Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 53

Văn bản gốc(Tây Tạng)

Trang 6 / 18 (50.000 ký tự/trang)
་ཀྱིས་
བཏབ་པའི་སྨན་བཞིན་དུ། །རྨ་བྱའི་ཟས་ནི་གཞན་གྱིས་མིན། །ཙནྡན་རི་དགས་ལྟེ་བའི་དྲི། །ཆུ་ཡི་རླབས་ནི་རྒྱ་མཚོ་ཉིད། །གསལ་བའི་རང་བཞིན་རས་དཀར་འདྲ། །རི་བོ་བསྐྱོད་པར་མི་ནུས་པས། །གངས་རི་ཆུ་ལས་གཞན་མེད་དེ། །དྲི་དང་སྒོག་སྐྱ་ཐ་དད་མིན། །ཉི་ཟླའི་
ཡོན་ཏན་གསལ་བ་ཡིན། །བྱ་ཡི་རྗེས་ནི་ཚོལ་མི་བྱེད། །ནམ་མཁའ་རྟོག་གེའི་སྤྱོད་ཡུལ་མིན། །མཎྜལ་ཕྱོགས་ཆ་རབ་ཏུ་སྙོམས། །རོ་ལངས་བྱ་སར་དཀོན་ནེ་བཞིན། །དཔེ་མེད་ངོ་མཚར་ནོར་བུ་ཤེལ། །ཞེས་རྔོན་པ་བ་ཆེན་པོ་ས་ར་ཧས་ཀ་མ་ལ་ཤཱི་ལ་ལ་ལྟ་བའི་བརྡ་བསྟན་
པའོ།། །།དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཁའ་འགྲོས་བྱིན་བརླབས་བསྒོམ་པའི་བརྡ། །ཚང་ཚིང་ནགས་ཀྱི་དུར་ཁྲོད་དུ། །བདག་མེད་མ་དང་ཕྲད་བྱས་ལ། །ཉི་མ་ཤར་བའི་བསམ་པ་ཡིས། །ལས་ཟིན་པ་ཡི་སྐྱེས་བུ་བཞིན། །སྤྱི་བོའི་ནོར་བུ་མཆོད་ནས་ཀྱང་། །
ཁང་པ་སྟོང་པའི་ཁྱི་བཞིན་དུ། །སྨན་པའི་དོན་སྟོར་ནམ་མཁར་ཁྱེར། །ཆུ་བོ་ཆེན་པོའི་རྒྱུན་འབབ་བཞིན། །དྲང་སྲོང་ཀུ་ཤའི་སྟེང་དུ་བཞག །མར་མེ་རླུང་དང་བྲལ་བ་བཞིན། །དངུལ་དཀར་མེ་ལོང་ཕྱི་བར་བྱ། །ཡིད་འོང་བྲལ་བའི་མ་བཞིན་དུ། །རུས་སྦལ་འཁར་གཞོང་ཉི་མ་
ལ། །རྩལ་ལྡན་འཕོང་སློབ་བརྩོན་པ་སྟེ། །མདའ་མཁན་ཡིད་ནི་གཅིག་ཏུ་གཏོད། །གདམས་པའི་གཙོར་ནི་ངེས་པར་གྲོལ། །གསེར་ལས་བྱས་པའི་རྒྱན་བཞིན་དུ། །བུ་རམ་རོ་ལ་མྱང་བར་བྱ། །ཞེས་རྔོན་པ་བ་ཆེན་པོས་ཀ་མ་ལ་ཤཱི་ལ་ལ་བསྒོམ་པའི་བརྡ་བསྟན་པའོ།། །།དཔལ་

ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཁའ་འགྲོས་བྱིན་བརླབས་སྤྱོད་པའི་བརྡ། །བག་མའམ་སྨྱོན་པའི་ཚུལ་བཟུང་སྟེ། །གླང་པོ་བཙོངས་ལ་ཕག་རྒོད་བསད། །ཉ་ནི་རྒྱ་མཚོར་ཡངས་པ་ཆེ། །ནགས་རྣམས་མེ་ཡིས་རབ་ཏུ་སྲེག །རེས་འགའ་མགྱོགས་པའི་རྟ་ལ་ཞོན། །གྲི་གུག་རྣོན་
པོའི་མཚོན་གྱིས་ནི། །ཅེ་སྤྱང་དུར་ཁྲོད་རྣམ་པར་རོལ། །སྤྱན་གཟིགས་ཟས་ལ་རྟག་ཏུ་སྤྱད། །ཁྲ་ཡི་རྩལ་ནི་ངེས་པར་དྲག །ཝ་ནི་དུར་ཁྲོད་རྣམ་པར་རོལ། །ཆང་འཐུངས་པ་ཡིས་ཡུལ་མཐོང་འདྲ། །མེ་ཏོག་སྒྱུ་མ་བུང་བ་སྟེ། །བུ་ཆུང་སེང་གེ་མེ་ལོང་འདྲ། །སྟག་ནི་འཇིགས་
པ་མེད་པར་རྒྱུ། །སྒྲོན་མེ་རྟག་ཏུ་ཐོགས་བྱས་ཏེ། །གླང་པོ་ཞོན་ལ་ཀུན་དུ་རྒྱུག །ཞེས་རྔོན་པ་བ་ཆེན་པོས་ཀ་མ་ལ་ཤཱི་ལ་ལ་སྤྱོད་པའི་བརྡ་བསྟན་པའོ།། །།དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཁའ་འགྲོས་བྱིན་བརླབས་འབྲས་བུའི་བརྡ། །གེ་སར་པདྨོའི་དཀྱིལ་ནས་
འཁྲུངས། །ཤེལ་གྱི་འོད་ཟེར་ནང་ནས་ཤར། །རྨ་བྱའི་རི་མོ་སུ་ཡིས་བྲིས། །འཇའ་ཚོན་ནམ་མཁའི་ཆོ་འཕྲུལ་ཡིན། །རྟོག་མེད་རེ་བ་ནོར་བུ་བསྐང་། །འདབ་གཤོག་མེད་པར་འཕུར་མི་ནུས། །གཙུབ་སྟན་མེ་ནི་རྩོལ་བས་འབྱིན། །ཤིང་ནི་རང་གིས་རང་ལ་བསྲེག །གསེར་
གྱི་ཁ་དོག་མཚུར་གྱིས་འདོན། །དགྲ་མེད་མི་ནི་ཟོན་དང་བྲལ། །གཉིད་སད་སྐྱེས་བུ་དེ་ཅི་སེམས། །བྱིས་པ་ཨ་ལུས་འབྲིད་པ་ལྟོས། །ནམ་མཁའ་ནམ་མཁའ་ནམ་མཁའི་ངང་། །ཆུ་བྲན་རྒྱ་མཚོའི་དབྱིངས་སུ་འདྲེས། །ནམ་མཁའི་ཆོ་འཕྲུལ་ངོ་མཚར་ཆེ། །ཆུ་ཟླ་དུ་མ་ཡོད་མ་ཡིན། །
ཞེས་རྔོན་པ་བས་ཀ་མ་ལ་ཤཱི་ལ་ལ་འབྲས་བུའི་བརྡ་བསྟན་པའོ།། །།དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཁའ་འགྲོས་བྱིན་བརླབས་ལམ་གྱི་བརྡ། །སྡོམ་ནི་ཚད་ལས་མི་འདའ་བར། །རི་བོང་འདི་ཡི་སྤྱོད་འགྲོས་ལྟོས། །ཁྲ་ཡི་རྩ་ལ་ཡངས་པ་མེད། །རྟག་ཏུ་འཁོར་
ལོའི་རྩེ་ལ་ཞོན། །རྫ་མཁན་བུ་ལ་ཡངས་པ་མེད། །རལ་གྲི་ཏིལ་ངར་ལྡན་པ་གཅེས། །མེ་ལ་རླུང་གིས་བསྐྱོད་པ་ཡིས། །ཚང་ཚིང་ནགས་ཀྱི་དུར་ཁྲོད་བསྲེག །བྲམ་ཟེ་སྐུད་པ་འཁལ་ལ་ལྟོས། །བྱ་བ་ཟིན་པའི་སྐྱེས་བུ་མཆོག །སྙིང་ཆུང་དེ་ནི་མི་རོ་ཡིན། །མར་མེ་

རླུང་གིས་མ་བསྐྱོད་པར། །འཁོར་ལོའི་སྲུབ་ཐག་གཅད་པར་བྱ། །སྤྲིན་མེད་མཁའ་ལ་ཉི་ཤར་བཞིན། །ལྷོ་སྤྲིན་རླུང་གིས་བརྡ་བར་བྱ། །འཇའ་ཚོན་འདི་ཡིས་བྱིས་པ་བསླུས། །སོ་མཚམས་མཁར་གྱི་བདག་པོ་ལྟོས། །རིན་ཆེན་གཏེར་གྱི་མེལ་ཚེ་གྱིས། །
ནམ་མཁས་ནམ་མཁའ་གྲོལ་བར་ངེས། །ཞེས་རྔོན་པ་བ་ཆེན་པོས་ཀ་མ་ལ་ཤཱི་ལ་ལ་ལམ་གྱི་བརྡ་བསྟན་པའོ།། །།དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཁའ་འགྲོས་བྱིན་བརླབས་ཉམས་ཀྱི་བརྡ། །དཀར་པོའི་ཟླ་བ་རིམ་པ་སྟེ། །འཇའ་ཚོན་ནམ་མཁའ་ཉིད་ལ་མཛེས། །
གཞོན་ནུས་སྨྲས་པ་ཅི་སྟེ་གོ། །ཆུས་བཀང་ནས་ནི་སྨྲར་མི་བཏུབ། །ཁུག་རྣ་དང་བའི་རྣམ་པ་བཞིན། །དབུལ་མོ་གཏེར་ལྡན་ངོ་མཚར་ཆེ། །ལན་ཚྭ་ཆུ་བོ་ཉིད་ལ་ཐིམ། །བྱ་ནི་མཁའ་ལས་འདའ་མི་ནུས། །དགྲས་བསླུས་གཉེན་ལའང་ཡིད་མ་གཏོད། །རལ་གྲི་ངར་ལྡན་ངོ་
མཚར་ཆེ། །རྒྱལ་པོའི་བཙུན་མོ་འཇིགས་མི་བྱེད། །ཝ་ཡིས་སེང་གེ་སྐྲག་པ་མིན། །བྱ་ནི་མཁའ་ལ་རྩོལ་སྒྲུབ་མེད། །མཁའ་དང་ཆོ་འཕྲུལ་ཐ་དད་མིན། །ནམ་མཁའ་གང་གིས་ཟ་བར་ནུས། །ཆུ་ནི་མ་རྙོག་བཞག་ན་དངས། །འདི་ཉིད་ཡིན་དང་མ་ཡིན་ཞེས། །སུས་བྱས་
སུ་ཡིས་གོ་བ་སུ། །ཞེས་རྔོན་པ་བ་ཆེན་པོས་ཀ་མ་ལ་ཤཱི་ལ་ལ་ཉམས་ཀྱི་བརྡ་བསྟན་པའོ།། །།དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཁའ་འགྲོས་བྱིན་བརླབས་གནད་ཀྱི་བརྡ། །སེང་གེ་གླང་ཆེན་ཕག་རྒོད་བསད། །རྩ་བ་བྲལ་བའི་སྡོང་པོ་བཞིན། །ནགས་ཀྱི་རི་དགས་གལ་
ལ་ཚུད། །གཟིངས་ཀྱི་བྱ་རོག་གར་བདེར་ཐོང་། །དངས་མའི་ཆུར་ནི་གཟུགས་བརྙན་བཞིན། །མཁའ་ལ་ཚོན་གྱིས་བསྐུར་མི་ནུས། །རི་བོ་རླུང་གིས་བསྒུལ་བ་མིན། །རྒྱ་མཚོ་ཆེན་པོ་གཏིང་མི་གཡོ། །སྙིང་ཆུང་དེ་ནི་སྐལ་བར་ལྡན། །སེང་གེའི་གསོབ་ལ་བྱིས་པ་འཇིགས། །བུང་
བའི་སྤྱོད་པ་ཡིད་ཀྱིས་ལྟོས། །བུ་ཤིའི་མྱ་ངན་སེམས་ལ་ཞོག །སྒྲོན་མེ་ལག་ཏུ་ཐོགས་པའི་མི། །ཀུན་གྱི་སྣ་ལ་འགྲོ་བར་གྱིས། །དེ་ནས་ནམ་མཁའི་ཕྱི་ནང་འདྲེ། །ཞེས་གསུངས་ཏེ། རྔོན་པ་བ་ཆེན་པོས་ཀ་མ་ལ་ཤཱི་ལ་ལ་གནད་ཀྱི་གདམས་པ་བསྟན་པའོ།། །།

༄༅༅། །རྒྱ་གར་སྐད་དུ། ཙིཏྟ་གུ་ཧྱ་གམྦྷཱི་རཱརྠ་གཱི་ཏི་ནཱ་མ། བོད་སྐད་དུ། སེམས་ཀྱི་གསང་བ་ཟབ་དོན་བརྡའི་གླུར་བླངས་པ་ཞེས་བྱ་བ། ཤ་བ་རི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཀྱེ་ཧོ་ཆུ་དང་འོ་མ་སོ་སོར་ནམ་མཁའི་མཐོངས་སུ་བསྲེས་པ་རྟོག་མེད་ངང་པའི་མཆུ་དེས་བསྡུས་ནས་
སོང་། །འདབ་ཆགས་འུག་པའི་མིག་གིས་སྣ་ཚོགས་མུན་པའི་ཁྲོད་ན་སྣང་བ་སོ་སོར་མཐོང་བ་ཕྱི་རོལ་མིན། །འདབ་ཆགས་ནེ་ཙོས་ཉི་མའི་འོད་ལ་རྩི་ཤིང་ནགས་ཁྲོད་མཐོང་ལ་དགའ་ཞིང་རྩེ་ལ་ལྷག་པར་ཆགས། །རྨ་བྱ་དུག་གི་ལོ་མ་ཟོས་པས་སྤུ་སྡུག་ལྷག་པར་མཛེས་པའི་ཁ་དོག་
མདོངས་ནི་སུ་ཡིས་བྲིས། །སྒེག་མོ་བཞིན་གྱི་དྲི་མ་དག་པའི་གདོང་ཅན་མེ་ལོང་བལྟ་ལ་རབ་ཏུ་བརྩོན་པ་ཤེས་པར་གྱིས། །སྲིན་པོའི་གླིང་ལས་ཐར་པའི་དེད་དཔོན་དྲི་ཟའི་གྲོང་མཐོང་དེ་ལ་གནས་བཅས་དོན་ཆེན་འགྲུབ་པ་མཚར། །དྲང་སྲོང་ཆུ་ཡི་ཟླ་བ་བལྟ་ཞིང་ཉི་ཟླའི་ཕྲེང་བ་བགྲེང་ལ་བརྩེན་པ་
གཙང་སྦྲ་ལྷག་པར་ཆེ། །རྒྱལ་པོས་དགྲ་ཐབས་ཀྱིས་ནི་བཀུག་སྟེ་བཅིངས་ནས་བསད་པས་སྲིད་དང་བཅས་པ་ཐོབ་སྟེ་གཡོན་ཅན་མིན། །གིང་པ་སྲོག་གཅོད་མཁས་པ་ཉིན་བཞིན་སྲོག་གཅོད་དེ་ལ་སྡིག་པས་མི་གོས་གཤིན་རྗེ་གཤེད། །རྫི་བོ་ཐབས་མཁས་ལྕགས་ཀྱུས་སྟོབས་ལྡན་གླང་
པོའི་ཁ་ལོ་ཇི་ལྟར་འདོད་བཞིན་བསྒྱུར་བ་ཕྱི་རོལ་མིན། །མིག་འཕྲུལ་མཁན་པོས་ཉི་ཟླ་བརྐུས་ཏེ་མུན་ཁུང་ནང་དུ་སྦས་པས་གཟའ་སྐར་ཐམས་ཅད་དབང་དུ་འདུས། །ཚངས་པའི་རིལ་བ་ཆུས་བཀང་མི་འཛག་དག་བྱེད་རྒྱུད་དུ་འཆང་བ་ཤེས་ན་རྟེན་འབྲེལ་ཆེ་བ་ཡིན། །དཔྱིད་དུས་མེ་ཏོག་མགུལ་ཆད་ལྷུང་
བ་ཤིང་ཐོག་རོ་ལྡན་འགྱུར་བར་རེ་བའི་མི་དེ་འཇའ་ཏྲི་ཡིན། །རྫ་སོ་མ་བཏང་སྣོད་དེར་ཆུ་བླུགས་མི་འཛག་མིན་པས་མེ་ནང་བཅུག་ལ་ཏི་ཚ་མཁས་པར་བྱ། །ཁུ་རྟ་སྐོམ་ཡང་ས་ནང་འབབ་པའི་ཆུ་ནི་མི་འཐུང་ནམ་མཁའི་ཆར་རྒྱུན་འཛེད་པར་ཤེས་པར་བྱ། །ལྐུགས་པར་སྡོད་པའི་མི་དེས་ཁབ་ལེན་
རྡོ་ཡིས་ལྕགས་ཕྱེ་བསྡུས་པས་རྒྱ་མཚོ་ར་ཟླ་བ་གཟའ་ཡིས་བཟུང་། །དུས་མཐའི་མདུང་རྩེར་འབབ་པའི་ཚངས་པའི་དངུལ་ཆུ་དེ་ལ་གཟུགས་མཛེས་བརྟན་པའི་རྒྱལ་པོ་ལྷག་པར་དགའ། །ཟོ་ཆུན་འཁོར་ལོས་ཁྲོན་པའི་ཆུ་རྣམས་གྱེན་དུ་དྲངས་པས་མཆོག་གི་ལོ་ཏོག་སྨིན་པ་ཨེ་མ་ཧོ། །ཟབ་མོ་

བརྡའི་གླུ་གསང་བའི་བདུད་རྩི་ཞེས་བྱ་བ་རྫོགས་སོ།། །།ཤ་བ་རི་དབང་ཕྱུག་གིས་དམ་པ་ལ་གསུངས། དམ་པའི་ཞལ་སྔ་ནས་ཞ་མ་ལོ་ཙཱ་བས་གཏན་ལ་ཕབ་སྟེ་དཔལ་དིང་རི་མཁན་པའི་ཁྲོད་དུ་བསྒྱུར་བའོ།། ༄༅། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས།
གང་གིས་མ་རྟོགས་པ་ཡིས་རྟོགས་པའི་སྤྱོད་པ་མི་བྱ་སྟེ། །བྱས་ན་རྒྱལ་པོའི་ཁྲིམས་ལ་དམངས་ཀྱི་གནོད་པ་བྱས་པ་བཞིན། །རྟོགས་པ་རྣམས་ཀྱིས་མ་རྟོགས་པ་ཡི་སྤྱོད་པ་མི་བྱ་སྟེ། །བྱས་ན་གླང་ཆེན་དག་ནི་འདམ་དུ་བྱིང་བ་འདྲ། །གསུང་ངོ་།། །།སློབ་དཔོན་ས་ར་ཧའི་ཞལ་ནས།
ཀྱེ་ཧོ་གྲོགས་དག་ལྷན་ཅིག་སྐྱེས་པ་སྟེ། །གཞན་ནས་རྙེད་མིན་ཞལ་ལ་དྲིས། །དོན་དམ་གཞན་གྱི་ངོ་བོ་དེ་རྟོགས་ན། །ཡིད་ནི་གར་འཆིང་རླུང་ཡང་ཆད་པ་མེད། །གསུང་ངོ་།། །།སློབ་དཔོན་ཏོག་ཙེ་པའི་ཞལ་ནས། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་
བདེ་ཆེན་རྒྱུན་མི་འཆད། །བརྟགས་པ་ཐམས་ཅད་དོན་མེད་གཡེང་བའི་རྒྱུ། །སྒོམ་དུ་མེད་པས་གཉུག་མའི་ངང་ལ་ཞོག །གསུང་ངོ་།། །།སློབ་དཔོན་ས་མནྟ་བཛྲའི་ཞལ་ནས། ཕྱག་རྒྱ་ཆེན་པོ་རང་ལ་ལྷུན་གྱིས་གྲུབ་པ་སྟེ། །མི་བསམ་མི་རིག་འབད་པ་མེད་པར་ངང་གིས་ཞོག །ཆད་པ་
མེད་དེ་སྔོན་དུ་ཉམས་མྱོང་རང་གིས་རིག །རྟག་པར་མི་འགྱུར་མངོན་ཞེན་མེད་པར་ཟུང་དུ་འཇུག །གསུང་ངོ་།། །།སློབ་དཔོན་ཀ་ན་པའི་ཞལ་ནས། ཤིང་རྟའི་འཁོར་ལོ་གཅིག་དང་མི་ལྡན་འགྲོ་བར་མི་ནུས་བཞིན། །སྦྱིན་སོགས་འབད་པ་བྱས་ཀྱང་བླ་མའི་མན་ངག་མེད་ན་དངོས་
གྲུབ་དམ་པ་མེད། །བྱ་རྒོད་རྩལ་རྫོགས་འདབ་མར་བཅས་པ་དག་ནི་མཁའ་ལ་སྤྱོད་ཅིང་རྒྱུག །སྐལ་བཟང་རྣལ་འབྱོར་དམ་པ་རྣམས་ནི་དབང་དང་བྱིན་བརླབས་དམ་པའི་འོག་ཏུ་ཆུད་ཅིང་བདེ། །གསུང་ངོ་།། །།ཀམྤ་ལའི་ཞལ་ནས། ཟབ་ཅིང་རྒྱ་ཆེ་རྒྱ་མཚོ་ནོར་བུས་གང་བ་ལ། །ཀླུ་ཡི་
རྒྱལ་པོ་རྣམས་ཀྱིས་མངའ་མཛོད་ངོ་མཚར་ཆེ། །སྣང་གྲགས་ཐམས་ཅད་ཡེ་ནས་ཆོས་སྐུ་ཡིན་པ་ལ། །རྟོགས་དང་ཉམས་མྱོང་ལྡན་པས་མངའ་མཛོད་ངོ་མཚར་ཆེ། །གསུང་ངོ་།། །།སློབ་དཔོན་ལཱུ་ཡི་པའི་ཞལ་ནས། ཁྱི་རྒོད་རབ་ཏུ་མི་སྲུན་སྣ་ལ་སྦྲང་རྩི་བྱུགས་ན་ཕྱོགས་

རྣམས་ཀུན་ཏུ་ཟ་བར་བྱེད། །བློ་དམན་སྐལ་བ་དམ་པའི་གང་ཟག་རྣམས་ལ་དབང་དང་གདམས་ངག་བྱིན་པས་རང་རྒྱུད་བསྲེག །གླང་ཆེན་དཔའ་ལ་བརྟན་པའི་སྣ་ལ་རལ་གྲི་བསྐུར་བས་དགྲ་དཔུང་འཇོམས། །སྐལ་བཟང་བློ་ལྡན་སྐྱེ་མེད་རྟོགས་པ་རྣམས་ཀྱིས་ཐུགས་ཕྲད་དག་གི་རྣམ་རྟོག་
འཇོམས། །གསུང་ངོ་།། །།སློབ་དཔོན་ཏི་ལོ་པའི་ཞལ་ནས། རི་རབ་གསེར་གྱི་ངོས་ལ་བྱ་གནས་པ། །བྱ་ཡི་རང་བཞིན་བོར་ནས་གསེར་དུ་སྣང་། །མཁས་པ་གང་གིས་སྐྱེ་བ་མེད་རྟོགས་ན། །དངོས་པོའི་རང་བཞིན་བོར་ནས་བདེ་བ་ཆེ། །གསུང་ངོ་།། །།ཏི་ལོ་པའི་ཞལ་ནས། བདག་
ཉིད་གདོད་མ་ཉིད་ནས་སངས་རྒྱས་ཡིན་པ་ལ། །མ་རྟོགས་དབང་གིས་སངས་རྒྱས་ཉིད་དུ་མ་མཐོང་ངོ་། །གཉིས་མེད་གང་གིས་རྟོགས་པ་དེ་ནི་ཕྱག་རྒྱ་ཆེ། །རྟོགས་པའི་ཡུལ་ན་མཐོང་བ་མེད་ཅིང་རྟོགས་པ་མེད། །གསུང་ངོ་།། །།སློབ་དཔོན་ཤེས་རབ་བཟང་པོའི་ཞལ་ནས། བྱིས་
པ་ཆུང་ངུ་གསོས་ནས་གྱད་ཀྱི་སྟོབས་དང་ལྡན་པ་བཞིན། །བློ་ཆུང་རྣམས་ཀྱང་བླ་མའི་གདམས་ངག་དག་གིས་བྲིད་པས་ཐེག་པ་ཆེ། །རླུང་མཁྲིས་བད་ཀན་འདུས་པའི་ནད་རྣམས་སྨན་གྱིས་སེལ་བ་ལྟར། །ང་དང་བདག་ཏུ་འཛིན་པའི་ནད་རྣམས་བླ་མའི་གདམས་ངག་དག་གིས་སྐད་
ཅིག་ཉིད་ལ་བསྲེག །གསུང་ངོ་།། །།སློབ་དཔོན་ནཱ་རོ་པའི་ཞལ་ནས། འཁོར་ལོས་སྒྱུར་རྒྱལ་དཔུང་གི་ཚོགས་རྣམས་ཀྱིས། །གླིང་རྣམས་ཀུན་ལ་དབང་བསྒྱུར་བཞིན། །ལྷན་ཅིག་སྐྱེས་པའི་རོ་རྙེད་པས། །འཁོར་བ་དག་ལ་དབང་བསྒྱུར་ངོ་མཚར་ཆེ། །གསུང་ངོ་།། །།སློབ་དཔོན་
ཌོམྦི་པ་ཆུང་བའི་ཞལ་ནས། གསེར་འགྱུར་རྩི་ཡི་ནུས་པ་ཡིས། །ལྕགས་རྣམས་གསེར་དུ་འགྱུར་བ་བཞིན། །རིན་ཆེན་དབང་གི་ནུས་པ་ཡིས། །ཉོན་མོངས་ཡེ་ཤེས་གཉིས་མེད་འགྱུར། །ཞེས་གསུང་ངོ་།། །།སློབ་དཔོན་ཛ་བ་རི་པའི་ཞལ་ནས། སྐྱེ་མེད་རྟོགས་ཀྱང་ཉམས་མྱོང་
བྲལ། །དེ་ཡང་སྲིན་མོའི་ལག་ཏུ་བུ་ཁྱེར་འདྲ། །ཉམས་སུ་མྱོང་ཡང་གནས་ལུགས་མ་རྟོགས་ན། །དེ་ཡང་གླང་ཆེན་ལྕགས་ཀྱུས་ཕྲོགས་པ་འདྲ། །ཞེས་གསུང་ངོ་།། །།སློབ་དཔོན་བ་སུ་དྷ་རའི་ཞལ་ནས། གང་གིས་མ་རྟོགས་བར་དུ་རོ་འདི་འབྲས་ཆན་དག་དང་ཁྱད་པར་ཆེ། །དེ་

བཞིན་མ་རྟོགས་བར་དུ་སངས་རྒྱས་སེམས་ཅན་ཁྱད་པར་བརྟགས། །རྟོགས་པའི་དུས་ན་འཁོར་བ་དག་ཀྱང་སངས་རྒྱས་ཆེ། །དེ་ཕྱིར་རྟོགས་དང་མ་རྟོགས་དག་ཀྱང་དབྱེ་བར་དཀའ་བས་ཁྱད་པར་མེད། །གསུང་ངོ་།། །།སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་ནས།
བྱ་བ་གཏོང་བ་མན་ངག་ཡིན། །ཞེ་འདོད་མེད་ན་རྟོགས་པ་ཡིན། །བསྒྲུབ་བྱ་མེད་ན་སྤྱོད་པ་ཡིན། །སྨྲ་བརྗོད་མེད་ན་ཉམས་མྱོང་ཡིན། །བླང་དོར་མེད་ན་འབྲས་བུ་ཡིན། །གསུང་ངོ་།། །།སློབ་དཔོན་ཌོམྦི་ཧེ་རུ་ཀའི་ཞལ་ནས། རྟོགས་པ་ཡིད་བཞིན་ནོར་བུ་ལ། །ཉམས་སུ་
མྱོང་བས་མདོག་ཕྱུང་ལ། །སྤྱོད་པའི་ནུས་པས་དགོས་འདོད་འབྱུང་། །རོ་སྙོམས་ལྡན་པ་རྣམས་ཀྱིས་འགྲུབ། །གསུང་ངོ་།། །།སློབ་དཔོན་ཨ་བ་དྷཱུ་ཏཱིའི་ཞལ་ནས། །ཐབས་དང་ཤེས་རབ་ཨན་ཛ་ལ། །བླ་མའི་ཆུ་བོའི་རྒྱུན་གྱིས་རབ་ཏུ་རྒྱལ། །ལྷན་ཅིག་སྐྱེས་པའི་དཔག་བསམ་ཤིང་
དག་ལ། །འབྲས་བུ་ལྷུན་གྲུབ་རང་ལ་རྫོགས་པར་འབྱུང་། །གསུང་ངོ་།། །།སློབ་དཔོན་དཱ་རི་ཀ་པའི་ཞལ་ནས། །རང་ལ་བདེ་ཆེན་ཡོད་ཀྱང་མ་རྟོགས་འཁྲུལ་པས་བསྒྲིབས། །བདེ་ཆེན་གསལ་བར་འདོད་ན་ཚོགས་གཉིས་བསག་པར་བྱ། །ཚོགས་གཉིས་མ་བསགས་བསྐལ་པ་བརྒྱ་
རུ་འབད་བྱས་ཀྱང་། །དོན་མེད་དོན་དང་མི་ལྡན་བདེ་ཆེན་རྟོགས་མི་འགྱུར། །གསུང་ངོ་།། །།སློབ་དཔོན་ནག་པོ་ཞབས་ཀྱི་ཞལ་ནས། དུས་གསུམ་སངས་རྒྱས་ངོ་བོ་གཅིག །དེ་ཡི་རང་བཞིན་བྱང་ཆུབ་སེམས། །རྟོགས་པར་འདོད་ན་ཇི་བཞིན་ཞོག །གོམས་པར་བྱས་ན་མངོན་དུ་འགྱུར། །
གསུང་ངོ་།། །།སློབ་དཔོན་གཅེར་བུ་ལྷུང་བཟེད་ཀྱི་ཞལ་ནས། བླ་མ་དག་ལས་དང་པོ་རང་གི་སེམས་རྟོགས་བྱ། །དེ་ནས་ཆོས་རྣམས་ཀུན་དང་ཐ་དད་མེད་བྱས་ལ། །གཉིས་མེད་གོམས་ཕྱིར་དུར་ཁྲོད་གནས་སུ་འདུག་ནས་ནི། །མཉམ་པར་བཞག་ནས་སྨྱོན་པའི་བརྟུལ་ཞུགས་དག་གིས་
སྤྱད། །གསུང་ངོ་།། །།སློབ་དཔོན་རོ་ལངས་བདེ་བའི་ཞལ་ནས། རྟ་དང་གླང་པོ་རྒྱ་མཚོ་འདྲ་ན་རབ་ཏུ་བདེ། །སྤྲེའུ་ཆུ་ཡི་རི་མོ་འདྲ་ན་སྤྲོ་བར་འགྱུར། །ཆུ་བོ་ཉི་མ་སྨན་དང་འདྲ་ན་དབྱེར་མི་ཕྱེད། །གཙུག་ཕུད་མིག་དང་འཁོར་ལོ་ལྟ་བུར་འབྲས་བུ་ཐོབ། །གསུང་ངོ་།། །།སློབ་

དཔོན་རཱ་མ་ཕ་ལའི་ཞལ་ནས། སངས་རྒྱས་ཀུན་གྱི་སྡོམ་པའི་མཆོག །རང་གི་རྟོགས་པར་གནས་པས་ན། །གཉུག་མའི་སེམས་ཀྱིས་རྟོགས་པ་གང་། །སངས་རྒྱས་ཐམས་ཅད་དེས་མཐོང་ཡིན། །གསུང་ངོ་།། །།སློབ་དཔོན་ཀུ་ཀུ་རི་པའི་ཞལ་ནས། དབྱེར་མེད་ས་ལ་གནས་ན་
ཀུན་ཀྱང་སྐལ་བ་བཟང་། །རྒྱ་མཚོའི་གཏིང་དུ་ཕྱིན་ན་དབུལ་དང་བྲལ། །རལ་གྲི་ལག་ན་ཐོགས་ན་ལོངས་སྤྱོད་ཆེ། །ཕྱོགས་མེད་ས་ལ་ཕྱིན་ན་གཉེན་དང་ཕྲད། །གསུང་ངོ་།། །།སློབ་དཔོན་སྤྱོད་པ་མཐུ་སྟོབས་ཅན་གྱི་ཞལ་ནས། །རྣལ་འབྱོར་རྣམས་ལ་གང་སྣང་ཐམས་ཅད་གདམས་པ་སྟེ། །
མཐོང་བས་དེ་ཡི་སྐྱེ་མེད་རྟོགས་པས་སློབ་དཔོན་མཆོག །བྱས་པ་ཀུན་གྱི་སྐྱེ་མེད་རྟོགས་ཕྱིར་ཐབས་ཡིན་ཏེ། །དགའ་དང་མི་དགའ་བྲལ་ན་སྐྱེས་བུ་དེ་ལ་གཉིས་མེད་འབྱུང་། །ཞེས་གསུང་ངོ་།། །།སློབ་དཔོན་ཀུ་མཱ་ར་ཏྲི་ཏའི་ཞལ་ནས། གང་གིས་བླ་མའི་གདམས་པ་ལ། །དབང་
བླངས་ལྷན་ཅིག་སྐྱེས་པ་ཡི། །རོ་ཡིས་ཀུན་ལ་ཁྱབ་བྱས་ཏེ། །སྐྱེ་མེད་རྒྱས་འདེབས་རྡོ་རྗེ་འཛིན། །བྱིན་བརླབས་ཤར་བས་དབྱེར་མེད་རྫོགས་སངས་རྒྱས། །གསུང་ངོ་།། །།སློབ་དཔོན་བྷ་ཏི་བའི་ཞལ་ནས། ཆོས་རྣམས་ཀུན་ཀྱང་རང་གི་སེམས་དང་གཉིས་མེད་སྦྱོར། །རྟོགས་པའི་ཉམས་
མྱོང་ངེས་དོན་གདམས་པའི་དོན་བྲལ་ན། །ནོར་བུ་མཆིང་བུ་དག་ལ་བདེ་ཆེན་མིན། །ཆོས་དེ་རྣམས་དང་ལྡན་ན་རེ་དོག་ས་མེད་པར་རང་སར་ཞོག །གསུང་ངོ་།། །།སློབ་དཔོན་ལུས་མེད་རྡོ་རྗེའི་ཞལ་ནས། སེམས་མ་གདུངས་ན་བདེ་བ་ཆེ། །ཞེ་འདོད་མེད་ན་རོ་སྙོམས་ཡིན། །འབད་
དང་བྲལ་ན་བསྒོམ་པའི་མཆོག །གཉིས་སྣང་བྲལ་ན་རྫོགས་སངས་རྒྱས། །གསུང་ངོ་།། །།རྒྱལ་པོ་ཨིནྡྲ་བོ་དྷིའི་ཞལ་ནས། །དུས་ཀྱི་སྣ་རྩེ་བདག་བྱིན་བརླབ་དང་མ་ལྡན་ན། །ཕྱི་དང་ནང་དུ་སྤྱོད་པ་བྱས་ཀྱང་སངས་མི་རྒྱ། །བདེ་བ་རང་ཆས་སྣང་བ་དག་དང་ཁྱད་པར་མེད། །
ཞེན་པ་བཏང་བས་ཉམས་སུ་མྱོང་བ་མཆོག་ཐོབ་འགྱུར། །གསུང་ངོ་།། །།སློབ་དཔོན་པདྨ་བཛྲའི་ཞལ་ནས། གར་ཡང་མ་བལྟས་དབུས་སུ་ལྟོས། །མཆོག་དང་བྲལ་ན་དགའ་བ་ཆེ། །སྔགས་རིག་གསང་བ་ལྟོས་སྤྱོད་ན། །རྣལ་འབྱོར་རྟགས་ཀྱིས་བསྒྱུར་བར་བྱ། །གསུང་ངོ་།།

ལྷ་ལྕམ་ལ་ཀྵྨཱི་ཀ་རའི་ཞལ་ནས། དང་པོ་བློ་ལྡན་རྟོགས་པ་བསྐྱེད། །གཉིས་པ་ནགས་སུ་སྣ་རྩེ་བསྒོམ། །ཉམས་སུ་མྱོང་བ་སྐྱེས་པ་ན། །སྤྱོད་པའི་ཁྱད་པར་རྟོགས་པར་བྱ། །གསུང་ངོ་།། །།སློབ་དཔོན་པདྨོ་ཞབས་ཀྱི་ཞལ་ནས། གང་གང་ལྷན་ཅིག་སྐྱེས་པ་དེ། །གླང་
པོ་ཆེ་ཡི་མིག་བཞིན་དུ། །གཟེ་རེག་སྐྱེས་ན་ཟུག་རྔུར་འགྱུར། །གློད་ན་ཞན་མེད་བསམ་གཏན་མཆོག །གསུང་ངོ་།། །།སློབ་དཔོན་སྙིང་པོ་ཞབས་ཀྱི་ཞལ་ནས། ཆུ་རྒྱུན་གནས་པའི་ཉམས་བསྟན་ནས། །སྤྱོད་པའི་གནས་ཀྱིས་འགྲོ་བར་བྱ། །བླ་མ་དམ་པའི་གདམས་ངག་གིས། །
ཆགས་སྡང་རྟོག་པ་ཞི་བར་བྱ། །གསུང་ངོ་།། །།སློབ་དཔོན་རྡོ་རྗེ་ཞབས་ཀྱི་ཞལ་ནས། བདེའོ་བདེའོ་གནས་མེད་བདེ། །འདོད་པ་མེད་པའི་རང་བཞིན་བདེ། །བརྟགས་པ་ཐམས་ཅད་དེར་ཤེས་བདེ། །བསྒྲུབས་པ་མེད་པའི་སངས་རྒྱས་བདེ། །གསུང་ངོ་།། །།སློབ་དཔོན་དྲིལ་བུ་
ཞབས་ཀྱི་ཞལ་ནས། ལ་ལ་ར་ས་དྷཱུ་ཏཱི་གསུམ། །བདག་བྱིན་བརླབ་ཕྱིར་བཅིང་བར་བྱ། །བླ་མ་སེམས་དང་སྣང་བ་གསུམ། །རྟོག་པ་བསྐྱེད་ཕྱིར་མཁས་པས་བསྟེན། །གསུང་ངོ་།། །།སློབ་དཔོན་མདུང་ཅན་ལྐུགས་པའི་ཞལ་ནས། དགག་བསྒྲུབ་བྲལ་བའི་སྐུ་བཞི་དབྱེར་མི་
ཕྱེད། །གཟའ་གཏད་མེད་པའི་ཆོས་རྣམས་རྩ་བ་གཅིག །མ་ཡེངས་པ་ཡི་སངས་རྒྱས་ཀུན་གྱི་ལམ། །ཕྱོགས་ཆ་མེད་ན་རྣལ་འབྱོར་ཀུན་གྱི་མཆོག །གསུང་ངོ་།། །།སློབ་དཔོན་ཀུ་ཏི་བྷི་ར་པའི་ཞལ་ནས། སངས་རྒྱས་མཆོད་སོགས་རྣམས་ལ་དོན་མི་འབྱུང་། །འདོད་དང་རྩོལ་
བ་ཡོད་ན་སངས་མི་རྒྱ། །བྱིན་རླབས་བླ་མའི་ངག་གིས་ཉམས་མྱོང་འཕེལ། །བླ་མའི་མན་ངག་ཆ་ལས་གཞན་གྱིས་མིན། །གསུང་ངོ་།། །།སློབ་དཔོན་མི་ཕམ་རལ་པ་ཅན་གྱི་ཞལ་ནས། །རྗེ་བཙུན་དམ་པ་བསྟེན་ན་དེ་ཉིད་འཐོབ། །ནགས་ཚལ་མཐོངས་སུ་བསྒམས་ན་དབེན་པ་
ཐོབ། །ཆོས་རྣམས་སེམས་སུ་རྟོགས་ན་མི་མཐུན་མེད། །ནམ་མཁའི་འོ་མ་འཐུངས་ན་ཚིམ་པར་འགྱུར། །གསུང་ངོ་།། །།སློབ་དཔོན་ཞི་བའི་དབང་ཕྱུག་གི་ཞལ་ནས། བདེ་བ་སྟོང་པ་མཐའ་དང་བྲལ་རྟོགས་ན། །དཔག་བསམ་ཤིང་ལ་བརྟེན་པས་ཉེས་བྲལ་ཏེ། །མཚོ་ལས་

སྐྱེས་བུ་རྒྱལ་བས་འགྲོ་ཤེས་ན། །བྲམ་ཟེ་ཕ་དང་མ་ལ་བུ་སྐྱེ་འགྱུར། །གསུང་ངོ་།། །།རྣལ་འབྱོར་མ་དྷརྨའི་ཞལ་ནས། གོ་ཆ་ཆེན་པོ་གོན་ནས་ཀྱང་། །ནོར་བུ་ལྟ་བུའི་སྙིང་སྟོབས་ཀྱིས། །རང་གི་སེམས་ལ་ཆུ་བཏང་སྟེ། །མི་རོའི་ཁོག་པར་ངེས་ཞུགས་ནས། །སྐྱེ་བ་བདུན་པའི་ཤ་
ཟོས་ན། །ནམ་མཁའ་ལ་ནི་བྱ་བཞིན་ནོ། །གསུང་ངོ་།། །།སློབ་དཔོན་མཻ་ཏྲི་པའི་ཞལ་ནས། བདེ་དང་སྟོང་པ་དབྱེར་མེད་སྙིང་ག་པདྨ་དག་ལ་རྫོགས། །སྐྱེ་མེད་ཡིད་ལ་བྱེད་པ་བསམ་གྱིས་མི་ཁྱབ་བདེ་བ་ཆེན་པོའི་སེམས། །སྣང་གྲགས་ཐམས་ཅད་རོ་མཉམ་གསུམ་དུ་རྣལ་འབྱོར་པ་
ཡིས་སྤྱད། །རྗེས་སུ་བདག་གིས་བྱིན་བརླབས་ཤར་བས་དབྱེར་མེད་རྫོགས་སངས་རྒྱས། །གསུང་ངོ་།། །།རྣལ་འབྱོར་མ་གྷ་གྷའི་ཞལ་ནས། ཡུལ་ལ་མ་ལྟ་སེམས་ལ་འང་མ་ལྟ་ཞིག །ཞེ་འདོད་མ་བྱེད་བྱ་བ་མ་བྱེད་ཅིག །དོགས་པ་མ་འཆའ་ཉམས་པ་མ་བྱེད་པར། །གཉུག་
མའི་ཤེས་པ་གང་དགའ་ཉིད་དུ་ཐོང་། །གསུང་ངོ་།། །།བྷུ་སུ་ཀུའི་ཞལ་ནས། བྱ་བ་འཁོར་བའི་སྡུག་བསྔལ་ཉིད་དུ་ཟད། །བྱ་བ་བཏང་བའི་རྣལ་འབྱོར་སེམས་རྟོགས་བྱེད། །གང་དུའང་མི་གནས་རྟག་ཆད་མཐའ་ལས་འདས། །བསྒོམ་དུ་མེད་པས་བསམ་གྱིས་མི་ཁྱབ་ཉིད། །གསུང་
ངོ་།། །།རྣལ་འབྱོར་མ་ཀང་ཀ་རའི་ཞལ་ནས། གཉིས་མེད་ཤེས་པ་ཆུ་ལ་ཆུ་བཞག་འདྲ། །རང་བཞིན་མ་བསླད་གླང་པོ་ལྟ་བུར་ཞོག །ཉམས་མྱོང་སྤྲེའུ་གང་ལྟར་བྱུང་ཡང་རུང་། །རྟོགས་པའི་ནམ་མཁའ་ཇི་ལྟར་ཁྱབ་པར་བྱ། །ཞེས་གསུང་ངོ་། །དཔལ་ཨུ་རྒྱན་དུ་ཚོགས་འཁོར་བྱས་
པའི་དུས་སུ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་བཞི་བཅུས་རྡོ་རྗེའི་མགུར་བཞེངས་པ་ཉམས་ཀྱི་མན་ངག་ཐིག་ལེ་གསེར་གྱི་ཕྲེང་བ་ཞེས་བྱ་བ་རྫོགས་སོ།། ༄༅། །ན་མོ་རཏྣ་གུ་རུ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་མཁའ་འགྲོ་མ་བདེ་བའི་རོ་ཟན་མས་དབྱིངས་ཀྱི་གཙོ་མོ་རྣམས་ལ་ཚོགས་
ཀྱི་འཁོར་ལོ་བསྐོར་ནས། རྗེས་ལ་རྒུན་ཆང་ཕྲ་མེན་གྱི་སྣོད་བཀང་བ་དྲངས་ཏེ། རྟོགས་པ་བརྗོད་པའི་མགུར་རེ་ཞུས་པས། དང་པོ་ལ་མཁའ་འགྲོ་མ་ཉི་ཟླ་གསེར་གྱི་ཐོར་ཅོག་ཅན་གྱིས་རྟོགས་པ་བརྗོད་དེ་མགུར་བཞེངས་པ། ཀྱེ་ཧོ་མ་བཅོས་རྣལ་མའི་ཤེས་པ་ལ། །ངེས་ཤེས་སྐྱེས་ན་སངས་

རྒྱས་ཡིན། །དཀར་དམར་ཡུལ་གྱི་སྣང་བ་འདི། །བརྡ་རུ་གོ་ན་བླ་མ་ཡིན། །གསུང་ངོ་།། །།མཁའ་འགྲོ་མ་རལ་པའི་ཐོར་ཅོག་ཅན་གྱིས་རྟོགས་པ་བརྗོད་པ། ཀྱེ་ཧོ་གཉིས་སུ་མེད་ན་འཆིང་གྲོལ་མེད། །ངོས་གཟུང་མེད་ན་སྒྲིབ་པ་མེད། །རང་བཞིན་མེད་ན་
ཆགས་སྡང་མེད། །དྲན་དུ་མེད་ན་ཡེངས་སུ་མེད། །གསུང་ངོ་།། །།མཁའ་འགྲོ་མ་རླུང་གི་གཤོག་པ་ཅན་གྱིས་རྟོགས་པ་བརྗོད་པ། ཀྱེ་ཧོ་ཆོས་རྣམས་གཞི་མེད་རྨི་ལམ་འདྲ། །སྣང་བར་རྐྱེན་སྐྱེས་གཟུགས་བརྙན་འདྲ། །རང་བྱུང་རང་ཞེ་ལྦུ་བ་འདྲ། །རྩ་བྲལ་ཆེན་པོ་ནམ་མཁའ་འདྲ། །
གསུང་ངོ་།། །།མཁའ་འགྲོ་མ་ཉི་ཟླའི་ཐོད་ཕྲེང་ཅན་གྱིས་རྟོགས་པ་བརྗོད་པ། ཀྱེ་ཧོ་དེ་ཉིད་ཉམས་སུ་མྱོང་བའི་སྐྱེས་བུ་གང་། །བདེ་ཆེན་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །འདི་ལ་མཚོན་དུ་འདུག་གམ་ཁྱོད་ཀྱིས་སྨྲོས། །ང་ཡིས་ཅི་ཡང་མཐོང་བ་མེད་པར་མཐོང་། །གསུང་ངོ་།། །།མཁའ་
འགྲོ་མ་ལྭ་བའི་གོས་ཅན་གྱིས་རྟོགས་པ་བརྗོད་པ། ཀྱེ་ཧོ་པདྨའི་གེ་སར་སྙིང་གི་དབུས་སུ་སད། །གསལ་བའི་མེ་ཏོག་འདམ་གྱི་དྲི་མ་བྲལ། །དྲི་དང་ཁ་དོག་ལྡན་པ་གང་གིས་རྐྱེན། །འདི་ལ་དགག་དང་བསྒྲུབ་པ་ཡོད་དམ་ཅི། །གསུང་ངོ་།། །།མཁའ་འགྲོ་མ་མེ་ཁ་ལས་རྟོགས་པ་བརྗོད་པ།
ཀྱེ་ཧོ་ནམ་མཁའ་ལས་བྱུང་ཆོ་འཕྲུལ་ནི། །ནམ་མཁའ་ཉིད་ཀྱིས་བྱས་པའི་ཕྱིར། །ནམ་མཁའི་ངང་དུ་རང་བྱུང་སྟེ། །འདི་ལ་སྐྱོན་དུ་མ་འཛིན་ཅིག །གསུང་ངོ་།། །།མཁའ་འགྲོ་མ་རོ་ལངས་བདེ་མས་རྟོགས་པ་བརྗོད་པ། ཀྱེ་ཧོ་བླ་མའི་དྲིན་གྱིས་བདེ་ཆེན་མཆོག་རྙེད་ནས། །ཐབས་གཞན་
བརྟན་པ་རྨོངས་པ་ཤེས་པར་བྱ། །འདི་ལས་གུད་དུ་གྱུར་པའི་བདེ་ལམ་ཞིག །གཞན་ནས་རྙེད་པ་སུས་ཀྱང་ནུས་པ་མེད། །གསུང་ངོ་།། །།མཁའ་འགྲོ་མ་ཡེ་ཤེས་རྡོ་རྗེས་རྟོགས་པ་བརྗོད་པ། ཀྱེ་ཧོ་སྣ་ཚོགས་སྣང་བའི་ཆོ་འཕྲུལ་འདི། །དྲན་པའི་གཟུགས་བརྙན་ཡིན་ཤེས་ཤིང་། །དྲན་
པ་རང་ངོས་སྟོང་ཤེས་ན། །དབྱིངས་ཀྱི་བདེ་བ་བཙལ་མི་དགོས། །མཁའ་འགྲོ་མ་སྲིད་པའི་རྒྱལ་མོས་རྟོགས་པ་བརྗོད་པ། ཀྱེ་ཧོ་རང་རིག་རྒྱལ་པོ་འདི་མཐོང་ན། །ཐམས་ཅད་ཐམས་ཅད་ཐར་པའི་ལམ། །རང་རིག་ཉིད་ནི་མ་རྟོགས་ན། །གྲོལ་བ་ནམ་ཡང་ཡོད་མ་ཡིན། །གསུང་ངོ་།། །།

མཁའ་འགྲོ་མ་པདྨ་ཞབས་ཀྱིས་རྟོགས་པའི་བརྡ་བརྗོད་པ། ཀྱེ་ཧོ་ཡོད་མེད་ཐ་དད་བྲལ་བ་ལ། །གང་གིས་བརྟག་དཔྱད་བྱ་བར་ནུས། །དྲན་མེད་བློ་དང་བྲལ་བ་ལ། །གང་གིས་བསམ་ཞིང་བསྒོམ་པར་ནུས། །གསུང་ངོ་།། །།མཁའ་འགྲོ་མ་རྒྱལ་བའི་བློ་གྲོས་ཀྱིས་རྟོགས་པ་བརྗོད་པ། ཀྱེ་
ཧོ་སྟོང་ཉིད་རིག་པའི་རྩལ་དང་ལྡན། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་སྟོན། །དགག་སྒྲུབ་མེད་དེ་རང་སར་གྲོལ། །འདི་ལ་བྱ་རྒྱུ་ངས་མ་རྙེད། །གསུང་ངོ་།། །།མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱིས་རྟོགས་པ་བརྗོད་པ། ཀྱེ་ཧོ་ཡོད་དོ་བྱས་ན་ངོས་གཟུང་མེད། །མེད་དོ་བྱས་ན་སྣ་
ཚོགས་འཆར། །ཡོད་མེད་མཁའ་ལས་འདས་པ་ལ། །འདི་ཞེས་ང་ཡིས་མཚོན་མི་ནུས། །གསུང་ངོ་།། །།མཁའ་འགྲོ་མ་གཟི་བརྗིད་ཀྱི་རྒྱལ་མོས་རྟོགས་པ་བརྗོད་པ། དྲན་དུ་མེད་ན་མ་ཡེངས་ཤིག །ཡེངས་པས་འཁོར་བ་རྨི་ལམ་འདྲ། །རྟོགས་ན་སྐྱེས་བུ་གཉིད་སད་འདྲ། །
ངས་ནི་འཁོར་བ་མ་མཐོང་ངོ་། །གསུང་ངོ་།། །།མཁའ་འགྲོ་མ་དཔལ་གྱི་བཟང་མོས་རྟོགས་པ་བརྗོད་པ། ཀྱེ་ཧོ་སྣང་སྲིད་འདི་ནི་ཕྱག་རྒྱ་ཆེ། །འདོད་ཡོན་འདི་ནི་དངས་པ་ཡིས། །གཉུག་མའི་དོན་ལ་འདུ་འབྲལ་མེད། །བདེ་ཆེན་ཐང་ལ་རྒྱུག་ཏུ་གསོལ། །གསུང་ངོ་།། །།མཁའ་འགྲོ་མ་
དཔལ་གྱི་འོད་ཟེར་གྱིས་རྟོགས་པ་བརྗོད་པ། ཀྱེ་ཧོ་གཉུག་མ་དོན་གྱི་གཏེར་མཛོད་ན། །དགོས་འདོད་སེམས་ཉིད་ནོར་བུ་ཡོད། །ལྡེ་མིག་བླ་མ་དམ་པས་འཛིན། །རྗེས་སུ་འཇུག་པ་སྤྲོ་ལགས་སམ། །གསུང་ངོ་།། །།མཁའ་འགྲོ་མ་བཟང་མོས་རྟོགས་པ་བརྗོད་པ། ལྟོས་ཤིག་རང་གི་སེམས་
ལ་ལྟོས། །བལྟས་པས་མ་རྙེད་རྩ་བ་སྟོར། །ཡལ་ག་ཇི་ལྟར་དགྱེས་དགྱེས་མཛོད། །ང་ནི་རྟོག་པ་རང་གྲོལ་ཡིན། །གསུང་ངོ་།། །།མཁའ་འགྲོ་མ་རྡོ་རྗེ་བདེ་མས་རྟོགས་པ་བརྗོད་པ། འགྲོ་རྣམས་ལས་ཀྱིས་འཁྲུལ་གྱུར་ཀྱང་། །བདེ་བ་རང་ལས་གཞན་མེད་དེ། །བསྐྱར་དེ་རང་གི་དོན་
དེ་ལྟོས། །ཡིད་ནི་ལས་ལས་ཐར་བར་འགྱུར། །གསུང་ངོ་།། །།བདག་ཉིད་ཆེན་པོ་ཉི་མའི་དབང་ཕྱུག་གིས་རྟོགས་པ་བརྗོད་པ། ཉི་མ་སྟོང་གི་གཟི་བརྗིད་ཀྱིས། །སྣང་སྲིད་གསལ་ཞིང་བསྲེགས་པ་ལྟར། །གཉིས་མེད་ཡེ་ཤེས་ཆེན་པོ་ཡིས། །ཆོས་རྣམས་གསལ་ཞིང་འཇོམས་པར་

བྱེད། །གསུང་ངོ་།། །།མཁའ་འགྲོ་མ་ལྷ་དཔལ་གྱི་ཡེ་ཤེས་ཀྱིས་རྟོགས་པ་བརྗོད་པ། ཀྱེ་ཧོ་ང་ནི་མི་སྐྱེ་མི་འཇིག་སྟེ། །འགྱུར་མེད་ཡེ་ཤེས་རྡོ་རྗེ་ཡིན། །ང་ལས་བྱུང་བའི་ཆོས་རྣམས་ཀུན། །ང་ཡི་ངོ་བོར་མཉམ་དུ་གྲོལ། །གསུང་ངོ་།། །།མཁའ་འགྲོ་མ་སྟག་
གི་གདོང་པ་ཅན་གྱིས་རྟོགས་པ་བརྗོད་པ། ཀྱེ་ཧོ་མི་སྐྱེ་མི་འགག་བསམ་ལས་འདས། །འདི་ཞེས་མཚོན་པའི་ཚིག་དང་བྲལ། །ཡེ་གྲོལ་ཆེན་པོ་མཆོག་གི་ལམ། །བསམ་དུ་མེད་དོ་རང་སར་ཞོག །གསུང་ངོ་།། །།མཁའ་འགྲོ་མ་ཞི་བ་བཟང་མོས་རྟོགས་པ་བརྗོད་པ། ཀྱེ་ཧོ་སེམས་ཀྱི་དེ་
ཉིད་སྨྲ་རུ་མེད། །གཤིས་ཀྱི་དེ་ཉིད་བསམ་དུ་མེད། །ཆོས་ཀྱི་དེ་ཉིད་ངོས་གཟུང་མེད། །ལམ་གྱི་དེ་ཉིད་བསྒོམ་དུ་མེད། །གསུང་ངོ་།། །།མཁའ་འགྲོ་མ་གྷ་གྷ་དཔལ་གྱིས་རྟོགས་པ་བརྗོད་པ། ཀྱེ་ཧོ་བུ་ཁྱོད་ཅི་སེམས་དེ་ལ་ལྟོས། །སྤྲོས་དང་བྲལ་བ་མཐོང་དུ་མེད། །བསམ་དུ་མེད་པ་སུ་
ཞིག་བསྒོམ། །འདི་ལ་མ་རྩོལ་གཞི་ལ་ཞོག །གསུང་ངོ་།། །།མཁའ་འགྲོ་མ་ཡེ་ཤེས་དབང་ཕྱུག་གིས་རྟོགས་པ་བརྗོད་པ། གང་གིས་དེ་ཉིད་མ་མཐོང་ན། །ལུས་ངག་དགེ་བའི་ལས་སྤྱད་ཀྱང་། །བདེ་ཆེན་མཆོག་དང་མི་ཕྲད་དེ། །གནས་སྐབས་ཙམ་གྱིས་བདེ་བར་ཟད། །གསུང་
ངོ་།། །།མཁའ་འགྲོ་མ་བདེ་བའི་རྡོ་རྗེས་རྟོགས་པ་བརྗོད་པ། ཀྱེ་ཧོ་གང་གིས་མཐོང་དང་ཐོས་པ་དང་། །དྲན་དང་ཚོར་བའི་བྱེ་བྲག་ཀུན། །ཡིད་ཀྱི་ཡེ་ཤེས་དངས་པ་ལ། །གཟུགས་བརྙན་ཙམ་དུ་ཤར་བ་ལས། །གཞི་ལ་མ་གྲུབ་ངོ་བོས་སྟོང་། །གསུང་ངོ་།། །།མཁའ་འགྲོ་མ་ལྷ་
ཉི་མའི་རྟ་ཅན་གྱིས་རྟོགས་པ་བརྗོད་པ། གང་གིས་མ་མཐོང་དེ་མཐོང་ན། །ཡིད་ནི་རང་གྲོལ་ཆོས་ཀྱི་སྐུ། །རླུང་གི་རྟ་ཕོ་ཤུལ་དུ་ལུས། །སེམས་ཀྱི་མི་ཕོ་མཁའ་ལ་འགྲོ། །གསུང་ངོ་།། །།མཁའ་འགྲོ་མ་པདྨའི་མྱུ་གུས་རྟོགས་པ་བརྗོད་པ། འགྲོ་བ་ཡིད་ཀྱི་ཕྲེང་བས་བཅིངས། །ཡིད་
བསད་ཕྲེང་ཐག་བཅད་པ་ཡིས། །དུག་སྦྲུལ་མཚོན་གྱིས་གཙེས་པ་བཞིན། །འདི་ཡིས་ཕན་གནོད་བྱས་པ་མེད། །གསུང་ངོ་།། །།མཁའ་འགྲོ་མ་དབྱིངས་ཀྱི་རྒྱལ་མོས་རྟོགས་པ་བརྗོད་པ། ཀྱེ་ཧོ་ནམ་མཁའ་ཡོངས་སུ་དངས་ན་ཚོན་གྱིས་བསྒྱུར་དུ་མེད། །རྟོགས་དང་ལྡན་པའི་

སྐྱེས་བུ་ལས་ཀྱིས་བཅིང་དུ་མེད། །གདེངས་མེད་གྱད་ཀྱི་སྤྱོད་པ་བྱེད་པ་འདི། །སེང་གེའི་པགས་པ་ཝ་ཡིས་གོན་པ་འདྲ། །གསུང་ངོ་།། །།མཁའ་འགྲོ་མ་ཟླ་བའི་གདོང་ཅན་གྱིས་རྟོགས་པ་བརྗོད་པ། ཀྱེ་ཧོ་ཡེ་ཤེས་ཆེན་པོ་མཆོག་གི་ལམ། །མ་བགྲོད་དེ་བཞིན་ཉིད་ཀྱི་ས། །མ་བསྒྲུབས་ལྷུན་གྱིས་གྲུབ་
པའི་དོན། །ཨེ་མ་རྣལ་འབྱོར་སྐལ་བར་བཟང་། །གསུང་ངོ་།། །།མཁའ་འགྲོ་མ་འབར་མ་གློག་གི་ཕྲེང་བ་ཅན་གྱིས་རྟོགས་པ་བརྗོད་པ། བལྟས་ཀྱིས་མ་མཐོང་ང་ཡི་མིག །བསམ་གྱིས་མ་དྲན་ང་ཡི་སེམས། །སྨྲས་ཀྱིས་མ་བརྗོད་ང་ཡི་ལྕེ། །བགྲོད་ཀྱང་མ་ཕྱིན་ང་ཡི་
ལམ། །གསུང་ངོ་།། །།མཁའ་འགྲོ་མ་ཤེལ་གྱི་ཐོར་ཚུགས་ཅན་གྱིས་རྟོགས་པ་བརྗོད་པ། མི་བསྒོམ་རྣལ་མའི་ཤེས་པ་ལ། །དྲན་པས་བཟུང་དང་མ་བཟུང་མེད། །མི་སྤྱོད་སྒོ་གསུམ་ལྷུག་པ་ལ། །ཆེད་དུ་དགག་དང་སྒྲུབ་པ་མེད། །གསུང་ངོ་།། །།མཁའ་འགྲོ་མ་
ཉི་མའི་རྒྱལ་མོས་རྟོགས་པ་བརྗོད་པ། ཀྱེ་ཧོ་རང་བྱུང་བདེ་ཆེན་ཡེ་ཤེས་འདི། །མ་རྟོགས་སྨྲ་བར་མི་ནུས་ཏེ། །རྟོགས་ནས་བརྗོད་དུ་ག་ལ་ཡོད། །མྱོང་བ་སྨྲ་མེད་ལྐུགས་པའི་ཁ། །གསུང་ངོ་།། །།མཁའ་འགྲོ་མ་སེང་གེའི་མདངས་ཅན་གྱིས་རྟོགས་པ་བརྗོད་པ། ཁོ་ལ་མ་ལྟ་
ང་ལ་ལྟོས། །ང་ནི་ཡེ་ཤེས་ཆེན་པོ་ཡིན། །ཁོ་ནི་ང་ཡི་སྤྲུལ་པ་ཡིན། །གཉིས་མེད་ཡེ་ཤེས་བློ་ལས་འདས། །གསུང་ངོ་།། །།མཁའ་འགྲོ་མ་ཁྲག་གི་གདོང་པ་ཅན་གྱིས་རྟོགས་པ་བརྗོད་པ། ཀྱེ་ཧོ་དྲན་དང་མ་དྲན་སོ་མཚམས་སུ། །ཡིད་ཀྱི་ཤེས་པ་བསམ་ལས་འདས། །
བླ་མའི་ཞལ་ལས་ཤེས་པར་གྱིས། །གཞན་གྱིས་རྟོགས་པར་འགྱུར་མ་ཡིན། །གསུང་ངོ་།། །།མཁའ་འགྲོ་མ་དཔལ་གྱི་སྒྲོན་མེས་རྟོགས་པ་བརྗོད་པ། ཀྱེ་ཧོ་གང་ཕྱིར་ཡིད་ཀྱི་ཡེ་ཤེས་འདི། །ཁྱོད་ཀྱིས་བལྟས་པས་ཇི་ལྟར་མཐོང་། །བརྟགས་པས་རྟོགས་པར་མི་འགྱུར་ཏེ། །
མི་བཙལ་དེ་བཞིན་ཉིད་དུ་བཞག །གསུང་ངོ་།། །།མཁའ་འགྲོ་མ་སྣང་གསལ་གྱི་རྒྱལ་མོས་རྟོགས་པ་བརྗོད་པ། འགྲོ་བ་ལས་ཀྱི་འཇུར་བུས་བཅིངས། །བྲམ་ཟེ་སྐུད་པ་འཁལ་བ་བཞིན། །ཡིད་ཀྱིས་འཇུར་བུ་གློད་པར་བྱ། །ལས་ལས་གྲོལ་ན་འཆིང་བ་མེད། །གསུང་ངོ་།། །།

ཡེ་ཤེས་ཀྱི་མཁའ་འགྲོ་མ་སུམ་ཅུ་རྩ་ལྔའི་རྟོགས་པ་བརྗོད་པ་མཁའ་འགྲོ་མའི་གསང་མཛོད་ན་གནས་པ་ལས། དབྱིངས་ཀྱི་གཙོ་མོ་རྣམས་ཀྱིས་བཀའ་བགྲོས་ནས་རྗེ་དམ་པ་རྒྱ་གར་ལ་གནང་བ་ཞ་མ་ལོ་ཙཱ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཌཱ་ཀི་
ནཱི་ཏ་ལ་གཱི་ཏི་ནཱ་མ། བོད་སྐད་དུ། མཁའ་འགྲོ་མའི་འབྱམ་གླུ་ཞེས་བྱ་བ། བཅོམ་ལྡན་འདས་བདག་མེད་མ་ལ་ཕྱག་འཚལ་ལོ། །ཨུ་རྒྱན་གྱི་གནས་མཁའ་འགྲོ་མའི་གླིང་དུར་ཁྲོད་ཆེན་པོ་རྒྱུ་སྐར་དཔལ་གྱི་རོལ་པར་མཁའ་འགྲོ་མ་སུ་ཁ་མ་ཧཱ་སིདྡྷིས་ཚོགས་འཁོར་མཛད་པའི་དུས་སུ། རྣལ་
འབྱོར་པ་ཀ་མ་ལ་ཤཱི་ལས་རང་གི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་གཉུག་མའི་དོན་དེ་རྟོགས་ཤིང་ཁོང་དུ་ཆུད་པ་ལ་གདེང་ཐོབ་ཅིང་། ཉམས་ཀྱི་རྩལ་ཕྱོགས་མེད་དུ་ཤར་བའི་སྟོབས་ཀྱིས་གཉིས་མེད་ཀྱི་ཡེ་ཤེས་ཆེན་པོ་དེ་མཚོན་པ་ཚིག་གི་རྟ་ལ་བསྐྱོན་ཏེ་ཚོགས་ཀྱི་གྲལ་དུ་མགུར་བཞེངས་པ་ལས། ཡེ་
ཤེས་དང་ལས་ལས་གྲུབ་པའི་མཁའ་འགྲོ་མ་རྣམས་དགྱེས་ཏེ་མདུན་གྱི་ནམ་མཁའ་ལ་སྤྲིན་གྱི་ཕུང་པོ་བཞིན་དུ་གཏིབས་ནས། རྣལ་འབྱོར་པ་ལ་སྙིང་གཏམ་གསང་ཚིག་ཏུ་སྦྲན་ཏེ་མགུར་བཞེངས་པ། ཀྱེ་ཧོ་སྟོབས་ལྡན་རིགས་ཀྱི་བུ། །ཡང་དག་དོན་གྲུབ་རྡོ་རྗེའི་རྩལ། །སྦྱངས་པའི་
ལས་སད་སྐལ་བ་ཅན། །ཡོན་ཏན་དབང་ཕྱུག་གཏེར་གྱི་བདག །དངོས་གྲུབ་གཉིས་ཀྱིས་བརྒྱན་པའི་ལུས། །མི་ཡི་ཁྱུ་མཆོག་ཚོགས་ཀྱི་རྗེ། །ཁྱོད་རྒྱུ་ཡི་ཆོས་ཉིད་རྐྱེན་གྱིས་གསོས། །སྦྱངས་པའི་ལས་འཕྲོ་དུམ་བུར་འཐུང་། །ཡོན་ཏན་ཡིད་བཞིན་ནོར་བུ་བརྙེས། །འོད་གསལ་
ཆེན་པོའི་མདངས་ལ་གནས། །སྒྱུ་མ་ཙམ་དུ་འགྲོ་དོན་མཛད། །དཔེ་མེད་ནམ་མཁའི་རྣལ་འབྱོར་པ། །ཁྱོད་ལ་བསྐུལ་བ་མི་འཚལ་གྱིས། །འོན་ཀྱང་ངེད་ཀྱི་གླུ་ལ་ཉོན། །སྤྱིར་སྐྱེ་འགྲོ་སེམས་ཅན་ལས་ཀྱིས་འཁྲུལ། །སྡུག་བསྔལ་གྱི་གནས་ན་ལོངས་སྤྱོད་བྱེད། །འདི་མ་བཟོད་བརྩེ་
བས་ཤ་ལ་བབ། །ད་ཁྱོད་ཀྱི་ཐུགས་རྗེས་མི་དགོངས་ན། །འགྲོ་དྲུག་གི་ཕ་མ་ཇི་ལྟར་བྱེད། །ཁྱེད་ཕན་སེམས་སྐྱེད་ཅིག་རྣལ་འབྱོར་པ། །ལར་རིག་པའི་ཁྱེའུ་ཆུང་ཡེངས་ལ་དགའ། །འཁྲུལ་པའི་སྣང་བ་ལྟད་མོ་ཆེ། །གཟུང་འཛིན་རྐུན་མ་མགོ་ལོ་རྒོད། །ཡིད་གཉིས་ཀྱི་ཤེས་

པ་ཙམ་ཙོམ་མང་། །གཉེན་པོའི་མེལ་ཚེ་སྙིང་རུས་ཆུང་། །ཤེས་བཞིན་གྱི་དྲན་པ་སྒོ་ཆ་ལྷོད། །སེམས་ཉིད་ཀྱི་ནོར་བུ་འཆོར་ཉེན་ཡོད། །ཁྱོད་ཡུལ་ལ་མ་ཡེངས་རྣལ་འབྱོར་པ། །གཞི་འགྱུར་མེད་ནམ་མཁའི་བཙུན་མོ་ལ། །ཉོན་མོངས་དུག་ལྔའི་ཁོང་སྲན་ཞུགས། །གཟུང་
འཛིན་གྱི་འགོང་པོ་སྤུན་དགུ་གནོད། །བཟང་ངན་རྐྱེན་རྟོག་གི་འཁྲུལ་ཕྱིར་འབྲང་། །ཆགས་སྡང་གི་སྤྱོད་ལམ་མ་ལེགས་པས། །གཟུང་འཛིན་གྱི་ནད་རོ་གཏིང་ནས་བསླང་། །རང་ལུས་ཀྱི་བདེ་བ་སྟོར་ནས་འདུག །འཁྲུལ་པའི་སེམས་ཅན་སྙིང་རེ་རྗེ། །ཁྱོད་འགྲོ་དོན་གྱིས་ཤིག་
རྣལ་འབྱོར་པ། །ལར་ཡིད་ཀྱི་ཡེ་ཤེས་ཅོ་ལུ་ཆུང་། །སྒོ་ལྔའི་བརྫུན་ལ་ཉན་ཉན་ནས། །རིགས་དྲུག་གཡང་ལ་བསྐྱུར་ཉེན་གདའ། །ཁྱོད་གཉིས་འཛིན་ཤིག་ཅིག་རྣལ་འབྱོར་པ། །འགྱུ་བྱེད་ཀྱི་དྲན་རྟོག་བློ་རྒོད་པོ། །ཀུན་གཞི་དབྱིངས་ཀྱི་ཕོ་བྲང་དུ། །མ་བཅོས་ཅར་ཉལ་མི་བྱེད་
པར། །འདོད་ཡོན་སྒྱུ་མའི་སླུ་བྲིད་ལ། །དུག་ལྔའི་གྲོགས་དང་འགྲོགས་ནས་རྩེ། །ཡུལ་ཆགས་སྡང་གཉིས་ལ་ཡེངས་པ་ཡིས། །ངན་འགྲོའི་གཡང་དུ་ལྷུང་ཉེན་ཡོད། །དབང་པོ་སྒོ་ལྔའི་སྒོ་སྡོམས་ལ། །ཡིད་ཀྱི་ཁྱེའུ་ཆུང་བཙོན་དུ་ཟུང་། །བདེ་གསལ་སྟོང་པའི་མལ་དུ་
སྙོལ། །ཁྱེད་ཡེངས་སུ་འགྲོའོ་རྣལ་འབྱོར་པ། །སྐྱེ་རྒ་ན་འཆིའི་ཆུ་བོ་ལ། །རྐྱལ་མེད་ཀྱི་བླུན་པོ་རྩེ་ལ་དགའ། །དལ་འབྱོར་གྱི་གྲུ་བོ་ཡོད་བཞིན་དུ། །རྗེ་བླ་མའི་གཉེན་པ་མི་བསྟེན་པར། །ལས་མི་དགེའི་རྦ་ལ་གཏམ་ཅོལ་བྱེད། །སྡུག་བསྔལ་གྱི་རྦ་ལ་གཉེན་པོས་བྱོལ། །
ཞེན་ཆགས་ཀྱི་འདམ་ལ་མ་ལུས་པར། །ཐར་པའི་སྐམ་སར་ཅི་སྙོགས་གྱིས། །ཁྱོད་ཞེ་འདོད་ཐང་ཅིག་རྣལ་འབྱོར་པ། །འདོད་པ་དུག་གི་སྡོང་པོ་ལ། །སྤང་བླང་གཉིས་ཀྱི་ཡལ་ག་གྱེས། །ཞེན་པའི་ལོ་འདབ་ཕྱོགས་བཅུར་རྒྱས། །རྩོལ་སྒྲུབ་ཀྱི་མེ་ཏོག་མཁའ་ལ་འཕུར། །
སྡུག་བསྔལ་གྱི་འབྲས་བུ་ཐུར་ལ་བྲུལ། །སྙིང་མེད་ཀྱི་སྤྲེའུ་བསྒུགས་ཀྱི་ཟ། །འཁོར་བའི་ནགས་སུ་འཆི་ཉེན་ཡོད། །སྣ་ཚོགས་ཞེན་མེད་ཀྱི་སྐྱེས་བུ་ཡིས། །གདེང་འགྱུར་བ་མེད་པའི་མཚོན་ཐོགས་ཏེ། །འདོད་པའི་སྡོང་པོ་རྨིང་ནས་བསྒྱེལ། །དུག་ལྔའི་འབྲས་བུ་སྔོ་སྐམས་

ཁྱེར། །དུག་འཆི་བྱེད་ཀྱི་ནུས་པ་ཟད་པར་གྱིས། །ཁྱོད་ཞེ་འདོད་སྤོངས་ཤིག་རྣལ་འབྱོར་པ། །རི་དགས་སྒྲ་ཡིས་ཕུང་བ་དེ། །སྙན་གྲགས་ཆེད་དུ་བསྒྲུབས་པས་ལན། །བསྟོད་སྨད་བྲག་ཅ་ལྟ་བུ་ལ། །ཕྱོགས་འཛིན་མ་བྱེད་རྣལ་འབྱོར་པ། །གླང་ཆེན་ལྕགས་
ཀྱུས་ཟིན་པ་དེ། །རྒུན་ཆང་རོ་ལ་ཆགས་པས་ལེན། །འདོད་ཡོན་ལན་ཚྭའི་ཆུ་རྒོད་ལ། །ཞེན་པ་མ་ཆེ་རྣལ་འབྱོར་པ། །རྨ་བྱ་གུད་ནས་ཤི་བ་དེ། །སྤུ་ཐོག་རྒྱན་དུ་མཐོང་བས་ལན། །འབྱུང་བཞི་མི་གཙང་ཕུང་པོ་ལ། །རང་མཐོང་མ་ཆེ་རྣལ་འབྱོར་པ། །སྦྲང་མ་འདམ་དུ་ཆུད་པ་དེ། །
བསུང་ཅན་དྲི་ལ་ཆགས་པས་ལན། །ཉེ་དུ་གནས་སྐབས་འབྲེལ་པ་ལ། །བརྩེ་གདུང་མ་བྱེད་རྣལ་འབྱོར་པ། །ཕྱེ་ལེབ་མེ་ཡིས་ཚིག་པ་དེ། །ཞུན་མར་མདངས་ལ་ཆགས་པས་ལན། །སྒྱུ་མ་ལྟ་བུའི་ཡུལ་སྣང་ལ། །དེར་འཛིན་མ་བྱེད་རྣལ་འབྱོར་པ། །འདབ་ཆགས་སྙི་ལ་ཟིན་
པ་དེ། །འདོད་ཡོན་ཟས་ཕྱིར་འབྲངས་པས་ལན། །ཞེན་པ་ལྕགས་ཀྱུའི་ཁ་ཟས་ལ། །ལྟོགས་འདོད་མ་བྱེད་རྣལ་འབྱོར་པ། །ཀུན་གཞི་དག་པའི་མེ་ལོང་ལ། །ཚོགས་དྲུག་རིག་པའི་ཕྱི་བདར་བྱས། །ཡུལ་དྲུག་གསལ་བའི་གཟུགས་བརྙན་ཤར། །མ་རྟོགས་བྱིས་པས་དངོས་པོར་
གཟུང་། །ཆགས་སྡང་གཉིས་ཀྱི་བདེ་སྡུག་མྱོང་། །ཀུན་གཞི་མ་བཅོས་ཆོས་ཀྱི་དབྱིངས། །ཚོགས་དྲུག་མ་འགགས་དེར་འཛིན་མེད། །ཡུལ་དྲུག་གསལ་ལ་ངོ་བོས་སྟོང་། །དངོས་འཛིན་བྱིས་པ་ག་ཆད་དུ། །མཁས་པ་རང་སྣང་དེར་འཛིན་བྲལ། །ཁྱོད་དེར་འཛིན་ཤིག་ཅིག་རྣལ་
འབྱོར་པ། །གཞི་ངོས་གཟུང་མེད་པའི་ནམ་མཁའ་ལ། །ཉོན་མོངས་དུག་ལྔའི་ལྷོ་སྤྲིན་འཐིབས། །བདག་ཏུ་འཛིན་པའི་འབྲུག་སྒྲ་བསྒྲགས། །སྣ་ཚོགས་ལས་ཀྱི་ཆར་རྒྱུན་ཕབ། །ཞེན་ཆགས་འཁོར་བའི་འདམ་རྫབ་གཡོས། །འགྲོ་དྲུག་སྡུག་བསྔལ་གྱི་རྩི་ཐོག་རྒྱས། །ལྷག་
མཐོང་རིག་པའི་ཉི་མ་ཡིས། །དབྱིངས་ཀྱི་ཉི་མ་གསལ་བཏབ་སྟེ། །མཉམ་རྗེས་དྲན་པའི་སྐྱི་སེར་གྱིས། །དྲན་རྟོག་གི་ལྷོ་སྤྲིན་དབྱིངས་སུ་བདས། །བདག་འཛིན་གྱི་འབྲུག་སྒྲ་རང་སར་ཡལ། །ལས་ཀྱི་ཆར་རྒྱུན་རྩ་བ་བྲལ། །ཞན་འཛིན་གྱི་འདམ་རྫབ་ཉི་མས་བསྐམས། །

རིགས་དྲུག་གི་ས་བོན་སྐམ་ལ་ཡར། །སྡུག་བསྔལ་གྱི་ལོ་ཏོག་སྔོ་བསྐམས་ཁྱེར། །ཁྱོད་ཐེ་ཚོམ་མ་བྱེད་རྣལ་འབྱོར་པ། །མཚན་ལྡན་གྱི་རྒྱལ་བུ་བློན་པོས་བརྐུས། །བཤེས་མེད་ཀྱི་ཡུལ་དུ་སྤྲང་དྲིར་འཁྱམས། །ལྷད་དང་ཧྲལ་ཧྲུལ་གྱི་འཚོ་བ་བསྟེན། །རང་གཞན་གཉིས་
ཀས་ངོ་མ་ཤེས། །མཚན་མཁན་གྱི་བྲམ་ཟེས་རིགས་བརྒྱུད་རྟོགས། །བློ་གྲོས་བླུན་པོའི་བུ་ལ་དྲིས། །གནས་ལུགས་རིག་པའི་རྗེ་ལ་གཏད། །ཚོགས་གཉིས་དག་པའི་ཁྲུས་ནས་བཏོན། །གདམས་པ་ཡིད་བཞིན་ནོར་བུས་བརྒྱན། །རྟོགས་པ་རིན་ཆེན་གྱི་ཁྲི་ལ་བཞག །དུས་
གསུམ་སངས་རྒྱས་ཀྱི་རྒྱལ་ས་བཟུང་། །ཁྱོད་བླ་མ་བསྟེན་ཅིག་རྣལ་འབྱོར་པ། །རྟེན་མེད་ཡིད་ཀྱི་རི་དགས་དེ། །ལས་དབང་བར་དོའི་ཐང་ལ་འཁྱམས། །ཞེན་ཆགས་སྨིག་རྒྱུའི་ཆུ་ལ་གདུངས། །རིགས་དྲུག་འཁོར་བའི་མཐའ་ལ་ཤི། །རི་ལུང་ཤ་ཁྲག་རྗེས་ཀྱིས་བཀང་། །ད་
རྟེན་མེད་ཀྱི་རིག་པ་མཁའ་ལ་ཆིངས། །ཚོགས་དྲུག་གི་རྐྱེན་ཁ་མ་འགྲིམ་པར། །འོད་གསལ་ཆེན་པོའི་ཐང་ལ་རྒྱུག །འདོད་ཡོན་སྨིག་རྒྱུའི་ཆུ་བོ་ལ། །དེར་འཛིན་གྱི་ཞེན་པ་མ་བྱེད་པར། །ཞེན་འདོད་ཀྱི་གདུང་བ་ནང་དུ་ཆོད། །རིགས་དྲུག་གི་རྐྱེན་ཁ་མ་འགྲིམ་པར། །མཉམ་ཉིད་
ཆེན་པོའི་དབྱིངས་སུ་ཉོལ། །ཡིད་བསམ་དུ་མེད་པའི་གཉུག་མ་ལ། །དྲན་པ་གཡེང་མེད་ཀྱི་མདའ་མཁན་གྱིས། །མ་བཅོས་གཉུག་མའི་ངོ་བོར་བསྲང་། །རེ་དོགས་གཉིས་ཀྱི་མགོ་རྩ་བྲེགས། །དགའ་བཞིའི་བཅས་སུ་དྲིལ་ནས་ཀྱང་། །ལྷན་ཅིག་སྐྱེས་པའི་མེདའུ་བཅུག །
ཐབས་ཤེས་རབ་གཉིས་ཀྱི་ལྟོང་བཏོང་ངེ་། །སྐད་ཅིག་བཞི་ཡི་སྒྲོ་བསྐྱོན་ནས། །བདག་ཏུ་འཛིན་པའི་ཕྱོགས་སུ་འཕངས། །གཏི་མུག་ཕག་རྒོད་སྙིང་ལ་གཟེར། །གཟུང་འཛིན་གཉིས་ཀྱི་སྲོག་རྩ་བཅད། །འཁོར་བའི་གནས་སུ་ད་མི་རྒྱུ། །ཁྱོད་བཙན་ས་ཟུང་ཤིག་རྣལ་འབྱོར་པ། །ཡུལ་
རང་སྣང་ཞེན་མེད་དུ་ཤར་བའི་ཚེ། །འདོད་ཡོན་ལམ་གྱི་གྲོགས་སུ་འགྲོ། །པདྨའི་ཁ་དོག་འདམ་ན་གསལ། །ཉམས་གང་དགར་སྐྱོངས་ཤིག་རྣལ་འབྱོར་པ། །ཆོས་བདེན་མེད་ཁོང་དུ་ཆུད་པའི་ཚེ། །སྲོག་རྩོལ་ཟུང་འཇུག་ཆེན་པོ་ཡིན། །གླང་པོའི་གསེར་སྒྲོག་གློད་ན་བདེ། །འབད་

རྩོལ་ཞོག་ཅིག་རྣལ་འབྱོར་པ། །མཉམ་ཉིད་རིག་པའི་རྟ་ཕོ་དེ། །གཟུང་འཛིན་གྱི་སྒྲོག་ཏུ་མ་ཆུད་པར། །བདག་གཞན་དུ་འཛིན་པའི་སྲབ་ཁ་གློད། །ཕྱོགས་མེད་ཀྱི་ཐང་ལ་གར་བདེར་རྒྱུག །ཉམས་ཤུགས་བྱུང་དུ་རྡོལ་བའི་སྨྱོན་པ་དེ། །གཉེན་པོས་ལྕགས་
སུ་མ་གཞུག་པར། །ཚུལ་འཆོས་ཀྱི་ཁྱིམ་ནས་སྒོར་ཕྱུང་ལ། །གར་བདེའི་གནས་སུ་ཡན་དུ་ཆུག །རྟོག་པ་ནམ་མཁའི་ཁྱུང་ཆེན་དེ། །གྲུབ་མཐའི་གཟན་ལ་མ་ཆགས་ཤིང་། །འཁྲུལ་པའི་གཡང་ལ་མ་བྲེད་པར། །ཕྱོགས་མེད་ཀྱི་མཁའ་ལ་ལྡིང་དུ་ཆུག །འབྲས་བུ་ཡིད་
བཞིན་གྱི་ནོར་བུ་དེ། །རེ་དོགས་ཀྱི་དྲི་མ་མ་ཆགས་ཤིང་། །ཡིད་སྨོན་གྱི་གླིང་ལ་མ་ལུས་པར། །དགོས་འདོད་ཀྱི་གསོལ་བ་རེམ་ལ་ཐོབ། །འགྱུར་མེད་ཀྱི་བཙན་ས་ཟིན་ནས་ཀྱང་། །ཐུགས་རྗེའི་འོད་ཟེར་ཕྱོགས་མེད་ཀྱི། །འགྲོ་དྲུག་གི་ཕ་མ་བྱེད་པ་རུ། །སྔོན་དམ་བཅས་གོ་ཆ་གོན་པ་
དེ། །ད་དུས་ལ་བབ་པོ་ས་མ་ཡཱ། །ཞེས་གསུངས་ཏེ་སྐུལ་བ་ཆེན་པོའི་སྒྲ་བསྐལ་པའི་འབྲུག་བཞིན་དུ་བསྒྲགས་ཏེ་ནམ་གྱི་མཐའ་དང་མཉམ་དུ་མི་སྣང་བར་དེངས་སོ། །མཁའ་འགྲོ་མའི་འབྱམ་གླུ་རིང་མོ་ཞེས་བྱ་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མུ་
དྲ་རཏྣ་གཱི་ཏ་ཙཀྲ་ནཱ་མ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་རིན་པོ་ཆེ་དབང་གི་འཁོར་ལོ་ཞེས་བྱ་བ། བཅོམ་ལྡན་འདས་བདག་མེད་མ་ལ་ཕྱག་འཚལ་ལོ། །གསེར་ལ་ར་མེད་ཀ་འཇིའི་རྡོལ་རྟོགས་པར་འགྱུར། །འདྲ་མན་རྣམས་ནི་ཚོང་འདུས་དག་ཏུ་རྒྱུག་པར་འགྱུར། །གསེར་ཟོལ་སྐོར་ཞིང་འཁོར་
ནས་གནས་པོའི་ལག་ཏུ་འབབ་པ་ཡིན། །ཕྲ་མེན་མ་ནི་མ་བསྟེན་འགྱུར་ཏེ་རྟེན་འབྲེལ་ཐམས་ཅད་སུ་ཡིས་བསྒྲིགས། །དེད་དཔོན་མཁས་པ་གྲོང་དང་གླིང་ཕྲན་ཚོང་སྤངས་རིན་ཆེན་གླིང་ནས་ནོར་བུ་ལེན། །ཕྱི་བདར་བྱས་ཚེ་རྒྱལ་མཚན་རྩེ་ལ་མཆོད་པས་དགོས་འདོད་འབྱུང་། །རིན་ཆེན་
གསུམ་ངོ་ཤེས་པའི་དེད་དཔོན་འཛམ་བུའི་གླིང་ན་དཀོན། །སྲང་ལ་ཞལ་ལྕེ་བཅོལ་བས་ཆེ་ཆུང་མེད་པར་གཅོད་དེ་རྩོད་དང་བྲལ། །འགྲོན་པོ་ལམ་ཞུགས་བར་གྱི་གྲོང་དང་གྲོང་ཁྱེར་རི་སུལ་བགྲོད་ནས་དོན་འགྲུབ་པ། །གི་ལིང་རྟ་པོ་མགྱོགས་ཀྱང་ལྕག་གིས་བྲབས་ན་དེ་བས་མགྱོགས་

པར་འགྱུར། །ལྟས་ངན་ཆེན་པོ་བྱེད་པའི་མི་དེ་སུ་ཡི་རིགས་རྒྱུད་ཡིན། །དམིགས་མེད་ཚོགས་སོག་བྱེད་པ་རྒྱ་མཚོ་ཆེན་པོ་མཁས། །བྱ་ཡི་ཚོགས་ལ་མདའ་འཕངས་གང་ལ་ཕོག་པ་དེ་དག་འགུམ། །རི་མཚོ་ཙནྡན་གསུམ་གྱིས་བྱ་གླང་སྦྲུལ་གསུམ་སྐྱབས་འོག་བཅུག་པ་ཤེས་
ལགས་སམ། །རས་ཡུག་དཀར་པོ་ཚུར་ནས་བཏོན་ནས་ཚོས་མའི་ལག་ཏུ་བཏང་བས་གང་འདོད་འབྱུང་། །མཛུབ་བསྒྲེང་སྲིན་མཐེབ་ནང་དུ་མཛུབ་མོ་བཅུག་ཅིང་མཁའ་ལ་བསྒྲེང་བའི་དོན་ལྡན་བརྡར་ཤེས་བར་ཆད་མེད། །བུང་བ་ཁྲི་སྙན་ཕྱི་བ་གསུམ་གྱིས་ཤེས་རབ་གསུམ་གྱི་སྦྱོར་བ་ངོ་
མཚར་ཆེ། །འདུ་བ་གསོ་བྱེད་སྨན་པའི་རྒྱལ་པོ་མཉེས་པ་ཡིས། །རིན་ཆེན་བདུན་སྦྱོར་སྤྱི་བོ་གཙུག་བཤལ་བཏང་ནས་ནི། །ཤ་རུས་ཁྲག་སོགས་སྨིན་ཅིང་ལུས་ཀྱི་འབྱུང་བ་རྟས་པར་བྱེད། །ཚངས་པ་ཆེན་པོའི་གསུང་དབྱངས་ཁྱོད་ཀྱིས་མཉན་པར་གྱིས། །སེང་གེའི་འོ་མ་བཙུན་
མོས་བཞོས་པའི་བཅུད་མཆོག་ངོ་མཚར་ཅན། །འདི་ནི་གང་གིས་འཐུངས་དང་ལྕེ་ལ་རེག་པ་ཙམ་གྱིས་ནི། །རྩ་གྲོལ་རླུང་ཟིན་ཐིག་ལེ་དྲོས་པའི་ནུས་མཐུ་འབྱུང་། །ཨུ་མ་དེ་བ་ལེན་པའི་གླུ་དེ་མཆོག་ཏུ་སྙན་པ་ཡིན་པས་གསོན། །སྣང་བ་ཐོབ་ནས་དབེན་པའི་ས་ཕྱོགས་དེར་ནི་
རང་གི་གནས་བཙལ་ལ། །རྒྱན་གྱིས་སྤྲས་ཤིང་མཛེས་ལྡན་བདག་མེད་ཡུམ་གྱི་ཞབས་ལ་འདུད། །གཏན་གྱི་བདེ་བ་བླངས་པ་ནམ་མཁའ་རྡོ་རྗེ་གྲོང་དུ་གཞུག །སྲིད་པའི་རྒྱལ་མོ་ལེན་པའི་གླུ་ལ་ཡིད་གཏད་བྱ་བར་རིགས། །རང་བྱུང་ཤེལ་གྱི་མཆོད་རྟེན་སྐྱོན་བྲལ་ཡེ་ནས་དག་པ་ལ། །
སྣང་སྲིད་གསལ་བྱེད་འཕྲུལ་གྱི་མེ་ལོང་ཕྱིས་ཏེ་བལྟ་བར་བྱ། །མོ་གཤམ་བུ་ཡིས་བདེན་པ་མཐོང་བའི་དོན་དེ་གང་ཡིན་ཁྱོད་ཀྱིས་སྨྲོས། །ཁྱབ་འཇུག་ཆེན་པོ་རང་གིས་བླངས་པའི་གླུ་ལ་ཡིད་བརྟན་བྱེད། །ཁྲུས་ཁང་དག་ན་དྲི་མས་དྲི་མ་མ་ལུས་དག་པར་བྱེད། །མེད་བཞིན་སྣང་བ་མཁའ་
ལ་བྲིས་པའི་འཇའ་ལྟར་གཟུགས་སྐུ་རྣམ་གཉིས་གང་ཞིག་ཡིན། །སྦྲང་རྒོད་ཟོས་པའི་རྩ་ལ་བྱིན་རླབས་རྒྱས་པར་བྱེད། །སྐྱུག་ནད་ཅན་དང་རྨ་དཀྲིས་གཉིས་ལ་ཆགས་པའི་ཞེན་པ་ཅང་གདའ་འམ། །དྲི་དང་སྒོག་པ་གཡེར་མ་ཕྱེད་པར་སྣང་བ་གཟུགས་བརྙན་འདི་འདྲ་རྟོགས་ལགས་སམ། །

ཆུ་ཟླ་བཞིན་དུ་སྣང་ལ་རང་བཞིན་མེད་པ་མིག་གི་རྣམ་ཤེས་ཉམས་སུ་མྱོང་བས་གཟིགས། །འབྱུང་བ་འཁྲུགས་པའི་ནད་ལ་སྨན་པ་རྣམས་ཀྱིས་དྲོད་ཚད་འཛིན། །བཤལ་རྗེས་མི་སྲུང་རྟག་ཏུ་བསྲུང་བ་མ་ལགས་སམ། །གནམ་ལྕགས་ས་ལ་བབ་ན་གང་ལ་བབས་
པའི་ཡུལ་དེ་འཇིག་པར་བྱེད། །མཁའ་ལ་འབྲུག་གི་སྒྲ་བསྒྲགས་དབྱར་དགུན་ཤན་འདང་དེ་ཡིས་ཕྱེད་པར་འགྱུར། །སྤྲུལ་པའི་དགེ་སློང་མཁས་པ་འགྲོ་འཆག་ཉལ་དུ་སྟོན་ཀྱང་སྐྱོ་དུབ་མེད། །གསེར་གྱི་རི་ལ་བརྟེན་པའི་བྱ་ཡང་དེ་ཡི་མདོག་ཏུ་འགྱུར། །སྣང་ཡང་དེ་བཞིན་སྤྱོད་པའི་སྒྱུ་མ་
མཁན་དང་རྟག་ཏུ་འགྲོགས། །ཞིང་པའི་ལོ་ཏོག་རྟེན་འབྲེལ་རབ་ཏུ་འཛོམ་པས་འབྲས་བུ་སྟོན་རྣམས་སྡུད། །མཆོད་སྡོང་ཉི་ཟླ་ནོར་བུས་རྟོག་པ་མེད་བཞིན་འགྲོ་བའི་དོན་ལ་བརྩོན། །སོ་བཏང་བུམ་པར་ཆུ་བསྐྱེད་མི་འཆག་སྣོད་ཀྱི་བྱ་བ་བྱེད། །ཀ་ལ་པིདྐའི་སྒྲ་བཞིན་ཚངས་པའི་
གསུང་གིས་བག་ཆགས་སྒྲིབ་པ་འདག །རླུང་གི་རྟ་ལ་དྲན་པའི་སྲབ་ཀྱིས་མཁའ་ལ་བཏགས་ལ་དབུ་མའི་ཁྱིམ་དུ་གཞུག །ལོ་ཟླ་འདས་པའི་མ་བུ་ཕྲད་བཞིན་ངེས་པའི་ཤེས་པ་སྐྱེ། །ཉ་དང་ཆུ་ལས་འབྱུང་བ་གོས་སུ་གྱོན་པས་ཞེན་པ་ཅང་གདའ་འམ། །མེ་ལོང་ཤེལ་བཞིན་ཁོང་
རས་གསལ་སྟོང་བྱས་པ་མེད་པ་ལྟ་བ་མཆོག །དངས་མའི་ཆུ་ལ་བཞིན་གྱི་དཀྱིལ་འཁོར་གསལ་དངས་ཕྱེད་པར་སྣང་། །འགྲོན་པོ་ལམ་ཞུགས་ཉེ་རིང་མེད་པར་ཕྱིན་ནས་འདོད་པའི་མི་དང་ཕྲད། །རྒྱལ་པོའི་ཁྲིམས་ལ་འབངས་ཀྱིས་དམ་ཚིག་གཅེས་པར་བསྲུངས་པ་ལེགས། །རྨ་བྱའི་
ཟས་སུ་བཙན་དུག་ཟོས་པས་སྟོབས་སུ་འགྱུར་བ་ངོ་མཚར་ཆེ། །རིན་ཆེན་གསེར་དེ་ས་ལ་གནས་ཀྱང་འོད་ཟེར་མཁའ་ལ་འཆར། །བག་མ་བུང་བ་སེང་གེ་སྨྱོན་པ་བཞི་པོ་སྤྱོད་པ་འཛོལ། །རླུང་དང་ཡི་གེ་རྣམ་ཤེས་གསུམ་པོ་འགྲོགས་ལ་ཚངས་པའི་མཐོང་ལམ་སྙོགས། །ས་འགུས་
མཆོད་སྡོང་བཙུགས་པའི་ས་དེར་ཀླུ་ཡི་འཇིགས་པ་མི་བདོག་གོ། །རིན་པོ་ཆེ་ལ་རྟོག་པ་མེད་ཀྱང་གསོལ་བ་བཏབ་ན་དགོས་འདོད་འབྱུང་། །མཁའ་ལ་སྤྲིན་ཚོགས་འདུས་ནས་ཆར་གྱིས་འགྲོ་དོན་མཛད། །རྒྱལ་བུ་རྒྱལ་སར་བཞག་ནས་འབངས་རྣམས་ཀུན་གྱིས་འཁུར་བར་བྱེད། །མཁའ་

ལ་ཉི་མ་ཤར་བའི་མུན་པའི་ཚོགས་ལ་བསྡད་དབང་མེད་མོད་ཀྱི། །ཉི་ཟླ་ངོས་གཟུང་ཆུ་བོ་གྱེན་ལ་ཟློག་པ་གྲངས་པས་གངས་དཀར་རྩེ་ནས་ཞུ་བ་ངོ་མཚར་ཆེ། །མ་ག་དྷ་རུ་རྡོ་རྗེའི་གདན་དུ་བསྡད་པའི་རྒྱལ་བ་སྤྲུལ་པའི་སྐུ་དེ་སུ་ཡིན་ལོ། །དྲང་སྲོང་རྣམས་ནི་ཁམ་གྱི་ཟས་ལ་མ་བརྟེན་བསམ་
གཏན་ཐུན་གྱིས་འཚོ། །རྡོ་རྗེ་གདན་ལ་དབང་པོ་བསྟན་པས་ནམ་མཁའི་བསྒྲུབ་བྱ་མེད་པར་རྟོགས། །མྱོང་ཞིང་སྨྲ་མ་ནུས་པའི་བཅུ་དྲུག་ལོན་པའི་བདེ་བ་སུ་ལ་བསླངས། །མཁའ་ལ་ཤར་བའི་རྒྱུ་སྐར་རྣམས་ཀྱིས་ནམ་ཟླ་དུས་བཞིའི་དྲོད་ཚད་འཛིན། །བཞིན་གྱི་དྲི་མ་སེལ་བའི་
མེ་ལོང་འདི་ལ་སྒེག་མེས་གཅེས་པར་འཛིན། །རྒྱལ་པོའི་ཁང་བཟངས་དག་ན་བཙུན་མོ་འདོད་ཡོན་རྟག་ཏུ་སྤྱོད་ཀྱང་དེ་ལ་ཞེན་པ་མེད། །གང་གིས་འཇོམས་པར་མི་ནུས་ཕ་ལམ་རྫས་ཀྱི་རྡོ་རྗེ་ཡིན། །དྲང་སྲོང་རྣམས་ཀྱིས་ཚེ་ཡི་རིག་འཛིན་གྲུབ་པ་གང་གི་སྟོབས་ལས་བྱུང་། །བཙོག་
པའི་ཆོལ་ཟངས་སྙིང་པོ་བོར་ནས་རིན་ཆེན་སྣོད་མཛེས་ཚོལ་བ་ཐབས་ལ་མཁས། །རྡོ་ཡི་སྐྱེས་བུ་སྲིན་མོའི་གླིང་ལ་ཉམ་ང་མེད་དེ་གང་གི་རྟོག །ནམ་མཁའི་མཛོད་ལ་ལོངས་སྤྱོད་ནུས་ན་དབུལ་བའི་སྡུག་བསྔལ་བྲལ། །དམྱལ་བ་ལ་སོགས་རིགས་དྲུག་དག་ལ་བདེ་གཤེགས་སྐུ་གདུང་
འབྲུལ། །དུག་ལ་སྔགས་ཀྱིས་ཐེབས་པས་འདུ་བའི་ནད་རྣམས་ཐམས་ཅད་འཇོམས། །མཁའ་ལ་ཉི་མ་ཤར་བ་སྐར་མ་ལ་སོགས་སྣང་གཞན་ཟིལ་གྱིས་མནན་པས་ནམ་མཁའི་དཀྱིལ་ལྟར་མཐོང་། །ཀ་ར་ཎ་བཅིངས་ཆུ་ཡི་འགྲོ་འོང་ཆད་ནས་གཞོན་ནུ་མེ་ལོང་བལྟ་ཞིང་ནམ་མཁའི་
དཀྱིལ་ན་འདུག །རབ་རིབ་མིག་སེར་སོལ་བ་དུང་ལ་སེར་པོར་མཐོང་བའི་འཁྲུལ་པ་དུས་དེར་ཞིག །གཤེད་མས་ཁྲིད་པའི་མི་དེ་ཐར་ནས་དཔའ་མཛངས་དེ་ཡི་ལག་ཏུ་ཅང་འགྲོའམ། །ནམ་མཁའ་དག་པའི་འཁོར་བ་མྱ་ངན་འདས་པའི་གཟུགས་སུ་བྲིས་པ་གང་ན་མེད། །ནམ་ཞིག་
མུ་གེའི་དུས་སུ་བུ་ཤ་ཟོས་ཀྱང་དེ་ལ་ཆགས་པ་ཅང་སྐྱེའམ། །བླ་མའི་དུས་ཐབས་བསྟེན་པས་ཡིན་མིན་རྟེན་འབྲེལ་ཐམས་ཅད་རྟོགས། རྡོ་ཡི་མི་ལ་སྡོམ་པ་དམ་ཚིག་ཕོག་ཀྱང་བསྲུང་དང་ཉམས་པའི་རིག་བྱེད་མེད། །རྟོག་བྲལ་རོ་དེ་གང་ལ་མི་འཇིགས་ནུས་མཐུ་སུ་ཡིས་བྱིན་

པ་ཡིན། །དངས་པའི་མཁའ་ལ་གཟའ་དང་རྒྱུ་སྐར་འབྱུང་བ་ཤེས་པའི་དྲང་སྲོང་མཁས་པ་ཡིན། །རི་དགས་དྲང་སྲོང་ལྟ་བུ་གཅིག་པུར་འདུག་པའི་མི་དེས་བདེན་པ་མྱུར་དུ་ཐོབ། །འབྱུང་བ་གྱེས་པས་དངུལ་ཆུ་མཁའ་ལ་འཕུར་བར་གང་ནས་འོངས། །རྙོག་མའི་
དྲི་མ་ཅན་གྱི་ཆུ་ལ་ནོར་བུ་བཅུག་པའི་སྟོབས་ཀྱིས་དངས་པར་འགྱུར། །བདེ་གཤེགས་བེམས་པོ་ལྟར་སྣང་སྨན་དང་སྨན་ཆུ་སྟེགས་དང་ཟམ་པ་དེ་མཆོད་ཀྱིས། །རྟོག་མེད་འབྱུང་བས་འགྲོ་དྲུག་འདོད་པ་དུས་སུ་སྐོང་བ་ངོ་མཚར་ཆེ། །རིན་ཆེན་གླིང་དུ་ཕྱིན་ནས་ས་རྡོ་བཙལ་མེད་ཅི་
སྙེད་ཐམས་ཅད་རིན་པོ་ཆེ། །མཁའ་ལ་སྤྲིན་གྱིས་འཁྲིགས་ན་ཉི་མའི་འོད་ཟེར་སྣང་བ་མིན། །གང་རྡུགས་ལམ་དེ་བསལ་ན་ཆུ་དེ་འདོད་པའི་གནས་སུ་འགྲོ། །ཁ་བྲག་ལམ་ན་འདུག་པའི་མི་དེ་གྲོགས་ཀྱི་རྐྱེན་གྱིས་གར་འགྲོའི་ཆ་ཡང་མེད། །ནོར་བུ་རིན་ཆེན་ལེན་པའི་ཚོང་པ་བསྒུགས་
ལ་དེ་དང་སྦྲག །རྡོ་ཡི་མི་ལ་རྨི་ལམ་ཅི་ཞིག་དྲིས་ཀྱང་ལན་དེ་འོང་ངེས་མེད། །ན་ཚ་སྡུག་བསྔལ་ཆེ་དུས་རྩ་བ་དེ་རང་ཡིན་ཏེ་ཐབས་གཞན་མེད། །སྣང་བའི་གཟུགས་རྣམས་སྡིགས་སུ་བྱུང་ཡང་དེ་ཉིད་སྙིང་རྗེའི་ཡུལ་ཏེ་ལོགས་ན་མེད། །གཤོག་གཉིས་རྒྱས་པའི་རྩལ་དེས་ནམ་མཁའ་
གར་བྱས་རྐྱེན་གཉིས་དབང་དུ་བསྡུས། །གངས་དཀར་རྩེ་ལ་ཉམ་ང་མེད་པའི་སེང་གེ་རྩལ་གསུམ་རྫོགས། །སྒོ་གཉིས་ཁྱིམ་སྤངས་བསམ་གཏན་ཐུན་གྱི་ཟས་བསྟེན་ནམ་མཁའ་མཛོད་དུ་བྱས། །ལྕེ་དང་མཐེབ་མོ་གཉིས་ཀ་བྲག་ལ་སེང་གེ་བུ་དང་སྦྲག །ནམ་ཞིག་འབྲུག་ལ་ཞོན་ནས་
འཇིག་རྟེན་གསལ་བར་བྱེད། །ལན་ཚྭའི་རྒྱ་མཚོར་ཆུ་རྣམས་རོ་གཅིག་ཐ་དད་མེད། །རྒྱ་མཚོ་དངས་པའི་ནང་ན་གཟའ་སྐར་གཟུགས་བརྙན་སྣང་བ་སུ་ཡིས་བཞག །བྱང་ལྟའི་ཕུག་པས་ཉི་མ་མ་མཐོང་གང་གིས་ལེན། །དགོས་འདོད་འབྱུང་བའི་ནོར་བུའི་ནུས་པ་སུ་ལ་བླངས། །
ཞེས་གསུངས་སོ། །མཆོག་གི་བརྒྱུད་པ་ལས་བྱུང་བ་ཟབ་མོའི་དོན་ཏོ། །བཅོམ་ལྡན་འདས་བདག་མེད་མའི་བརྡ་རིན་པོ་ཆེ་དབང་གི་འཁོར་ལོ་གསལ་བ་ཞེས་བྱ་བ་དུར་ཁྲོད་རྒྱུ་སྐར་དཔལ་གྱི་རོལ་པར་གསུངས་པ་རྫོགས་སོ།། །།དབང་གཙོ་བོར་བསྟན་པའོ། །

༄༅༅། །རྒྱ་གར་སྐད་དུ། ཡོ་ག་སརྦ་ཏཏྟྭཱ་ཨུ་མུ་ཏྲི་ཨཱ་ལོ་ཀ་ནཱ་མ་བི་ཀ་ལ་བཛྲ་གཱི་ཏ། བོད་སྐད་དུ། རྣལ་འབྱོར་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་གྲུབ་པ་རྣམས་ཀྱི་རྡོ་རྗེའི་མགུར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུ་སེམས་ཅན་ལ་འབྲས་བུ་
སངས་རྒྱས་ཐོབ་པར་བྱེད་པའི་ལམ་ཚོགས་གཉིས་ལས་ཕྱིར་གྱུར་པ་མེད་ལ། བསོད་ནམས་ཚོགས་ཀྱི་མཐར་ཐུག་ནི་ཆོས་ཀྱི་འཁོར་ལོའོ། །དེ་བསྐོར་བའི་གནས་ནི་སྐྱེ་བོས་བགྲོད་པ་དཀའ་བའི་ས་ཕྱོགས། འབྱུང་པོ་རོ་ལངས་རྒྱུ་བའི་སྲང་། འཇིག་རྟེན་གྱི་མི་མ་ཡིན་རྒྱུ་བའི་ས།
མཐོང་བ་ཙམ་གྱིས་བདུད་བ་སྤུ་ལྡང་ཞིང་སྲིན་པོ་སྐྱི་གཡའ་བ་ལས་ཀྱི་མཁའ་འགྲོ་མའི་གནས། དུར་ཁྲོད་ཆེན་པོ་བརྒྱད་དུ་རྟོགས་པ་མཐར་ཕྱིན་པའི་རྣལ་འབྱོར་པ་རྣམས་དང་། ཆོས་ཉིད་སྐྱེ་བ་མེད་པ་ལ་བློ་འབྱངས་པའི་རྣལ་འབྱོར་པ་རྣམས་རབ་ཏུ་ཚོགས་ནས། རང་རང་གི་རྒྱུད་ལ་དོན་
དམ་པའི་བདེན་པ་འཇུག་པའི་ཡུལ་ངེས་པའི་ཤེས་པ་གང་ལ་སྐྱེས་པ་དང་། གཉུག་མ་དོན་གྱི་ལྷན་ཅིག་སྐྱེས་པ་རང་ལ་གནས་པའི་ཡེ་ཤེས་ངོ་གང་ལ་སྤྲད་པ་དང་། རྟོག་པ་གང་གི་སྒོ་ནས་ཤར་བ་དེ་ཚོགས་ཀྱི་མཆོད་པ་བྱིན་གྱིས་རློབ་པ་ལ་ཉམས་མྱོང་གི་མགུར་བཞེངས་པ། གནས་དེ་དང་དེ་ན་
གནས་པའི་མཁའ་འགྲོ་མ་སུ་ཁ་ཏ་སྐལ་བ་བཟང་མོ་ལ་སོགས་པ་རྣམས་ཀྱིས་མི་བསྙེལ་བའི་གཟུངས་ཀྱིས་ཕྱི་རབས་ཀྱི་དོན་དུ་ཡི་གེ་རིགས་སུ་དཀར་ཤོག་ལ་བཏབ་པ་འདི་རྣམས་སོ། །དཀའ་ཐུབ་མཐར་ཕྱིན་པ་ལཱུ་ཡི་པའི་ཞལ་སྔ་ནས། ཚེ་འདིའི་ཆེ་ཐབས་འཁོར་བའི་རྒྱུ། །བྱ་བ་མ་
མང་ཐར་ལམ་འགག །འདོད་པའི་བློ་བྲལ་བྱ་བའི་ཡུལ། །ས་ཕྱོགས་དེ་ན་བྱང་ཆུབ་ཉེ། །ཞེས་གསུང་ངོ་། །བདེ་བའི་མདངས་ལྡན་མ་ཤྲཱི་སུ་ཁའི་ཞལ་སྔ་ནས། འཇིག་རྟེན་བྱ་བ་བདུད་ཀྱི་ཡུལ། །ཚེ་འདིའི་བློ་ལོག་འཕགས་པའི་ལམ། །འདོད་པའི་དུག་སྦྲུལ་གཙེས་པ་ཡིས། །རྗེས་
ནི་སྡུག་བསྔལ་ཉིད་དུ་འགྱུར། །ཞེས་གསུང་ངོ་། །ནོར་བུ་གླིང་པ་ལ་ལི་ཏ་བཛྲའི་ཞལ་སྔ་ནས། ཏིང་འཛིན་ཤེས་རབ་དྲི་མ་སེལ། །རང་རིག་ཡེ་ཤེས་འོད་གསལ་སྐུ། །བདེ་བ་ཐོབ་བྱེད་དབང་གི་ལམ། །མངོན་དུ་གྱུར་ཚེ་རྟོག་པ་གྲོལ། །ཞེས་གསུང་ངོ་། །འདོད་

ཆགས་ལམ་དུ་སློང་བ་མོ་ཙནྡྲ་བི་མ་ལའི་ཞལ་སྔ་ནས། ཤེས་རབ་རྣོ་ངར་ཏིང་འཛིན་གྱིས། །མ་མཐོང་འཁོར་བའི་སྒྲོག་མི་ཆོད། །རིན་ཆེན་དབང་གི་ནུས་པ་ཡིས། །ཟག་པ་བདེ་ཆེན་ཉིད་དུ་འགྱུར། །ཞེས་གསུང་ངོ་། །ནུས་པའི་མཐར་ཐུག་བཱིརྱ་པའི་ཞལ་སྔ་ནས། འདམ་
བྲལ་པདྨ་སྐམ་པ་བཞིན། །དུག་ལྔ་མེད་ན་ཡེ་ཤེས་འགག །འདོད་ཡོན་ལམ་ཁྱེར་ས་ལམ་འདུམས། །སྤངས་ནས་གྲོལ་འདོད་དམན་པའི་ལམ། །ཞེས་གསུང་ངོ་། །ཟང་ཟིང་གི་སྦྱིན་བདག་མོ་རུ་རུ་སུ་ཀའི་ཞལ་སྔ་ནས། དྲང་སྲོང་ཤེས་རབ་མིག་ཅན་གྱིས། །ནད་གཞི་ལུས་ཀྱི་ཟུངས་
སུ་བསྒྱུར། །དེ་བཞིན་ཐབས་དང་ལྡན་པ་ཡིས། །དུག་ལྔས་ཡེ་ཤེས་སྐྱེད་པར་བྱེད། །ཅེས་གསུང་ངོ་། །འགྲོ་བའི་མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། རྨི་ལམ་རང་བཞིན་མེད་པ་བཞིན། །ཆོས་རྣམས་རང་གི་ངོ་བོས་སྟོང་། །འཁོར་བ་དང་ནི་མྱ་ངན་འདས། །དོན་ལ་གྲུབ་པ་མ་ཡིན་ནོ། །ཞེས་གསུང་
ངོ་། །སོ་སོར་རྟོག་པའི་ཡེ་ཤེས་ཐུགས་སུ་ཆུད་པའི་ཛྙཱ་ན་དྷ་རའི་ཞལ་སྔ་ནས། ངོ་བོས་སྟོང་པ་སྣང་བའི་མཚང་། །གང་ལ་རང་བཞིན་མེད་པ་ཡི། །བརྗོད་དུ་མེད་པའི་བདག་ཉིད་དོ། །ཟུང་འཇུག་མ་མཐོང་གྲོལ་མི་ནུས། །ཞེས་གསུང་ངོ་། །རྣལ་འབྱོར་གྱི་དབང་ཕྱུག་ས་ར་ཧའི་ཞལ་སྔ་ནས། སྔ་
ནས་མ་དྲན་རྡོ་རྗེའི་གདན། །སྨྲ་བར་མ་ནུས་ཡིད་འཕམ་ས། །འོད་གསལ་འགྲོ་འོང་མེད་པའི་བདག །གཉིས་སྣང་གྲོལ་བ་ཕྱག་རྒྱ་ཆེ། །ཞེས་གསུང་ངོ་། །རྡོ་རྗེ་བཟླས་པའི་རྣལ་འབྱོར་མ་ཨ་ནུ་ཀི་རའི་ཞལ་སྔ་ནས། དངས་མ་སྣང་སྟོང་རྐྱེན་དང་བྲལ། །ཚོགས་དྲུག་ཡུལ་དུ་མ་བཅད་
པའི། །འགྲོ་འོང་མེད་པ་གཉུག་མའི་ངང་། །དྲན་བརྗེད་མཚམས་སུ་སེམས་ངལ་སོས། །ཞེས་གསུང་ངོ་། །རི་ཁྲོད་དབང་ཕྱུག་ས་ར་ཧའི་ཞལ་སྔ་ནས། འཁྲུལ་པ་རྐྱེན་སྣང་གློ་བུར་བ། །དུས་གསུམ་སྐྱེ་འཇིག་གིས་སྟོང་པ། །གཞི་ལ་མ་གྲུབ་ངོ་མཚར་ཡུལ། །དེ་མཐོང་བ་ནི་གྲོལ་
བའི་ཡུལ། །ཞེས་གསུང་ངོ་། །སྐྱབས་ཀྱི་སྦྱིན་བདག་མོ་སུ་ཀ་བྷའུའི་ཞལ་སྔ་ནས། དྲན་རིག་རྣམ་པར་རྟོག་པ་ནི། །མ་རིག་པ་ཡི་སྟོབས་ལས་འབྱུང་། །སྣ་ཚོགས་མེད་ཤར་ངོ་བོས་སྟོང་། །རྩ་བྲལ་ནམ་མཁའི་རྗེས་ཐོབ་ཅན། །ཞེས་གསུང་ངོ་། །མི་ལས་འདས་པ་ཨཱརྱ་དེ་བའི་

ཞལ་སྔ་ནས། འོད་གསལ་གདོད་ནས་དག་པའི་ངང་། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །རང་གནས་རྩ་བ་འདུས་མ་བྱས། །སྤྲོས་བྲལ་འདི་ནི་གཟིགས་མོར་ཆེ། །ཞེས་གསུང་ངོ་། །དྲན་པ་གཅིག་པའི་རྣལ་འབྱོར་མ་བྷ་སུ་རི་ཀའི་ཞལ་སྔ་ནས། ཀུན་ལ་ཁྱབ་པ་འོད་གསལ་དང་། །
འགྲོ་འོང་མེད་པའི་བདག་ཉིད་ཅན། །སྤྲོས་བྲལ་དུས་རྣམས་ཐམས་ཅད་པ། །ཆོས་སྐུ་འགྲོ་བ་མི་འདོར་རོ། །ཞེས་གསུང་ངོ་། །སྨྲ་བའི་སེང་གེ་ཀ་ལ་ཨ་ལེ་བའི་ཞལ་སྔ་ནས། གྲུབ་མཐའི་ལྟ་བ་མིང་དུ་བརྗོད། །མིང་རྣམས་རྣམ་པར་རྟོག་པ་སྟེ། །དེ་ཉིད་སྟོང་པ་ཆོས་ཀྱི་སྐུ། །མིང་
ལས་གྲོལ་བ་ཕྱག་རྒྱ་ཆེ། །ཞེས་གསུང་ངོ་། །རྩེ་གཅིག་གི་རྣལ་འབྱོར་མ་ཀ་རི་དྷ་རི་མའི་ཞལ་སྔ་ནས། བདེ་གཤེགས་བཙུན་མོ་མིང་མེད་མ། །ནམ་མཁའི་འོ་མ་རབ་འཐུངས་ནས། །སྨྲ་བསམ་བློ་ཡི་ཡུལ་ལས་འདས། །གཉིས་སྣང་ཟ་ཞིང་ནམ་མཁའ་འཇོ། །དེ་མཐོང་བས་ནི་
གྲོལ་བར་འགྱུར། །ཞེས་གསུང་ངོ་། །བློ་གྲོས་མི་བཟད་པ་ཤཱནྟ་དེ་བའི་ཞལ་སྔ་ནས། ཚེ་འདིའི་བློ་ལོག་ཐར་པའི་ལམ། །སྣང་ཕྱིར་མ་འབྲང་འཁྲུལ་པ་གྲོལ། །དུས་གསུམ་ཆིག་ཆོག་གནད་ཀྱི་མཚང་། །དྲི་མེད་རང་སྣང་ཕྱག་རྒྱ་ཆེ། །ཞེས་གསུང་ངོ་། །ཆོས་ཀྱི་སྦྱིན་བདག་མོ་ཨ་ནུ་
ཏཱ་རའི་ཞལ་སྔ་ནས། གོ་ཆ་འཇིག་རྟེན་པ་ཡི་སྒྲོག །མ་གྲོལ་འཕགས་ལམ་ཟིན་མི་འགྱུར། །དེ་སྲིད་བདེ་བ་དང་མི་འཕྲད། །རང་སྣང་དག་ཚེ་ཞིང་ཁམས་འཆར། །ཞེས་གསུང་ངོ་། །བརྟུལ་ཞུགས་མཐར་ཕྱིན་ཌོམྦི་པའི་ཞལ་སྔ་ནས། དམིགས་པས་ཆེད་དུ་མ་བཟུང་བའི། །
ཤེས་པ་ཡུལ་ལས་མ་འཕྲོས་པ། །བདེ་གསལ་མི་རྟོག་དྲི་མ་མེད། །དངས་མ་ཡིད་འབྲལ་ཕྱག་རྒྱ་ཆེ། །ཞེས་གསུང་ངོ་། །འདོད་པ་ལ་བློ་ལོག་པ་རྣལ་འབྱོར་མ་ཛྙཱ་ན་བི་མ་ལའི་ཞལ་སྔ་ནས། སྒོམ་བློའི་འདུན་པ་དྲི་མ་སྟེ། །རིག་པ་སོ་ལ་བཞག་པ་ཡི། །མ་བྱས་ཤེས་པ་སྐྱོན་
ལས་གྲོལ། །འཛིན་རྟོག་དམིགས་པའི་སྟེང་དུ་ནི། །སྤྲོས་བྲལ་འཆར་བར་མི་འགྱུར་རོ། །ཞེས་གསུང་ངོ་། །ཤེས་རབ་སྤྱན་ལྡན་ཀ་མ་ལའི་ཞལ་སྔ་ནས། དངོས་དོན་རང་རིག་ཡེ་ཤེས་ཀྱི། །ལྷན་ཅིག་སྐྱེས་པའི་ཉམས་མྱོང་ནི། །ཚིག་གི་སྤྱོད་ཡུལ་མ་ཡིན་ཏེ། །བརྡ་

ཡིས་མཚོན་པ་སེང་གེའི་གསུང་། །ཞེས་གསུང་ངོ་། །བདག་མེད་ཀྱི་སྒྲ་སྒྲོགས་མ་པདྨ་དྷ་ནུའི་ཞལ་སྔ་ནས། གཉུག་མ་ངོ་བོ་ཉིད་ཀྱི་གཤིས། །བློ་ཡི་ཡུལ་ན་གནས་པ་མིན། །མཚོན་དུ་ཡོད་ལ་ངོས་གཟུང་བྲལ། །ཡང་དག་བླ་མའི་བརྡ་ལས་རིག །ཅེས་
གསུང་ངོ་། །འཁྲུལ་པའི་སྒྲོག་གྲོལ་བ་བྷི་ན་པའི་ཞལ་སྔ་ནས། ཇི་ལྟར་ཆུ་ཟླའི་དཀྱིལ་འཁོར་བཞིན། །སྣང་བའི་རང་མཚང་ངོ་བོས་སྟོང་། །དངོས་པོར་འཛིན་པ་འཁྲུལ་པ་སྟེ། །དེར་འཛིན་གྲོལ་བས་ཕྱག་རྒྱ་ཆེ། །ཞེས་གསུང་ངོ་། །སྡོམ་པའི་ཚུལ་ཁྲིམས་ཅན་མེ་ཁ་ལའི་ཞལ་
སྔ་ནས། ཇི་ལྟར་དྲི་ཟའི་གྲོང་ཁྱེར་བཞིན། །ཆོས་རྣམས་རང་བཞིན་བརྟགས་ན་དབེན། །བདེན་ཟད་བརྫུན་ཟད་ཡི་གེ་ཟད། །ཚིག་གི་ལམ་ཆད་བློ་ལས་འདས། །ཞེས་གསུང་ངོ་། །སྦས་པའི་རྣལ་འབྱོར་གོ་རཀྵའི་ཞལ་སྔ་ནས། རྟོག་པ་ཡིད་བཞིན་ནོར་བུ་ལ། གོམས་
འདྲིས་ཕྱི་བདར་བྱས་པ་ཡིས། །བརྟན་པ་ཐོབ་པ་མདོག་ཕྱིན་ཏེ། །དེ་ཚེ་དགོས་འདོད་མངོན་དུ་འགྱུར། །ཞེས་གསུང་ངོ་། །འཁོར་བའི་ཡིད་ཕྱུང་བ་མོ་ཀུ་མ་ལ་སཱུརྱའི་ཞལ་སྔ་ནས། རང་སྣང་སྤྲིན་རུམ་མ་དངས་ན། །དཔལ་གྱི་བེའུའི་འོད་མི་གསལ། །རྣམ་རྟོག་རྒྱང་དུ་མ་བསྲིངས་ན། །
ཡེ་ཤེས་ཉེ་རུ་མི་འདོད་དོ། །ཞེས་གསུང་ངོ་། །རླུང་ལ་དབང་ཕྱུག་པ་ཙོ་བོ་རི་ཀའི་ཞལ་སྔ་ནས། ཟུང་འཇུག་གནས་པའི་ཡི་གེ་ནི། །འགྲོས་ཀྱི་རྣམ་ཤེས་ཡི་གེ་སེལ། །ཉམས་མྱོང་གསལ་བས་བདག་འཛིན་ཞིག །འདི་ཡིས་ཉམས་ཀྱི་འཕེན་ལེན་འཇིག །ཅེས་གསུང་ངོ་། །དཔལ་
མིའི་སེང་གེའི་སྤྱོད་པ་ཅན་ཨུ་མུ་ཀ་རིའི་ཞལ་སྔ་ནས། བདེ་ཆེན་ཆོས་དང་སྤྲུལ་པ་ཡི། །འཁོར་ལོ་གསུམ་གྱི་ལྟེ་བ་ལ། །གནས་པའི་ཡི་གེ་བདེ་གཤེགས་ཀྱི། །མ་ལུས་ཀུན་གྱི་སྐུ་གསུང་ཐུགས། །ཞེས་གསུང་ངོ་། །བརྡ་ལ་རང་ངོ་མཐོང་བ་ན་དུ་བའི་ཞལ་སྔ་ནས། སྙིང་གི་དབུས་སུ་
ངོ་སྤྲད་པའི། །བླ་མས་བསྟན་པ་མཆོག་གི་དོན། །ལྷུན་གྲུབ་རང་ངོ་ཤེས་པ་ནི། །གནད་དེ་ངེས་པའི་ཤེས་པས་མཐོང་། །ཞེས་གསུང་ངོ་། །དགེ་བའི་ཆོས་སྡུད་ཚུལ་ཁྲིམས་ཅན་བྷ་ཙ་ལའི་ཞལ་སྔ་ནས། བཞི་རྫོགས་རང་བྱུང་ཡེ་ཤེས་སུ། །ཚོས་མའི་རྐྱེན་ལ་རག་མི་ལས། །རང་རིག་འོད་

གསལ་དངོས་པོའི་གཤིས། །རྟེན་འབྲེལ་གང་གི་ཐབས་ཀྱིས་རིག །ཅེས་གསུང་ངོ་། །ལུང་རིགས་གཏེར་གྱི་དབང་ཕྱུག་ཏེ་པའི་ཞལ་སྔ་ནས། བླ་མའི་གསུང་གས་ལྡོངས་པ་བསལ། །དེ་མཐོང་མིང་གི་སྡེ་སྣོད་ལ། །བལྟས་ཚེ་གདམས་པར་མ་གྱུར་པའི། །ཡི་གེ་གཅིག་ཀྱང་
བོར་དུ་མེད། །ཅེས་གསུང་ངོ་། །གསལ་བའི་མདངས་ལྡན་མ་ཀརྨ་ལི་ཀའི་ཞལ་སྔ་ནས། ནམ་མཁའ་དབྱིངས་ཀྱི་གླེགས་བམ་ལ། དཀར་དམར་སྣ་ཚོགས་ཡི་གེ་རྣམས། །རྣམ་རྟོག་འཁྲུལ་པ་བློ་ཡི་ཆོས། །དོན་ལ་གླེགས་བམ་ཡི་གེས་སྟོང་། །ཞེས་གསུང་ངོ་། །བདེ་བ་ལམ་
ཁྱེར་ཐབས་ལ་བྱེད་པ་དནྟི་བའི་ཞལ་སྔ་ནས། ནང་གྲོས་ཕྱི་ཡི་རྐྱེན་ཞུ་བས། །རྩོལ་བ་མ་བྱས་ངང་གིས་སུ། །ཁམས་འདུས་རང་ལ་གནས་པ་ཡིས། །ཡེ་ཤེས་ཤར་བས་ལས་ལས་གྲོལ། །ཞེས་གསུང་ངོ་། །བདེ་བ་ལམ་དུ་སློང་བ་ན་ཀ་རའི་ཞལ་སྔ་ནས། རྨི་ལམ་དབང་གིས་
སྒོ་ང་རུ། །གྲོལ་ལམ་བསྐྱེད་རྫོགས་འདབ་གཤོག་རྒྱས། །མོས་གུས་དད་པས་སྦུབས་ཕྱེ་བས། །མ་རིག་འཁྲུལ་པའི་རྒྱ་ལས་གྲོལ། །ཞེས་གསུང་ངོ་། །རྟོག་པ་བྱིན་རླབས་ལས་ཤར་བ་ཙ་རའི་ཞལ་སྔ་ནས། མཆོག་གི་ནོར་བུ་རིན་པོ་ཆེ། །སྙིང་ལ་བཅངས་པའི་བརྩེ་གདུངས་
གིས། །དཔལ་གྱི་གཏེར་མཛོད་ཡོངས་སུ་འགེངས། །གྲོགས་དག་ནོར་བུའི་གཅེས་འཛིན་གྱིས། །ཞེས་གསུང་ངོ་། །སེམས་ཅན་གྱི་དོན་བྱེད་ཚུལ་ཅན་བྷི་ཀ་ལའི་ཞལ་སྔ་ནས། དེད་དཔོན་མེད་པར་རྒྱ་མཚོ་ཡི། །མཆོག་གི་གླིང་དོན་མི་འགྲུབ་བཞིན། །ཡོན་ཏན་དུ་མས་རབ་
བརྒྱན་ཀྱང་། །བླ་མ་མེད་པར་སྲིད་མཐར་མིན། །ཞེས་གསུང་ངོ་། །རྟོག་པ་ཤིང་བཟོ་ལ་ཤར་བ་ཁ་ག་པའི་ཞལ་སྔ་ནས། དངོས་རྣམས་སྒྱུ་མའི་རང་བཞིན་ཏེ། །བདེན་མེད་ལྟོས་དང་འཁྲུལ་པ་འཇིག །འཁོར་བའི་མཚང་མཐོང་རང་བཞིན་མེད། །སྤང་བྱ་མ་རྙེད་གཉེན་པོ་སྟོར། །
ཞེས་གསུང་ངོ་། །བྱ་བ་ནན་ཏན་གྱི་ཡེ་ཤེས་ཁོང་དུ་ཆུད་པ་མོ་རྫུ་ནུ་ཏ་རིའི་ཞལ་སྔ་ནས། འཁོར་བ་མ་གྲུབ་གཞི་ཡིས་སྟོང་། །མྱང་འདས་མ་གྲུབ་བློ་ཡིས་སྟོང་། །ས་ལམ་མ་གྲུབ་བདེན་པས་སྟོང་། །འབྲས་བུ་མ་གྲུབ་ཡུལ་གྱིས་སྟོང་། །ཞེས་གསུང་ངོ་། །རེ་དོགས་ཀྱི་དྲི་མ་

དང་བྲལ་བ་ཀ་ན་པའི་ཞལ་སྔ་ནས། གཞི་མེད་རྩ་བ་བྲལ་བ་ཡིས། །ཆོས་རྣམས་གདོད་ནས་སྟོང་པ་ལས། །འཁོར་བ་གང་ཡིན་མྱང་འདས་ཅི། །འབྲས་བུ་མ་མཐོང་ཉམས་ལེན་གྲོལ། །ཞེས་གསུང་ངོ་། །སེམས་ལ་དམིགས་པའི་རྣལ་འབྱོར་མ་ག་ད་རའི་
ཞལ་སྔ་ནས། ཇི་ལྟར་ཆུ་ཤིང་སྡོང་པོ་ལ། །ནམ་ཞིག་སྙིང་པོ་ཡོད་གྱུར་ཚེ། །དེ་ཡི་དུས་སུ་གསལ་བ་ལས། །འབྲས་བུ་གཞན་དུ་མཐོང་བ་མིན། །ཞེས་གསུང་ངོ་། །ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཀ་ན་རའི་ཞལ་སྔ་ནས། །ཕྱི་རོལ་ལྷ་ཡི་བྱིན་རླབས་མིན། །ནང་དུ་རིག་པ་དངས་ལས་
འབྱུང་། །འཛིན་པ་ཆད་པས་ཉམས་མྱོང་འབར། །རིག་པ་དངས་པའི་སྟོབས་ལས་ནི། །སྒྱུ་རྩལ་སྣ་ཚོགས་འཆར་བར་འགྱུར། །ཞེས་གསུང་ངོ་། །སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་ལྡན་པ་བཛྲ་སིདྡྷིའི་ཞལ་སྔ་ནས། མན་ཤེལ་མ་དག་ཕྱི་རོལ་རྐྱེན། །མི་འཇུག་གཡའ་དག་
ངོས་དེར་ནི། །སྣ་ཚོགས་དར་གྱི་ཁ་དོག་ལེན། །སེམས་པའི་ལས་ཀྱང་དེ་བཞིན་ནོ། །ཞེས་གསུང་ངོ་། །དེ་ཁོ་ན་ཉིད་སྣང་བ་རྡོ་རྗེའི་མགུར་ལས་མ་རིག་པ་སྒོ་ངའི་སྦུབས་རྣམ་པར་ཕྱེ་བ་ཞེས་བྱ་བའི་ལེའུ་སྟེ་དང་པོའོ།། །།ཡི་གེ་ལམ་དུ་འཁྱེར་བ་ཏ་ཀ་ནའི་ཞལ་སྔ་ནས།
མཐའ་བཞི་ལས་ནི་གྲོལ་བ་ཡི། །སངས་རྒྱས་སྐྱེ་འགག་དྲི་མ་བྲལ། །རྣམ་པར་རྟོག་མེད་བདེ་གསལ་དང་། །གཉིས་སྣང་བྲལ་བ་ཕྱག་རྒྱ་ཆེ། །ཞེས་གསུང་ངོ་། །རྟོག་པ་རང་གྲོལ་གྱི་རྣལ་འབྱོར་མ་ཧུ་ལུ་ཀའི་ཞལ་སྔ་ནས། གང་གིས་མ་བཅོས་མ་བསླད་པ། །དབྱེར་མེད་དབྱིངས་
སུ་གཅིག་པ་ཡི། །ཆོས་ཀྱི་སྐུ་ཡིས་ཀུན་ལ་ཁྱབ། །རྣམ་རྟོག་གིས་བཅིངས་མངོན་མི་འགྱུར། །ཞེས་གསུང་ངོ་། །བདེན་པ་གཟིགས་པ་ཏི་ལོ་པའི་ཞལ་སྔ་ནས། དྲན་རྟོག་ཐ་མལ་ཤེས་པ་ནི། །འཆིང་བ་མཐའ་དག་ཉོན་མོངས་འགྱུར། །དྲན་རིག་ལྡང་རླུང་བདེ་བ་བཅད། །དེ་ཚེ་ཤེས་
པ་ཡུལ་མི་གསོ། །ཞེས་གསུང་ངོ་། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་པ་མ་ཏི་ལའི་ཞལ་སྔ་ནས། ལྷ་ཡི་ལུས་ཀྱིས་ཐ་མལ་གྱི། །རྟོག་པ་ཡང་ནི་བདེན་པར་བྱེད། །རླུང་གི་ངག་ལ་བདེ་བ་ཡིས། །ཡིད་ཀྱི་ཐ་མལ་ཤེས་པ་སྤོང་། །ཞེས་གསུང་ངོ་། །བླ་མའི་བྱིན་རླབས་ཞུགས་པ་ནཱ་རོ་

པའི་ཞལ་སྔ་ནས། དཔལ་ལྡན་ཡོན་ཏན་ཀུན་གྱི་གཞི། །འདི་མེད་པར་ནི་རྙེད་མི་འགྱུར། །མོས་གུས་མེད་པར་བྱིན་བརླབས་ལ། །འཇུག་པའི་ཡུལ་མེད་སྨིན་མི་འགྱུར། །ཞེས་གསུང་ངོ་། །གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་ལྡན་པ་ཀརྨ་ཀ་རིའི་ཞལ་སྔ་ནས། རང་
གི་དོན་དུ་ཆོས་ཀྱི་སྐུ། །གཞན་གྱི་དོན་དུ་གཟུགས་སྐུ་གཉིས། །བླ་མའི་དུས་ཐབས་བསྟེན་ལས་བྱུང་། །འདི་མེད་མཆོག་གི་དངོས་གྲུབ་སྟོར། །ཞེས་གསུང་ངོ་། །ནུས་པ་ལ་ཐུགས་རྗེས་བརྒྱན་པ་ས་ལི་པའི་ཞལ་སྔ་ནས། བྱམས་པ་སྙིང་རྗེ་བྱང་ཆུབ་སེམས། །འདི་མེད་བྱང་ཆུབ་མཆོག་
གི་ལམ། །ནམ་དུ་ཡང་ནི་ཕྲད་མི་འགྱུར། །གྲོགས་དག་གཅེས་པ་དོར་མི་བྱ། །ཞེས་གསུང་ངོ་། །བདེ་བའི་གོས་ཀྱིས་དྲོས་པ་ཏ་ར་ཨ་ལིང་གི་ཞལ་སྔ་ནས། ཕན་བདེའི་ས་བོན་བསྐྲུན་པའི་གཞི། །བྱམས་པའི་ས་གཞི་སྙིང་རྗེའི་ཆུ། །བདས་པའི་སེར་ལ་བྱང་སེམས་ཀྱི། །མྱུ་གུ་སྐྱེ་
འགྱུར་གཞན་དུ་མིན། །ཞེས་གསུང་ངོ་། །སྤྲོས་བྲལ་སྒྲ་འགྲོས་ལ་ཤར་བ་ཙ་ཏ་ལའི་ཞལ་སྔ་ནས། རྣོ་ལ་ངར་ཆགས་དྲག་པོའི་མིག །གསལ་དངས་ཕྱར་བས་བྱིང་རྨུགས་སེལ། །རྟོག་པ་ཆོད་རྗེས་ཆོས་ཉིད་ཀྱིས། །རང་ངོ་རྗེས་ཀྱི་ཤེས་པ་ཟིན། །ཞེས་གསུང་ངོ་། །ཚེ་འདིའི་སོ་
ཚིས་ཞིག་པ་ཨ་ནུ་སི་རའི་ཞལ་སྔ་ནས། རེས་གསོར་རྗེ་བ་དུམ་བུའི་འགྲོས། །ལྟ་སྟངས་འཇོག་འདོར་རྣམ་གཉིས་ཀྱིས། །བརྗེས་པས་ནང་ཕྲད་ངོས་གཟུང་བྲལ། །དེས་ནི་གཉུག་མའི་རང་ངོ་མཐོང་། །ཞེས་གསུང་ངོ་། །དཔའ་གདེང་ལམ་དུ་ཁྱེར་བ་བྷི་ཏའི་ཞལ་སྔ་ནས། ལྷན་ཅིག་
སྐྱེས་པ་སེང་གེའི་གསང་། །སྨྲ་བསམ་བློ་ཡི་ཡུལ་མ་ཡིན། །མ་སྐྱེས་མི་འགག་འོད་གསལ་དང་། །རང་རིག་སྤྲོས་བྲལ་ཕྱག་རྒྱ་ཆེ། །ཞེས་གསུང་ངོ་། །ཟབ་མོའི་ཆོས་ལ་བཟོད་པ་རུ་པ་ཏིའི་ཞལ་སྔ་ནས། གཉུག་མ་རང་ལ་གནས་པ་ཡི། །ཡེ་ཤེས་ཁུ་བ་འཐུངས་པའི་རོས། །
མྱོས་པ་གྱད་ཀྱི་སྤྱོད་ལམ་འཛིན། །གདེང་ལྡན་འཁོར་བའི་གཡའ་དང་བྲལ། །ཞེས་གསུང་ངོ་། །མིའི་ཁྱུ་མཆོག་ཏི་ཁོན་ཏི་པའི་ཞལ་སྔ་ནས། སྣ་ཚོགས་རྐྱེན་ལས་ཤར་བ་ཡི། །སྣང་བའི་ཆོས་རྣམས་སྟོང་པ་ལས། །མ་འདས་རང་གི་ངོ་བོས་དབེན། །གཉིས་མེད་དེ་ནི་ཕྱག་རྒྱ་ཆེ། །

ཞེས་གསུང་ངོ་། །གཙང་སྨེ་དོར་བ་ཕག་གི་སྤྱོད་པ་ཅན་བི་ག་མའི་ཞལ་སྔ་ནས། དངོས་པོ་སྣ་ཚོགས་སེམས་ཉིད་དེ། །སྣང་བ་ལས་ནི་གཞན་འགྱུར་བའི། །ཕྱི་རོལ་དོན་ནི་ཡོད་མ་ཡིན། །ཆུ་བོའི་མཐོང་སྣང་དེ་ཡིས་ཤེས། །ཞེས་གསུང་ངོ་། །བདག་ཉིད་ཆེན་པོ་
ཨ་ལུ་ཀིའི་ཞལ་སྔ་ནས། གདོལ་པའི་ལག་ན་མཚོན་ཐོགས་བཞིན། །ཙན་ཏ་ལི་ཡི་རྟོག་པ་འཇོམས། །བདེ་གསལ་ཕེང་གིས་གཟུང་བ་ཡིས། །དྲི་མེད་དངས་མ་སེམས་ལ་འཕེལ། །ཞེས་གསུང་ངོ་། །ཕེང་གི་སྒྲ་སྒྲོག་ས་མ་བྷི་ཏུ་རའི་ཞལ་སྔ་ནས། བུང་བའི་སྒྲ་སྐད་ཕེང་
གི་དབྱངས། །དཔལ་གྱི་བེའུའི་ནང་ན་སྒྲོགས། །འདི་ཡིས་གཟུང་འཛིན་རྟོག་པ་འཇོམས། །སེམས་པའི་འོད་ཟེར་ཡིད་ཕམ་བྱེད། །ཅེས་གསུང་ངོ་། །ལྟ་སྟངས་ལམ་དུ་ཁྱེར་བ་ལ་བྱ་དེ་བའི་ཞལ་སྔ་ནས། སྲིད་གསུམ་མི་གཡོ་ཡེ་ཤེས་ཀྱི། །སྐྱེ་བའི་ཞིང་ནི་བཅིང་བའི་གདན། །
ཕྲ་རགས་གཅོད་པ་ཀ་ར་ཎ། །དཔལ་གྱི་རྡོ་རྗེའི་མིག་ལས་འཁྲུངས། །ཞེས་གསུང་ངོ་། །གོ་ཆའི་བརྩོན་འགྲུས་ཅན་སུ་ཀ་མ་ལའི་ཞལ་སྔ་ནས། གཡས་སུ་མཉམ་པར་བཞག་ནས་ནི། །དེ་ཡི་ཐུགས་རྗེས་གཡོན་དུ་གཟུང་། །མདུན་དུ་རྣམ་པར་ལྟ་བ་ནི། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །ཞེས་
གསུང་ངོ་། །མི་རྟོག་པའི་མདངས་དང་ལྡན་པ་རཏྣ་ཨ་ལིང་གི་ཞལ་སྔ་ནས། ཐབས་ཀྱིས་མ་ཆུན་ཤེས་རབ་ཀྱིས། །ལམ་མི་འདོད་དེ་ཤེས་རབ་ཀྱིས། །མ་ཟིན་ཐབས་ཀྱང་དེ་བཞིན་ནོ། །གཉིས་འཛོམ་མཁའ་ལྡིང་གཤོག་པ་འདྲ། །ཞེས་གསུང་ངོ་། །སྦྱངས་པའི་ལས་ཅན་ཀ་དྷ་པའི་ཞལ་
སྔ་ནས། ཐབས་ཀྱི་གཞུ་ལ་ཤེས་རབ་མདའ། །མ་བྲལ་དད་པས་བསྐུལ་བ་ཡི། །བསོད་ནམས་ཡེ་ཤེས་ཚོགས་བསགས་པས། །དམ་པ་གཉིས་ནི་ཐོབ་པར་བྱེད། །ཅེས་གསུང་ངོ་། །འགྱུ་བ་སྟོད་ལ་གནོན་པ་ཀ་མ་ལའི་ཞལ་སྔ་ནས། རིག་པ་སོར་བཞག་རྒྱལ་ས་འཛིན། །དར་མེད་རླུང་
གིས་འཕྲོ་རྒོད་འདུལ། །ཤེས་པ་གཟེངས་སྨད་རྨ་བྱའི་མིག །དོན་གྱི་གནད་རིག་དེར་འཛིན་པས། །དམ་པ་གཉིས་ནི་ཐོབ་པར་བྱེད། །ཅེས་གསུང་ངོ་། །ང་རྒྱལ་ལམ་དུ་སློང་བ་མོ་ཀུ་མ་སི་ཏ་མོའི་ཞལ་སྔ་ནས། མདུན་དུ་ཟུག་པས་རྩ་བ་ཟིན། །བླུག་པའི་ལྟ་སྟངས་རྐྱེན་མི་གཡོ། །མཐོང་

མཐོང་རྨ་བྱས་གཞན་སྣང་འགགས། །ཤེས་པ་ཆིག་ཚུགས་མི་རྟོག་ལམ། །ཞེས་གསུང་ངོ་། །བསོད་ནམས་ཀྱི་ཚོགས་ལམ་དུ་ཁྱེར་བའི་ཌཱ་ཀི་ས་ལའི་ཞལ་སྔ་ནས། རྡུལ་མེད་ཞབས་ལ་བསྙེན་བཀུར་བའི། །རྣམ་པར་སྨིན་པ་སྐར་མདའ་བཞིན། །མ་རིག་མུན་སེལ་སྤྲིན་བྲལ་ལམ། །དེར་
ནི་དཔལ་གྱི་བེའུ་མཐོང་། །ཞེས་གསུང་ངོ་། །སྦྱོར་བའི་བརྩོན་འགྲུས་དང་ལྡན་པ་བྷ་རི་དྷ་རའི་ཞལ་སྔ་ནས། མཆོག་གི་ནོར་བུ་རིན་པོ་ཆེ། །ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །འཁོར་བའི་རྒྱུན་ཆགས་རབ་བཅོམ་ནས། །བླ་མེད་བྱང་ཆུབ་ཐོབ་པར་བྱེད། །ཅེས་གསུང་ངོ་། །འཁྲུལ་པ་རྐྱེན་
ཐོག་ཏུ་གྲོལ་བ་བྷ་དོ་དེ་བའི་ཞལ་སྔ་ནས། རྟོག་པ་ཐུགས་ཕྲད་ཡུལ་མི་དམིགས། །ཤེས་པ་སོ་མས་འཁྲུལ་པ་སེལ། །རིག་པ་ཡུལ་རྗེས་མི་འབྲང་བའི། །ཆིག་ཆོད་ཡེ་ཤེས་སྐྱེ་བའི་རྟེན། །ཞེས་གསུང་ངོ་། །མེ་ལོང་ལྟ་བུའི་ཡེ་ཤེས་ཁོང་དུ་ཆུད་པ་མོ་སོ་རི་སཾ་གྷ་པའི་ཞལ་སྔ་ནས། དྲན་
སྣང་ཆིག་ཆོད་སོ་མའི་རྩལ། །འཁྲུལ་པའི་སྣང་བ་ཐུགས་ཕྲད་སེལ། །དམིགས་མེད་རྟེན་བྲལ་འཛིན་པའི་རྟེན། །རིག་པ་སོར་བཞག་རྒྱལ་ས་འཛིན། །ཞེས་གསུང་ངོ་། །འདོད་པའི་བློ་ལོག་ཏནྡྷ་པའི་ཞལ་སྔ་ནས། སྒྲུབ་པ་འདོད་བློ་མི་ཞུགས་པའི། །དམིགས་མེད་འཁོར་གསུམ་དག་
པའི་ལམ། །འབྲས་བུ་རེ་ལྟོས་བདུད་ཀྱི་ཡུལ། །མཆོག་དོན་སྤུ་རིས་མེད་པས་འགྲུབ། །ཅེས་གསུང་ངོ་། །སྒྱུ་ལུས་ཀྱི་རྣལ་འབྱོར་མ་ཀུནྡྷ་ལིའི་ཞལ་སྔ་ནས། འཁྲུལ་འཁོར་ལས་དང་ཤིང་གི་མི། །བྱ་བ་རྣམས་ལ་འདོད་པ་མེད། །དེ་བཞིན་འདོད་པའི་བློ་བྲལ་བ། །འཛིན་མེད་སྐྱེས་
པ་འཕགས་པའི་ལམ། །ཞེས་གསུང་ངོ་། །ནམ་མཁའ་ལམ་དུ་འཁྱེར་བ་ཀུ་ཀུ་རི་པའི་ཞལ་སྔ་ནས། ནམ་མཁའི་བདུད་རྩི་བྱུང་བ་ཡིས། །གྲུབ་མཐའི་འདོད་པ་ཇི་སྙེད་ཚིམ། །མ་བཅོས་རྣལ་མའི་སྟེང་དུ་ནི། །རིག་པ་མདུང་ཚུགས་འཛིན་རྟོག་གྲོལ། །ཞེས་གསུང་ངོ་། །ཡོངས་སུ་
མཐར་ཕྱིན་པའི་བརྩོན་འགྲུས་ཅན་བཛྲ་བི་མ་ལའི་ཞལ་སྔ་ནས། ཤེས་པ་ཐ་མལ་ཡུལ་མི་དམིགས། །གཉུག་མའི་ངོ་བོ་འཛིན་རྟོག་མེད། །ཞེན་མེད་རང་གྲོལ་ངོ་བོ་གཤིས། །རྣལ་འབྱོར་མ་ཡི་གཟིགས་མོ་ས། །ཞེས་གསུང་ངོ་། །རྣལ་འབྱོར་པ་སུ་ཀ་དྷ་ནུའི་ཞལ་སྔ་ནས། འགྲོན་

བུའི་སྤྱན་གྱིས་དྲི་མེད་འཛིན། །སྣང་བ་གཅུད་ལ་བོར་བ་ཡིས། །རང་ཉིད་ཉམས་མྱོང་འགྱུར་མེད་གསལ། །ངོ་བོ་མཐོང་ཚེ་རང་སྣང་གྲོལ། །ཞེས་གསུང་ངོ་། །འོད་གསལ་རང་ངོ་ཕྲད་པ་དྷརྨ་བྷ་དྲའི་ཞལ་སྔ་ནས། སེམས་ཉིད་འོད་གསལ་དངོས་བོའི་དོན། །
རང་བཞིན་ངོ་བོས་སངས་རྒྱས་རྒྱུ། །དམིགས་མེད་གདོད་ནས་དག་པ་ཡི། །ཡེ་ཤེས་དེ་མཐོང་མ་རིག་སེལ། །ཞེས་གསུང་ངོ་། །དུ་མ་རོ་གཅིག་གི་རྣལ་འབྱོར་པ་བྷ་ཏ་ལིའི་ཞལ་སྔ་ནས། ངོ་བོ་སྤྲོས་བྲལ་ད