Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 53

Văn bản gốc(Tây Tạng)

Trang 8 / 18 (50.000 ký tự/trang)
དྷ་ན་ལའི་ཞལ་སྔ་ནས། དྲན་རིག་རྣམ་པར་རྟོག་པ་ནི། །དམིགས་པ་མེད་པར་མ་ཆོད་
ན། །བག་ཆགས་གནས་པའི་རྟེན་མི་འཇིག །མཚན་མ་རང་གྲོལ་དེ་ལྟོས་ཤིག །གསུང་ངོ་། །བློ་རྟེན་མ་བཅས་པས་མཚན་མ་རང་སར་གྲོལ་བ་ག་ཛུ་དྷ་རིའི་ཞལ་སྔ་ནས། ཉེ་བར་ལེན་པའི་ཕུང་པོ་ལྔ། །སྒྱུ་མ་ལྟ་བུར་མཚན་ཉིད་མེད། །གང་ལ་རང་བཞིན་མེད་པ་ནི། །མཚན་ཉིད་མེད་པའི་མཚན་ཉིད་
གཅིག །ཅེས་གསུང་ངོ་། །རྫུ་འཕྲུལ་གྱི་འོད་ཟེར་ཅན་རཏྣི་ཏའི་ཞལ་སྔ་ནས། ཆོས་རྣམས་སྒྱུ་མའི་ངོ་བོ་ལ། །རང་བཞིན་ཡིད་ལ་མ་ཡིན་ཀྱང་། །ལམ་དུ་འཁྲུལ་པ་མ་བསལ་ན། །སྒྱུ་མར་མཐོང་བས་གྲོལ་བ་མིན། །སྒྱུ་མས་སྒྱུ་མ་འཆིང་བར་འགྱུར། །ཞེས་གསུང་ངོ་། །དུས་
གསུམ་མ་དམིགས་པས་རྟོག་པ་ཆད་པ་ཐ་རིནྡྷ་པའི་ཞལ་སྔ་ནས། ཆུན་རྗེས་བཤིག་པ་ཤེས་རབ་ལམ། །ཆོས་ཉིད་སྤྲོས་བྲལ་འཆར་བའི་ས། །རིག་པ་སྒྲིམ་གློད་ཐབས་ཀྱི་མཚང། །མ་རིག་བསྒོམ་གྱིས་གནད་མི་རྟོགས། །ཞེས་གསུང་ངོ་། །དཔལ་གྱི་བདེ་སྟེར་མ་

སུ་ཀ་རིའི་ཞལ་སྔ་ནས། མ་ཆུན་གནད་དུ་ཆུད་མི་འགྱུར། །མ་ཤིགས་རྗེས་ཀྱི་ངོས་མི་ཟིན། །མ་བསྒྲིབས་ལོག་ཤེས་ཚར་མི་ཆོད། །མ་གློད་སྤྲོས་བྲལ་འཆར་བའི་ལམ། །ཞེས་གསུང་ངོ་། །རྩ་བ་གཞི་མེད་མཐོང་བས་གཉིས་འཛིན་གྲོལ་བ་ག་ག་དྷ་རའི་ཞལ་སྔ་ནས། ཆོས་
རྣམས་མིང་དུ་ཤེས་པར་གྱིས། །དེ་ཡིས་བདེན་འཛིན་གྲོལ་བ་ཡིན། །གནས་ལུགས་གཞི་མེད་མཐོང་བར་གྱིས། །འདི་ཡིས་ཟག་པའི་ཟུག་རྔུ་གྲོལ། །ཞེས་གསུང་ངོ་། །དཔལ་གྱི་སྒྲོན་མ་ཀ་ན་ལིའི་ཞལ་སྔ་ནས། འཁོར་བའི་རང་མཚན་མཐོང་བར་གྱིས། །དེ་ཡིས་མྱང་
འདས་འདོད་པ་གྲོལ། །དྲན་རིག་ཡེ་ཤེས་ངོ་བོར་མཐོང་། །འདི་ཡིས་སངས་རྒྱས་སྒྲུབ་བློ་འཇིག །ཅེས་གསུང་ངོ་། །འདོད་པ་ཡིད་ལ་ཞིག་པས་ཟག་མེད་ཀྱི་བདེ་བ་འབར་བ་ཤྲཱི་སཱུརྱའི་ཞལ་སྔ་ནས། ཇི་ལྟར་ཏིལ་གྱི་འབྲུ་གུ་ལ། །མར་གྱིས་ཁྱབ་པར་གནས་མོད་ཀྱང་། །སྐམ་ལ་མ་
གཅུན་ཁུ་བ་མེད། །ཏིལ་གྱི་མར་གྱིས་དོན་མི་ནུས། །ཞེས་གསུང་ངོ་། །བུམ་འཛིན་མ་དྷ་ན་རུའི་ཞལ་སྔ་ནས། རིགས་དྲུག་འཁོར་བའི་སེམས་ཅན་ལ། བདེ་གཤེགས་སྙིང་པོ་ཡོད་གྱུར་ཀྱང་། །མ་བསྒྲུབས་གྲོལ་བ་ཐོབ་མི་འགྱུར། །ཞེས་གསུང་ངོ་། །རྣམ་རྟོག་གཞི་མེད་དུ་
མཐོང་བས་གཉེན་པོའི་བྱ་ར་ལས་གྲོལ་བ་སུ་ག་དེ་བའི་ཞལ་སྔ་ནས། རིག་པ་མདུང་ཁྱེར་བསྒོམ་གྱི་གནད། །མ་བསྒོམས་ཤེས་པ་གཉུག་མའི་ངང་། །བསྒོམས་དང་མ་བསྒོམས་གཉིས་མེད་པས། །ཤེས་པ་ཟུང་འཇུག་ངོ་མཚར་ཆེ། །ཞེས་གསུང་ངོ་། །བདེ་བའི་མདངས་
ལྡན་མ་བྷ་ཨ་ར་དྷའི་ཞལ་སྔ་ནས། ཤེས་པ་མཐའ་བྲལ་ལྟ་བའི་གནད། །ཐ་མལ་ཤེས་པ་བློ་རྟོག་བྲལ། །མ་བཅོས་པ་ནི་ཆོས་ཀྱི་སྐུ། །བསྒྲུབ་བློ་ཞིག་པ་ངོ་མཚར་ཆེ། །ཞེས་གསུང་ངོ་། །ལམ་ལ་གང་ཕན་གྲོགས་སུ་སྟོན་ཤེས་པས་སྣང་བ་དཔེ་ཆར་ཤར་བ་བྷ་ན་སཱུརྱའི་
ཞལ་སྔ་ནས། ཇི་ལྟར་སོལ་བའི་སྡོང་པོ་ལ། །ལོ་འབྲས་མེ་ཏོག་མི་འབྱུང་ལྟར། །དེ་བཞིན་དད་པ་མེད་པ་ལ། །ཡོན་ཏན་ནོར་བུ་འབྱུང་མི་འགྱུར། །ཞེས་གསུང་ངོ་། །ཡེ་ཤེས་སྤྱན་ལྡན་རས་མ་དྷ་ནའི་ཞལ་སྔ་ནས། མངལ་དུ་འཕྱེས་པའི་གླིང་པོ་ཡིས། །འདམ་བུའི་ཚལ་

དུ་མི་རྟོལ་ལྟར། །རང་བཞིན་བརྩོན་འགྲུས་མི་ལྡན་པས། །ཐར་པའི་གྲོང་ཁྱེར་ཕྱིན་མི་འགྱུར། །ཞེས་གསུང་ངོ་། །སེང་གེའི་ལྟ་སྟངས་ལ་རིག་པ་དངས་པ་ད་ར་ཙའི་ཞལ་སྔ་ནས། ཇི་ལྟར་རྨི་ལམ་སྒྱུ་མ་བཞིན། །ཀུན་རྫོབ་སྣང་བའི་རང་བཞིན་
སྟོང་། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །སྐྱེ་དང་གནས་པ་དེ་བཞིན་ནོ། །ཞེས་གསུང་ངོ་། །ལྷའི་མདངས་འཕྲོག་མ་མ་ནི་ལའི་ཞལ་སྔ་ནས། འདི་དག་ཡང་དག་མ་ཡིན་པས། །ཁམས་གསུམ་ངོ་བོས་རྣམ་པར་དབེན། །ཆོས་རྣམས་དོན་དུ་མ་གྲུབ་པས། །རང་བཞིན་དག་པ་ངོ་
མཚར་ཆེ། །ཞེས་གསུང་ངོ་། །དྲན་པའི་རྩ་ལ་ངོ་བོ་སྐྱེས་པ་ཙཎྜ་ལཱིའི་ཞལ་སྔ་ནས། ཆོས་རྣམས་རང་བཞིན་རྣམ་པར་དག །རྒྱུ་མེད་འཁོར་བ་མཐོང་མི་འགྱུར། །མ་མཐོང་མྱ་ངན་འདས་པའི་གནད། །དེ་རྟོགས་ནས་ནི་གྲོལ་བ་ཐོབ། །ཨེ་མ་མཁའ་འགྲོ་གསང་བའི་གནད། །ཅེས་
གསུང་ངོ་། །འབར་བའི་གཙོ་མོ་བྷ་ནུ་ཧི་རིའི་ཞལ་སྔ་ནས། བློ་ཡི་མཐའ་བྲལ་གཉུག་མའི་ངང་། །སྒོམ་དང་བསྒོམ་བྱ་ལས་གྲོལ་ཏེ། །ཕྱག་རྒྱ་ཆེ་ལ་བསྒོམ་དུ་མེད། །མ་བྱས་ཤེས་པ་ངར་དང་བཅས། །རིག་པ་རྟེན་མེད་ནམ་མཁའ་འདྲ། །ཞེས་གསུང་ངོ་། །ཤེས་པ་ཡུལ་ལ་མ་
འཕྲོས་པས་རྟོག་པ་ཆད་པ་ཨ་སུ་ར་དྷེའི་ཞལ་སྔ་ནས། རྟོག་པ་མཐར་ཕྱིན་འབྲས་བུའི་ས། །རེ་དོགས་གོལ་བ་དབྱིངས་སུ་དག །དོན་རྟོགས་རྣལ་འབྱོར་ཉམ་ང་བྲལ། །འཁོར་བ་རང་གྲོལ་ངོ་མཚར་ཆེ། །ཞེས་གསུང་ངོ་། །ཡེ་ཤེས་ཀྱི་སྤྱན་ལྡན་མ་བྷ་ནུ་ཧ་རིའི་ཞལ་སྔ་ནས། བདེན་
གཉིས་ངོ་བོ་ཐ་མི་དད། །སྣང་སྟོང་གཉིས་མེད་ཟུང་དུ་འཇུག །སྣང་སྟོང་གྲོལ་བའི་རྣལ་འབྱོར་པ། །འཁོར་འདས་མེད་པ་ངོ་མཚར་ཆེ། །ཞེས་གསུང་ངོ་། །རྩ་བའི་གནད་ཀྱིས་རང་ངོ་བརྡ་ལས་ཕྲད་པ་གྷ་ཙ་ལི་པའི་ཞལ་སྔ་ནས། ངེས་པའི་ཤེས་པ་སྐྱེས་པ་ལ། །ཐེ་ཚོམ་སོམ་ཉི་ཡིད་གཉིས་
བྲལ། །ཡེ་ཤེས་རྒྱུན་ཆད་མེད་པ་ལ། །སྐད་ཅིག་མ་ཡི་ཆོས་མི་གནས། །ཞེས་གསུང་ངོ་། །དཔལ་གྱི་འོད་འཇོ་མ་སུ་ཀ་དྷ་ནའི་ཞལ་སྔ་ནས། བར་དོ་མེད་པའི་ཆོས་ཉིད་ལ། །འགྲོ་དང་འོང་བའི་ཆོས་མི་གནས། །བློ་དང་བྲལ་བའི་ཡེ་ཤེས་ལ། །འཁྲུལ་པའི་དྲི་མ་རྣམ་པར་དག །

ཅེས་གསུང་ངོ་། །ཤེས་པ་སོ་ལ་བཞག་པས་འཁྲུལ་པའི་སྣང་བ་ལ་སྒྲོག་ཆད་པ་ཙནྡྷེ་པའི་ཞལ་སྔ་ནས། རྩི་ཡིས་ཟིན་པའི་ལྕགས་བཞིན་དུ། །ངོ་བོ་གསེར་དུ་འགྱུར་བ་བཞིན། །བདེ་གསལ་མི་རྟོག་ས་ཟིན་པས། །དྲན་རིག་ཡེ་ཤེས་ཉིད་དུ་འགྱུར། །ཞེས་གསུང་ངོ་། །དབྱིངས་
ཀྱི་གཙོ་མོ་བྷ་ཏ་ཧའི་ཞལ་སྔ་ནས། གང་ཚེ་གནད་ཀྱི་ངོ་བོར་རིག །དེ་དུས་མ་རིག་མུན་པ་དངས། །གང་དུ་འཁྲུལ་པའི་སྣང་བ་དག །དེ་ནི་སྐུ་གསུམ་ཞིང་ཞེས་ཤེས། །གསུང་ངོ་། །ཨཱ་ལི་ཀཱ་ལིའི་གནད་ཀྱིས་བཀའ་རྒྱུད་ཀྱི་དོན་གྲོལ་བ་ཤོ་ས་རི་པའི་ཞལ་སྔ་ནས། གང་ལ་གཏེར་གྱི་
ཁྲོན་ཡོད་ན། །དེ་ལ་ཆགས་པའི་བློ་འབྱུང་གིས། །གཏེར་མེད་པ་ལ་ཆགས་བློ་མེད། །སོ་བྱ་ནགས་ཀྱི་ཁྲོད་མི་སྙག །ཅེས་གསུང་ངོ་། །རྫུ་འཕྲུལ་གྱི་རྒྱན་དང་ལྡན་པའི་ཐ་ན་མོའི་ཞལ་སྔ་ནས། རྩི་མེད་སྦྲང་མ་བདེ་བར་གནས། །ཉ་བཏང་སྐྱར་མོ་སེམས་ངལ་སོས། །ཆོག་མེད་བློ་ནི་
དབུལ་པོ་ཡིན། །ཞེས་གསུང་ངོ་། །དཀའ་ཐུབ་ཀྱི་སྲངས་ཚར་བས་འཕགས་པའི་རྒྱུད་པ་ཟིན་པ་རཏྣ་དེ་བའི་ཞལ་སྔ་ནས། རྒྱུ་ཡི་རྣལ་འབྱོར་རྐྱེན་ལས་བྱོལ། །ལམ་པའི་རྣལ་འབྱོར་རྐྱེན་དང་བྲལ། །འབྲས་བུའི་རྣལ་འབྱོར་རྐྱེན་ཐོག་འབབ། །རྟོག་པའི་རྐྱེན་དུ་གང་མ་སོང་། །ཞེས་
གསུང་ངོ་། །ཐུགས་རྗེའི་འོད་ལྡན་མ་སུ་རི་དྷ་ནའི་ཞལ་སྔ་ནས། རྒྱ་མཚོ་ནང་གི་སེམས་ཅན་ལ། །ཆུ་སྲིན་ཟས་སུ་མ་གྱུར་གང་། །དེ་བཞིན་བརྟན་པ་ཐོབ་པ་ལ། །གྲོགས་སུ་མ་གྱུར་གང་ཡང་མེད། །ཅེས་གསུང་ངོ་། །འཁྲུལ་པ་ངོས་ཟིན་པས་ཚོགས་དྲུག་རྟོག་པའི་རྐྱེན་བསྐུལ་དུ་ཤར་
བ་ཨ་མོ་གྷ་ཙནྡྲའི་ཞལ་སྔ་ནས། ལྟ་མེད་ལྟ་དང་བྲལ་བ་ལ། །ལྟ་བ་འདི་ཡིན་ཇི་ལྟར་སྨྲ། །གཞོན་ནུ་མ་ཡི་བདེ་བ་བཞིན། །ཉམས་མྱོང་བརྗོད་པར་ནུས་མ་ཡིན། །ཞེས་གསུང་ངོ་། །བདེ་བའི་སྟོབས་ལྡན་མ་ས་ན་ལིའི་ཞལ་སྔ་ནས། གང་གིས་མཁུར་བར་ཆུ་བླུགས་ན། །སྨྲ་བརྗོད་
ནུས་པ་མ་ཡིན་ནོ། །དོན་གྱི་རྩི་འཐུངས་རྣལ་འབྱོར་པས། །ཕྱག་རྒྱ་ཆེན་པོ་བརྗོད་མི་ཤེས། །ཞེས་གསུང་ངོ་། །གནད་ཀྱི་རང་མཚང་གོ་བས་རིག་པའི་རྩལ་འབྱོངས་པ་སུ་ཁ་ཛྙཱ་ནའི་ཞལ་སྔ་ནས། ཆུ་རྣམས་ཐམས་ཅད་རྒྱ་མཚོ་རུ། །ལན་ཚྭའི་རོ་རུ་གཅིག་པ་ལྟར། །གདམས་

པའི་གནད་ཀྱི་ངོ་སྤྲོད་དུ། །ཆོས་རྣམས་དོན་གཅིག་གོ་བར་འགྱུར། །ཞེས་གསུང་ངོ་། །སེམས་ལ་དབང་ཐོབ་པར་ནུ་དྷ་རའི་ཞལ་སྔ་ནས། མིག་སེར་གྱིས་ནི་གཟིར་བ་ཡི། །ས་གཞི་གསེར་དུ་མཐོང་བ་བཞིན། །དེ་ལྟར་དོན་གྱི་རྩི་འཐུངས་པས། །ཅིར་སྣང་
གདམས་པར་མཐོང་བར་འགྱུར། །ཞེས་གསུང་ངོ་། །ཡེ་ཤེས་བཤིག་རྗེས་ལ་ངོས་ཟིན་པ་བི་མ་དེ་བའི་ཞལ་སྔ་ནས། སྐྱེས་བུ་བདུད་ཀྱིས་ཁྱེར་བ་ནི། །དེ་ཚེ་བདག་བསྟོད་གཞན་ལ་སྨོད། །རྨོངས་པའི་གྲུབ་མཐའ་མངོན་ཞེན་ཅན། །འདི་ནི་ལྟ་བའི་བདུད་ཡིན་ནོ། །ཞེས་གསུང་ངོ་། །དཔའ་
མོ་ཁྱུང་བྱའི་ལྡེམ་རུ་ཅན་བ་ལི་བ་དའི་ཞལ་སྔ་ནས། མཁས་པས་ཁས་ལེན་སྤང་བར་བྱ། །ཐོས་པས་རང་རྒྱུད་དུལ་བ་ནི། །འདི་ཡི་ཡོན་ཏན་དགོས་པ་སྟོར། །རིག་བྱེད་མཐར་ཕྱིན་ཞི་ཞིང་དུལ། །ཞེས་གསུང་ངོ་། །སྣ་རྩེར་ཡིད་བཅིངས་པས་འགྱུ་བ་སྲངས་སུ་ཆུད་པ་ར་ནུ་ཙནྡྲའི་ཞལ་སྔ་ནས།
ཇི་ལྟར་ཡོལ་བས་བཅད་པའི་རྒྱབ། །བུམ་པ་ལ་སོགས་མི་མངོན་བཞིན། །དེ་ལྟར་འདོད་པའི་མིག་བཙུམས་པས། །ཟག་པ་ཕྱི་རུ་མཐོང་མི་འགྱུར། །ཞེས་གསུང་ངོ་། །ཡིད་འཕྲོག་རྨ་བྱའི་ལྡེ་རུ་ཅན་བྷ་ག་སུ་ནའི་ཞལ་སྔ་ནས། གང་དུ་གཉིས་འཛིན་གྲོལ་བའི་ཚེ། །དེ་དུས་འཁྲུལ་པ་
རང་སར་དག །ཆོས་ཉིད་སྣང་བ་ཤར་བ་ལ། །བདེན་པ་མཐོང་ཞེས་རབ་ཏུ་བརྗོད། །ཅེས་གསུང་ངོ་། །ངོ་སྤྲོད་གནད་ལ་ཕོག་པའི་ཕྱག་རྒྱ་ཆེན་པོ་ཐོག་བབས་སུ་ཤར་བ་མོ་ཙི་ར་དེ་བའི་ཞལ་སྔ་ནས། བློ་མཐའ་མ་མཐོང་ལྟ་བ་ནི། །ཤེས་བྱ་མུ་ལས་གྲོལ་བས་ཞིག །སྣང་སྟོང་རྐྱེན་དང་བྲལ་
བ་ལས། །སྐྱེ་བ་མེད་པའི་ཕྱག་རྒྱས་བཅིངས། །ཞེས་གསུང་ངོ་། །བདེ་ལྡན་མ་དུང་གི་ཐོར་ཅོག་ཅན་བ་ཏ་མིའི་ཞལ་སྔ་ནས། འཛིན་བློ་ཐོང་ལ་རྟོག་པ་ཆོད། །ཆོས་རྣམས་གཞི་རུ་མཉམ་པ་ལ། །བརྒྱད་དང་བྲལ་བ་རྣལ་འབྱོར་ཡིན། །ཡེ་ཤེས་སྐུ་ནི་ལས་ལས་གྲོལ། ཞེས་གསུང་ངོ་། །
ངོ་སྤྲོད་གཅིག་གི་ཐོག་ཏུ་ཆོས་རྣམས་ཀུན་གྱི་དོན་རིག་པ་གྷ་ཛུ་དེ་བའི་ཞལ་སྔ་ནས། ཇི་ལྟར་དབང་པོ་དངས་པའི་མིག །ལོང་ན་གཟུགས་རྣམས་མི་མཐོང་བཞིན། །དེ་ལྟར་འདོད་པའི་བློ་མེད་ན། །སྒྲིབ་པས་མཐོང་བར་མི་འགྱུར་རོ། །ཞེས་གསུང་ངོ་། །གཏུམ་མོ་འབྲུག་གི་སླག་པ་ཅན་བི་ཏ་ལའི་

ཞལ་སྔ་ནས། གང་ཞིག་གཟུགས་མེད་བར་དུ་ནི། །དེ་ལ་གྲིབ་མ་འོང་བ་བཞིན། །དེ་ལྟར་འདོད་པའི་བློ་ཡོད་ཕྱིར། །སྒྲིབ་པ་སྤངས་པར་འགྱུར་མ་ཡིན། །གྲོགས་དག་འདོད་པའི་བློ་དང་བྲལ། །ཞེས་གསུང་ངོ་། །ཉམས་ཀྱི་མན་ངག་མར་མེ་གཅིག་ནས་གཅིག་ཏུ་སྤེལ་བའི་ལུགས་དེ་ཁོ་ན་ཉིད་
རྣལ་དུ་མཚོན་པ་ལས་བདུད་རྩིའི་ཆར་རྣམ་པར་ཕབ་པ་ཞེས་བྱ་བའི་ལེའུ་སྟེ་དགུ་པའོ།། །།རྒྱལ་སྲས་མིའི་སེང་གེ་རྗེ་དམ་པ་རྒྱ་གར་རིན་པོ་ཆེའི་ཞལ་སྔ་ནས་རང་འགྱུར་དུ་མཛད་པ། ཕྱག་རྒྱ་ཆེན་པོ་དུམ་བུ་ཁྲིགས། །ཚིག་ཏུ་ཉུང་ལ་དོན་དུ་འགྲིལ། །ཉམས་མྱོང་སྐྱེས་པ་རྡོ་རྗེའི་
མགུར། །མ་རིག་མུན་སེལ་སྒྲོན་མེ་འདི། །སྐལ་ལྡན་མིག་གི་དབང་པོ་ཡིས། །ལྟ་བས་མི་ངོམས་བློས་མི་འཁྱུད། །སྒྲོ་འདོགས་བཀླགས་པ་ཙམ་གྱིས་ཆོད། །ཨེ་མ་ངོ་རེ་མཚར་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་ཀ་ན་ཀ་མཱ་ལེ་ནཱ་མ།
བོད་སྐད་དུ། ཕྱག་རྒྱ་ཆེན་པོ་གསེར་ཕྲེང་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལྗོན་ཤིང་མེ་ཏོག་འདབ་རྒྱས་འབྲས་བུ་མངར་མང་ཞིང་། །ཆོས་ལྡན་རྒྱལ་པོས་སྟོང་གསུམ་ཞི་དུལ་རྒྱན་གྱིས་མཛེས། །ནམ་མཁའ་ཉི་ཟླའི་གར་དང་རྒྱུ་སྐར་གང་དང་བཅས། །ཀླུ་
རྒྱལ་སྤྱི་བོ་ནོར་བུ་རིན་ཆེན་རྒྱན་གྱིས་བརྒྱན། །མཛེས་ལྡན་ཡིད་འཕྲོག་སྐྱེས་བུ་མུ་ཏིག་ཕྲ་ཡིས་སྤྲས། །མཚན་ལྡན་སངས་རྒྱས་ལྷ་མི་འཁོར་གྱི་ཚོགས་ན་གསལ། །ནོར་བུ་རིན་ཆེན་ཡོན་ཏན་མང་ལྡན་ཡང་། །དེད་དཔོན་དང་བྲལ་རྒྱ་མཚོར་བགྲོད་མི་ནུས། །ཐོས་མང་སྡེ་སྣོད་
ཡོན་ཏན་ཀུན་ལྡན་པས། །བྱིན་རླབས་དང་བྲལ་སྐྱེ་མེད་དོན་མི་རྟོགས། །དབྱར་གྱི་དུས་ན་སྔོ་རྣམས་སྐྱེ་འགྱུར་ཀྱང་། །ཞིང་ལ་མ་བཏབ་ལོ་ཏོག་འབྱུང་མིན་ལྟར། །འགྲོ་དྲུག་སེམས་ཅན་སངས་རྒྱས་རང་བཞིན་ཡང་། །མ་བསྒོམས་རྣམ་གྲོལ་ཡེ་ཤེས་དོན་མི་མཐོང་། །མིག་
ཡོར་ཐེ་ཚོམ་ལམ་གྱི་འདྲུལ་ཆད་དེ། །འདོད་པའི་ཡུལ་དུ་ཕྱིན་པར་འགྱུར་མིན་ལྟར། །ཡིད་ཆེས་མ་གྱུར་ཐེ་ཚོམ་བློ་ཅན་གྱིས། །བདེ་ཆེན་བྱང་ཆུབ་གོ་འཕང་རྙེད་མི་འགྱུར། །བསྒོམ་དང་མི་བསྒོམ་རྟོག་པ་བློ་ཡི་ཡུལ། །བསྒོམ་མིན་སྙམ་བྲལ་ཡེངས་སུ་མེད་པའི་ས། །ཡིད་

ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་ལམ། །ཀྱེ་ཧོ་བྱ་བྲལ་སྐྱེ་མེད་བློ་ལས་འདས། །གསལ་སྟོང་འོད་རིག་ཆོས་ཉིད་ཡེ་ཤེས་སྒྲོན། །བདེ་སྟོང་ཟག་མེད་བདེ་ཆེན་རྒྱལ་པོ་ལ། །སྣང་སྟོང་རྟོག་མེད་ཆོས་ཉིད་སྤྱན་པ་ཡིས། །ཨེ་མ་ངོ་མཚར་ཆོས་ཉིད་བདེན་པ་
མཐོང་། །སྒྱུ་མ་འོད་གསལ་ཆོས་སྐུར་འོད་དྲང་ཞིང་། །སྒྱུ་ལུས་འོད་གསལ་ཆོས་སྐུའི་སྣང་བ་ཟུང་། །གཉིས་མེད་ལྷན་སྐྱེས་ཆོས་ཉིད་མཇལ་ཕྲད་ཀྱིས། །ཀྱེ་མ་བླ་མ་སངས་རྒྱས་ཨེ་སངས་རྒྱས། །ནཱ་ག་ས་ར་ཙར་ཡ་པ། །ས་ཝ་ས་ར་ཀ་མ་ཡ། །ཤཱནྟི་བྷུ་སུ་བི་རཱུ་པ། །
ལྡེ་ཀི་ཨུ་ན་མི་ན་པ། །པུ་དྷྲི་ཙ་ཏྲ་བྷ་ཏྲ་པ། །ཨཱརྱ་མེ་ཀ་ཀ་རུ་པ། །ར་བི་དི་ཏོ་ཀོནྡྷ་ལི། །བྷ་ག་བི་ར་ནི་ལོ་པའི། །ཀམྐ་ཀོ་ཀི་ཨ་ན་ཧ། །ཙནྡྷ་སརྦ་ཀོ་ཧ་ལི། །བྷ་དེ་ཀ་ན་ཀམྦྷ་ལི། །ཌོམྦི་ཧེ་རུ་དཱ་རི་ཀ །ཀྲྀཥྞ་ནཱ་ག་པྲ་བྷཱ་ཀ །ཀུ་ཀུ་ཙ་ནུ་གྷཎྚ་པ།། །།གང་
གིས་མ་རྟོགས་རྟོགས་པའི་སྤྱོད་པ་མི་བྱ་སྟེ། །བྱས་ན་རྒྱལ་པོའི་ཁྲིམས་ལ་དམངས་ཀྱིས་གནོད་པ་བཞིན། །རྟོགས་པ་རྣམས་ཀྱིས་མ་རྟོགས་སྤྱོད་པ་མི་བྱ་སྟེ། །བྱས་ན་གླང་ཆེན་བརྟན་པ་འདམ་དུ་ཚུད་པ་བཞིན། །ཀྱེ་ཧོ་གྲོགས་དག་ལྷན་ཅིག་སྐྱེས་པ་དེ། །གཞན་ནས་མི་རྙེད་བླ་
མའི་ཞལ་ལ་དྲིས། །དོན་དམ་ཞལ་གྱི་ངོ་བོ་དེ་རྟོགས་ན། །ཡིད་ནི་འཆི་མེད་རླུང་ཡང་ཆད་པ་མེད། །ཆོས་ཉིད་འོད་གསལ་བདེ་ཆེན་གྱི། །ཟག་མེད་མྱ་ངན་འདས་ཀྱི་སྐུ། །གང་གིས་མ་རྟོགས་རྟོགས་མེད་ལམ། །བསྟན་པར་མི་ནུས་སྙིང་པོའི་མཆོག །བདག་ལུས་རྒྱལ་
བའི་དཀྱིལ་འཁོར་ལ། །ཐར་ལམ་སྲོག་གཅོད་ཕྱི་ནང་གི །རྡུལ་མེད་རྡུལ་ཚོན་ལ་སོགས་ཀྱི། །དཀྱིལ་འཁོར་འབད་རྩོལ་ཅི་ཡང་མེད། །བདེ་སྟོང་གཉིས་མེད་ཉམས་མྱོང་བླ་མ་ཡི། །བྱིན་རླབས་སྒྲོན་མ་ཆོས་ཉིད་རང་བྱུང་ལ། །མ་རྟོགས་མི་རྟོགས་བསྒོམ་དུ་མེད་པ་ལ། །འདི་
དང་འདི་ཞེས་སྨྲར་མེད་ལྐུགས་པར་སྤྱོད། །གང་ནས་མ་འོངས་གར་ཡང་ནི། །མི་འགྲོ་སྐྱེ་མེད་གཉུག་མའི་ལམ། །ཆོས་ཉིད་བྱང་ཆུབ་ཆོས་སྐུ་ཡི། །ཉི་མ་མ་རིག་མུན་དང་བྲལ། །རུས་སྦལ་ལྟ་བུར་འཁོར་བ་ཡི། །སྐྱོན་གྱིས་མ་གོས་གདོད་ནས་དག །སྒྲོན་མ་མུན་བྲལ་བླ་མ་

ཡི། །དྲིན་གྱིས་ཡེ་ཤེས་ཉི་མ་འདེ། །མ་བལྟ་བལྟས་པས་མཐོང་བ་མེད། །མ་རྟོགས་རྟོག་དཔྱོད་ཡུལ་མིན་གྱིས། །མ་སེམས་བསམ་དུ་ཅི་ཡང་མེད། །མ་རེ་རེ་དོགས་ཡུལ་ལས་འདས། །བལྟས་པས་མཐོང་བའི་ཡུལ་མི་ཕྱིན། །བསྒོམ་པ་བླ་མའི་བྱིན་རླབས་ཀྱིས། །
ཆོས་ཉིད་དོན་མཐོང་ཅི་ཡང་ནི། །མི་སེམས་ངོས་གཟུང་མེད་པར་གྲོལ། །བྱ་བ་བཏང་བའི་སྐྱེས་བུ་ལ། །བྱ་བྲལ་བྱར་མེད་གཟུང་འཛིན་མེད། །རེ་དོགས་དང་བྲལ་ཉམས་ལེན་ལ། །མི་རྟོག་བསྒོམ་དུ་ཅི་ཡང་མེད། །ཨེ་མ་ངོ་མཚར་ཆོས་ཉིད་བདེན་པ་མཐོང་། །ཨེ་མ་བྱིན་
རླབས་ཉམས་མྱོང་སྒྲོན་མ་འབར། །ཨེ་མ་བླ་མའི་དད་གུས་ཡེངས་པ་མེད། །ཨེ་མ་འབྲས་བུ་རང་གསལ་བྱིན་རླབས་གསལ། །རང་རིག་གདོད་མ་མ་སྐྱེས་པ། །སྟོང་པ་མ་བཅོས་ལྷུན་གྱིས་གྲུབ། །སེམས་ཉིད་རང་རིག་རང་གསལ་གྱི། །ནོར་བུ་གསལ་དངས་གོ་མ་འགགས། །
བསྒོམ་དང་མི་བསྒོམ་རྟོག་བཅས་ཀྱིས། །རང་བཞིན་འོད་གསལ་རྙེད་མི་འགྱུར། །བསྒོམ་མེད་ཡེངས་སུ་མེད་པ་ལ། །མ་བཅོས་ཡེངས་མེད་ལྷུག་པ་ཉིད། །རང་རིག་ལྷན་ཅིག་སྐྱེས་པ་ཡི། །ཆོས་ཉིད་བདེ་ཆེན་སྨྲར་མེད་ལ། །བདག་གཞན་བདེ་སྡུག་བློ་ལས་འདས། །ཆོས་
ཉིད་བདེན་མཐོང་ཆོས་སྐུའི་ཀློང་། །རང་རིག་རང་གིས་རྟོགས་པ་ལ། །ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །སངས་རྒྱས་སེམས་ཅན་འཁོར་འདས་དག །སྤང་བླང་ཐ་དད་ཅི་ཡང་མེད། །དུག་གསུམ་རང་གྲོལ་ཆོས་ཀྱི་སྒྲོན་མ་ཡི། །རྩ་རླུང་བདེ་སྟོང་གཉིས་
མེད་ལ། །ཐ་མལ་རྣམ་རྟོག་དངོས་པོར་འཛིན་པ་ཡི། །ཆགས་སྡང་མདུད་པ་རང་སར་གཟུང་འཛིན་གྲོལ། །ཡེ་ཤེས་ལུས་ཅན་ཆོས་ཉིད་གསལ་དངས་ལ། །མཐའ་བྲལ་བརྟེན་མེད་དམིགས་སུ་མེད་པའི་ཕྱིར། །འཁྲུལ་དང་མ་འཁྲུལ་འཁྲུལ་གཞི་འཁྲུལ་པ་ཡི། །རྩ་
བ་སྐྱེ་མེད་བྱ་བྲལ་ངང་དུ་ཆད། །འཇའ་ཚོན་ལྟ་བུ་སྒྱུ་མའི་སྐུ། །དམ་ཚིག་ཕྱག་རྒྱ་ཞེན་མེད་ཀྱི། །དབང་པོ་རང་སྣང་ཐུགས་ཕྲད་ཀྱིས། །ཆོས་ཉིད་བདེན་པ་མཐོང་བ་ཡིན། །ཟག་མེད་བདེ་ཆེན་ཆོས་ཉིད་ཉི་མ་ཡི། །ལས་ཀྱི་ཕྱག་རྒྱ་ཆོས་ཉིད་ཡེ་ཤེས་སྒྲོན། །སྐྱེ་མེད་

བྱང་ཆུབ་ཀུན་རྟོག་བྲལ་བ་ཡི། །འཁོར་བའི་སྡུག་བསྔལ་བདེ་ཆེན་ཀློང་དུ་སད། །བདག་ལུས་རྒྱལ་བའི་དཀྱིལ་འཁོར་གྱི། །དཔའ་བོ་མཁའ་འགྲོ་ཆོས་ཀྱིས་ནི། །ཕྱག་རྒྱ་རྩ་རླུང་བྱང་ཆུབ་སེམས། །གཉུག་མ་དམིགས་སུ་ཅི་ཡང་མེད། །སེམས་ཉིད་བདེ་སྟོང་
ཆོས་ཉིད་ཀྱི། །དོན་རྟོགས་ཕྱག་རྒྱ་ཆེན་པོའི་ལམ། །དམིགས་བྱ་དམིགས་བྱེད་དམིགས་མེད་ལ། །ཅི་ཡང་བསམ་དུ་མེད་པ་ཉིད། །བདག་མེད་སེང་གེའི་སྒྲ་སྒྲོགས་ཀྱིས། །སྟོང་ཉིད་ཏིང་འཛིན་སྒྲོན་མ་ཡིས། །བདེ་སྡུག་རྟག་ཆད་ལ་སོགས་ཀྱི། །སྒྲིབ་པ་མ་ལུས་སེལ་
བར་བྱེད། །དགེ་དང་མི་དགེའི་ལས་རྣམས་ནི། །འཛིན་མེད་གཉུག་མའི་ངང་དུ་ཡལ། །ཆོས་ཉིད་བདེ་བ་ཆེན་པོའི་སྐུ། །རང་རིག་གཉིས་མེད་དང་དུ་འཕྲོད། །པི་ཝང་སྒྲ་བཞིན་དམ་ཚིག་གི །སྒྲོན་མ་བྲལ་ན་བདེ་མེད་ཕྱིར། །དམ་ཚིག་ཉི་མ་ཡེ་ཤེས་ཀྱི། །ཉི་མ་ཆོས་
ཉིད་ཉི་མ་མཐོང་། །དབང་བཞི་བགྲོད་པས་ལམ་བཞི་མཐོང་། །སྐུ་བཞི་ཕྱག་རྒྱ་བཞི་རུ་གྲོལ། །ཐབས་ལྡན་ཟུང་འཇུག་རྡོ་རྗེའི་སྐུ། །བདག་ལུས་རྒྱལ་བའི་ངང་དུ་རྫོགས། །བག་ཆགས་ཡེ་ཤེས་རང་གྲོལ་ལ། །རྟག་ཆད་སྤང་བླང་སྒྲོ་སྐུར་ཅི་ཡང་མེད། །གདོད་ནས་དག་པ་ཆོས་
ཉིད་གཉུག་མ་ལ། །སྒྲིབ་བྱེད་བྱིང་རྒོད་རེ་དོགས་ཅི་ཡང་མེད། །བསམ་གྱིས་མི་ཁྱབ་རང་རིག་འོད་གསལ་ལ། །དྲན་པས་གཟུང་དང་གཟུང་འཛིན་ཅི་ཡང་མེད། །ཉོན་མོངས་རང་དངས་རྣམ་རྟོག་ཆོས་སྐུ་ལ། །དུས་གསུམ་སངས་རྒྱས་བཙལ་དུ་ཅི་ཡང་མེད། །གསེར་འགྱུར་རྩི་
ལྟར་ཁམས་གསུམ་ཉིད། །བདེ་ཆེན་ཆོས་ཉིད་རོལ་གང་པ། །དོན་དམ་འཁོར་བ་ཀུན་རྫོབ་དག །མཐའ་བྲལ་ཆོས་ཉིད་དབུ་མའི་ལམ། །གཙང་དང་མི་གཙང་རྟོག་པ་ཡི། །རྨེ་ཤ་གཟུང་འཛིན་འཁོར་པའི་ཆོས། །འཁྲུལ་པས་བདེ་ཆེན་མཐོང་བ་མེད། །མ་མཐོང་
རྣལ་འབྱོར་དེ་མི་རྙེད། །ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་བ་རྒྱུན་མི་འཆད། །བརྟགས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །བསྒོམ་དུ་མེད་པས་གཉུག་མའི་ངང་ལ་ཞོག །ཕྱག་རྒྱ་ཆེན་པོ་རང་ལ་ལྷུན་གྱིས་གྲུབ་པ་སྟེ། །མི་བསམ་མི་རིག་

འབད་པ་མེད་པའི་ངང་ལ་ཞོག །ཆད་པ་མེད་དེ་སྔོན་དུ་ཉམས་མྱོང་རང་གིས་མྱོང་། །རྟག་པར་མི་འགྱུར་མངོན་ཞེན་མེད་པ་ཟུང་དུ་འཇུག །ཤིང་རྟའི་འཁོར་ལོ་གཉིས་དང་མི་ལྡན་གར་ཡང་འགྲོ་བར་མི་ནུས་ལྟར། །སྦྱིན་སོགས་འབད་པ་བྱས་ཀྱང་བླ་མ་མི་ལྡན་དངོས་གྲུབ་དམ་པ་
མིན། །བྱ་རྒོད་རྩལ་རྫོགས་འདབ་མར་བཅས་པ་དག་གིས་ནམ་མཁའ་གཅོད་ཅིང་རྒྱུ། །སྐལ་བཟང་རྣམས་ནི་དབང་དང་བྱིན་རླབས་གདམས་པ་ཁོང་དུ་ཆུད་པས་བདེ། །རྒྱ་མཚོ་ཟབ་ཅིང་རྒྱ་ཆེ་དག་གི་ནང་ན་ནོར་བུས་གང་བ་ལ། །ཀླུ་ཡི་རྒྱལ་པོ་རྣམས་ཀྱིས་མངའ་མཛད་གང་ཡིན་
དེ་ནི་ངོ་མཚར་ཆེ། །སྣང་གྲག་ཐམས་ཅད་ཡེ་ནས་ཆོས་སྐུ་འགྱུར་མེད་ཡིན་པ་ལ། །རྟོགས་དང་ཉམས་མྱོང་ལྡན་པའི་རྣལ་འབྱོར་རྣམས་ཀྱིས་ལོངས་སྤྱོད་ངོ་མཚར་ཆེ། །གསེར་འགྱུར་རྩི་ཡི་ནུས་པ་ཡིས། །ལྕགས་རྣམས་གསེར་དུ་བསྒྱུར་བ་ལྟར། །རིན་ཆེན་དབང་གི་ནུས་པ་
ཡིས། །ཉོན་མོངས་ཡེ་ཤེས་གཉིས་མེད་བསྒྱུར། །རྟོག་པ་ཡིད་བཞིན་ནོར་བུ་ལ། །ཉམས་སུ་མྱོང་བའི་མདོག་ཕྱུང་བས། །སྤྱོད་པའི་ནུས་པས་དགོས་འདོད་འབྱུང་། །རོ་སྙོམས་ལྡན་པ་རྣམས་ཀྱིས་འགྲུབ། །རང་ལ་བདེ་ཆེན་ཡོད་ཀྱང་མ་རྟོགས་འཁྲུལ་པས་བསྒྲིབས། །དེ་བསལ་
འདོད་པས་བསོད་ནམས་ཡེ་ཤེས་ཚོགས་བསགས་བྱ། །ཚོགས་གཉིས་མ་བསགས་བསྐལ་པ་བརྒྱ་རུ་འབད་བྱས་ཀྱང་། །བླ་མ་མི་ལྡན་བདེ་བ་ཆེན་པོ་རྟོགས་མི་འགྱུར། །དུས་གསུམ་སངས་རྒྱས་ངོ་བོ་གཅིག །དེ་ཡི་རང་བཞིན་རང་གི་སེམས། །རྟོགས་པར་འདོད་ན་ཇི་བཞིན་ཞོག །གོམས་
པར་བྱས་ན་མངོན་སུམ་འགྱུར། །བླ་མ་དག་ལས་དང་པོར་རང་གི་སེམས་རྟོགས་བྱ། །དེ་ནས་ཆོས་རྣམས་ཀུན་དང་ཐ་དད་མེད་བྱས་ལ། །གཉིས་མེད་རྟོགས་ཤིང་དུར་ཁྲོད་གནས་སུ་འདུག་ནས་ནི། །ཉམས་རྟོགས་སྨྱོན་པའི་བརྟུལ་ཞུགས་ངང་གིས་སྤྱད། །རྟ་དང་གླང་པོ་རྒྱ་མཚོ་འདྲ་ན་
མཉམ་ཉིད་བདེ། །སྤྲེའུའི་ཆུ་ཡི་རི་མོ་བྲིས་པ་འདྲ་ན་སྤྲོས་པར་འགྱུར། །ཆུ་བོ་ཉི་མ་སྨན་དང་འདྲ་ན་དབྱེར་མི་ཕྱེད། །གཙུག་ཕུད་དམིགས་དང་འཁོར་ལོས་སྒྱུར་རྒྱལ་ལྟ་བུ་འཐོབ། །ས་ལ་གནས་པ་ཀུན་ཀྱང་སྐལ་བ་བཟང་། །རྒྱ་མཚོའི་གཏིང་དུ་ཕྱིན་ན་དབུལ་དང་བྲལ། །རལ་གྲི་ལག་ན་

ཐོགས་ན་ལོངས་སྤྱོད་ཆེ། །ཕྱོགས་མེད་ས་ལ་ཕྱིན་ན་གཉེན་དང་ཕྲད། །སེམས་མ་གདུངས་ན་ལྟ་བ་ཆེ། །ཞེན་པ་མེད་ན་རོ་སྙོམས་ཡིན། །འབད་པ་བྲལ་ན་བསྒོམ་པའི་མཆོག །གཉིས་སྣང་བྲལ་ན་རྫོགས་སངས་རྒྱས། །ལ་ལ་ར་ས་དྷཱུ་ཏཱི་གསུམ། །རང་བྱིན་རློབ་ཅིང་བཅིང་བར་བྱ། །བླ་མ་སེམས་དང་སྣང་བ་གསུམ། །
རྟོགས་པ་བསྐྱེད་ཕྱིར་བསྟེན་པར་བྱ། །ཕྱག་རྒྱ་ཆེན་པོ་གསེར་ཕྲེང་ལས་ཚོགས་འཁོར་དང་པོ་བྱིན་རླབས་ཤུགས་འབྱུང་གི་ལེའུ་སྟེ་དང་པོའོ།། །།ལཱ་ཡི་ཛཱ་ལན་བིཪྺ་པ། །ཀ་མ་ཨིནྡྲ་ཁ་ར་བྷ། །བི་ཀུ་ན་ཐ་གྷོ་ར་ཁ། །ཏོ་ཀ་བྷེ་ཎི་བི་ན་སི། །གྷུ་ན་ཨན་ཛོ་ཀན་ཐ་རི། །
དྷ་བུ་ཏ་པ་བོ་ཏེ་ལེ། །ཨོ་ཏྲ་ས་ཀ་ནི་ཏྲ་ཡི། །ཀམྐ་ས་ན་ག་ན་སི། །ཙ་བ་སུ་ཀུ་སི་ཡ་ལི། །སུ་ཏ་དྷརྨཱ་ཀུ་རུ་ན། །རཱ་ཧུ་ཀུ་སུ་ཀུ་མ་དྲི། །ལ་ཁ་དྷ་ཁ་པ་ར་པུ། །དྷོ་ཀ་བི་ཌ་ཎེ་ར་པ། །ཙ་མ་དྷ་ཁ་སྙིང་པོ་པ།། །།ཁྱི་རྒོད་མི་སྲུན་སྣ་ལ་སྦྲང་རྩི་བསྐུས་ན་ཕྱོགས་རྣམས་ཀུན་དུ་ཟ་བར་
བྱེད། །བློ་དམན་སྐལ་བ་མེད་པའི་གང་ཟག་དག་ལ་གདམས་པ་བྱིན་ན་རང་རྒྱུད་སྲེག །གླང་ཆེན་བརྟན་ལ་དཔའ་བའི་སྣ་ལ་རལ་གྲི་བསྐུར་ན་དགྲ་དཔུང་ཐམས་ཅད་འཇོམས། །སྐལ་བཟང་བློ་ལྡན་སྐྱེ་མེད་རྟོགས་པའི་སྣང་བ་ཐུགས་ཕྲད་དག་གིས་རྣམ་རྟོག་འཇོམས། །སྐྱེ་མེད་རྟོགས་
ཀྱང་ཉམས་སུ་མྱོང་བྲལ་ན། །དེ་ཡང་སྲིན་པོའི་ལག་ན་བུ་ཁྱེར་འདྲ། །ཉམས་སུ་མྱོང་ཡང་གནས་ལུགས་མ་རྟོགས་ན། །གླང་ཆེན་སྣ་ལ་ལྕགས་ཀྱུ་རྒྱབ་པ་འདྲ། །སངས་རྒྱས་མཆོད་སོགས་རྣམས་ལ་དོན་མི་འབྱུང་། །འདོད་དང་རྩོལ་བ་ཡོད་ན་སངས་མི་རྒྱ། །བྱིན་རླབས་
བླ་མའི་ངང་གིས་ཉམས་མྱོང་འཕེལ། །བློ་ཡི་ཆ་ལ་ཡིན་གྱི་དོན་མ་ཡིན། །གང་ཡང་མ་ལྟ་དབུས་སུ་ལྟོས། །མཆོག་དང་དགའ་བྲལ་བདེ་བ་ཆེ། །སྔགས་རིགས་གསང་བ་སྨྱོན་སྤྱོད་ནས། །རྣལ་འབྱོར་རྟགས་ཀྱིས་བསྒྱུར་བར་བྱ། །དུས་ཀྱི་སྣ་རྩེ་བདག་བྱིན་བརླབ་ལྡན་
ན། །ཕྱི་དང་ནང་གི་སྤྱོད་པ་དག་གིས་སངས་མི་རྒྱ། །བདེ་བ་རབ་རྒྱས་སྣང་བ་དག་དང་ཁྱད་མེད་ན། །ཞེན་པ་བཏང་བས་ཉམས་མྱོང་མཆོག་ཐོབ་འགྱུར། །རྗེ་བཙུན་དམ་པ་བརྟེན་ན་དེ་ཉིད་མཐོང་། །ནགས་ཚལ་མཐོངས་སུ་བསྒོམས་ན་དབེན་པ་འཐོབ། །ཆོས་རྣམས་སེམས་

སུ་རྟོགས་ན་མི་མཐུན་མེད། །ནམ་མཁའི་འོ་མ་འཐུངས་ན་ཚིམ་པར་འགྱུར། །བདེ་དང་སྟོང་པ་མཐའ་བྲལ་ཉིད་རྟོགས་ན། །དཔག་བསམ་ཤིང་རྟེན་པ་ཡིས་མཉན་བྱས་ཏེ། །མཚོ་ལ་སྐྱེས་བུ་རྐྱལ་བས་འགྲོ་ཤེས་ན། །བྲམ་ཟེ་པ་དང་མ་ལས་བུ་སྐྱེ་འགྱུར། །འདོད་
ཆགས་ཞེ་སྡང་གཏི་མུག་གིས། །གཟུང་འཛིན་ཆགས་སྡང་རང་སར་ཆད། །རྨི་ལམ་སྒྱུ་འདྲ་ཞེན་མེད་ཀྱིས། །ཉམས་མྱོང་གསལ་སྣང་གོ་མ་འགགས། །གསལ་ལོ་གསལ་ལོ་བདེ་ཆེན་གྱི། །བླ་མ་བྱང་ཆུབ་ལམ་མཁན་གསལ། །གཉིས་མེད་ཆོས་ཉིད་གསལ་དངས་ཀྱི། །
ཉམས་མྱོང་གཉུག་མའི་ངང་དུ་གསལ། །བདེའོ་བླ་མ་བདེ་ཆེན་བདེ། །བདེ་བར་མི་འཛིན་ཅིར་ཡང་མི་རྟོག་བདེ། །གཟུང་འཛིན་རང་གྲོལ་འཛིན་པ་རང་དངས་བདེ། །བྱ་བྲལ་སྐྱེས་བུ་བྱར་མེད་བློ་འདས་བདེ། །སྟོང་ངོ་སྟོང་ངོ་ཐ་མལ་ལུས། །སྒྱུ་ལུས་ཞེན་མེད་དབྱིངས་སུ་
སྟོང་། །ཟུང་འཇུག་སྐྱེ་མེད་ངང་དུ་སྟོང་། །རང་རིག་ལྷན་སྐྱེས་སྐུ་རུ་སྟོང་། །རིག་གོ་རིག་གོ་རང་གི་སེམས། །ཅིར་ཡང་མི་འཛིན་རྟོག་མེད་རིག །གར་ཡང་མི་དཔྱོད་སྨྲ་མེད་རིག །རྟོག་དཔྱོད་ཡུལ་ལས་འདས་པར་རིག །མི་རྟོག་རྟོག་མེད་རྟོག་དཔྱོད་ཡུལ་ལས་འདས། །མི་སེམས་
བསམ་མེད་བསམ་དུ་ཅི་ཡང་མེད། །རྟེན་དང་རྟེན་མེད་འགྲོ་འོང་གནས་དང་བྲལ། །འཁོར་འདས་བདེ་སྡུག་བདེ་ཆེན་ཀློང་དུ་སད། །མ་བཅོས་ཡེངས་མེད་རང་བཞིན་ལྷུག་པ་ལ། །སེམས་བྱུང་རྒྱུན་ཆད་འོད་གསལ་འགྲོ་འོང་བྲལ། །སྣང་བ་སྨྲར་མེད་སློབ་དཔོན་ཡང་སུ་མེད། །ཆོས་ཉིད་རང་
གསལ་རིག་པ་ཆོས་སྐུར་འཕྲོད། །སེམས་ཉིད་མ་མཐོང་ཅི་ཡང་མེད། །ད་ལྟ་བལྟར་མེད་བསྟན་དུ་མེད། །མ་ཡེངས་ཡེངས་མེད་ཡེངས་སུ་མེད། །བསྒོམ་མེད་བསྒོམ་དུ་མེད་པ་ཡིན། །བྲལ་ལོ་བྲལ་ལོ་འཁོར་འདས་བྲལ། །བདེ་ཆེན་ཆོས་ཉིད་ཀློང་དུ་བྲལ། །རིག་པ་སྨྲར་མེད་ངང་དུ་
གྲོལ། །བསྒོམ་པ་ཞེན་མེད་དབྱིངས་སུ་བྲལ། །བྱ་བ་བྱར་མེད་སྐམ་སར་གནས། །ཨེ་མ་ཆོས་ཉིད་ཆོས་ཉིད་མཐོང་། །ཀྱེ་མ་སངས་རྒྱས་ཀྱེ་སངས་རྒྱས། །ཀྱེ་ཧོ་བྱང་ཆུབ་གོ་འཕང་ཐོབ། །ཨེ་མ་ངོ་མཚར་འཆི་རྒྱུ་མེད། །སྣང་སྲིད་མི་བདེན་གདོད་ནས་བརྫུན། །དགྲ་ཟུན་ཡེ་མེད་

འཁྲུལ་སྣང་ཡིན། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་དང་། །ཆགས་སྡང་བྲལ་ན་སངས་རྒྱས་ཡིན། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །བྱར་མེད་བདེའོ་རྣལ་འབྱོར་རྩོལ་མེད་བདེ། །ཅི་ལ་བསམས་ཀྱང་དགོས་འདོད་མི་འབྱུང་བས། བསམ་
དུ་མེད་པ་གཉུག་མའི་ངང་ལ་བདེ། །སེམས་ཉིད་བདེ་ཆེན་ཐིག་ལེའི་སྐུ། །བདེ་སྟོང་དབྱེར་མེད་སེམས་ཀྱི་རྒྱུན། །ནམ་མཁའ་ལྟ་བུར་བརྗོད་མེད་ཀྱིས། །ཆོས་ཉིད་བལྟར་མེད་བསྟན་དུ་མེད། །ཨེ་མ་ངོ་མཚར་བླ་མའི་སྐུ། །སྟོང་ཉིད་སྤྲོས་བྲལ་རྟོག་མེད་དང་། །སྣང་སྟོང་དབྱེར་མེད་
སྟོང་པའི་དབྱིངས། །ཆོས་སྐུ་སྐྱེ་མེད་རྒྱུན་དུ་ལྡན། །སྣང་སེམས་སངས་རྒྱས་སེམས་ཅན་དག །ཉི་མ་དང་ནི་འོད་བཞིན་དུ། །སྤང་ཐོབ་ལས་གྲོལ་ཞེ་འདོད་མེད། །གང་ལ་མེད་པ་དེ་སངས་རྒྱས། །ཤེས་བྱ་སྣང་ལ་རང་བཞིན་བྲལ། །ཤེས་པ་གསལ་ལ་རྟོག་མེད་དེ། །
སེམས་ཉིད་བདེ་ཆེན་ཟག་མེད་ལ། །ཡེངས་མེད་བསྒོམ་དུ་ཅི་ཡང་མེད། །སེམས་ཉིད་བླ་མ་སངས་རྒྱས་སྐུ། །སྣང་སེམས་འདུས་བྱས་དགེ་བའི་གཞི། །ཆོས་སྐུ་ངན་སོང་ཏིང་འཛིན་ལམ། །ང་རྒྱལ་གཉིས་མེད་བྱང་སེམས་ལྡན། །ཆོས་ཉིད་མ་བཅོས་འཁོར་བ་ཡི། །ཐོག་
མཐའ་རེ་དོགས་སྙམ་དང་བྲལ། །བསྒོམ་བྱ་སྒོམ་བྱེད་བླང་དོར་སྤངས། །འབྲས་བུ་རང་གསལ་རང་གི་མཆོག །རང་རིག་ལྷན་ཅིག་སྐྱེས་ཀྱི་སྐུ། །ངོ་བོ་རིག་པ་རང་གསལ་གྱི། །འགྲོ་དྲུག་སངས་རྒྱས་སྙིང་པོ་ལ། །དམ་ཚིག་རྟོག་མེད་རྒྱན་དང་ལྡན། །སྣང་སེམས་ཆོས་ཉིད་ཆོས་ཀྱི་
ནི། །སྐུ་ཅན་མཉམ་བྲལ་རྟོག་མེད་ཀྱི། །དག་པའི་སྒྱུ་ལུས་བྱང་ཆུབ་ལམ། །ཟུང་འཇུག་སྐྱེ་མེད་བདེ་འགྲོའི་རྒྱན། །སྣང་སེམས་རང་རིག་བདེ་ཆེན་སྤྲོས་དང་བྲལ། །སྒྱུ་མ་རྩ་རླུང་རླུང་སེམས་བརྗོད་དུ་མེད། །རྨི་ལམ་འོད་གསལ་བདེ་ཆེན་ཟུང་འཇུག་ལ། །སྐུ་བཞི་ཡེ་ཤེས་
གསལ་སྣང་གོ་མ་འགགས། །བལྟར་མེད་བལྟ་རུ་མེད་པ་ཡི། །རང་སེམས་རྣམ་དག་བླ་མར་སྣང་། །སྣང་བ་སྟོང་པ་བདེ་ཆེན་སྐུ། །བདེ་སྟོང་དབྱེར་མེད་བྱིན་རླབས་རྒྱན། །སེམས་ཉིད་བལྟར་མེད་བློ་འདས་ཀྱི། །རྩ་ནི་གསལ་སྟོང་མཁའ་འགྲོའི་གསང་། །སྣང་བ་སྟོང་ཉིད་

བདེ་ཆེན་སྐུ། །སྣང་སྟོང་དབྱེར་མེད་མཁའ་འགྲོའི་རྒྱན། །བྱ་བྲལ་རྟོག་མེད་རླུང་སེམས་ཀྱི། །སྣང་བ་སྟོང་པ་སྤྲོས་དང་བྲལ། །སྟོང་ཉིད་བདེ་ཆེན་བརྗོད་དུ་མེད། །བདེ་སྟོང་མཐའ་བྲལ་རླུང་གི་རྒྱན། །རང་སེམས་བདེ་ཆེན་བྱང་ཆུབ་སེམས། །ཟག་མེད་བདེ་ཆེན་ཆོས་ཀྱི་སྐུ། །
སྣང་བ་འོད་གསལ་སྟོང་པའི་ཀློང་། །བདེ་སྟོང་ཡེ་ཤེས་བྱང་ཆུབ་རྒྱན། །སྣང་བ་རྨི་ལམ་བདེན་པས་སྟོང་། །གཟུང་འཛིན་ཆགས་སྡང་འཁྲུལ་སྣང་ཡུལ། །བརྟགས་པས་ཆུ་ཤིང་སྙིང་པོ་མེད། །ཞེན་མེད་གང་སྣང་ལམ་གྱི་རྒྱན། །གང་ནས་མ་འོངས་གར་ཡང་ནི། །མི་འགྲོ་མི་རྟོག་
སེམས་ཉིད་ལ། །བལྟར་མེད་བསྟན་དུ་མེད་པ་ཡི། །ཆོས་ཉིད་ངོ་བོ་མཐོང་གི་རྒྱན། །འཁོར་བ་སྡུག་བསྔལ་བདེ་མེད་ཀྱང་། །བླ་མའི་བྱིན་རླབས་ངོ་སྤྲོད་ལམ། །བྱིང་རྒོད་བསྒོམ་པ་ཉམས་ཀྱི་དགྲ། །རང་རིག་འོད་གསལ་མཐོང་གི་རྒྱན། །ཉམས་མྱོང་བྱ་བྲལ་བློ་འདས་ཀྱི། །
བསྒོམ་པ་དམིགས་བརྟགས་བཟུང་འཛིན་བྲལ། །ཅིར་ཡང་རྟོག་མེད་ལྷུན་གྲུབ་ལ། །རེ་དོགས་དགག་སྒྲུབ་རང་གྲོལ་རྒྱན། །ཡེ་ཤེས་ལུས་ཅན་སྟོང་པ་ཉིད། །སྙིང་རྗེ་རྒྱན་ལྡན་བྱང་ཆུབ་ལམ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཕྱིར། །བདེ་ཆེན་ཕྱག་རྒྱ་ཆེན་པོའི་སྐུ། །བདེའོ་
ཤུགས་འབྱུང་ཞེན་མེད་ཀྱི། །བློ་འདས་ཉམས་མྱོང་གཉུག་མའི་ལམ། །བསྒོམ་མེད་ཡེངས་སུ་མེད་པ་ཡི། །ཆོས་ཉིད་ཡེ་ཤེས་རྒྱན་ལྡན་བདེ། །གང་ཡང་མི་རྟོག་ཅིར་མི་སེམས། །ཅིར་ཡང་མི་འཛིན་རྟོག་དཔྱོད་བྲལ། །བྱར་མེད་རིག་པ་དང་གསལ་བ། །བཅས་བཅོས་མི་
བྱ་རང་གྲོལ་རྒྱན། །བདེའོ་ཅི་བདེར་རྟོག་མེད་ཉམས། །སྟོང་ངོ་ཆོས་ཉིད་བློ་འདས་དང་། །སྤྱོད་དོ་རོ་སྙོམས་ཤུགས་འབྱུང་ལམ། །གྲོལ་ལོ་རེ་དོགས་རང་གྲོལ་རྒྱན། །ཅིར་ཡང་མེད་དོ་སྣང་སྲིད་ཡུལ། །གར་ཡང་སྟོང་ངོ་ངོས་འཛིན་སེམས། །རྟོག་དཔྱོད་མེད་དོ་འཁོར་འདས་
ལམ། །མི་བསྒོམ་མི་དཔྱད་གཉུག་མའི་རྒྱན། །ཆུ་རྒྱུན་གནས་པའི་ཉམས་བསྟན་ན། །སྤྱོད་པ་བགས་ཀྱིས་འགྲོ་བར་བྱ། །བླ་མ་དམ་པའི་གདམས་ངག་གིས། །ཆགས་སྡང་རྟོག་པ་ཞི་བར་བྱེད། །ཕྱག་རྒྱ་ཆེན་པོ་གསེར་ཕྲེང་ལས་ཚོགས་འཁོར་གཉིས་པ་སྒོམ་དོན་

ཉམས་ཀྱི་ལེའུ་སྟེ་གཉིས་པའོ།། །།ཏི་ལོ་ནཱ་རོ་བྷ་སུ་ཏྲ། །གོས་ཅན་དྷཱུ་ཏཱི་ར་མ་ཡ། །སྤྱོད་པ་ར་ཏྲི་མཻ་ཏྲི་པ། །བྷོ་ཏ་ལེགས་སྦྱིན་པདྨོ་ཞབས། །བཛྲ་དྷརྨ་ཛོ་ཀི་ནི། །ཀཧྞ་མེ་ཁ་མ་ཧཱ་ལ། །རི་རི་རང་ག་ཀ་སོ་རི། །འབར་བ་ཙིནྡྷ་བི་རཱུ་པ། །
ཛྙཱ་ན་བཛྲ་མེ་དྷ་བ། །ཌོཾ་བི་བྷ་ཏ་རི་བོ་པ། །ཀ་མ་ཀྲི་ཏ་པྲཛྙཱ་རུ། །བཛྲ་ཀ་ན་ན་མ་སེ། །ཧོ་ར་སི་ཏི་ཀ་ར་ན། །བྷཱུ་ཏི་ཏ་མ་ཏ་བྲ་མན།། །།རི་རབ་གསེར་གྱི་ངོས་ལ་བྱ་གནས་པ། །བྱ་ཡི་རང་བཞིན་བོར་ནས་གསེར་དུ་སྣང་། །མཁས་པ་དག་གིས་སྐྱེ་བ་མེད་རྟོགས་ན། །
དངོས་པོའི་རང་བཞིན་བོར་ནས་བདེ་བ་ཆེ། །བདག་ཉིད་གདོད་མ་ཉིད་ནས་སངས་རྒྱས་ཡིན་པ་ལ། །རྣམ་རྟོག་དབང་གིས་སངས་རྒྱས་ཉིད་ནི་ངས་མ་མཐོང་། །རྟོགས་པའི་དུས་ན་མཐོང་བ་མེད་དེ་ཐོས་པ་མེད། །གཉིས་མེད་གང་གིས་རྟོགས་པ་དེ་ནི་ཕྱག་རྒྱ་ཆེ། །བྱིས་པ་ཆུང་ངུ་མ་ཡིས་
གསོས་པས་སྟོབས་དང་ལྡན་པ་བཞིན། །བློ་ཆུང་དག་ཀྱང་བླ་མའི་གདམས་པར་རིམ་གྱིས་ཐེག་པ་ཆེ། །རླུང་མཁྲིས་བད་ཀན་འདུས་པའི་ནད་ཀུན་སྨན་གྱི་ནུས་པས་སེལ་བ་ལྟར། །ང་དང་བདག་ཏུ་འཛིན་པའི་ནད་རབ་ཐམས་ཅད་བླ་མའི་གདམས་པས་བསྲེག །ལོང་བའི་ཚོགས་
ཀུན་མིག་ལྡན་གྱིས། །སྐྱེས་བུས་འཁྲིད་པར་བྱེད་པ་ལྟར། །ཡེ་ཤེས་ལམ་སྟོན་བླ་མ་ཡི། །སྤྱན་པས་བྱང་ཆུབ་འཁྲིད་པར་བྱེད། །འཁོར་ལོས་སྒྱུར་རྒྱལ་དཔུང་གི་ཚོགས། །གླིང་རྣམས་ཀུན་ལ་དབང་བྱེད་བཞིན། །ལྷན་ཅིག་སྐྱེས་པའི་རོ་རྙེད་ནས། །འཁོར་བ་དབང་སྒྱུར་
བདེ་བ་ཆེ། །རིགས་ལྡན་རིགས་མཆོག་རིགས་ཀྱི་དབང་། །བླ་མ་མཁའ་འགྲོ་ཆོས་ཉིད་གྲོགས། །ལྟ་སྤྱོད་བསྒོམ་དོན་ལྷན་ཅིག་སྐྱེས། །དཔེ་དོན་ཡེ་ཤེས་བདེན་པ་མཐོང་། །ལས་ཅན་རྣལ་འབྱོར་དབང་གི་ལམ། །སྐུ་གསུམ་ཆོས་ཉིད་འོད་གསལ་མེ། །སེམས་ཉིད་
གསལ་དངས་སྒྱུ་མའི་སྐུ། །རྣམ་གྲོལ་ཕྱག་རྒྱ་ཟུང་དུ་འཇུག །འགྲོ་དྲུག་སྐྱེས་པ་སྡོམ་གསུམ་རྒྱན། །ལྟ་བསྒོམ་སྤྱོད་པ་ཞེན་མེད་སྐས། །རང་ལུས་བདེ་ཆེན་ངོ་བོར་རིག །དགག་སྒྲུབ་སྤང་བླང་ཉམས་དང་བྲལ། །རེ་དོགས་རང་གསལ་བླ་མའི་དྲིན། །བདག་མ་རྟོགས་

པའི་གོང་ནས་འབྲས་ཆན་དག་དང་རོ་འདི་ཁྱད་པར་ཆེ། །རྟོགས་ནས་མངར་བའི་འབྲས་ཆན་དག་དང་རུལ་བའི་རོ་འདི་ཁྱད་པར་མེད། །དེ་བཞིན་མ་རྟོགས་དུས་ན་འཁོར་བ་དག་དང་སངས་རྒྱས་ཐ་དད་བརྟགས། །རྟོགས་པའི་དུས་ན་འཁོར་བ་དག་ནི་ཡེ་ནས་སངས་རྒྱས་ཆེན་པོའི་སྐུ། །བྱ་
བ་བཏང་ན་མན་ངག་ཡིན། །ཞེ་འདོད་མེད་ན་རྟོགས་པ་ཡིན། །བདེ་བ་དངོས་མེད་བསྒོམ་པ་ཡིན། །བསྒྲུབ་བྱ་མེད་ན་སྤྱོད་པ་ཡིན། །ཐབས་དང་ཤེས་རབ་ཨ་ཛན་ལྟ། །བླ་མ་ཆུ་ཡི་རྒྱུན་གྱིས་རབ་ཏུ་ཁྱབ། །ལྷན་ཅིག་སྐྱེས་པའི་དཔག་བསམ་ཤིང་དག་ལ། །འབྲས་བུ་ལྷུན་གྲུབ་དང་
ལ་རབ་ཏུ་རྫོགས། །སངས་རྒྱས་ཀུན་གྱི་སྡོམ་པའི་མཆོག །རང་ཡིད་རྟོགས་ལ་མི་གནས་པས། །གཉུག་མའི་སེམས་ཀྱིས་གར་རྟོགས་པ། །སངས་རྒྱས་ཐམས་ཅད་དེས་མཐོང་ཡིན། །རྣལ་འབྱོར་པ་ཡིས་གང་ཐོས་ཐམས་ཅད་དམ་པ་སྟེ། །མཐོང་བ་དེ་ཡིས་སྐྱེ་མེད་
རྟོགས་ཕྱིར་སློབ་དཔོན་མཆོག །བྱས་པ་ཀུན་གྱིས་གཉིས་མེད་གསལ་ཕྱིར་ཐབས་ཡིན་ཏེ། །དགེ་སྡིག་འབྲས་བུ་སྐྱེས་བུ་དེ་ལ་གཉིས་མི་འགྱུར། །གང་ལས་བླ་མ་དམ་པ་ལས། །དབང་ལས་ལྷན་ཅིག་སྐྱེས་པ་ཡི། །རོ་ཡིས་ཀུན་ལ་ཁྱབ་པ་སྟེ། །སྐྱེ་མེད་རྒྱས་ཐེབས་
རྡོ་རྗེ་འཛིན། །བདེ་དང་སྟོང་པ་དབྱེར་མེད་སྙིང་ག་པདྨ་དག་ལ་རྫོགས། །སྐྱེ་མེད་ཡིད་ལ་བྱེད་པ་བསམ་གྱིས་མི་ཁྱབ་བདེ་ཆེན་སེམས། །སྣང་གྲག་ཐམས་ཅད་རོ་སྙོམས་རྣམ་གསུམ་རྣལ་འབྱོར་རྣམས་ཀྱིས་སྤྱོད། །རྗེ་བཙུན་དག་གི་བྱིན་རླབས་ཤར་བས་དབྱེར་མེད་རྫོགས་
སངས་རྒྱས། །ཆོས་རྣམས་ཀུན་དང་རང་གི་སེམས་རྣམས་དུ་མར་སྤྱོད། །རྟོགས་པ་ཐམས་ཅད་ཉམས་མྱོང་གདམས་པ་དོན་བྲལ་ན། །ནོར་བུ་མཆིང་བུ་དག་ལ་རང་བཞིན་དུ་བདེ་ན། །ཆོས་རྣམས་དེ་དང་ལྡན་ན་རེ་དོགས་མེད་པས་རང་བདེ་ཞིག །དང་པོ་བློ་ལྡན་རྟོགས་པ་སྐྱེད། །གཉིས་
པ་ནགས་སུ་སྣ་རྩེ་བསྒོམ། །ཉམས་སུ་མྱོང་བ་སྐྱེས་པ་ན། །སྤྱོད་པས་ཁྱད་པར་འགྲོ་བར་བྱ། །གང་གང་ལྷན་ཅིག་སྐྱེས་པ་དེ། །གླང་པོ་ཆེ་ཡི་མིག་བཞིན་དུ། །གཟེར་རེ་བསྐྱེད་ནས་ཟུག་རྔུ་འབྱུང་། །གློད་ན་ཞེན་མེད་བསམ་གཏན་མཆོག །བདེའོ་བདེའོ་གནས་མེད་བདེ། །འདོད་

པ་མེད་པའི་རང་བཞིན་བདེ། །བརྟགས་པ་ཐམས་ཅད་དེར་ཤེས་བདེ། །བསྒྲུབ་པ་མེད་པའི་སངས་རྒྱས་བདེ། །གོ་ཆ་ཆེན་པོ་བགོས་ནས་ཀྱང་། །ནོར་བུ་ལྟ་བུའི་སྙིང་སྟོབས་ཀྱིས། །རང་གི་སེམས་ལ་གྲུབ་གཏད་ན། །མི་རོའི་ཁོག་པར་བདེ་ཆེན་ཞུགས། །
གང་གིས་གང་དུ་གང་ལས་ནི། །རྟོག་ཅིང་དཔྱོད་པའི་བློ་ལས་ནི། །དངོས་འཛིན་གདོན་གྱི་དབང་སོང་ཕྱིར། །ཅིར་ཡང་མི་འཛིན་བློ་གྲོས་མཆོག །སྣང་བ་ཆོས་ཉིད་ཉི་མ་ལ། །གཟུང་འཛིན་ཁྲི་མོན་སྨག་ཏུ་ཚུད། །སེམས་ཉིད་རང་གསལ་ཆོས་སྐུ་ཉིད། །མ་རིག་མུན་པའི་དྲ་བས་
གཏུམས། །གཉིས་མེད་བདེ་ཆེན་བླ་མའི་དྲིན། །ཤུགས་འབྱུང་ཞེན་བྲལ་ཉམས་ཀྱི་ཀློང་། །རང་གྲོལ་རང་བཞིན་སྤྱོད་པའི་འགྲོས། །རེ་དོགས་ལས་གྲོལ་ཆོས་ཀྱི་སྐུ། །སྐྱེ་མེད་ཀུན་རྟོག་སྤངས་པ་ཡིས། །བྱང་ཆུབ་ལམ་ཆེན་རྟོག་དང་བྲལ། །མི་རྟོག་འཛིན་མེད་བློ་ལས་
འདས། །གང་དུ་བཙལ་ཡང་རྟོག་མེད་དང་། །རང་བཞིན་དྲི་མེད་ཐབས་དང་ཤེས་རབ་ཀྱིས། །རང་བཞིན་སེམས་གང་ལས་ནི་སངས་རྒྱས་ཀྱི། །ཡོན་ཏན་རིན་ཆེན་རིན་ཐང་མེད་ཀྱི་མཛོད། །དམ་ཆོས་ཉི་མ་བླ་མའི་དྲིན་གྱིས་ལྟོས། །འཁྲུལ་བཅས་བདེན་ལས་འདས་པ་ཡི། །ཉོན་
མོངས་འཆིང་བ་གཅོད་མཛད་ཀྱི། །ཆོས་ཉིད་བདེན་པ་མངའ་བརྙེས་པའི། །བཤེས་གཉེན་སྐྱེ་མེད་འོད་གསལ་མཐོང་། །ཤེས་རབ་མིག་བྲལ་དངོས་པོ་ཡི། །གདོན་འཇོམས་བདག་གཞན་བདེ་ཆེན་སྐུ། །ཅིར་ཡང་རྟོག་མེད་བྱ་བྲལ་གྱི། །ཉམས་མྱོང་ཡེ་ཤེས་སྒྲོན་མ་གསལ། །གང་གིས་
དངོས་དང་དངོས་མེད་དུ། །འཛིན་ཏེ་མར་མེ་ལྟ་བུ་རུ། །བློ་ཡི་ཡུལ་མིན་སྤང་དཀའི་ཕྱིར། །བློ་འདས་བཅས་བཅོས་རྒྱ་མདུད་ཤིག །ཐབས་བྲལ་ཤེས་རབ་སྒྲོན་མ་ཉིད། །ནམ་མཁའི་མེ་ཏོག་ཤེས་རབ་ལམ། །རི་བོང་རྭ་ལྟར་དོན་མེད་ཀྱི། །སྤང་བྱ་མཐར་འཛིན་བློ་དང་བྲལ། །གང་
གིས་གཉིས་མེད་དོན་རྟོགས་ན། །ཆོས་ཉིད་མ་མཐོང་ཆོས་སྐུ་ཡི། །ཆོས་ཉིད་ཉི་མ་ཡེངས་སུ་མེད། །དེ་ཉིད་ཕྱག་རྒྱ་ཆེན་པོ་ཡིན། །ཤེས་དང་ཤེས་བྱ་ལས་གྲོལ་གྱི། །འཁོར་འདས་སྟོང་ཉིད་འོད་གསལ་བ། །བལྟར་མེད་བསྟན་དུ་མེད་པ་ཡི། །བློ་འདས་ཤེས་རབ་སྒྲོན་མ་

ཉིད། །སྙིང་རྗེ་རྒྱུན་ལྡན་གྲུ་གཟིངས་ཀྱིས། །འགྲོ་རྣམས་འཁོར་བ་བཟོད་མེད་ཀྱི། །སྡུག་བསྔལ་རྒྱ་མཚོ་ཆེན་པོ་ལས། །མ་ལུས་སྒྲོལ་མཛད་ཐབས་ཀྱི་སྐས། །སྣང་སེམས་གཉིས་མེད་ཐབས་དང་ནི། །ཤེས་རབ་དབྱེར་མེད་བྱང་ཆུབ་ལམ། །ཆུ་དང་འོ་མ་ལྟ་བུ་རུ། །རོ་མཉམ་ཉམས་མྱོང་དབྱེར་
མི་ཕྱེད། །ཡོད་མེད་གཟུང་འཛིན་མཚན་ཉིད་དང་། །མཚོན་བྱ་རང་བཞིན་དྲི་མེད་ཀྱི། །གཉིས་མེད་ཡེ་ཤེས་ཆོས་ཉིད་སྒྲོན། །དུས་གསུམ་སངས་རྒྱས་ཀུན་གྱི་གསང་། འགྲོ་རྣམས་བདེ་སྡུག་སྐྱོན་ཡོན་གཞི། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །མ་ལུས་སེམས་ཅན་ཐམས་ཅད་ལ། །
ཡིད་བཞིན་ནོར་བུ་ལྟ་བུར་གནས། །དགག་སྒྲུབ་རེ་དོགས་ལས་གྲོལ་གྱི། །ཉམས་མྱོང་བལྟར་མེད་བསྟན་དུ་མེད། །ཡང་དག་དོན་གྱི་དེ་ཉིད་ལ། །ཡང་དག་དོན་མཐོང་རྣམ་པར་གྲོལ། །རིས་དྲུག་སྡུག་བསྔལ་སེམས་ཀྱིས་ནི། །སྣང་བ་ཉམས་མྱོང་བདེ་ཆེན་ལ། །སྣང་བ་མཐུན་
སྣང་མེད་པ་རུ། །བླ་མའི་དྲིན་མཐོང་རྣལ་འབྱོར་གྲོལ། །དོན་ཆེན་ཉི་མ་བྱང་ཆུབ་ཀྱི། །ཆོས་ཉིད་ཡེ་ཤེས་སྤྱན་པ་ཡི། །ཉམས་མྱོང་སྒྲོན་ལ་ཐམས་ཅད་ཀྱི། །བདེ་ཆེན་སྨྲར་མེད་དོན་མཐོང་བདེ། །ཀུན་རྟོག་ཆིང་བ་གཅོད་མཛད་ཀྱི། །བླ་མའི་དྲིན་ཐོབ་ཞེན་མེད་ཉམས། །གང་
གིས་བྱ་ར་མི་བྱེད་པར། །གནས་པས་འཁོར་བར་བདེ་མི་རྙེད། །སྒྲ་དོན་འབྲེལ་མེད་ཐོས་ནས་ནི། །ཤེས་རབ་ཡུལ་ལས་འདས་པའི་ཕྱིར། །བླ་མའི་དྲིན་གྱིས་སེམས་དང་ནི། །ནོར་བུ་རིན་ཆེན་ཡོན་ཏན་ལྡན། །དད་གུས་ཡེངས་མེད་དམ་ཚིག་གི །སྒྲོན་མ་བདག་ལུས་
རྒྱལ་བའི་མཛོད། །བདེ་ཆེན་ཡོན་ཏན་འབྱུང་གི་གནས། །བལྟར་མེད་དོན་མཐོང་ངོ་མཚར་ཆེ། །གང་ནས་མ་འོངས་གར་ཡང་ནི། །འགྲོ་འོང་ལས་གྲོལ་གཉུག་མ་ཡི། །ཉམས་མྱོང་སྨྲར་མེད་ཡེངས་སུ་མེད། །བསྒོམ་པ་འབྲལ་མེད་བློ་ལས་འདས། །ཆོས་ཉིད་འོད་གསལ་
དག་པའི་སེམས། །བྱང་ཆུབ་གསལ་སྣང་ཆོས་ཀྱི་དབྱིངས། །བདེ་ཆེན་ཡེ་ཤེས་སྐུ་ཅན་གྱི། །སེམས་ཀྱི་ནོར་བུ་དྲི་མེད་རྙེད། །མ་བལྟས་བདེ་ཆེན་མཐོང་དུ་མེད། །མ་རྟོགས་ཉམས་མྱོང་བློ་ལས་འདས། །མ་སེམས་རྟོག་པ་ཆོས་ཉིད་ཀློང་། །ཅིར་ཡང་བྱ་བྲལ་ཡེངས་སུ་མེད། །

དི་རིང་མཆོག་ལ་གནས་པའི་ཉམས་མྱོང་རིན་པོ་ཆེ། །བརྟགས་པ་མ་ཡེངས་གཉུག་མ་ཡེངས་སུ་མེད་པའི་ངང་། །ཡེངས་མེད་གཟུགས་ཀྱི་བདག་འཛིན་དངོས་པོ་འཇོམས་མཛད་པའི། །གནས་ལུགས་དགེ་སྡིག་སྤང་བླང་ཅི་ཡང་བསམ་དུ་མེད། །དམིགས་
མེད་ཡིད་ལ་མི་བྱེད་དྲན་པ་ཡི། །ཀུན་རྟོག་འཆིང་བ་གཅོད་མཛད་ཡེ་ཤེས་སྒྲོན། །རྒྱུ་བ་ཆོས་ཉིད་ཆོས་སྐུའི་ཀློང་དུ་ཆད། །མ་བསྒོམས་དམུས་ལོང་མཐོང་བའི་ཡུལ་མིན་ཕྱིར། །བསྒོམ་པ་བདུད་རྩིའི་རོ་ཚོར་བླ་མའི་དྲིན། །བྱིན་རླབས་བརྒྱུད་པ་བླ་མའི་ཉམས་མྱོང་ལ། །བདེ་བའི་
རོ་ཚོར་ངོས་གཟུང་ཅི་ཡང་མེད། །འཁོར་བ་དང་ནི་མྱ་ངན་འདས། །རྟོག་མེད་རྟོག་དཔྱོད་ཡུལ་ལས་འདས། །བསྒོམ་དང་བསྒོམ་པ་ཅིར་ཡང་མེད། །མི་འཛིན་འཛིན་རྟོག་འཁྲུལ་པ་སྤངས། །ཆོས་ཀྱི་སྤྱན་ཅན་ཆོས་ཀྱི་ནི། །སྐུ་ཅན་ཆོས་ཀྱི་སྒྲོན་མ་ཡིན། །ཚོགས་གཉིས་ཆོས་
ཀྱི་རྔ་བོ་ཆེ། །བྱང་ཆུབ་ལམ་ཆེན་ཆོས་ཀྱི་དུང་། །བདག་མེད་འོད་གསལ་སྒྲ་སྒྲོགས་དུས། །ནོར་བུ་རིན་ཆེན་འདོད་འཇོའི་བ། །འཆི་མེད་བདུད་རྩི་བཅུད་ཀྱིས་ལེན། །ལྗོན་ཤིང་མེ་ཏོག་འབྲས་ལྡན་གྱིས། །རྒྱ་མཚོ་རི་རབ་བུམ་པ་བཟང་། །ནམ་མཁའ་ཉི་ཟླ་གླུ་གར་རྩེ། །
མངོན་སུམ་དང་ནི་རྗེས་དཔག་གིས། །བརྟགས་པ་དོན་ཤེས་དོན་མཐོང་གི །ཡིད་ཆེས་ངེས་དང་བཅས་པ་ཡིས། །སྔར་འདྲིས་མ་བུ་དམ་ཚིག་མཇལ། །ཆོས་དང་ཆོས་མིན་མཉམ་ཉིད་ལས། །ཐ་དད་འགྲོ་རྣམས་བརྫུན་བློ་ཡིས། །ཐར་པའི་སྲོག་གཅོད་ཚེ་འདི་ཡི། །རྣམ་
རྟོག་ཐར་མེད་ཆུ་སྲིན་ཁ། །སྙིང་རྗེ་དང་ནི་སྟོང་པ་ཉིད། །ཡ་བྲལ་ཐ་དད་དོན་མི་མཐོང་། །སྟོང་དང་སྙིང་རྗེ་དབྱེར་མེད་ལམ། །འཁོར་བ་མྱ་ངན་འདས་མི་གནས། །ཞེན་པའི་བློ་ཅན་རྟོག་པ་ཡིས། །ཡུལ་གྱི་རྒྱ་མདུད་སུ་མི་འདོད། །འདོད་ཡོན་ལྷན་ཅིག་སྐྱེས་པ་ཡི། །བདེ་བའི་
རོས་གང་སྐྱེ་མེད་ལམ། །རང་བཞིན་དགེ་བའི་སེམས་ཉིད་འདི། །གཉུག་མའི་བདེ་ཆེན་མངོན་སུམ་གྱི། །ལྷན་སྐྱེས་རོ་ཚོར་བརྗོད་མེད་ན། །རྟགས་ཀྱིས་དེ་ཉིད་དོན་མི་རྙེད། །བདེ་ཆེན་འཁོར་འདས་རྟོག་པ་ཡི། །བློ་ཅན་རྨོངས་རྣམས་འཆིང་བའི་ཕྱིར། །གང་དང་གང་དུ་བལྟས་

གྱུར་ཀྱང་། །དེ་ཉིད་བློ་ཡི་ཡུལ་ལས་འདས། །རང་རིག་བདེ་ཆེན་མཚོན་དུ་མེད་པའི་ལམ། །ལྷན་ཅིག་སྐྱེས་པའི་ཡིད་ཅན་གཉུག་མའི་རོ། །བླ་མའི་དྲིན་རྟོགས་སྐྱེ་མེད་བསྒོམ་པ་ཡི། །ཉམས་ལས་དོན་མཐོང་སྐྱེ་མེད་ངོ་མཚར་ཆེ། །འགྲོ་རྣམས་འཆིང་བྱེད་ལས་ལ་ནི། །རྣམ་གྲོལ་དོན་
ཤེས་རང་རིག་གི། །སེམས་རྟོགས་མྱ་ངན་འདས་ཀྱི་མཆོག །དེ་ཉིད་སྤྲོས་པའི་ཡུལ་དང་བྲལ། །སེམས་ཉིད་ནོར་བུ་རིན་ཆེན་མཛོད། །འཁོར་འདས་སྲིད་ཞི་མྱ་ངན་འདས། །དགེ་སྡིག་ས་བོན་བག་ཆགས་རྩ། །ཐར་ལམ་བྱང་ཆུབ་རྙེད་ཀྱི་སྐུ། །རང་སེམས་ཆོས་ཉིད་ནམ་མཁའ་
ཡི། །གྲོང་དུ་གྲོལ་ན་འགྲོ་རྣམས་ཀུན། །རྣམ་དག་ཡེ་ཤེས་ཉི་མ་སྟེ། །རྣམ་གྲོལ་བྱང་ཆུབ་གཞན་འགའ་མེད། །འགྲོ་རྣམས་བདེ་ཆེན་རོས་གང་ཡང་། །ཐབས་བྲལ་དེ་ཉིད་དོན་མི་མཐོང་། །ཐབས་ལྡན་བྱ་བྲལ་སྐྱེས་བུ་ལ། །འཆི་མེད་འགྲོ་འོང་ཡུལ་ལས་འདས། །གང་གང་འཛིན་དེ་
དངོས་པོ་ཡི། །གདོན་གྱི་དབང་གྱུར་རྨོངས་རྣམས་ལ། །འཆིང་ལས་ཐར་ལམ་མེད་པའི་ཕྱིར། །ཐར་པའི་ལམ་སྟོན་འཛིན་མེད་ལྟོས། །རླུང་གི་རྟ་ཞོན་རྟོག་བཅས་ཡིད་ཀྱི་བུ། །གཟུང་འཛིན་སྦྲང་མ་འདོད་ཡོན་རྗེས་སུ་སྙེག །གང་སྙེགས་བདེ་མེད་འཁོར་བའི་འཁྲུལ་བཅད་དེ། །ཡེ་ཤེས་
བྱང་ཆུབ་རྩ་རླུང་ཆོས་ཉིད་ཟུང་། །གང་གང་རིག་འཛིན་རྟོག་པ་ཡི། །དབང་སོང་འདོད་ཡོན་ལྟད་མོ་ཉིད། །བདག་གཞན་ལྟོས་མེད་མཐོང་བ་ལས། །རང་རྒྱུད་མ་མཐོང་འདོད་མི་ཚིམ། །དངོས་མེད་དངོས་དང་བྲལ་བ་ཡི། །ཆོས་རྣམས་དངོས་དང་དངོས་མིན་ཕྱིར། །གང་དང་གང་དུ་འཛིན་
དེ་ཉིད། །བློ་ཡི་ཡུལ་ཡིན་འཛིན་རྟོག་ཕྱིར། །སྟོང་དང་སྟོང་ཉིད་འབྲས་བུ་རུང་། །དངོས་པོར་འཛིན་པའི་གདོན་ཆེན་གྱིས། །གཞན་དབང་བྲན་ལྟར་མ་བཀོལ་ན། །གང་ལ་གནས་པ་དེ་མི་མཐོང་། །མོས་པའི་བློ་ལྡན་གུས་པའི་བློ་གྲོས་མཆོག །ལས་ཀྱི་མཚམས་སྦྱར་བག་
ཆགས་རྩ་བ་ཅན། །ཡིད་ཀྱི་ལུས་ཅན་ཆོས་ཉིད་དོན་མཐོང་གི །གཞན་དོན་ནོར་བུ་དཔག་བསམ་ཤིང་ལྟར་མཐོང་། །ཏིང་འཛིན་བྱིང་རྒོད་ལས་གྲོལ་རྟོག་པ་ཡི། །རླུང་གིས་མི་བསྐྱོད་རྟོག་མེད་ཆོས་ཀྱི་ནི། །སྐུ་ཅན་བླ་མ་ཆོས་ཉིད་ཆོས་སྐུ་ཡི། །རི་བོ་ཉི་མ་མ་རིག་མུན་བྲལ་མཛོད། །

འགྲོ་ལ་བརྩེ་བའི་བློ་ཅན་ཐུགས་རྗེ་ཡིས། །རྒྱ་མཚོ་མི་གཡོ་དཔལ་ལྡན་རྡོ་རྗེ་འཛིན། །ཐུགས་རྗེའི་མངའ་བདག་ཐུགས་ཀྱི་དཀོར་མཛོད་ནས། །ཡེ་ཤེས་སྒྲོན་མ་བྱང་ཆུབ་ལམ་མཁན་མཛོད། །མེ་ཏོག་འབྲས་ལྡན་འགྱུར་མེད་དཔག་བསམ་ཤིང་། །འཆི་མེད་
བདུད་རྩིའི་རོས་གང་ཀུ་ས་ལི། །བདག་མེད་བདེ་ཆེན་སྤྲོས་བྲལ་རྩེད་མོ་ཡི། །འགྱུར་མེད་དོན་སྟོན་དངོས་པོའི་གདོན་འཇོམས་མཛོད། །སྐྱེ་མེད་འོད་གསལ་སྟོང་ཉིད་འོད་འཕྲོ་ཡི། །ནོར་བུ་རིན་ཆེན་ཡོན་ཏན་ཀུན་ལྡན་གྱི། །དཔལ་ལྡན་དཔལ་གྱི་འབྱུང་གནས་ཨཱ་ཙརྱ། །གཉིས་མེད་
སྤྲོས་བྲལ་སྟོང་ཉིད་སྒྲ་སྒྲོགས་མཛོད། །བདེ་ཆེན་བདེ་བའི་འབྱུང་གནས་སངས་རྒྱས་ཀུན་གྱི་གསང་། །མི་འཇིགས་སེང་གེ་འཇིགས་བྲལ་མ་ཧཱ་པཎྜི་ཏ། །བུང་བ་མེ་ཏོག་བཅུད་ལྡན་སྦྲང་རྩི་ལེན་བཞིན་དུ། །རང་བཞིན་རྟོག་མེད་བློ་འདས་སྒྲོན་མའི་དོན་སྟོན་མཛོད། །བསོད་ནམས་
མཆོག་གིས་བརྒྱན་པ་ཡི། །ནམ་མཁའི་ཡོན་ཏན་མི་ཟད་གཏེར། །སངས་རྒྱས་ཡེ་ཤེས་དྷརྨཱ་བཞི། །དྷཱ་ཏུ་བྱང་ཆུབ་ཆོས་ཐོབ་མཛོད། །སྐྱེ་མེད་བློ་ལྡན་ནམ་མཁའ་ལྟ་བུ་ཡི། །ཆོས་རྣམས་སྟོང་ཉིད་འོད་གསལ་འདུས་མ་བྱས། །མཐའ་བྲལ་བདག་མེད་སྤྲོས་བྲལ་ཆོས་སྐུ་ཡི། །ཚོགས་
ལྡན་ཉི་མས་ཡེ་ཤེས་དོན་རྟོགས་ཤོག །རང་བཞིན་ལྷན་སྐྱེས་འགྲོ་རྣམས་ལྷན་ཅིག་སྐྱེས་ཀྱི་སྐུ། །ཆོས་རྣམས་རྣམ་དག་མྱ་ངན་འདས་ཀྱི་དབྱིངས། །རྣམ་རྟོག་དང་བྲལ་ཚོགས་གཉིས་ལྷུན་གྲུབ་སངས་རྒྱས་སྤྱན། །ཚོགས་རྗེ་ཚོགས་ཀྱི་བདག་པོ་ཆོས་ཉིད་དོན་མཐོང་ཤོག །སངས་
རྒྱས་ཀུན་སྡོམ་བཅོམ་ལྡན་མཁའ་འགྲོ་མ་ཡི་སྡོམ། །བདེ་བའི་འབྱུང་གནས་བདེ་ཆེན་ཉི་མ་བདེ་བ་ཀུན་གྱི་དཔལ། །བླ་མའི་གསང་མཛོད་གདམས་ངག་སྙིང་པོ་དོན་གྱི་གསང་ལྡན་མཛོད། །བདེ་ཆེན་བདག་མེད་བདེ་བ་ཆེན་པོའི་ཚོགས་དང་ལྡན་གྱུར་ཅིག །སྲིད་དང་ཞི་བ་རྣམ་
དག་ནི། །རོ་མཉམ་དཀྱིལ་འཁོར་ལྡན་གྱི་གཙོ། །ཚོགས་ཀྱི་འཁོར་ལོ་ཚོགས་ཀྱི་མཆོག །ཚོགས་རྗེ་ཚོགས་བདག་དཔལ་ལྡན་ཤོག །གཉིས་མེད་འཛིན་དང་བྲལ་བ་ཡི། །ཆོས་རྣམས་དངོས་མེད་སྟོང་པ་ཉིད། །ཆོས་ཉིད་འོད་གསལ་ཚོགས་ཀྱི་ནི། །འཁོར་ལོ་བྱང་ཆུབ་

དོན་མཐོང་ཤོག །བསྒོམ་བྱ་སྒོམ་བྱེད་དམིགས་པ་ཡི། །ཀུན་རྟོག་འཆིང་བ་གཅོད་མཛད་ཀྱི། །ཚོགས་ཀྱི་འཁོར་ལོ་ཚོགས་ཀྱི་ནི། །བྱམས་མགོན་རྒྱུན་དང་ལྡན་པར་ཤོག །ཞི་བའི་བློ་གྲོས་བདག་མེད་མྱ་ངན་འདས་ཀྱི་དབྱིངས། །ཇི་སྲིད་བདེ་ཆེན་བྱང་ཆུབ་མཆོག་གི་སེམས། །སྙིང་
རྗེའི་རྒྱུན་ལྡན་གསང་སྔགས་སྙིང་པོའི་དོན་གྱི་བཅུད། །སྒྱུ་མ་བྱང་ཆུབ་ལམ་ཅན་སངས་རྒྱས་བྱང་ཆུབ་འོད། །དངོས་དང་དངོས་མེད་བརྟན་གཡོ་གཉིས་དང་གཉིས་འཛིན་གྱི། །ལམ་སྟོར་ཁྱབ་བདག་བཅོམ་ལྡན་མི་ཡི་སེང་གེ་ནི། །སངས་རྒྱས་གྲོང་ཁྱེར་ཚོགས་ཀྱི་འཁོར་ལོའི་གྲོང་
མཆོག་ཏུ། །བྱང་ཆུབ་སྒྲོན་མ་ཡེ་ཤེས་སྒྲོན་མའི་འོད་ལྡན་ཞིང་། །སེམས་ཅན་རྣམ་དག་གདོད་ནས་སངས་རྒྱས་རང་བཞིན་ཡང་། །རིས་དྲུག་རྨོངས་རྣམས་མ་རིག་མུན་པའི་སྤྲིན་ཚོགས་ཀྱིས། །ཡང་དག་ལམ་བྲལ་བདེ་གཤེགས་ཉི་མ་ནུབ་རྣམས་ལ། །ཚོགས་ཀྱི་འཁོར་
ལོ་ཡེ་ཤེས་འོད་འབར་མེ་བོ་ཆེ། །ཆོས་རྣམས་རང་བཞིན་སྤྲོས་བྲལ་མྱ་ངན་ལས་འདས་པའི། །ཆོས་ཉིད་བདེ་ཆེན་བྱང་ཆུབ་ལམ་གྱི་རྩ་བ་ཅན། །གཉིས་མེད་འོད་གསལ་མ་ཉམས་ཟག་མེད་མྱང་འདས་ཀྱི། །བདེ་སྤྱོད་འགྲོ་མགོན་ཐུགས་ཀྱིས་འཛིན་པར་ཤོག །མ་རིག་མུན་བསལ་
ཡེ་ཤེས་ཉི་མའི་བྱང་ཆུབ་འོད། །དཔལ་ལྡན་ཆོས་ཀྱི་བྱང་ཆུབ་ཆོས་ཀྱི་སྒྲོན་མ་ཡི། །ཡེ་ཤེས་བྱང་ཆུབ་བཤེས་གཉེན་ཨཱཏྨ་ཏ་ཀྲྀ་ནི། །ཆོས་ཀྱི་བློ་གྲོས་ཆོས་ཉིད་གཟུངས་ཀྱིས་འཛིན་པར་ཤོག །དགེ་བའི་བློ་ཅན་ཡོན་ཏན་ཀུན་གྱི་གཉེན་གཅིག་པོ། །ཐུགས་རྗེའི་རྩ་བརྟན་
མི་ཡི་སེང་གེ་བྱམས་པ་ཡི། །ལྗོན་ཤིང་བཤེས་གཉེན་ནོར་བུ་རིན་པོ་ཆེ། །མི་ཟད་གཏེར་ཆེན་གྲིབ་ལ་སྐྱོང་བར་ཤོག །དཔལ་ལྡན་འཇིག་རྟེན་གསུམ་ན་ཡོན་ཏན་ཀུན་གྱི་གཙོ། །མི་མཆོག་རྒྱལ་པོ་ལྷ་དང་ལྷ་མིན་ཀུན་གྱི་ནི། །གཙུག་གི་ནོར་བུ་ཡོན་ཏན་ཀུན་ལྡན་དམ་པའི་
རྗེ། །ཞིང་སྐྱེས་ནོར་བུ་རིན་ཆེན་རྒྱན་དང་ལྡན་པར་ཤོག །རྣམ་རྟོག་ལས་གྲོལ་བཅོམ་ལྡན་ལྷུན་གྲུབ་ཆོས་ཀྱི་ནི། །སྨན་པ་ཉོན་མོངས་ཟུག་རྔུ་འབྱིན་མཛད་འགྲོ་བ་ཡི། །མགོན་གྱུར་རྗེ་བཙུན་ལས་ཅན་ལས་ལས་གྲུབ་པ་ཡི། །ལས་ཀྱི་ཉོན་མོངས་ཟུག་རྔུ་མི་ཟད་དབྱུང་དུ་གསོལ། །བདེ་གཤེགས་

ཉི་མ་ཆོས་ཉིད་ཆོས་ཀྱི་སྤྱན་ཅན་གྱི། །ཟླ་བའི་འོད་ཟེར་དྲི་མེད་ཤེལ་གོང་དངས་གསལ་གྱི། །བླ་མའི་བདུད་རྩིའི་ཆུ་རྒྱུན་འཆི་མེད་སྒྲོན་མ་ཡིས། །སྔགས་སྐྱེས་འཁོར་བའི་དྲི་མ་མ་ལུས་དག་པར་མཛོད། །དཔའ་ཁྱོད་ཐུགས་རྗེས་འགྲོ་བའི་སྡུག་བསྔལ་མ་ལུས་སེལ་
མཛད་སྒྲོན་མའི་ཕ། །དཔལ་ལྡན་དྲི་མེད་ཐབས་དང་ཤེས་རབ་བདག་གཞན་ཕན་པའི་རྒྱུར་གྱུར་པ། །རྒྱུད་ལྡན་བླ་མ་མཚུངས་མེད་དཔའ་བོ་ཡོན་ཏན་ཀུན་གྱི་གཏེར་གྱུར་པ། །སྲིད་མཚོ་ལས་སྒྲོལ་འཁོར་བའི་འཁོར་ལོ་རྒྱུན་གཅོད་དཔའ་ཆེན་རོལ་མཛད་པ། །དཔལ་ལྡན་རྒྱལ་བའི་ཚོགས་
ཀྱི་མཆོད་པ་ཆོས་ཀྱི་སྤྱན་དང་ལྡན་པའི་བུ། །ཚོགས་རྗེ་ཚོགས་ཀྱི་མཆོད་པ་སྲིད་མཚོ་མ་ལུས་སྐེམས་བྱེད་བུ། །བདེ་གཤེགས་མཆོད་པ་དཔག་བསམ་ཤིང་ཆེན་ཡོན་ཏན་ཀུན་གྱི་རྒྱན་ལྟ་བུ། །མཁའ་འགྲོའི་གསང་ཚིག་སངས་རྒྱས་སྐྱེ་མེད་ཚོགས་ཀྱི་འཁོར་ལོའི་བུ། །མ་མ་མ་
གཅིག་བཅོམ་ལྡན་ཡུམ་གྱུར་ཚོགས་ཀྱི་འཁོར་ལོ་བདེ་ཆེན་མ། །གཉིས་མེད་བྱང་ཆུབ་ལམ་མཁན་ཚོགས་འཁོར་བདག་མེད་ཆོས་ཀྱི་སྤྱན་ཅན་མ། །གང་ཞིག་གང་གི་དྲིན་གྱིས་བདག་བློའི་པདྨོ་ཁ་འབྱེད་ཉི་མའི་འོད། །མཐོང་ཐོས་དྲན་གྱི་སྒྲོན་མ་མ་རིག་མུན་སེལ་ཡེ་ཤེས་བྱང་ཆུབ་
སྒྲོན། །རྣམ་འབྱོར་ཉམས་མྱོང་མཁས་པ་རྟོགས་ཚད་སྤེལ་ལེགས་མུ་ཏིག་རིན་ཆེན་ཕྲེང་། །འགྲོ་དྲུག་ནོར་བུ་རིན་ཆེན་ཡོན་ཏན་མེད་ཀྱི་དུས། །བདེ་གཤེགས་ཆོས་ཀྱི་སྤྱན་མངའ་སངས་རྒྱས་སྲས་པོ་ཡོན་ཏན་རིན་ཆེན་གདུང་རྒྱུད་ལྡན། །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོ་བྱང་ཆུབ་ལམ་
གྱི་བག་ཆགས་རྩ་བ་འཆང་། །ཆོས་ཉིད་ཆོས་ཀྱི་དོན་ལྡན་ཆོས་མཆོག་ལམ་ཆེན་ཡིད་འོང་གསེར་གྱི་ཕྲེང་བར་ལྡན། །གཉིས་མེད་ཡེ་ཤེས་ལས་བྱུང་ཁྱབ་བདག་འགྲོ་མགོན་ནོར་བུ་རིན་ཆེན་ཆོས་ཀྱི་མཛོད། །དོན་ཡོད་ལུགས་གཟིགས་སྡེ་སྣོད་རྣམ་གྲོལ་དོན་མཐོང་རྣམ་དག་ཐུགས་དེའི་
དགོངས་པ་ཉིད། །གང་གིས་དྲིན་གྱིས་མ་མཐོང་མཐོང་ཕྱིར་མཐོང་བའི་ལམ་ལྟར་བདེ་ཆེན་དོན་མཐོང་ཞིང་། །ཐེ་ཚོམ་བློ་བྲལ་ཡིད་ཆེས་སྒྲོན་མ་བྱང་ཆུབ་གསལ་དངས་དྲི་མེད་རྟོག་དང་བྲལ། །གཉུག་མའི་ཉམས་མྱོང་ཞེན་མེད་ཆོས་ཉིད་འོད་གསལ་ཉི་མས་མ་རིག་མུན་པ་སངས། །འདིར་ཕྲད་

སྨོན་ལམ་མཚམས་སྦྱོར་བག་ཆགས་ལས་ཀྱི་རྩ་བ་ཅན། །བསམ་པའི་སྡོང་པོ་རྣམ་མཛེས་སྒྲུབ་པའི་མེ་ཏོག་འབྲས་ལྡན་གྱི། །བྱང་ཆུབ་ལྗོན་ཤིང་ལས་འབྲས་ཡིད་ཆེས་བསིལ་གྲིབ་ལ། །སྔར་འདྲིས་མི་དང་ཕྲད་བཞིན་སྨོན་ལམ་མ་བུ་ཅིས་མི་མཇལ། །ཕྱག་རྒྱ་ཆེན་པོ་གསེར་གྱི་ཕྲེང་
བ་ལས་ཚོགས་འཁོར་གསུམ་པ་གཉིས་མེད་ཡིད་ཆེས་རང་གསལ་གྱི་ལེའུ་སྟེ་གསུམ་པའོ།། །།ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ་རིན་པོ་ཆེ་གསེར་གྱི་ཕྲེང་བ་ཞེས་བྱ་བ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་དང་པཎྜི་ཏ་མང་པོས་གསུངས་པ་རྣམས་རྗེ་བཙུན་མངའ་བདག་མཻ་ཏྲི་པས་གཞུང་
གཅིག་ཏུ་བསྡེབས་པའི་གདམས་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་ལེ་ཁ་ནཱ་མ། བོད་སྐད་དུ། ཤེས་རབ་ཀྱི་ཕྲིན་ཡིག་ཅེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་
འཚལ་ལོ། །རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་དང་ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དེ་ཉིད་གསུམ་གྱི་རིན་ཆེན་རྣམ་པར་དག་གྱུར་པ། །གསང་ལས་ཤིན་ཏུ་གསང་གྱུར་མཁའ་དང་མཚུངས་པར་སྣང་། །ལྷ་མོ་ཀུན་འགྲོ་བདེ་བ་མཆོག་གི་ས་གཞིར་གྱུར། །ཤེས་རབ་དོན་དམ་
གྱུར་པ་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་གོ་འཕང་གྲུབ་དོན་ཐོབ་པའི་རྒྱུར་གྱུར་ཅིང་། །ཡིད་བཞིན་ནོར་དང་བུམ་པ་བཟང་པོ་ལྟར་སྣང་བ། །དེ་ཡི་ཤིན་ཏུ་གསང་བའི་ཕྲིན་ཡིག་མཉན་འོས་པ། །དེ་ཉིད་དོན་གྱི་གོ་འཕང་བཤད་བྱར་སྤྲིང་བར་བྱ། །དེ་ནས་སྒྲུབ་པོ་ལ་ཕན་ཕྱིར། །
ཤེས་རབ་ཕྲིན་ཡིག་པད་རྡོ་རྗེས། །གསང་ལས་ཤིན་ཏུ་གསང་གྱུར་པ། །དེ་ཁོ་ན་ཉིད་རབ་གསལ་བྱ། །སྭ་སྟི་དག་པ་ཀུན་གྲོལ་བ། །ནམ་མཁའ་ལྟ་བུར་སྐྱེ་བ་མེད། །རང་རིག་ཙམ་གྱི་ཤེས་བྱ་དང་། །མཆོག་ཏུ་དགའ་བ་བྱེད་པ་མོ། །མཚན་མ་མེད་ཅིང་སྣང་བ་མེད། །དངོས་དང་
དངོས་མེད་རྣམ་པར་སྤངས། །ཆོས་དབྱིངས་རང་བཞིན་ཞེས་བྱ་བ། །མཆོག་ཏུ་དྲི་མ་མེད་པའི་གནས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །བདག་མེད་དྲི་མ་མེད་པའི་གཞི། །རྡོ་རྗེ་གསུམ་བྱུང་དྲི་མ་མེད། །འདོད་པའི་དོན་གྱི་

གནས་གྱུར་པ། །ཡིད་བཞིན་ནོར་བུ་བཞིན་དུ་འབྱུང་། །ལྷ་ཡི་དཔག་བསམ་ཤིང་ལྟ་བུ། །མཆོད་པ་མཆོག་གི་གནས་གྱུར་པ། །དེ་ན་གནས་པའི་ལྷ་མོ་དེས། །ཤེས་རབ་ལྷ་མོ་བླ་ན་མེད། །རྡོར་གསུམ་མི་ཕྱེད་སྦྱོར་བ་ཡིས། །དེ་ཁོ་ན་ཉིད་པདྨར་ལྡན། །
ནང་གི་གནས་ཀྱི་རང་བཞིན་གྱིས། །མཆོག་ཏུ་དགའ་བ་བྱེད་པ་ལ། །དངོས་དང་དངོས་མེད་རང་བཞིན་གྱིས། །འབད་དེ་ཡང་དག་མཁྱེན་པར་གསོལ། །རྦ་རླབས་མེད་ཅིང་སྣང་བ་མེད། །རང་གི་ལུས་ལ་གནས་གྱུར་ཀྱང་། །འབར་བ་ཆེན་མོ་དེ་སྲིད་ཀྱི། །དུས་གསུམ་བདག་
གིས་མ་ཤེས་སོ། །མཆོག་ཏུ་དགའ་བའི་གཟུགས་ཅན་མ། །རང་བཞིན་མེད་པས་མཛེས་པ་སྟེ། །སྐྱེ་བ་མེད་པས་ཀུན་རྟོགས་པས། །ཐམས་ཅད་དུ་ནི་ཁྱབ་བྱེད་མ། །འདོད་པ་ཡོན་ཏན་བཟང་སྔར་ལྡན། །ལུས་དང་ལུས་ལ་ཀུན་དུ་གནས། །དམྱལ་བ་ལ་སོགས་ཐམས་
ཅད་ལ། །གསང་བའི་སྤྱོད་པས་རོལ་པ་སྟེ། །མདོག་དང་ཡན་ལག་རྣམ་པར་སྤངས། །གསང་ལས་ཤིན་ཏུ་གསང་གྱུར་འདི། །དཔལ་ལྡན་བདེ་ཆེན་ཞལ་སྔ་ཡི། །བཀའ་དྲིན་གྱིས་ནི་བདག་གིས་རྟོགས། །དྲི་མ་མེད་ཅིང་ཁྱབ་པ་མོ། །རང་རིག་མཚན་ཉིད་གཅིག་པུ་སྟེ། །སྐྱེ་
བ་མེད་ལ་རྟོགས་བྱའི་ཕྱིར། །ཇི་བཞིན་དུ་ནི་རྣམ་པར་གནས། །དངོས་དང་དངོས་མེད་མཆོག་འཛིན་པ། །ཟད་པར་བྱ་ཕྱིར་ཇི་བཞིན་གནས། །བླ་མའི་ཞལ་སྔའི་བཀའ་དྲིན་གྱིས། །དགེ་མ་ཇི་བཞིན་ཤེས་ནས་ནི། །ཡང་དག་གུས་དང་བཅས་པ་ཡིས། །ནུས་པ་ཇི་བཞིན་
བསྒོམ་པའང་བྱས། །དེ་ལྟར་ན་ཡང་ད་བར་དུ། །གཅིག་ཏུ་མི་འགྲོ་ཅི་ཡི་ཕྱིར། །ཡང་ན་བདག་ལ་སྐལ་མེད་དམ། །ཇི་སྟེ་བདག་གི་སེམས་རྒྱུད་ལ། །ཡང་དག་པ་ཡི་སྦྱོར་བ་ཡིས། །ཇི་སྐད་གསུངས་བཞིན་མི་གནས་སམ། །རང་གི་རང་བཞིན་གྱིས་དག་པ། །མངོན་
པར་བྱང་ཆུབ་བྱེད་པ་མོ། །ཕུང་ལྔ་རྡོ་རྗེ་གསུམ་སོགས་ལ། །ཇི་བཞིན་ཡང་དག་གནས་པ་ནི། །སློབ་དཔོན་དཔལ་ལྡན་ཞལ་སྔ་ནས། །སྙིང་རྗེར་ཞུགས་པའི་ཐུགས་ཀྱིས་ནི། །འབད་དེ་དེ་བཞིན་རྟོགས་བྱའི་ཕྱིར། །ཡང་དག་ཇི་བཞིན་བདག་ལ་གསུངས། །དཔལ་ལྡན་བདེ་ཆེན་

མགོན་པོ་ཡིས། །ཁྱོད་ཀྱིས་དངོས་ལ་བདག་བློ་བསྐྱེད། །བཀའ་ལུང་སྩལ་ཅིང་གནས་པས་ན། །དེ་ལ་འདིར་ནི་ཐེ་ཚོམ་མེད། །དེ་ཉིད་གསལ་བར་ཤེས་ནས་སུ། །ཉིན་དང་མཚན་དུ་བསྒོམ་བྱས་ཀྱང་། །གང་ཕྱིར་བདེན་པར་གསལ་བ་རུ། །མི་སྣང་བས་ཏེ་སྟོང་ངམ་ཅི། །ཡིད་
བཞིན་ནོར་བུ་མཁའ་མཚུངས་པས། །རྫོགས་སངས་རྒྱས་ཀྱིས་གསུངས་སོ་ལོ། །དེ་ལྟར་གསུངས་པའི་ཚིག་དེ་དག །བདེན་པ་དང་ནི་མི་བདེན་ཡིན། །མཁའ་མཚུངས་གང་ཡིན་བདེན་པ་སྟེ། །གང་ཞིག་ཤེས་ནས་བསྒོམ་གྱུར་ཀྱང་། །གང་དངོས་གསལ་བར་མི་སྟོན་པས། །
ཡིད་བཞིན་ནོར་མཚུངས་བརྫུན་པ་ཡིན། །བདག་གིས་ཁྱོད་ནི་དོན་དམ་གྱིས། །ཀུན་དུ་འཆར་བར་ཤེས་པ་སྟེ། །དེ་ལྟར་ན་ཡང་མི་དམིགས་པས། །སྒྱུ་མ་ཚོགས་ཀྱི་གཟུགས་འཛིན་ཡིན། །རྫོགས་སངས་རྒྱས་ཀྱིས་དོན་དམ་དུ། །ངེས་པར་སྐྱོན་དང་ཡོན་ཏན་དག །གྲོགས་འདུས་
པ་ལས་ཇི་བཞིན་འགྱུར། །གསུངས་པའི་ངག་དེ་བདེན་པ་སྟེ། །ཤེས་རབ་བདེན་པར་སྨྲ་བ་ཁྱོད། །གང་གིས་རྟོགས་པའི་རང་བཞིན་ཡང་། །བདག་མེད་བཞི་ཡང་འདུས་པ་ཡིས། །དེ་དང་མཚུངས་པར་དེ་གནས་སོ། །བཟང་མོ་དྲི་མ་མེད་འབར་མ། །འོན་ཀྱང་གང་གིས་བདག་
ཤེས་ནས། །ཡུན་རིང་དུས་སུ་རྣམ་དཔྱད་ཀྱང་། །མ་དམིགས་པ་དེ་གང་དུ་ཡིབ། །མཆོག་ཏུ་དགའ་བར་བྱེད་པའི་གཟུགས། །མངོན་པར་བྱང་ཆུབ་བྱེད་བའོ། །ཡེ་ཤེས་སྒྲོན་མའི་སྣང་བ་ནི། །ཕྱོགས་བཅུར་གསལ་བར་བཏེག་ནས་སུ། །དྲི་དང་ཕྲེང་སོགས་ན་བཟའ་དང་། །
བཟའ་བཅའ་སྟོན་མོ་དེ་བཞིན་གཞན། །གཉིས་སུ་མེད་པའི་སྦྱོར་བ་ཡིས། །རྒྱུན་མི་འཆད་པར་རྟག་ཏུ་ནི། །བདག་གི་ཤེས་རབ་བསྟེན་གྱུར་ཀྱང་། །སྐད་ཅིག་ཀྱང་ནི་འགྱུར་བ་མེད། །མངོན་རྟོགས་དྲི་མེད་འཇུག་པའོ། །དེ་བཞིན་ཉིད་ཤེས་དག་པ་ཡི། །ཁྱོད་ཀྱི་དམ་ཚིག་སྤྱོད་པས་
ནི། །བྱང་ཆུབ་ལམ་ནི་སྟོན་པ་པོ། །རྒྱུད་ལས་ཇི་སྐད་འབྱུང་བ་བཞིན། །རྒྱུན་དུ་བར་ཆད་མེད་པར་ནི། །འདོད་ཡོན་ལྔ་པོ་བསྟེན་པ་ཡིས། །བདག་གི་བྱིས་པ་ནས་བཟུང་སྟེ། །ཤིན་ཏུ་བདག་ཉིད་རིག་པ་ཡིས། །བསྟེན་པ་དང་ནི་བསྒོམས་གྱུར་པས། །དགེ་བ་ཡི་ནི་ས་གཞི་ཁྱོད། །

བདག་ལ་ཅི་ཕྱིར་ཡིད་མི་རྟོན། །སེམས་གཉིས་ལྡན་པའི་བུད་མེད་ལ། །སུ་ཞིག་ལ་ནི་རྟོན་བྱེད་ཅེས། །ཡང་དག་མགོན་པོས་གསུངས་པ་གང་། །དེ་ནི་བདེན་པར་ཉེ་བར་གནས། །སྒྱུ་མ་དག་ནི་ཐམས་ཅད་ལ། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །རྣམ་པ་དུ་
མས་ཕན་བཏགས་པས། །གང་གིས་རྣམ་ཀུན་བསྟེན་བྱས་ཤིང་། །ཁམས་གསུམ་མ་ལུས་པར་བལྟས་ཀྱང་། །མི་སྣང་གཅིག་པུ་ག་ན་གནས། །ཁྱོད་ཀྱིས་གནད་ནི་དྲན་མེད་པར། །བྱིས་པ་གང་གིས་ཁྱོད་བསྒོམས་ན། །དེ་རྣམས་དོན་མེད་ཕུང་འགྱུར་ཞིང་། །བྱང་ཆུབ་རྒྱུར་ཁྱོད་
གནས་པ་མིན། །གནད་ནི་ལེགས་པར་ཤེས་ལྡན་པ། །གང་གིས་ཁྱོད་ནི་བསྒོམས་གྱུར་ན། །བྱང་ཆུབ་སྙིང་པོའི་བར་དུ་ཡང་། །དེ་རྣམས་སངས་རྒྱས་བྱ་ཕྱིར་གནས། །བཟང་མོ་ཁྱོད་དངོས་ཤེས་གྱུར་ནས། །གང་གིས་མ་བསྒོམས་དེ་ལ་ཡང་། །གྲོགས་མོས་ལག་པ་བསྡམས་
ཏེ་སོང་། །རིགས་ངན་དང་ནི་མཐོ་བའང་རུང་། གནད་ཤེས་ནས་ནི་མཛར་གྱུར་ནས། །བཟང་མོ་ནང་དུའང་སྣང་བྱེད་ཅིང་། །ལན་འགའ་འང་མཛའ་བའི་ངོ་མེད་ཅིང་། །མ་རབས་རྣམས་ཀྱི་རང་བཞིན་ནི། །མཚང་བརྟོལ་ན་ནི་ངེས་པ་རུ། །སྐྱེ་བོ་དེ་ཡི་གདོང་གི་ནི། །པདྨ་ལྟ་ཞིང་དབང་
དུ་འགྱུར། །ཆོ་འབྲང་ཅན་གྱི་སྐྱེ་བོ་ཡང་། །འཇུག་པ་ལམ་ནི་འདི་ཉིད་དེ། །ཚིག་ཙམ་ཆད་པ་བྱས་ན་ཡང་། །འཆི་བ་ན་ཡང་འགྱུར་བ་མེད། །གཉི་ག་དག་པའི་རིགས་ལས་བྱུང་། །ཆོ་འབྲང་ཅན་དུ་སྐྱེས་པ་ཡིན། །བྱ་བ་དང་ནི་བྱ་མིན་དང་། །སྣོད་དང་སྣོད་མིན་འདིར་ཁྱད་མེད། །
ཁྱེད་ལ་བདག་གིས་རྣམ་ཀུན་དུ། །མཆོད་བྱས་ལན་འགའང་མི་ལྟ་བས། །ཤེས་རབ་ཁྱོད་ཀྱི་རིགས་སྤྱོད་ཡུལ། །ད་ལྟར་བདག་གིས་ཁོང་དུ་ཆུད། །བུད་མེད་རྣམས་ཀྱི་རང་བཞིན་ནི། །ཤིན་ཏུ་འཕྱར་ལ་གཡོ་བ་ཡིན། །མཆུ་རྐན་ལ་སོགས་སྐམ་པ་སྟེ། །མཚང་འདྲུ་མང་
བོས་ཅི་ཞིག་བྱ། །ཁྱོད་ནི་ཉིན་དང་མཚན་དག་དང་། །སྐད་ཅིག་གཅིག་ཀྱང་མ་ཡེངས་པར། །སྒོམ་ན་སྐད་ཅིག་ཉིད་ཀྱིས་ནི། །བླ་ན་མེད་པའི་གནས་ཐོབ་བྱེད། །གང་གིས་ཉེ་བར་བསྒོམས་པ་ཡིས། །སངས་རྒྱས་གོ་འཕང་རྒྱུ་ཡིན་པའི། །ཁྱོད་ཀྱི་སྤྱོད་པ་འདི་ལྟ་བུ། །ཇི་སྐད་

གསུངས་བཞིན་སྔར་མ་ཤེས། །མང་པོ་སྨྲ་བ་ཅི་ཞིག་དགོས། །ཡིད་བརྟན་རུང་བ་འགའ་ཡང་མེད། །འགྱོད་དང་གཉིད་དང་རྨུགས་པ་ཡིས། །རྨོངས་པས་ཁྱོད་ནི་མི་ཤེས་ན། །ཁྱོད་ཀྱི་རང་གི་རང་བཞིན་གང་། །གསལ་བ་རུ་ནི་དེ་སྨྲོས་ཤིག །རྡོར་གསུམ་ས་བོན་ལས་བྱུང་
བས། །གསུམ་གྱིས་བསྐྱེད་པར་ཐེ་ཚོམ་མེད། །འདོད་ཆགས་ཞེ་སྡང་སོགས་དྲི་མས། །སེམས་ཅན་ཐམས་ཅད་རྨོངས་པས་ན། །བྱེ་བ་དུ་མའི་ནང་ནས་ཀྱང་། །གང་གིས་ཁྱོད་ཤེས་སུ་ཡང་མེད། །མང་དུ་སྨྲ་བ་ཅི་ཞིག་དགོས། །སྨད་འཚོང་གཡོན་ཅན་གྱིས་བསྐོར་
བཞིན། །དོན་དམ་དུ་ནི་གྲུབ་མེད་པས། །སྒྱུ་མ་མཆོག་གི་གཟུགས་འཛིན་མ། །བསྐལ་པ་བྱེ་བ་གྲངས་མེད་པར། །རྨོངས་པ་ཁྱོད་ནི་མ་ཤེས་ཏེ། །བཟའ་དང་བཏུང་སོགས་ཆགས་པ་ཡིས། །སྲིད་པའི་བཙོན་རར་ལྷུང་བར་འགྱུར། །དེ་ལ་ཤིན་ཏུ་ཆགས་པ་ཡིས། །འབྱོར་
སྟེར་ཁྱོད་ནི་བརྗེད་པར་འགྱུར། །ཕྱག་རྒྱའི་ཆགས་ལ་འཇུག་པ་ཡིས། །རྒྱལ་འགྱུར་རྡོ་རྗེ་ཅན་མཆོག་མ། །བླ་མའི་ཞབས་ཀྱི་བཀའ་དྲིན་ལས། །བཟང་མོ་ཁྱོད་ཀྱི་རང་བཞིན་ནི། །ཇི་ལྟར་ཡང་དག་གནས་པ་བཞིན། །ཐམས་ཅད་བདག་གིས་ཤེས་པར་འགྱུར། །ཁྱོད་ཀྱི་རང་
བཞིན་མ་ལུས་པ། །ཐམས་ཅད་བདག་གིས་ཤེས་པས་ན། །རྨི་ལམ་ན་ཡང་སླུ་མི་ནུས། །དེ་བས་བདག་ལ་བློ་གཏོད་ཅིག །ཁྱོད་ཀྱི་ལམ་ནི་གཅིག་པུ་ཉིད། །མཁས་པས་ཆོ་ག་བཞིན་སྦྱངས་ཏེ། །གང་བཞུགས་སངས་རྒྱས་ཉིད་ཕྲད་པར། །རྒྱལ་བ་རྣམས་ཀྱིས་ཡང་དག་
བསྟན། །ཟབ་མོ་དེ་ཡང་བདག་གིས་ནི། །ཇི་སྲིད་སྦྱང་བ་མ་བྱས་པ། །དེ་སྲིད་ཁྱོད་ཀྱི་ལུས་རེག་ལས། །བྱུང་བའི་བདེ་བ་རྙེད་མ་ཡིན། །གཏི་མུག་འོབས་ཀྱིས་འཁྲིགས་པ་དང་། །ཞེ་སྡང་གིས་ནི་སྡོང་དུམ་ལྡང་། །འདོད་ཆགས་ཚེར་མ་ཉམ་ང་བས། །བྱང་ཆུབ་ལམ་ནི་བགོད་
པར་དཀའ། །ཕུང་པོའི་ཤིང་ནི་ཐོག་མཐའ་མེད། །འདོད་ཡོན་ཡལ་ག་གྱེན་འགྲེངས་པས། །ནམ་མཁའི་མཐོང་ནི་གཡོགས་པས་ན། །ལམ་དེ་དམ་པོར་བཀག་སྟེ་གནས། །ཕུང་པོ་ཉོན་མོངས་དེ་བཞིན་དུ། །འཆི་བདག་ལྷ་བདུད་ཆོམ་པོ་པ། །སྡང་བ་མང་པོས་བསྐོར་

ནས་སུ། །རྣམ་རྟོག་ཆེན་པོ་ལས་བྱུང་བའི། །སྲིད་པའི་རྩྭ་དང་ལྕུག་མ་དང་། །རྡོ་རྒྱལ་ལ་སོགས་ལྡན་པའི་ནགས། །ཤིན་ཏུ་རྒྱ་ཆེན་རྒལ་དཀའ་བར། །ཕུང་པོའི་ཤིར་རྟ་བརྟེན་ནས་སུ། །གཏི་མུག་འོབས་ནི་རྒལ་དཀར་གནས། །ཀུན་རྟོག་རྩྭ་དང་ལྡུམ་
སོགས་པའི། །སྐྱིབས་སུ་འབད་དེ་ཡིབ་པར་བྱེད། །ལྷ་བདུད་ལ་སོགས་ཆོམ་པོ་པ། །དེ་ལྟ་བུ་ཡི་ཕྱོགས་ན་གནས། །ཡང་དག་ལམ་ཞུགས་འགྲོན་པོ་དག །སེམས་ཀྱི་ནོར་བུ་འཕྲོག་པ་ཡིས། །རབ་ཏུ་སྡང་བས་འཇོམས་པར་བྱེད། །དཀོན་མཆོག་གསུམ་གྱི་མཛོད་པོ་ཆེ། །
ཡོན་ཏན་ནོར་གྱིས་ཡོངས་བཀང་བ། །བྱང་ཆུབ་ལམ་ལ་གནས་པ་ཡི། །མེལ་ཚེ་པ་ཡིས་དེ་མཐོང་ནས། །ཡེ་ཤེས་རྡོ་རྗེ་སྟ་རེ་ནི། །སོ་ནི་རྣོན་པོར་བདར་བ་ཡིས། །བྱང་ཆུབ་ཀྱི་ནི་ལམ་འགོག་པའི། །ཕུང་པོ་ཤིང་ནི་ཀུན་བཅད་ནས། །ཆོ་ག་བཞིན་དུ་གཏུབས་ནས་སུ། །ཡིད་ཀྱི་
ཤིང་དེ་ལས་བྱུང་བའི། །ཉོན་མོངས་ལྡུམ་དུམ་ཚེར་མར་བཅས། །བདག་མེད་མེ་ལ་བསྲེག་པར་བྱ། །ང་རྒྱལ་རྡོ་ཡི་ཚོགས་དེ་ནི། །ཤེས་རབ་རྡོ་རྗེས་ཕྱེ་མར་བྱ། །གཏི་མུག་འོབས་ནི་འཁྲིགས་པ་དག །བྱང་སེམས་རྒྱུན་མི་འཆད་པས་དག །ཡང་དག་ལམ་ཞུགས་འགྲོན་པོ་ལ། །
འཚེ་བྱེད་འདུལ་བར་དཀའ་བ་ཡི། །འཆི་བདག་བདུང་སོགས་ཆོམ་པོ་པ། །བཅོམ་པས་དེ་དང་དེས་འབྲོས་འགྱུར། །བྱང་ཆུབ་ལམ་ནི་ཡངས་པ་ན། །བྱང་ཆུབ་འགེགས་བྱའི་ཕྱིར་གནས་པ། །ཕྱོགས་བཅུར་གནས་པའི་སྡང་བ་རྣམས། །ཐབས་ཀྱི་ལུས་ནི་དྲི་མེད་པས། །ཤེས་
རབ་རལ་གྲི་རྣོན་པོ་ཡིས། །འབད་པས་དེ་དག་བཅོམ་ནས་སུ། །ལམ་བཟང་དེ་རུ་ཞུགས་ནས་ནི། །ཐམས་ཅད་དེར་ནི་ཅི་དགར་འགྲོ། །བྱང་ཆུབ་ལམ་ནི་སྦྱངས་པ་ཡིས། །ཀུན་དུ་ཤིན་ཏུ་དྲི་མེད་པས། །རྨད་བྱུང་བསམ་གྱིས་མི་ཁྱབ་པའི། །གྲོགས་མོ་ཁྱོད་ནི་སྦྱངས་པས་ན། །རང་
བཞིན་དྲི་མེད་དག་ཅིང་ཞི། །རང་རིག་བདག་མེད་མཉམ་པ་ཉིད། །འདོད་པའི་དོན་གྱི་འབྲས་སྟེར་བ། །གོ་འཕང་བླ་མེད་ཐོབ་པར་འགྱུར། །ཁྱོད་ཀྱི་རང་བཞིན་རོ་མྱང་ན། །འདི་ནི་འདི་འདྲ་ཞེས་བྱ་བ། །སངས་རྒྱས་ཀྱིས་ཀྱང་བརྗོད་མི་ནུས། །རང་རིག་སྐྱེ་བ་མེད་པ་ཉིད། །སངས་རྒྱས་

ཀུན་གྱིས་ཕྱག་བྱས་པ། །དབང་པོ་ལས་འདས་གང་ཡིན་འཐོབ། །མཆོག་ཏུ་དགའ་བ་ལས་བྱུང་དག །ཤིན་ཏུ་རྙེད་དཀའ་གོ་འཕང་ནི། །བསམ་གྱིས་མི་ཁྱབ་བླ་ན་མེད། །མྱ་ངན་འདས་གནས་ཞེས་བྱ་བ། །མངོན་པར་བྱང་ཆུབ་བྱེད་པའོ། །བླ་མའི་ཞལ་སྔའི་བཀའ་དྲིན་ནི། །ཉིན་དང་མཚན་
དུ་བསྒོམ་པ་ཡི། །ཆོས་གཅིག་གིས་ནི་ཐོབ་པར་འགྱུར། །ཤིན་ཏུ་གུས་པས་བསྒོམ་པ་ལས། །གཞན་དུ་དེ་ནི་ཐོབ་པ་མིན། །དེ་ནི་རང་བཞིན་དག་པ་སྟེ། །དུས་ཀུན་དུ་ནི་འདུས་མ་བྱས། །རྟག་དང་ཆད་པ་རྣམ་པར་སྤངས། །ཐབས་དང་ཤེས་རབ་དྲི་མ་མེད། །སྐྱེ་བ་མེད་པར་རྟོགས་པ་ཡིས། །
སེམས་ཅན་ཀུན་ལ་ཡང་དག་གནས། །སངས་རྒྱས་བྱང་ཆུབ་བསམ་མི་ཁྱབ། །བླ་ན་མེད་པར་དེར་ཤེས་བྱ། །སངས་རྒྱས་ཀུན་གྱི་གནས་དེ་ནི། །སངས་རྒྱས་ཉིད་ནི་ཐོབ་བྱེད་པའོ། །དེ་ལྟར་སེམས་དང་སེམས་བྱུང་གི །དོན་གྱི་རང་བཞིན་རྟོགས་ནས་ནི། །རྡོ་རྗེ་དྲི་མེད་གསུམ་སྦྱོར་བ། །ཇི་སྟེ་
ཤེས་ནས་རྣམ་བསྒོམས་ན། །ཡེ་ཤེས་རྡོ་རྗེ་རབ་སྦྱོར་གྱིས། །དེས་ནི་གྲོགས་མོ་འགྲུབ་པར་འགྱུར། །དངོས་དང་དངོས་མེད་ལས་འདས་པས། །ནམ་མཁའ་ལྟ་བུར་ཁྱབ་པ་སྟེ། །དྲི་མེད་ཞི་བ་ཐབས་བཅས་པར། །བརྟེན་པར་བྱ་ཞེས་འདྲེན་པས་བརྗོད། །ཐབས་དང་བྲལ་ན་ཁྱོད་ཀྱི་མིན། །
ཐབས་ཀྱང་ཁྱོད་དང་བྲལ་ན་མིན། །དེ་གཉིས་ཕན་ཚུན་བྲལ་བ་ཡིས། །འགྲུབ་པ་ནམ་ཡང་ཡོད་མ་ཡིན། །ཐབས་དང་ཡང་དག་ལྡན་པ་རུ། །མཛའ་མོ་ཁྱོད་ནི་ཇི་བཞིན་འགྱུར། །བདག་གིས་ཀུན་དུ་ཤེས་ཟིན་ན། །དེ་ལས་གཞན་པ་ཅི་སྨྲར་ཡོད། །བླ་མའི་ཞལ་སྔའི་བཀའ་དྲིན་ནི། །
བདག་གི་བྱང་ཆུབ་སྙིང་པོའི་བར། །སངས་རྒྱས་ཉིད་དུ་བརྟན་བགྱིད་ན། །དེ་བས་བདག་ལ་དྲིན་གྱིས་གཡོགས། །དཔལ་ལྡན་བདེ་ཆེན་ཞལ་སྔ་ནས། །བདག་ནི་སངས་རྒྱས་ཉིད་བྱའི་རྒྱུ། །ཐབས་དང་ཡང་དག་ལྡན་པ་ཡི། །བློ་གྲོས་ཆེན་མོ་ཁྱོད་ལ་ནི། །པདྨ་རྡོ་རྗེ་ངེས་པར་ནི། །
སངས་རྒྱས་ཀྱིས་ཞེས་ཇི་སྐད་དུ། །སྤྲིང་བ་དེ་བཞིན་གྲོགས་མོ་མཆོག །ཐབས་དང་བཅས་པར་བྱ་དགོས་པར། །དཔལ་ལྡན་བདེ་ཆེན་རྡོ་རྗེ་ཅན། །དེ་སྐད་ཕྲིན་བརྫོངས་དེ་བཞིན་དུ། །བདག་ནི་སངས་རྒྱས་རྒྱུ་ཉིད་དུ། །ཁྱོད་ཀྱིས་དེ་ལྟར་མྱུར་དུ་གྱིས། །བདག་ལ་ཇི་བཞིན་

གསལ་པོ་རུ། །ཕྲིན་ལས་སྐད་ཅིག་མྱུར་དུ་བསྐུར། །ཁྱོད་ཀྱིས་སྤངས་པའམ་བརྗེད་ངས་པ། །བདག་གིས་ཚེ་འདིར་གནས་མི་བྱ། །བྱིང་དང་རྒོད་པ་སྤངས་ནས་སུ། །དུས་ཀུན་ཉིན་དང་མཚན་དུ་ནི། །རྒྱུན་དུ་བར་ཆད་མེད་པ་རུ། །སྐད་ཅིག་སྐད་ཅིག་ཁྱོད་དྲན་པས། །
དངོས་གྲུབ་དོན་ཀུན་བདག་ལ་སྦྱིན། །གལ་ཏེ་དེ་ལྟར་མ་གྱུར་ན། །དེ་ཚེ་བདག་ནི་སྨ་ཕབ་པས། །ཇི་ལྟར་བྱེད་པ་ལྟོས་ཤིག་དང་། །ཇི་བཞིན་རྒྱུད་ཀྱི་དེ་ཉིད་ཀྱི། །ཐེག་པ་ཡིས་ནི་བཅིངས་ནས་སུ། །ཡང་དག་པ་ཡི་ཁྱིམ་དུ་ནི། །དགེ་མས་ཀུན་ནས་བཅུག་ནས་ནི། །སྐྱེ་བ་མེད་པར་
རྟོགས་པ་ཡི། །སེམས་དང་སེམས་བྱུང་རང་བཞིན་གྱིས། །འབད་དེ་སྲུང་བ་བྱས་ནས་སུ། །དེ་ཉིད་སངས་རྒྱས་ས་མཆོག་ཏུ། །ཐབས་ཀྱི་ལྕགས་སྒྲོག་གིས་བཅིངས་ཏེ། །ཡེ་ཤེས་རྡོ་རྗེའི་གཟེར་བཏབ་ལ། །བདག་མེད་རྫོང་དུ་བཞག་ནས་ནི། །དེ་ནས་བདག་གིས་བསྒྲུབ་པར་བྱ། །
དེ་ལྟར་ཁྱོད་ལ་སྤྲིང་བྱ་བ། །ཇི་ལྟར་གྱུར་པ་བདག་གིས་སྤྲིངས། །འཛོམ་དང་ངོ་དགའ་སྤངས་ནས་སུ། །བཟང་མོ་ལ་ནི་ཀུན་བཟླས་ཀྱིས། །གལ་ཏེ་བྱམས་པར་མི་བྱེད་ན། །དེ་ཚེ་ཅི་ཞིག་སྨྲ་རུ་ཡོད། །འོན་ཏེ་མིན་ན་ཐན་འདི་དག །རྡོ་རྗེ་འཛིན་མའི་སྙིང་ལ་ཞོག །ཁྱོད་ཀྱི་ལམ་
དང་སྦྱང་བ་ཡི། །བྱེ་བྲག་དག་ཀྱང་ངས་ཤེས་ལ། །རིགས་དང་གཟུགས་ཀྱི་རང་བཞིན་དང་། །བདག་གིས་ཁྱོད་ཀྱི་ཀུན་འབྱུང་དང་། །དོན་དམ་གནས་ཀྱང་ཤེས་པས་ན། །དེ་བས་བདག་ལ་བློ་གཏོད་ཅིག །བླ་མའི་ཞལ་སྔའི་བཀའ་དྲིན་གྱིས། །ཐབས་ཀྱི་མཆོག་དང་བཅས་པ་རུ། །
ཤེས་བྱ་ཐག་པ་རབ་སྲ་བས། །དེ་དང་དེ་རུ་རྒྱུག་བྱེད་པ། །བདག་གིས་བཟུང་སྟེ་བཅིངས་ཟིན་པས། །ད་ནི་འབྲོས་ས་ག་ལ་ཡོད། །དེ་བས་ལྷ་མོ་བདག་དགའ་བས། །དབང་གྱུར་དམ་ཚིག་ལ་མནོས་ལ། །དཔལ་ལྡན་བདེ་ཆེན་ཞལ་སྔའི་བཀའ། །ཡོན་ཏན་རྒྱ་མཚོས་བསྐྱང་བར་གྱིས། །
ཁྱོད་ཀྱི་རང་བཞིན་གཟུང་མེད་ཅིང་། །རྨད་བྱུང་ཇི་བཞིན་རིག་ནས་ནི། །དཔལ་ལྡན་བདེ་ཆེན་སྤྱོད་པ་ནི། །བཀའ་ཡིས་དེ་བཞིན་འཇུག་པར་བྱ། །རྡོ་རྗེ་གསང་བའི་ཚིག་ལྡན་པ། །ཤེས་རབ་ཕྲིན་ཡིག་མཉམ་མེད་པ། །དཔལ་ལྡན་བདེ་ཆེན་ཞལ་སྔ་ཡི། །བཀའ་དྲིན་གྱིས་ནི་བདག་

གིས་བྱས། །ཤེས་རབ་རི་བོ་སྲུབ་ཤིང་གིས། །ཤེས་བྱའི་འོ་མཚོ་བསྲུབས་ལས་བྱུང་། །ཡེ་ཤེས་བདུད་རྩི་རང་བྱུང་བ། །མངོན་སུམ་སངས་རྒྱས་བྱེད་པ་པོ། །ཤེས་རབ་ཕྲིན་ཡིག་ལ་འབད་དེ། །སྐྱེས་བུ་གང་གིས་དེ་རིག་ནས། །འབད་དེ་རྣམ་པར་བསྒོམས་པས་ན། །དེ་ནི་རྡོ་རྗེ་འཛིན་
དངོས་འགྱུར། །ཤེས་རབ་ཀྱི་ཕྲིན་ཡིག་སློབ་དཔོན་ཆེན་པོ་པདྨ་རྡོ་རྗེས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཤཱནྟ་བྷ་དྲ་དང་། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷ་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅།།རྣལ་འབྱོར་པའི་རྟོག་པའི་གེགས་སེལ་བ་ཞེས་བྱ་
བ། རྗེ་བཙུན་བླ་མ་རྣམས་དང་། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཅི་ཕྱིར་ཞེན་གང་གིས་གང་ལ་གང་ལྟར་བསྒོམ། །རྟགས་དང་ཡོན་ཏན་བར་ཆད་གེགས་སྐྱོན་བསལ། །དེ་དག་ཤེས་ན་གོམས་པས་བྱང་ཆུབ་འཐོབ། །མ་ཐོས་མི་ཤེས་མི་གྲུབ་ཡང་ན་འགྱངས། །དང་པོ་ཅི་
ཕྱིར་བསྒོམ་པ་གཟུང་འཛིན་གཉིས། །མ་སྤངས་ཇི་བཞིན་མ་བསྒོམས་རྣལ་འབྱོར་པས། །ཕྱག་འཚལ་མཆོད་བཤགས་སྦྱིན་པ་མང་བྱས་ཀྱང་། །བསོད་ནམས་འཕེལ་ཡང་ཡེ་ཤེས་རྫོགས་མི་འགྱུར། །གཉིས་པ་གང་གིས་རྣལ་འབྱོར་དང་ལྡན་པ། །ཐོས་མང་བརྩོན་ཞིང་དམ་ཚིག་སྡོམ་
གནས་ཤིང་། །མཆོད་དང་སྦྱིན་མོས་བྱང་ཆུབ་སེམས་ལྡན་པ། །དེ་ནི་ཐེག་ཆེན་གསང་བའི་སྣོད་ཡིན་བསྒོམ། །གསུམ་པ་གང་ལ་ཞེ་ན་རང་གི་སེམས། །ཇི་བཞིན་མ་བཅོས་ཡེ་ནས་རྣམ་དག་ཅིང་། །སྤྲོས་བྲལ་ཡོད་མེད་རྟག་ཆད་མཐའ་སྤངས་པ། །དེ་ལ་གཡེང་བ་མེད་པར་རྟག་ཏུ་གནས། །
བཞི་པ་གང་ལྟར་བསྒོམ་པ་བསྒོམ་བྱ་དང་། །བསྒོམ་པ་གཉིས་མེད་རང་གི་ངོ་བོ་ལ། །ཅི་ཡང་མེད་ལ་ཅིར་ཡང་སྣང་གསལ་བར། །བྱིང་རྨུགས་སྤྲོས་པའི་རྟོག་པ་མེད་པར་བསྒོམ། །ལྔ་པ་དེ་རྟགས་རྣལ་འབྱོར་བརྩོན་ལྡན་ལ། །དང་པོ་གཉིད་དང་འདོད་སྲེད་ཆུང་བར་འགྱུར། །དེ་ནས་
རིམ་གྱིས་རྨི་ལམ་འདོད་ལ་སོགས། །རྟོག་པ་ཇི་བཞིན་ཆོ་འཕྲུལ་གཟུགས་ཀྱང་སྟོན། །དྲུག་པ་དེ་ཡི་ཡོན་ཏན་བསམ་བརྗོད་པ། །མངོན་སུམ་ཚེ་རིང་ནད་རྣམས་གསོ་བ་དང་། །བགེགས་སེལ་ལ་སོགས་ཡོན་ཏན་མང་པོ་འབྱུང་། །དེ་བཞིན་རིམ་གྱིས་བྱང་ཆུབ་ལམ་ལ་འཇུག །བདུན་པ་

བར་ཆད་བགེགས་ནི་རྣལ་འབྱོར་པ། །གནས་སྤང་གནས་འཚོལ་གཞན་དུ་འགྲོ་འདོད་ན། །གནོད་སྦྱིན་གཞན་དང་གཞན་དུ་འགྲོ་འདོད་དེ། །རྣལ་འབྱོར་སེམས་ལ་ཞུགས་ནས་གནས་གཞན་འཕེན། །གལ་ཏེ་རྣལ་འབྱོར་བསྒོམ་ཞིང་གནས་བཟུང་བས། །སྨྲ་བཅད་བར་སྐབས་ནང་དུ་གཞན་འཇུག་དང་། །
ཕྱིར་བྱུང་ཁེངས་གྲགས་འདོད་བརྐམ་ཟས་ནོར་ཚོལ། །ཡི་དགས་འདོད་སྲེད་ཅན་གདོན་དེ་སེམས་ཞུགས། །གལ་ཏེ་རྣལ་འབྱོར་སེམས་འཁྲུགས་འཐབ་འདོད་ཅིང་། །འཁོར་ལ་གཤེ་དང་གཞན་ལ་སྤྱོ་བྱེད་ན། །འབྱུང་པོའི་བདག་པོ་ཡ་བ་ཤོ་ན་པ། །སྒྲུབ་པ་དེ་ཡི་སྙིང་ལ་ཞུགས་
པ་ཡིན། །གལ་ཏེ་རྣལ་འབྱོར་འཕྲེས་ཤིང་ཉལ་ལ་དགའ། །ཟས་སྐོམ་སྲེད་ཅིང་བཟླས་ལ་མི་བརྩོན་ན། །ལྟོ་འཕྱེ་ཉལ་བརྩོན་སྙོམ་བྱེད་ཅེས་བྱ་བ། །རྣལ་འབྱོར་སེམས་ལ་ཞུགས་ནས་གནས་པར་བྱེད། །གལ་ཏེ་རྣལ་འབྱོར་རང་གི་ལོངས་སྤྱོད་རྐྱེན། །ཡོ་བྱད་སྲུང་ཞིང་
སོ་འཛུགས་སྲུང་མ་བསྐོ། །གསོག་ཕྱིར་འདོད་ཚོལ་གཞན་དུ་གཏོང་འདོད་ན། །གནོད་སྦྱིན་ནོར་བསྲུང་ཞེས་བྱ་སེམས་ལ་ཞུགས། །གལ་ཏེ་རྣལ་འབྱོར་ཕ་མ་སྤུན་ཚོགས་ལ། །ཆགས་ནས་སྨོན་ལམ་རིམ་གྲོས་སྲུང་བྱེད་ན། །ལྷན་ཅིག་སྐྱེས་པའི་བག་ཆགས་མ་བྱང་བས། །ཉོན་
མོངས་མ་སྤངས་བྱང་ཆུབ་རིང་བར་འགྱུར། །གལ་ཏེ་རྣལ་འབྱོར་གཟའ་སྐར་འཇུག་ཕོད་དང་། །དུས་དང་ལོ་ཟླ་བཟང་ངན་རྩི་བྱེད་ན། །དབྱེར་མེད་མཉམ་པ་ཉིད་དང་འགལ་བས་ན། །བྱང་ཆུབ་ཐོབ་པར་རབ་ཏུ་དཀའ་བར་འགྱུར། །གལ་ཏེ་རྣལ་འབྱོར་ཐོས་མང་རྟོགས་ཆེ་ཞིང་། །བསྒོམ་
བརྩོན་བསྙེམས་པས་བདག་བསྟོད་གཞན་སྨོད་ན། །ཉོན་མོངས་