ་དེ་ཉིད་དེ་ཡི་རྒྱུ། །གདོད་ནས་རྣམ་གྲོལ་རང་གི་སེམས། །གང་ཕྱིར་ཐམས་ཅད་རང་གི་ངང་། །འཆིང་དང་ གྲོལ་བར་འགྱུར་བའི་ཕྱིར། །འདི་ན་འཆིང་བ་གང་ཡང་མེད། །འཆིང་བ་གང་ཡིན་དེ་གྲོལ་བའོ། །གྲོལ་བའི་ལམ་ནི་མཁས་པར་རིག །ཀྱེ་ཀྱེ་ཨེ་མ་ཧོ་ཨེ་མ་ཧོ། །སྡུག་བསྔལ་རྒྱ་མཚོ་སྒྲོལ་བའི་གྲུ། །རྒྱལ་བའི་བསྟན་པ་རིན་པོ་ཆེ། །འདི་ཡི་ངོ་བོ་བྱང་ཆུབ་སེམས། །དེ་ཡི་ངོ་ བོ་སྟོང་པ་ཉིད། །དེ་དབྱེར་མེད་པ་ཅན་ཡིན་ནོ། །འགྲུབ་པ་ཚད་མེད་རྣམས་ཀྱི་བདག །བསྐུལ་བ་བསྒྱུར་བ་སྤྲོ་བ་དང་། །དྲན་དང་བྲལ་བ་ལྷུན་གྱིས་གྲུབ། །གཉུག་མ་འོད་གསལ་བྱང་ཆུབ་སེམས། །མི་རྟག་སྡུག་བསྔལ་བདག་མེད་ཀྱི། །སྲིད་ལ་ཆགས་མེད་བསྐུལ་བར་བྱ། །ཕྱི་ ནང་གསང་བའི་རྣམ་དག་གིས། །སྣང་སེམས་ཡེ་ཤེས་བསྒྱུར་བར་བྱ། །རྟེན་འབྲེལ་སྟོང་ཉིད་སྙིང་རྗེ་ཡིས། །འཁོར་འདས་འགྲོ་བའི་དོན་རབ་སྤྲོ། །གང་ཤར་སོར་བཞག་དྲན་པ་ཡིན། །དྲན་པ་རང་གྲོལ་བྲལ་བ་སྟེ། །བྲལ་བ་རོ་མཉམ་ལྷུན་གྱིས་གྲུབ། །གང་ཤར་ངོ་བོ་མ་བཅོས་ པ། །གཉུག་མའི་དེ་ཉིད་ཡུལ་དབང་གིས། །སྣ་ཚོགས་འགྱུ་བ་སྟོང་པ་ནི། །སེམས་ཉིད་ཟབ་མོའི་འོད་གསལ་ཡིན། །འོད་གསལ་གང་ཡིན་དེ་ཡི་རོ། །བརྩེ་ཆེན་རབ་འབྱམས་བྱང་ཆུབ་སེམས། །དེ་ཡི་འབྲས་བུ་རྫོགས་སངས་རྒྱས། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་ ཞལ། །བླ་མའི་མཐུ་ཡིས་འཛམ་གླིང་གི། །མིག་བྱིན་གྲོགས་པོའི་མིང་ཅན་ལ། །ངལ་སོའི་མན་ངག་རྣམ་པ་བདུན། །དཔལ་རྣལ་འབྱོར་རྣམ་པ་བདུན་གྱི་ལམ་རྣམ་པར་ངེས་པ་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲ་ཨཱ་ནནྡའི་ཐུགས་ཀྱི་འཁོར་ལོ་དམ་པ་བཀྲ་ཤིས་ཀྱི་ཚོང་ འདུས་ཆེན་པོ་དཔལ་འགུར་མོ་རིན་པོ་ཆེའི་གླིང་དུ་དགེ་བའི་བཤེས་གཉེན་ཆེན་པོ་རྒྱ། འབྲེ། ལམ། ལོ། དྲོ། གཤེན་དྲུག་གི་དོན་དུ་མཛད་པའི་བསྟན་བཅོས་དེ་ཁོ་ན་ཉིད་རྣལ་དུ་མཚོན་པའི་མན་ངག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ས་ མཱ་དྷི་ཨ་བྷི་ཥེ་ཀ །བོད་སྐད་དུ། ཏིང་ངེ་འཛིན་གྱི་དབང་བསྐུར་བ། དཔལ་ལྡན་འཇིག་རྟེན་དབང་ཕྱུག་འཁོར་ལོས་སྒྱུར་བ་ལ་ཕྱག་འཚལ་ལོ། །གང་ཞིག་དཔལ་ལྡན་བདུད་བཞིའི་དགྲ་བཅོམ་བྱང་ཆུབ་མཆོག་དབང་ཉིད་བརྙེས་ནས། །ཐུགས་རྗེས་མི་བསྙེལ་ལུས་ཅན་གཞན་ཡང་ཞི་ བ་བླ་མེད་ལམ་བཟང་དུ། །སྨིན་མཛད་དབང་སྩོལ་ས་གསུམ་བདག་པོ་སྤྱན་རས་གཟིགས་དབང་ལ་བཏུད་དེ། །སྐལ་ལྡན་ཏིང་འཛིན་ཡེ་ཤེས་སེམས་སྤྱོད་རྣམ་དག་དབང་བསྐུར་ཆོ་ག་བཤད། །ཡིད་འོང་གནས་སུ་བདེ་བ་ཡི། །རྐྱེན་ཚོགས་དམ་ཚིག་ཀུན་ལྡན་པས། །སྙིང་རྗེ་ཆེན་ པོ་མདུན་བཞག་ལ། །གུས་པས་སྔོན་དུ་གསོལ་བ་གདབ། །འདོམ་གང་སྲིད་འཕགས་ནམ་མཁར་ནི། །ཐུབ་པ་ཆེན་པོ་འཁོར་ལོས་སྒྱུར། །བདེ་ཆེན་ཡུམ་དང་ལྷན་ཅིག་སྐྱེས། །དཔག་མེད་སྲས་བཅས་བསྒོམ་པར་བྱ། །སྣ་ཚོགས་དངོས་ཀུན་མཆོད་པའི་སྤྲིན། །ཀུན་དུ་བཟང་ སྤྱོད་ཇི་བཞིན་དུ། །མཆོད་བྱས་སྡིག་པ་བསལ་ནས་སུ། །རྣམ་དག་དབང་བསྐུར་དེ་རྗེས་ནོད། །ལྷ་དང་བདག་གནས་རྣམ་གསུམ་དུ། །རྡོ་རྗེ་འབྲུ་གསུམ་མངོན་བསམས་ལ། །དད་དང་ཐུགས་རྗེ་དམ་ཚིག་གིས། །ཁ་དོག་རིམ་གསུམ་འོད་ཟེར་ཕྱུང་། །སྐུ་མཆོག་སྙིང་པོ་ཨོཾ་ ལས་འོད་ཟེར་དཀར་པོ་དང་། །གསུང་རྒྱུན་དྲི་མེད་ཨཱཿལས་དེ་བཞིན་དམར་པོའི་འོད། །རྣམ་དག་ཐུགས་བདག་ཧཱུཾ་ལས་རྣམ་འཕྲོས་རབ་སྔོ་ཟེར། །བདག་ལུས་ངག་ཡིད་གནས་གསུམ་ལ་རེག་དྲི་གསུམ་སེལ། །དེ་རྗེས་བདུད་རྩི་དཀར་དམར་སྔོ། །དག་བྱེད་རྣམ་གསུམ་མན་ ངག་བཞིན། །དེ་འོག་ཡེ་ཤེས་རྣམ་གསུམ་བྱུག །མཐར་ནི་གཉིས་མེད་ཞི་བའོ། །ཤིན་ཏུ་གསང་བ་བདེ་བ་ཆེ། །ཐིག་ལེ་གསུམ་རྒྱུན་སྦྱོར་བ་ནི། །དེ་རྗེས་བློ་གྲོས་ཆེན་པོས་བསྒོམ། །དབང་བསྐུར་ནས་ནི་གཤེགས་པར་རོལ། །ཏིང་ངེ་འཛིན་གྱི་དབང་བསྐུར་རྫོགས་ སོ།། །།གནུབས་ལོ་ཙཱ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པ་ར་ཝ་ཤ་མཱ་ན། བོད་སྐད་དུ། ཕ་རོལ་དབང་དུ་བྱ་བ། འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །ཤིན་ཏུ་སྙིང་རྗེས་ནོན་པའི་ཡིད། །ལུས་ཅན་མྱ་ངན་འདས་ པ་ལ། །བསམ་པ་ཐག་པས་མགྲོན་གཉེར་བ། །དེ་ཡིས་ཕ་རོལ་བསྡུ་བ་བཤད། །ནམ་ལངས་མུན་པས་སླེབས་པ་དང་། །གཉིད་དུ་ཉེ་དང་སད་པའི་དུས། །དགའ་དང་གདུང་བ་སྐྱེས་པ་ནས། །དེ་ཡི་ཆོ་ག་སྤྱན་རས་གཟིགས། །བདག་གི་ལུས་གང་ལྷ་ཡིན་ཏེ། །ངག་ནི་ཡི་གེ་བཞི་ ཉིད་དོ། །རྣམ་པར་རྟོག་དང་མི་རྟོག་སེམས། །སྙིང་རྗེ་ཆེ་དང་སྟོང་པ་ཉིད། །མིག་གཉིས་ཉི་ཟླ་འབར་བ་དང་། །ལྕེ་སྟེང་ཨཱ་ཀཱའི་ཕྲེང་བས་བརྒྱན། །ལྟེ་བ་མེ་ཐབ་འཁྱིལ་པའི་དབུས། །དཔལ་ལྡན་འདོད་པའི་ལྷ་མོ་ཡི། །མི་གང་དབང་དུ་བྱ་བ་དེའི། །སྨིན་ཕྲག་སྙིང་དང་ལྟེ་ བའི་དབུས། །དགའ་དང་དད་དང་གདུང་བ་ཉིད། །ཐིག་ལེ་པདྨོ་ཨ་ཡིག་གཟུགས། །བྱམས་པ་ཡི་གེ་ཨ་ཡི་རྒྱུན། །བདག་གི་སྤྲུལ་པ་ལས་སྐྱེས་རེག །རབ་ཏུ་མི་བཟོད་སྙིང་རྗེ་ཅན། །དགའ་བའི་བལྟ་བས་རྣམ་པར་བཞུ། །བཏང་སྙོམས་ཚད་མེད་བློ་གྲོས་ཆེ། །ཡི་གེ་ ལྔ་བརྗོད་པདྨོ་འབྱེད། །ཨོཾ་ཨཱཿཧྲི་ཛ་ཧཱུཾ། འབུམ་ཕྲག་ལྔ་རབ་མ་ཡེངས་དང་། །ལྷག་བསམ་བར་ཆད་སྤངས་བསྙེན་བསྒྲུབ། །བདེ་གཤེགས་རིང་བསྲེལ་སྐུ་ཁྲུས་སོགས། །བརྩེ་ལྡན་རྣམས་ཀྱིས་སྔགས་ཆུར་བཅས། །མེ་ཏོག་དམར་པོས་གདོང་བཀྲུས་ལ། །ལྕེ་དཀྱིལ་སྦྲང་རྩི་ ལྡན་སྔགས་བརྗོད། །ཨོཾ་ཨཱཿཧྲཱི་ལོ་ཀ་ནཱ་ཐ་མ་ཧཱ་ཀཱ་རུ་ཎི་ཀ་ཧོ་ས་མ་ཧཾ། ཆེ་གེ་མོའི་ཙིཏྟ་མ་ཧཱ་སཱ་དྷ་ཙ་ལ་ཙ་ལ་པྲ་ཙ་ལ་པྲ་ཙ་ལ་ཛཿཛཿ བློ་གྲོས་བཟང་པོ་སྙིང་རྗེས་མྱོས་གྱུར་པ། །སྐྱེ་བོ་འདི་དག་ཐབས་གང་ཕྲིན་ལས་ཀྱིས། །བདེ་བར་རུང་ན་བདག་ཅིར་གྱུར་སླའོ་ཞེས། །ཉིན་མཚན་ རྟག་ཏུ་ཡིད་བྱེད་མི་འབྲལ་ན། །རྣལ་འབྱོར་རྒྱལ་པོ་བརྟག་པ་འདིས། །ཞག་གསུམ་དྲུག་གམ་དགུ་ཉིད་ན། །ལྕགས་ཀྱུས་གཞུས་པའི་ཡལ་ག་ལྟར། །གདོན་མི་ཟ་བར་དེ་དབང་འགྱུར། །ཕ་རོལ་དབང་དུ་བྱ་བ་གནུབས་ལོ་ཙཱ་བས་བསྒྱུར་བའོ།། །། ༄༅། །རྒྱ་གར་སྐད་དུ། རཏྣ་ཙཀྲ་ཨ་བྷི་ཥེ་ཀ་ཨུ་པ་དེ་ཤ་ཀྲ་མ། བོད་སྐད་དུ། རིན་པོ་ཆེ་འཁོར་ལོའི་དབང་གི་མན་ངག་གི་རིམ་པ། དཔལ་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དབང་ཕྱུག་བདེ་ཆེན་པོ། །དཀྱིལ་འཁོར་སྒྱུ་མ་ལ་གནས་ཤིང་། དང་པོ་གཉིས་གསུམ་བཞི་པ་ཡི། །མན་ངག་རྫོགས་ལ་ཕྱག་འཚལ་འདུད། །མཐོང་བའི་ཆོས་ལ་ས་རབ་ནོན། །དབང་དང་མན་ངག་འབྲེལ་བཅས་པའི། །རྒྱུད་རྣམས་ཀུན་ལ་རབ་འཇུག་པ། །ཨིནྡྲ་བྷཱུ་ཏི་བདག་གིས་བཤད། །ཐབས་དང་ཤེས་རབ་ལ་སོགས་རྒྱུད། །ཕྱི་ ནང་སྦས་དང་མཐར་ཐུག་པའི། །དབང་གི་རིམ་པ་ངོ་བོ་རུ། །རྡོ་རྗེ་བདག་པོས་ཡང་དག་བཤད། །དེ་བས་རྒྱུད་ཀུན་དབང་ཡིན་པས། །མན་ངག་ཅན་གྱིས་ཤེས་པར་བྱ། །རྒྱུད་ཀྱི་ཚིག་ལ་རབ་གོམས་ཤིང་། །སྨྲ་བའི་ཚིག་ལ་མ་རྨོངས་ཀྱང་། །དབང་དང་མན་ངག་མ་ཐོབ་པ། །དེ་ དག་ངལ་བ་དོན་མེད་ཡིན། །དབང་དང་མན་ངག་འདོད་པ་ཡིས། །རང་སྲོག་ལུས་དང་རྫས་རྣམས་ཀྱིས། །བླ་མ་སློབ་དཔོན་མཉེས་བྱས་ལ། །ཐབས་ལ་མཁས་པས་འདོད་པ་བླང་། །མན་ངག་ཐོབ་པའི་སྐྱེས་བུས་ཀྱང་། །སྲོག་ལུས་གཏང་བར་ཕངས་པ་ལྟར། །མན་ངག་ དམ་པ་དེ་བས་ཕངས། །དེ་བས་བཙལ་ཐབས་མཁས་པར་བྱ། །བླ་མའི་དྲིན་ལན་མི་ཤེས་ཤིང་། །མན་ངག་ཕྱལ་བར་སྤེལ་བ་དང་། །ཐོས་ནས་མི་མོས་མི་སྒོམ་ན། །མཐོང་བའི་ཆོས་ལ་དམྱལ་ཚོགས་འཚེད། །བླ་མའི་དྲིན་ལན་མི་བརྗེད་ཅིང་། །མན་ངག་བཙལ་བའི་ཐབས་ མཁས་པ། །མོས་ཤིང་བསམ་གཏན་མཆོག་གཞོལ་བ། །རྒྱལ་སྲས་ཀུན་གྱི་ནང་ན་མཆོག །དབང་བསྐུར་རིམ་པ་ཡང་དག་པའི། །གནས་དང་དུས་དང་སློབ་དཔོན་དང་། །སློབ་མ་དང་ནི་གླེང་གཞི་དང་། །དཀྱིལ་འཁོར་དག་དང་དེར་འཇུག་རིམ། །དབང་བསྐུར་རིམ་དང་རྣམ་ གྲངས་དང་། །བསྐུར་བའི་གནས་དང་ཐབས་དག་དང་། །སྒྲིབ་བྱང་ཚད་དང་ས་ནོན་དང་། །དེ་འབྲེལ་མན་ངག་རིམ་པ་དང་། །རྟགས་དག་དང་ནི་བརྡ་དག་དང་། །རྫས་དག་དང་ཡང་དགོས་པའི་དོན། །ནུས་པའི་ཚད་དང་འབྲས་བུ་སྟེ། །རྣམ་པ་ཉི་ཤུས་མངོན་པར་བརྗོད། །དེ་དག་ ཀུན་གྱི་མཚན་ཉིད་དང་། །བུམ་པའི་དབང་དང་གསང་བའི་དབང་། །གསུམ་པ་ཤེས་རབ་ཡེ་ཤེས་དབང་། །དེ་ལྟར་དེ་བཞིན་ཡང་བཞིས་བཤད། །རྒྱུད་རྣམས་ཀུན་གྱི་ཚིག་དོན་རྣམས། །མ་ལུས་འདིར་ནི་འདུས་པ་ཡིན། །དང་པོར་བུམ་དབང་གླེང་གཞི་ནས། །ཡང་དག་ བརྩམས་ཏེ་བདག་གིས་བཤད། །ཀྱེ་ཧོ་ཤཱཀྱ་སེང་གེ་ལ། །བལྟམས་ཚེ་ཀླུ་རྒྱལ་དགའ་སོགས་པས། །བུམ་པའི་ཆུ་ཡིས་ཁྲུས་བྱས་དང་། །མངོན་པར་རྫོགས་པར་བྱང་ཆུབ་ཚེ། །ས་ཡི་ལྷ་མོས་བུམ་པ་ཡང་། །བཀྲ་ཤིས་བརྗོད་ནས་ཕྱག་ཏུ་ཕུལ། །འཁོར་ལོས་སྒྱུར་རྒྱལ་ རྒྱུད་འབྱུང་བ། །སྤྱི་བོར་དབང་བསྐུར་གླེང་གཞི་ཡིན། །གནས་ནི་རི་སོགས་ཡུལ་ཁམས་དང་། །སྒྲུབ་ཁང་གནས་དང་མཎྜལ་ས། །བཀྲ་ཤིས་ཡིད་དགའ་རྗེས་མཐུན་པར། །སོ་སོའི་རྒྱུད་ལས་གསུངས་པ་ཡིན། །དུས་ནི་བླ་མས་གནང་བ་ཡིན། །སློབ་མ་དད་པ་ཡོད་པ་དང་། ། དམ་ཆོས་འབྱུང་དང་སྒྲུབ་པ་དང་། །དགོས་པ་ཕུན་སུམ་ཚོགས་པ་སྟེ། །རྣམ་པ་བཞིར་ནི་བརྗོད་པ་ཡིན། །སློབ་དཔོན་ཡོན་ཏན་ཀུན་ལྡན་ཞིང་། །དབང་དང་དམ་ཚིག་ལྡན་པ་དང་། །རྐྱེན་ཐུབ་ས་བོན་གཟི་བརྗིད་ཆེ། །སྙིང་རྗེར་ལྡན་ཞིང་སློབ་ལ་བརྩོན། །རིགས་ཅན་ཀུན་ གྱིས་བཀུར་བའི་ས། །དབང་མཆོག་བསྐུར་བར་གསུངས་པ་ཡིན། །སློབ་མ་དད་པར་ལྡན་པ་དང་། །སློབ་དང་སྒྲུབ་ལ་དགའ་བ་དང་། །རྩ་བའི་སྔགས་ཟློས་བྱེད་པ་དང་། །སྔགས་རྒྱུད་དག་ལ་དགའ་སེམས་དང་། །གཞན་ཡང་ཚེ་ཕྱི་དོན་འདོན་དང་། །གཞན་ཡང་གླེགས་བམ་ མཆོད་རྟེན་སོགས། །ཞལ་སྲོས་རིག་པ་སྤྱི་དང་ནི། །གཞན་ཡང་ཚེ་འཕོས་ཆེད་དུ་སྟེ། །རྣམ་པ་འདི་དག་རྒྱལ་བས་གསུངས། །དེ་རེ་ལ་ཡང་གླེང་གཞི་དག །རྒྱུད་རྣམས་ཀུན་ལས་རྒྱས་པར་བསྟན། །དཀྱིལ་འཁོར་སློབ་མ་རབ་འབྲིང་ཐ། །ཏིང་འཛིན་མེ་ཏོག་རྡུལ་ཚོན་རིམ། ། གཞན་ཡང་ལུགས་འབུར་བཟོ་བྲིས་དང་། །གླེགས་བམ་མཆོད་རྟེན་བླ་མ་སོགས། །དེ་ཀུན་སྤྱན་སྔར་བུམ་དབང་ནི། །བསྐུར་དུ་རུང་བར་བདེ་གཤེགས་གསུངས། །དེ་དག་སོ་སོའི་ཆོ་གའི་རིམ། །སོ་སོའི་རྒྱུད་ལས་གསལ་བར་བྱ། །རྡུལ་ཚོན་ལ་སོགས་བྱེད་པའི་ཚེ། ། ས་ནི་དག་པར་བྱ་བ་དང་། །བགེགས་བསལ་བ་དང་གཟུང་བ་དང་། །བུམ་པའི་སྟ་གོན་བྱ་བ་དང་། །ལྷ་དང་སློབ་མ་ཡོ་བྱད་རྣམས། །ཇི་ལྟར་སྟ་གོན་བྱ་བ་དང་། །སྔོན་དུ་བསྙེན་པའི་རིམ་པ་དང་། །ཐིག་གདབ་པ་ཡི་ཆོ་ག་དང་། །ཚོན་རྩི་དག་ནི་དགྱེ་བ་དང་། །རྒྱན་ རྣམས་བཀོད་དེ་མཆོད་པ་དང་། །ཡེ་ཤེས་དབབ་དང་མཆོད་སོགས་དང་། །ཇི་ལྟར་གྲགས་པའི་ཆོ་གས་བྱ། །གང་ཟག་དང་པོས་རང་གིས་བྲི། །གཉིས་པ་གསུམ་པས་ཕབ་སྟེ་བྲི། །བཞི་པས་ཡིད་ཀྱིས་བྱ་བ་ཡིན། །ལུགས་མ་ལ་སོགས་དེ་བཞིན་ནོ། །ཡང་ན་སློབ་མའི་སྣོད་ དང་སྦྱར། །ཡང་ན་མོས་པའི་དབང་དུ་གསུངས། །དེར་འཇུག་པ་ཡི་རིམ་པ་ནི། །ཀུ་ཤ་སོ་ཤིང་སྐུད་པ་དང་། །དག་པའི་ཆུས་རེག་གཙང་བྱས་པའི། །ཐུན་མོང་སྡོམ་གནས་སེམས་བསྐྱེད་པ། །སྒོར་བཀུག་མེ་ཏོག་སྦྱིན་བྱ་ཞིང་། །གདོང་གཡོགས་གསོལ་བཏབ་སྤྲོ་བསྐྱེད་ དེ། །ཀུན་བྱེད་ཆུ་ཡིས་གསལ་དག་བྱ། །སྙིང་ལ་རྡོ་རྗེར་དེར་གཞན་བསྒོམ། །ཡོལ་བའི་ནང་དུ་དྲངས་ནས་སུ། །བསྐོར་བ་ཕྱག་འཚལ་གསོལ་བ་གདབ། །མནའ་ཡི་དམ་ཚིག་ཆོ་ག་སྦྱིན། །ཐུན་མོང་བསྲུང་བའི་དམ་ཚིག་དབོག །ཕྱི་ཡི་དབབ་པའི་དམ་ཚིག་གིས། ། ཕྱི་རོལ་རྡོ་རྗེ་འཛིན་པ་དབབ། །ཕྱི་ཡི་མེ་ཏོག་ཕྲེང་དོར་རོ། །ཕྱི་ཡི་རང་གི་ལྷ་ཡང་སྦྱིན། །ལྷུང་བའི་མཚན་མ་ཤེས་བྱ་བསྒོམ། །ཤ་མིག་དག་འགྱུར་སྔ་ལྟས་སུ། །ཅི་མཐོང་བྲི་བའི་ཆོ་ག་བྱ། །དེ་ནས་ཤ་ཡི་མིག་ཕྱེ་སྟེ། །གཟུགས་བརྙན་དཀྱིལ་འཁོར་བསྟན་པར་བྱ། །དེ་ཀུན་ རྒྱུད་ནས་རྒྱས་པར་གསུངས། །དཀྱིལ་འཁོར་མཐོང་བའི་འོག་ཏུ་ནི། །དབང་གི་མཎྜལ་གནས་སུ་བཞག །མགོ་ལ་མེ་ཏོག་ཕྲེང་བཏགས་པ། །ལྷའི་དབང་སྟེ་དང་པོར་བཤད། །ཆུ་དང་དབུ་རྒྱན་རྡོ་རྗེ་དང་། །དྲིལ་བུ་མིང་དང་རྣམ་པ་ལྔ། །སློབ་མ་རིག་པའི་དབང་ཞེས་བྱ། །དེ་ནས་ སེང་གེའི་ཁྲི་སྟེང་དུ། །རིག་བྱེད་སློབ་དཔོན་དབང་སྦྱར་བྱ། །གོང་མ་བརྟན་པར་བྱ་བའི་ཕྱིར། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་གཉིས། །ཕྱག་རྒྱ་དམ་ཚིག་གསུམ་པ་ཡིན། །དབུགས་དབྱུང་བ་དང་ལུང་བསྟན་པ། །ཕྱིར་མི་ལྡོག་སོགས་རིམ་པ་ཡིན། །དེ་ཀུན་བུམ་པའི་དབང་ཡིན་ཏེ། ། དེར་ཡང་བུམ་ཁྲུས་བྱེད་ཕྱིར་རོ། །གཞན་ཡང་དབང་གི་རྣམ་གྲངས་ནི། །སོ་སོའི་རྒྱུད་ཀྱི་རྗེས་འབྲངས་ཏེ། །ཇི་སྐད་གསུངས་པ་དེ་ཤེས་བྱ། །བུམ་པའི་དབང་ལ་རྣམ་གསུམ་སྟེ། །ཕྱི་དང་ནང་དང་སྦས་པའོ། །སྤྱི་ལ་ཐུན་མོང་ཁྱད་པར་ཏེ། །ཐུན་མོང་ཕྱི་པའི་རྒྱུད་དང་མཚུངས། ། དེ་མཚུངས་བུམ་པའི་བཅུད་ནང་དུ། །མི་འཆི་བཅུ་ཕྱེད་དག་དང་ནི། །བཏུང་བ་སྣུམ་པོས་གང་བྱས་པ། །ཁྱད་པར་བུམ་པ་ཞེས་གསུངས་སོ། །ནང་གི་སློབ་དཔོན་བླ་མའི་སྐུ། །བུམ་པའི་ནང་ནས་འབབ་པའི་ཆུས། །སློབ་མའི་སྤྱིར་བླུགས་སེམས་སྐུལ་བྱེད། །སྦས་པའི་བུམ་པ་བདེ་ ཆེན་གནས། །སྟོང་ཕྲག་བདུན་ཅུའི་རྩ་ལམ་ནས། །ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ། །ལྷ་ཡི་ཆུ་ཡིས་ཁྲུས་བྱས་པ། །སྦས་པའི་ཐབས་ཀྱིས་བུམ་པའོ། །ཕྱག་རྒྱ་མ་ཡི་བུམ་པ་ནས། །སེམས་ཀྱི་ཆུ་དང་མཚལ་ཆེན་སེམས། །ཐབས་ཀྱི་གསང་བའི་ནོར་བུ་ལ། །དག་པའི་ ཆུ་ཡིས་ཁྲུས་བྱེད་པ། །སྦས་པའི་ཤེས་རབ་བུམ་པར་བཤད། །དེ་ནས་བུམ་པའི་དབང་ལ་ཡང་། །དབང་རྣམ་བཞིར་ནི་ངེས