Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 53

Văn bản gốc(Tây Tạng)

Trang 10 / 18 (50.000 ký tự/trang)
་གསུངས་ཏེ། །བུམ་པའི་བུམ་པ་ཐུན་མོང་སྟེ། །གསང་དབང་ཁྱད་པར་བུམ་པའོ། །ཤེས་རབ་ཡེ་ཤེས་སྦས་པ་གཉིས། །དེ་ལྟར་རྣམ་གསུམ་བུམ་
པ་ཡང་། །ཡོད་མེད་མཐའ་ལས་ཡང་དག་གྲོལ། །བུམ་པའི་དབང་ནི་བཞི་པ་ཡིན། །དེའི་གནས་སྤྱི་བོར་བུམ་བརྟན་བྱ། །ཕྱི་ཡི་སྤྱི་བོར་ཆུ་ཡི་ཁྲུས། །ནང་གི་སྤྱི་བོར་ཚངས་པའི་སྒོར། །སེམས་འབེབས་སྦས་པ་སེམས་ཕྱིར་འབེབས། །དབང་བསྐུར་བ་ཡི་ཐབས་མཆོག་ནི། །
སློབ་མས་བསྒོམས་ནས་བཟེད་པའི་ཚུལ། །མཉེས་པའི་བླ་མས་སྦྱིན་པར་མཚུངས། །བསམ་མཐུན་བདེ་ཐབས་དམ་པའོ། །ཕྱི་ནང་སྦས་པའི་བུམ་པ་ཡིས། །སྲོག་གཅོད་རྐུ་དང་ལོག་པར་གཡེམ། །ལུས་ཀྱི་ཉེས་གསུམ་བྱང་བས་ན། །ལུས་ཀྱི་དྲི་མ་དག་པར་བཤད། །ཉོན་
མོངས་སྒྲིབ་དང་ཤེས་བྱའི་སྒྲིབ། །ས་བཅུ་དག་གིས་བྱང་བར་གསུངས། །དཀྱིལ་འཁོར་མཐོང་བས་ཚོགས་ཀྱི་ལམ། །ཕྲེང་བས་མོས་སྤྱོད་སྦྱོར་ལམ་དག །ཆུ་དང་དབུ་རྒྱན་ས་དང་པོ། །མཐོང་ལམ་རྣམ་པར་དག་པར་གསུངས། །རྡོ་རྗེ་དྲིལ་དང་བདག་པོ་ཡིས། །ས་གཉིས་

པ་ནས་བརྒྱད་པའི་བར། །སྒོམ་ལམ་རྣམ་པར་དག་པར་བཤད། །བརྟན་པར་བྱེད་པས་འབྲས་བུ་ལམ། །ས་བཅུ་དག་པར་རྒྱལ་བས་གསུངས། །དེ་ལྟར་དབང་ཐོབ་སློབ་མ་ལ། །བླ་མས་མན་ངག་དྲིན་སྦྱིན་བྱ། །དཀྱིལ་འཁོར་བྲི་བ་ལ་སོགས་པའི། །སློབ་
དཔོན་སྤྱི་ཡི་ལས་དག་དང་། །བསྐྱེད་པའི་རིམ་པའི་མན་ངག་དང་། །ཞི་སོགས་བྱ་བའི་ལས་དག་དང་། །ཐུན་མོང་སྒྲུབ་སོགས་མན་ངག་སྦྱིན། །ཐུན་མོང་བུམ་སོགས་ཕྱི་རྒྱུད་སྦྱིན། །ཁྱད་པར་ནང་གི་དེ་བཞིན་ནོ། །ནང་གི་བུམ་པའི་དབང་རྫོགས་ན། །བདེན་པ་གཉིས་ཀྱི་མན་
ངག་བསྟན། །སྦས་པའི་བུམ་པའི་དབང་ཐོབ་ནས། །སྦས་པའི་ཀུན་རྫོབ་སྤྱོད་གསུམ་བསྟན། །མདོར་ན་ཇི་བཞིན་སྒྲ་དང་ནི། །དགོངས་མ་ཡིན་དང་བཀྲི་དོན་དང་། །ཚིག་གི་དོན་དང་ཡན་ལག་དོན། །ཚོགས་ལ་བཤད་རིམ་གནས་པར་བཤད། །དངོས་གྲུབ་མྱུར་བའི་རྟགས་དང་
ནི། །སོ་ཤིང་དོར་དང་རྨི་ལམ་དང་། །ཅི་མཐོང་དྲི་དང་མེ་ཏོག་དོར། །དབབ་པ་དག་ལས་ཤེས་པར་བྱ། །ཕྱི་ཡི་སྦས་པའི་ངག་བརྡ་དང་། །ལྔ་བསྡུས་ཕྱག་རྒྱ་དེ་ལ་བསྟན། །འདྲི་བས་དགེ་སློང་གསང་ཕྱིར་བསྟན། །དབང་རྫས་དག་གི་ཁྱད་པར་ནི། །མགོ་ལ་འདོགས་པའི་མེ་
ཏོག་ཕྲེང་། །སྤྱི་བོར་དག་པའི་ཆུ་ཡིན་ནོ། །དེ་ཡང་བུམ་པའི་བྱེ་བྲག་ལས། །རིན་ཆེན་དང་ནི་ཐོད་སོགས་ཕྲེང་། །མགོ་ལ་བཅིང་བའི་དབུ་རྒྱན་ཡིན། །དཔྲལ་བར་རིགས་དང་རྗེས་མཐུན་པའི། །རྟགས་ཀྱི་རྡོ་རྗེ་དེ་སྦྱིན་བྱ། །དྲིལ་བུ་ཁ་ཡི་ཐད་ཀར་སྦྱིན། །མིང་ལ་དབང་རྫས་དག་
པའི་མཚན། །དམ་ཚིག་རྡོར་དྲིལ་ལག་ཏུ་སྦྱིན། །གསོར་གསིལ་སྒྲ་དང་བཅས་པའོ། །ཕྱག་རྒྱའི་བདག་པོའི་ཕྱག་རྒྱར་བསྒོམ། །དབུགས་དབྱུང་བ་དང་ཡོན་ཏན་བརྗོད། །ལུང་བསྟན་པ་ལ་ཆོས་གོས་དབྱིབས། །ཕྱིར་མི་ལྡོག་ལ་དེ་ཉིད་བསྟན། །གཞན་ཡང་ཞར་ལ་
འོངས་པའི་རྫས། །ཅོད་པན་མེ་ལོང་དུང་དང་ནི། །གསེར་བྱས་ཐུར་མ་ལ་སོགས་པའི། །སོ་སོའི་རྒྱུད་ཀྱི་རྗེས་འབྲངས་ཏེ། །ཇི་ལྟར་འབྱུང་བ་དེ་བཞིན་བྱ། །དེ་ལས་གཞན་པའི་ཐུན་མོང་དང་། །རིན་ཆེན་བདུན་དང་ཉེ་བའི་བདུན། །བཀྲ་ཤིས་བརྒྱད་དང་ཉེར་བརྒྱད་སོགས། །

བྱ་བའི་རྒྱུད་དང་གཉིས་ཀ་དང་། །རྣལ་འབྱོར་རྒྱུད་ལས་གང་བསྟན་པ། །རྣལ་འབྱོར་བླ་མའི་གནས་སྐབས་སུ། །རྫོགས་པར་ཡོད་ཅེས་རྒྱལ་བས་གསུངས། །དབང་བསྐུར་བླ་མའི་དགོངས་པ་ཡང་། །སྤྱི་དང་ཁྱད་པར་ཤེས་བྱ་སྟེ། །མཁའ་དང་མཉམ་པའི་ཡེ་ཤེས་ལས། །
སྙིང་རྗེ་སློབ་མ་ལ་བསྐྱེད་དེ། །བུ་ཡི་འདུ་ཤེས་ཉེར་བཞག་ནས། །བྱམས་སེམས་དགའ་སེམས་བཏང་སྙོམས་སེམས། །རྩེ་གཅིག་ཅི་ཡི་དགོངས་རྒྱུད་ཡིན། །ཁྱད་པར་སོ་སོའི་དགོངས་པ་སྟེ། །མེ་ཏོག་ལྷ་དང་བཅས་པ་དེ། །སློབ་མ་དེ་ལ་ཐིམ་པར་བསམ། །རྒྱུད་
རྣམས་སོ་སོའི་རྗེས་མཐུན་པའི། །ལྷ་དང་ལྷ་མོ་ཇི་ལྟ་བས། །བདུད་རྩིའི་བུམ་པས་དབང་བསྐུར་བ། །ཆུ་ཡི་དགོངས་པའོ་ཡེ་ཤེས་ལྔའི། །རྟགས་སུ་སྐུ་ལྔ་རྫོགས་བྱེད་པ། །དབུ་རྒྱན་ཧཱུཾ་ལས་རྡོ་རྗེ་བསྐྱེད། །དེ་འོག་རྒྱུད་ལྔ་སྦྱང་བྱ་སྟེ། །ཡེ་ཤེས་ལྔར་གྲུབ་རྡོ་རྗེའོ། །
ཤེས་རབ་དབྱངས་ཀྱིས་ངག་སྒྲིབ་སྦྱངས། །དྲིལ་བུའོ་མིང་གི་བདག་པོ་ཡི། །དངོས་གྲུབ་རྗེས་སུ་འཛིན་པར་བཤད། །ཡང་ན། ཕྲེང་བའི་ཡི་དམ་རྒྱལ་བའི་དབང་། །ཆུ་ཁམས་མི་བསྐྱོད་རྣམ་པར་དག །དབུ་རྒྱན་རིན་ཆེན་མཉམ་ཉིད་དེ། །རྡོ་རྗེ་ཀུན་རྟོག་འོད་དཔག་མེད། །
དྲིལ་བུ་བྱ་གྲུབ་གདོན་མི་ཟ། །མིང་ནི་ཆོས་དབྱིངས་སྣང་མཛད་སྐུ། །རྡོ་རྗེ་བརྟུལ་ཞུགས་སེམས་དག་བྱེད། །དྲིལ་བུ་ངག་ནི་རྣམ་དག་སྟེ། །ཕྱག་རྒྱ་དམ་ཚིག་ལུས་དག་པའོ། །ཡང་ན། རྡོ་རྗེ་ཐབས་ཀྱི་ངོ་བོ་སྟེ། །དྲིལ་བུ་དེ་བཞིན་ཤེས་རབ་སྦྱངས། །གཉིས་མེད་
ཕྱག་རྒྱ་དམ་ཚིག་འདོད། །གཟེངས་བསྟོད་པས་ནི་ལུང་བསྟན་ནོ། །ཇི་སྐད་བསྒོ་བ་བཀའ་ཡིན་ནོ། །ཡོན་ཏན་བརྗོད་པས་དབུགས་ཕྱུང་བས། །དེ་ཁོ་ན་ཉིད་ཀྱིས་ཕྱིར་མི་ལྡོག །གཞན་ཡང་རྒྱུད་ཀྱི་རྗེས་འབྲངས་ཏེ། །ཇི་ལྟའི་དགོངས་རྒྱུད་དེ་དང་དེས། །སློབ་མ་རྣམས་ནི་ཡོངས་
སྨིན་བྱ། །ནུས་པའི་ཚད་ནི་རྣམ་པ་ལྔ། །དྲི་མ་འཁྲུད་དང་སྒྲིབ་བྱང་དང་། །ལས་བྱེད་པ་དང་འབྲས་བུ་ལ། །མངོན་དུ་ཕྱོགས་དང་བདུད་བཞི་ནི། །འཇོམས་པའི་ནུས་པས་བརྗོད་པ་སྟེ། །ཕྲེང་བ་སམ་དག་དྲི་མ་དང་། །མོས་པའི་སྤྱོད་པས་སྒྲིབ་པ་འཁྲུ། །འདོད་ལྷ་མཉེས་པའི་

ལས་ཡིན་ཏེ། །འབྲས་བུ་མཐོང་བའི་ལམ་ལ་ཕྱོགས། །ཡི་དམ་དངོས་གྲུབ་ཉེ་བ་ཡིན། །གཟུང་འཛིན་ཕུང་པོའི་བདུད་རྣམས་བཅོམ། །ཆུ་དང་དབུ་རྒྱན་གྱི་ནུས་པས། །འཁོར་འདས་དྲི་མ་རྣམ་གཉིས་འཁྲུ། །ས་ནི་དང་པོའི་སྒྲིབ་པ་དག །ལས་ནི་རྡོ་རྗེ་
རིན་ཆེན་གྱིས། །རིགས་ཀྱི་ང་རྒྱལ་བྱེད་པ་ཡིན། །འབྲས་བུ་བསྒོམ་ལམ་ཕྱོགས་པ་དང་། །རྡོ་རྗེ་དང་ནི་རིན་ཆེན་གྱི། །ཐུན་མོང་དངོས་གྲུབ་འགྲུབ་པ་ཡིན། །ཉོན་མོངས་པ་ཡི་བདུད་རྣམས་བཅོམ། །རྡོ་རྗེ་དྲིལ་བུ་བདག་པོ་ཡིས། །གཡེང་བ་ལྔ་ཡི་དྲི་མ་འཁྲུ། །ས་གཉིས་པ་
ནས་བརྒྱད་པ་ཡི། །བར་གྱི་སྒྲིབ་པ་སྦྱངས་པ་ཡིན། །པདྨ་ལས་དང་སངས་རྒྱས་ཀྱི། །རིགས་ཀྱི་ང་རྒྱལ་ལས་བྱེད་ཡིན། །འབྲས་བུ་མཐར་ཕྱིན་ལ་ཕྱོགས་ཤིང་། །གསུམ་པོའི་ཐུན་མོང་གྲུབ་པ་ཡིན། །འཆི་བདག་བདུད་བཅོམ་ཚེ་ལ་དབང་། །བརྟན་བྱེད་དབང་གི་རིམ་པ་ཡིས། །
གཡེང་བ་ཕྲ་མོའི་དྲི་མ་འཁྲུ། །ས་བཅུའི་སྒྲིབ་པ་དག་པར་བྱེད། །ལས་ནི་བརྟེན་པར་བྱེད་པ་སྟེ། །བརྟུལ་ཞུགས་ཀྱིས་ནི་མེ་ཏོག་བརྟན། །ཆུ་དང་དབུ་རྒྱན་དམ་ཚིག་གིས། །བུམ་པ་བརྟན་པར་བཀའ་སྩལ་གྱི། །རྡོ་རྗེ་དྲིལ་བུ་ལུང་བསྟན་གྱིས། །དབུགས་ཕྱུང་བས་ནི་བདག་པོའོ། །
ཡང་ན་ཀུན་གྱིས་ཐམས་ཅད་དོ། །སངས་རྒྱས་ས་ལ་མངོན་ཕྱོགས་དང་། །དངོས་གྲུབ་བརྟན་བྱེད་འབྲས་བུའོ། །ལྷ་ཡི་བདུད་གཅོད་བུམ་པ་ཡིན། །འབྲས་བུ་བཞི་ནི་མེ་ཏོག་ལའོ། །རྒྱུ་མཐུན་ཆུ་དང་དབུ་རྒྱན་གྱིས། །རྡོ་རྗེ་དྲིལ་བུ་རྣམ་སྨིན་ཡིན། །སྐྱེས་བུ་བྱེད་པ་མིང་གིས་ཏེ། །
བརྟན་པ་དྲི་མེད་འབྲས་བུ་སྟེ། །ཡང་ན་འབྲས་བཞི་བསྟན་ཞེས་པའོ། །རྒྱུད་ལས་གསུངས་པའི་ཡོན་ཏན་ནི། །བསམ་ཡས་ཇི་སྙེད་བསྟན་པ་ཀུན། །དབང་གི་འབྲས་རབ་ཡིན་པར་གསུངས། །འབྲས་བུ་ཡོད་དང་རྒྱུ་འབྱུང་སྟེ། །དབང་ཐོབ་རྒྱུ་ནི་ཡོན་ཡིན་ཏེ། །ཇི་ལྟར་རྒྱུད་
ལུས་གསུངས་པ་ཡིན། །ལས་ཀྱི་དང་པོར་དབང་བྱ་བ། །དང་པོའི་དབང་དུ་གསུངས་པ་ཡིན། །གཉིས་པ་གསང་བ་བཤད་བྱ་སྟེ། །ཀྱེ་ཧོ་སྟོན་པ་རྡོ་རྗེ་འཛིན། །འདོད་ཆགས་ཆེན་པོའི་ཏིང་འཛིན་གྱིས། །འཁོར་རྣམས་བསྡུ་བ་རྣམ་མཛད་ནས། །ཡུམ་གྱི་གསང་བའི་དཀྱིལ་འཁོར་

དུ། །གསང་བ་བྱང་ཆུབ་སེམས་རབ་བསྐུར། །དེ་ལྟར་དཔལ་འདུས་ལ་སོགས་པའི། །རྒྱུད་རྒྱལ་ཀུན་ལ་གྲགས་པ་རྣམས། །གླེང་གཞི་ཞེས་སུ་རྣམ་པར་བཤད། །གནས་ནི་བུད་མེད་དཀྱིལ་ཡིན་ཏེ། །ལྷན་ཅིག་སྐྱེས་དང་ཞིང་སྐྱེས་དང་། །སྔགས་སྐྱེས་པ་ཞེས་གྲགས་པ་ལ། །
སྨེ་ཤ་ཅན་དང་མཐུ་ཆེན་དང་། །གར་མཁན་བཙོ་བླག་མཁན་ལ་སོགས། །སོ་སོའི་རྒྱུད་ལ་གྲགས་པ་ཡི། །ཇི་ལྟར་རིགས་ཀྱི་རྗེས་མཐུན་པའི། །ཤེས་རྒྱུད་སྦྱངས་ཤིང་ཡོན་ཏན་ལྡན། །བྱིན་གྱིས་བརླབས་པའི་གནས་བྱ་སྟེ། །སངས་རྒྱས་གཙོ་བོའི་ཡུམ་དུ་གཟུང་། །
བུམ་པའི་དབང་རྣམས་རྫོགས་པ་དང་། །རཀྟ་འབབ་པའི་དུས་དང་ནི། །བླ་མ་ཡུམ་གྱི་གནང་བ་ནི། །གཉིས་པའི་དུས་སུ་རྣམ་པར་བརྟག །སློབ་དཔོན་རྣམ་པ་གསུམ་དུ་ཤེས། །དང་པོ་ཐབས་མཆོག་ཡབ་ཀྱིས་ཏེ། །གཉིས་པ་གསང་བའི་གཟུངས་མ་ལའོ། །གསུམ་པ་
གཉིས་སུ་མེད་པས་བྱའོ། །སློབ་མ་བུམ་དབང་རྫོགས་པ་དང་། །སྙིང་པོ་བཟླས་པས་བྱེད་པ་དང་། །བརྟུལ་ཞུགས་དམ་ཚིག་འདོད་པས་བྱའོ། །དཀྱིལ་འཁོར་ལུས་སུ་གསུངས་པ་དང་། །དཀྱིལ་འཁོར་བྷ་གར་བསྟན་པའོ། །དེ་ཡང་ལུས་ཀྱི་དཀྱིལ་འཁོར་དང་། །ལྷ་ཡི་མཚན་
ཉིད་ཤེས་བྱ་སྟེ། །ལུས་ནི་འདོམ་གང་གྲུ་བཞི་པའོ། །ཡང་ན་གྲུ་བཞི་འབྱུང་བ་བཞི། །སྟེང་འོག་གཡས་གཡོན་སྒོ་བཞིའོ། །ཚོན་སྣ་ཁ་དོག་སྣ་ལྔའོ། །ཡང་ན་བདུད་རྩི་རྣམ་པ་ལྔ། །རྩ་ནི་ཐིག་གི་རང་བཞིན་ཏེ། །ཀ་བ་བརྒྱད་ནི་རྐང་བརྒྱད་དོ། །ཡན་ལག་རྟ་བབས་
མཚན་ཉིད་དེ། །སོ་སེན་བ་སྦུ་ཏྭ་ར་བརྒྱད། །སྙིང་ནི་དབུས་ཀྱི་ལྟེ་བ་སྟེ། །རྒྱུད་གང་དང་ནི་རྗེས་མཐུན་སྦྱར། །ལྷ་ཡི་ཕུང་པོ་ལྔ་གཙོ་བོ། །འབྱུང་བ་ལྷ་མོར་ཤེས་པར་བྱ། །ཁམས་དང་སྐྱེ་མཆེད་མང་པོ་ཀུན། །སེམས་དཔའ་སེམས་མར་རབ་ཏུ་གྲགས། །བུད་མེད་དཀྱིལ་
འཁོར་དུ་གསུངས་ཏེ། །བྷ་ག་གཞལ་ཡས་བརྩེགས་པར་བསྟན། །དེ་ལ་གཟུང་བའི་ཆོ་ག་དང་། །སྦྱང་དང་བརྟག་དང་བྱིན་བརླབ་དང་། །རྒྱན་དང་ལྡན་ཞིང་བདུག་པས་བདུག །ཕྱི་ནང་ཁྲུས་བྱས་ལྷ་རྣམས་དབབ། །ཚོགས་ཀྱི་འཁོར་ལོས་མཆོད་བྱས་ལ། །ལྷ་རུ་ཉེ་

བར་བརྟག་པར་བྱ། །དེ་ལ་ཆང་ཡང་དྲང་བར་བྱའོ། །དེ་ལ་འཇུག་པའི་རིམ་པ་ཡང་། །བུམ་པའི་བྱ་བ་ཡང་བྱ་སྟེ། །ཡོལ་བས་བར་དུ་བཅད་ནས་ནི། །གསོལ་གདབ་དེ་ཡི་ངོ་ཡང་དགབ། །མེ་ཏོག་བྱིན་ཏ་དྲངས་ནས་སུ། །དཀྱིལ་འཁོར་བསྐོར་ནས་ཕྱག་གསུམ་
བཙལ། །ནང་གི་དམ་ཚིག་བརྟུལ་ཞུགས་སྦྱིན། །དེ་བཞིན་དབབ་པ་ཡང་བྱས་ནས། །མེ་ཏོག་དོར་ཏེ་མཐོང་བ་དྲི། །ལྷ་དང་ཆོས་ཀྱི་ཚིག་ཕྱེ་སྟེ། །ལུས་ཀྱི་དཀྱིལ་འཁོར་རྫོགས་པར་བསྟན། །ལེགས་པར་མཐོང་བའི་འོག་ཏུ་ནི། །མདུན་ན་གནས་པ་དེ་ཉིད་ལ། །གསང་
བའི་དབང་གིས་སྦྱོར་བྱས་ཏེ། །དམ་ཚིག་འཁོར་ལོ་དྲུག་རིམ་གྱིས། །ཁུ་བ་ཕྱུང་སྟེ་དབང་བསྐུར་བྱ། །དཀར་དམར་སྤེལ་བ་ཕྲེང་བའི་དབང་། །ཤུ་ཀྲ་ཞེས་ཏེ་ཆུ་ཡི་དབང་། །ཚངས་སྒོར་མི་བསྐྱོད་དབུ་རྒྱན་དབང་། །ལྕེ་ལ་རྡོ་རྗེ་དེ་རྡོ་རྗེ། །རྡོར་བུམ་ཧཱུཾ་སྒྲ་དྲིལ་བུའི་དབང་། །
ཨ་ཧོ་སུ་ཁ་མིང་གི་དབང་། །དམ་ཚིག་ལྕེས་ལེན་བརྟུལ་ཞུགས་དབང་། །བལྟ་བར་མི་བྱ་ལུང་བསྟན་དབང་། །ལོངས་སྤྱོད་རྩར་སྦྱར་ཕྱིར་མི་ལྡོག །བདེ་བས་བདེ་ཐབས་དབུགས་དབྱུང་བའོ། །འདི་ཀུན་གསང་བར་བསྟན་པས་ན། །གསང་བའི་དབང་ཞེས་བསྟན་པ་ཡིན། །
གསང་བ་ལ་ཡང་གསུམ་དུ་སྟེ། །ཕྱི་དང་ནང་དང་སྦས་པའོ། །ག་པུར་ཙནྡན་བཅུ་ཕྱེད་བཅས། །སྦོམ་པོ་དང་ནི་དབང་མོའི་རྩེས། །སློབ་མའི་ཁ་རུ་དབབ་པ་ཕྱིའོ། །སློབ་མའི་དུས་ཉིད་མནན་བྱས་ཏེ། །ཁ་ཡི་ཐད་ཀར་གཉིས་སྦྱར་ནས། །ར་ཀ་ཨ་ཏ་ར་འབབ་པ། །བེའུ་
འདྲར་རྡོ་རྗེ་བཞིབ་པའི་ཐབས། །བུང་འདྲར་པདྨ་ལྕེས་ལེན་པ། །ཤེས་རབ་ནང་གི་གསང་བའི་དབང་། །སློབ་མ་རང་གི་ལྟེ་བ་ཅན། །རྡོ་རྗེ་པདྨ་འདུས་པས་གསུངས། །རྡུལ་དང་མུན་པ་སྙིང་སྟོབས་ཏེ། །འོག་སྒོའི་ཁ་རུ་རབ་འབབ་པ། །སྦས་པའི་གསང་བའི་དབང་དུ་
གསུངས། །གསང་བའི་དབང་ལ་ཡང་བཞི་སྟེ། །རྡོ་རྗེ་དང་ནི་པདྨ་ནས། །དྲི་མེད་ཆུ་འབབ་བུམ་པའི་དབང་། །ཡང་ན་གོང་གི་རིམ་དེ་ཉིད། །ཟླ་བ་ཉི་མ་ལྕེ་ལ་རེག །དེ་ནི་གསང་བ་གཉིས་པ་སྟེ། །བདེ་ཆེན་ལམ་སྦྱངས་གསུམ་པའོ། །ཐབས་དང་ཤེས་རབ་གཉིས་མེད་པ། །ཡེ་

ཤེས་ཆེན་པོ་བཞི་པའོ། །དེ་ནས་ངག་གི་ལམ་ཡིན་ཏེ། །ལྕེ་ཡི་པདྨ་ཞེས་བྱ་བ། །ཕྱི་དང་ནང་དང་སྦས་པའི་ལྕེའོ། །ཕྱི་ཡི་པདྨ་ངག་གི་ལམ། །ནད་དུ་ཙིཏྟར་དེར་ཤེས་བྱ། །སྦས་པ་ལྟེ་བའི་པདྨ་ལའོ། །ཐབས་ནི་གཙོ་གཟུངས་སློབ་མར་བཅས། །ལུས་ངག་སེམས་ལ་དྲི་མེད་
ཅིང་། །དེ་ནི་མི་ཕྱེད་མཐུན་པ་ཡིན། །ངག་གི་སྒྲིབ་པ་དེས་བྱང་ནས། །ངག་ནི་ཤིན་ཏུ་སྦྱངས་པ་སྟེ། །སངས་རྒྱས་ས་ནི་དང་པོ་ནོན། །དེ་ཡི་མན་ངག་གསང་བའོ། །དགོངས་པའི་དོན་དང་ངེས་དོན་དང་། །ཇི་བཞིན་མེད་དང་སྦས་པ་ཡི། །དོན་རྣམས་ངེས་པར་བསྟན་པར་བྱ། །སློང་མ་
བཀྲི་བའི་དོན་བསྟན་བྱ། །དེ་ནི་མ་ཧཱ་ཡོ་ག་ཡིན། །ཐབས་དང་ཤེས་རབ་རྟགས་སུ་སྦྱར། །ནང་གི་སྦས་པའི་ངག་བརྡ་དང་། །སྦྱོར་བ་ཡི་ནི་བརྡ་རྣམས་དང་། །རིམ་གྱིས་མཁའ་འགྲོའི་བརྡ་སྐད་བསྟན། །སྦོམ་པོས་ཁྲོ་མོ་མནན་པ་ནི། །ལག་བརྡ་འདྲི་ན་ཤེས་པར་བྱ། །རྫས་ནི་ཟླ་བ་
ཉི་མ་དང་། །བཅུ་ཕྱེད་རྫས་ཀྱི་རྣམ་པ་ཡིས། །ལོངས་སྤྱོད་བྱ་ཡི་དོར་མི་བྱའོ། །ཇི་སྙེད་སངས་རྒྱས་ཐམས་ཅད་ཀུན། །གཙོ་གཟུངས་ཞལ་དུ་ཐིམ་པ་ལས། །སྐུ་ཡི་དབུས་སུ་ཐིམ་པ་དང་། །བདེ་བའི་འབྲུ་ཚོགས་གསལ་བའི་རྒྱུན། །རྡོ་རྗེའི་ལམ་ནས་པདྨོར་འཁྱིལ། །ཤུ་ཀྲ་
རཀྟ་འདྲེས་པ་ནི། །ཡབ་ཡུམ་པ་ཡི་ངང་དུ་གསལ། །ཇི་ལྟར་ཆུ་ལ་ཆུ་བཞག་ལྟར། །ཐིམ་པས་སེམས་གྱུར་དགོངས་པའི་དོན། །ནུས་པའི་ཚད་ཀྱང་དེ་བཞིན་དུ། །ཇི་སྙེད་ངག་གི་དྲི་མ་འཁྲུ། །བུདྡྷའི་སར་སྒྲིབ་ཤིན་ཏུ་དག །ཤེས་རབ་ཐབས་ཀྱི་ང་རྒྱལ་བྱེད། །ཆོས་ཀུན་རོ་
གཅིག་ཤེས་པར་ནུས། །སངས་རྒྱས་ས་ནི་མངོན་དུ་ཐོབ། །ཐབས་ཀྱི་ཕྱག་རྒྱས་ཕུང་པོ་འཇོམས། །ཉོན་མོངས་ཤེས་རབ་མ་ཡིན་ཏེ། །འཆི་བདག་གཉིས་སུ་མེད་པ་ཡིས། །སེམས་འཕྲོས་པས་ནི་ལྷ་ཡི་བདུད། །འཇོམས་པ་གསང་བའི་ནུས་པའི་ཚད། །ཐབས་ནི་སྐྱེས་བུ་
བྱེད་པའི་འབྲས། །ཤེས་རབ་དྲི་མེད་འབྲས་བུར་བཤད། །རྒྱུ་མཐུན་ཁུ་བའི་ངོ་བོ་ཡིན། །ལྕེས་ལེན་རྣམ་པར་སྨིན་པར་གསུངས། །ཡབ་ཡུམ་མཉེས་པར་མཆོད་བྱ་བ། །དབང་ཐོབ་པ་ཡི་རྒྱུ་ཡིན་ནོ། །དེ་ནས་གསུམ་པ་བཤད་བྱ་སྟེ། །ཀྱེ་ཧོ་དཔལ་ལྡན་འདུས་

སོགས་ལས། །སྔགས་ཀྱི་སྤྱད་པ་སྤྱོད་པའི་ཚེ། །འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས། །སྔགས་དང་དུས་དང་རྒྱལ་བ་ལས། །བསླང་སྟེ་སྦས་པའི་དོན་བསྟན་པ། །དེ་ལྟ་བུ་ཡི་གླེང་གཞིའོ། །ལུས་ཀྱི་ངོ་བོ་དགོན་པ་ལ། །བྱང་ཆུབ་སེམས་ཀྱི་གནས་བཅས་པ། །བདེ་བའི་སྟན་ཡང་གནས་སུ་བཤད། །
དུས་ནི་དབང་གཉིས་རྫོགས་པ་དང་། །བླ་མས་གནང་དང་རིག་མར་ལྡན། །དེ་ཡི་སློབ་དཔོན་ཕྱི་དང་ནང་། །ཕྱི་ཡི་བླ་མའོ་ནང་རིག་མ། །སློབ་མ་དབང་གཉིས་རྫོགས་པ་དང་། །སྦས་པའི་དོན་ལ་ཡིད་མོས་དང་། །ཉེ་བའི་སྙིང་པོ་ཟློས་པས་བྱའོ། །གཉིས་པ་གསུམ་པ་བཞི་པ་
ལ། །གླེགས་བམ་ལ་སོགས་བྱ་བ་མིན། །ཚེ་འཕོས་པ་ཡང་དེ་བཞིན་མིན། །སེམས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །དེ་ལ་བཟུང་བར་གནང་བ་ཡིན། །རིག་མ་བཟུང་དང་སྟ་གོན་དང་། །སྦྱང་དང་སེམས་བསྐྱེད་བྱིན་རླབས་དང་། །དབང་བསྐུར་བླ་མས་བྱ་བ་ཡིན། །
ལོ་གྲངས་བཅུ་གཉིས་བཅུ་དྲུག་དང་། །ཉི་ཤུ་ཉི་ཤུ་ལྔ་ལོན་པ། །ལྷན་ཅིག་སྐྱེས་པའི་བུ་མོ་དང་། །སྲིང་མོ་གྲོགས་མོ་མ་ཡིན་ཏེ། །དེ་སེམས་སྦྱང་བ་མཆོག་ཡིན་ནོ། །ཡང་ན་ལྷ་ཡིས་ལུང་བསྟན་པའི། །ཞིང་སྐྱེས་མ་ནི་རུང་བ་ཡིན། །སྔགས་སྐྱེས་བཟླས་དང་བསྒོམ་ལྡན་པའི། །
རྣལ་འབྱོར་མ་ནི་སོ་སོ་མེད། །དཀྱིལ་འཁོར་ལྷར་བཅས་སྔོན་དང་འདྲ། །སྦས་པའི་དཀྱིལ་འཁོར་བཞི་པོ་ལ། །རྩ་ཡི་འདབ་མ་གནས་ནས་སུ། །པདྨའི་སྣ་འདྲའི་ཡི་གེ་རྣམས། །རྒྱུད་ལས་གསུངས་པ་བརྟག་པར་བྱ། །གཡས་དང་གཡོན་དང་དབུ་མ་ཡི། །རྩ་གསུམ་མཚན་
ཉིད་ཤེས་བྱ་སྟེ། །དཀྱིལ་འཁོར་སྦྱོར་བ་མཆོག་ཡིན་ནོ། །མེ་ཏོག་བཀྲམ་པའི་མཎྜལ་དུ། །ག་བུར་ལ་སོགས་དྲིས་བྱུགས་ཏེ། །ཆོས་གོས་རྒྱན་ཆས་ལྡན་པར་བྱ། །དེ་ལ་ཚོགས་ཀྱི་སྟོན་མོ་དབུལ། །ཆང་ཡང་དྲང་བ་བྱས་ནས་ནི། །རང་ཡང་མོས་པའི་ལྷ་རུ་བསྒོམ། །འཁོར་ལོ་བཞི་ཡང་
དེ་དང་འདྲ། །རྡོ་རྗེ་པདྨོ་རྣམ་གཉིས་ཀྱང་། །རྒྱུད་ལས་འབྱུང་བ་ཇི་བཞིན་དུ། །བླ་མས་བྱིན་རླབས་ཚུལ་བཞིན་བྱ། །འཇུག་པའི་ཚུལ་ནི་དབེན་པ་རུ། །ཡོལ་བས་བར་དུ་བཅད་ནས་ནི། །འཇུག་པར་གསོལ་བ་གདབ་པར་བྱ། །ངོ་ཡང་བཀབ་ནས་དྲང་བར་བྱ། །བརྟུལ་ཞུགས་སྡོམ་

པ་སྦྱིན་པ་དང་། །ཡེ་ཤེས་དབབ་པ་དེ་བྱས་ཏེ། །བུད་མེད་རྣམས་ནི་ཀུན་ལ་ཡང་། །རབ་ཏུ་དགའ་བའི་སེམས་བསྐྱེད་དེ། །བསྐོར་བ་ལན་གསུམ་བྱས་ནས་ནི། །ཡིད་ཀྱིས་མེ་ཏོག་གཏོར་ནས་ཀྱང་། །མོས་པས་ཕྱག་ཀྱང་བཙལ་བར་བྱ། །ཤེས་རབ་སྤྱན་དང་སངས་རྒྱས་སྤྱན། །
ཕྱེ་སྟེ་མཚན་དང་དཔེ་བྱད་ནི། །མར་མེའི་འོད་ལ་བསྟན་པར་བྱ། །ལུས་ཀྱི་དཀྱིལ་འཁོར་དང་པོར་བསྟན། །དེ་ནས་སེམས་ཀྱི་དཀྱིལ་འཁོར་ནི། །འཁོར་ལོ་རྣམ་བཞི་ལེགས་པར་བསྟན། །དཀྱིལ་འཁོར་མཐོང་བའི་འོག་ཏུ་ནི། །དབང་གི་རིམ་པ་བརྩམ་པར་བྱ། །ཆགས་པའི་གླུ་
དང་དགའ་བའི་གར། །རོལ་པའི་བརྡ་རྣམས་མཚོན་པར་བྱ། །ཆགས་པའི་མཚན་ཉིད་ཕྲེང་བའི་དབང་། །ཆུ་འབྱུང་མཚན་ཁྲུས་ཆུ་ཡི་དབང་། །བྷག་ཙུམ་སྐྲ་གཟུང་དབུ་རྒྱན་དབང་། །པདྨར་རྡོར་བཅུག་རྡོ་རྗེའི་དབང་། །དེ་གཉིས་བསྐྱོད་པ་དྲིལ་བུའི་དབང་། །དམ་ཚིག་ཧ་སྐད་མིང་གི་
དབང་། །དེ་དག་བརྟན་པ་སར་འབྱུང་བ། །བལྟས་པས་དགའ་བ་རྡོ་རྗེ་ཡི། །བརྟུལ་ཞུགས་དབང་དུ་དེ་བརྗོད་དོ། །བགད་པ་དྲིལ་བུའི་བརྟུལ་ཞུགས་སོ། །འཁྱུད་པ་དམ་ཚིག་ཕྱག་རྒྱ་ཡིན། །ཁ་ཕྲད་པ་ནི་དབུགས་ཕྱུང་བ། །ཀུ་ཙ་མཉེ་བ་ལུང་བསྟན་ཡིན། །པདྨར་ཙུམ་བྱས་ཕྱིར་མི་
ལྡོག །དེ་ཡང་གསུམ་པ་ལ་ཡང་གསུམ། །ཕྱི་དང་ནང་དང་སྦས་པའོ། །ཤེས་རབ་ཡེ་ཤེས་དབང་ཞེས་བྱ། །རིག་མ་གཏད་པའི་རིམ་པ་ནི། །ཕྱི་རོལ་ཤེས་རབ་ཡེ་ཤེས་ཡིན། །ཤེས་རབ་ལ་བརྟེན་བདེ་བ་ཡི། །ཡེ་ཤེས་སྐྱེ་ཕྱིར་དེ་སྐད་དོ། །ཤེས་རབ་རང་སེམས་ཡེ་ཤེས་ལས། །བདེ་བ་འགོག་
པ་བདེ་ཆེན་པོའམ། །ཤེས་རབ་འཁོར་ལོའི་རྩ་ལམ་དུ། །བདེ་བའི་ཡེ་ཤེས་འབབ་པས་ན། །བདེ་བ་མྱོང་བ་ནང་གི་བཤད། །དམིགས་སུ་མེད་པའི་ཤེས་རབ་ལས། །སྐད་ཅིག་ཡེ་ཤེས་བྱུང་ནས་ནི། །སེམས་དང་ལུས་ཀྱི་བདེ་ཐོབ་པ། །སྦས་པ་ཤེས་རབ་ཡེ་ཤེས་སོ། །འདི་ལ་ཡང་ནི་དབང་བཞི་ཚང་། །ལྟ་སྦྱིན་
བརྡ་ཕྲད་ལ་སོགས་པ། །བུམ་པའི་དབང་དུ་འདོད་པ་ཡིན། །པད་དང་རྡོ་རྗེ་ཕྲད་སོགས་པ། །གསུམ་པ་གསང་བའི་དབང་ཡིན་ནོ། །ཞུ་སྟེ་བདེ་བ་བབས་པ་ནི། །གསུམ་པ་ཡི་ནི་གསུམ་པ་ཡི། །དགའ་བྱེད་བདེ་བྱེད་བཞི་པར་འདོད། །དེ་ནི་གསུམ་པའི་རྣམ་གྲངས་ཡིན། །བསྐུར་

བའི་གནས་ནི་སྙིང་ལ་སྟེ། །སེམས་ཀྱིས་ལེན་པར་བྱེད་པས་སོ། །བུད་མེད་སྒྱུ་མ་ལ་བརྟེན་ཏེ། །བདེ་དེ་དང་པོ་སེམས་ཀྱིས་མྱོང་། །དེ་འོག་ལུས་ཀྱིས་མྱོང་བ་ཡིན། །སྐལ་བ་མེད་པའི་སེམས་ཅན་ལ། །རྩ་འགོག་པས་ན་ཆ་ཤས་མྱོང་། །དེ་མཚོན་བདེ་བ་རྙེད་པ་
དང་། །ཐུན་དང་ཞག་དང་ལོ་ཡི་བར། །ཇི་སྲིད་བསྐལ་པའི་བར་དུ་ནི། །སངས་རྒྱས་བདེ་ཆེན་ཐོབ་པར་འགྱུར། །བདེ་གཤེགས་ཡོན་ཏན་བསམ་ཡས་ཐོབ། །ཐབས་ཀྱི་དམ་པ་མཆོག་ཡིན་ནོ། །སེམས་ཀྱི་སྒྲིབ་པ་ཀུན་བྱང་སྟེ། །ཐམས་ཅད་ཀུན་མཁྱེན་ཡེ་ཤེས་ལྡན། །སངས་
རྒྱས་ས་གཉིས་ནོན་པ་སྟེ། །རྡོ་རྗེ་འཛིན་པའི་ས་ཞེས་ཟེར། །དེ་དང་འབྲེལ་པའི་མན་ངག་ནི། །སེམས་ཀྱི་རང་བཞིན་འོད་གསལ་བ། །སེམས་ཀྱི་རིག་པས་བརྟན་གྱུར་ན། །གཟུང་འཛིན་གཉིས་ཀྱི་ལམ་འགོག་པས། །ལས་ཀྱི་མདུད་པ་གྲོལ་བར་འགྱུར། །བྱང་ཆུབ་སེམས་ཀྱི་
འོད་ཟེར་གྱིས། །བསོད་ནམས་རླུང་ལས་བསྐྱོད་པ་ན། །ཡེ་ཤེས་ཆེན་པོ་འབར་བྱས་ཏེ། །བདེ་ཆེན་གནས་ནས་ཞུ་ནས་སུ། །འཁོར་ལོ་བཞི་ལ་འབབ་པ་ན། །དགའ་བ་རྣམ་བཞི་རིམ་པར་བསྐྱེད། །ཏིལ་གྱི་འབྲུ་བཞིན་བདེས་གང་བ། །བདེ་བ་ཆེན་པོའི་སྐུ་ཞེས་བྱ། །དེ་ཡིས་
ལས་ཀུན་བྱེད་པ་ནི། །རྩ་བ་ལྔ་དང་ཡན་ལག་ལྔའི། །རླུང་བཅུའི་རྩོལ་བས་བྱེད་པ་ཡིན། །དེ་ལྟའི་ཚུལ་དུ་བསྟན་པ་ནི། །སྟེང་གི་སྒོ་ལ་བརྟེན་པ་ཡི། །མན་ངག་རིམ་པ་དེ་ལ་བརྟེན། །ཡང་ན་དེ་ལ་བརྟེན་པ་ནི། །དང་པོར་རླུང་གི་དེ་ཉིད་བསླབ། །དེ་ནས་རླུང་དང་འདྲེས་པ་ཡི། །
སྔགས་ཀྱི་དེ་ཉིད་བསླབ་པར་བྱ། །རླུང་དང་སྔགས་ནི་རབ་སྦྱོར་བས། །དབུགས་ཀྱི་འབྱུང་འཇུག་མཚན་ཉིད་ཅན། །རྡོ་རྗེའི་བཟླས་པ་བསླབ་པར་བྱ། །དེ་ཡི་སེམས་ཀྱི་དམིགས་པ་དང་། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །འོད་གསལ་བ་ཡི་གནས་ཐོབ་ནས། །གཉིས་
མེད་ཡེ་ཤེས་ཐོབ་འགྱུར་བའི། །སྟེང་གི་མན་ངག་བསླབ་པར་བྱ། །འོག་གི་སྒོ་ལ་བརྟེན་པ་ནི། །རྡོ་རྗེ་པདྨར་སྦྱོར་བ་ལས། །བསྐྱོད་པའི་རླུང་གིས་དྲོད་བསྐུལ་བས། །སྲ་མ་ཀ་ནི་བདེ་བསྐྱོད་དེ། །ཤུ་ཀྲ་སུ་ཁའི་རང་བཞིན་ཅན། །འཁོར་ལོ་བཞི་ལ་བརྒྱུད་ནས་ཀྱང་། །བདེ་

བསྐྱོད་གནས་སུ་སྤྲུལ་འཁྱུད་དེ། །གསང་བའི་པདྨོར་མ་སྤོས་པར། །ཏིལ་འབྲུ་ལྟ་བུར་གང་བ་ནི། །བདེ་བ་ཇི་སྲིད་བསྐལ་པའི་བར། །རབ་ཏུ་དགའ་བའི་བདེ་བས་མྱོང་། །ཡེ་ཤེས་ཆེན་པོས་གནས་པའི་ཚེ། །སངས་རྒྱས་སེམས་ཅན་ཐམས་ཅད་དང་། །མཚན་མར་བཏགས་པ་
ཐམས་ཅད་ཀུན། །བདེ་ཆེན་ཉིད་ལས་གཞན་མ་ཡིན། །བདེ་ཆེན་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མ་བརྙེས་སོ། །རང་སེམས་ལས་སུ་རུང་བའི་རྟགས། །ཕྱི་ཡི་ཡུལ་ལ་སྣང་བ་ནི། །དང་པོར་སྨིག་རྒྱུ་ལྟ་བུ་དང་། །གཉིས་པ་དུ་བ་ལྟ་བུ་དང་། །གསུམ་པ་གློག་
གི་རྣམ་པ་དང་། །བཞི་པ་མར་མེ་ལྟ་བུ་དང་། །ལྔ་པ་ནམ་མཁའ་འདྲ་བའོ། །རླུང་དང་རྩ་དང་འཁོར་ལོ་དང་། །སྐད་ཅིག་དགའ་བཞིའི་རྣམ་པ་ཀུན། །ངག་བརྡ་ཇི་ལྟར་གྲགས་པས་བརྗོད། །སྦོམ་པོ་ཁྲོ་བོ་མཉམ་སྦྱར་བ། །དབང་གསུམ་ཐོབ་པའི་ལག་བརྡ་ཡིན། །གསུམ་པ་ཡི་ནི་
རྫས་དག་ནི། །རང་དང་རིག་ཏུ་བཅས་པ་ཡི། །དྲི་ཆེན་ཆུ་དང་རཀྟ་དང་། །ག་བུར་མཾ་སའི་ཤེལ་སོགས་རྫས། །འཇིགས་པ་མེད་པར་བཟའ་བར་བྱ། །བུད་མེད་རྣམས་ནི་སྤྱད་པར་བྱ། །དེ་ཡི་གཟུགས་ལྟ་སྒྲ་ནི་མཉན། །དྲི་དག་ཀྱང་ནི་མནམ་པར་བྱ། །གསང་བའི་པདྨར་ཙུམྦ་བྱ། །
གླང་པོའི་ལག་པས་གཡོན་པ་བླང་། །དུང་གི་ཕུར་པས་གདབ་པ་དང་། །འདའ་འདའ་ཡ་བཅུ་གཟུང་བར་བྱ། །མདོར་ན་རིག་ལ་སྣང་བའི་རྫས། །དེ་ཀུན་དགོངས་པ་བསྟན་པ་ཡང་། །སྤྲུལ་པ་ཆོས་དང་ལོངས་སྤྱོད་དང་། །བདེ་བ་ཆེན་པོའི་འཁོར་ལོ་བཞི། །མགྲིན་དང་གསང་བའི་
འཁོར་ལོ་གཉིས། །སྤས་པ་ཡིན་ཏེ་རྣམ་པ་དྲུག །ལྟེ་བ་སྙིང་ག་རྐན་དང་ནི། །སྤྱི་བོ་དག་ལ་རིམ་པ་སྟེ། །སྦས་པ་མགྲིན་པ་གསང་བར་གནས། །དྲུག་ཅུ་རྩ་བཞི་བརྒྱད་དང་ནི། །བཅུ་དྲུག་སུམ་ཅུ་རྩ་གཉིས་ནི། །རྩ་ཡི་གྲངས་ཏེ་འདབ་མ་ཡིན། །
ཀ་ནས་བརྩམས་ནས་ས་ཡི་བར། །གཡས་དང་གཡོན་དུ་མཉམ་སྦྱར་བ། །དྲུག་ཅུ་རྩ་བཞི་སྤྲུལ་པའོ། །ཀ་སོགས་དང་པོ་ཆོས་སྐུ་བརྒྱད། །ལོངས་སྤྱོད་ཨཱ་ལི་བཅུ་དྲུག་ཡིན། །བདེ་ཆེན་ཨཱ་ལི་མཉམ་སྦྱར་གཉིས། །ཨ་དང་ཧཱུཾ་དང་ཨོཾ་དང་ཧཾ། །སྤྲུལ་ཆོས་ལོངས་

སྤྱོད་བདེ་ཆེན་དབུས། །འཁོར་ལོ་ཆགས་པ་དམར་པོ་སྟེ། །ཡིག་འབྲུ་དཀར་པོ་སེམས་རང་བཞིན། །སྤྲུལ་དང་ལོངས་སྤྱོད་ཤེས་རབ་ལ། །ཆོས་དང་བདེ་ཆེན་ཐབས་སུ་བཤད། །ཀཱ་ལི་ཐབས་ལ་ཨཱ་ལི་ནི། །ཤེས་རབ་དེ་ཕྱིར་འཁོར་ལོ་བཞི། །ཤེས་རབ་
ཐབས་ཀྱི་སྦྱོར་བ་དང་། །ཐབས་ལ་ཐབས་ཀྱི་སྦྱོར་བ་དང་། །ཤེས་རབ་ཤེས་རབ་སྦྱོར་བ་དང་། །ཐབས་ལ་ཤེས་རབ་སྦྱོར་བ་སྟེ། །རྣམ་པ་བཞི་ནི་གསུངས་པ་ཡིན། །ཐབས་དང་ཤེས་རབ་གཉིས་མེད་པ། །སྦས་པའི་འཁོར་ལོ་རྣམ་པ་གཉིས། །མགྲིན་འོག་དཀྱིལ་འཁོར་ལྷ་
གྲངས་བཞིན། །ཙི་ཏ་ཏི་ལ་ཀ་དེ་བཞིན། །པདྨ་དྲུག་ལ་དེ་ལྟར་གནས། །ལྷ་རེའི་བྱང་ཆུབ་སེམས་སུ་བཤད། །གསང་བ་བདེ་སྐྱོང་སྦུབས་སུ་ནི། །སངས་རྒྱས་རིན་ཆེན་གབ་ཙེ་ལ། །དབུས་སུ་མི་ཤིགས་ཡི་གེ་ཧ། །རེའུ་མིག་ལྔ་བཅུའི་ཡི་གེ་ནི། །ཀཱ་ལི་རྣམས་ལ་
ཨཱ་ལིས་བསྐོར། །འབྱུང་བཞིའི་ཡི་གེ་གྲྭ་ན་གནས། །བདེ་བསྐྱེད་པ་ཡི་ཡི་གེར་བཤད། །རླུང་དཀྱིལ་གཞུ་འདྲ་གསང་བར་གནས། །དེ་སྟེང་མེ་ནི་གྲུ་གསུམ་པ། །རླུང་གིས་མེ་བསྐྱེད་ལྟེ་དབུས་ལངས། །སྤྲུལ་པའི་ཡི་གེ་བསྲེགས་ནས་སུ། །ཆོས་ཀྱི་ཡི་གེ་ཡང་བསྲེགས་
ནས། །ལོངས་སྤྱོད་ལན་གསུམ་བསྐོར་བྱས་ཏེ། །གླིང་བུ་སྨིན་ཕྲག་གཡས་ཕྱུང་ནས། །བདེ་ཆེན་འཁོར་ལོར་ཕྱིན་ནས་བཞུ། །བདུད་རྩི་འགྲོགས་ཏེ་སྔར་ལམ་དུ། །ལོངས་སྤྱོད་ཆོས་དང་སྤྲུལ་པ་ཡི། །འོག་རྣམས་ལ་བརྟེན་ཡིག་རྣམས་གསོས། །སྤུ་ཡི་ཉག་མ་ཁྲི་ཡི་ཆ། །
ལྟེ་བའི་དབུས་ནས་འགྲོ་དང་འོང་། །མགྲིན་པའི་འཁོར་ལོར་སོང་ནས་སུ། །ལྷ་རྣམས་ཀྱི་ནི་སེམས་བཞུས་ནས། །བདེ་སྐྱོང་གནས་སུ་ཕྱིན་པ་དང་། །ཨཱ་ལི་ཀཱ་ལི་ལ་ཐིམ་སྟེ། །ཀཱ་ལི་འབྱུང་བའི་ཡི་གེ་ལ། །འབྱུང་བ་ལྷ་ལ་ཐིམ་པ་དང་། །མ་སྤྲོས་བར་དུ་བདེ་ཆེན་སྐུ། །པདྨར་
སྤྲོས་ནས་ལོངས་སྤྱོད་སྐུ། །ཕྱོགས་བཅུར་སྤྲོས་པས་སྤྲུལ་སྐུ་ཡིན། །སླར་འདུས་ཆོས་ཀྱི་སྐུ་རུ་གསལ། །དེ་ནི་གསུམ་པའི་དགོངས་པའི་དོན། །ནུས་པའི་ཚད་ཀྱང་དེ་བཞིན་ཏེ། །དེས་ནི་སེམས་ཀྱི་དྲི་མ་འཁྲུ། །རྡོ་རྗེ་འཛིན་པའི་སྒྲིབ་པ་དག །ཕྱག་རྒྱ་བསྟེན་པའི་ལས་དང་

ནི། །བདེ་བསྐྱེད་ཐོབ་པར་ནུས་པ་ཡིན། །འབྲས་བུ་རྡོ་རྗེ་འཛིན་པ་སྟེ། །རང་གི་རིག་པས་རིག་པ་འཛིན། །བདེ་ཆེན་ཉོན་མོངས་བདུད་བཅོམ་སྟེ། །ལོངས་སྤྱོད་གནས་སུ་ཕུང་པོའི་བདུད། །དྷརྨ་ཙཀྲར་ལྷ་བདུད་བཅོམ། །སྤྲུལ་པར་འཆི་བདག་བདུད་བཅོམ་སྟེ། །དགའ་
བཞིས་བདུད་བཞི་རྣམ་པར་འཇོམས། །དམ་ཚིག་འཁོར་ལོར་ཕུང་པོ་འཇོམས། །པདྨར་རྡོར་བཅུག་ཉོན་མོངས་འཇོམས། །རྡོ་རྗེ་པད་བསྐྱོད་ལྷ་བདུད་འཇོམས། །བདེ་བ་འབེབས་པས་འཆི་བདག་འཇོམས། །བདེ་ཆེན་རྣམ་སྨིན་འབྲས་བུ་སྟེ། །ལོངས་སྤྱོད་རྒྱུ་མཐུན་འབྲས་བུར་
བཤད། །དྲི་མེད་འབྲས་བུ་ཆོས་སུ་སྟེ། །སྐྱེས་བུ་བྱེད་པ་སྤྲུལ་པའོ། །ཡང་སྤྲུལ་རྒྱུ་མཐུན་འབྲས་བུ་སྟེ། །ཆོས་ཀྱི་འཁོར་ལོ་རྣམ་པར་སྨིན། །ལོངས་སྤྱོད་སྐྱེས་བུ་བྱེད་པ་ཡིན། །བདེ་ཆེན་འཁོར་ལོ་དྲི་མེད་པའོ། །ཡང་། དམ་ཚིག་འཁོར་ལོ་རྒྱུ་མཐུན་པ། །རྡོ་རྗེ་པང་སྦྱོར་
སྐྱེས་བུ་བྱེད། །བདེ་བ་བབས་པས་རྣམ་སྨིན་ཡིན། །ཆགས་དང་བྲལ་བ་དྲི་མ་མེད། །འབྲས་བུ་རྣམ་པ་བཞི་རུ་གསུངས། །བླ་མ་རིག་མ་མཉེས་མ་ནི། །དེ་ནི་དབང་ཐོབ་རྒྱུར་བཤད་དོ། །ཡང་། འབྲས་བུ་དགའ་བ་བཞི་སྐྱེད་བྱེད། །ལྷ་སྦྱིན་བརྡ་ཕྲད་བུམ་པའི་དབང་། །དེ་ཡི་འབྲས་བུ་དགའ་བ་སྐྱེད། །
བྷ་ག་ཙུམ་སྐྲ་བཟུང་དབུ་རྒྱན་དབང་། །དེ་ཡི་འབྲས་བུ་དགའ་བ་སྐྱེད། །པདྨར་རྡོར་བཅུག་རྡོ་རྗེའི་དབང་། །དེ་ཡི་འབྲས་བུ་མཆོག་དགའ་སྐྱེད། །རྡོ་རྗེ་པད་བསྐྱོད་དྲིལ་བུའི་དབང་། །དེ་འབྲས་ལྷན་ཅིག་དགའ་བ་སྐྱེད། །དམ་ཚིག་ཧ་སྐད་མིང་གི་དབང་། །བདེ་བ་ཆེན་པོ་སྐྱེད་པར་བྱེད། །ངོ་བོ་འབྲས་བུ་དབྱེར་མེད་དོ། །
ཤེས་རབ་ལ་ནི་བརྟེན་ནས་སུ། །གཉིས་མེད་ཡེ་ཤེས་བསྐྱེད་པས་ན། །ཤེས་རབ་ཡེ་ཤེས་དབང་ཞེས་གྲགས། །རིམ་པ་ཐ་མ་བཤད་བྱ་སྟེ། །ཀྱེ་ཧོ་དཔལ་ལྡན་འདུས་སོགས་པར། །འཁོར་གྱི་བྱང་ཆུབ་སེམས་དཔའ་ཡིས། །གསང་བའི་ཡི་གེ་མཐོང་བ་ཡི། །སྐལ་བ་
བདག་གཅིག་མེད་ཅེས་དུས། །སྟོན་པས་ཡི་གེ་རྣམ་དག་ཅེས། །ཡི་གེ་ལས་དབེན་མཚན་ཉིད་གསུངས། །བཞི་པའི་གླེང་གཞིར་ཤེས་པར་བྱ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །བདེ་བར་གཤེགས་པའི་ཐུགས་ལ་གནས། །ཆོས་ཀུན་སེམས་ལ་གནས་བྱས་ཏེ། །

སེམས་ནི་ཡེ་ནས་རྣམ་པར་དག །དེ་ཕྱིར་ཆོས་ཀུན་རྣམ་པར་དག །དེ་ནི་གནས་ཀྱི་བླ་མར་གསུངས། །དུས་གསུམ་གཅིག་སྟེ་ཁྱད་མེད་ཅིང་། །གང་དུ་དུས་གསུམ་དབྱེར་མེད་པ། །དེ་ནི་བླང་དོར་མེད་པའི་དུས། །མཆོག་ནི་བླ་མར་དེ་རབ་གསུངས། །སློབ་དཔོན་མ་མཐོང་སེམས་ཉིད་མཐོང་། །
རང་སེམས་བླ་མར་སྣང་བའི་ཕྱིར། །ཀུན་གྱི་སློབ་དཔོན་སྐལ་བ་བཟང་། །གཉིས་མེད་སློབ་དཔོན་དམ་པའོ། །འགྲོ་ཀུན་དབྱིངས་ལས་སྐྱེས་པས་ན། །རྡོ་རྗེ་སེམས་དཔའི་སྤུན་ཡིན་ཏེ། །བསམ་གྱིས་མི་ཁྱབ་ཡུལ་སློབ་པ། །རྒྱལ་བའི་སྲས་ཀྱི་དམ་པར་བཤད། །སངས་
རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པར་ཐུགས་ཆུད་པ། །གཉིས་སུ་མེད་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །འདི་ཡི་གཞུང་ཐོས་མིག་ཕྱེ་བ། །དཀྱིལ་འཁོར་མཐོང་བ་དོན་རྟོགས་ཡིན། །རྟོགས་ནས་གོམས་བྱེད་འཇུག་པ་སྟེ། །མངོན་དུ་
གྱུར་པ་དངོས་གྲུབ་ཡིན། །གཉིས་མེད་ཡེ་ཤེས་དབང་འགྱུར་བས། །མྱ་ངན་འདས་དང་འཁོར་བ་ལ། །ཇི་ལྟར་འདོད་པར་དབང་བསྒྱུར་བས། །རིག་པ་རང་དབང་མཆོག་ཏུ་བཤད། །འདི་དབང་ཐོབ་པའི་རྣལ་འབྱོར་ནི། །བསྒྱུར་བའི་དབང་ལ་ཐོགས་པ་མེད། །ཇི་སྙེད་ཐེག་པ་རབ་
འབྱམ་གྱིས། །དབང་བསྐུར་རྣམ་གྲངས་ཇི་སྙེད་ཀུན། །གསང་བའི་དབང་དུ་གསུངས་པ་སྟེ། །ཡང་དག་པ་ཡི་གྲངས་ལས་འདས། །མཉམ་པ་ཡེ་ཤེས་ཆེན་པོ་ཉིད། །གཅིག་དང་དུ་མ་ལས་གྲོལ་ཕྱིར། །གནས་དང་གནས་མིན་དམིགས་དབྱེ་མེད། །སྒོ་གསུམ་དབྱེ་བ་
རྡུལ་ཙམ་མེད། །གཉིས་མེད་ཡེ་ཤེས་ཆེན་པོ་ལས། །སྒྱུ་འཕྲུལ་དྲ་བ་མི་འགོག་ཕྱིར། །ཐབས་དང་ཐབས་བྱུང་ཐབས་བསམ་ཡས། །ཐབས་ཀྱི་ནང་ན་མཆོག་ཏུ་གསུངས། །རང་རིག་ཡེ་ཤེས་རྒྱལ་བ་ཉིད། །ཁམས་གསུམ་འཁོར་བ་ཉིད་ཡིན་ཕྱིར། །འདི་ལ་སྒྲིབ་དང་མི་
སྒྲིབ་ཅེས། །མཉམ་པའི་རྒྱལ་པོས་ཡོངས་མ་གསུངས། །སྒྲིབ་པ་ཉིད་ནི་བྱང་ཆུབ་ལ། །འཁོར་བ་ཉིད་ནི་མྱ་ངན་འདས། །དབྱེ་བ་མེད་པའི་ས་མཆོག་གིས། །ས་ཡི་ཁྱད་པར་ཟིལ་གྱིས་གནོན། །ཐམས་ཅད་ས་ཉིད་ཡེ་ཤེས་དང་། །བརྗོད་པའི་ཐ་སྙད་ཡུལ་ལས་འདས། །

རང་བཞིན་གྱིས་ནི་འོད་གསལ་ཞིང་། །རྫོགས་པ་ཆེན་པོའི་མཐར་ཐུག་པ། །མན་ངག་ཀུན་གྱི་མཆོག་གི་མཆོག །དེ་སྒྲུབ་ཐབས་སུ་གསུངས་པར་ཟད། །དཔེར་ན་གླང་པོ་རྙེད་གྱུར་ན། །གླང་པོའི་རྗེས་ནི་མི་བཙལ་ལྟར། །རང་རིག་ཡེ་ཤེས་མངོན་སུམ་ན། །མཚན་མའི་
རྟགས་ནི་འཁྲུལ་པའི་གཞི། །ཡང་དག་དོན་ནི་བརྡ་ལས་འདས། །མཚོན་པར་བྱ་བའི་ཡུལ་མིན་ཡང་། །མཛུབ་མོས་ཟླ་བ་བསྟན་པ་ལྟར། །བརྡ་ཡི་སྒོ་ནས་འཇུག་པ་ཡིན། །སྣང་དང་སྲིད་པ་ཇི་སྙེད་པ། །སྐུ་གསུང་ཐུགས་ཀྱི་རྫས་ཡིན་པས། །ལྷག་པར་སྤང་བ་བླང་དང་
བྲལ། །ཡེ་ཤེས་རྗེས་ཀུན་ལས་གྲོལ་བཤད། །རང་གི་དོན་ལ་མངོན་སུམ་ན། །རང་རིག་ཁོ་ན་ཙམ་དུ་ཟད། །རང་རིག་དེ་ཡང་འདི་སྙམ་ཞེས། །བརྗོད་པའི་ཐ་སྙད་རྣམས་དང་བྲལ། །འདི་ནི་དགོངས་པའི་མཆོག་ཏུ་གསུངས། །རིག་པ་རང་དབང་གྱུར་པ་ནི། །སྲིད་པ་གསུམ་
ན་འགྲན་ཟླ་མེད། །འོག་མ་རྣམས་ཀྱི་གཉེན་པོར་ཆེ། །ནུས་པ་མང་པོའི་བྱེ་བྲག་ལྡན། །རྒྱུ་དང་འབྲས་བུ་དབྱེར་མེད་པས། །རྒྱུ་འབྲས་ཐ་སྙད་ཡོངས་ཀྱིས་བྲལ། །རྒྱུ་ཡི་ནང་ནའང་མཆོག་ཡིན་ཏེ། །འབྲས་བུའི་ནང་ནའང་བདེ་མཆོག་གོ། །དབང་གསུམ་བྱེ་བྲག་ལས་གྲོལ་
ཕྱིར། །བཞི་པའི་དབང་ཞེས་གྲགས་པ་སྟེ། །རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་གསང་། །ཐམས་ཅད་མཁྱེན་པར་འདིར་བརྗོད་དོ། །འོན་ཀྱང་ཀུན་མཁྱེན་མ་ཐོབ་པར། །དེ་ཉིད་ཉེ་བར་ཡང་མི་འགྱུར། །འོན་ཀྱང་འདི་ཡི་དབྱེ་བ་ཡིས། །དེ་ཉིད་ཐོབ་བྱའི་གནས་སུ་འགྱུར། །དེ་ལས་རིམ་
པ་མཆོག་ཡིན་པས། །སྒྲུབ་པོ་རྣམས་ཀྱིས་ནན་ཏན་བྱའོ། །སློབ་དཔོན་རྣམས་ནི་མ་མཉེས་ཤིང་། །དབང་རྣམས་རིམ་གྱིས་མ་བགྲོད་པར། །སྔགས་སྤྱོད་སྒྲུབ་པ་རྩོམ་བྱེད་ན། །དེ་འབྲས་མེད་ཅིང་ངན་སོང་ལྟུང་། །དབང་རྣམས་བགྲོད་པ་མ་བྱས་པར། །ཐུགས་ཐུབ་ར་ཆོད་
སེམས་ཀྱིས་ནི། །གང་དག་མན་ངག་རིམ་བསྟན་ན། །ཕུང་བྱེད་གཉིས་ཀ་དམྱལ་བར་ལྟུང་། །དེ་ནི་སྔགས་ཀྱི་དམ་ཚིག་ཅེས། །སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་། །མནར་མེད་གནས་སུ་ཉེ་བར་འཁོར། །དབང་མ་བགྲོད་པའི་གང་ཟག་དག །གལ་ཏེ་འདྲི་བས་དགེ་སློང་ཡང་། །

གཏམ་གྱི་རིགས་ཙམ་ཡང་མི་བརྗོད། །དེ་བརྗོད་ཉེས་པའང་བརྗོད་མི་ལང་། །རིམ་པ་རྫོགས་ཤིང་སྣོད་ཅན་ལ། །འདྲི་ཤིང་གླེང་སློང་བྱེད་པ་ན། །དེ་ལ་དེ་དོན་མ་བསྟན་ན། །དེ་ཡང་ཉེས་པའི་གནས་སུ་འགྱུར། །གང་ཞིག་དབང་གི་རིམ་པ་ནི། །བླ་མ་
གཞན་ལས་རྫོགས་བླངས་ལ། །མན་ངག་གི་ནི་རིམ་པ་ནི། །བླ་མ་གཞན་ལས་བླང་དུ་རུང་། །དབང་དང་མན་ངག་མ་བགྲོད་པར། །གླེགས་བམ་ལ་བརྟེན་ཤེས་རབ་ཀྱིས། །གང་ཞིག་མན་ངག་རིམ་རྙེད་ན། །དེ་ནི་སྔོན་སྦྱངས་འཕྲོ་ཅན་ནོ། །དེས་ཀྱང་བླ་མ་དག་པ་ལ། །དབང་གི་
རིམ་པ་བགྲོད་པར་གཅེས། །རྣམ་སྨིན་ཤེས་རབ་སྦྱངས་པའི་མཐུས། །ལུང་ངག་རྟོགས་པ་སྦྱངས་པ་དང་། །རིན་ཆེན་འཁོར་ལོའི་མན་ངག་འདི། །དབང་མ་བགྲོད་ལ་བསྟན་གྱུར་ན། །བདག་ཀྱང་ཕུང་ལ་གཞན་ཡང་བརླག །དེ་བས་གཞན་དུ་བསྟན་མི་བྱ། །བདག་གིས་
བརྩམས་པའི་མན་ངག་འདི། །རིམ་པ་ཚུལ་བཞིན་བྲིས་པ་ཡིས། །འགྲོ་ཀུན་གསང་སྔགས་སྣོད་ལྡན་ཏེ། །ཚེ་འདི་ཉིད་ལ་བྱང་ཆུབ་ཤོག །རིན་ཆེན་འཁོར་ལོའི་དབང་གི་མན་ངག་གི་རིམ་པ་སློབ་དཔོན་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ནིརྡེ་ཤ་ན་ཨ་བྷི་ཥེ་ཀ་ཀྲ་མ་ནཱ་མ། བོད་སྐད་དུ། དབང་གི་རིམ་པ་བསྟན་པ་ཞེས་བྱ་བ། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ལ་བརྟེན་ཏེ་དག་བྱེད་པ། །མརྒད་ལྟ་བུར་བསྒྲུབ་པ་ཡི། །དེ་ཉིད་གསང་བའི་དག་པ་ནི། །ཨེ་ཝཾ་རྣམ་པས་
བཤད་པར་བྱ། །འཁོར་བའི་འདམ་དུ་བྱིང་བ་ཡི། །འགྲོ་ལ་ཕན་དང་བསྐྱབ་པའི་ཕྱིར། །དུད་འགྲོའི་གཟུགས་ཅན་སྤང་བྱ་སྟེ། །དཔག་བསམ་ལྟ་བུར་སྦ་བར་བྱ། །གཡེམ་ཞིང་ལྡོག་ལ་མ་གུས་དང་། །དེ་ཉིད་དོན་རྣམས་མི་ཤེས་པ། །བསྐལ་པ་བྱེ་བ་བརྒྱར་སྨྲས་
ཀྱང་། །བྱ་གག་ལྟ་བུར་ཤེས་པར་གྱིས། །དད་མོས་བརྩོན་དང་ལྡན་པ་ལ། །སྤོས་མེ་རྒྱུན་དུ་འཛིན་པ་ནི། །མཁའ་སྣང་ལྟ་བུར་བཀུར་བ་དང་། །བདུད་རྩི་ལྟ་བུས་ཚིམ་པར་བྱ། །སྡོམ་པ་གསུམ་དུ་རབ་བསྟན་པ། །དེ་ཉིད་ཟུང་འཇུག་གོ་འཕང་སྟེ། །དབྱེ་བའི་རྣམ་གྲངས་

བཤད་པ་དང་། །གོ་བྱའི་ཚུལ་དུ་ཤེས་པར་གྱིས། །ཆུ་དང་ཅོད་པན་རྡོ་རྗེ་དང་། །དྲིལ་བུ་མིང་དང་རྣམ་པ་ལྔ། །བྱ་བའི་རྒྱུད་ཀྱི་རྗེས་འགྲོ་བའི། །རིག་པའི་དབང་དུ་རྣམ་པར་གྲགས། །རིགས་ཀྱི་དམ་ཚིག་སྣོད་རུང་དང་། །རྗེས་གནང་རྡོ་རྗེ་བརྟུལ་ཞུགས་དང་། །ལུང་བསྟན་
དབུགས་དབྱུང་བཅུ་གཅིག་ནི། །བརྟུལ་ཞུགས་ཞེས་པ་ཕྱི་ཡི་དབང་། །རྣམ་པ་གསུམ་དུ་ངས་བཤད་པ། །སྦྱངས་པའི་ལུས་སུ་ཤེས་པར་གྱིས། །རྡུལ་ཚོན་བྷ་ག་བྱང་ཆུབ་སེམས། །བུམ་པ་གསང་བ་ཤེས་རབ་སྟེ། །ལུས་ངག་ཡིད་ཀྱི་དེ་ཉིད་ལ། །དོན་དང་ལྡན་
པས་གནས་པར་གྱིས། །ལུས་ངག་ཡིད་ཀྱི་ལིང་ཐོག་ནི། །ཤེས་རབ་ལྡན་པས་བསལ་བ་དང་། །དབྱིབས་དང་སྔགས་དང་ཆོས་རྣམས་ཀྱང་། །དམ་ཚིག་ལས་དང་ཕྱག་རྒྱ་ཆེ། །སྤྲུལ་པ་ལོངས་སྤྱོད་ཆོས་སྐུར་ལྡན། །ངོ་བོ་ཉིད་ཀྱིས་གནས་པར་མཛོད། །སྐུ་གསུང་
ཐུགས་ལ་རྟོག་མི་མངའ། །ཡེ་ཤེས་བདུད་རྩི་དྲི་མ་མེད། །གཟུགས་སོགས་ངོ་བོ་ཉིད་ཀྱིས་ཞི། །ཆོས་དབྱིངས་ཡེ་ཤེས་ངོ་བོར་ལྡན། །མེ་ཏོག་དོན་ལྡན་འདུས་མ་བྱས། །རྡོ་རྗེའི་མིང་དུ་རབ་ཏུ་གྲགས། །འོད་ཟེར་སྒྲ་ལྡན་སེང་གེ་ནི། །པི་བང་གླིང་བུ་ཅང་ཏེའུ་འཛིན། །ཚིག་
དང་ཡི་གེའི་དོན་འདས་ཤིང་། །གཟུང་འཛིན་སྤོང་བར་བྱེད་པ་ཡིན། །ཕྱི་ནང་དག་པས་འཇུག་པ་ནི། །ཕུན་སུམ་ཚོགས་པས་བྱེད་པ་ཡིན། །རིགས་ལས་འདའ་བར་མི་བྱེད་ཅིང་། །བཅུ་བཞི་ལ་སོགས་དོན་རྣམས་གང་། །གཅིག་དང་དེ་ཡི་འབྲས་སྟེར་བ། །མྱ་ངན་འདས་
པར་ཐུབ་པས་བཤད། །ཁྱད་པར་འཕགས་པའི་ཐབས་བསྟན་པ། །གུས་པར་བྱ་ཕྱིར་བཤད་པ་ཡིན། །དེ་དག་རྗེས་སུ་སྣང་བ་ནི། །རྒྱས་ཤིང་གཞན་དོན་བྱེད་པ་ཡིན། །ཉོན་མོངས་སྤོང་ཞིང་དེ་ཉིད་ལྡན། །ཕྱིར་མི་ལྡོག་པར་གནས་ཞེས་གསུངས། །དེ་ལྡན་དམ་པ་སྟེར་བྱེད་
ན། །སྐུ་གསུང་ལྡན་པར་ལུང་བསྟན་ཏོ། །ཕྱིར་མི་ལྡོག་ཅིང་འཁོར་བ་ལས། །ངལ་སོས་ཕྱིར་ནི་སློབ་དཔོན་ཡིན། །དབུགས་ཕྱིན་རྡོ་རྗེ་འཛིན་པ་ཡིན། །མཚན་བཅས་མཚན་མ་མེད་པ་ལ། །སྦྱིན་དང་ཚུལ་ཁྲིམས་ལ་སོགས་ཆོས། །སེང་གེ་ལྟ་བུར་མཁྱེན་པར་མཛོད། །

གང་ལ་བྲན་དང་འདྲ་བ་དང་། །ཞུམ་ཞིང་རྒྱགས་པ་སྤང་བ་དང་། །གཉིད་དང་རྨུགས་པ་བསལ་བྱ་ཞིང་། །དུས་རིག་བརྩོན་འགྲུས་ལྡན་པར་བྱ། །མཁྱེན་པས་ང་རྒྱལ་སྤང་བྱ་ཞིང་། །འདུ་འཛི་མེད་པར་སྦྱིན་པ་དང་། །ཚིམ་ཞིང་རྟོགས་དང་ལྡན་པ་དང་། །
གནང་བ་སྦྱིན་པ་ཉིད་དུ་བྱ། །མཁས་པའི་ཡོན་ཏན་བཀུར་བ་དང་། །ཕྲ་རབ་བརྙས་པར་མི་བྱ་སྟེ། །བླ་མ་བསྐྱེད་པ་དང་པོ་ནི། །རིགས་ངན་ཡིན་ཡང་བཀུར་བར་བྱ། །དེ་ཉིད་མི་སྨྲ་ཚོད་རིག་ཅིང་། །འཇིག་རྟེན་འཕྱར་གཡེང་ལས་མི་བྱ། །ཐུན་མོང་ལས་དང་ཆོ་ག་རྣམས། །
མཁའ་ལྡིང་ཕྲ་རབ་ཆུ་གནས་དང་། །གནོད་སྦྱིན་འདྲེ་སོགས་ལ་སོགས་ལྡན། །དེས་ཀྱང་གྲོལ་བར་མི་འགྱུར་ཏེ། །རི་རབ་སྟོབས་དང་མི་ལྡན་པས། །འདེགས་པར་བྱེད་པ་བླུན་པོའི་ཆོས། །ལེགས་པར་འདུན་པའི་མཆོག་ཉིད་ཀྱང་། །ཤིན་ཏུ་གསང་སྤྱོད་བྱ་དགོས་ན། །
མེ་རྣམས་ཆུང་ངུར་གྱུར་པ་ལ། །ཤིང་དང་རླུང་གིས་གནོད་པར་བྱེད། །དེ་བཞིན་དོན་མེད་སྤྱོད་པས་ཀྱང་། །མཆོག་གི་འབྲས་བུ་ཉམས་པར་བྱེད། །བ་རྣམས་བེའུ་ཆུང་མི་འདོར་བཞིན། །མཚན་མའང་དོར་བར་མི་བྱའོ། །ཡང་ནི་སྟོང་པའི་བྱང་ཆུབ་སྟེ། །མཐར་ཐུག་ཆོས་
རྣམས་བརྗོད་པར་བྱ། །རྡོ་རྗེ་པདྨ་བྱིན་བརླབས་ལ། །མཉམ་པར་སྦྱར་བས་དེ་ཉིད་དབབ། །དེ་ཉིད་ལྡན་པས་སློབ་མ་ཡིས། །བེའུ་ལྟར་སྦྱིན་པར་བྱ་བ་ཡིན། །དེ་ནས་སློབ་མས་མཉམ་སྦྱར་བས། །གཡོ་དང་ཕྱི་དང་གཉིས་ཤོར་བ། །དུས་ཀྱི་རླུང་ནི་འཛིན་པ་སྟེ། །སྟོང་ཉིད་ཡེ་
ཤེས་སྐྱེ་བར་འགྱུར། །ཁྲི་དང་གསོལ་འདེབས་སྒྲ་སྒྲོགས་དང་། །དེ་ཉིད་དོན་ལྡན་སྐུར་བྱེད་པ། །སྙན་དུ་དེ་ཉིད་ལྡན་པར་ཡང་། །བཞི་པའི་དབང་ནི་རྫོགས་པ་ཡིན། །མཐོང་བའི་ཆོས་ལས་རབ་སྟེ། །དྲི་མ་མེད་སོགས་བཅུ་ཡི་བར། །ཆུ་སོགས་རིམ་གྱིས་ཤེས་པ་དང་། །ཆོས་
ཀྱི་སྤྲིན་ལ་གནས་པ་ཡིན། །གསང་བ་ཀུན་དུ་འོད་ཆེན་ལྡན། །ཤེས་རབ་མ་ཆགས་པདྨ་སྤྱན། །བཞི་པ་ཡིད་བཞིན་འཁོར་ལོ་སྟེ། །ངོ་བོ་ཉིད་ལྟར་འབྱུང་བར་འགྱུར། །རྡོ་རྗེ་འཛིན་པའི་རིག་འཛིན་ནི། །དམ་ཚིག་ལྡན་ལས་འབྱུང་བ་དང་། །ཕུན་སུམ་ཚོགས་པས་འགྲུབ་

འགྱུར་ཞེས། །མི་ཡི་སེང་གེས་བཤད་པ་ཡིན། །རྡོ་རྗེ་དམྱལ་བ་བཟོད་དཀའི་ཕྱིར། །འཇིག་རྟེན་འཕྱར་གཡེང་མི་བྱ་སྟེ། །རྟག་པར་གསང་སྤྱོད་ལྡན་པ་དང་། །ཡང་དང་ཡང་དུ་འདུད་པར་བྱེད། །དེ་ཉིད་དེ་ཡི་གསང་བར་གནས། །དོན་ལྡན་ཤེས་རབ་ཐམས་ཅད་གནས། །རབ་
ཀྱིས་སྦྱང་བའི་ལས་ལེན་ཞིང་། །གཞན་རྣམས་དེ་ལྟ་མ་ཡིན་ཏེ། །རིམ་གྱིས་བླང་བར་བྱ་བ་དང་། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཕྱིར་མི་ལྡོག་པའི་ས་ཡི་ཆོས། །ཤེས་རབ་ཡེ་ཤེས་ཉོན་མོངས་འཇོམས། །རང་བཞིན་དག་པའི་སེམས་ཉིད་ནི། །བཀྲུས་པས་
མི་འདག་ནམ་མཁའ་བཞིན། །གཏི་མུག་བྲལ་ཞིང་འཁྲུལ་པ་སྤངས། །ལྷན་ཅིག་སྐྱེས་པའི་རང་བཞིན་ལྡན། །ཤེས་དང་ཤེས་བྱའི་བདག་པོ་མཆོག །དེས་ན་ཤེས་རབ་ཡེ་ཤེས་བརྗོད། །ཆོས་རྣམས་ཚིག་དང་ཡི་གེ་ལས། །ཕ་རོལ་སོན་པ་བཞི་པ་སྟེ། །རང་བཞིན་ངོ་བོ་ཉིད་
ཀྱི་སྐུའི། །ཡོན་ཏན་རྣམ་པ་ནོར་བུའི་ཚུལ། །རང་བཞིན་དག་པ་འདུས་མ་བྱས། །སྐད་ཅིག་རྒྱུ་སྟེ་ངན་འགྲོ་སྤང་། །དེ་ཡིས་མྱ་ངན་འདའ་བ་དང་། །དེ་ཉིད་མཆོག་ཏུ་འགྱུར་བར་ངེས། །བདག་བཅས་བསྐལ་པར་ངལ་བྱས་ཀྱང་། །སངས་རྒྱས་ལས་ནི་ཤིན་ཏུ་རིང་། །རྒྱལ་པོ་
མཆོད་པས་དོན་འགྲུབ་ལྟར། །ནམ་ཡང་རེ་བར་མི་བྱའོ། །ཤེས་རབ་སྙིང་རྗེ་དབྱེར་མེད་པའི། །ཕ་རོལ་ཕྱིན་བཅུའི་ཆོས་རྣམས་ནི། །རྟག་ཏུ་འབད་པ་བྱེད་པ་ན། །སྐྱེ་བ་བདུན་སོགས་དེ་ཉིད་ལེན། །དད་དང་ཚུལ་ཁྲིམས་བརྩོན་འགྲུས་ཀྱིས། །ཡང་དང་ཡང་དུ་ལེན་བྱེད་ན། །ཕ་རོལ་
ས་ལ་འགྲོ་འོ་ཞེས། །བདེ་མཆོག་རྒྱ་མཚོའི་རྒྱུད་ལས་གསུངས། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང་། །དངོས་པོ་ཡིས་ནི་འཆིང་བར་འགྱུར། །དེ་ཡོངས་ཤེས་པས་གྲོལ་བ་ཡིན། །དངོས་པོ་མེད་པའང་ཡོངས་ཤེས་པས། །དངོས་པོ་སྒོམ་འགྱུར་ཤེས་
རབ་ཅན། །དངོས་པོ་མེད་པའི་རང་བཞིན་ནི། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །རྡོ་རྗེ་རིགས་ཀྱི་ལེའུ་ལས་ཀྱང་། །གསུངས་པ་དག་ནི་བསྔགས་པ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། །རྣམ་སྣང་མི་བསྐྱོད་དོན་ཡོད་དང་། །རིན་ཆེན་

དཔག་མེད་སེམས་དཔའོ། །མྱ་ངན་འདས་པ་སྐྱེད་པ་ཡི། །ཤེས་རབ་མ་ཞེས་བརྗོད་པར་བྱ། །ཞེས་ནི་དེ་ཉིད་ལེའུ་ལས་གསུངས། །ཡང་དག་རྫོགས་པའི་བྱང་ཆུབ་མཆོག །ཨུཏྤལ་རི་རབ་རིན་ཆེན་དང་། །ཁྱི་དང་སེང་གེ་ཝ་སྐྱེས་དང་། །ཕག་མོ་ལྟར་སྣང་ལེན་
པར་བྱེད། །གཞན་ཡང་སྤྲོས་པ་ལེན་པ་གང་། །སྦྲེའུ་ཡིས་ཤིང་ཐོག་ཇི་བཞིན་དུ། །ཉོན་མོངས་ཟུག་རྔུར་གྱུར་པ་ཡི། །སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད། །ཆགས་ལ་ཆགས་པ་སྐྱེད་བྱེད་དེ། །བཏུང་བའི་མཆོག་ཏུ་མི་འགྱུར་བ། །བླུན་པོ་གང་ཞིག་འཐུང་བྱེད་ན། །སྐོམ་པས་
འཆི་བས་ལུས་འཇིག་འགྱུར། །ཐབས་དང་ཤེས་རབ་དོན་རྣམས་ལ། །རྟོགས་ཤིང་འབད་པས་བླང་བ་དང་། །གསང་སྤྱོད་ལྟ་བུས་འགྲུབ་འགྱུར་ན། །ལེགས་པ་ཉིད་དུ་སྦ་བར་གྱིས། །དེ་ཡིས་དགེ་བ་གང་དང་གང་། །ངེས་པར་སེམས་ཅན་ཐམས་ཅད་ཀྱིས། །དབང་གི་དེ་ཉིད་རྟོགས་
གྱུར་ནས། །སྐུ་གསུམ་ཡེ་ཤེས་ལྔར་ལྡན་ཤོག །དབང་གི་རིམ་པ་བསྟན་པ་རྗེ་བཙུན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་རའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཡེ་ཤེས་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།
༄༅༅། །རྒྱ་གར་སྐད་དུ། སཾ་ཀྵིཔྟ་ཨ་བྷི་ཥེ་ཀ་ཀྲ་མ། བོད་སྐད་དུ། དབང་གི་རིམ་པ་མདོར་བསྡུས་པ། དཔལ་གསང་བའི་འཇམ་དཔལ་ལ་ཕྱག་འཚལ་ལོ། །དབང་བསྐུར་བ་ལ་རྣམ་ལྔ་སྟེ། །དབང་བསྐུར་མི་རུང་སྐྱོན་བསྟན་དང་། །སློབ་དཔོན་སློབ་མའི་མཚན་ཉིད་དང་། །
གནས་དང་དཀྱིལ་འཁོར་དབང་བསྐུར་བའོ། །དབང་བསྐུར་མི་རུང་རྣམ་གཉིས་ཏེ། །རྒྱུད་ཀྱི་ལུང་དང་སློབ་དཔོན་དགོངས། །ལུང་ལ་གསུམ་སྟེ་སྒྲ་མཁན་དང་། །དགེ་སློང་དང་ནི་རྒན་པོའོ། །དགོངས་པ་ལ་ཡང་རྣམ་བཅུ་སྟེ། །མུ་སྟེགས་གླེན་པ་སྒྲ་ཤེས་དང་། །ཉན་ཐོས་མ་ནི་
རྒན་པོ་དང་། །རང་གི་བུ་དང་བྱིས་པ་དང་། །དད་པ་མེད་དང་རྒྱལ་པོ་ལ། །དབང་ནི་བསྐུར་བར་མ་གསུངས་སོ། །སློབ་དཔོན་མཚན་ཉིད་བཅུ་བཞི་སྟེ། །རིགས་བཟང་རབ་ཏུ་དཔའ་བོ་དང་། །ཡེ་ཤེས་མཁྱེན་ལ་ཐུགས་རྗེ་ཆེ། །ཕྲག་དོག་འདོད་ཆགས་གཉིས་མི་མངའ། །ངོ་མ་

གཉིས་དང་སྙུན་མི་མངའ། །ཐམས་ཅད་མཚན་གྱིས་གང་བ་དང་། །འཛམ་གླིང་གང་བའི་སྤྱན་མངའ་དང་། །རྒྱུད་རྣམས་ཐམས་ཅད་རབ་ཏུ་མཁྱེན། །ཁྲོ་མེད་རབ་ཏུ་བཟང་བ་དང་། །གཏོང་ཕོད་པ་དེ་སློབ་དཔོན་ནོ། །དཔལ་ཆེན་ཡེ་ཤེས་ཐིག་ལེ་ཡི། །རྒྱུད་ལས་རྡོ་རྗེ་སེམས་
དཔས་གསུངས། །སློབ་མའི་མཚན་ཉིད་བཅུ་གཉིས་ཏེ། །ཁ་སྦུབ་འདུག་དང་རྡོལ་བ་མེད། །དབང་གི་སྣོད་རབ་ཡོད་པ་དང་། །ཐོས་པ་མང་དང་དད་ཆེ་བ། །འདོད་ཆགས་ཆེ་དང་ཞི་འདྲ་དང་། །ཐམས་ཅད་ཡོད་དང་གསང་ཐུབ་དང་། །གཏོང་ཕོད་ཕྲག་དོག་ཆུང་བའོ། །
གནས་བརྟག་པ་ལ་རྣམ་གཉིས་ཏེ། །རུང་དང་མི་རུང་བརྟག་པའོ། །མི་རུང་བ་ལ་རྣམ་པ་གསུམ། །རྒྱལ་པོ་མུ་སྟེགས་ཆོམ་རྐུན་གྱིས། །འཇིགས་པའི་ས་ནི་ངན་པ་ཡིན། །རུང་བའི་གནས་ནི་སྐྱོན་མེད་པའོ། །དཀྱིལ་འཁོར་ལ་ཡང་རྣམ་གསུམ་སྟེ། །རྡུལ་ཚོན་མེ་ཏོག་ཏིང་ངེ་
འཛིན། །དབང་པོ་རབ་འབྲིང་དོན་དུ་བྱ། །གསུམ་ནི་རིགས་ཆེན་རྒྱ་མཚོ་ཡི། །རྒྱུད་ལས་དེ་སྐད་འབྱུང་བའོ། །དབང་བསྐུར་བ་ལ་རྣམ་བཞི་སྟེ། །བུམ་པའི་དབང་ནི་དང་པོ་སྟེ། །གསང་བ་ཤེས་རབ་ཡེ་ཤེས་དང་། །དེ་ལྟར་དེ་བཞིན་བཞི་པའི་དབང་། །བུམ་པའི་དབང་ལ་བཅུ་
གཅིག་སྟེ། །ཆུ་དང་དབུ་རྒྱན་རྡོ་རྗེ་དྲིལ། །མིང་དང་དམ་ཚིག་བརྟུལ་ཞུགས་དང་། །བཀའ་སྩལ་ལུང་བསྟན་སློབ་དཔོན་དབང་། །གསང་གསུམ་གཞན་དུ་ཤེས་པར་བྱ། །ཐབས་དང་ཤེས་རབ་བདག་རིག་བྱ། །ཐབས་ནི་དེ་ལ་རྣམ་བཞི་སྟེ། །ཀྲྀ་ཡ་ཙ་ར་ཡོ་ག་དང་། །ཡོ་གོཏྟ་ར་
དང་རྣམས་སོ། །ཤེས་རབ་ཡོ་གཱ་ནུཏྟ་ར། །དབང་དེ་རྣམ་པ་གཉིས་ཡིན་ཏེ། །དགོངས་པས་བཤད་དང་གཉིས་སུ་གསུངས། །ཡོ་ག་མན་ཆད་གཅིག་ལས་མེད། །དེ་ནི་དངོས་གྲུབ་གྲུབ་པའི་དབང་། །ཡོ་གོཏྟ་ར་རྣམ་གཉིས་ཏེ། །དགོངས་བཤད་བུམ་པ་དངོས་ཀྱི་དབང་། །
དགོངས་མ་ཡིན་ལ་རྣམ་དྲུག་སྟེ། །ལྷ་མིན་བརྡ་ཕྲད་བུམ་པའི་དབང་། །དེ་ཡི་འབྲས་བུ་དགའ་བ་སྐྱེད། །བྷག་ཙུམ་སྐྲ་གཟུང་དབུ་རྒྱན་དབང་། །པདྨར་རྡོར་བཅུག་རྡོ་རྗེའི་དབང་། །དགའ་བ་མིན་པ་དགའ་བྱེད་མིན། །རྡོ་རྗེ་པད་བསྐྱོད་དྲིལ་བུའི་དབང་། །དེ་ཡི་འབྲས་བུ་

རང་བཞིན་དགའ། །བདེ་བ་ཆེན་པོ་པདྨར་བཅས། །དེ་ནི་ཧ་སྐད་མིང་གི་དབང་། །བདེ་བ་ཆེན་པོའི་རང་བཞིན་ནོ། །ངོ་བོ་འབྲས་བུ་གཉིས་པ་ཡིན། །པད་གནས་བྱང་ཆུབ་ལྕེ་ཡིས་བླང་། །དེ་ནི་དམ་ཚིག་གསུམ་ཡིན་ནོ། །དེ་སྐད་རྡོ་རྗེ་སེམས་དཔའ་ཡིས།
གསང་བའི་རྒྱ་མཚོའི་རྒྱུད་ནས་གསུངས། །དགོངས་པ་མ་ཡིན་བདེ་བའི་དོན། །གསང་བའི་རྒྱ་མཚོ་དེ་ལས་བྱུང་། །གསང་བ་ཤེས་རབ་ཡེ་ཤེས་དབང་། །ཨ་ནུཏྟ་རའི་དབང་དུ་འབྱུང་། །དེ་ལྟར་བཞི་པ་ཅི་ལས་གསུངས། །ཤེས་རབ་ཡེ་ཤེས་དབང་གི་དོན། །ཤེས་རབ་གང་
ལགས་ཡེ་ཤེས་གང་། །དེ་གཉིས་མེད་པའི་རང་བཞིན་མཁྱེན། །དེ་ཡི་དབང་ནི་བཞི་པའི་དོན། །འཁོར་ལོ་བཞི་ལ་དགའ་བཞི་གནས། །དེ་ཡི་ཡན་ལག་སྐད་ཅིག་བཞིའོ། །དང་པོ་སྤྲུལ་དང་ཆོས་འཁོར་ལོ། །ལོངས་སྤྱོད་བདེ་བའི་འཁོར་ལོ་བཞིའོ། །ལྟེ་བ་སྙིང་ག་མགྲིན་
པ་དང་། །སྤྱི་བོ་དག་ལ་རིམ་བཞིན་གནས། །དྲུག་ཅུ་རྩ་བཞི་བརྒྱད་དང་ནི། །བཅུ་དྲུག་སུམ་ཅུ་རྩ་གཉིས་སོ། །དེ་ཀུན་པདྨའི་འདབ་མ་ཡིན། །པདྨ་རེ་རེ་རྩ་རེ་ཡིན། །ཀ་ནས་བཟུང་སྟེ་ས་ཡི་བར། །གཡས་སྐོར་གཡོན་སྐོར་དྲུག་ཅུ་བཞི། །ཏྲཱཾ་ཧྲཱིཿཁཾ་ཨཾ་ས་བོན་བཞི། །ལཾ་
མཾ་པཾ་ཏཾ་མནན་པས་བརྒྱད། །ཐོག་མར་ཨ་དང་ཐ་མར་ཨ། །དེ་ལྟར་བཅུ་དྲུག་བསྐོར་བ་ཡིན། །ཨ་ལ་སོགས་པ་བཅུ་དྲུག་གིས། །གཡས་སྐོར་གཡོན་སྐོར་སུམ་ཅུ་གཉིས། །དེ་ལྟར་འཁོར་ལོའི་ས་བོན་ཡིན། །ཡཾ་ལས་རླུང་དཀྱིལ་གཞུ་འདྲ་དང་། །རཾ་ལས་གྲུ་གསུམ་མེ་འདྲ་
བསྐྱེད། །ཤེས་རབ་ཐབས་ལས་མེ་བྱུང་བས། །ལས་ཀྱི་རླུང་གིས་ཡང་དག་འབར། །ལྟེ་བའི་རྩ་ཡི་དབུས་ནས་ལངས། །དམ་ཚིག་འཁོར་ལོའི་མཁའ་འགྲོ་ཚིག །ཆོས་དང་ལོངས་སྤྱོད་རྫོགས་ལམ་གནས། །ལོངས་སྤྱོད་འཁོར་ལོ་ལན་གསུམ་བསྐོར། །ན་ས་གཡང་བྱུང་སྨིན་
ཕྲག་གནས། །ཨུ་ཌྱན་ལམ་བྷུ་ཛ་ལནྡྷར། །ཕྱིན་ནས་བདེ་ཆེན་འཁོར་ལོར་ཞུགས། །ཆོས་དབྱིངས་ཡེ་ཤེས་བདུད་རྩི་གསོལ། །བདུད་རྩི་ཁྱེར་ནས་སླར་ལམ་ཞུགས། །སྨིན་ཕྲག་སྦུ་གུར་ལམ་ཞུགས་ཏེ། །ལོངས་སྤྱོད་འཁོར་ལོར་ངལ་བསོས་ཏེ། །སྔར་ཚིག་མཁའ་འགྲོ་

སོས་ཀར་འགྱུར། །ལྟེ་བའི་འཁོར་ལོ་ལ་གནས་ནས། །ཡང་འགྲོ་ཡང་འོང་མཐོང་མི་འགྱུར། །སྐྲ་ཡི་རྩེ་མོ་ཁྲི་ཡི་ཆ། །དེ་ལྟར་རྟོགས་པ་སློབ་དཔོན་དྲིན། །གཏུམ་མོ་དེ་ལ་བདག་ཕྱག་འཚལ། །དབང་གི་དོན་མདོར་བསྡུས་པ་སློབ་དཔོན་དཔལ་ཤེས་རབ་གསང་བའི་ཞལ་སྔ་
ནས་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙ་ཏུརརྠ་སད་བྷ་བ་ལོ་པ་དེ་ཤ་ནཱ་མ། བོད་སྐད་དུ། བཞི་པའི་དོན་རྣམ་པར་ངེས་པའི་མན་ངག་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཁ་ཆེ་བ་ལ་བཞི་པའི་གཏམ། །སྔར་ཡང་
ཡོད་པར་མ་ཐོས་ལ། །ད་ལྟར་ཡོད་པ་མཐོང་ན་ཡང་། །བཞི་པ་རྙེད་པ་མ་ཡིན་ནོ། །དོན་དུ་མི་གཉེར་མ་དད་དང་། །ཟབ་ཅིང་རྒྱ་ཆེ་སྤང་བའི་ཕྱིར། །འདིར་ནི་བཞི་པ་བསྟན་པ་ཡི། །འཇུག་པ་བདག་ལས་མ་བྱུང་ངོ་། །ཡུལ་ཕྱོགས་གཞན་ན་ལ་ལ་དག །གལ་ཏེ་སྐལ་ལྡན་
གྱུར་པ་དངོས། །ཡོད་པས་གཏེར་ནི་མི་ནུབ་ཅེས། །བདག་བློ་ངེས་པར་དབུགས་དབྱུང་ངོ་། །རིམ་པ་གཉིས་ཀྱི་དབྱེ་བ་ཡིས། །དཔལ་ལྡན་གསང་བ་འདུས་པར་བསྟན། །སྦྱོར་བ་དང་བཅས་དགྱེས་པ་ནི། །རྡོ་རྗེའི་རྒྱུད་དུ་མཆོག་ཏུ་བསྟོད། །འཁོར་ལོ་སྡོམ་པ་ཞེས་བྱ་ལས། །
བར་མ་མཆོག་གི་ཚིག་གིས་བཤད། །བསྐྱེད་པའི་རིམ་པ་ལ་གནས་ནས། །བདག་བྱིན་བརླབ་པ་རབ་ཏུ་བརྟག །ཐབས་དང་ཤེས་རབ་སྦྱོར་བ་ཡིས། །རིམ་པ་གཉིས་ཀྱང་བསྟན་པ་ཡིན། །བསྐྱེད་པའི་རིམ་པས་དག་དེ་ལ། །གསུམ་པ་རྣམ་པར་གནས་པ་ཡིན། །
རིགས་པ་དང་བཅས་བཞི་པ་ནི། །མཐོང་ནས་སློབ་པར་བྱེད་པར་འདོད། །གང་གི་མཐུ་ཡིས་རབ་བསྐྱེད་པ། །ཡེ་ཤེས་རྡོ་རྗེ་ངོ་མཚར་ཅན། །རིགས་པ་དང་བྲལ་ཁྱད་པར་ཅུང་ཟད་མེད། །དེ་ལ་བུད་མེད་ལས་དང་ཉོན་མོངས་སྐྱེ། །རིགས་པ་ལྡན་པས་རྡོ་རྗེ་ལས་འབྱུང་འགྱུར། །
དེ་ཕྱིར་བློ་དང་ལྡན་པས་རིགས་པ་བཙལ། །ཡང་དང་ཡང་དུ་ལྟོས་བྱེད་པ། །ཕྱག་རྒྱ་སྦྱོར་བ་འདི་འདྲ་བ། །རིགས་པས་སྟོང་ཕྱིར་དེ་རྣམས་ལ། །ཤེས་རབ་ཡེ་ཤེས་གནས་པ་མེད། །ཆོས་ཀྱི་གྲགས་པས་རྣམ་འགྲེལ་ལས། །ཕྱོགས་ཙམ་ཞིག་གིས་རྣམ་པར་ཕྱེ། །

གཞན་གྱི་ཁྱད་པར་བྱེད་ན་ནི། །ཡང་འབད་པ་ལ་ལྟོས་མི་འགྱུར། །ཚོགས་པ་གཅིག་ལ་ལྟོས་ན་ནི། །དུས་གཅིག་སྐྱེས་པའི་དུས་གཞན་དུ། །གལ་ཏེ་དེ་ཉིད་ལ་ལྟོས་ན། །ཤིན་ཏུ་དམན་ཡང་འཕེལ་མི་འགྱུར། །དེ་ལ་སོགས་པའི་རྒྱུད་ཀྱིས་ན། །རྫོགས་
པའི་རིམ་པ་བསྒོམ་པ་ལས། །རིགས་པ་མེད་པའི་དབང་ནི་ཡང་། །རིགས་པ་དང་བཅས་བླང་བར་བྱ། །རིགས་པ་དང་བཅས་གསུམ་པ་ནི། །ཐོབ་པར་གྱུར་པའི་དེ་མ་ཐག །བཞི་པ་ཡོངས་སུ་ཐོབ་པ་ལ། །དབང་ནི་མཛེས་པར་གྱུར་པ་ཡིན། །ཆུ་ལ་སོགས་པའི་དབང་རྣམས་
ནི། །དག་པའི་དོན་དུ་གསལ་བར་གནས། །བཞི་པ་ཇི་ལྟར་གནས་པ་དེ། །འབད་པས་དེ་བཞིན་བསླབ་པར་བྱ། །དེ་མེད་ན་ནི་སངས་རྒྱས་མེད། །དེ་བཞིན་དབང་ཡང་མེད་པར་འགྱུར། །དེ་ཐོབ་ན་ནི་སངས་རྒྱས་ཉིད། །རང་ཉིད་ཡིན་པ་ཉིད་དུ་རྟོགས། །དེ་ཚེ་རྡོ་རྗེ་སློབ་
དཔོན་འགྱུར། །དེ་ཚེ་དེ་བཞིན་གཤེགས་རྣམས་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་དུ། །གྲུབ་པར་འགྱུར་ཉིད་རང་གིས་མཐོང་། །མ་འོངས་པ་ན་སངས་རྒྱས་སུ། །དེ་ཉིད་མངོན་སུམ་ཉིད་དུ་མཐོང་། །ཕྱག་རྒྱ་སྟང་སྟབས་མ་ཡིན་ལ། །དེ་ཡི་རྒྱུ་ནི་བསྒོམ་པའང་མིན། །
དེ་ཡི་ཚེ་ན་སད་བྱེད་པ། །བླ་མའི་གདམས་ངག་གཅིག་པུ་ཡིན། །མི་འཁྲུལ་དོན་དུ་ལན་འགའ་ཞིག །གཟུགས་དང་ལང་ཚོ་ཡོན་ཏན་ཅན། །ཤེས་རབ་ཐབས་བཅས་སྦྱོར་བ་ནི། །དེ་ཡང་རིགས་པས་རྣམ་པར་སྤངས། །མཁས་པ་རྣམས་ལ་མི་དགོས་ཤིང་། །བྱིས་
པ་རྩེ་བའི་འབྲས་བུ་ཅན། །རིགས་པ་གང་དང་གང་དག་གིས། །རྣམ་འགྲེལ་ཚད་མར་དབང་སུན་ཕྱུང་། །སློབ་མའི་དབང་དུ་བརྗོད་པ་ནི། །འདི་ཡང་ཅི་ཕྱིར་སུན་མི་དབྱུང་། །རང་གི་ས་བོན་ལས་བྱུང་བའི། །ཉེས་པ་དག་བྱེད་མི་གསལ་ཏེ། །སློབ་དཔོན་གྱིས་བཤད་ཟབ་པ་
ཡིན། །རིགས་པ་མེད་ན་དེ་གསལ་ཏེ། །དེ་ནི་བདག་ཀྱང་འདོད་མོད་ཀྱི། །འོན་ཀྱང་རིགས་པས་ཁྱད་པར་མེད། །རྡོ་རྗེ་སེམས་གནས་གང་དང་གང་། །གསལ་ཞིང་འཁྲུལ་པ་མེད་རྙེད་པའོ། །བཞི་པ་སྒྲོལ་མ་མཛད་པ་ཡི། །ཤར་ཕྱོགས་ཀྱི་ནི་མཁས་པ་ཡིས། །གཏམ་ཙམ་

ཡང་ནི་མི་ཤེས་སོ། །དེ་ཡི་ཆོས་ལ་བདག་གིས་རྟོགས། །འོན་ཀྱང་གཏི་མུག་བསལ་བ་དང་། །སོམ་ཉི་རབ་ཏུ་ཞི་བ་དང་། །ཕྱིན་ཅི་ལོག་ནི་བསལ་བའི་ཕྱིར། །མཁས་པས་བསྟན་བཅོས་རྒྱས་པར་མཛད། །གཏི་མུག་ཏུ་ནི་རྟོགས་ནས་སྤངས། །སོམ་ཉི་བློ་ནི་རང་གི་རྟོག་པས་
ཕྱེ། །ཕྱིན་ཅི་ལོག་གི་འཁྲུལ་པར་ཤེས་ནས་བསལ། །དེས་ན་ཤིན་ཏུ་ལེགས་པར་མཛད་པ་ཡིན། །སྐད་ཅིག་གསུམ་ལས་བཞི་པ་ནི། །གཞན་དེ་བསྐྱེད་པའི་རིམ་པའི་ཕྱོགས། །རིམ་པ་ཡོངས་སུ་བཏང་ནས་ནི། །དགའ་དང་བྲལ་བ་ཡོངས་སུ་སྤང་། །བཞི་པའི་སྒྲ་རུ་བརྗོད་
པ་ནི། །དགོངས་པ་ཅན་དུ་གྱུར་ནས་གནས། །གང་ཕྱིར་ཤེས་རབ་ཡེ་ཤེས་ཀྱི། །དབང་གི་རིམ་པ་དེ་ཉིད་ཡིན། །ཤེས་རབ་ཡེ་ཤེས་གསུམ་པ་ནི། །བཞི་པ་དེ་ནི་ཇི་ལྟར་འཐད། །གལ་ཏེ་ཤེས་རབ་མེད་གྱུར་ན། །དེ་བཞིན་ཞེས་ཀྱང་ཇི་ལྟར་འཐད། །གལ་ཏེ་ཤེས་རབ་
བླང་བྱས་ན། །གསུམ་པ་ཡིན་གྱི་བཞི་པ་མིན། །མཉམ་དང་རྒྱུད་ཀྱི་རང་བཞིན་དང་། །ཟག་མེད་བར་ཆད་མེད་པ་ཡི། །དབང་ནི་གཞན་དུ་བཤད་པ་གང་། །ཡང་གི་སྒྲ་ཡིས་ངེས་པར་བསྟན། །དེ་ཡི་ཚིགས་བཅད་ལས་བྱུང་བའི། །དེ་བཞིན་སྒྲ་ཡིས་དེ་འོག་བསྟན། །གལ་
ཏེ་གསུམ་པ་ཉིད་ཐོས་པ། །ཕྱག་རྒྱའི་དབྱེ་བས་འདོད་པ་དང་། །ཕྱག་རྒྱ་གྲངས་ལ་ལྟོས་པ་དང་། །ལྔ་པ་ལ་སོགས་ཁས་བླང་དགོས། །གལ་ཏེ་ཕྱི་ནང་ཕྱག་རྒྱ་ཡི། །དབྱེ་བས་ཕྱེ་བར་འདོད་ན་ཡང་། །ཕྱི་རོལ་ཕྱག་རྒྱ་ལས་བྱུང་བའི། །གསུམ་པ་ཡིན་གྱི་བཞི་པ་མིན།
དེ་ལ་ཟག་པ་དང་བྲལ་བ། །བཅོས་ཞེས་ཇི་ལྟར་རྗོད་པར་བྱེད། །ལྷ་ཡི་རྣལ་འབྱོར་ལ་དམིགས་དང་། །སྒེག་པ་ལ་སོགས་ཉམས་དང་ལྡན། །གང་ཕྱིར་དགའ་བ་རྒྱས་བྱེད་པ། །སྔགས་ཀྱི་ཚུལ་གྱིས་རྣམ་པར་གནས། །བར་ཆད་མེད་པར་ཇི་ལྟར་འགྱུར། །རྒྱུན་མི་འཆད་
པའང་དོན་བཞིན་ཅི། །དགའ་བ་དང་བྲལ་དགའ་བའི་མཐའ། །འབྲས་བུ་མཐའ་མེད་གང་ན་ཡོད། །ཁྱད་པར་ཅན་གྱི་ཁ་དོག་དབྱིབས། །ལྷ་མོའི་རྣམ་པར་རྣམ་བརྟགས་ཀྱང་། །ཕྱི་རོལ་ལས་གྱུར་ཇི་འདྲ་བ། །དགའ་བ་དེ་འདྲ་རྙེད་མ་ཡིན། །ཁྱད་པར་ཅན་གྱི་ཁ་དོག་དབྱིབས། །

རྟོགས་ན་ཁྱད་པར་མ་ཡིན་ལ། །གལ་ཏེ་མངོན་སུམ་གྱུར་ན་ལྟ། །བདེན་ན་ལྷ་མོ་ལྐོག་ཏུ་གྱུར། །བླ་མ་སློབ་མས་རྣམ་བརྟགས་པ། །བརྟགས་པ་དེ་ལས་དགའ་བ་གང་། །བསྒོམས་པའི་སྟོབས་ཀྱིས་དེ་འོག་ཏུ། །མངོན་སུམ་ཉིད་དུ་འབྱུང་བ་དང་། །འབྲས་
བུ་ཁྱད་པར་ཅན་འབྱུང་བས། །གལ་ཏེ་ནུས་ན་དགོས་པ་ལ། །མཐའ་མེད་ཟག་པ་དང་བྲལ་ཞེས། །བྱ་བ་ལ་སོགས་མེད་པ་དང་། །དམན་པའི་བུད་མེད་ཇི་ལྟ་བར། །དགའ་དང་བདེ་བའང་དེ་བཞིན་དམན། །མཆོག་ལ་དེ་བཞིན་མཆོག་ཡིན་ཏེ། །གང་ཕྱིར་སྒེག་པ་ལས་བྱེད་
དོ། །དེ་ལ་རིམ་གྱིས་ཁྱད་པར་རམ། །གང་གིས་གྲངས་ཁྱད་གྱུར་པ་མེད། །སངས་རྒྱས་འདྲེན་པ་བྱེད་པ་ཡི། །བཞི་པ་དེས་ན་ཡོད་མ་ཡིན། །ཇི་ལྟར་ལོ་མ་ལྕི་བ་དང་། །རྩྭ་སོག་ལ་སོགས་དུ་བ་གཅིག །ཨ་ག་རུ་དང་ག་པུར་དང་། །ཙནྡན་ལ་སོགས་ལས་བྱུང་བའི། །དུ་
བས་མེ་ནི་དཔོག་བྱེད་པ། །སྤྱི་ཡིན་ཁྱད་པར་མ་ཡིན་ནོ། །བར་བཅད་མེད་པའི་རྒྱུ་ལ་སོགས། །ཁྱད་པར་ཚད་མ་མ་ཡིན་ནོ། །ཁྱད་པར་ཁ་ཅིག་ཙམ་གྱིས་ནི། །ཁྱད་པར་ཐམས་ཅད་འབྱུང་མི་འགྱུར། །མཚན་ཉིད་མཚན་གཞིའི་ངོ་བོ་ཡིས། །གང་གིས་དབྱེ་བ་རྗོད་
བྱེད་པ། །ཀུན་གྲགས་པ་ཡི་གཏན་ཚིགས་ཀྱིས། །གསུམ་པའི་མཚན་ཉིད་དག་ཏུ་བཤད། །མཚན་གཞིར་གྱུར་པའི་བཞི་པ་ནི། །དེ་ལས་བཟློག་པ་ཡིན་པར་འདོད། །དེ་ཚིག་བྱིས་པ་དགའ་བྱེད་ཀྱི། །མཁས་པ་ལ་ནི་མ་ཡིན་ནོ། །བསྟན་བཅོས་འཇིག་རྟེན་གང་དུ་ཡང་། །
མཚན་ཉིད་འགལ་བར་མི་བྱེད་དོ། །གང་ཕྱིར་མི་རྟག་ཟག་བཅས་ཕྱིར། །དེ་ཕྱིར་གསུམ་པར་འདོད་པ་ཡིན། །མཐའ་ཡས་ཟག་བཅས་དགེ་བའི་ཕྱིར། །གཅིག་ཏུ་བཞི་པ་གཙོ་བོ་ཡིན། །དམ་པའི་དོན་དུ་ཡོད་པ་མཆོག །མངོན་དུ་སངས་རྒྱས་སྟེར་བྱེད་པ། །གང་དེ་སྒྲུབ་པའི་
མཚན་ཉིད་གང་། །འཆད་པ་དེ་ལ་ཕྱག་འཚལ་ལོ། །མི་ཤེས་པ་ཞིག་སེང་གེ་ཡི། །མཚན་ཉིད་གལ་ཏེ་སྟོན་བྱེད་ན། །གྲགས་པ་ཅི་འདྲ་བུ་དེ་ལ། །དེ་འདྲའི་མཚན་ཉིད་སྟོན་པར་བྱེད། །ཇི་ལྟར་ཤེས་པ་བཞིན་བརྗོད་པས། །དེ་བཞིན་འདི་ལས་སྨྲ་བྱེད་དེ། །གཞན་དག་

སྒོམ་པར་བྱེད་པ་ན། །གཞན་ཞིག་རྙེད་པ་མ་ཡིན་ནོ། །ཟག་བཅས་སྒོམ་པར་བྱེད་པ་ན། །ཟག་མེད་རྙེད་པ་མ་ཡིན་ནོ། །ཟག་མེད་གལ་ཏེ་སྒོམ་ན་ཡང་། །དེ་ནི་རྗེས་སུ་མྱོང་བ་མེད། །རྗེས་སུ་མྱོང་ན་གྲུབ་ཟིན་པས། །དེ་ལ་སྒོམ་པ་ཅི་ཞིག་བྱ། །ཟག་པ་མེད་ལ་མོས་པ་ཡིས། །ཟག་བཅས་གལ་ཏེ་
སྒོམ་ན་ཡང་། །བདུད་རྩི་འཐུང་བར་འདོད་པ་ཡིས། །རྩ་དག་ཅི་ཕྱིར་འཇིབ་མི་བྱེད། །མི་གསལ་བ་ཉིད་སྒོམ་པ་ཡིས། །ཅི་ཕྱིར་གསལ་བ་རྙེད་པར་འགྱུར། །མི་གསལ་བ་ཉིད་སུ་ཡིས་བསྒོམ། །སྒོམ་བཞིན་པ་ན་དེ་མི་གསལ། །གང་གསལ་བ་དེ་བསྒོམ་བྱ་མིན། །སྒོམ་བཞིན་ན་ཡང་མི་གསལ་བའོ། །གསལ་བར་མོས་ནས་སྒོམ་
ན་ཡང་། །དང་པོ་གསལ་བར་མི་འགྱུར་རོ། །དེ་བཞིན་གལ་ཏེ་འདིར་འདོད་ནའང་། །ཉོན་མོངས་ཅན་ལ་གསལ་བ་མེད། །མི་གསལ་བ་ལས་གསལ་འགྱུར་ཏེ། །བྱ་བ་འདི་ནི་བསྒོམས་པའི་སྟོབས། །ཉོན་མོངས་མེད་པ་བསྒོམས་པ་ལས། །ཉོན་མོངས་ཅན་དུ་མི་འགྱུར་རོ། །
བསྒོམས་པའི་སྟོབས་ཀྱིས་འདི་འདྲ་བ། །ཉེ་བར་རྙེད་པ་མ་ཡིན་ནོ། །བཞི་པ་མི་རྟོག་པ་ཞེས་བྱ། །རྣམ་ངེས་འགྲེལ་པ་ཡང་དག་པར། །རྣལ་འབྱོར་མངོན་སུམ་སྤྱོད་པས་ན། །དེར་ནི་དེ་བཞིན་རྟོགས་པར་བྱ། །དེ་ལྟར་ཤིན་ཏུ་དཀའ་བའི་ཕྱིར། །གསུམ་པ་ཞེས་བྱ་བཞི་པ་ཡི། །
དཔེ་མིན་པ་ནི་ཤེས་བྱ་སྟེ། །དེ་ཕྱིར་མཉམ་པར་གཞག་པར་བྱ། །དེ་ལྟར་མིན་ན་དཔེ་ཙམ་གྱིས། །བསྒྲུབ་བྱ་བསྒྲུབས་པ་གང་ན་མེད། །བསྒྲུབ་བྱའི་རྗེས་འགྲོ་གཏན་ཚིགས་མེད། །དཔེ་ཡིས་རབ་ཏུ་བསྟན་པར་བྱ། །ཚད་མ་གཉིས་ཀྱིས་རབ་བསྒྲུབས་ནས། །འབྲལ་བ་ཡང་དག་
དྲན་པར་བྱེད། །དཔེ་ཡིས་ཉེ་བར་ཤེས་གྱུར་ལ། །གཏན་ཚིགས་ཉམས་པས་གང་དུའང་མིན། །གཅིག་གིས་ཅུང་ཟད་སྒྲུབ་བྱེད་ཅེས། །སྨྲ་བ་ལྟར་ནའང་རྟོག་གེ་མིན། །ཆོས་དང་ཆོས་ཅན་གྲུབ་ན་ནི། །འབྲེལ་པའང་བསྒྲུབ་པར་བྱ་བ་ཡིན། །གནས་བཞིར་གྲུབ་པར་
བྱེད་པ་ལ། །སྒྲུབ་པ་འཇུག་པ་སྨོས་ཅི་དགོས། །མ་གྲུབ་པ་ཉིད་གྲུབ་དོན་དུ། །སྒྲུབ་པར་འཇུག་པ་མ་ཡིན་ནམ། །རྟོག་གེ་པ་ནི་མིན་པའི་ཚིག །ཡོད་པར་གྲུབ་པ་མེད་པའོ། །མ་གྲུབ་པ་ལ་དངོས་པོའི་ཆོས། །ཡོད་པར་གྲུབ་གྲུབ་རྟེན་མེད་ཆོས། །གཉིས་ཀ་ལ་བརྟེན་འཁྲུལ་

པ་ཡིན། །དངོས་མེད་ཆོས་དང་འགལ་བས་ན། །དེ་ཡི་ཡོད་པ་ཇི་ལྟར་བསྒྲུབ། །དཔེ་ལས་བྱུང་བའི་མཐར་ཐུག་པ། །ཁྱོད་ཀྱི་དཔེ་ཡིས་གྲུབ་པ་མེད། །ཇི་ལྟར་གླང་ལ་བ་མེན་ཟེར། །དཔེ་ཡིས་རེས་འགའ་གྲུབ་པའང་སྲིད། །ལུང་ཚིག་ཚད་
མ་ཡིན་པས་ན། །འདི་ལ་དེ་ཡིས་འདོད་པ་བྱ། །དཔེ་ཞེས་བྱ་བའི་ཚད་མ་འདི། །ཕ་རོལ་པོས་ཀྱང་མ་བསལ་ཏམ། །ལུང་ལས་ཐ་དད་མེད་པ་དེ། །གཞན་དུ་ཉེ་བར་འཇལ་བ་སྟེ། །གཉིས་སུ་གཟུང་བ་ཉིད་མེད་ན། །དེ་ཡིས་བཅད་པ་ཅུང་ཟད་མེད། །ཉེ་ཕྱིན་རིང་བའི་
ཡུལ་དག་ལ། །དཔེ་ཞེས་བཤད་པར་བྱ་བ་ཡིན། །གྲོང་ཁྱེར་དུ་ནི་བ་ལང་སྔོན། །མཐོང་ནས་དགོན་པར་གནས་ན་ཡང་། །བ་ལང་མཐོང་བར་འགྱུར་བའི་ཚེ། །འདྲའོ་སྙམ་པའི་ཤེས་པ་སྐྱེ། །དེ་འདྲ་བ་ཡི་བ་ལང་སྟེ། །གྲོང་ཁྱེར་དུ་ནི་བདག་གིས་མཐོང་། །བློ་ལ་འདྲ་བར་ཞེས་པས་
ན། །དེ་ཕྱིར་དཔེ་ཞེས་བྱ་བར་གནས། །བ་ལང་མངོན་སུམ་མཐོང་བས་ན། །སྔོན་གྱི་བ་ལང་དྲན་འགྱུར་ཏེ། །ད་ལྟར་ཉིད་ཀྱི་འང་འདྲའོ་ཞེས། །དཔེ་ལས་ཡོངས་སུ་གཅོད་པར་འགྱུར། །དེ་ཕྱིར་དཔེ་ཞེས་བྱ་བ་ཡང་། །གཉིས་སུ་འཛིན་པ་སྔོན་འགྲོ་བའི། །ཇི་ལྟར་བཤད་
པའི་མཐར་ཐུག་ལ། །གཉིས་སུ་འཛིན་པ་ཡོད་མ་ཡིན། །ཡོངས་སུ་སྨིན་པ་ཡོངས་ཐོབ་པར། །གལ་ཏེ་ཤེས་ནས་དེ་འཛིན་ཏེ། །གཉིས་པོ་ཤིན་ཏུ་བཅོམ་པའི་ཕྱིར། །དེ་ཚེ་གཅིག་པུ་ཁོ་ན་ཡོད། །ཡོངས་སུ་སྨིན་ལ་རྒྱུ་མེད་ཕྱིར། །ཐབས་ཀྱང་ཡོད་པ་མ་ཡིན་
ནོ། །གཞན་ཞིག་བརྟན་བཞིན་པ་ན་ཡང་། །གཞན་དག་གློ་བུར་འབྱུང་མི་འགྱུར། །གཞན་ཞེས་བྱ་བ་ཐོག་མར་བཤད། །དེ་ཕྱིར་བློ་དང་ལྡན་པས་བསླབ། །བར་ཆད་མེད་པའི་རྒྱུ་ཉིད་ནི། །ཤིན་ཏུ་སྐྱེ་བར་མི་འགྱུར་རོ། །གལ་ཏེ་སྒོམ་པ་གོམས་པ་ཡི། །དབང་གིས་དེ་
ཕྱིར་འདོད་ན་ཡང་། །དེ་ལྟ་ན་ཡང་དུས་ཀུན་དུ། །བར་ཆད་མེད་པར་མི་འགྲུབ་སྟེ། །ས་བོན་སྣ་ཚོགས་བསྒོམས་པ་ལས། །རྟག་ཏུ་སྐྱེ་བའི་བློ་ལ་ནི། །གང་ལས་སྐྱེ་བའི་ངེས་པ་མེད། །གནོད་པ་མེད་དང་ཡང་དག་དོན། །རང་བཞིན་ཕྱིན་ཅི་མ་ལོག་ཕྱིར། །བློ་ནི་དེ་ཕྱོགས་

འགྱུར་བའི་ཕྱིར། །འབད་ཀྱང་ལྡོག་པར་མི་འགྱུར་རོ། །བློ་ནི་དེ་ལྟར་གྱུར་ན་གོ །འདི་ནི་བདག་ཀྱང་འདོད་པ་ལ། །རང་བཞིན་གཡོ་བར་བཟོད་པ་དང་། །ཕྱིན་ཅི་ལོག་གི་རྗེས་སུ་འཇུག །བློ་ལ་དེ་ཡི་ཕྱོགས་གྱུར་པའི། །བློ་གྲོས་ཆེན་པོ་བརྫུན་པའི་ཚིག །དེ་ལ་སོགས་
པ་ཕལ་ཆེ་བར། །རྫོགས་པའི་རིམ་པ་སྒོམ་པར་བཤད། །དེ་ཕྱིར་དེ་རུ་རྟོགས་བྱ་ཡི། །ཡོད་པ་བཤད་པའི་དགོས་པ་ཅི། །འདི་ཡི་ལུང་དང་ཚད་མ་དང་། །མན་ངག་གསང་བའི་མཐའ་རྟོགས་ནས། །སྐལ་ལྡན་དངོས་རྣམས་ལ་ཕན་ཕྱིར། །བཤད་ཀྱིས་མངོན་པའི་ང་
རྒྱལ་མིན། །དཔལ་ཁ་ཆེའི་སློབ་དཔོན་རིན་ཆེན་རྡོ་རྗེ་དང་། །མཚན་གཞན་ཕྲ་བར་རྟོགས་པའི་དཔལ་ཞེས་བྱའི། །ཡང་དག་བཞི་པ་འབྱུང་བའི་གཏམ་ཙམ་འདི་ལ་བྱས་པ་མེད། །བཞི་པ་མེད་ཅེས་ལོག་པར་གྱུར་ན་མི་རུང་སྙམ། །བཞི་པ་རྣམ་པར་ངེས་པའི་མན་ངག་ཅེས་བྱ་
བའི་རབ་ཏུ་བྱེད་པ་ཁ་ཆེའི་སློབ་དཔོན་ཆེན་པོ་རིག་བྱེད་ཀྱི་མཐའ་འཛིན་པ་དཔལ་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་བྷ་དྲ་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་བཀྲ་ཤིས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ།
ཨ་བྷི་ཥེ་ཀ་ནི་རུཀྟི། བོད་སྐད་དུ། དབང་བསྐུར་བའི་ངེས་པ་བསྟན་པ། བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐུ་གཉིས་ཀྱིས་གནས་ཁྱབ་པ་པོ། །བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །རྟག་པ་རྡོ་རྗེ་
འཆང་བཏུད་དེ། །དབང་གི་དོན་ནི་ངེས་བརྗོད་བྱ། །དེ་ལྟར་ཉིད་དུ་ཡོད་པ་ཡི། །མཉམ་འཇུག་རྒྱ་ཆེན་བདེ་བ་ཆེ། །དེ་ནི་བསྒྲུབ་བྱ་ཡིན་སེམས་པ། །དབང་གི་རྗེས་ཐོགས་གྲོལ་འགྱུར་བས། །དེ་ནི་རིགས་པ་མ་ཡིན་ནོ། །མཉམ་འཇུག་རྒྱ་ཆེན་གཞན་ལྟོས་པ། །རང་དབང་
གྲུབ་པ་ཇི་ལྟར་འགྱུར། །ཉམས་བཅས་ཇི་ལྟར་བསྒྲུབ་བྱར་འགྱུར། །རིགས་འགྱུར་བཏང་སྟེ་ཉམས་པའི་ཕྱིར། །དེ་བས་བསྒྲུབ་བྱ་ཟག་མེད་པ། །ཉམས་པ་མེད་པ་བླ་མེད་པ། །བདེ་བ་དྲི་མེད་ནམ་མཁའ་འདྲ། །འགྲོ་བའི་དོན་ནི་མཛད་སྤྱོད་པའོ། །དེ་ཉིད་སྐྱོབ་པ་

རྣམས་ཀྱི་སྐུ། །ཆོས་ཀྱི་སྐུ་ཞེས་དྲན་པར་བྱ། །དེ་ལ་བརྟེན་ནས་སྐུ་ནི་ཡང་། །ལོངས་སྤྱོད་སྤྲུལ་པའི་མཚན་ཉིད་དོ། །དེ་ལ་བརྟེན་རྣམས་བསྒྲུབ་བྱ་སྟེ། །ཐེག་པ་ཆེན་པོ་བླ་མེད་པས། །བདག་གཞན་དོན་དག་བསྒྲུབ་བྱའི་ཕྱིར། །གཞན་དུ་དེ་ཡང་དགོས་
པ་མེད། །དེ་བསྒོམས་པས་བསྒྲུབ་བྱ་བ་ཡི། །སྐུ་ནི་ཕ་རོལ་ཕྱིན་ཐེག་པར། །རབ་གསལ་རོ་གཅིག་བསམ་མི་ཁྱབ། །ཆོས་ཞེས་བྱ་བ་འདིར་ཐུབ་ཆེན། །ཤེས་རབ་ཕ་རོལ་ཕྱིན་པའི་ལམ། །བསྒོམས་པ་ཉིད་ཀྱི་སྟོབས་ཀྱིས་ཀྱང་། །སྦྱིན་སོགས་ལས་ཀྱི་ཐོབ་བྱ་བ། །
དེ་གཙོར་གྱུར་པའི་གཉིས་པའོ། །འདིར་ཡང་སྐུ་གསུམ་བསྒྲུབ་བྱ་ཉིད། །ཕ་རོལ་ཕྱིན་པའི་རིམ་བཞིན་དུ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་སོགས་མིང་གིས། །རྣལ་འབྱོར་རྒྱུད་དུའང་བསྒྲུབ་བྱ་སྟེ། །ལྷ་ཡི་རྣམ་པའི་ཕྱག་རྒྱ་ཡིས། །
གཙོ་བོ་དང་ནི་དཀྱིལ་འཁོར་བ། །སྤྲོ་བ་དང་ནི་བསྡུས་པས་སོ། །ལ་ལར་བདེ་ཆེན་བསམ་མི་ཁྱབ། །བསྒོམས་པ་ཉིད་ཀྱི་སྟོབས་ཀྱིས་ཀྱང་། །བསྒྲུབ་བྱ་སྐུ་གཉིས་བརྟན་གྱུར་པ། །མདོར་ན་ལྷན་ཅིག་སྐྱེས་གྲགས་པའོ། །ཆོས་རྣམས་དག་ནི་ཐམས་ཅད་ཀྱང་། །དེ་ཉིད་
ལས་བྱུང་བསྒོམ་པ་དང་། །ལུས་ལ་སོགས་པའི་ལས་རྣམས་ཀྱང་། །དེ་ཡི་རང་བཞིན་ཉིད་བརྟགས་ནས། །རྣམ་པ་གཉིས་པར་བགྲང་བྱ་བ། །རྒྱུ་ནི་བསོད་ནམས་ཚོགས་ཉིད་ཀྱིས། །ལྷན་ཅིག་སྐྱེས་གྲགས་རྣལ་འབྱོར་ཞེས། །བསྒྲུབ་བྱ་དེ་བཞིན་སྐུ་གཉིས་པོའང་། །དེ་
ཕྱིར་རྒྱུད་རྣམས་ཐམས་ཅད་དུ། །ཕྱག་རྒྱ་ཉིད་ཀྱི་བརྡ་དང་ནི། །ངོ་བོ་ཉིད་ཀྱིས་མཚོན་བྱ་བ། །དབང་བསྐུར་བས་ནི་ཆོས་སྐུའོ། །གཙོ་བོ་དེ་ཉིད་གཅིག་པུ་ཞིག །མཚོན་པར་བྱ་བ་འགའ་ཡིས་རིག །འདི་ནི་དེ་ཉིད་ཐབས་བཅས་པས། །མཚོན་པར་བྱ་བ་གཞན་དག་
འདོད། །ཕྱག་རྒྱ་ཡི་ནི་སྐུ་གསུམ་མོ། །རྣམ་པར་ཕྱེ་ནས་མཚོན་བྱ་བ། །ཤེས་རབ་ཡེ་ཤེས་དབང་བསྐུར་ཞེས། །མཁས་པ་རྣམས་ནི་སྨྲ་བར་བྱེད། །དེ་ལ་ཕྱོགས་དང་པོའི་དགོངས་པ་འདི་ཡིན་ཏེ། བདེ་བ་ཆེན་པོའི་རང་བཞིན་བསམ་གྱིས་མི་ཁྱབ་པ་ལོངས་སྤྱོད་རྫོགས་པ་དང་

སྤྲུལ་པའི་སྐུའི་རྟེན་དུ་གྱུར་པ། ཡིད་བཞིན་ནོར་བུ་ལྟར་འགྲོ་བ་མ་ལུས་པའི་དོན་མཛད་པ། ཀུན་ནས་ཉོན་མོངས་པའི་བག་ཆགས་ཀྱི་ས་བོན་སྤངས་པ། ཤིན་ཏུ་རྣམ་པར་དག་པའི་སངས་རྒྱས་ཀྱི་ཡོན་ཏན་གྱི་ས་བོན་གྱི་གནས། ཀུན་གཞི་གནས་གྱུར་པའི་མཚན་ཉིད་
ཅན་ཆོས་ཀྱི་སྐུ་ཞེས་བྱ་བ། འབྲས་བུའི་གཙོ་བོ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ནི་བསྒོམ་པས་བསྒྲུབ་པར་བྱ་བ་རྣལ་འབྱོར་གྱི་རྒྱུད་ལས་བསྟན་ཏེ། དེ་མི་ཤེས་པས་ནི་བསྒོམ་པར་མི་ནུས་པའི་ཕྱིར་དང་། ད་ལྟར་ནི་དེ་ལ་དམིགས་པའི་ཡེ་ཤེས་མེད་པའི་ཕྱིར་དང་།
དེ་ཐོབ་པར་བྱེད་པའི་ཆེད་དུ་བསྒོམ་པ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་དང་། འཇིག་རྟེན་ལས་འདས་པའི་ལམ་ལ་རག་ལུས་པ་ཡིན་པས་དེ་ལ་མངོན་དུ་ཕྱོགས་པ་མ་ཡིན་ཏེ་ཐོབ་པར་རིགས་པ་མ་ཡིན་ནོ། །དེ་ལྟ་བས་ན་དེ་སྟོན་པར་བྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་
བྱིན་གྱིས་བརླབས་པའི་ཕྱག་རྒྱའི་མཚན་ཉིད་ཀྱིས་རྣམ་པར་མི་རྟོག་པ་བདེ་བ་ཆེན་པོ་ཙམ་རབ་ཏུ་སྣང་བ་ཉིད་ཀྱིས་དེ་ཁོ་ན་ཉིད་དང་ཆ་འདྲ་བས། དེ་ཉིད་ནི་འདི་ཡིན་ནོ་ཞེས་དུས་ཕྱིས་དེ་བཞིན་དུ་མོས་པའི་སྟོབས་དང་། རྒྱུད་ལས་གསུངས་པའི་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་དང་ཡང་
དག་པར་སྦྱོར་བས་བླ་མའི་མན་ངག་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་ནོར་བུའི་ནང་དུ་གནས་པ་དང་། ཕྱིར་ཤོར་བ་གཉིས་ཀྱི་བར་ན་གང་དམིགས་པ་དེ་གཞན་དམིགས་པ་ཐམས་ཅད་དང་འགལ་བར་གྱུར་པ་གཉིས་སུ་མེད་པར་སྣང་བ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྣང་བ་ཅན་དེ་ནི་དཔེར་
གྱུར་པ་ཡིན་པར་བལྟ་བར་བྱའོ། །དེ་ཉམས་སུ་མྱོང་བས་འདྲ་བར་གྱུར་པ་ངེས་པར་བྱ་བ་ཡིན་པས་དཔེས་བསྟན་པར་བྱ་བ་ཡང་དོན་དམ་པའི་ཡེ་ཤེས་སོ། །དཔེ་འདིས་ལེགས་པར་མཚོན་པར་བྱ་བ་ཉིད་དེ། ཐར་པ་འདོད་པ་དོན་དམ་པའི་ཡེ་ཤེས་ལ་མོས་པ་རྣམས་ལ་དཔེ་འདིས་
ཉེ་བར་བསྟན་པར་བྱ་བ་ཉིད་ཡིན་ནོ། །དེར་དམ་པའི་ཡེ་ཤེས་བླ་མའི་མན་ངག་ཉིད་ཀྱིས་ངེས་པར་བྱས་ནས། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པས་ལྷའི་རྣལ་འབྱོར་དང་། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་དང་། ནམ་མཁའི་རྡོ་རྗེ་བསྒོམས་པས་དེས་མཚོན་པའི་དེ་ཁོ་ན་

ཉིད་མཆོག་ཏུ་གུས་པས་རྒྱུན་མི་འཆད་པར་དམ་ཚིག་དང་ལྡན་པས་བསྒོམ་པར་བྱའོ། །བསྒོམ་པ་དེ་ཡོངས་སུ་རྫོགས་པ་ན་ལྷ་ལ་སོགས་པ་བསྒོམས་པའི་སྟོབས་དང་། དམ་ཚིག་གིས་ཕྱེ་བའི་བདག་ཉིད་ཀྱི་བདེ་བ་ཉིད་དུ་འཇུག་པས་མྱུར་དུ་སྐུ་གསུམ་ཐོབ་པར་འགྱུར་
རོ། །དེ་བས་ན་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་སུ་གཙོ་བོ་ཆོས་ཀྱི་སྐུ་གཅིག་པུ་ཉིད་སྐུ་གཉིས་ཀྱི་རྟེན་དུ་གྱུར་པ་ཁོ་ན་མཚོན་པར་བྱ་བ་ཡིན་ནོ་ཞེས་ཕྱོགས་དང་པོ་སྨྲ་བར་བྱེད་པར་སེམས་སོ། །ཡང་ཕྱོགས་གཉིས་པའི་བསམ་པ་ནི་འདི་ཡིན་ཏེ། བདེ་བ་ཆེན་པོ་ཟག་པ་མེད་པ་
ཉམས་པར་མི་འགྱུར་བ་བསྒྲུབ་པར་བྱ་བ་ཡིན་ན་ཡང་དེ་ལྟ་ན་ཡང་དེ་ནི་སྒྲུབ་པ་མེད་པར་བསྒྲུབ་པར་མི་ནུས་སོ། །དེ་ལྟ་བས་ན་དེ་བཞིན་དུ་དེའི་སྒྲུབ་པ་ཡང་ཤེས་པར་བྱའོ། །དེའི་སྒྲུབ་པ་བྱེད་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚོགས་དང་། མཐོང་བ་དང་། བསྒོམ་པའི་ལམ་གྱི་ངོ་བོ་དེ་ཡིན་
ནོ། །དམ་ཚིག་ཇི་ལྟ་བ་དང་མངོན་པར་རྟོགས་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལྷ་ལ་སོགས་པའི་རྣལ་འབྱོར་གྱིས་རྒྱུད་ལས་རྒྱས་བཏབ་ལ་དེ་ཉིད་ཀྱང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཅན་གྱི་ཡེ་ཤེས་བསྐྱེད་པ་ལ་རྒྱུ་ཉིད་ཡིན་པས་བརྩོན་པ་ནས་བཟུང་ནས་
ཇི་ལྟར་འབྱུང་བ་བཞིན་དུ་ཡང་དག་པར་མཚོན་པར་བྱ་བ་ཡིན་ནོ། །དེ་ལ་རེ་ཞིག་མདོར་བསྡུ་ན་དཔལ་གསང་བ་འདུས་པ་ལ་སོགས་པའི་རྒྱུད་ལས་གསུངས་པའི་མཚན་ཉིད་དང་ལྡན་པའི་སྒྲུབ་པ་པོས་འདོད་པར་བྱ་བའི་ཕྱག་རྒྱ་གང་གི་གཟུགས་ལ་སོགས་པ་གང་མཐོང་བ་དང་། ནུ་མ་སྲ་བ་ལ་
སོགས་པ་ལ་རེག་པ་དང་། ཆགས་པ་དང་བཅས་པའི་ཚིག་ཐོས་པ་དང་། མ་མཆུའི་རོ་མྱང་བ་དང་། ལུས་སུ་གཏོགས་པའི་རི་དྭགས་ཀྱི་ལྟེ་བའི་དྲི་ལ་སྣོམ་པ་དང་། དེ་རྣམས་སྒྱུ་མ་ལྟ་བུ་ཉིད་དུ་ངེས་པར་སྤྱོད་པ་དེ་དང་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ཉིད་རྣམ་པར་སྣང་མཛད་ལ་སོགས་
པའི་དེ་བཞིན་གཤེགས་པ་དང་། གཟུགས་རྡོ་རྗེ་ལ་སོགས་པའི་རྡོ་རྗེའི་བདག་པོའི་ངོ་བོ་ཉིད་ནི་ཚོགས་ཀྱི་ལམ་གྱིས་བསྡུས་པའི་རྩོམ་པ་ཉིད་ཡིན་པར་མཚོན་པར་བྱའོ། །གང་ཕྱག་རྒྱ་དེ་ཉིད་ལ་དམ་དུ་འཁྱུད་པ་དང་དུ་ལེན་པའི་ནུ་མ་ལ་སོགས་པ་སྲ་བ་གང་ཡིན་པ་ནི་སའི་ངོ་བོ་ཉིད་རེག་པའི་

ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་སྟེ། རང་གི་སྣང་བ་ཙམ་ཉིད་ཡིན་པས་ཕྱི་རོལ་ན་དོན་མི་དམིགས་པའི་ཕྱིར་སེམས་གཞན་དུ་འཇུག་པར་མི་འགྱུར་རོ། །དེ་ལྟ་བུའི་རྣམ་པའི་ཤེས་པ་དང་ལྷན་ཅིག་སྐྱེས་པའི་དགའ་བ་གང་ཡིན་པ་དེ་ནི་རྣམ་པར་སྣང་མཛད་དང་། སངས་རྒྱས་སྤྱན་
དང་གཏི་མུག་དང་ལོངས་སྤྱོད་དུ་རྣམ་པར་གཞག་པའི་གཏི་མུག་དགའ་མ་དང་། གཏི་མུག་རྡོ་རྗེ་སྟེ་ཐབས་རྣམ་པར་གཞག་པ་བསྙེན་པའི་མཚན་ཉིད་ཅན་གྱི་ཡན་ལག་དང་པོ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པས་བསྡུས་པ་དེའི་རྗེས་ཐེགས་ལ་མཚོན་པར་བྱ་བ་ཡིན་ནོ། །དེ་ཡང་།
བསྒྲུབ་བྱ་སྒྲུབ་པའི་སྦྱོར་བ་ནི། །གང་ཡིན་བསྙེན་པ་ཡིན་པར་འདོད། །ཅེས་གསུངས་པས་སོ། །འདི་དང་ཕྱིས་འབྱུང་བ་དག་ལ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པ་དང་། སངས་རྒྱས་སྤྱན་ལ་སོགས་པའི་ལྷ་མོ་རྣམས་དང་། གཏི་
མུག་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། གཏི་མུག་དགའ་མ་ལ་སོགས་པའི་ལྷ་མོ་རྣམས་ཤེས་པ་དང་ལྡན་པའི་བླ་མ་དང་སློབ་མ་དག་གིས་མན་ངག་ཇི་ལྟ་བ་བཞིན་དུ་སྤྲོ་བ་དང་བསྡུ་བ་ལ་སོགས་པ་བྱ་བ་ཡིན་ནོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དེ་ཉིད་ཀྱི་
པདྨའི་ལུས་དང་ངག་དང་ཡིད་སྟོང་པ་ཉིད་ཀྱི་གྲུ་གསུམ་པ་ནང་སྟོང་པ་ཉིད་དང་། གོང་མ་གོང་མའི་ས་རྣམ་པར་དག་པའི་མཚན་ཉིད་ཡིན་པའི་ཕྱིར་སྟེང་ཡངས་པ་དང་། དམིགས་པར་གྱུར་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་དབྱེར་མེད་པའི་ཡང་དག་པའི་ཡེ་ཤེས་ཀྱི་ངོ་
བོ་ཉིད་ཡིན་པའི་ཕྱིར། དབྱུག་པ་ལྟར་སྲ་ཞིང་མཁྲང་བ་ཉིད་ཀྱིས་ནམ་མཁའ་དང་མཚུངས་པའི་སྟོང་པ་ཉིད་ལ་དམིགས་པ་ཡིན་པས། ཁ་གྱེན་དུ་བལྟས་པའི་རྡོ་རྗེ་དང་གཉིས་སུ་མེད་པར་བྱེད་པ་ནི་མ་མཐོང་བའི་ཆོས་ཀྱི་དབྱིངས་མཐོང་བ་ཡིན་ལ་ཟག་པ་མེད་པའི་ལམ་གྱི་ངོ་བོ་སྟེ། ཆོས་
ཀྱི་དབྱིངས་ཀུན་དུ་འགྲོ་བ་རབ་ཏུ་རྟོགས་པའི་མཚན་ཉིད་ཅན་ཡིན་ནོ། །དེ་ནི་ཕྱག་རྒྱ་ལས་ཤེས་པར་བྱའོ། །དེ་ལ་གང་གིས་རྡོ་རྗེ་དང་པདྨ་དག་གཉིས་སུ་མེད་པར་བྱེད་པའི་ཡེ་ཤེས་གང་ཡིན་པ་དེ་དག་བྱེ་ཞིང་བྲལ་བའི་བདག་ཉིད་ལ་རྒྱབ་ཀྱིས་ཕྱོགས་པ་གང་དམིགས་པར་གྱུར་པ་དེ་ཆུའི་

ཁམས་ཀྱི་ངོ་བོ་ཉིད་དེ། གང་དེ་དང་ལྷན་ཅིག་སྐྱེས་པའི་དགའ་བ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་མི་བསྐྱོད་པ་དང་། ཞེ་སྡང་དང་བདག་མེད་མ་དང་། ལོངས་སྤྱོད་དུ་རྣམ་པར་གཞག་པས་ཞེ་སྡང་དགའ་མ་དང་ཞེ་སྡང་རྡོ་རྗེའོ། །ཐབས་རྣམ་པར་གཞག་