Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 53

Văn bản gốc(Tây Tạng)

Trang 5 / 18 (50.000 ký tự/trang)
་ཅན་དང་འགྲོགས་ན་ནོར་བུ་ལོན། །དྲང་སྲོང་ནགས་ལ་
ཆུད་པ་འདི་ནི་ངོ་མཚར་ཆེ། །ཀུ་ཤ་རླུང་གིས་བསྒུལ་བའི་རྩ་བ་ཨ་རེ་འཁྲུལ། །གདེང་མེད་གྱད་ཀྱི་སྤྱོད་པ་བྱེད་པ་སྙིང་རེ་རྗེ། །སྨན་དུག་འདྲེས་པ་འདི་ཡི་གཉིས་ཀའི་ནུས་པ་ཉམས། །གླང་པོའི་གཟུགས་བརྙན་འདི་ལ་ཁལ་གྱི་ནུས་པ་མེད། །རིན་ཆེན་སྣོད་དུ་བཞག་ནས་འཚོ་བ་གྲོང་དུ་
སློང་། །ནམ་མཁའ་གོས་སུ་གྱོན་ནས་འབྱུང་བ་གནས་སུ་ཐིམ། །ཁུར་བར་ཆུ་བླུགས་སྐྱེས་བུ་དེ་ཡིས་སྨྲ་མ་ཤེས། །རྒྱལ་པོའི་རྗེས་གནང་ཐོབ་པས་གཤེད་མ་ལ་མི་འཇིགས། །རལ་གྲིའི་འཁོར་ལོས་མཚོན་ཆ་གང་ཡིན་གཏུབ་པར་བྱེད། །འདབ་མ་གཉིས་དང་ལྡན་པའི་སེམས་ཅན་མཁའ་
ལ་འགྲོ། །ཨ་མ་མཐོང་བའི་བྱིས་པ་གཞན་གྱིས་འཁྲིད་དུ་མེད། །ས་བོན་རྒྱུ་འབྲས་གཉིས་ཀྱི་ནུས་པ་མཁའ་ལ་བསྐམས། །ཉི་མ་མཁའ་ལ་ཤར་བའི་རྒྱུ་སྐར་ཟིལ་གྱིས་གནོན། །སྙིང་ཕྱུང་དེ་ནས་ཡན་ལག་གཡོབ་པར་ག་ལ་ནུས། །མཐོ་ཡོར་མི་རུ་ཤེས་པས་དེ་ཚེ་འཇིགས་དང་བྲལ། །

སྦྲུལ་ནག་མཚོན་གྱིས་ཟིན་ན་དུག་གི་གནོད་པ་བྲལ། །རྩི་ཡི་རྒྱལ་པོས་འབྲུ་རྣམས་བཅུད་དུ་སྒྱུར་བར་བྱེད། །རྒྱལ་བུ་ཕ་དགོས་བཟང་པོ་འདི་ལ་རྩོལ་བ་མེད། །དབུལ་པོ་རིན་ཆེན་གླིང་དུ་སྣ་ཚོགས་ཐབས་ཀྱིས་ཞུགས། །འཐོར་རླུང་ཆེན་པོས་སྟོང་གསུམ་འཇིག་རྟེན་གཡེང་བར་བྱེད། །དུས་
མཐའི་མེ་ཡིས་སྲིད་གསུམ་སྲེག་པར་ཐེ་ཚོམ་མེད། །བསྐལ་པའི་ཆུ་ཡིས་སྣོད་བཅུད་མ་ལུས་གཞི་ནས་འཁྲུ། །ཞེས་གསུངས་སོ།། །།ལྟ་བའི་བརྡ་རྡོ་རྗེ་མཁའ་འགྲོ་མའི་མགུར། བམ་པོ་དང་པོ། སངས་རྒྱས་མཁའ་འགྲོས་ཏིང་འཛིན་ཉམས་ཀྱི་བརྡ་བསྟན་པ། དྲོད་
གཤེར་ལྡན་པ་དེ་ཚེ་ས་བོན་གདབ་པའི་དུས། །ས་བོན་སྐྱེད་མེད་བཏབ་པས་མྱུ་གུ་བསྐྱེད་དུ་སླ། །གྱེན་ཐུར་ལམ་ལ་ཆུ་བོ་འབབ་པར་འགྱུར། །ནགས་ཚལ་ཁྲོད་དུ་ཤིང་རྟ་འདྲེན་པའི་སྐྱེས་བུ་བླུན། །རིན་ཆེན་སྣ་བདུན་ལྡན་ན་འཁོར་ལོས་སྒྱུར་རྒྱལ་རྒྱུ། །སོ་མ་བཏང་བའི་རྫ་ནི་ཆུ་ལ་རེག་པས་
འཇིག །སེང་གེའི་འོ་མ་སྣོད་ངན་ནང་དུ་བླུགས་མི་བྱ། །དབུལ་པོའི་ལུས་འདི་དལ་བར་མི་བཞག་ཅིས་ཀྱང་བཀོལ། །སྣ་ཚོགས་རྒྱུ་ལས་སྒྲ་སྙན་འབྱུང་བ་ངོ་མཚར་ཆེ། །ཞུན་སྦྱོང་ལགས་པའི་རིན་ཆེན་འདི་ནི་བཀོལ་ན་བདེ། །སོ་མཚམས་སྲུང་བའི་སྐྱེས་བུ་འདི་ལ་དངུལ་ཆུ་བླུད། །ནད་
ཀྱིས་གདུངས་པར་གྱུར་ན་ཐུར་མ་གཏད་པར་བྱ། །ནོར་བུ་རིན་ཆེན་རྒྱལ་མཚན་རྩེ་ལ་ཕྱར་ནས་ཀྱང་། །མཆོད་པ་བྱས་ན་དགོས་འདོད་སྣ་ཚོགས་འབྱུང་བར་འགྱུར། །འ་མ་སྲིན་མོས་ཁྱེར་བ་འདི་ནི་དྲན་གྱིས་ལ། །སྐྱེས་བུ་སྟོབས་དང་ལྡན་པས་སེང་གེའི་གསོབ་གོན་ནས། །ཉི་ཟླའི་སྟེང་དུ་
དཔའ་བོའི་གདོང་ལ་བལྟ་བར་བྱ། །རྒྱལ་པོའི་རྐུན་མོ་གང་ཡིན་དེ་ནི་རྩད་བཅད་ནས། །གྱད་ཀྱི་ནོར་བུ་འདི་ནི་ཐབས་ཀྱིས་བཙལ་བར་བྱ། །གླང་ཆེན་སྨྱོན་པ་མི་རྩེ་ཡན་དུ་བཅུག་པས་སྲུན། །ཆུ་ཡི་རྙོག་མ་མ་བསྒུལ་བཞག་པས་རིམ་གྱིས་དངས། །བྱ་བ་ཟིན་པའི་སྐྱེས་བུ་འདི་ནི་བློ་སེམས་
བདེ། །ལན་ཚྭའི་རྡོག་པོ་འདི་ལ་ཆུའི་ཐིགས་པ་གཟན། །ཆབ་རོམ་ཉི་མས་གདུངས་པ་འདི་ནི་ཆུ་རུ་འགྲོ། །དུག་ལ་སྔགས་ཀྱིས་བཏབ་པ་འདི་ནི་སྨན་གྱི་མཆོག །ལྦུ་བ་ཆུ་ཡིན་འདི་ལ་ཐ་དད་ཡོད་མ་ཡིན། །སྤྲིན་རྣམས་གཏོར་བའི་རླུང་པོ་འདི་ལ་ནན་ཏན་བསྐྱེད། །གསལ་བྱ་གསལ་

བྱེད་མེད་པའི་སྒྲོན་མེ་བདེ་བ་ཆེ། །ཆུ་བོ་ཆ་དང་རྟག་ཏུ་འགྲོགས་པ་ཤིན་ཏུ་གཅེས། །འགྲོ་བ་བཟང་མོའི་མྱ་ངན་འདི་ནི་ཡིད་ལ་ཞོག །ནམ་མཁའ་ཡིད་ཅན་འདི་ནི་ཤར་གྱི་ཕྱོགས་སུ་འགྲོ།། །།ཞེས་བསྒོམ་པའི་བརྡ་མཁའ་འགྲོ་མའི་མགུར། བམ་པོ་གཉིས་
པ། ཏིལ་གྱི་སྒྲོན་མེ་བུམ་པའི་ནང་དུ་སྦར་བར་བྱ། །ཚེས་གཅིག་ཟླ་བ་འདི་ནི་སྐྱེད་དུ་རིམ་གྱིས་འཕེལ། །འགྲོ་བ་བཟང་མོ་རང་གི་ཕྲུ་གུ་གསོ་བ་མཁས། །འདབ་ཆགས་སྒོ་ངའི་ཆེད་དུ་གབ་པ་འདི་ལ་ལྟོས། །ཆུ་ལུད་འཛོམ་པའི་འབྲས་བུ་མྱུར་དུ་སྨིན། །འཚོ་བྱེད་མཁས་པ་སྨན་གྱི་ནུས་པ་
སྣ་ཚོགས་བརྟེན། །ནགས་ཀྱི་མེ་ལ་རྐྱེན་རྣམས་སྣ་ཚོགས་གྲོགས་སུ་འོང་། །གཞོན་ནུ་མ་ཡི་བདེ་བ་ཁྱོད་ཀྱིས་སྨྲ་ནུས་སམ། །ནམ་མཁའི་རི་མོ་འདི་ལ་གཅེས་པར་མ་འཛིན་ཅིག །སྐྱི་སེར་འདི་ཡིས་ཆུ་ཡི་ལྦུ་བ་དབྱིངས་སུ་བདས། །ནམ་མཁའི་སྒྲོན་མེ་དུས་རྣམས་ཀུན་དུ་སྦར་བར་བྱ། །དངུལ་
གྱི་མེ་ལོང་འདི་ནི་ཡེངས་པ་མེད་པར་ཕྱི། །རི་རབ་མཐོན་པོའི་རྩེ་ལ་བྱིན་པ་འདི་ཅི་སེམས། །བུང་རྩིས་མྱོས་པ་འདི་ཡིས་ཅི་སྨྲས་སྨྱོན་པའི་ཚིག །ནད་རྣམས་འབྱིན་པའི་སྨན་མཆོག་སྐྲན་དུ་གྱུར་པ་ཡོད། །པདྨའི་རྩི་བཅུད་འཐུངས་པའི་བུང་བ་ཕྱིར་མི་ལྟ། །ཤེལ་གྱི་མཆོད་རྟེན་མ་མཐོང་བར་
དུ་ལྟ་བ་གཅེས། །སྒྲོན་མེ་ལག་ན་ཐོགས་པའི་སྐྱེས་བུ་སྣང་ལམ་བདེ། །ཁོང་དུ་སེང་གེའི་སྙིང་གིས་རྟག་ཏུ་བརྒྱལ་བར་འགྱུར། །གསེར་འགྱུར་རྩི་ཡིས་དངོས་པོ་བཟང་ངན་མེད་པར་འཇོམས། །ཆུ་བོ་ཆེན་པོ་ཞོན་ནས་ནམ་མཁའི་བྱ་ལམ་སྙག །ཆུ་བོའི་རྒྱུན་ཆད་དེ་དུས་རང་ཐག་འཁོར་མི་ནུས། །འཁོར་
ལོའི་སྲུབ་ཐག་ཆད་པའི་རྫ་མཁན་བློ་སེམས་བདེ། །སྤྲིན་གྱིས་ནམ་མཁའི་ངང་ལས་བྱུང་ཞིང་དེ་རུ་དེངས། །བལྟས་ཀྱི་བལྟས་ཀྱི་ནམ་མཁའ་འདི་ནི་མཐོང་བ་འགགས།། །།ཉམས་ཀྱི་བརྡ་མཁའ་འགྲོ་མའི་མགུར། བམ་པོ་གསུམ་པ། །སྐྱེས་བུ་ནད་ཀྱིས་ཟིན་པའི་བློ་སེམས་དྲན་
གྱིས་ལ། །དུར་ཁྲོད་ཝ་མོ་འདི་ཡི་སྤྱོད་འགྲོས་བལྟ་བར་བྱ། །ནགས་ཚལ་ཁྲོད་ན་རི་དགས་དམན་མ་གནས་པ་ལྟོས། །རྒྱལ་པོའི་བཙུན་མོ་འདི་ནི་སུ་ལའང་འཇིགས་པ་མེད། །རྡོ་ཡི་མི་ལ་འགྲན་པར་ནུས་པ་ངོ་མཚར་ཆེ། །ནགས་ན་གནས་པའི་སྤྲེའུ་འདི་ཡི་སྤྱོད་པའམ། །ཡང་ན་རྒྱལ་བུ་

གཞོན་ནུ་འདི་ལ་བལྟ་བར་བྱ། །མཁའ་ལ་རྒྱུ་བའི་བྱ་བྲན་འདི་འདྲ་ཅི་ཡི་ཕྱིར། །འབྲུ་ཡི་མཛོད་དུ་བཀྲེས་པས་ཉེན་པ་སྙིང་རེ་རྗེ། །ཕྱེ་མ་ལེབ་ཀྱི་སྤྱོད་པ་འདི་འདྲ་སུ་ཡིས་ཕོད། །དོང་གི་བཙོན་འདི་ཐར་རམ་ཡིད་ལ་བྱ་བར་རིགས། །སྡུག་བསྔལ་རྒྱན་དུ་མཐོང་བའི་གླང་པོ་སྒྲོག་ལ་དགའ། །མཚོ་
ཡི་ནང་ནས་སྨིག་རྒྱུ་སྙག་པའི་རི་དགས་སྙིང་རེ་རྗེ། །རིན་ཆེན་གླིང་ནས་སྟོང་ལོག་བྱེད་པའི་དེད་དཔོན་བླུན། །ནམ་མཁའི་རླུང་དང་འགྲོགས་པ་ཕྱོགས་བཞིར་ཀུན་དུ་རྒྱུག །གླང་ཆེན་ཤུགས་ཀྱིས་བག་མ་ཚོངས་ལ་ཁྱི་ཤ་ཟོ། །སྨྱོན་པའི་རྗེས་སུ་འབྲངས་ནས་ནམ་མཁའ་སྨན་མཆོག་སྟེར། །
ནགས་ལ་གནས་པའི་རི་དགས་འདི་ནི་ཡན་པར་བྱེ། །འདབ་ཆགས་མཁའ་ལ་རྒྱུ་བ་འདི་ཡི་རྐང་རྗེས་ལྟོས། །རལ་གྲི་ལག་ན་ཐོགས་པའི་མི་དེ་གང་ཕྲད་གསོད། །གྱད་ཀྱི་སྤྱོད་པ་འདི་ལ་སེམས་ཅན་ཕྲ་མོ་སྐྲག །ཁྱི་ཕག་གཉིས་ཀྱིས་བྲམ་ཟེའི་གསང་ཚིག་རླུང་ལ་བསྐུར། །མི་མགོ་སྐམ་
པོ་ལ་ནི་ཤིང་གི་སྐྱེས་བུ་དགའ། །གྱི་ལིང་སྒྲོག་དང་བྲལ་ན་ཀུན་དུ་རྒྱུག་པར་རིགས། །ཁ་བའི་ནུས་པ་མཚོ་ལ་གནས་པར་མི་འགྱུར་རོ། །ཤིང་ལོ་རླུང་གིས་ཁྱེར་བ་འདི་ཡི་རྩད་མི་ཆོད། །ཉི་ཟླ་ལྟ་བུར་གྱུར་ན་སྐར་མའི་ཚོགས་དང་འགྲོགས། །གྲུ་པ་འདི་ཡིས་སྐྱ་བ་ཉ་ར་བྱ་བར་རིགས། །
དུག་འདི་རྨ་བྱའི་ཟས་ཡིན་གཞན་རྣམས་ཕུང་བར་བྱེད། །འདབ་གཤོག་མེད་པར་མཁའ་ལ་འགྲོ་བ་དོར་བར་བྱ།། །།སྤྱོད་པའི་བརྡ་མཁའ་འགྲོ་མའི་མགུར། བམ་པོ་བཞི་པ། ཤེལ་སྒོང་ཡོངས་སུ་དག་ན་འོད་ཟེར་ནང་ནས་འཆར། །ནམ་མཁའི་གཏེར་ལ་སྤྱོད་པའི་སྐྱེས་
བུ་དབུལ་དང་བྲལ། །སྙིང་གི་དབུས་སུ་པདྨའི་གེ་སར་སྨིན་པར་སླ། །དྲོད་ཚད་ལྡན་པའི་འོ་མ་རྩོལ་བས་མར་དུ་འགྱུར། །སྟོང་པའི་སྣོད་འདི་ནམ་ཆག་ཚེ་ན་ནམ་མཁའ་འདྲེས། །འཇའ་ཚོན་དུས་ཀྱི་མཁའ་ལ་ཡལ་བ་རྙེད་མི་འགྱུར། །ནམ་མཁའི་ཆོ་འཕྲུལ་སྣ་ཚོགས་འདི་འདྲ་ངོ་མཚར་ཆེ། །
འཁོར་ལོས་སྒྱུར་རྒྱལ་སྣ་ཚོགས་གནས་ནས་བསྡུ་བ་མཛད། །རྒུན་འབྲུམ་འབྲས་བུ་བསྒུལ་བས་མི་སྨིན་བཞག་ན་སྨིན། །ནོར་བུ་ཡོན་ཏན་སུས་བྱིན་འདི་ཡི་བསམ་པ་ཅི། །ཉི་ཟླ་མཁའ་ལ་འཆར་བ་འདི་ལ་རྣམ་རྟོག་མེད། །སྟོང་པའི་ཆོ་འཕྲུལ་འདི་ཡིས་ལོ་ཏོག་འབྲས་བུ་སྨིན། །ནམ་མཁའི་

དབྱིངས་འདི་སྣ་ཚོགས་སྟོན་པ་གང་གི་རྐྱེན། །ཆུ་སྣོད་དུ་མའི་ཟླ་བའི་གཟུགས་བརྙན་ཤེས་པར་གྱིས།། །།འབྲས་བུའི་བརྡ་མཁའ་འགྲོ་མའི་མགུར། བམ་པོ་ལྔ་པ། མཁའ་འགྲོ་མའི་བརྡ་བམ་པོ་ལྔ་པ་ཞེས་བྱ་བ་གསང་མཛོད་ན་ཤོག་དྲིལ་དུ་གནས་
པ་ལས། དབྱིངས་ཀྱི་གཙོ་མོ་རྣམས་ཀྱིས་བཀའ་བགྲོས་ནས་རྗེ་དམ་པ་རྒྱ་གར་ལ་གནང་། སླད་ཀྱི་དིང་རི་ཟླ་འཁོར་དུ་ཞ་མ་ལོ་ཙཱ་བས་བསྒྱུར་ནས་བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་གཏད། འདི་ཁྱད་པར་གྱི་མགུར་ཆེན་པོ་བརྒྱད་ལས་བརྡ་སྐོར་རྣམ་པ་བཞི་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཙིཏྟ་གུ་ཧྱ་དོ་ཧ་ནཱ་མ། བོད་སྐད་དུ། ཐུགས་ཀྱི་གསང་བ་གླུར་བླངས་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བྲམ་ཟེ་ཆེན་པོ་ས་ར་ཧས་ཐུགས་ཀྱི་རྟོགས་པ་མགུར་དུ་བཞེངས་པ། ཀྱེ་ཧོ་འཁོར་འདས་ཀུན་གྱི་རྩ་བ་སེམས་ཀྱི་རང་
བཞིན་ཏེ། །རྟོགས་ན་སྒོམ་དུ་མེད་ཀྱི་མ་བཅོས་ལྷུག་པར་ཞོག །རང་ལ་བཞག་ནས་གཞན་ལས་འཚོལ་བ་ཨ་རེ་འཁྲུལ། །འདི་ཡིན་འདི་མིན་མེད་དོ་ཐམས་ཅད་གཉུག་མའི་ངང་། །ཞེས་གསུངས་སོ། །ཀླུ་སྒྲུབ་ཀྱིས་གསུངས་པ། རྟོགས་ན་གང་གིས་འཆིང་བར་ནུས་པ་ཁྱོད་ཀྱིས་སྨྲོས། །འཆིང་
བ་གང་ཡིན་དེ་ནི་ཡེ་ནས་གྲོལ་བ་ཉིད། །གང་ལ་བཅིངས་དང་འཆིང་བར་བྱ་བ་མ་གྲུབ་ན། །ནགས་ལ་གནས་པའི་གླང་པོ་གང་བདེར་གྱུག་ཏུ་ཆུག །གསུང་པ། པྲཛྙཱ་ཕ་ལས་སྨྲས་པ། རྟོགས་དང་མ་རྟོགས་གཉིས་ཀྱི་བར་ན་སུ་འདུས་པ། །དེ་ནི་ང་ཡིན་གཞན་དུ་ཅི་ཡང་ཡོད་མ་ཡིན། །
དེ་ལ་གང་མཐོང་དེ་ནི་བདེ་ཆེན་རང་བྱུང་སྟེ། །ཐམས་ཅད་ཐམས་ཅད་དེ་ཉིད་ཡིན་པར་ཤེས་པར་བྱ། །གསུང་ངོ་།། །།ཞི་བ་འཚོས་གསུངས་པ། མཉམ་ཉིད་དབྱིངས་ལས་མི་གཡོ་ཆོ་འཕྲུལ་སྣ་ཚོགས་སྟོན། །ཆུ་བྲན་སྣ་ཚོགས་རྒྱ་མཚོར་གཅིག་གོ་ལན་ཚཱའི་རོ། །དུ་མ་རོ་གཅིག་འདི་ལ་ཐ་དད་
ཡོད་མ་ཡིན། །ཐམས་ཅད་ཐམས་ཅད་གཉུག་མའི་རོ་ཡིས་ཁྱབ་ན་བདེ། །གསུང་ངོ་།། །།བློ་གྲོས་བརྟན་པས་གསུངས་པ། གཟའ་རྒྱལ་མཁའ་ལ་ཤར་བས་རྒྱུ་སྐར་ཟིལ་ནོན་ལྟར། །གཉིས་མེད་ཡེ་ཤེས་ཆེན་པོས་རྟོག་ཚོགས་ཉམས་པར་བྱས། །འདིས་ནི་འཁོར་བའི་ས་བོན་མ་ལུས་

བཅོམ་ཟིན་གྱིས། །ད་ནི་མྱ་ངན་འདས་པ་གཞན་དུ་མ་ཚོལ་ཅིག །གསུང་ངོ་།། །།ངག་གི་དབང་ཕྱུག་གིས་གསུངས་པ། སྣང་སྲིད་ཆོས་དབྱིངས་ཕོ་བྲང་ན། །རིག་པའི་ཡེ་ཤེས་ལྷམ་མེ་བ། །བདེ་གསལ་སྟོང་པའི་གདན་ལ་བཞུགས། །འདོད་ཡོན་སྣ་ཚོགས་མཆོད་པར་འབུལ། །
དགག་སྒྲུབ་མེད་པར་རོལ་དུ་གསོལ། །གསུང་ངོ་།། །།རྡོ་རྗེ་དྲིལ་བུ་པས་གསུངས་པ། སེམས་ཀྱི་དེ་ཉིད་མཐོང་འདོད་ཅིང་། །བདག་གཞན་འདོད་པ་བསྒྲུབ་འདོད་པས། །སྤྱི་བོའི་ནོར་བུ་མཆོད་པར་བྱ། །དངོས་གྲུབ་ཐམས་ཅད་དེ་ལས་འབྱུང་། །གསུང་ངོ་།། །།ཤང་ཀ་རས་གསུངས་
པ། དྲི་མེད་ཤེལ་སྒོང་དག་པ་གཅིག །ཚོན་གྱི་རྐྱེན་གྱིས་སྣ་ཚོགས་འཆར། །བར་སྣང་ཁམས་སུ་འཇོག་ཤེས་ན། །གཏན་གྱི་བདེ་བ་དེ་ལས་འབྱུང་། །གསུང་ངོ་།། །།ཤཱནྟི་པས་གསུངས་པ། གནས་ན་ཞོག་ལ་འགྲོ་ན་ཐོང་། །གཉེར་ཀ་མ་བྱེད་ཡན་དུ་ཆུག །ཆེད་དུ་
གང་འཛིན་འཁྲུལ་པ་ཡིན། །གཟིངས་ལ་འཕུར་བའི་བྱ་རོག་ལྟོས། །གསུང་ངོ་།། །།བིཪྺ་པས་གསུངས་པ། གང་གང་མཐོང་བ་དེ་དེ་ཉིད། །དྲན་པའི་རྩི་དང་མ་བྲལ་བར། །ཅི་རིགས་པར་ནི་ཉམས་སུ་ལོང་། །གསེར་འགྱུར་རྩི་ཡི་མཁན་པོ་ལྟོས། །གསུང་ངོ་།། །།
ཡེ་ཤེས་ཞབས་ཀྱིས་གསུངས་པ། །སྙིང་ཕྱུང་སྐྱེས་བུས་ཡན་ལག་གཡོབ་པར་མི་ནུས་བཞིན། །སེམས་ཉིད་རྩ་བ་བྲལ་ན་རྟོག་པས་བཅིང་དུ་མེད། དུག་གི་སྔགས་ཅན་དུགཉིད་སྨན་དུ་འགྱུར་བ་བཞིན། །ཐབས་དང་ལྡན་པས་ཉོན་མོངས་ཉིད་ནི་བྱང་ཆུབ་རྒྱུ། །གསུང་ངོ་།། །།ཤཱནྟ་དེ་
བས་གསུངས་པ། འཁོར་འདས་གཉིས་ཀྱི་རྩ་བ་ལ། །བྱང་སེམས་རྣམ་གཉིས་སྡོང་པོ་རྒྱས། །འདི་ཕྱི་གཉིས་ཀྱི་མེ་ཏོག་ཤར། །བདག་གཞན་གཉིས་ཀྱི་འབྲས་བུ་སྨིན། །གསུང་ངོ་།། །།ཡེ་ཤེས་སྙིང་པོས་གསུངས་པ། ཆུ་ཤིང་སྙིང་པོ་བྲལ་བ་བཞིན། །སེམས་ཀྱི་དེ་ཉིད་བཙལ་
གྱི་སྟོར། །སྒྱུ་མཁན་རི་མོ་ཇི་བཞིན་དུ། །སྣ་ཚོགས་སྣང་ལ་ངོས་གཟུང་མེད། །གསུང་ངོ་།། །།ནི་རུ་པས་གསུངས་པ། མར་མེ་རང་གསལ་གཅིག་པུར་ཞོག །ཆུ་དང་རླབས་ནི་ཐ་དད་མིན། །བྱ་ཡི་རྗེས་ལ་བཙལ་མི་དགོས། །གཉིད་སད་སྐྱེས་བུ་བློ་སེམས་བདེ། །གསུང་ངོ་།། །།

ཏོག་ཙེ་པས་གསུངས་པ། གང་ལ་ངེས་ཤེས་སྐྱེས་པས་རྩ་བ་ཟིན། །དེ་བས་ལྷག་པའི་ངོ་སྤྲོད་གཞན་ཡོད་མིན། །སྣང་དང་སྲིད་པའི་ཆོས་རྣམས་ཐམས་ཅད་ལ། །བླ་མར་མ་གྱུར་པ་ནི་ཡོད་མ་ཡིན། །གསུང་ངོ་།། །།ནག་པོ་ཞབས་ཀྱིས་གསུངས་པ། མེ་ཏོག་སྣ་ཚོགས་
དུ་མའི་རོ། །བུང་བས་གཅིག་ཏུ་སྡུད་པ་ལྟར། །ཆོས་རྣམས་སྣ་ཚོགས་དུ་མའི་རོ། །རྟོགས་དང་ལྡན་པས་གཅིག་ཏུ་བསྡུས། །རོ་ནི་སྐྱེ་བ་མེད་པའི་རོ། །མྱོང་ནི་ངོས་གཟུང་མེད་པར་མྱོང་། །གསུང་ངོ་།། །།ནཱ་ག་བྷུ་སུ་ཀས་གསུངས་པ། མྱོང་བ་མེད་པའི་ཉམས་མྱོང་ལ། །བློ་དང་བྲལ་
བས་ཉམས་སུ་བླངས། །རྟོགས་སུ་མེད་པར་གཏན་ལ་ཕབ། །ཐོབ་ཏུ་མེད་པར་མངོན་དུ་འགྱུར། །གསུང་ངོ་།། །།ལཱུ་ཡི་པས་གསུངས་པ། གཉུག་མའི་ཤེས་པ་འགྱུར་མེད་མངོན་དུ་གྱུར་ནས་ཀྱང་། །རྩོལ་བས་སངས་རྒྱས་ལོགས་སུ་ཚོལ་བ་ངལ་བ་སྟེ། །གླང་པོ་རྙེད་ནས་གླང་པོའི་
རྗེས་ཚོལ་ཇི་བཞིན་ནོ། །ང་ནི་སངས་རྒྱས་མེད་པར་ཤེས་པས་འདོད་བློ་བྲལ། །གསུང་ངོ་།། །།ཀྲྀཥྞ་པས་གསུངས་པ། ངོས་གཟུང་མེད་པར་ངོ་སྤྲད་པས། །སྟོང་ཉིད་ངང་དུ་ཉམས་སུ་མྱོང་། །དྲན་པའི་མེལ་ཚེ་སྲུང་མཁས་པས། །འཁྲུལ་པའི་རྐུན་མོས་གླགས་མ་རྙེད། །རྒྱུན་ཆད་མེད་
པར་ཉམས་བླངས་པས། །འདུ་འབྲལ་མེད་པར་མངོན་དུ་གྱུར། །གསུང་ངོ་།། །།ཨིནྡྲ་བྷུ་ཏིས་གསུངས་པ། སྐྱེས་བུ་གཉིད་ལོག་འཁྲུལ་པས་ནོན་གྱུར་ཀྱང་། །གཉིད་སད་དུས་ན་འཁྲུལ་པ་ཡུལ་ན་མེད། །དེ་བཞིན་མ་རྟོགས་འཁོར་བར་སྡུག་བསྔལ་ཀྱང་། །རྟོགས་དང་ལྡན་ལ་འཁོར་
བའི་ཡུལ་ན་མེད། །གསུང་ངོ་།། །།རཏྣ་ཀཱིརྟིས་གསུངས་པ། ཉི་མའི་འོད་ཟེར་ཀུན་ནས་རྒྱས་པའི་དྲ་བ་ཅན། །མུན་པའི་ཚོགས་རྣམས་འཇོམས་མཛད་ངོ་མཚར་ཆེ། །རྟོགས་ལྡན་བླ་མ་ཐུགས་རྗེའི་འོད་ཟེར་དྲ་བ་ཅན། །གདུལ་བྱའི་བློ་ཡི་མུན་སེལ་འདི་ནི་ངོ་མཚར་ཆེ། །གསུང་ངོ་།། །།
ཀཽ་ཀ་ཏས་གསུངས་པ། དབང་བཞིས་སྨིན་པའི་བུ་ལ་ཉམས་ཀྱི་གདམས་པ་ཡོད། །ཐོས་པས་སྒྲོ་འདོགས་ཆོད་ལ་ཚིག་གི་གདམས་པ་ཡོད། །བླ་མས་ཐུགས་ལ་བཏགས་ལ་གནད་ཀྱི་གདམས་པ་ཡོད། །འཁྲུལ་པ་གོང་དུ་བཤིག་ལ་མཚང་གི་གདམས་པ་ཡོད། །གསུང་ངོ་།། །།

ས་ཧ་ཛས་གསུངས་པ། བུ་ཉོན་ཁྱོད་ཀྱིས་ནམ་མཁའི་དཀྱིལ་དུ་ལྟོས། །ལྷོ་སྤྲིན་མི་གདའ་འདི་ནི་ནམ་མཁའི་ཆོ་འཕྲུལ་ཡིན། །འཇའ་ཚོན་འདི་ལ་བདེན་པར་མ་འཛིན་པར། །ཆུ་བོ་ཆེན་པོའི་རྒྱུན་ལ་ཞོན་ལ་ཤར་དུ་རྒྱུག །གསུང་ངོ་།། །།གླང་ཆེན་གོས་ཀྱིས་གསུངས་པ། རྩི་ཡི་
རྒྱལ་པོས་འབྲུ་རྣམས་བཅུད་དུ་འགྱུར་བ་བཞིན། །ཉམས་མྱོང་རྩི་ཡིས་སྣང་སྲིད་བདེ་བ་ཆེན་པོར་འབར། །གང་གང་མཐོང་བ་དེ་དེ་སྐྱེ་མེད་སྤྲོས་དང་བྲལ། །འདི་ལ་ངོས་འཛིན་མེད་པས་སྟོང་པ་བཙལ་མི་དགོས། །གསུང་ངོ་།། །།བྷ་སུ་དྷ་རིས་གསུངས་པ། འགྲོ་བ་ཐམས་ཅད་
བདེ་བར་གཤེགས། །སྣང་བ་ཐམས་ཅད་ཆོས་ཀྱི་སྐུ། །འདོད་ཡོན་ཐམས་ཅད་སེམས་ཀྱི་རྒྱན། །རྟོག་ཚོགས་ཐམས་ཅད་ཡེ་ཤེས་ཆེ། །གསུང་ངོ་།། །།ཧེ་རུ་ཀ་པས་གསུངས་པ། ལུས་ལ་ཡེ་ཤེས་ཆེན་པོ་གནས། །བླ་མའི་ཁ་ལས་གསལ་བར་རྟོགས། །གཞན་གྱིས་བརྗོད་
མིན་གཉུག་མའི་དོན། །འདི་ནི་མ་བཅོས་རང་བྱུང་བའོ། །གསུང་ངོ་།། །།ཀ་ན་ཀོ་ཏིས་གསུངས་པ། སྲིད་པའི་མེ་ཡིས་དངོས་པོ་ཐམས་ཅད་བསྲེགས་པ་ལྟར། །རྟོགས་པའི་མེ་ཡིས་བདག་ཏུ་འཛིན་པ་བསྲེགས་ནས་ཀྱང་། །འཁོར་བའི་བུད་ཤིང་མ་ལུས་གཏན་ནས་འཇོམས་པར་བྱེད། །
དེ་ནས་འགྲོ་བའི་དོན་དུ་ཅི་བདེར་གཤེགས་པ་ཡིན། །གསུང་ངོ་།། །།ཉི་མའི་རྩལ་གྱིས་གསུངས་པ། སྣ་ཚོགས་སེམས་ཀྱི་ཆོ་འཕྲུལ་ཏེ། །སེམས་ནི་འདི་ཞེས་མཚོན་དུ་མེད། །དེ་ཕྱིར་འཁོར་འདས་རྩ་བ་བྲལ། །དེ་ཉིད་ཆོས་སྐུར་ཤེས་པར་གྱིས། །གསུང་ངོ་།། །།རིན་ཆེན་རྡོ་རྗེས་
གསུངས་པ། ངེས་ཤེས་ལས་ནི་དོན་མཐོང་འགྱུར། །མོས་གུས་ལས་ནི་བྱིན་རླབས་འབྱུང་། །བརྩོན་འགྲུས་ཀྱིས་ནི་དགོས་པ་གྲུབ། །གསུང་ངོ་།། །།ཏྲེའུ་ཏྲ་པས་གསུངས་པ། རིག་པ་ཁོང་ནས་མ་སད་ན། །འདི་ཞེས་བསྟན་པས་རྟོགས་མི་འགྱུར། །མིག་ནད་ཅན་གྱི་སྣང་བ་བཞིན། །
ཐོག་མར་རང་རྒྱུད་བསལ་བར་བྱ། །གསུང་ངོ་།། །།ཡན་ལག་མེད་པའི་རྡོ་རྗེས་གསུངས་པ། མཐོང་བ་མངོན་དུ་མ་གྱུར་ན། །མིག་གི་དབང་པོས་ཡུལ་མཐོང་བཞིན། །འདོད་པའི་འབྲས་བུ་མི་འབྱུང་བས། །གོམས་པར་བྱ་བ་ཤིན་ཏུ་གཅེས། །གསུང་ངོ་།། །།ཛ་བ་རི་པས་གསུངས་

པ། སྐུ་གསུམ་ཕྱི་རོལ་ཡུལ་ན་མེད། །རིག་པའི་ཡེ་ཤེས་དངས་པ་ལས། །གཟུགས་བརྙན་ཙམ་དུ་ནང་ནས་འཆར། །རྣམ་པར་རྟོག་པས་རྙོག་མི་བྱ། །གསུང་ངོ་།། །།གུ་དྷ་རི་པས་གསུངས་པ། སྣང་སྲིད་ཡེ་གྲོལ་ཆོས་ཀྱི་དབྱིངས། །ཕྱག་རྒྱ་ཆེན་པོ་
སྤང་ཐོབ་མེད། །ནམ་མཁའི་བྱ་ཡིས་གར་མ་ཕྱིན། །བྱིས་པའི་རྩོལ་བ་ཤ་ཐང་ཆད། །གསུང་ངོ་།། །།ལྭ་བའི་ན་བཟའ་ཅན་གྱིས་གསུངས་པ། གང་དུའང་མ་མཐོང་ལོང་བའི་མིག །ཅི་ཡང་མི་སེམས་གཏི་མུག་དང་། །གང་དུ་མ་ཕྱིན་འཕྱེ་བོའི་འགྲོས། །ཅི་ཡང་མ་ཐོབ་དབུལ་མོའི་
གཏེར། །གསུང་ངོ་།། །།ཌོམྦི་ཧེ་རུ་ཀས་གསུངས་པ། སྲིད་ཞི་མཉམ་ཉིད་སྤྲོས་བྲལ་ལ། །རྩོལ་སྒྲུབ་བྱེད་པ་ཤ་ཐང་ཆད། །ཡུལ་སེམས་གཉིས་མེད་ཟང་ཐལ་ལ། །ཐ་དད་འཛིན་པ་ཉོན་རེ་མོངས། །བདག་གཞན་གཉིས་མེད་ཆོས་སྐུ་ལ། །བཟང་ངན་འཛིན་པ་སྙིང་རེ་རྗེ། །
གསུང་ངོ་།། །།ཉི་མ་སྦས་པས་གསུངས་པ། ཡུལ་ལ་ལྟོས་པས་སྐྱེ་བ་མེད། །སེམས་ལ་ལྟོས་པས་སྤྲོས་དང་བྲལ། །གཉིས་མེད་དོན་འདི་བློ་ལས་འདས། །ངས་ནི་ཅི་ཡང་མ་ཤེས་སོ། །གསུང་ངོ་།། །།གུ་ཎ་ཏིས་གསུངས་པ། མ་སྐྱེས་མི་གཡོ་ནམ་མཁའི་ངང་། །
གཟུགས་བརྙན་སྣ་ཚོགས་ཆོ་འཕྲུལ་ཏེ། །སྙེམས་མེད་རིག་པ་རང་སར་ཞོག །ཆོས་ཀྱིས་བཅིངས་པ་སྙིང་རེ་རྗེ། །གསུང་ངོ་།། །།པདྨའི་རྡོ་རྗེས་གསུངས་པ། བྱ་བ་ཐམས་ཅད་ཡོངས་བཏང་སྟེ། །སེམས་ཀྱི་གླང་པོ་རང་སར་ཞོག །གཉིས་མེད་ཡེ་ཤེས་བཙལ་དུ་མེད། །ཐམས་ཅད་
ཐམས་ཅད་དེ་དེ་ཉིད། །གསུང་ངོ་།། །།ཏི་ལོ་པས་གསུངས་པ། ཀུན་གཞི་ཟང་ཐལ་ཞབས་ཕྱུང་ལ། །བདག་ཏུ་འཛིན་པ་དབྱིངས་སུ་བསྐྱུར། །ཡིད་ཀྱི་རྣམ་ཤེས་སྟོད་ལ་ནོན། །སྒོ་ལྔ་རང་གྲོལ་ལྷག་པར་ཞོག །གསུང་ངོ་།། །།ཤེས་རབ་འབྱུང་གནས་ཀྱིས་གསུངས་པ། སྤྲོས་དང་
བྲལ་ལ་རྟོག་པས་འཆིང་མི་ནུས། །སྒྱུ་མར་མཐོང་ལ་ཡུལ་གྱིས་འཆིང་མི་ནུས། །ཞེ་འདོད་བྲལ་ལ་སྤྱོད་པས་འཆིང་མི་ནུས། །སངས་རྒྱས་འདོད་ལ་འཁོར་བས་འཆིང་མི་ནུས། །གསུང་ངོ་།། །།ཛྙཱ་ན་ཤཱིས་གསུངས་པ། རྩ་བ་བྲལ་བའི་སྡོང་པོ་བཞིན། །ང་ཡི་སེམས་ཉིད་ནམ་མཁར་

སྟོར། །འཁྲུལ་སྣང་ཇི་ལྟར་དགྱེས་དགྱེས་མཛོད། །ད་ནི་ནམ་མཁའི་རྣལ་འབྱོར་ཡིན། །གསུང་ངོ་།། །།པ་ར་ཧེ་ཏས་གསུངས་པ། ཀང་ཀ་མཁའ་ལ་ལྡིང་བ་བཞིན། །འཁོར་འདས་རོ་མཉམ་དབྱིངས་སུ་གྲོལ། །རེ་དང་དོགས་པ་ཀུན་བྲལ་ཏེ། །བདེ་བ་ཆེན་པོ་ནམ་མཁའི་ངང་། །
གསུང་ངོ་།། །།ཀཱ་མ་ཤྲཱིས་གསུངས་པ། ལུས་མེད་ལུས་ཀྱི་ནང་ན་གནས། །རྟེན་མེད་མཁའ་ལ་བྱ་བཞིན་རྒྱུ། །དམིགས་མེད་སྨྲ་བསམ་ཡུལ་ལས་འདས། །འགྱུ་མེད་རང་བྱུང་ཡེ་ཤེས་ཆ། །གསུང་ངོ་།། །།མི་ཐུབ་ཟླ་བས་གསུངས་པ། སྒྲོན་མེ་ཟླ་བ་ཚོལ་བ་བཞིན། །རྟོག་པ་
དེ་ཉིད་མི་རྟོག་པ། །ནམ་མཁས་ནམ་མཁའ་ཚོལ་བ་བཞིན། །མི་རྟོག་པ་ཉིད་བློ་ལས་འདས། །གསུང་ངོ་།། །།ཛཱ་ལནྡྷ་རས་གསུངས་པ། ཡེ་ཤེས་མེད་ན་མཐོང་བ་ཆེ། །རྟོག་པ་མེད་ན་གསལ་བ་ཆེ། །ཞེན་པ་མེད་ན་བདེ་བ་ཆེ། །གང་དུའང་མི་གནས་གནས་པ་ཆེ། །གསུང་ངོ་།། །།
མེ་ཏྲི་ཀ་མ་ལས་གསུངས་པ། སེམས་ཉིད་གཞི་སྟོང་རྩ་བ་བྲལ། །ལས་ཀྱིས་འཆིང་བར་མི་ནུས་ཏེ། །དངོས་པོར་ཞེན་པས་དེ་ལྟར་མིན། །དེ་ལྟར་རྟག་ཏུ་རང་སེམས་ལྟོས། །གསུང་ངོ་།། །།པདྨ་བཛྲས་གསུངས་པ། ནམ་མཁའི་དབྱིངས་ཀྱི་བྷ་ག་རུ། །རིག་པའི་རྡོ་རྗེ་གསོར་ནས་
ཀྱང་། །གཉིས་མེད་ངང་དུ་སྦྱར་བྱས་ནས། །བདེ་ཆེན་ལྷན་ཅིག་སྐྱེས་པ་འཆང་། །གསུང་ངོ་།། །།ཀླུའི་བྱང་ཆུབ་ཀྱིས་གསུངས་པ། མཁའ་ལ་རླུང་འཕྱོ་སྲབ་ཀྱིས་གཟུང་། །ཁང་སྟོང་ཁྱི་ཡིས་སྤྱོད་པ་ལྟོས། །ནམ་མཁའི་འ་མ་སུས་མཐོང་བ། །བུ་ནི་པང་དུ་རྒྱུག་པར་ངེས། །གསུང་
ངོ་།། །།འཇམ་དཔལ་བཤེས་གཉེན་གྱིས་གསུངས་པ། རིན་ཆེན་གླིང་དུ་ཕྱིན་ན་དབུལ་དང་བྲལ། །བླ་མའི་བཀའ་དྲིན་ཐོབ་ན་འཁྲུལ་པ་ཞིག །སེམས་ཀྱི་དེ་ཉིད་མཐོང་ན་འཁོར་བ་མེད། །བྱང་སེམས་ནང་དུ་འབྱོངས་ན་འགྲོ་དོན་འབྱུང་། །གསུང་ངོ་།། །།རཱ་ཛཱ་ཧ་སྟིས་གསུངས་བ། །
རྟོགས་ནས་གཞན་དོན་མི་བྱེད་པར། །དེ་ནི་ས་ཡི་གཏེར་སྲུང་བཞིན། །འདི་ན་ཚོགས་པའི་རྣལ་འབྱོར་པ། །ཐུགས་རྗེས་སེམས་ཅན་མི་འཛིན་ནམ། །གསུང་ངོ་།། །།བཟང་པོ་དཔལ་གྱིས་གསུངས་པ། བདག་དང་སེམས་ཅན་དབྱེར་མེད་ཀྱང་། །འགྲོ་བ་ལས་ཀྱིས་སྡུག་བསྔལ་

བས། །རྒྱུན་ཆད་མེད་པའི་ཐུགས་རྗེ་ཡིས། །འགྲོ་བའི་དོན་ལ་རོལ་དུ་གསོལ། །གསུང་ངོ་།། །།ལི་ལའི་བཟང་པོས་གསུངས་པ། རང་ལ་ཡོད་ཀྱང་ངོ་མ་ཤེས། །དབུལ་མོ་གཏེར་གྱིས་བསླུས་པ་བཞིན། །དེ་ཉིད་མ་མཐོང་སེམས་ཅན་ལ། །ཐུགས་རྗེས་སྒྲོན་མེ་
གདེག་ཏུ་གསོལ། །གསུང་ངོ་།། །།རྣལ་འབྱོར་མ་དཱུ་ཏི་མས་གསུངས་པ། ཆབ་དང་ཆབ་རོམ་ཐ་དད་མིན། །སྣང་དང་སྟོང་པ་དབྱེར་མི་ཕྱེད། །མཁའ་དང་རླུང་ལ་བྱེ་བྲག་མེད། །སེམས་དང་སེམས་བྱུང་དེ་བཞིན་ནོ། །གསུང་ངོ་།། །།ཤིང་ལོ་མས་གསུངས་པ། བྲག་ཅའི་སྒྲ་
འདི་སུ་ཡིས་སྨྲས། །མེ་ལོང་གཟུགས་བརྙན་སུ་ཡིས་བྲིས། །རྨི་ལམ་ལྟད་མོ་གང་དུ་གྱེས། །གང་ནའང་མེད་དོ་སེམས་ཀྱི་ངང་། །གསུང་ངོ་།། །།དུར་ཁྲོད་མས་གསུངས་པ། ཀུན་གཞི་དག་པ་ཆོས་དབྱིངས་ཡིན། །ཡིན་ངོ་ཤེས་པ་ཡེ་ཤེས་ཡིན། །བདག་འཛིན་ཞིག་ན་རྩ་བྲལ་
ཡིན། །སྒོ་ལྔ་རང་གྲོལ་ལམ་ཁྱེར་ཡིན། །གསུང་ངོ་།། །།གཅེར་བུ་མས་གསུངས་པ། རང་གྲོལ་བློ་དང་བྲལ་བ་ལ། །མི་བཅོས་སྒོ་གསུམ་ལྷུག་པར་ཞོག །མི་ཞེན་དགག་བསྒྲུབ་མེད་པར་ཞོག །མི་གཡོ་མཉམ་ཉིད་ཆེན་པོར་བཞག །གསུང་ངོ་།། །།རོ་ལངས་མས་གསུངས་
པ། མ་ཡེངས་བསྒོམ་དུ་མེད་པ་ལ། །ཉམས་སུ་ལེན་ན་མཁས་པ་ཡིན། །སྣ་ཚོགས་རྗེས་མེད་ཆེན་པོ་རུ། །ལམ་དུ་འཁྱེར་ན་གྲོལ་བ་ཡིན། །གསུང་ངོ་།། །།མ་ཧཱ་སིདྡྷས་གསུངས་པ། མ་བསྒོམ་མ་བསྒོམ་བློ་མ་བསྒོམ། །བློ་སྒོམ་རྟོག་པའི་འཁྲུལ་འཁོར་ཡིན།
རྟོག་པས་འཁོར་བར་འཆིང་བ་སྟེ། །བློ་དང་བྲལ་ལ་སྒོམ་དུ་མེད། །གསུང་ངོ་།། །།དྲི་མེད་མས་གསུངས་པ། སེམས་ཉིད་ཡེ་སྟོང་ཡེ་བྲལ་ལ། །སྐྱེ་མེད་བསྒོམ་པས་ཅི་ཞིག་བྱ། །སེམས་བྱུང་རང་ཤར་རང་གྲོལ་ལོ། །རྟོག་པ་སྤངས་པས་ཅི་ཞིག་བྱ། །གསུང་ངོ་།། །།བློ་གྲོས་
དབྱངས་མས་གསུངས་པ། ནམ་མཁའི་ཡེ་ཤེས་ཀུན་ལ་ཁྱབ། །ཡེ་གྲོལ་ཆེན་པོ་མཆོག་གིས་ལས། །མི་གཡོ་མི་འགྱུར་བསམ་ལས་འདས། །རྟོག་མེད་རང་རིག་ཡེ་ཤེས་ཆེ། །གསུང་ངོ་།། །།བདག་མེད་མས་གསུངས་པ། ནམ་མཁའ་ནམ་མཁའ་མཉམ་ཉིད་ཆེ། །ཉི་མ་ཉི་མ་ཡེ་

གསལ་ཆེ། །ཆུ་བོ་ཆུ་བོ་རྒྱུན་ཆད་མེད། །འཇའ་ཚོན་རང་གྲོལ་བདེ་བ་ཆེ། །གསུང་ངོ་།། །།གསལ་བྱེད་མས་གསུངས་པ། གོ་རུ་མེད་པའི་དོན་རྟོགས་ན། །བརྗོད་དུ་མེད་པའི་གླེང་གཞི་འབྱུང་། །བསམ་དུ་མེད་པའི་དོན་བསྒོམས་ན། །ཐོབ་ཏུ་མེད་པའི་འབྲས་བུ་འབྱུང་། །གསུང་ངོ་།། །།བྱེ་མ་ལུང་པས་
གསུངས་པ། གཉིས་མེད་བདེ་ཆེན་དོན་གྱི་མཆོག །རང་ལ་ཡོད་པས་གཞན་དུ་ཚོལ། །མི་ཤེས་རྩོལ་བས་སྒྲ་ཕྱིར་འབྲང་། །འཁྲུལ་པའི་སེམས་ཅན་སྙིང་རེ་རྗེ། །གསུང་ངོ་།། །།རྡོ་རྗེ་གཅིག་མས་གསུངས་པ། སྟོང་ཉིད་ནམ་མཁའི་གླེགས་བམ་ལ། །རང་རིག་ཡེ་ཤེས་ཡི་གེར་བྲིས། །
སྣ་ཚོགས་ཐབས་ཀྱི་གདམས་པ་བཀོད། །རྒྱུན་ཆད་མེད་པའི་བསྟན་པ་སྒྲོགས། །གསུང་ངོ་།། །།སྔོ་བསངས་མས་གསུངས་པ། མི་འགྱུར་ནམ་མཁའི་རྡོ་རྗེ་ལ། །གཡོ་འགུལ་འབྱུང་བའི་ཆོ་འཕྲུལ་ཤར། །སྣ་ཚོགས་སྐྱེ་འགྲོའི་བྱ་བ་བྱས། །རང་གྲོལ་ནམ་མཁའི་དབྱིངས་སུ་
ཡལ། །གསུང་ངོ་།། །།གྲི་སྐོར་མས་གསུངས་པ། མིང་དང་བྲལ་བའི་མིང་མང་པོས། །དེར་འཛིན་ཞིག་པའི་བློ་བྲལ་པོ། །ཡོངས་སུ་གྲོལ་བའི་བྱར་མེད་པོ། །ཡེ་ཡིན་ཆེན་པོར་རྟོགས་པར་གྱིས། །གསུང་ངོ་།། །།ལམ་སྐྱེས་མས་གསུངས་པ། དམིགས་བྱ་དམིགས་བྱེད་
མཐའ་སྤངས་ཏེ། །ཏིང་འཛིན་རྟེན་དང་བྲལ་བ་ལ། །ཆུ་བོ་ཆེན་པོའི་རྒྱུན་བཞིན་དུ། །མ་ཡེངས་ཉམས་སུ་བླང་བར་བྱ། །གསུང་ངོ་།། །།བཤེས་གཉེན་མས་གསུངས་པ། ནམ་མཁའི་བྱ་ལམ་རྗེས་མེད་བཞིན། །རྣལ་འབྱོར་སྤྱོད་པ་རྗེས་མེད་ཡིན། །རང་རྒྱུད་འཛིན་པ་མེད་གྱུར་ན། །
མི་དགེ་བཅུས་ཀྱང་འཆིང་མི་ནུས། །གསུང་ངོ་།། །།རོ་ཟན་མས་གསུངས་པ། གསེར་འགྱུར་རྩི་དང་ཕྲད་པ་བཞིན། །སྣང་སྲིད་བདེ་སྟོང་ངོར་ཤར་བས། །དངོས་པོར་འཛིན་པ་ཀུན་ལས་གྲོལ། །སྣང་སྲིད་སྤྲོས་བྲལ་ཡེ་ཤེས་ཆེ། །གསུང་ངོ་།། །།པདྨོ་ཤྲཱིས་གསུངས་པ། གཉུག་མ་
ལྷན་ཅིག་སྐྱེས་པ་དེ། །བསམ་སྒོམ་བློ་ཡིས་མ་བཅོས་ན། །ཆོས་སྐུ་གཞན་ནས་བཙལ་མི་དགོས། །རང་ཆས་ཡིན་ནོ་ལྷུག་པར་ཞོག །གསུང་ངོ་།། །།པདྨའི་རྒྱལ་མོས་གསུངས་པ། རང་རིག་ཡེ་ཤེས་འདི་རྙེད་ན། །བསྐལ་པའི་མུན་པ་སྒྲོན་མེ་བཞིན། །ལས་ཀྱི་འཁྲུལ་

པ་གཏན་ནས་བཅོམ། །སྐྱེས་བུ་གཉིད་སད་ཇི་བཞིན་ནོ། །གསུང་ངོ་།། །།མཁའ་འགྲོ་མ་དཀར་མོས་གསུངས་པ། ལས་ཟིན་སྐྱེས་བུ་དེ་ཅི་སེམས། །བྲམ་ཟེ་སྐུད་པ་འཁལ་ལ་ལྟོས། །ནམ་མཁའ་གང་གིས་ཟ་བར་ནུས། །ཁྱོད་དང་ང་ལ་ཐ་དད་མེད། །གསུང་
ངོ་།། །།ལྷ་སྲས་དཔལ་གཞེར་གྱིས་གསུངས་པ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བདེ་བར་གཤེགས་པའི་ཤུལ་ཡིན་ཏེ། །གོལ་ས་མེད་པར་གསུངས་པས་ན། །ཐབས་དང་ཤེས་རབ་ལྡན་པར་བྱ། །གསུང་ངོ་།། །།རྡོ་རྗེ་བདེ་བས་གསུངས་པ། མི་གཡོ་བསམ་གཏན་རྒྱ་
ཆེན་པོ། །གཡོ་འགུལ་སྣ་ཚོགས་ཀུན་གྱི་གཞི། །གཡོ་དང་མི་གཡོ་དབྱེར་མེད་པས། །བསྒོམ་དང་མི་བསྒོམ་འདི་ལ་མེད། །གསུང་ངོ་།། །།ཡེ་ཤེས་ཞབས་ཀྱིས་གསུངས་པ། གང་དུ་ཆོས་རྣམས་མ་མཐོང་བ། །དེ་ཡིས་ཆོས་ཀུན་མཐོང་བ་སྟེ། །མཐོང་བྱ་མཐོང་བྱེད་ཀུན་ལས་
འདས། །རང་རིག་ཡེ་ཤེས་ཆེན་པོ་ཡིན། །གསུང་ངོ་།། །།གྷ་གྷ་དཔལ་གྱིས་གསུངས་པ། གང་དུ་མཐོང་ཚོར་མྱོང་བ་ཀུན། །དེ་དེའི་ངོ་བོས་སྟོང་ཤེས་ན། །འདོད་ཡོན་སེམས་ཀྱི་རྒྱན་ཡིན་ཏེ། །འཆིང་བར་མི་འགྱུར་གྲོལ་བར་འགྱུར། །གསུང་ངོ་།། །།ལས་ཀྱི་འབྱུང་གནས་
ཀྱིས་གསུངས་པ། སེམས་ཀྱི་ཡེ་ཤེས་གང་མཐོང་བ། །ཆོས་ཀྱི་དེ་ཉིད་རྟོགས་འགྱུར་ཏེ། །ཆོས་རྟོགས་པས་ནི་བདེ་བ་ཐོབ། །གསུང་ངོ་།། །།རྒྱན་གྱི་རྒྱལ་མོས་གསུངས་པ། །དབྱིབས་དང་བྲལ་བའི་མདོག་མེད་པོ། །མིང་དང་བྲལ་བའི་དོན་མེད་པོ། །སྣ་ཚོགས་རིག་པའི་བསམ་
མེད་པོ། །སྤངས་པ་མེད་པའི་ཐོབ་མེད་པོ། །གསུང་ངོ་།། །།མཁའ་འགྲོ་མ་ལ་བ་ཅན་གྱིས་གསུངས་པ། དམིགས་མེད་ཡེ་ཤེས་ཆེན་པོ་ནི། །ཚིག་གིས་མཚོན་པར་མི་ནུས་ཏེ། །བླ་མའི་དུས་ཐབས་བསྟན་པ་ལས། །གཞན་གྱིས་རྟོགས་པ་མ་ཡིན་ནོ། །གསུང་ངོ་།། །།
ཐིག་ལེ་དག་པའི་ཕྲེང་བ་ཞེས་བྱ་བ་གྲུབ་ཐོབ་ཕོ་མོ་བརྒྱད་ཅུའི་རྟོགས་པ་བརྗོད་པ་མཁའ་འགྲོ་མས་ཡི་གེར་བཏབ་སྟེ་གསང་མཛོད་ན་གནས་པ་ལས། དབྱིངས་ཀྱི་གཙོ་མོ་རྣམས་ཀྱིས་བཀའ་བགྲོས་ནས་རྗེ་དམ་པ་རྒྱ་གར་ལ་གནང་བ་ཞ་མ་ལོ་ཙཱ་བས་ལེགས་པར་བསྒྱུར་བའོ།། །།

༄༅༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་སྲས་མི་ཡི་སེང་གེ་ཡིས། །མཁའ་འགྲོ་མ་ཡི་གསང་ཚིག་བརྟོལ། །གྲུབ་ཐོབ་ཉམས་ཀྱི་རྟོགས་པ་རྣམས། །བཀའ་རྒྱ་བཀྲོལ་ཏོ་གཏད་རྒྱ་བྱས། །ཨཱརྱ་དེ་བས་ཐུགས་ཀྱི་རྟོགས་པ་མགུར་དུ་བཞེངས་པ། ཀྱེ་ཧོ་ཕུང་
པོ་ལྷ་ཡི་ངོ་བོར་གནས། །བུམ་པའི་དབང་བསྐུར་རང་ལ་རྫོགས། །སྒྲ་སྟོང་བྲག་ཅ་ལྟ་བུར་རྟོགས། །གསང་བའི་དབང་ལ་ལྟོས་མི་དགོས། །ཉམས་མྱོང་བདེ་ཆེན་ཁོང་ནས་སད། །ཤེས་རབ་ཡེ་ཤེས་དབང་དང་ལྡན། །ཆོས་རྣམས་ནམ་མཁའ་ལྟ་བུར་རྟོགས། །བཞི་པའི་དབང་གིས་
དོན་དང་ལྡན། །གསུང་ངོ་།། །།ནཱ་གཱརྫུ་ནས་གསུངས་པ། ཀྱེ་ཧོ་རྩ་བ་བྲལ་བའི་སེམས་ཉིད་འདི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །དེ་ལས་འཁོར་འདས་སྡོང་པོ་གྱེས། །བདེ་སྡུག་གཉིས་ཀྱི་ལོ་འདབ་རྒྱས། །སྣ་ཚོགས་ལས་ཀྱི་འབྲས་བུ་སྨིན། །གསུང་ངོ་།། །།མར་པས་
གསུངས་པ། ཀྱེ་ཧོ་སྣ་ཚོགས་སྣང་ལ་ངོས་གཟུང་མེད། །འདི་ཞེས་མཚོན་པའི་ཚིག་དང་བྲལ། །མི་གཡོ་མི་སེམས་སེམས་ཆེན་པོ། །བླ་དགས་ཙམ་དུ་བརྗོད་པར་ཟད། །འདི་ལ་དོན་དུ་གཟུང་དུ་མེད། །གསུང་ངོ་།། །།རྡོ་རྗེ་དྲིལ་བུ་པས་གསུངས་པ། ཀྱེ་ཧོ་དབང་ལྡན་པདྨའི་དབུས་ན་བདེ་
བའི་ཡེ་ཤེས་གནས། །ཐབས་ཀྱི་སྦྱོར་བས་སྤྲོས་བྲལ་ལྷན་ཅིག་སྐྱེས་པ་འཆར། །བདེ་གཤེགས་ཐུགས་ཀྱི་གདམས་པས་ནམ་མཁའི་ཁམས་དང་མཉམ། །འདི་ནི་གསང་སྔགས་ཐབས་ཀྱི་གནད་དོ་ངོ་མཚར་ཆེ། །གསུང་ངོ་།། །།ལཱུ་ཡི་པས་སྨྲས་པ། ཕུང་པོའི་དབུས་ན་གཉུག་མའི་
ཡེ་ཤེས་མེ་གཅིག་པོ། །སྲོག་དང་རྩོལ་བས་བསྐྱོད་ན་བདེ་བའི་ཡེ་ཤེས་འབར། །བདག་འཛིན་སྲེག་པའི་མེ་ནི་རླུང་གིས་སྦར་བར་བྱ། །བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །གསུང་ངོ་།། །།ཤཱནྟ་དེ་བས་གསུངས་པ། ཀྱེ་ཧོ་སེམས་ནི་ཡེ་ཤེས་ཆེན་པོ་སྟེ། །འདི་ལས་གུད་ན་
སངས་རྒྱས་མེད། །སེམས་ཀྱི་དེ་ཉིད་ཤེས་གྱུར་ན། །འཁོར་བ་རང་གྲོལ་མྱ་ངན་འདས། །གསུང་ངོ་།། །།བྷི་ས་པས་གསུངས་པ། ཀྱེ་ཧོ་འགྲོ་བ་སྣ་ཚོགས་ལས་ཀྱིས་བཅིངས། །ལས་ཀྱི་དེ་ཉིད་ཤེས་གྱུར་ན། །བཅིངས་པ་མེད་དེ་གྲོལ་བ་མེད། །སྒྱུ་མཁན་རི་མོ་ཇི་བཞིན་ནོ། །གསུང་

ངོ་།། །།གཡོག་པོ་ལྗོན་པ་ཅན་གྱིས་གསུངས་པ། ཀྱེ་ཧོ་ཧེ་རུ་ཀ་དཔལ་རྡོ་རྗེའི་སྐུ། །རྣལ་འབྱོར་མ་ནི་ལས་ཀྱི་ཡུམ། །སྣ་ཚོགས་སྣང་བ་མཆོག་གི་ཞིང་། །འགྲོ་བ་ལྷ་དང་ལྷ་མོ་སྟེ། །འདི་ན་འཁོར་བའི་མིང་ཡང་མེད། །གསུང་ངོ་།། །།ཨ་བ་དྷཱུ་ཏཱི་པས་གསུངས་
པ། གཤིས་ཀྱི་སྟོང་ཉིད་འོ་མའི་མཚོ། །ཐབས་ཀྱི་རོལ་པ་སྲུབ་མའི་ཤིང་། །དད་བརྩོན་ཤེ་མས་རྩོལ་བྱས་ན། །སྐུ་གསུམ་མར་གྱི་གོང་བུ་འདྲིལ། །གསུང་ངོ་།། །།དུར་ཁྲོད་དབང་ཕྱུག་གིས་སྨྲས་པ། མཐོང་དུ་མེད་དོ་སེམས་ཀྱི་དོན། །བསམ་དུ་མེད་དོ་གཉུག་མའི་ངང་། །དགག་
སྒྲུབ་མེད་པ་སྨྱོན་པའི་ལུས། །བཙལ་དུ་མེད་པ་གྱད་ཀྱི་ནོར། །གསུང་ངོ་།། །།ཡེ་ཤེས་སྐྱོང་གིས་སྨྲས་པ། ཀྱེ་ཧོ་སྣང་སྟོང་དབྱེར་མེད་ལྷན་ཅིག་སྐྱེས། །རིག་སྟོང་དབྱེར་མེད་ལྷན་ཅིག་སྐྱེས། །གཉིས་མེད་ཡེ་ཤེས་ལྷན་ཅིག་སྐྱེས། །རྒྱུ་འབྲས་དབྱེར་མེད་ལྷན་ཅིག་སྐྱེས། །འདི་ལ་ཐ་དད་ངས་
མ་མཐོང་། །གསུང་ངོ་།། །།ལི་ལའི་ཞབས་ཀྱིས་གསུངས་པ། སྣ་ཚོགས་སྣང་བ་རང་གི་སེམས། །སེམས་ནི་སེམས་ཀྱི་རང་བཞིན་བྲལ། །ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུ། །འདི་ལས་མི་སྤྲོ་གཞི་ལ་བཞག །གསུང་ངོ་།། །།ཉི་མ་སྦས་པས་གསུངས་པ། ལུས་ལ་ཡེ་ཤེས་ཆེན་པོར་
གནས། །བདེ་བ་དྲོད་ཀྱིས་སྦར་བར་བྱ། །ལས་ཀྱི་རྩི་བུར་སྲེག་པར་བྱེད། །བླ་མའི་བཀའ་ལས་ཤེས་པར་བྱ། །གསུང་ངོ་།། །།ས་འཛིན་ཞབས་ཀྱིས་གསུངས་པ། ལུས་ཀྱི་འཁོར་ལོ་བཞི་འཁོར་བས། །སྲིད་རྩའི་སྡོང་པོ་གཅོད་པར་བྱེད། །རྩ་ཡི་རྒྱལ་པོ་སྤངས་པ་ཡིས། །
ཐར་པའི་སྲོག་ཤིང་འཛུགས་པར་བྱེད། །བདེ་ཆེན་ནམ་མཁའི་བ་བཞོས་པས། །ལྷན་ཅིག་སྐྱེས་པ་སྟོན་པར་བྱེད། །གསུང་ངོ་།། །།བི་ན་སས་སྨྲས་པ། ཉི་ཟླ་སྟོད་ལ་མནན་པ་ཡིས། །ལས་ཀྱི་ཕྲེང་ཐག་གཅོད་པར་བྱེད། །སྤུ་གྲི་ཀླད་ལ་བསྐོར་བ་ཡིས། །བྱ་བྲན་ནམ་མཁའི་
དབྱིངས་སུ་སྐྲོད། །བྱ་བ་ཟིན་པའི་སྐྱེས་བུ་དེ། །འ་མའི་པང་དུ་རྒྱུག་པར་བྱེད། །གསུང་ངོ་།། །།ཕྱོགས་ཀྱི་གླང་པོས་སྨྲས་པ། རིག་པའི་སྒྲོན་མེ་སྦར་བ་ཡིས། །ལོག་རྟོག་མུན་པ་རབ་བསལ་ཏེ། །གཞན་གྱི་སྡེ་པ་ཀུན་བཅོམ་ནས། །རང་གི་མཚན་ཉིད་མཚོན་དུ་མེད། །གསུང་ངོ་།། །།

དཔའ་བོ་དྲིལ་བུའི་ཞབས་ཀྱིས་སྨྲས་པ། དགའ་བའི་ཡེ་ཤེས་སྤར་བ་ཡིས། །གཉུག་མའི་ལྷན་ཅིག་སྐྱེས་པ་རྟོགས། །འཁོར་འདས་གཉིས་པོ་གཞི་ལས་གྲོལ། །གསང་སྔགས་ཐབས་ཀྱིས་ཁྱད་པར་འཕགས། །གསུང་ངོ་།། །།ལི་ལའི་བཟང་པོས་སྨྲས་པ། ལྐུགས་
པའི་ཁ་དང་རུས་སྦལ་མིག །གཞོན་ནུ་མ་ཡི་བདེ་བའམ། །ཁུར་བར་ཆུ་བླུགས་ཇི་བཞིན་དུ། །མཚོན་དུ་འདུག་པར་ངས་མ་མཐོང་། །གསུང་ངོ་།། །།ནཱ་ག་བོ་དྷིས་གསུངས་པ། གཉིས་མེད་སྤྲོས་བྲལ་ནམ་མཁའི་ངང་། །མིང་མེད་ཡེ་ཤེས་བདེ་ཆེན་པོ། །བསམ་མེད་བརྗོད་པའི་
མཐའ་ལས་འདས། །འགྱུར་མེད་ཆོས་སྐུ་ངོ་མཚར་ཆེ། །གསུང་ངོ་།། །།ཏོག་ཙེ་པས་གསུངས་པ། ལྟོས་ཤིག་ནམ་མཁའི་དཀྱིལ་དུ་ལྟོས། །མ་མཐོང་བ་ནི་དེ་མཐོང་ཡིན། །སྡོད་ཅིག་རྒྱ་མཚོའི་གཏིང་དུ་སྡོད། །མི་གཡོ་བ་ནི་དགོངས་པ་ཡིན། །ཟུང་ཤིག་བར་སྣང་རླུང་པོ་ཟུང་། །
ངོས་གཟུང་མེད་ན་སྟོང་པ་ཡིན། །གསུང་ངོ་།། །།ནག་པོ་ཞབས་ཀྱིས་གསུངས་པ། ལམ་གྱི་དེ་ཉིད་མཐོང་གོམས་ན། །འཆི་བའི་འོད་གསལ་གདོན་མི་ཟ། །ལས་ཀྱི་འཕེན་པ་ནམ་མཁས་ཁྱེར། །དུས་དེར་ཆོས་ཉིད་མ་བུ་ཕྲད། །གསུང་ངོ་།། །།བྷི་ན་ཞབས་ཀྱིས་སྨྲས་པ།
སྣང་སྟོང་ཐབས་དང་ཤེས་རབ་ལ། །བླ་མའི་ངོ་སྤྲོད་བརྡ་ཡིས་རོལ། །རིག་པའི་ཡེ་ཤེས་ཁོང་ནས་སད། །བདེ་ཆེན་ལྷན་ཅིག་སྐྱེས་པ་རྟོགས། །གསུང་ངོ་།། །།པདྨའི་མྱུ་གུས་སྨྲས་པ། སྣ་ཚོགས་སྣང་བ་ལས་ཀྱི་ཕྱག་རྒྱ་སྟེ། །དེར་འཛིན་སྟོང་པ་ཆོས་ཀྱི་ཕྱག་རྒྱ་ཡིན། །གཉིས་
མེད་ངང་ལས་མི་འདའ་དམ་ཚིག་སྟེ། །དེར་འཛིན་བློ་དང་བྲལ་ན་ཕྱག་རྒྱ་ཆེ། །གསུང་ངོ་།། །།མཚོ་སྐྱེས་རྡོ་རྗེས་སྨྲས་པ། ལྟེ་བ་མཁའ་དབྱིངས་གྲུ་གསུམ་དུ། །རིག་པའི་ལྷ་མོའི་སྐུར་གསལ་ཏེ། །འོད་ཟེར་སྤྲོ་བསྡུས་འགྲོ་དོན་བྱེད། །སྐུ་གསུམ་གཞན་ནས་བཙལ་མི་དགོས། །
གསུང་ངོ་།། །།གུ་དྷ་རི་པས་གསུངས་པ། ཡེ་ཤེས་རྡོ་རྗེ་ནམ་མཁའི་མདོག །སྣ་ཚོགས་འབྱུང་བའི་ཆོ་འཕྲུལ་སྟོན། །དམིགས་པ་མེད་པར་ཀུན་ལ་ཁྱབ། །འདུ་འབྲལ་མེད་པར་རང་ལ་རྫོགས། །མ་བཙལ་ལྷུན་གྱིས་གྲུབ་པའི་དོན། །གསུང་ངོ་།། །།ཏི་ལོ་པས་གསུངས་པ།

ཀྱེ་ཧོ་ལྟོས་ཤིག་ཡུལ་ལ་ལྟོས། །སྣང་བ་སྣ་ཚོགས་རིག་པའི་རྩལ། །འདོད་ཡོན་སྣ་ཚོགས་སེམས་ཀྱི་རྒྱན། །བདེ་སྡུག་སྣ་ཚོགས་གཉུག་མའི་རྩལ། །གར་ཡང་མ་ཕྱིན་ནམ་མཁའི་བྱ། །སྣང་བ་སྣ་ཚོགས་གཟིགས་མོར་ཆེ། །གསུང་ངོ་།། །།ནཱ་རོ་
པས་གསུངས་པ། སྤྱི་གཙུག་པདྨའི་གདན་སྟེངས་སུ། །མཚན་ལྡན་བླ་མའི་སྤྱན་སྔ་རུ། །རྩ་དར་དཀར་གྱི་ལམ་ལ་འགྲོ་ཤེས་ན། །མཚམས་མེད་ལྔ་པོ་བྱེད་ཀྱང་གྲོལ། །གསང་སྔགས་ཐབས་ཀྱི་ཁྱད་པར་ཡིན། །གསུང་ངོ་།། །།ཀྲྀཥྞ་པས་སྨྲས་པ། རྩེ་གསུམ་གསལ་བའི་
མེ་ལོང་ལ། །སེམས་ཀྱི་རྒྱལ་པོ་ལྟ་ཤེས་ན། །འཁྲུལ་པའི་ཡུལ་གྱིས་མི་ཕྲོགས་ཏེ། །གཉུག་མའི་རྫོང་ལ་ངེས་པར་གནས། །གསུང་ངོ་།། །།བྷ་དུ་ལས་སྨྲས་པ། ཀ་ར་ཡུལ་ལ་བཅིངས་པ་ཡིས། །རྟོག་པའི་འགྱུ་བ་གཅོད་པར་བྱེད། །ལྟ་སྟངས་སྔ་ཕྱི་བརྗེས་པ་ཡིས། །བྱིང་
རྒོད་ཐུན་སྐྱོན་སེལ་བར་བྱེད། །གཉེན་པོའི་རྩོལ་བ་བཤིག་པ་ཡིས། །གཉུག་མ་རང་ལ་འཁོར་བར་བྱེད། །གསུང་ངོ་།། །།ཌོམྦི་ཧེ་རུ་ཀས་སྨྲས་པ། ལས་ཀྱི་ཕྱག་རྒྱ་ལས་བྱུང་བའི། །དགའ་བཞིའི་ཡེ་ཤེས་ཕྱག་རྒྱ་ཆེ། །སྣང་བ་ཟག་མེད་སྤྲོས་དང་བྲལ། །གཉུག་མ་དོན་གྱི་ཡེ་
ཤེས་མཐོང་། །གསུང་ངོ་།། །།ཀ་ན་པས་སྨྲས་པ། སེམས་ཉིད་སྤྲོས་དང་བྲལ་བ་ནམ་མཁའི་ངང་། །རྒྱ་མཚོ་ཤེལ་དང་མེ་ཏོག་བཞིན། །སང་ངེ་རྗེ་ནེ་ས་ལེ་བ། །དྲན་དུ་མེད་ཅིང་ཡེངས་སུ་མེད། །ཅི་རིགས་ཙམ་དུ་གོམས་པར་གྱིས། །གསུང་ངོ་།། །།བནྡྷ་བཛྲས་སྨྲས་པ།
གཉིས་མེད་ཡེ་ཤེས་ཆེན་པོ་འདི། །བསྟན་དུ་ཡོད་དེ་མཚོན་དུ་མེད། །གོམས་སུ་ཡོད་དེ་བསྒོམ་དུ་མེད། །མྱོང་དུ་ཡོད་དེ་བརྗོད་དུ་མེད། །གསུང་ངོ་།། །།ཀམྦ་ལས་སྨྲས་པ། སྣང་བའི་ངོ་བོ་སྟོང་པའི་རོར། །སྤོར་ཅིག་ཡུལ་ལ་ཡེངས་པའི་ཚེ། །བདེ་བའི་ངོ་བོར་གསལ་བའི་རོར། །སྤོར་ཅིག་སེམས་ལ་
བལྟས་པའི་ཚེ། །རྟོགས་པའི་ངོ་བོར་ཉམས་ཀྱི་རོར། །སྤོར་ཅིག་ཆགས་སྡང་སྐྱེས་པའི་ཚེ། །གསུང་ངོ་།། །།པྲཛྙཱ་ཕ་ལས་སྨྲས་པ། སྣ་ཚོགས་སྣ་ཚོགས་དེ་དེ་ཉིད། །དགག་པ་མེད་ཅིང་སྒྲུབ་པ་མེད། །དྲན་པའི་རྩི་དང་མ་བྲལ་བར། །སྤང་བླང་མེད་པར་རོལ་དུ་གསོལ། །གསུང་ངོ་།། །།

དཔའ་བོ་རྡོ་རྗེས་སྨྲས་པ། སེམས་ཀྱི་ཐིག་ལེ་ཡི་གེའི་དབྱིབས། །རླུང་གིས་བསྐྱོད་དེ་མཁའ་ལ་འཕུར། །ལས་ཀྱི་སྒོ་བཞི་འགགས་ནས་ཀྱང་། །བདེ་ཆེན་གནས་སུ་འཕོ་བར་བྱེད། །གསུང་ངོ་།། །།ཤྲཱི་བ་ཏས་སྨྲས་པ། དུག་སྦྲུལ་བསད་ལ་གླང་ཆེན་བཙོང་། །བྱ་ནི་
མཁའ་ལ་སྤར་བར་བྱ། །བཙུན་མོ་ལྷ་སྲས་ཡུལ་ཕྱུང་ལ། །རྒྱལ་པོ་བཅོམ་ན་ངེས་པར་གྲོལ། །གསུང་ངོ་།། །།གཉིས་མེད་སྦས་པས་སྨྲས་པ། ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །སྤྱི་བོའི་བླ་མ་ལེགས་མཆོད་ལ། །འདོད་པ་ཐམས་ཅད་འབྱུང་བའི་གནས། །བྱ་བ་
མང་པོས་ཅི་ཞིག་བྱ། །གསུང་ངོ་།། །།ཨིནྡྲ་བྷཱུ་ཏིས་སྨྲས་པ། སྣ་ཚོགས་ཡུལ་གྱི་སྣང་བ་འདི། །རིག་པ་ཡེ་ཤེས་རྒྱན་ཡིན་པས། །མི་སྤང་དེ་བཞིན་ཉིད་དུ་རོལ། །འཆིང་བར་མི་འགྱུར་གྲོལ་བའི་ལམ། །གསུང་ངོ་།། །།ཀ་པ་ཙ་རིས་སྨྲས་པ། ཆུ་བོ་སྦུབས་སུ་ཆུད་པ་
བཞིན། །སྣ་ཚོགས་དེ་བཞིན་ཉིད་དུ་འདུས། །རྒྱ་མཚོ་ལན་ཚྭའི་རོ་བཞིན་དུ། །དུ་མ་རོ་གཅིག་བདེ་བར་འབར། །ནགས་ཀྱི་མེ་ལ་རླུང་བཞིན་དུ། །རྐྱེན་ངན་སྣ་ཚོགས་ལམ་གྱི་གྲོགས། །གསུང་ངོ་།། །།ཀུ་ལ་མ་རིས་སྨྲས་པ། གཞི་མ་བཅོས་ཆོས་དབྱིངས་ཕོ་བྲང་དུ། །
ལམ་རིག་པའི་ཡེ་ཤེས་ལྷམ་མེ་བ། །དེ་བདེ་གསལ་སྟོང་པའི་ངར་གྱིས་རྡེག །དོན་ཆོས་སྐུ་གཉིས་མེད་ཀྱི་ངང་དུ་གྲོལ། །གསུང་ངོ་།། །།རཏྣ་བོ་དྷིས་སྨྲས་པ། མ་བཅོས་རྣལ་མའི་ཤེས་པ་དེ། །མི་བསྒོམ་དེ་བཞིན་ཉིད་དུ་བཞག །བཅོས་པ་ཐམས་ཅད་བློ་ཡིན་ཏེ། །བློ་
ལས་གྲོལ་ན་ཐར་པའི་ལམ། །གསུང་ངོ་།། །།པདྨ་བཛྲས་སྨྲས་པ། གང་གིས་སེམས་ཀྱི་དོན་མཐོང་ན། །རྩ་བ་བྲལ་བའི་སྡོང་བུ་བཞིན། །སྣ་ཚོགས་སྣང་བས་འཆིང་མི་ནུས། །སེམས་ཀྱི་དེ་ཉིད་ཡིན་ཕྱིར་རོ། །གསུང་ངོ་།། །།ར་མ་ཕ་ལས་སྨྲས་པ། གང་དུ་རྟོགས་པ་
བློ་ཡིན་ལ། །གང་དུ་སྒོམ་པ་རྟོག་པ་སྟེ། །གང་དུ་བཅོས་ཀྱང་བཅོས་མ་ཉིད། །ཇི་ལྟར་བསྒྲུབས་ཀྱང་འདོད་པའི་ལམ། །འདི་ཀུན་བྱིས་པའི་རྩེད་མོ་ཡིན། །མཁས་པ་རྣམས་ལ་ཅི་ཡང་མེད། །གསུང་ངོ་།། །།ཀླུའི་བྱང་ཆུབ་ཀྱིས་སྨྲས་པ། ཡི་གེ་གསུམ་གྱི་སྦྱོར་བ་ཡིས། །

རླུང་གི་དེ་ཉིད་ཤེས་གྱུར་ན། །སེམས་ཀྱི་དེ་ཉིད་རྟོགས་པར་འགྱུར། །སེམས་རྟོགས་པས་ནི་བདེ་བ་ཆེ། །གསུང་ངོ་།། །།ཀརྨ་བཛྲས་སྨྲས་པ། འཁྲུལ་པའི་རྩ་བ་མ་ཆོད་ན། །སེམས་ཀྱི་འཁྲུལ་འཁོར་མི་འཇིག་སྟེ། །བཅོས་མའི་ཐེག་པ་སྙིང་རེ་རྗེ། །
རྩ་བ་བྲལ་བའི་དོན་མཐོང་ན། །ལས་ཀྱི་འཁྲུལ་འཁོར་གཞི་ལ་འཇིག །གསུང་ངོ་།། །།ཟླ་བ་གྲགས་པས་སྨྲས་པ། ཡོད་དམ་མེད་པའི་མཐའ་སྤངས་ཏེ། །དབུས་ཀྱི་དོན་ལ་མི་གནས་པར། །བསྒོམ་དུ་མེད་པའི་ངང་ལ་ཞོག །ཐོབ་ཏུ་མེད་པའི་འབྲས་བུ་འབྱུང་། །གསུང་ངོ་།། །།
ས་ར་པས་སྨྲས་པ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི། །ཁྱོད་ཀྱིས་སྨྲོས་དང་ཇི་ལྟར་ཡིན། །མ་མྱོང་ཤེས་ན་མྱོང་བའི་མཆོག །མི་བཙལ་དེ་བཞིན་ཉིད་དུ་བཞག །གསུང་ངོ་།། །།སུ་ཀ་ར་སིདྡྷིས་སྨྲས་པ། གང་ལ་ཞེན་པའི་བློ་དེ་ཐོང་། །རྟོག་པ་གཉིས་ནི་མཚུངས་པར་སྒྲིབ། །རྟོག་
དང་བྲལ་ན་སྒོམ་དུ་མེད། །བསམ་དུ་མེད་པ་ཇི་ལྟར་དྲན། །གསུང་ངོ་།། །།ཡེ་ཤེས་རྡོ་རྗེས་སྨྲས་པ། ཀུན་གཞི་དག་པའི་དབྱིངས་ནས་རིག་པའི་ཉི་མ་ཤར། །རྒྱ་མཚོ་ནོར་བུའི་གླིང་ནས་ཡིད་བཞིན་ནོར་བུ་ལོན། །འགྲོ་བའི་མ་རིག་ལིང་ཏོག་ཤེས་རབ་ཐུར་མས་ཕྱེ། །འཁོར་བའི་ཆུ་བོ་
བཞི་ལས་ཐབས་ལྡན་བླ་མས་བསྒྲལ། །གསུང་ངོ་།། །།མཚོ་སྐྱེས་རྡོ་རྗེས་སྨྲས་པ། དཔེ་ཡི་ཡེ་ཤེས་མཚོན་དུ་མེད། །དོན་གྱི་ཡེ་ཤེས་སྒོམ་དུ་མེད། །ཐབས་ཀྱི་མན་ངག་སྨྲ་རུ་མེད། །བླ་མའི་དྲིན་ལན་འཁོར་ཐབས་མེད། །གསུང་ངོ་།། །།ར་ཏྲི་ཏས་གསུངས་པ། མཚོན་གྱི་འཁོར་
ལོས་ཕྱོགས་རྣམས་ཀུན་གྱི་དངོས་པོ་གཅོད། །ཐོས་པའི་འཁོར་ལོས་ལོག་རྟོག་བློ་ཡི་སྤྲོས་པ་གཅོད། །ཉམས་ཀྱི་འཁོར་ལོས་གཟུང་འཛིན་འཁྲུལ་པའི་སྣང་བ་གཅོད། །རྟོགས་པའི་འཁོར་ལོས་འཁོར་འདས་གཉིས་ཀྱི་རེ་དོགས་གཅོད། །གསུང་ངོ་།། །།གྲུབ་ཐོབ་ལྔ་བཅུའི་རྟོགས་
པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ་ཞེས་བྱ་བ་མཁའ་འགྲོ་མའི་གསང་མཛོད་ནས་ཕྱུང་སྟེ་རྗེ་དམ་པ་རྒྱ་གར་རིན་པོ་ཆེ་ལ་གནང་བ་ཞ་མ་ལོ་ཙཱ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་རཏྣཱ་བྷི་གཱི་ཏ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་རིན་པོ་ཆེ་

བརྡའི་མན་ངག་ཅེས་བྱ་བ། དཔལ་འཁོར་ལོ་བདེ་མཆོག་ལ་ཕྱག་འཚལ་ལོ། །ཨུ་རྒྱན་ཙྪནྡོ་ཧའི་གླིང་དུ་མཁའ་འགྲོ་མ་དཔལ་གྱི་ཡོན་ཏན་གྱིས་རྟོགས་པའི་བརྡ་བརྗོད་པར། །ཨུ་དུམྺཱ་རའི་གེ་སར་ཆུ་འདམ་ལས་མི་འཁྲུངས། །སྐྱུག་ནད་ཅན་དེ་ཟས་ཀྱི་ཞེན་པ་བྲལ་ནས་འདུག །གངྒཱ་
ལས་ཐར་མི་དེ་སེམས་ངལ་སྐམ་ལ་སོ། །བཤེས་མེད་དགྲས་གཙེར་བ་དེ་ཕྱོགས་བཞིར་མགོན་སྐྱབས་ཚོལ། །སྐུ་ཡི་འབྲས་བུ་འདི་ནི་འཕེལ་སྟོབས་རབ་ཏུ་ཆེ། །གསུང་ངོ་།། །།ཤར་ཕྱོགས་བདེ་ལྡན་གྱི་ཕུག་པར་མཁའ་འགྲོ་མ་རྡོ་རྗེ་ཉི་མའི་མིག་གིས་རྟོགས་པའི་བརྡ་བརྗོད་པ། འགྲོ་བ་ཆུ་
ལས་གྲུ་དང་གཟིངས་ཀྱིས་སྒྲོལ། །འཁོར་ལོས་བརྒྱན་པའི་ཤིང་རྟ་ས་ལམ་གཅོད། །སོ་བཏང་བུམ་པས་ཆུ་ནང་སྐོལ་མ་འཛགས། །དང་པོའི་སྐས་གདང་ཡང་ཐོག་སྟེང་དུ་བསྐྱལ། །ཞུན་མཐར་འབྱོངས་པའི་ངར་གྱིས་ཤ་རུས་གཅོད། །གསུང་ངོ་།། །།ཀླུ་སྒྲུབ་སྤྱོད་ཀྱི་ཕུག་པར་མཁའ་
འགྲོ་མ་གསེར་གྱི་བུམ་པ་འཛིན་མས་རྟོགས་པའི་བརྡ་བརྗོད་པ། ནམ་མཁའ་དང་ནི་སྟོང་གསུམ་དབྱེར་མ་ཕྱེད། །གཤོག་གཅིག་བྱ་ཡིས་མཁའ་ལ་འཕུར་མ་ནུས། །མགོ་དང་སུག་པ་ལུས་པོ་གོ་གཅིག་འགྱུར། །རྡོ་ཡི་གཟུགས་འདྲའི་འཁྱག་པའི་ངོ་བོ་ཆུ། །མེ་ལོང་དང་ནི་གཟུགས་
བརྙན་ཐ་དད་མེད། །ཅེས་གསུང་ངོ་།། །།འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པའི་སར་མཁའ་འགྲོ་མ་ཀང་ཀ་ཁྲག་ལྡག་མས་རྟོགས་པའི་བརྡ་བརྗོད་པ། ཆང་གིས་གྲོད་པ་བརྟོལ་བས་སྔར་སྣང་འཇིག །འཁོར་ལོས་སྒྱུར་རྒྱལ་བྱ་བ་གཞན་མི་བྱེད། །དབུལ་མོ་གཏེར་ངོ་ཤེས་ཚེ་སྔར་
སྤྱོད་འཆོར། །གླིང་དོན་གྲུབ་པའི་དེད་དཔོན་བདེ་བར་གནས། །གསུང་ངོ་།། །།གྲོང་ཁྱེར་ཆེན་པོ་རྡོ་འཇོག་ཏུ་མཁའ་འགྲོ་མ་ཤྭ་ན་གློག་གི་ཞགས་པ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། སྣ་ཚོགས་ཕྱག་རྒྱ་ཐལ་མོ་རང་ཡིན་མོད། །ཚི་ལུས་རྐང་མར་ཤ་རུས་ཁྲག་ལ་བརྟན། །ཉི་མའི་
འོད་ཀྱིས་སྐར་མའི་འོད་ཟེར་བཅོམ། །ཆུ་འཛིན་ནང་དུ་མེ་ཤེལ་ནུས་པ་བརླག །གསུང་ངོ་།། །།དུར་ཁྲོད་ཆེན་པོ་ཨུ་ཙ་ལའི་ལྷོར་མཁའ་འགྲོ་མ་ཤ་ཟ་དུང་འབུད་མས་རྟོགས་པའི་བརྡ་བརྗོད་པ། སྤྲིན་ལྡིང་བ་ལ་གཏན་ས་ཡོད་མ་ཡིན། མཁའ་ལ་བྱུང་བའི་རླུང་ནི་ངོ་བོས་སྟོང་། །བྲག་

ཅའི་སྐད་འདི་གཞན་གྱི་སྒྲ་ལ་བརྟེན། །སྨྱོན་པའི་སེམས་ནི་གཟའ་གཏད་བྲལ་ནས་འདུག །གསུང་ངོ་།། །།རི་མེ་རི་འབར་བའི་ཁར་མཁའ་འགྲོ་མ་གློག་གི་རལ་པ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། རྟོག་བྲལ་བུ་ཆུང་གསེར་བོར་བོང་བ་ལེན། །དུས་ལ་བབ་
པའི་མྱུ་གུས་ས་སྲན་འབིགས། །ཚོན་གྱི་དྲི་མ་ཆུ་ཡིས་དག་ཚེ་གསལ། །བསམ་པས་འགྲུབ་པ་འཁོར་ལོས་སྒྱུར་བའི་ལུས། །གསུང་ངོ་།། །།རྒྱལ་པོའི་ཁབ་སེར་སྐྱའི་བྱད་དུ་མཁའ་འགྲོ་མ་རིའི་རྒྱ་མཚོ་མདངས་ལེན་མས་རྟོགས་པའི་བརྡ་བརྗོད་པ། མཆིལ་ལྷམ་གྱིས་ནི་རྐང་པའི་
མི་མཐུན་སྐྱོབ། །རི་གཟར་རྦབ་ནི་མི་སྡོད་དྲག་ཏུ་འཕར། །གངྒཱའི་ཆུ་ཀླུང་བར་མཚམས་མེད་པར་འབྲེལ། །ཅེ་སྤྱང་མིག་ལ་མུན་པས་སྒྲིབ་མི་ནུས། །གསུང་ངོ་།། །།རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་རྩར་མཁའ་འགྲོ་མ་བདེ་ལྡན་མས་རྟོགས་པའི་བརྡ་བརྗོད་པ། མགོ་གཉིས་སྤྱི་མས་
གཅིག་གིས་དུག་ཟོས་འཆི། །རྨ་ཅན་གཅིག་གིས་སྦལ་པའི་ཚང་རྣམས་འདྲུལ། །མིག་སྐྱོན་མ་བྱང་ཟླ་བ་གཉིས་སུ་སྣང་། །གྲིབ་མ་དགྲ་རུ་མཐོང་བས་སྐྱབས་གནས་རྙེད་མི་འགྱུར། །གསུང་ངོ་།། །།མཚོ་ཀུནྡ་ལི་དུང་སྐྱོང་གི་གནས་སུ་མཁའ་འགྲོ་མ་རྨ་བྱའི་གདོང་ཅན་གྱིས་རྟོགས་
པའི་བརྡ་བརྗོད་པ། སྐྱར་མོ་ཉ་མེད་བྱ་གཞན་གྱིས་མི་འཚེ། །དུག་གི་ནུས་པ་སྔགས་ཀྱིས་ཟིན་དུས་ལྟོར། །རྨ་བྱ་སྨན་བོར་འཇོ་སྒེག་རང་ལ་ལྟ། །མགོ་བཅད་ཏ་ལའི་ཤུལ་དེར་མྱུ་གུ་སྟོང་། །གསུང་ངོ་།། །།བྱང་ཆུབ་ཤིང་གི་རྩར་མཁའ་འགྲོ་མ་དགའ་ལྡན་གསེར་གྱི་འོད་ཅན་མས་རྟོགས་
པའི་བརྡ་བརྗོད་པ། ཏིལ་མར་ནང་ནས་བཏོན་པའི་གསོ་རས་མེ་ཡི་རྒྱུ། །སྒྱུ་མའི་བུ་ཡིས་རྒྱལ་པོའི་གདུང་མི་སོབས། །རི་དགས་ལྟེ་བའི་དྲི་ནི་རྒྱུ་ཉིད་དྲི། །མཛའ་བོས་བསླུས་ཚེ་གྲོགས་ལ་ཡིད་ཆེས་སྟོར། །གསུང་ངོ་།། །།ཕྱག་རྒྱ་ཆེན་པོ་བརྡའི་མན་ངག་ལས་རྒྱན་རྣམ་པར་བཀོད་པའི་
དུམ་བུ་མཁའ་འགྲོ་མ་མདང་ས་ལྡན་གསེར་གྱི་རལ་པ་ཅན་གྱིས་བསྡུས་སོ། །དཔལ་ལྡན་གྲུ་འཛིན་གྱི་རི་བོ་ལ་མཁའ་འགྲོ་མ་འཁོར་ལོ་གདོང་གིས་རྟོགས་པའི་བརྡ་བརྗོད་པ། དྲང་སྲོང་གདན་དུ་ཀུ་ཤ་བཟང་བས་རྩྭ་གཞན་སྤང་། །ཞིང་པ་ས་བོན་ནམ་ཟིན་དུས་སུ་སེམས་ངལ་སོ། །རླུང་

གིས་མ་བསྐྱོད་མར་མེ་རང་ཁར་གསལ། །ཡིད་གཅུགས་བུ་དང་བྲལ་ན་གཞན་མི་དྲན། །གསུང་ངོ་།། །།དཔལ་ལྡན་ནོར་བུའི་གླིང་དུ་མཁའ་འགྲོ་མ་ཉི་མའི་འོད་ཟེར་གྱིས་རྟོགས་པའི་བརྡ་བརྗོད་པ། སྐྱེ་བོ་བློ་ཆུང་དོན་དེ་རང་གི་ས། །དམ་དུ་བཅིངས་པའི་ཁོང་འཁྲིལ་གྲོལ་ན་བདེ། །
དངུལ་དཀར་མེ་ལོང་འཕྲུལ་གྱི་གདན་ལ་འཕྱི། །འཕང་གི་སློབ་དཔོན་གམ་ནས་རྒྱང་དུ་བསྲིང་། །གསུང་ངོ་།། །།ལྷོ་ཕྱོགས་ཨ་སུ་རའི་ཕུག་པར་མཁའ་འགྲོ་མ་ནོར་བུའི་སྤྱན་ལྡན་མས་རྟོགས་པའི་བརྡ་བརྗོད་པ། ཁར་གཞོང་ནང་གི་རུས་སྦལ་ཉི་མའི་འོད་ལ་དགའ། །གསེར་ལས་བྱས་པའི་རྒྱན་ནི་
གསེར་ཉིད་ཡིན། །འབེན་ལ་མདའ་བརྡེག་དཔག་ཆེན་གཞན་མི་དྲན། །བུ་རམ་གཟུགས་རྣམས་རོ་ལ་ཐ་མི་དད། །གསུང་ངོ་།། །།ནགས་ཚལ་དྲ་བ་ཅན་གྱི་མཐོངས་སུ་མཁའ་འགྲོ་མ་བ་ཏི་རོ་ཟན་མས་རྟོགས་པའི་བརྡ་བརྗོད་པ། ཆུ་ཤེལ་ཟླ་བ་ཡར་ངོ་གཅིག་ལ་འཕེལ། །མཁའ་ལ་འཇའ་ཡི་
ཁ་དོག་ངོ་བོས་དབེན། །གཞོན་ནུའི་བདེ་བ་སུས་ཀྱང་བརྗོད་མ་ཤེས། །ཏིལ་མར་གྱིས་བླུད་རལ་གྲིས་བཅད་ཚད་འགྱེལ། །གསུང་ངོ་།། །།གྲོང་ཁྱེར་སེར་སྐྱའི་ལྗོངས་སུ་མཁའ་འགྲོ་མ་པུར་སྣ་ཁྱུང་གཤོག་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། ཁུར་བར་ཆུ་བླུགས་ཁོང་གི་གཏམ་རྣམས་འགགས། །
སྒྱུ་མའི་ལྟད་མོ་ཡང་དག་མ་ཡིན་ནོ། །དབུལ་མོ་གཏེར་དང་ཕྲད་ཚེ་སྔར་རྟོག་བྲལ། །ལན་ཚྭའི་རྡོག་པོ་ཆུ་བོ་ཉིད་ལ་ཐིམ། །གསུང་ངོ་།། །།དུར་ཁྲོད་བསིལ་བའི་ཚལ་དུ་མཁའ་འགྲོ་མ་ཉི་མའི་ཕྲེང་བས་རྟོགས་པའི་བརྡ་བརྗོད་པ། ཝ་ཡི་སྐད་ལ་སེང་གེ་དངང་སྐྲག་སྐྱེས། །བཙུན་མོ་རིན་ཆེན་
བྲན་མོ་ལ་མི་འཇིགས། །དགྲ་རུ་བུ་ལངས་མཛའ་བོ་སུ་ལ་བྱ། །ལྐུགས་མའི་རྨི་ལམ་ཁར་མི་འདོན་པར་འདུག །གསུང་ངོ་།། །།ལྷོ་ཕྱོགས་དཔལ་གྱི་རི་ལ་མཁའ་འགྲོ་མ་གཙུག་ན་མུ་ཏིག་འཆང་གིས་རྟོགས་པའི་བརྡ་བརྗོད་པ། བག་མ་དང་ནི་སྨྱོན་པའི་སྤྱོད་པ་འཛོལ། །རྒྱ་མཚོའི་ཆུ་ལ་ཉ་ནི་
རང་བྱན་ཚུད། །རྒྱ་སྐྱེགས་རི་ལ་མེ་ཤོར་རླུང་རྣམས་གྲོགས། །ཆུ་རྣམས་འབབ་ས་ན་ནི་རོ་གཅིག་གོ། །གསུང་ངོ་།། །།མ་ག་དྷཱ་རྒྱལ་པོའི་ཁབ་ཏུ་མཁའ་འགྲོ་མ་བདུད་རྩི་བུམ་འཛིན་མས་རྟོགས་པའི་བརྡ་བརྗོད་པ། ཅེ་སྤྱང་རོ་ལ་ཆགས་པའི་བློ་ནི་སྐྱེ་མི་འགྱུར། །དགོས་པའི་དུས་ལས་

ཁྲ་ཡི་རྩལ་ནི་གཞན་དུ་མིན། །ཝ་ཡི་འགྲོ་འདུག་དུར་ཁྲོད་ནང་དུ་གཞོལ་བ་ཡིན། །བུ་ཆུང་དང་ནི་མེ་ལོང་སེང་གེ་ལྟོས། །གསུང་ངོ་།། །།ཤར་ཕྱོགས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་མཁའ་འགྲོ་མ་ཚེ་ལྡན་རྒྱན་མས་རྟོགས་པའི་བརྡ་བརྗོད་པ། ཆུ་ཚད་དུས་སུ་
ལ་ཀོ་རང་ས་ཟིན། །ཉི་མའི་སྙིང་པོ་མུན་པས་གོས་མ་ཡིན། །ལག་པ་ཆད་པའི་བཟོ་མཁན་བྱ་བ་རྡུགས། །དཀར་ནག་ཡི་གེས་མཁའ་ལ་གོས་པ་མིན། །གསུང་ངོ་།། །།ཀླུ་གཙུག་ན་རིན་ཆེན་གྱི་ཡུལ་དུ་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་མས་རྟོགས་པའི་བརྡ་བརྗོད་པ། སྒོ་ང་མཁའ་
ལ་སྐྱེས་པའི་ཚང་ཡང་དེ་ཉིད་དོ། །ཁུ་རྟའི་སྒུམ་བུ་ས་ལ་ནམས་ཀྱང་མིན། །ནམ་མཁའི་ཁ་དོག་མ་འགགས་རྣམ་པར་དག །ན་བུན་ས་ལ་ལངས་ནས་མཁའ་ལ་ཐིམ། །གསུང་ངོ་།། །།ཤིང་འཛམ་བུ་བྲྀ་ཀྵའི་གྲིབ་མ་ལ་མཁའ་འགྲོ་མ་འབྱུང་གནས་རིན་ཆེན་མས་རྟོགས་པའི་བརྡ་
བརྗོད་པ། ཆུ་བོ་སྣ་ཚོགས་རྒྱ་མཚོར་ཐ་དད་མིན། །མ་དྲོས་ཆུ་ནི་གཏིང་ནས་གཡོ་འགུལ་བྲལ། །ཆུ་དང་ཟླ་བའི་རང་བཞིན་སོ་སོར་སྟོང་། །རླན་དང་རྦ་རླབས་རྒྱ་མཚོ་ལས་མ་འདས། །གསུང་ངོ་།། །།ཕྱག་རྒྱ་རིན་པོ་ཆེ་བརྡའི་མན་ངག་ལས་འོད་ཟེར་དྲ་བའི་མཁའ་འགྲོ་མ་དཔལ་ལྡན་དབང་གི་རྒྱལ་
མོས་བསྡུས་པ་སྟེ་གཉིས་པའོ།། །།བདེ་ལྡན་རིན་ཆེན་གླིང་དུ་མཁའ་འགྲོ་མ་ཟླ་བའི་འོད་ཟེར་གྱིས་རྟོགས་པའི་བརྡ་བརྗོད་པ། དམུ་རྒོད་དུལ་བའི་སྤྱོད་པ་གཞན་པས་གཡུང་། །འབྲུ་ཡི་ཆང་རྒོད་བྲམ་ཟེའི་བཏུང་བ་མིན། །ལྕགས་ཀྱུས་ཟིན་པའི་གླང་པོ་རང་དབང་མེད། །གཡའ་
མ་ཕྱིས་པའི་མེ་ལོང་བཞིན་མི་འདོད། །རྒྱུད་མེད་གཞུ་ལ་སུ་ཡིས་མདའ་སྲིད་ནུས། །གསུང་ངོ་།། །།ཐང་བཟང་གསེར་གྱི་བྱ་སྐྱིབས་ཅན་དུ་མཁའ་འགྲོ་མ་རྒྱ་མཚོ་མིག་གིས་རྟོགས་པའི་བརྡ་བརྗོད་པ། ཆོལ་ཟངས་ནང་དུ་སྦྲང་རྩིའི་གཡོས་མི་བྱ། །སྨིན་པའི་ས་བོན་སེར་དང་ལྡན་ལ་གདབ། །
བུད་མེད་བསྣོལ་འཚང་ཁྱོ་ལ་སྨྲ་མི་ཕོད། །རྫས་མ་ཚོགས་པའི་སྲུབ་མས་མེ་མི་ཐོན། །ཏིལ་སྦྱངས་ཞབས་མེད་ནང་དུ་ཏིལ་མི་ལྡུགས། །གསུང་ངོ་།། །།ནུབ་ཕྱོགས་པླཀྵའི་ཚལ་དུ་མཁའ་འགྲོ་མ་བི་ཟ་གཟུགས་འཕྲོག་མས་རྟོགས་པའི་བརྡ་བརྗོད་པ། དུག་སྦྲུལ་མར་ལ་བློ་ལྡན་

སྐྱེ་བོ་འཛུར། །རིན་ཆེན་གླིང་འདོད་དེད་དཔོན་གཞན་གྱིས་མིན། །དམན་པ་ལ་བསྙེན་ནད་པ་རང་བཟོ་སྤང་། །ལོ་སྟོང་མུན་པ་སྒྲོན་མེ་གཞོན་ནུས་སེལ། །མཁས་པའི་རུས་སྦལ་ཚེར་མའི་ཁྲོད་རྣམས་སྤོང་། །གསུང་ངོ་།། །།གྲོང་ཁྱེར་སྐྱིད་པའི་འབྱུང་གནས་སུ་མཁའ་འགྲོ་མ་ཀཱིརྟི་
ཐོག་མཐའ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། སྟོབས་ལྡན་གྱད་སྤྱོད་འཕྱེ་བོས་བྱར་མི་རུང་། །ཆུ་བྲན་རྣམས་ནི་རྒྱ་མཚོའི་ནང་དུ་འབབ། །རྔོན་པ་གླིང་བུ་རི་དགས་ངོས་དེར་འབུད། །མེ་ཤེལ་འོད་ནི་རས་ཀྱི་བལ་ལ་ཚ། །ཟངས་ཀྱི་མདོག་ནི་གསེར་འགྱུར་རྩི་ཡིས་འགྱུར། །གསུང་
ངོ་།། །།དུར་ཁྲོད་སོ་སའི་གླིང་དུ་མཁའ་འགྲོ་མ་བདེ་བའི་འོད་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། ལྡུམ་རའི་མེ་ཏོག་ལྗོན་ཤིང་གྲིབ་ལས་སྐྱེས། །ཁབ་ལེན་རྡོ་ཡིས་ལྕགས་རྣམས་དབང་དུ་སྡུད། །ཚོང་པ་རང་གི་རིགས་ལ་འཇུག་པར་འགྱུར། །སྤྲེའུའི་རྟེན་ནི་འབྲས་བུ་ཅན་གྱི་ནགས། །གྲུ་བཙས་
ལེན་པ་རྒྱ་མཚོ་སྒྲོལ་ལ་བརྩོན། །གསུང་ངོ་།། །།ཤིང་ཙི་ཏྲ་བ་ལའི་གྲིབ་མ་ལ་མཁའ་འགྲོ་མ་བློ་གྲོས་གསེར་གྱི་གདུ་བུ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། ཆུ་མཐོང་རུས་སྦལ་སྐམ་ལ་བསྡད་མི་རིགས། །དུག་མདའི་རྨ་ལ་ལེ་ལོ་བྱས་པས་ཕུང་། །ཕག་གིས་གཙང་བཙོག་མེད་པར་
ཁ་རུ་བཅུག །དུར་ཁྲོད་ནང་དུ་ཅེ་སྤྱང་རོ་ལ་བྲེལ། །རི་ཡི་སུལ་ལ་སེང་གེ་འཇིགས་པ་མེད། །གསུང་ངོ་།། །།རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་མཁའ་འགྲོ་མ་བདེ་བ་བཟང་མོས་རྟོགས་པའི་བརྡ་བརྗོད་པ། བུང་བ་རྩི་འཇིབ་ཨུཏྤལ་མདོག་མི་ཉམས། །ཆར་ནི་རྡོ་སོལ་མེ་ཡི་གྲོགས་ཡིན་ནོ། །
མུན་པའི་སྨག་རུམ་ཉི་ཟླའི་འོད་ཀྱིས་སེལ། །འབྲུ་རྣམས་སྐྱེ་བ་ཚ་སྒོ་མེད་པའི་ཞིང་། །འཁོར་ལོ་མེད་པའི་ཤིང་རྟས་འགྲོ་མ་ཤེས། །གསུང་ངོ་།། །།ཕྱག་རྒྱ་ཆེན་པོ་བརྡའི་མན་ངག་ལས་ཡེ་ཤེས་རྣམ་པར་གཟིགས་པའི་དུམ་བུ་མཁའ་འགྲོ་མ་སུ་ཁ་ཕ་ལས་བསྡུས་པ་སྟེ་གསུམ་པའོ།། །།
རི་བོ་བྱ་རྐང་གི་སྟེང་དུ་མཁའ་འགྲོ་མ་བུམ་པའི་ལྟོ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། རིགས་ངན་བུ་མོ་རྒྱལ་པོའི་ཁབ་ཏུ་མིན། །སྦྲང་མ་ག་པུར་ལ་འབྱོལ་ངན་སྐྱུགས་དྲི་ལ་འདུ། །བྲམ་ཟེ་གསོ་སྦྱོང་དུས་སུ་བྱ་གཞན་དོར། །སྒེག་མོ་རྒྱན་གྱིས་སྤྲས་ཚེ་རབ་ཏུ་དགའ། །ཙནྡན་དྲི་ལ་ལྟོས་

འགྲོ་མཆོག་ཏུ་གདུང་། །གསུང་ངོ་།། །།རྒྱལ་པོའི་ཁབ་ཡངས་པ་ཅན་དུ་མཁའ་འགྲོ་མ་གཙུག་ན་ནོར་བུས་རྟོགས་པའི་བརྡ་བརྗོད་པ། མི་གཙང་ལུད་འདི་འབྲས་ཀྱི་ཞིང་ལ་ཕན། །ནད་གཟིར་སྐྱེས་བུ་གཡོ་མེད་སྨན་པ་བསྟེན། །རིགས་ལྡན་དེད་དཔོན་འཁོར་ལ་བུ་
བཞིན་རྩེ། །ཆུ་བྲན་གླིང་ལ་ནོར་བུ་ཡོད་མ་ཡིན། །སྦྲང་མ་རྩི་ཡི་ནུས་པ་གྲོགས་ཀྱིས་འགྱུར། །གསུང་ངོ་།། །།དྷརྨ་གྷ་ན་རཱ་ཛ་ཆོས་ཀྱི་མཛོད་དུ་མཁའ་འགྲོ་མ་འབར་མ་དཔལ་གྱི་ཕྲེང་མས་རྟོགས་པའི་བརྡ་བརྗོད་པ། འཛམ་བུའི་གསེར་ལ་མགར་བས་འདོད་དགུ་བསྒྱུར། །ཕྱེ་ལེབ་ཉ་
དང་བུང་བ་ལྕགས་ཀྱུས་ཕུང་། །གསོ་བྱའི་དུས་དེར་ནད་པས་ལེ་ལོ་སྤང་། །མ་ཡིས་བུ་ལ་བརྩེ་བའི་སེམས་མི་གཏོང་། །རིན་ཆེན་གླིང་དུ་ཁྲིད་པའི་དེད་དཔོན་མཉེས་པར་བྱ། །གསུང་ངོ་།། །།ཀླུའི་རྒྱལ་པོ་ཨེ་ན་ཡའི་གནས་སུ་མཁའ་འགྲོ་མ་ཁྱུང་གི་གདོང་པ་ཅན་གྱིས་རྟོགས་པའི་བརྡ་
བརྗོད་པ། དུག་སྦྲུལ་མཆེ་བ་གདགས་པའི་རྒྱན་མ་ཡིན། །བདེ་དང་བྲལ་བ་བཙོན་རར་ཆུད་པའི་མི། །ཧ་ལའི་མེ་ཏོག་མཚར་བའི་ངོར་མ་ཐུ། །བང་མཛོད་རྐུ་བའི་མི་དེ་བག་ཡོད་ལྡན། །བཏུང་བས་གདུངས་པའི་མི་དེ་སྨིག་རྒྱུ་སྙག །གསུང་ངོ་།། །།ཕྱག་རྒྱ་ཆེན་པོ་བརྡའི་མན་ངག་ལས་
སེམས་རྣམ་པར་དག་པའི་དུམ་བུ་མཁའ་འགྲོ་མ་ཁྱུང་གདོང་མས་བསྡུས་པ་སྟེ་བཞི་པའོ།། །།བྱ་རྒོད་ཕུང་པོའི་རི་ལ་མཁའ་འགྲོ་མ་གསེར་གྱི་རྒྱལ་མོས་རྟོགས་པའི་བརྡ་བརྗོད་པ། འདམ་གྱི་སྐྱོན་གྱིས་པདྨ་ལ་མི་གོས། །གཤོག་རུ་རྒྱས་ཚེ་བྱིའུ་ཕྲུག་ཚང་ནས་འཕུར། །
ཙནྡན་མཐོང་བའི་སྦྲུལ་གྱིས་ལེ་ལོ་བོར། །འདོད་པའི་གནས་དེར་ཟོ་ཆུན་ཆུ་རྒྱུན་བསྲིང་། །མཆིལ་པས་ཟིན་པའི་ཉ་ཡི་བདེ་བ་སྟོར། །གསུང་ངོ་།། །།འབྱུང་པོའི་གྲོང་ཁྱེར་བི་མ་ལ་ཀར་མཁའ་འགྲོ་མ་རྡོ་རྗེ་འདམ་སྐྱེས་མས་རྟོགས་པའི་བརྡ་བརྗོད་པ། ཞིང་ལ་ཆུ་ལུད་རིམ་གྱིས་བསྟེན། །ཕ་
ལམ་གྱིས་ནི་མི་ཕིགས་མེད། །འབྱར་ལ་མ་རེག་ཨུཏྤལ་འདབ། །རྒྱ་མཚེའི་ཆུ་ལ་རིག་བྱེད་མེད། །མུན་པས་མ་ཟིན་ཉི་མའི་འོད། །གསུང་ངོ་།། །།ཤར་ཕྱོགས་ཟངས་ཀྱི་དུང་རྒད་ཀྱི་ནང་དུ་མཁའ་འགྲོ་མ་དཔལ་ལྡན་འཇིགས་མེད་མས་རྟོགས་པའི་བརྡ་བརྗོད་པ། ནགས་ལ་

བརྟེན་བཅའ་དྲང་སྲོང་རྒྱབ་ཏུ་ཤིང་ལོ་གོན། །གངས་ལ་གནས་པའི་སེང་གེ་ཡ་ང་བྲལ་ནས་འདུག །ཁྱུང་ཕྲུག་གཤོག་རུ་རྒྱས་ཚེ་རྟེན་མེད་མཁའ་ལ་ལྡིང་། །ས་འཛིན་མྱུ་གུས་འབྲས་བུ་རང་ཆས་འགྲུབ། །གདོལ་པའི་བུ་དེ་འཕྱོར་ཡང་རང་མཐོང་ཞིག །གསུང་ངོ་།། །།ཤར་ཕྱོགས་ཀཱ་མ་
རཱུ་རུ་འཕགས་པ་རང་བྱུང་གི་རྩར་མཁའ་འགྲོ་མ་འཁོར་ལོ་ཤུགས་འཆང་མས་རྟོགས་པའི་བརྡ་བརྗོད་པ། བྲམ་ཟེའི་སྐུད་པ་ཐོག་མར་བསྒྲིམས་ནས་གློད། །གསོ་རས་མཁན་མོས་ཟླ་བ་གཅིག་ནས་གློད། །ཞུན་ལ་བབ་པའི་གསེར་མགར་ཡངས་དང་བྲལ། །གདན་གྱི་སྟེང་དུ་རྒྱལ་
པོས་བག་གཞི་ཕབ། །དམུས་ལོང་མིག་ཕྱེ་སྣང་བ་གཟིགས་མོར་ཆེ། །གསུང་ངོ་།། །།མཆོད་རྟེན་དཔལ་དབྱངས་ཀྱི་རྩར་མཁའ་འགྲོ་མ་གཏུམ་མོ་གསེར་མིག་མས་རྟོགས་པའི་བརྡ་བརྗོད་པ། བྲམ་ཟེའི་རིག་བྱེད་གསང་ཚིག་བུ་ལ་སྟོན། །རྨི་ལམ་སྡུག་བསྔལ་སད་པའི་དུས་དེར་
དག །མང་པོའི་ཁྲོད་དེར་མི་ངོ་ཤེས་པ་ཉུང་། །རྒྱུ་ཡིས་མ་སྐྱེས་ནམ་མཁའ་གདོང་ནས་དག །ཏིལ་མར་ངར་བཏགས་ངར་ཀྱང་སྣུམ་གྱིས་འཕྱི། །མདའ་རུ་ལྟོར་ཟོས་ས་གཞི་གསེར་དུ་མཐོང་། །གསུང་ངོ་།། །།བྱང་ཕྱོགས་འདམ་བུའི་ཁྲོད་དུ་བདེ་ལྡན་འོད་ཀྱི་གནས་སུ་
མཁའ་འགྲོ་མ་ཉི་མའི་གཤོག་པ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། བྲམ་ཟེའི་རིག་བྱེད་གསང་ཚིག་བུ་ལ་སྟོན། །རྒྱལ་པོའི་ཕོ་བྲང་རིགས་ངན་གྱིས་མ་མཐོང་། །སྲང་ཀའི་ཁམ་ཕོར་བྱ་བ་ཟིན་ནས་འདུག །དུག་གསུམ་དག་ན་དམུས་ལོང་བྲིས་མཁན་མེད། །ནོར་བུའི་
བརྟག་པ་བླུན་པོས་ཤེས་པ་མིན། །གསུང་ངོ་།། །།རྫིང་བུ་པདྨའི་མདངས་ཅན་གྱི་འགྲམ་དུ་མཁའ་འགྲོ་མ་རྡོ་རྗེ་བསྙེམས་མས་རྟོགས་པའི་བརྡ་བརྗོད་པ། རྭ་མེད་གསེར་ལ་རྟོག་པས་གཟོན་མི་ནུས། །རིན་ཆེན་གླིང་ན་གྲམ་གསེག་གྱོ་དུམ་མེད། །དུས་ཀྱི་རྐྱེན་གྱིས་པདྨ་རྒྱས་པར་
འགྱུར། །ཚངས་པའི་ལུས་ནི་མ་བཀྲུས་དྲི་མ་དག །གསུང་ངོ་།། །།དྷ་ན་ཀོ་ཤའི་གླིང་དུ་མཁའ་འགྲོ་མ་རིན་ཆེན་ཐོད་འཛིན་མས་རྟོགས་པའི་བརྡ་བརྗོད་པ། དགྲ་མེད་མི་ལ་བསུ་བསྐྱལ་བྱ་མི་དགོས། །ཀ་ལ་པིངྐའི་གཤོག་རུ་སྒོ་ངར་རྒྱས། །པདྨའི་ཁ་ནི་ཉི་མའི་ཟེར་གྱིས་འབྱེད། །

ཆུ་དང་རླན་ནི་གཉིས་སུ་མི་སྣང་ངོ་། །གསུང་ངོ་།། །།སིང་ག་ལའི་ཚལ་དུ་མཁའ་འགྲོ་མ་ཉི་མའི་ཞགས་པ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། རྨི་ལམ་ལྟད་མོ་སུ་ཡིས་བྱས་པ་ཡིན། །བྲང་ཆབ་མེད་པའི་བུ་མོ་བརྗེད་ངས་ཆེ། །བསྐྱེད་བསྲུང་ལ་བརྩོན་འབྲས་བུ་མི་ལེན་
བླུན། །ནམ་མཁའི་ཆུ་ནི་སྨིན་པའི་རྒུན་འབྲུམ་འབར། །གསུང་ངོ་།། །།དུར་ཁྲོད་ཆེན་པོ་སྒྲ་སྒྲོགས་སུ་མཁའ་འགྲོ་མ་རྡོ་རྗེ་དུང་ཅན་མས་རྟོགས་པའི་བརྡ་བརྗོད་པ། ལྷ་ཁང་ནང་དུ་དམུས་ལོང་ལྟད་མོ་ནུབ། །ཇི་སྲིད་ཤིང་ཡོད་བར་དུ་དེ་སྲིད་མེ། །སོས་ཀའི་ཆབ་རོམ་གཞི་ལ་སྟོང་མི་སྲིད། །
སྒྱུ་མའི་མཁན་པོ་འཁྲུལ་ལ་རྟོག་པ་བྲལ། །ནོར་བུའི་ཡོན་ཏན་སུས་ཀྱང་བྱིན་པ་མེད། །བསྐལ་པ་མ་ཞིག་ཉི་ཟླའི་འོད་མི་འགག །ཁོང་སྲན་མ་བྱང་གྱད་ལ་སྒྱུ་རྩལ་མེད། །རྒྱ་མཚོར་བོར་བའི་ཆུ་ཐིགས་སྐམ་མི་འགྱུར། །གསུང་ངོ་།། །།དཔལ་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་མཁའ་
འགྲོ་མ་རིན་ཆེན་འོད་གསལ་མས་རྟོགས་པའི་བརྡ་བརྗོད་པ། སྨྱོན་པའི་མིག་གིས་ཉ་དང་སྟོང་མི་མཐོང་། །རླན་མེད་སྤྱིན་ལ་འབྱར་བའི་ནུས་པ་མེད། །སྐྱེས་བུ་མེད་པའི་ལྕགས་ཀྱུས་གླང་མེ་ཟིན། །ཐོད་ལེ་ཀོར་གྱིས་ནམ་མཁའ་མཚོན་མི་ནུས། །གསུང་ངོ་།། །།ཕྱག་རྒྱ་ཆེན་པོ་བརྡའི་
མན་ངག་ལས་དཔལ་གྱི་ཐུགས་རྣམ་པར་བཀོད་པའི་དུམ་བུ་མཁའ་འགྲོ་མ་རིན་ཆེན་གཅིག་མས་བསྡུས་པ་སྟེ་ལྔ་པའོ།། །།རྒྱ་མཚོ་གསེར་གྱི་གླིང་དུ་མཁའ་འགྲོ་མ་རྡོ་རྗེ་བུ་གཅིག་མས་རྟོགས་པའི་བརྡ་བརྗོད་པ། ཤིང་རྟ་དང་ནི་འཁོར་ལོ་འབྲལ་མི་བྱ། །དུག་སྦྲུལ་
དགྲ་རུ་སྒོ་ང་ལྡང་བར་འགྱུར། །འཛམ་བུ་ཆུ་བོའི་གསེར་ནི་དངུལ་གྱིས་ལྡང་། །གླང་པོ་དུལ་ཚེ་སྙིང་ལ་ཡི་གེ་འཇུག །གསུང་ངོ་།། །།ནུབ་ཕྱོགས་བི་རའི་ཚལ་དུ་མཁའ་འགྲོ་མ་ཤ་ཟ་དཔལ་འཛིན་མས་རྟོགས་པའི་བརྡ་བརྗོད་པ། གེ་སར་སྟེང་དུ་འདབ་མ་གདན་དུ་གདིང་། །ཐར་པ་
འདོད་པས་ཁྱབ་འཇུག་མིག་ལ་བལྟ། །སྟོབས་དང་ལྡན་པས་གསེར་འགྱུར་རྩི་མཆོག་ནི། །དེ་རིང་བནྡའི་དྲིན་ལས་རབ་ཏུ་རྙེད། །གསུང་ངོ་།། །།དུར་ཁྲོད་རབ་དགའི་ནང་དུ་མཁའ་འགྲོ་མ་ནོར་བུའི་འོད་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། གྲང་བའི་ནད་ལ་ག་བུར་བསྟེན་མི་བྱ། །ཚངས་

པའི་ཡི་གེ་སྨྲ་རུ་མ་བཏུབ་པོ། །གི་ཝང་ཟད་པའི་གླང་པོ་སྒྲོག་ལས་ཐར། །དངུལ་ཆུའི་ནུས་པ་ལྷ་དབང་མིག་ལ་ཕན། །གསུང་ངོ་།། །།ཤར་ཕྱོགས་ཁར་ས་པཱ་ཎིའི་གཙུག་ལག་ཁང་དུ་མཁའ་འགྲོ་མ་བུ་ཏ་རོ་ཟན་མས་རྟོགས་པའི་བརྡ་བརྗོད་པ། སྦྲུལ་སྔགས་ཤེས་པའི་ནད་ལ་དུག་མི་
ཚུགས། །འཆི་བའི་དུས་དེར་རྒྱལ་སྲིད་ཅི་ཞིག་བྱ། །སྣ་ཁྲིད་མེད་པའི་ལོང་བ་གང་དུ་འགྲོ། །ཕག་གིས་གླང་པོ་མཚོན་ཏེ་མ་མཚོན་ནོ། །གསུང་ངོ་།། །།དུར་ཁྲོད་མ་ཧཱ་ཀཱ་ལའི་དབུས་སུ་མཁའ་འགྲོ་མ་དཔལ་གྱི་ཕྲེང་བ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། རྨི་ལམ་ལྟད་མོ་རང་གི་སེམས་
ལ་བྱས། །མེ་ནི་སྤྲ་བ་དག་ལ་རབ་ཏུ་འབར། །ཡི་གེ་གཅིག་གིས་རིག་བྱེད་ཀུན་ལ་འཇུག །རིག་བྱེད་ཀུན་གྱིས་ཡི་གེ་གཅིག་མ་ཤེས། །གསུང་ངོ་།། །།བཱ་རཱ་ཎ་སཱིར་མཁའ་འགྲོ་མ་དཔལ་ལྡན་དུང་འབུད་མས་རྟོགས་པའི་བརྡ་བརྗོད་པ། སྔོ་གཞན་དང་ནི་གསེར་འགྱུར་རྩི་མི་འདྲ། །
ཉ་རྒྱས་ཟླ་བས་ཤེལ་ལ་ཆུ་རྒྱུན་འཛག །སྦུ་བའི་ཆུ་རྒྱུན་རྒྱ་མཚོ་རང་ལ་ཐིམ། །མཁས་པ་བ་ལང་སྐྱོང་བ་དྲག་ཤུལ་འདོར། །གསུང་ངོ་།། །།ཆུ་མིག་མདའ་ཆུ་ཁྲོན་པ་སྐྱེས་པའི་རྩར་མཁའ་འགྲོ་མ་འབར་མ་གསེར་དྲིལ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། རི་བྲགས་བས་མཐའ་དབེན་པའི་
གནས་མ་ཡིན། །རྒྱལ་པོའི་ཕོ་བྲང་ཚོང་འདུས་རབ་ཏུ་འགོལ། །བྱད་ནི་མེ་ལོང་རྒྱབ་ཏུ་བལྟ་མི་བྱ། །སྣག་ཚ་བྱི་བའི་ཡི་གེ་སྙིང་གིས་ཀླག །གསུང་ངོ་།། །།གླང་པོ་ལྗོངས་ཀྱི་གྲོང་ཁྱེར་དུ་མཁའ་འགྲོ་མ་ཁྲག་སྣ་རྒྱལ་མོས་རྟོགས་པའི་བརྡ་བརྗོད་པ། ནམ་མཁའི་ཡིད་ཅན་མཁའ་ལས་
འཕགས་མ་ནུས། །དྲང་སྲོང་རྒྱལ་མཚན་ཐར་པའི་ལམ་མ་ཡིན། །དཀྱིལ་འཁོར་གྱིས་ཀྱང་མྱ་ངན་ལས་མི་འདའ། །འབྲས་བུ་མཆོག་ནི་སྨྱོན་པའི་སེམས་ལས་བཙལ། །གསུང་ངོ་།། །།བྱང་ཕྱོགས་སྨན་གྱི་ནགས་སུ་མཁའ་འགྲོ་མ་གཙུག་ན་རྒྱན་གྲོ་ལ་མས་རྟོགས་པའི་བརྡ་བརྗོད་པ།
ཕག་རྒོད་མགོ་བོ་རྡོག་པས་མནན་པའི་མི། །སྐྱེས་བུ་དེ་ཡིས་གདམས་ངག་ཐམས་ཅད་བསྟན། །དེད་དཔོན་བུ་ཡིས་ནམ་མཁའི་ཡི་གེ་ཀླག །གྲོགས་དག་འདི་ཡི་ཞབས་ལ་འདུད་པར་རིགས། །གསུང་ངོ་།། །།དཔལ་འབྲས་ཕུང་དུ་མཁའ་འགྲོ་མ་དཔལ་ལྡན་གྲུ་འཛིན་མས་རྟོགས་

པའི་བརྡ་བརྗོད་པ། རྫ་ཡི་འཁོར་ལོ་སྲུབ་ཐག་མ་ཐེན་པར། །ནོར་བུ་རིན་ཆེན་འདི་ལ་མཆོད་པར་བྱ། །གླང་པོ་སྨྱོན་པ་འཚོང་བའི་མི་དེ་མཁས། །གཏེར་མཐོང་ནས་ནི་འབྱོལ་བར་མི་བྱའོ། །གསུང་ངོ་།། །།མཆོད་རྟེན་རྣམ་དག་གི་རྩར་དཔལ་རང་བྱུང་གི་རྒྱལ་མོས་རྟོགས་པའི་
བརྡ་བརྗོད་པ། ཀྱེ་ཧོ་བུ་རྣམས་སེང་གེའི་འོ་མ་འཐུང་། །ཕན་པའི་སྨན་མར་ཕྱི་རུ་མ་སྐྱུག་ཅིག །སྙིང་གི་དབུས་སུ་ཉི་མ་ཤར་ནས་སུ། །མུན་པའི་ཚོགས་རྣམས་རབ་ཏུ་འཇོམས་པར་འགྱུར། །གསུང་ངོ་།། །།ཕྱག་རྒྱ་ཆེན་པོ་བརྡའི་མན་ངག་ལས་ལས་རྣམ་པར་གྲོལ་བའི་དུམ་བུ་མཁའ་
འགྲོ་མ་དཔལ་ལྡན་པདྨའི་སྤྱན་གྱིས་བསྡུས་པ་སྟེ་དུམ་བུ་དྲུག་པའོ།། །།ལེ་ཕྲན་ལྔ་བཅུ་རྩ་ལྔ་པ་ཕྱག་རྒྱ་རིན་པོ་ཆེ་བརྡའི་མན་ངག་རྗེ་དམ་པ་ལ་མཁའ་འགྲོ་མས་གཏད་དེ་ཞ་མ་ལོ་ཙཱ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཌཱ་ཀི་ནི་བཛྲ་གུ་ཧྱ་གཱི་ཏི་ནཱ་མ།
བོད་སྐད་དུ། མཁའ་འགྲོ་མ་རྡོ་རྗེ་གསང་བའི་གླུ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ལྷ་མོ་བདག་མེད་མ་ལ་ཕྱག་འཚལ་ལོ། །ཨུ་དུམྦཱ་རའི་ཨུཏྤལ་རྒྱུན་དུ་འཁྲུངས་པ་དཀོན། །གཡུལ་ངོ་མི་ལྡོག་གྱད་ཀྱི་དགོས་པ་སྟོར། །ནོར་བུའི་གླིང་ནས་སྟོང་འདབ་བྱེད་ནུས་སམ། །འཁོར་
ལོའི་རྩིབས་ལ་ཞོན་པའི་སྐྱེས་བུ་བྲེལ། །ཆུ་བོ་ཆེན་པོའི་རྒྱུན་འདི་བཅད་མི་ནུས། །ལྕགས་ཀྱི་ཕ་ཝང་གྱེན་ལ་འདྲིལ་བར་དཀའ། །ཉི་ཟླའི་འཁོར་ལོ་རླུང་གིས་བཟློག་མི་ནུས། །མིག་སེར་ནད་ཀྱིས་བཏབ་ན་དུང་ཡང་སེར། །བྱང་བལྟའི་ཕུག་པར་ཉི་ཟླའི་འོད་མི་འཆར། །སྐྱེས་བུ་རང་
སྲོག་དོར་བའི་དཔའ་བོ་བླུན། །དུག་ནི་སྲོག་གི་བདུད་ཡིན་མངར་ཡང་དོར། །རྦ་ལ་འབྱོལ་བའི་མཉན་པ་བྱ་བཏང་བསྐྱེད། །ནད་ལ་ཕན་པའི་སྨན་ནི་ཁ་ཡང་བཟའ། །པུཎྜ་རཱི་ཀའི་ས་བོན་མ་མཐོང་ངམ། །ལྷ་སྲས་བཟོད་པ་ཆེ་ན་ཀུན་གྱིས་འཁུར། །ཚོང་དུས་འགྲོན་པོ་འབྲེལ་མེད་
ཚོགས་ཀྱི་འགྱེས། །སྦྲང་མ་རྩི་བཅུད་མང་བས་སྡུག་བསྔལ་སྐྱེད། །ངལ་སར་མཁར་ལེན་བྱེད་པའི་སྐྱེས་བུ་བླུན། །སྒྱུ་མའི་ཡུལ་ལ་མཁན་པོ་ཆགས་མི་སྐྱེ། །བྲག་ཅའི་སྒྲ་འདི་སྟོད་སྨད་སྨྲ་མི་བྱེད། །རྨི་ལམ་བདེ་སྡུག་འདི་ནི་སད་པས་སྟོང་། །ཕྱག་རྒྱ་ཆེན་པོ་བརྡའི་མགུར་

ལས་བྲུལ་ཚོ་དང་པོའོ།། །།ཨ་མ་མཐོང་བའི་བུ་ཆུང་གཞན་ལ་ཡིད་མི་འཆོར། །སྐྱེས་བུ་སྐམ་གྱིས་གདུངས་པ་ཁ་ཟས་གཞན་མི་འདོད། །མཁའ་ལ་འབྲུག་སྒྲ་བསྒྲགས་པས་དུས་ཀྱི་ཡིད་ཆེས་བྱས། །ཁྱིམ་བདག་ཁེ་མཐོང་ལས་ལ་ངལ་བ་མེད། །ནད་ཀྱིས་ཉེན་པའི་མི་ནི་
དཔྱད་ལ་དགའ། །དེད་དཔོན་ནོར་བུ་འདོད་ཕྱིར་རྩོལ་བ་བྱེད། །ཉེ་ཞོ་མེད་པའི་ཚང་ཚོལ་ཁུ་རྟ་སྒྲིམ། །དྲང་སྲོང་རིགས་ལྡན་ཡ་ངའི་ཁ་ཟས་སྤོང་། །དོར་སྡེབས་མཐུན་པའི་གླང་པོ་རོལ་དུ་བདེ། །དགེ་སློང་གཞོན་ནུའི་བསམ་པ་དྲན་གྱིས་ལ། །ཏིལ་ངར་ལྡན་པའི་གྲི་ཐོགས་ཀུན་དུ་
རྒྱུག །མར་མེའི་འོད་ལ་བཙལ་ཐབས་ལེགས་སུ་གྱིས། །གདན་སར་བཏོན་པའི་རྒྱལ་བུ་འདི་ལ་ལྟོས། །བུང་བས་རྩི་བཅུད་མ་ལུས་རོ་གཅིག་སྡུད། །གྱད་ནི་དཔུང་བཞིར་བཅས་ཏེ་དགྲ་དཔུང་འཇོམས། །རྒོལ་བ་མི་ལྡོག་སྟོབས་ལྡན་ཅི་ཡི་ཕྱིར། །གསང་ཚིག་མི་སྒྲུབ་བློན་པོ་གྲོས་མི་དབང་། །
བཀའ་བཞིན་མི་བསྒྲུབ་རྒྱལ་པོའི་གཤེད་མས་སྤོང་། །སྲོག་རྒོལ་དགྲ་ལ་བཟོད་པར་མི་རུང་བསྲེ། །རིག་བྱེད་མཁན་པོའི་རྒྱུད་ནི་ཤི་ཡང་སློབ། །ཁྲིམས་ལ་གནས་པའི་རྒྱལ་པོ་སེམས་རྒྱ་བསྐྱེད། །ཕྱག་རྒྱ་ཆེན་པོ་བརྡའི་མགུར་ལས་བྲུལ་ཚོ་གཉིས་པའོ།། །།ཡིད་
བཞིན་ནོར་བུ་ཁུར་དུ་ཁུར་ནས་ཀྱང་། །སྟོབས་དང་ལྡན་པའི་གླང་པོ་ཞོན་བྱས་ཏེ། །བདུད་རྩི་གངས་ཀྱི་ཞུན་མ་བཏུང་བར་བྱ། །ཆུ་བོ་སྒྲོལ་བའི་གྲུ་ལ་ཟག་ལྷན་གདབ། །སྒོ་ལྔ་མདངས་དང་ལྡན་པའི་གཟུགས་བརྙན་ལྟོས། །སྲོག་དང་བྲལ་བའི་སྐྱེས་བུ་དེ་ཅི་སེམས། །མཁན་བཟོས་མ་
བྱས་བསེ་རུའི་གཟུགས་ལ་ལྟ། །བཙོ་སྲེག་མ་བྱས་ས་བོན་མྱུ་གུའི་རྒྱུ། །བྲམ་ཟེ་སྐུད་པ་འཁལ་བའི་དྲུང་དུ་སྡོད། །ན་བུན་ཐིབས་པོ་འདི་ནི་རླུང་གིས་གཏོར། །གླང་ཆེན་སྨྱོན་པ་འདི་ནི་ལྕགས་སུ་གཞུག །བུང་བས་མེ་ཏོག་རྩི་ཐོབ་ཕྱིར་མི་བལྟ། །མཁའ་ལ་འཇའ་ཚོན་སྐྱོན་བྲལ་རང་
སར་ཡལ། །འགྲུལ་པོས་ཆུ་སྒྲོལ་གྲུ་ཡི་གཅེས་འཛིན་ཞིག །མཐོང་བྱེད་མིག་དང་བྲལ་བས་ཡུལ་རྣམས་འགགས། །རྒྱལ་པོའི་བཀའ་ལ་བརྙས་ན་ཆད་པའི་གནས། །མཐོན་པོའི་རྩེ་ནི་ལྷུང་བའི་གནས་ཡིན་གཟབས། །འདབ་གཤོག་ཡ་འགལ་གྱིས་ནི་འཕུར་མི་ནུས། །

ནམ་མཁའི་ཆོ་འཕྲུལ་སྐྱེ་འགྲོའི་དཔལ་དུ་ཤར། །མཁའ་ལ་ཆར་རྒྱུན་བབ་པས་རྩི་ཐོག་འཁྲུངས། །དེད་དཔོན་རྒན་པོའི་གླིང་དོན་གཞན་གྱི་ཆེད། །ཕྱག་རྒྱ་ཆེན་པོ་བརྡའི་མགུར་ལས་བྲུལ་ཚོ་གསུམ་པའོ།། །།དིག་མས་ཚིག་ཏུ་སྨྲས་པ་
མེད། །ཆུ་ཤལ་ཟླ་བ་སུ་ཡིས་བྱས། །ནམ་མཁའི་ཆོ་འཕྲུལ་སྣ་ཚོགས་ངོ་མཚར་ཆེ། །ནམ་མཁའི་དབྱིངས་དང་ཁ་དོག་སུ་ཡིས་མཐོང་། །བར་སྣང་དངས་པའི་ནུས་པ་གང་གི་མཐུ། །ན་བུན་འདི་ལ་ངོས་གཟུང་འདུག་གམ་ཅི། །རྣ་དབང་སྒྲ་ལ་ཟིན་པའི་རི་དགས་བླུན། །དབང་པོ་
ཡུལ་གྱིས་ནོན་པའི་རི་དགས་ལྟོས། །གཉེན་པོ་འཕྲིག་དང་ལྡན་པས་ཤ་བ་ལྟོས། །ཆུ་ཡི་ཟླ་བ་མ་བསྒུལ་བཞག་ན་དྲུངས། །ཏིལ་གྱི་མར་མེ་གསལ་དངས་ངར་དང་ལྡན། །རྨི་ལམ་བདེ་བའི་ཉམས་ནི་སད་པས་སྟོང་། །རྒྱལ་པོས་ས་སྲུང་རལ་གྲིས་རྒོལ་བ་འཇོམས། །ཁྲོ་བོའི་
གཟུགས་བརྙན་འདི་ཡིས་བྱིས་པ་སྡིགས། །གནམ་ལྕགས་ཐོག་གི་ཤུགས་ལ་སྲ་སྙི་མེད། །ཆུ་ཡི་ཟླ་བ་འདི་ལ་ཡིད་མི་གཏད། །འཇའ་ཚོན་ངོ་བོས་སྟོང་པས་སྤང་བླང་མེད། །ན་བུན་མཁའ་ལ་ཡལ་བའི་བྱུང་ས་ལྟོས། །དངོས་མེད་མུན་པས་ཁྱབ་པའི་ནམ་མཁའ་ལས། །སྣ་
ཚོགས་མདངས་དང་ལྡན་པའི་ལྷོ་སྤྲིན་འཐིབས། །ཆར་རྒྱུན་དུ་མས་འགྲོ་བའི་ལོ་ཏོག་རྒྱས། །ཕྱག་རྒྱ་ཆེན་པོ་བརྡའི་མགུར་ལས་བྲུལ་ཚོ་བཞི་པའོ།། །།མྱུ་གུ་མགོ་རྩ་གཉིས་སུ་གྱེས་ཀྱང་གཅིག་གི་སྟོབས། །ཆུ་ནང་ཟླ་བ་ཆ་མེད་ནམ་མཁའི་ཆོ་འཕྲུལ་ཡིན། །ག་བུར་
ནུས་པ་འདི་ཡི་སྨན་དུག་བྱས་པ་མེད། །ཆབ་རོམ་སྣང་ཡང་ཆུ་ལས་གུད་ན་གྲུབ་པ་མེད། །ན་བུན་འདི་ཡི་རང་བཞིན་ཆ་མེད་གཟུང་བས་སྟོང་། །མེ་ལོང་ནང་དུ་གཟུགས་མེད་རྐྱེན་ཤར་སྣང་བ་ཙམ། །མོ་གཤམ་བུ་ཡི་ཕ་མ་ཁྱོད་ཀྱིས་མཐོང་ངམ་ཅི། །སྐད་ཅིག་འདི་ལ་དུས་གསུམ་ཁོང་
ནས་དག་པ་ཡིན། །ལིཙྪ་བཱི་ཡིས་སྨྲས་པ་ཁྱོད་ཀྱིས་ཇི་ལྟར་གོ། །ཨ་ལུ་ངོ་ཤེས་བྱིས་པ་དེ་དུས་བྲིད་དུ་མེད། །འ་ཙི་བ་ལའི་མཚང་རྟོགས་ནས་ནི་འཇིགས་མི་དགོས། །ནོར་བུ་ལག་ཏུ་ལོན་པའི་དེད་དཔོན་དབུལ་དང་བྲལ། །ཤེལ་གྱི་རང་བཞིན་མི་འགྱུར་ཚོན་གྱིས་བཅོས་སུ་མེད། །ནམ་

མཁའ་མ་གྲུབ་ཕྱིར་ན་སྤྲིན་གྱིས་གང་ལ་སྒྲིབ། །གསེར་ལ་གཟུགས་བརྙན་དུ་མ་བྱས་ཀྱང་གསེར་ཉིད་ཡིན། །གྲིབ་མ་གཟུགས་ལས་བྱུང་བར་ཤེས་པས་སྤང་བླང་མེད། །དྲང་སྲོང་རྣམས་ཀྱི་རིག་པས་སྨན་དུག་དབྱེར་མ་ཕྱེད། །དབུལ་མོ་གཏེར་དང་ཕྲད་ཚེ་བཅོལ་བའི་ལས་མི་བྱེད། །ནམ་
མཁས་ནམ་མཁའ་བསྟེན་པས་ནམ་མཁའ་ཕྱི་ནང་འདྲེས། །སྤང་བླང་མེད་པའི་ནམ་མཁའ་ལ་ནི་འབྱུང་བཞི་ཤར། །འབྱུང་བཞིའི་རྩལ་དུ་འགྲོ་བ་གསོ་བསྐྱེད་བྱས། །ཕྱག་རྒྱ་ཆེན་པོ་བརྡའི་མགུར་ལས་ལ་བཟླ་བའི་བྲུལ་ཚོ་སྟེ་ལྔ་པའོ།། །།ཞིང་པ་བརྩོན་འགྲུས་ལྡན་པ་
ལ། །ལུས་ངག་ལས་ལ་དུབ་པ་མེད། །མཚན་དཔེས་བརྒྱན་པ་འཁོར་ལོས་སྒྱུར། །གདན་སར་གདོན་པའི་བྱ་བ་གཅེས། །ལྷ་ཡི་བུ་མོ་ཡིད་འོང་མ། །སྒྱུ་མ་ཙམ་དུ་བརྩེ་བར་བྱ། །མདུང་རྩེ་ལྔ་ལ་ངར་བླུད་དེ། །ནམ་མཁའི་འོ་མ་དབུག་པར་བྱ། །ཐེམ་སྐས་གདང་བུ་བཞི་ལ་དབབ། །
གཞོན་དུས་བྱིས་པ་ཟས་ཀྱིས་བཀོལ། །གངས་ཀྱི་ཐིགས་པ་མི་དབོ་བར། །དཔྱང་ཐག་འདྲེན་པའི་ཐག་པ་བཟུང་། །རླུང་གིས་མཁའ་ལ་སྦར་ནས་ཀྱང་། །ཆུ་བྲན་ཡུར་བ་གཟུད་པར་བྱ། །ཆབ་རོམ་སྨིན་པ་རྡོ་ཡི་མི། །སྐྱེ་དང་འཆི་བས་སླུ་མི་ཤེས། །དེས་ནི་མཆོག་གི་ནོར་བུའི་གཏེར། །
རྨ་བྱའི་ཟས་ནི་བཙན་དུག་ཉིད། །མེ་ཡིས་ཚིག་ལ་མེ་ཉིད་སྨན། །འདོད་ཅན་རྣམས་ཀྱི་དོན་དུ་ནི། །ཐབས་ཀྱི་ཁྱད་པར་གཞན་ལས་འཕགས། །ཕྱག་རྒྱ་ཆེན་པོ་བརྡའི་མགུར་ལས་རྩ་བའི་དེ་ཉིད་བསྟན་པ་སྟེ་བྲུལ་ཚོ་དྲུག་པའོ།། །།རྣམ་པར་ཤེས་པ་ནམ་མཁའི་གཟུགས། །
སྲིད་དང་ཞི་བའི་བྱེད་པའོ། །སྲིད་པས་གཟུགས་སུ་བཟུང་བས་འཆིང་། །ཞི་བས་དེར་འཛིན་སྤྲོས་དང་བྲལ། །སྲིད་པས་དབུས་སུ་བཅུག་པ་ཡིས། །ལྷན་ཅིག་སྐྱེས་པ་འཛིན་པར་བྱེད། །རྩ་གསུམ་འཁོར་ལོ་བཞི་སོགས་ཀྱིས། །ལུས་རྣམས་ཀུན་ལ་ཁྱབ་པར་གནས། །འབྱུང་
དང་འཇུག་དང་གནས་དང་གསུམ། །ཡི་གེ་གསུམ་གྱི་སྦྱོར་བ་ཡིས། །དགུ་བརྒྱ་བཅུ་གཅིག་གྲངས་ཐེམ་ན། །རྟོག་པ་རླུང་གིས་ཟ་བར་བྱེད། །མི་རྟོག་ལྔ་པོ་ཤར་བ་ཡིས། །ལས་ཀྱི་རྨང་རྡོ་ལྔ་པོ་བཅོམ། །འོད་གསལ་བ་ཡི་དོན་མཐོང་ནས། །བར་དོའི་གྲོང་ཁྱེར་འཇོམས་

པར་བྱེད། །ཕྱག་རྒྱ་ཆེན་པོ་བརྡའི་མགུར་ལས་རླུང་གི་དེ་ཉིད་བཤད་པ་སྟེ་བྲུལ་ཚོ་བདུན་པའོ།། །།ཕྱག་རྒྱ་ཆེན་པོ་བརྡའི་མན་ངག་མཁའ་འགྲོ་མ་རྡོ་རྗེ་གསང་བའི་མགུར་བྲུལ་ཚོ་བདུན་དུ་བསྟན་པའོ།། །།མཁའ་འགྲོ་མའི་གསང་མཛོད་ན་གནས་པ་ལས་
དབྱིངས་ཀྱི་གཙོ་མོ་རྣམས་ཀྱི་བཀའ་བགྲོས་ནས། ཀ་མ་ལ་ཤཱི་ལ་ལ་གཏད། ཞ་མ་ལོ་ཙཱ་བ་སྟོན་པ་སེང་གེ་རྒྱལ་པོས་བསྒྱུར་བའོ།། ༄༅། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཁའ་འགྲོས་བྱིན་བརླབས་རྟོགས་པའི་བརྡ། །ཏིལ་ནི་སྒྲོན་མེ་གསལ་བར་བྱེད། །སྔགས