Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 53

Văn bản gốc(Tây Tạng)

Trang 4 / 18 (50.000 ký tự/trang)
ན་ཉིད་ཀྱི་ལྟ་བ་ཞེས་བྱ་བ། དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །དེ་བཞིན་ཉིད་ཀྱི་ཤིང་དྲུང་ལ། །རྩ་བ་ཡལ་ག་དམིགས་པ་མེད། །མེ་ཏོག་འབྲས་བུ་རྟག་ཏུ་
འབྱིན། །ཀྱེ་མ་ཤིང་འདི་ངོ་མཚར་ལྟོས། །ས་བོན་མྱུ་གུ་མེད་པ་ཡི། །འབྲས་བུ་དཔག་ཏུ་མེད་པ་འབྱུང་། །དེ་ཡི་རང་བཞིན་ཇི་ལྟ་བུ། །ནམ་མཁའ་ཆད་པར་བཅུག་ནས་ནི། །ཁུ་ཚུར་དག་གིས་གཅོག་པ་བཞིན། །ཤིང་དེ་གཅོག་པ་དེ་དང་འདྲ། །རྩ་བ་དག་ཀྱང་ཡོད་འགྱུར་ལ། །ཡལ་ག་
དག་ཀྱང་ཡོད་པ་ཡི། །ཤིང་གིས་ནམ་མཁའ་ཁྱབ་པར་སྣང་། །ཀྱེ་མ་ལྟོས་དང་ཤིང་འདི་ལ། །ནམ་མཁའ་ཁྱབ་པ་ངོ་མཚར་ཆེ། །ཀྱེ་མ་ཤིང་འདི་ངོ་མཚར་ལྟོས། །ས་བོན་མྱུ་གུ་མེད་པ་ཡི། །འབྲས་བུ་དཔག་ཏུ་མེད་པ་འབྱུང་། །དེ་བཞིན་ཉིད་ཀྱི་ཤིང་འདི་ཡི། །མཚན་ཉིད་ཁྱོད་ཀྱིས་
རྟོགས་པ་མེད། །བདག་གིས་བསྟན་པར་རྟོགས་པར་འགྱུར། །དྷ་རི་པ་ནི་སྨྲ་བར་བྱེད། །འདི་ལ་ལེ་ལོ་བྱས་པ་ཡིས། །མཐའ་རུ་ཕྱིན་པར་མ་གྱུར་པས། །བར་དུ་ཕུང་བར་མ་བྱེད་ཅིག །ཀྱེ་མ་ཤིང་འདི་ངོ་མཚར་ལྟོས། །ས་བོན་མྱུ་གུ་མེད་པ་ཡི། །འབྲས་བུ་དཔག་ཏུ་མེད་པ་འབྱུང་། །

དེ་བཞིན་ཉིད་ཀྱི་ལྟ་བ་ཞེས་བྱ་བ་སློབ་དཔོན་དཱ་རི་ཀ་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་པྲ་གཱི་ཏི། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་བརྡའི་བརྒྱུད་པ། བླ་མ་ཡི་དམ་མཁའ་འགྲོ་དང་། །སྐྱབས་གནས་རྣམས་ལ་ཕྱག་འཚལ་ལོ། །གྱད་ཀྱི་ལུས་ལ་དངུལ་གྱི་ཡ་ལད་གྱོན་
པ་ཀུན་གྱིས་ལྟ་བར་མཛེས། །ཏ་ལའི་མགོ་བཅད་རྩ་བ་དེ་ལས་མྱུ་གུ་སྐྱེ་མི་འགྱུར། །རོ་ནི་ས་ཡི་འོག་ནས་ཀང་ཀའི་སྐད་ཀྱིས་འབྱིན་པར་ནུས། །གངྒཱ་སྒྲོལ་བའི་རྐྱལ་པ་འདི་ལ་ཅེས་སྤྲས་བྱ་བར་རིགས། །སྐྱེས་བུ་སེང་གེའི་གསོབ་མཐོང་བ་ནི་སྐལ་བར་ལྡན། །གིང་པ་རང་གིས་བྱེད་
པ་དར་གྱི་སྲིན་བུ་སྙིང་རེ་རྗེ། །ཇི་ལྟར་བྲོས་ཀྱང་གྲིབ་མ་འདི་ལ་གཟུགས་ཀྱིས་ཐར་པ་མེད། །སྤུ་གྲིའི་སོ་ལ་ཆགས་པའི་སྦྲང་རྩི་བལྡགས་ན་ཕུང་བར་ངེས། །རྡོ་ཡི་མི་འདི་སྲིན་མོའི་གླིང་དུ་བསྐྱལ་ཀྱང་མི་དགའ་མེད། །གཉེན་པོ་ཕྱིར་འཕེལ་འདབ་ཆགས་སྐྱེ་ག་གོ་ཆ་བཟང་། །རིན་ཆེན་
གཏེར་གྱི་ཐད་ཀར་ཉལ་བའི་དབུལ་མོ་སྙིང་རེ་རྗེ། །ཤིང་རྟ་བྲེལ་བའི་རྒྱུ་ནི་འཁོར་ལོའི་སྒྲམ་དུ་ཆུད་པས་ལེན། །རྒྱལ་པོའི་རྗེས་གནང་ཐོབ་པའི་མི་དེ་གཤེད་མ་ལ་མི་འཇིགས། །རྔ་ཡབ་ལག་ན་ཐོགས་བཞིན་འཇའ་ཏི་དུག་སྦྲང་ཕྱིར་མི་སྐྲོད། །འབྲུག་གི་སྒྲ་མེད་རྨ་བྱའི་མངལ་དུ་སྒོ་ང་ཆགས་
མི་འགྱུར། །མ་ག་དྷཱ་རུ་དངུལ་ཆུ་འཐུངས་པ་དེས་ནི་གངྒཱ་རྒལ། །ལི་ཁྲི་ཁ་རུ་ཆུད་པའི་བསིལ་བ་ཐམས་ཅད་མཚལ་དུ་འབབ། །གཟེབ་ནས་ཐོན་ནས་གཤེད་མའི་ལག་ཏུ་འགྲོ་བར་མ་བྱེད་ཅིག །ལྷོ་རུ་རྐུན་མོའི་སྙིང་ཤ་ཟོ་ལ་དྲང་སྲོང་རྒྱལ་མཚན་ཕྱི་རུ་ཕུད། །རོ་ལ་གསེར་གྱི་ཕྲེང་བ་
བཏགས་པ་དེ་ཡི་གན་དུ་འགྲོ་བར་མི་བྱའོ། །སྨན་མཆོག་བསིལ་མངར་མི་བཙོང་མི་ན་ལུས་ཀྱིས་བཏུང་བར་བྱ། །གླང་པོའི་རྒྱུ་ཤེ་ལྕགས་ཀྱུས་ཕྲོགས་པ་འདི་ནི་ངོ་མཚར་ཆེ་བ་ཡིན། །གདན་སར་བཏོན་པ་རྒྱལ་བུའི་ལག་ནས་ཚངས་པའི་སྐུད་པ་ད་ལོང་ཅིག །དམུས་ལོང་མིག་གིས་དོ་ལོ་ཅི་འདྲའི་
ལན་ནི་ཐེབས་པར་མི་འགྱུར་རོ། །དགོས་འདོད་སྣ་ཚོགས་འབྱུང་བའི་ནོར་བུའི་ནུས་པ་སུ་ལས་བླངས་པ་ཡིན། །སྐོམ་པའི་ཕྱིར་ནི་ལན་ཚྭའི་ཆུ་རྒོད་འཐུང་བའི་མི་དེ་ལྟས་ངན་ཡིན། །དུག་ལས་སྐྱེས་པའི་སྲིན་བུ་འདི་ཡིས་ད་ཁོས་མན་ངག་བསྟན་ནས་སོང་། །མུ་དྲ་ཨག་ལ་བཏབ་པའི་གཟུགས་དེ་

གནྡྷ་ལོག་ཏུ་ཤེས་པར་བྱོས། །ཀུ་རུ་ཀུལླེའི་གནས་སུ་སྒྲོལ་མས་གསུངས་སོ།། །།སྒྱུ་རྩལ་ལུས་ལ་མེད་པའི་མི་ཡིས་གྱད་ཀྱི་སྤྱོད་པ་དོར་བ་རུང་། །དྲི་མ་ཅན་གྱི་ལུས་ཀྱིས་ཚངས་པའི་སྒོ་ལྔ་ནམ་ཡང་མཐོང་མི་འགྱུར། །ཆུ་སྲིན་ཁ་རུ་གྲུ་ཆུ་དེད་དཔོན་འདི་ཡི་སྤྱོད་པ་ད་ལྟོས་དང་། །མུ་ཏིག་
ཕྲེང་བ་པདྨའི་སྐུད་པས་ཟླ་བའི་དབུས་སུ་སྐྱུར་བར་བྱ། །ཤུལ་དཀར་ཨུ་ཤུག་ལ་ཚོགས་འདྲོན་པོའི་དོན་ནི་ཉི་མ་རྒས་པས་ཤོར། །དེ་མཐོང་བདུད་ནི་མིག་ཕྱིས་ཕྱོགས་བཞིར་གད་མོ་རྟ་སྐད་འཚེར། །མཁའ་ལ་འཕུར་བའི་ནུས་པ་བདས་པའི་དུས་དེར་བསྐམས། །མཁྲེགས་ལམ་ཐུར་
གཞོལ་གྲུང་དེ་ཤིང་རྟ་བྲེལ་བ་གང་གི་སྟོབས་ལས་བྱུང་། །དུག་སྦྲུལ་རྐེ་བཅད་ནུས་པ་མེད་པ་རྣལ་འབྱོར་པ་ཡིས་གཟིགས། །རྙོག་མའི་ཆུ་ལ་བཞིན་གྱི་དཀྱིལ་འཁོར་འཆར་བ་རབ་ཏུ་དཀའ། །རྐང་པ་ཆག་པའི་རྨ་དཀྲིས་མགོ་ལ་འཆིང་བའི་མི་དེ་འཇའ་ཏྲི་ཡིན། །རྫབ་ལས་རྐང་པ་བཀྲུས་ནས་
དོ་ལའི་སྟེང་དུ་འཛེགས་པ་བཟང་། །རུས་སྦལ་ཁོག་པ་ཕ་ལམ་རྫས་ཀྱི་རྡོ་རྗེས་བཅག་པ་ངོ་མཚར་ཆེ། །མ་གི་ཏ་ཡོད་ས་ལ་བྲང་འགྲོས་ལྟ་བར་མི་ནུས་སོ། །རྒྱ་མཚོ་ཆེན་པོའི་ཆུ་ནི་རོ་དང་ལྷན་ཅིག་འགྲོགས་པ་མིན། །ནགས་ལ་མེ་མཆེད་ཕྱོགས་བཞིའི་རླུང་ནི་གྲོགས་སུ་འགྱུར། །རྒྱལ་པོའི་
བཙུན་མོ་ལྷ་སྲས་ལ་ནི་སྐྱོ་བར་འགྱུར་མ་ཡིན། །ཀཱ་མ་རཱུ་རུ་སྨྱོན་པའི་ཆུ་ལ་སུ་ཡིས་འཐུང་བར་ནུས། །སོ་མ་བཏང་བའི་རྫ་ནི་ཆུ་ལ་སྐོལ་བར་མི་བྱའོ། །སྟག་ནི་རི་མོ་ཡོད་པས་ལན་ཏེ་རྟག་ཏུ་དགྲ་དང་འགྲོགས། །བྷནྡྷ་མེད་པར་གསེར་འགྱུར་རྩི་མཆོག་རང་དགར་ཤེས་པ་མིན། །ཆུང་ངུས་མི་
འཛིན་བཅོ་ལྔའི་ཟླ་བ་རྒྱས་པ་འདི་ལ་སྒྲ་གཅན་དབང་། །བུ་ཤིའི་མ་བུ་མཐོང་བའི་འགྲོ་བ་བཟང་མོ་མྱ་ངན་རེམ། །ཞིང་པས་ཆུ་ལུད་བརྟེན་ལ་ས་བོན་སྐྱོན་མེད་གདབ་པར་བྱ། །ངར་མཆོག་དུག་ལ་བླུད་པའི་རལ་གྲི་འདི་ལ་བརྡེག་ས་ཡོད། །སྨྱོན་པའི་ཤུལ་དུ་འབྲངས་ན་སྙིང་གར་ཡི་གེ་སྣ་ཚོགས་འཆར། །མི་
འགྱུར་མཁའ་ལ་ལྡིང་བའི་བྱ་ཏྲི་འདི་ལ་གདམས་པ་ཡོད། །བྱང་ཕྱོགས་ཁ་བ་ཅན་དུ་ཕྱིན་ན་འགྲོ་ལ་ཕན་པར་འགྱུར། །དཔལ་འབྲས་ཕུང་རང་བྱུང་གི་རྩར་འཇམ་དཔལ་གྱིས་གསུངས་པའོ།། །།ཡི་གེའི་ཕྲེང་བ་ཉི་ཟླའི་བར་དུ་དཔའ་བོའི་སྤྱན་གྱིས་བལྟ་བར་གྱིས། །རྨ་བྱའི་མདོངས་ཀྱི་

ཁ་དོག་ནམ་བྲིས་འདི་ཡི་མཁན་པོ་སུ་ཞིག་ཡིན། །ཁབ་ལེན་རྡོ་ཡི་ཕྱོགས་དེར་ལྕགས་བྲན་རྒྱུག་སྟེ་དེ་ལ་རིག་བྱེད་མེད། །གླང་པོའི་མགོ་ལ་རྭ་མེད་ཆག་གིས་དོགས་པའི་སྡུག་བསྔལ་སྐྱེ་མི་འགྱུར། །རྒྱལ་པོའི་གཟེབ་ཏུ་ཚུད་པའི་མི་ད་ཐར་རམ་ལྡེ་མིག་ཡིད་ལ་
བགྱིས། །གིང་པའི་ལས་བྱས་སྒྱུ་མའི་དགེ་སློང་ལ་ནི་ལྟུང་བས་གོས་མི་འགྱུར། །ཝ་དང་གླང་པོ་བུང་བ་ཤ་ཟ་སེང་གེ་སྨྱོན་པའི་སྤྱོད་འགྲོས་ལྟོས། །སྐྱོན་གྱིས་མ་གོས་དངུལ་ཆུ་སྟ་རུས་འཐུང་བར་བྱེད། །གཅིག་ཅིག་གཅིག་ལ་གཅིག་པ་ཉིད་དུ་ཤེས་པར་གྱིས། །གཟན་དུ་ཕ་ལམ་སྒུག་པའི་
བྱ་དེ་གང་ཡིན་སུ་ཡིས་མཐོང་བར་འགྱུར། །མཚན་ལྡན་ལུས་ལ་སྒྱུ་རྩལ་མ་སྦྱངས་གྱད་དུ་འགྱུར་མ་ཡིན། །ཝ་ཏིའི་ཝ་ལ་གྲུངས་ཡུན་རིང་ན་ཆུ་ཉིད་དྲག་པར་འགྱུར། །དང་ལ་སྤུ་གྲིས་ལྕེ་ཆོད་དེ་དུས་ཁྱོད་ཀྱི་ཁ་ནས་རིག་བྱེད་ཐོན། །འཁྲི་ཤིང་ལོ་འབྲས་སྨིན་ཅིང་ལྕི་བས་རྒྱས་སུ་མ་འཇུག་ཅིག །
རྩལ་གསུམ་ལུས་ལ་རྫོགས་པའི་སེང་གེ་འདི་ལ་ཡང་ཅུང་ཟད་མེད། །རྒུན་འབྲུམ་ཚལ་ནས་གྲམ་པ་སྙག་པའི་སྤྲེའུ་སྙིང་རེ་རྗེ། །ཆུ་ནང་རྡོ་བོར་ཚེ་ན་དེ་དུས་ཟླ་བ་གུད་དུ་སོང་བ་མེད། །དུར་བ་གཟེབ་ཀྱི་རི་བོང་འདི་ཡི་སྤྱོད་འགྲོས་བལྟ་བར་བྱ། །རྡོ་ཡི་མི་ལ་ངན་དུ་སྨྲས་དང་བསྔགས་པ་ཁྱད་པར་
ཡོད་དམ་ཅི། །ལྷ་རྫས་ཤེལ་ལ་མེ་ཆུ་གཉིས་ཀ་འབྱུང་བ་ངོ་མཚར་ཆེ། །གལ་ནད་ཟས་ལ་རྒྱུག་པའི་སེམས་ཅན་དེ་ནི་སྙིང་རྗེའི་ཡུལ། །གྱད་ཀྱིས་ཁྲིད་ཀྱང་འཁོར་ལོ་དང་བྲལ་ཤིང་རྟས་ལམ་མི་ཆོད། །རྐང་ལ་ཁོང་དྲིལ་བུད་པའི་མི་དེ་བློ་སེམས་བདེ། །ལས་སུ་འཕངས་པས་ཟིལ་གྱིས་
མི་སྐྱུག་གོ་ལ་ཕྱིར་མི་འབོད། །དལ་བའི་དབང་མེད་རྫ་མཁན་འཁོར་ལོ་སྲུབ་ཐག་ཆོད་ན་བདེ། །སྐྱོན་གྱིས་མ་གོས་ཨུཏྤལ་ཆུ་ནང་སྐྱེས་པ་རང་སར་ཞོག །གཤེད་མས་བཟུང་བའི་ལྟས་ངན་མི་དེ་རྒྱབ་ཏུ་མིག་མི་བལྟ། །དུད་འགྲོའི་རྒྱལ་པོའི་གཙུག་གི་ནོར་བུའི་ཐོག་མ་ག་ནས་འོང་། །
རི་བོ་བྱ་རྐང་དུ་སྤྱན་རས་གཟིགས་ཀྱིས་གསུངས་པའོ།། །།ཙནྡན་ཆུས་བཀྲུས་ལུས་ཀྱི་སྤྲིན་མེད་མཁའ་ལ་གཟའ་བྲལ་ཉི་མ་ལྟོས། །སྲིན་མོའི་པང་དུ་བུ་ཤོར་ཉེ་ཞོ་མེད་པར་ལོག་པའི་མི་དེ་གང་། །ནམ་ཞིག་བྱི་བའི་དུག་དང་མ་བྲལ་ཐར་པ་ཐོབ་མི་འགྱུར། །ལག་པ་རེ་རེར་མེ་

ལོང་གཉིས་ཕྱར་བྱད་དེ་གང་ལ་ལྟ་བ་ཡིན། །སྟོད་ལ་མནན་པའི་སེང་གེའི་གམ་དུ་སྤོས་ཀྱི་གླང་པོ་ག་ཆད་དུ། །མཆིལ་ལྷམ་སྟེང་དུ་རྐང་བཞག་ས་སྟེང་ཐམས་ཅད་དེ་དུས་ཀོ་བས་གཡོགས། །འཁོར་ལོས་སྒྱུར་རྒྱལ་གང་དུ་གཤེགས་པའི་ལམ་དུ་རིན་ཆེན་གཞན་རྣམས་འབྲང་། །པེ་ཏ་མིང་གིས་
བསླུས་ཏེ་བསྒོ་བ་ཉན་དུས་དེ་དུས་དེ་ཚེ་གཅེས་པར་དོར། །བུ་རམ་ཚལ་མཐོང་རྐང་ལ་ཁོང་སྒྲིལ་གྲོལ་བའི་གླང་པོ་སྡོད་པ་མིན། །འཛམ་བུ་ཆུ་བོའི་གསེར་ལ་མུ་ཏིག་གིས་སྤྲས་བཙུན་མོས་བཙོངས་ན་རིན་ཐང་ཆེ། །རླན་ཅན་ཤིང་ལ་རྩོལ་བས་སྲུབ་པའི་མི་དེ་བླུན་པོ་ཡིན། །བྱེ་ཕྲུག་ལུས་ལ་ཁྲག་
ཆགས་དེ་དུས་རྨ་བྱའི་གནོད་ཡུན་རན། །འགྲོ་བར་མ་ནུས་ཁར་གཞོང་ནང་གི་རུས་སྦལ་ཚི་ཆད་འགྱུར། །གཅིག་ལ་གཅིག་བརྟན་གཤོག་པ་མེད་ཀྱང་གསེར་སྦྲུལ་མཁའ་ལ་འཕུར། །ཤི་ཡང་བླ་ཡི་ནོར་བུ་མ་ལེན་རྒྱ་མཚོའི་ཕྱིར་མི་འབྱུང་། །བྷ་ཡི་དྲུངས་སུ་མྱུ་གུས་བོན་བཅད་ཀྱི་རྗེས་ལ་བཟང་བར་
འགྱུར། །དམུས་ལོང་ལག་ན་མེ་ལོང་ཕྱར་བ་འདི་ལ་བཙུན་མོ་བལྟས་ཀྱི་དགའ། །སྣུམ་གྱིས་བཙོས་པའི་རས་ལ་ཚོན་གྱི་རྩི་ནི་ཆགས་མི་འགྱུར། །ཏི་ཚ་བྱུགས་པའི་རྫ་ནི་སོ་བཏང་ད་ནི་བསྐོལ་བས་ཆོག །མཁས་པ་ཡིས་ནི་སྟག་གི་ཚང་མཐོང་དེ་ནས་འབྱོལ། །རྩི་མཆོག་གསེར་འགྱུར་བསླབས་པའི་
དྲིན་ཅན་བརྗེད་པར་བྱ་བ་མིན། །ཚེས་གཅིག་ཟླ་བ་མི་ཆུང་བཅོ་ལྔའི་དུས་ན་སྐྱེས་པ་མེད། །བུས་པ་གཡང་ཁར་སོང་བ་མ་ཡི་སྤྱོད་འགྲོས་ལྟོས། །མིག་འདི་མགོ་ལ་དགོས་པས་ཕྱུང་ནས་བཟའ་བར་མི་བྱའོ། །ཤ་ཆགས་མི་བྱུང་དུས་སུ་གསེར་གྱི་རལ་གྲི་ད་ཕྱུང་ཅིག །རྡོ་ཡི་མི་ལ་འགྲན་དུས་དེ་ཚེ་
སྙིང་ལ་ཡི་གེ་སྣ་ཚོགས་འཇུག །གར་མཁན་སྤྱོད་པ་འདི་ཡིས་མན་ངག་ཐམས་ཅད་བསྟན་ནས་སོང་། །བྱང་ཕྱོགས་པར་ཏ་ནི་རུ་ཕྱིན་ན་འགྲོ་ལ་ཕན་པར་འགྱུར། །འབྱུང་པོའི་གྲོང་ཁྱེར་ཏྲི་སྟག་ཚང་དུ་ཕྱག་ན་རྡོ་རྗེས་གསུངས་པའོ།། །།གྱད་དང་སྦྲགས་པའི་མི་དེ་ཤུལ་དུ་ཙཽ་རའི་
ཡ་ང་བྲལ། །མ་ཚིག་རྫ་ལ་ལ་ཆ་མི་འགོ་ཙནྡན་མེ་ལ་བསྲོ་བར་བྱ། །རྩ་བ་བྲལ་བའི་སྡོང་པོ་ལོ་འདབ་རྒྱས་ཀྱང་དོན་ལ་སྐམ་པོ་ཡིན། །གསེར་གྱི་རྩའུ་མཁའ་ལ་ཕྱར་བ་འདི་ལ་གླང་པོ་སྨྱོན་པ་འབྲོས། །ཏིལ་མར་རྩེ་ལ་དངུལ་ཆུའི་རྒྱུན་འཛག་འདི་ལ་སེང་གེ་བལྟས་ཀྱིས་དགའ། །གིང་པ་སྲོག་ལ་

མཁས་པའི་སྒྱུ་མའི་སྐྱེས་བུ་སྡིག་མི་སོག །དུར་ཁྲོད་ནང་དུ་ཅེ་སྤྱང་རོ་དང་ཕྲད་པ་ཕྱིར་མི་ལྡོག །སྒེག་མོ་རྒྱན་གྱིས་སྤྲས་པ་མེ་ལོང་ལྟ་བ་རབ་ཏུ་བརྩོན། །རྡོ་ཡི་མི་ལ་སུ་ཉེ་ཁོ་ཡི་དགྲ་བོ་གང་ཡིན་ཁྱོད་ཀྱིས་སྨྲོས། །པདྨའི་གེ་སར་ལག་ཏུ་ཐོགས་ལ་དུས་མཐའི་ནམ་
མཁའ་ལྟོས། །ཀ་ལ་པིངྐའི་སྒྲ་གདངས་གཏེར་གྱི་སྟེང་དུ་སྒྲོགས་ན་སྙན། །ཝ་ཆུ་མ་ཟད་བར་དུ་ཆུ་འཐགས་འཁོར་ལོ་འདི་ལ་བསྡད་དབང་མེད། །གླིང་གཅིག་དག་ཏུ་འཁོར་ལོས་སྒྱུར་རྒྱལ་གཉིས་སུ་ཚོགས་པ་མིན། །མཁའ་ལ་ཉི་མ་ཤར་དུས་མུན་པ་གུད་དུ་ཡིབ་བམ་ཅི། །རིན་ཆེན་དངུལ་གྱི་
མེ་ལོང་གཡའ་མ་དག་པར་ཅི་རུ་རུང་། །མ་ག་དྷཱ་རུ་བཙོས་པའི་རས་ནི་ཁ་དོག་གཞན་བས་གསལ། །རྒྱལ་པོའི་གམ་ནས་གཤེད་མའི་ཕྱོགས་སུ་འགྲོ་བ་ལྟས་ངན་ཡིན། །མོ་གཤམ་བུ་ཡི་མཛའ་སྡེ་གང་ཡིན་དེ་ཡི་བུད་མེད་སུ། །བཟོ་ཡི་སྔོན་དུ་ཐོག་མར་ཞུན་སྦྱང་གཏོང་བའི་གསེར་
མཁན་ཐབས་ལ་མཁས། །མངལ་དུ་མཆེས་པའི་གླང་པོ་མཆེ་བ་དྲུག་པ་རྒུན་འབྲུམ་མི་འདོད་ལ། །རྒྱལ་པོ་བལྟ་ཞིང་བརྩེ་བའི་སེམས་ཀྱིས་སྤྱན་ནས་མཆི་མ་ཡང་ཡང་འཛག །དུས་མཐའི་ནམ་མཁའ་འདི་ལ་ཤར་ལྷོ་ཕྱོགས་མཚམས་གང་གིས་ཤེས་པར་འགྱུར། །ཡིན་པར་ཤེས་པའི་བློ་ཡིས་
མོན་མོའི་དུག་གི་ནུས་པ་མེད་པར་བྱེད། །ཟླ་བ་བཅོ་ལྔ་མ་རྒྱས་བར་དུ་རུས་སྦལ་ལས་སྐྱེས་སྒོ་ང་སྨིན་མི་འགྱུར། །རྐུན་པོ་མཛོད་ཁང་ནང་དུ་རྒྱལ་པོའི་ཉུལ་མོས་བཟུང་བ་དེ་ཅི་སེམས། །མིག་གི་དབང་པོ་བཙུམས་ནས་མཐོང་བྱེད་སྙིང་གི་དབུས་སུ་སད་ནས་ལྟ། །བྲག་ལས་བྱུང་བའི་སེང་གེའི་སྐད་ཀྱིས་
ཆོས་རྣམས་མ་ལུས་བསྟན་ནས་སོང་། །རྩི་མཆོག་གསེར་འགྱུར་ཤེས་པའི་མི་དེ་རློམ་སེམས་ཁོང་དུ་ད་ཆུད་ཅིག །ལང་ཏང་རྩེ་རུ་གཤིན་རྗེ་གཤེད་ཀྱིས་གསུངས་པའོ།། །།གྱད་ཀྱི་སྒྱུ་རྩལ་འདི་ལ་དྲི་མའི་ཟས་གནོད་མཁས་པས་སྤང་བར་བྱ། །ཆུ་བོ་བཞི་འབབ་རྒྱ་མཚོ་ཕྱིར་མི་ལྡུད་
པ་ངོ་མཚར་ཆེ་བ་ཡིན། །སྐྱེད་དུ་འཛོམ་པའི་གླང་པོ་སེང་གེའི་འོ་མ་འཐུངས་པས་སུ་ཡིས་ཐུབ་པར་འགྱུར། །རླན་བྲལ་རུས་སྦལ་རྒྱ་མཚོ་མཐོང་ཚེ་དེ་དུས་གཞན་མི་དྲན། །སྒྱུ་མའི་སྐྱེས་བུའི་སྦྱིན་གཏོང་ལས་བྱུང་འབྲས་བུ་གང་དུ་སྨིན་བར་འགྱུར། །མ་དྲུག་བུ་ཡི་ཕྱོགས་དེར་ཚངས་དབང་ཁྱབ་

འཇུག་རྣམས་ཀྱི་ཅོད་པན་འདུད། །སེང་གེའི་མིག་གི་དབུས་ན་ཡི་གེ་ཨ་ཡོད་པ་དེ་ལྟོས་དང་ཀྱེ། །འཇའ་ཏྲི་རིན་ཆེན་མཆན་དུ་བཅུག་ནས་ཆོས་བཟང་དྲག་པོར་འཇོག །དུག་སྦྲུལ་པང་དུ་བྱུང་ཚེ་དོ་གལ་ཡོད་པར་སྦང་བར་བྱ། །མེ་ལོང་གཡའ་དག་གཟུགས་བརྙན་འཆར་གྱིས་རྒྱབ་ཏུ་
མིན། །ཀ་ཏ་རི་ལས་ཐར་ནས་དོད་དུ་ཞུགས་པའི་མི་དེ་ཤིན་ཏུ་བླུན། །རྒྱ་ལས་གྲོལ་ནས་འདབ་ཆགས་རྨ་བྱ་རྗེས་སུ་ཟློག་མི་འགྱུར། །ཡན་ལག་ནང་དུ་བསྐུམས་པས་ཕྱི་རུ་དགྲ་དང་བྲལ་བའི་རུས་སྦལ་ཐབས་ལ་མཁས། །རྩི་མཆོག་སྤྲི་ཡང་འཐུངས་པའི་སྦྲུལ་ཤ་ཟོས་ན་བཅུད་དུ་འགྱུར། །
རྒྱ་མཚོའི་གླིང་དུ་མ་ཕྱིན་ནོར་བུ་ལ་ནི་བླུན་པོས་ཅིར་མི་མཐོང་། །པདྨས་ཁྲག་ངོམས་ཆུ་ཡི་ནང་འདུག་ཤ་ཡི་ཕྱིར་མི་འབྲང་། །ཁབ་ཏུ་བྱོན་པའི་བཙུན་མོས་སྔར་གྱི་སྤྱོད་པ་དོར་བར་བྱ། །བུ་རམ་ཆུ་ཡིས་རས་ཀྱི་དྲི་མ་རྣམས་ནི་གཏིང་ནས་འདོན་པར་བྱེད། །གངས་ཀྱི་རི་ཡི་སྣུམ་མ་ཟོས་ན་འོ་མ་མར་དུ་
འགྱུར། །སྟག་འདི་དེད་པས་མི་ཟིན་བསྡད་ཀྱི་སྟེང་ནས་དགུག་པར་བྱ། །པར་ཏི་ཀ་ན་གསེར་འགྱུར་རྩེ་ཡི་ལོ་མ་མེ་རུ་འབུད། །ཆུ་སྣོད་འབུམ་དུ་ཟླ་བ་འབུམ་འཆར་དེ་དུས་ཟླ་བ་གཅིག་ལས་མེད། །བྱིས་པ་ཨ་མ་མཐོང་ཚེ་པང་དུ་རྒྱུག་བས་ཨ་ལུ་བོར། །ཡིབ་ས་མེད་པའི་གསེར་ལ་ར་ཡོད་ཀ་
འཇིའི་རྡོ་ལ་སྣོད། །སྲིན་མོའི་རལ་གྲི་གྱད་ཀྱིས་ཐོགས་པ་དེ་ལ་ཕ་རོལ་འཇིགས། །ནམ་མཁའི་གོས་སུ་གྱོན་ན་སྙིང་གི་དཀྱིལ་དུ་ཉི་མ་འཆར། །རྟ་མཆོག་ཐུར་དུ་རྒྱུག་པ་སྐྱེས་བུ་འདི་ཡིས་གདམས་ངག་བསྟན་ནས་སོང་། །མཛེས་སྡུག་རྨ་བྱའི་ཐུལ་པ་ཕུད་ན་དེ་ཡིས་ཐར་པ་ཐོབ་པར་འགྱུར། །བྱ་
རྒོད་ཕུང་པོའི་རི་ལ་ཁཪྶ་པཱ་ཎིས་གསུངས་སོ།། །།གྱད་ཀྱིས་མ་བརྒྱུགས་ཕྲ་མོའི་པང་ལ་རྒྱལ་པོ་བལྟས་ཀྱིས་དགའ། །ཚོས་མ་ཡིས་ནི་སྐྱོན་མེད་རས་ལ་ཁ་དོག་ཐ་དད་ཅི་འདོད་ཤེས། །ཉི་མ་མུན་པར་མཐོང་བའི་མི་དེའི་མིག་དེ་ཅིས་ལན་དེའོ་ཁྱོད་ཀྱིས་སྨྲོས། །ཕྲུ་གུ་མི་དྲན་སྦྲང་རྩི་
མཐོང་བའི་དོན་ལ་གཉིད་མི་འོང་། །ཁྱུ་མཆོག་འོག་ཏུ་ཞོན་ནས་སེང་གེའི་འོ་མ་ད་འཐུང་ཤིག །མཛེས་མས་གཡོས་པའི་ཟས་ལ་དུག་མཐོང་བཞིན་དུ་མ་འཐུང་དང་། །བྱིས་པ་དང་ནི་རྒན་པོས་ཆུ་ནང་ཟླ་བ་འདི་ལ་སོ་སོར་མཐོང་བར་འགྱུར། །ནམ་མཁས་བཙོན་དུ་གཟུང་བའི་སྐྱེས་བུ་འདི་ལ་གུད་

ན་བྲོས་ས་མེད། །སྐད་གསང་མཐོན་པོའི་སྒྲ་ཡིས་ཡེ་ཤེས་འཆར་དུས་ཁྱོད་ཀྱིས་བྲིས། །ཤེལ་གོང་གཡའ་དག་གང་གི་སྟེང་དུ་བཞག་པ་དེ་ཡི་མདོག་ཏུ་འགྱུར། །འདུལ་སྦྱོང་མཁན་གྱི་གན་དུ་བུ་རམ་ཚལ་ནས་བྲོས་པའི་གླང་པོ་འཇའ་ཏྲི་ཡིན། །སྦྲུལ་གྱི་ཚོང་
མཐོང་ལེན་མཁན་ཙནྡན་ལ་ནི་སེར་སྣ་སྐྱེ་མི་འགྱུར། །རྒྱལ་པོའི་བཀའ་རྟགས་གནང་བའི་མི་དེ་སུ་ལའང་དེ་མི་འཇིགས། །བུང་བའི་སྒྲ་ལ་ཕག་རྒོད་ཉན་པ་འདི་ནི་ཕྱག་རྒྱ་ཆེ། །རྒྱལ་མཚན་རྩེ་མོའི་ནོར་བུ་འདི་ལ་མཆོད་དང་དགོས་འདོད་འབྱུང་བར་འགྱུར། །ཕབས་ཀྱིས་གང་ལ་རེག་པའི་ཆེན་ནི་
གླུམ་དུ་འགྱུར་བར་ཐེ་ཚོམ་མེད། །བཙུན་མོའི་མཛའ་སྡེར་གྱུར་པ་མ་གསང་གཤེད་མའི་ལག་ཏུ་འགྲོ། །དཔག་ཆེན་སྐྱེས་བུས་གནམ་དུ་མདའ་འཕངས་འདི་ཡི་མགོ་ལ་ཕོག །རིན་པོ་ཆེས་སྤྲས་བཙུན་མོའི་སྐུ་ལ་རྒྱན་གྱིས་སྤུད་པ་གནད་མི་འགྱུར། །སྤྲིན་མེད་མཁའ་ལ་ཤར་བའི་གཟའ་
སྐར་ཕྱོགས་དེར་རྒྱལ་མོ་ཀ་ར་ཁྱོད་ཀྱིས་ཕྱོར། །སྤྲེའུ་ཡི་སྡེར་མོ་རྙེད་པའི་རུས་སྦལ་ལན་ཚྭའི་ཆུ་ལ་ལྟོ་འགལ་མེད། །ཚལ་མེད་ས་ལ་རྩོལ་བའི་ལས་རྣམས་སྡོང་འདབ་ཡིན་ཏེ་གསེར་མེད་ཕྱིར། །སྨྱུག་མའི་རྩེ་ལ་འབྲས་བུ་ཆགས་ཚེ་དེས་ནི་རྩ་བ་རླག་པར་གདོན་མི་ཟ། །སྒྲ་རྣམས་སྙིང་གི་དབུས་ན་
ཉན་པའི་ཕག་རྒོད་འདི་ཡི་སྤྱོད་འགྲོས་ཁྱོད་ཀྱིས་ལྟོས། །རྐྱལ་མ་འབྱོངས་པའི་སྐྱེས་བུས་རྒྱ་མཚོའི་ནང་དུ་འགྲོ་བར་མི་བྱའོ། །ས་ལེ་སྦྲམ་ནི་མཚུར་གྱིས་གོས་ཚེ་སྔར་གྱི་ཁ་དོག་འདོར་བར་བྱེད། །སེང་གེའི་རླིད་བུས་ཆོས་རྣམས་མ་ལུས་བསྟན་ནས་སོང་བ་ངོ་མཚར་ཆེ། །མུན་པའི་རུམ་དུ་མེ་ལོང་ངོས་ལ་བྱད་ཀྱི་
གཟུགས་བརྙན་འཆར་མི་འགྱུར། །ཀླུ་སྒྲུབ་ཀྱི་ཕུག་པར་སྒྲིབ་པ་རྣམ་པར་སེལ་བས་གསུངས་པའོ།། །།སྐོམ་པས་མཆུ་དང་མགུལ་པ་སྐམས་པའི་གླང་པོ་ཆུ་དང་ཕྲད་པས་གཞན་མི་སེམས། །ཏིལ་མར་གྱིས་བསྐུས་སྐྲ་ལ་མེ་ཤོར་དེ་དུས་སྒེག་མོ་བྱ་གཞན་དོར། །ལུས་ལ་
ལྕགས་དབྱུག་བསྣུན་ཀྱང་རྡོ་ཡི་མི་ལ་མི་དགའི་རྟོག་པ་སྐྱེ་མི་འགྱུར། །མཉེན་པ་དགྲས་དེད་གཙང་པོའི་འགྲམ་དུ་གྲུ་དང་ཕྲད་པ་དེ་ཅི་སེམས། །སེང་གེའི་འོ་མ་རིན་ཆེན་སྣོད་ལས་ཕལ་གྱིས་ཐུབ་མི་འགྱུར། །ཐབས་འཁྱར་མི་དེ་གང་དུ་བློ་ལྡན་གྱིས་ཟིན་དེ་དུས་སེམས་ངལ་སོས། །སྒེག་མོ་

ཡིད་འཕྲོག་རྨི་ལམ་བུད་མེད་གང་ནས་འོངས་ནས་གང་དུ་སོང་། །ལན་ཚྭ་ཆུ་ལ་ཐིམ་པས་གཟུགས་མེད་རོ་ཡི་དངོས་པོ་སྟོར་མི་འགྱུར། །སྒོ་ངའི་ནང་ནས་བྱུང་བའི་བྱེ་ཕྲུག་མཁའ་ལ་ལྟ་བ་དེ་ཅི་སེམས། །གླིང་བཞིའི་བྱ་བ་བྱས་ཀྱང་ཉི་ཟླ་གཉིས་ལ་སྐྱོ་ངས་དར་ཅིག་མེད། །རིན་ཆེན་བཻཌཱུརྱ་དང་
མཆིང་བུ་ཁྱོད་ཀྱིས་བརྗེ་བར་མ་བྱེད་ཅིག །རྨ་བྱ་བཙན་དུག་ཟ་བ་བྱ་གཞན་རྣམས་ཀྱིས་ཐུན་མོང་མ་ཡིན་ནོ། །རུས་སྦལ་རླན་ལས་སྐྱེས་ཀྱང་རྒྱ་མཚོ་མཐོང་ན་དེ་དུས་རབ་ཏུ་དགའ། །བོར་བའི་ཕྱི་སྐོགས་ལ་ནི་ལྟོས་འགྲོ་ཆགས་པའི་བློ་མི་སྐྱེ། །ཐབས་ལ་མཁས་པའི་དེད་དཔོན་རྒྱ་མཚོའི་ལམ་སྲང་
མཁའ་ལ་འཚོལ་བར་བྱེད། །ལུས་ལ་རྨེ་བ་ཡོད་པའི་རི་དགས་གཅིག་པུར་སྡོད་ལ་ལྟོས། །རྒུན་འབྲུམ་ཆང་གིས་བཟི་ཚེ་བཙུན་མོ་དྲུང་མི་འགྲོ། །མཚུར་གྱིས་སྦངས་པའི་རས་ནི་ཁ་དོག་བསྒྱུར་བར་ཤེས། །འོ་མའི་ཆུ་རྒྱུན་འདི་ལ་སུ་འཐུང་མི་དེ་སྐལ་བར་ལྡན་པར་ཤེས། །སྒོང་སྐྱེས་ཚང་
དུ་བསྐྱུར་ནས་ཕྲུ་གུ་མི་གསོ་འདབ་ཆགས་ཁུ་བྱུག་དྲུང་། །དོན་གཉིས་མི་བྱེད་གསེར་འགྱུར་རྩི་འདི་ཤེས་པའི་དགོས་པ་དེ་དུས་སྟོར། །ལང་ཚོ་བཅུ་དྲུག་ལོན་པའི་བུ་མོ་དེ་ཡིས་བདེ་བ་སྨྲ་མ་ཤེས། །དུག་སྦྲུལ་ཕག་དང་གླང་པོའི་སྤྱོད་འགྲོས་ཁྱོད་ཀྱིས་ད་ལྟོས་ཤིག །ཆུ་ཡིས་ཆུ་དེད་བསྡད་དབང་
མེད་དེ་དེ་ལ་དལ་བར་གང་གིས་མཐོང་། །སྨྱོན་པའི་ལག་ནས་རལ་གྲི་འབྲེལ་པའི་མི་དེ་དབའ་བོ་ཡིན། །སེང་གེའི་གསོབ་མཐོང་ཚེ་ན་དེ་དུས་སྙིང་ལ་ཡི་གེ་སྣ་ཚོགས་འཆར། །གྲི་སྐོར་མཁན་པོ་དེ་ཡིས་ད་རེས་མན་ངག་ཐམས་ཅད་བསྟན་ནས་སོང་། །དཔལ་གྱི་རི་ལ་ཡི་གེ་བསུབས་ནས་ཐབས་
དེས་བདེན་པ་མཐོང་བར་འགྱུར། །ཨུ་རྒྱན་ཚནྡོ་ལའི་གླིང་དུ་དཔལ་རང་བྱུང་གི་རྒྱལ་མོས་གསུངས་པའོ།། །།བིལ་བའི་གོང་བུ་དེ་ནི་གྱད་ཀྱིས་བརྡབས་ན་འཇིག་པར་གདོན་མི་ཟ། །ཕ་ཝང་དྲེད་དང་ཤ་དག་བྱེད་པའི་དགོས་པ་གང་ཡིན་ཁྱོད་ཀྱིས་སྨྲོས། །གར་ཆང་
འཐུང་བའི་གླང་པོ་སྨྱོན་པ་རང་སར་བཞག་ན་སྲུན། །སྨན་པའི་ངག་ལ་མི་ཉན་ནད་པ་གང་གིས་གསོ་བར་ནུས་མ་ཡིན། །སེང་གེའི་འོ་མ་འཐུང་ཚེ་མཆུ་ལ་འབྱར་རྩི་བྱུགས་ན་བཅུད་དུ་འགྱུར། །དུག་ཚོར་ཟས་ལ་སྐྱེས་བུ་ཆགས་པའི་བློ་ནི་སྐྱེ་མི་འགྱུར། །ཅེ་སྤྱང་མིག་ལ་ཉིན་མཚན་མེད་དེ་དེ་ཡིས་

དོར་བྱ་སྦངས་པ་ཡིན། །ནོམ་པ་ལུས་ལ་མེད་པའི་སྐྱེས་བུ་གཅེར་བུ་པ་ལ་དགྲ་མི་ཡོང་། །དུར་ཁྲོད་དབུས་ཀྱི་རྡོ་ཡི་མི་དེ་ཤ་ཟའི་ཡ་ང་བྲལ་ནས་འདུག །ཆུ་ཤིང་སྙིང་པོ་རྙེད་པའི་མི་དེ་སྐྱེས་བུ་སུ་ཡིས་མཐོང་བར་འགྱུར། །གཏེར་མཛོད་དབྱིག་གིས་ཁེངས་ཚེ་དེ་དུས་དེད་དཔོན་བློ་སེམས་བདེ་
བར་སྣང་། །དབུལ་པོས་ནོར་བུ་རྒྱལ་པོའི་ཕྱག་ཏུ་ཕུལ་བ་འདི་ནི་ངོ་མཚར་ཆེ། །སྐྱེས་བུ་རྩོལ་བ་མེད་པའི་པི་ཝང་ལ་ནི་སྒྲ་སྐད་འབྱུང་མི་འགྱུར། །གཟིངས་ལ་གནས་པའི་བྱ་རོག་འདི་ལས་འཕུར་ས་གུད་ན་མེད། །མགོ་ལ་མིག་ཕྱུང་སྙིང་གི་དཀྱིལ་དུ་སྦས་ན་ཕྱི་རོལ་ཡི་གེར་འགྱུར། །སེམས་ཅན་
རུས་སྦལ་མིག་འདི་བཙུམས་ན་གསལ་བས་དབྱེ་བར་འཕངས་པ་ཡིན། །སྒྱུ་མའི་གཏེར་མཛོད་འདི་ལ་མཁན་པོ་ཆགས་པའི་བློ་ནི་སྐྱེ་མི་འགྱུར། །གསེར་འགྱུར་རྩི་ཡི་རིག་བྱེད་འདི་ནི་ཀུན་ལ་མི་སྟོན་མཁན་པོའི་སྙིང་ལ་སྦེད། །ཆུ་འཁྱགས་ཆབ་རོམ་དུ་གྱུར་ཞུ་ཚེ་ཆུ་རང་ཡིན་ཏེ་གོ་བར་གྱིས། །
མཁའ་ལ་འཆར་བའི་འཇའ་ཡི་མཁན་པོ་སུ་ཡིན་འདི་ཡི་ཁ་དོག་སུ་ཡིས་བྲིས། །ཆུ་ལ་ཆུ་བཞག་གཉིས་སུ་མི་སྣང་གང་གིས་འབྱེད་པར་ནུས་པ་མཁས། །མཁའ་ལྡིང་འདབ་གཤོག་རྒྱས་པའི་རོ་དེ་སུ་ཡིས་འཕུར་བར་ནུས། །གང་ཚེ་གཟིངས་ཀྱི་ཐག་པ་བརྟུལ་ཚེ་དེ་ཚེ་དེད་དཔོན་དགྲ་གཉེན་
གཉིས་དང་བྲལ། །འཁོར་ལོའི་རྒྱུག་ཕྱོགས་གྲིབ་མའི་མཚམས་ལས་འདའ་མི་འགྱུར། །མུན་རུམ་ནང་དུ་མེ་བུས་འོད་ནི་ཐོག་མར་རང་ལ་འཆར་བར་འགྱུར། །སྐོམ་དུ་སེང་གེའི་སྙིང་ཁྲག་འཐུངས་པའི་མི་དེ་སུ་ཡི་རིགས་རྒྱུད་ཡིན། །ཇག་རྩེད་མཁན་པོ་དེ་ཡིས་མན་ངག་ཐམས་ཅད་བསྟན་ནས་
སོང་། །གྲུ་གཉིས་སྣ་ལ་རྡོག་པ་བཞག་པའི་མི་དེ་འགྱེལ་བར་འགྱུར། །ལྷོ་ཕྱོགས་ཀཱ་མ་རཱུ་རུ་ལྷ་མོ་མཱ་རི་ཙྱེས་གསུངས་པའོ།། །།གསེར་གླིང་ཡིད་ལ་བཅངས་པའི་དེད་དཔོན་བོང་རྡོའི་ཁྲོད་དུ་སྡོད་མི་འགྱུར། །རྡོ་ཡི་ཤུལ་དུ་འབྲང་བའི་ཁྱི་ཡི་སྤྱོད་འགྲོས་འདི་ལ་ཁྱོད་ཀྱིས་ཡང་
ཡང་ལྟོས། །ཚོང་ཁང་དུ་ཚོགས་འགྲོན་པོ་ཐད་ཀར་མི་འགྲོགས་རང་རང་གུད་དུ་འགྲོ། །ནོར་བུའི་ཕུང་པོ་མཐོང་ཚེ་རུས་སྦལ་ལ་ནི་གཅེས་པར་འཛིན་པའི་བློ་མི་སྐྱེ། །ཀླུ་མཆོག་རྣམས་ཀྱི་མགོ་བོ་ཇི་སྙེད་ཀླད་གཟེར་སྐྱེ་བའི་རྟེན། །ནང་གི་འདུ་བ་གང་ཡིན་དྲང་སྲོང་གིས་ནི་ཕྱི་ནས་ཤེས། །རྒྱལ་པོའི་

དཀོར་མཛོད་བརྐུས་པ་མི་སྨྲ་འཆབ་པས་ཁ་ཚགས་བསྡམས། །སྣལ་ཆུ་མཐོང་ཚེ་ཐག་པ་སྦྲུལ་དུ་འཛིན་པའི་འཁྲུལ་པ་ལྡོག །སྦྲང་རྩིའི་རོ་མཆོག་མྱོང་བའི་རྔ་མོ་རྩྭ་ཡི་ཞེན་པ་བྲལ། །ས་ཡི་འོག་ཏུ་རྣོ་ཡི་ངར་བླུད་སྤུ་གྲི་སྦ་བར་འཕངས་པ་ཡིན། །ཉི་ཟླ་གཟའ་སྐར་རྣམས་ནི་རྒྱ་མཚོ་དང་བའི་ངང་དུ་
འཆར། །ཁྲི་སྙན་པགས་པ་གྱོན་པའི་མི་དེས་བགེགས་རྣམས་བྲན་དུ་ཁོལ་བར་འགྱུར། །ཕྱོགས་བཞིར་ཅོ་དོ་གཤེད་མས་ཟིན་པའི་མི་དེ་དེ་དུས་གང་ལ་ཆགས། །སྐྱེས་བུ་མཛའ་བོས་བསླུས་པའི་མི་དེ་ཁོང་དུ་ཡིད་ཆེས་འཇིག །ཤིང་གི་སྐྱེས་བུས་གླང་པོའི་མགོ་བཅད་དེ་ཡི་སྡིག་པ་གང་དུ་
སྨིན། །མདོངས་རྒྱས་པ་ཡི་རྨ་བྱ་དྲེགས་པས་མྱོས་པ་འདི་ནི་ཏིང་འཛིན་བཟང་། །རྒྱལ་སྲས་འཁྲུངས་པའི་བཙུན་མོ་ལ་ནི་དེ་དུས་ལྷ་རྣམས་རེ་བ་ཆེ། །ན་ག་ར་ཡིས་ཡི་གེ་ཆུ་ལ་བྲིས་བ་སུ་ཡིས་ལྷོགས་པར་འགྱུར། །ལྷུང་བཟེད་ཁེངས་ན་རིགས་ངན་བཞག་ལ་ད་ནི་སེང་གེའི་བུ་དང་སྦྲག །
ཅི་ཡང་མི་དགོས་ཤིང་སྐོགས་བར་གྱི་སྡོམ་གྱི་སྤྱོད་འགྲོས་ཁྱོད་ཀྱིས་ལྟོས། །གསེར་འགྱུར་རྩི་ཤེས་དབུལ་བར་གནས་པའི་མི་དེ་སུ་ཡི་རིགས་རྒྱུད་ཡིན། །རུས་སྦལ་སྤུ་ཡི་ཁ་དོག་ཅི་འདྲ་ད་རེས་ཁྱོད་ཀྱིས་མོ་གཤམ་བུ་ལ་དྲིས། །མེ་ལོང་ནང་གི་བྱད་དེ་གཟུགས་བརྙན་ཡིན་གྱི་རྟོག་པ་བྲལ། །
གསེར་འདི་བཟང་པོ་ཡིན་མིན་ར་འདི་ཀ་འཇིས་གསལ་བར་འདུག །གང་ལ་རྒྱབ་པ་མི་སྡུག་ཆོད་པ་ལྷ་དབང་ལག་གི་སྟ་རེ་རྣོ། །མཆིལ་ལྷམ་ལག་ན་ཐོགས་ན་དུས་དེར་ལྷམ་གྱི་དགོས་པ་སྟོར། །དྲ་བ་དབང་པོའི་གཞུ་ཡིས་ཆོས་རྣམས་མ་ལུས་བསྟན་ནས་སོང་། །མུ་ཏིག་ཕྲེང་བ་ལྟོ་རུ་ཟོ་ཤིག་འདི་
ཡིས་དོན་གཉིས་འགྲུབ་པར་འགྱུར། །སིང་ག་ལའི་ཚལ་དུ་ཀུན་དུ་བཟང་པོས་གསུངས་པའོ།། །།གྱད་ཀྱི་དཔྲལ་བའི་ནོར་བུ་མ་མཐོང་བཟོ་རིག་མཁན་པོས་བསྟན་དུས་རྙེད། །ཆུ་བྱའི་ཕྲུ་གུ་འདི་ལ་སྒོ་ངའི་ནང་དུ་རྒྱ་མཚོའི་སྣང་བ་འཆར་བར་འགྱུར། །ཙནྡན་མེ་ཡིས་ཚིག་པའི་
སྨན་དུ་རྨ་ལ་དེ་ཉིད་བཟང་བ་ཡིན། །ཤིང་རྣམས་ཐམས་ཅད་གྲིབ་མའི་ངོ་བོར་གཅིག་པས་འདི་ལ་ཐ་དད་མེད། །སྤོས་ཀྱི་གླང་པོ་སྟེ་ཀ་ཟོས་པ་སེང་གེའི་གདོང་དུ་བལྟ། །འདབ་བཟངས་རྒྱལ་པོའི་མཆུ་ལ་རྩི་ཡོད་ཆུ་བོའི་ནང་གི་འོ་མ་འདུ། །གསལ་ཤིང་རྩེ་ཡི་མི་དེ་ནོར་ལ་ཆགས་པའི་བློ་མི་

སྐྱེ། །སྔགས་ཀྱིས་ཟིན་པའི་ཧ་ལ་སྨན་རྣམས་ཀུན་གྱི་མཆོག་ཏུ་འགྱུར། །རྡོ་ཡི་མི་ཡི་རིག་བྱེད་འདི་ལ་ལྟོས་དང་ངོ་མཚར་ཆེ་བ་ཡིན། །དུག་མདའ་སྙིང་ལ་ཕོག་པའི་མི་དེ་སུ་ཡིས་སོས་པར་འགྱུར། །སེན་མོའི་བར་དུ་སེང་ལྡེང་ཚེར་མ་ཟུག་པའི་མི་དེ་ཏིང་
འཛིན་བཟང་། །མི་རོ་མཁའ་ལ་ལྟ་བའི་སྙིང་ལ་ཅི་སེམས་ཁྱོད་ཀྱིས་ད་སྨྲོས་དང་། །སྐམ་དུ་སྨྱོ་ཆུ་འཐུངས་བ་འདི་ཡིས་རྒྱལ་པོའི་འཁོར་མི་འོང་། །ནམ་མཁའི་ནུ་མ་ལ་ནི་འོ་མ་འདོད་པ་ད་བཞོས་ཤིག །ནོར་བུ་རིན་ཆེན་གང་ནས་རྙེད་པའི་དུས་དེར་དབུལ་དང་བྲལ། །གཅིག་ཏུ་གྱུར་པས་
རི་རབ་དྲུང་དུ་རྨ་བྱའི་མདོངས་མི་གསལ། །སྐྱེས་བུ་གཤེད་མས་བཏང་བའི་བློ་སེམས་འདི་ལ་བལྟ་བར་བྱ། །དུད་འགྲོའི་ཁོང་དུ་གསེར་འགྱུར་རྩི་ཟོས་རྩྭ་གཞན་དག་དང་ཁྱད་པར་མེད། །དོ་ཐག་ཐམས་ཅད་རྩལ་གྱི་ཕུར་པ་འདི་ཡིས་བཟུང་བ་ཡིན། །སྟོབས་ལྡན་དེད་དཔོན་གྱིས་ནི་གླང་
པོའི་རྒྱབ་ཏུ་ད་ཁོལ་ཅིག །སྲིན་པོའི་ཁ་ནས་རླུང་གིས་བསྐྱོད་པའི་མེ་ནི་རྡོ་རྗེའི་གདན་ལ་འབར་བར་བྱེད། །འདི་ཡིས་གདོལ་པའི་གྲོང་རྣམས་འཚིག་པར་འགྱུར་བར་གདོན་མི་ཟ། །རྣམ་པ་དུ་མར་གྱུར་ཀྱང་གར་མཁན་ལུས་སུ་གཅིག་པ་ཡིན། །གྲིལ་ནས་ལམ་དུ་བུམ་པ་དངུལ་ཆུའི་
ཐིགས་པས་ཁེངས་པའི་ཚེ། །དེ་དུས་འཁོར་ལོའི་སྟེང་དུ་དཔའ་བོ་རྣམས་ནི་བཟི་རུ་ཆུག །རྒྱ་མཚོའི་རྦ་རླབས་འཁྲུགས་དུས་ཐབས་ལྡན་རུས་སྦལ་གཏིང་དུ་འབྲོས། །གླང་པོའི་མགུལ་གྱི་དྲིལ་བུ་འདི་ཡིས་མན་ངག་ཐམས་ཅད་བསྟན་ནས་སོང་། །སྨན་གྱི་ནགས་དེར་དྲང་སྲོང་གིས་ནི་དོར་བྱ་
རྙེད་མི་འགྱུར། །དུར་ཁྲོད་ཨུ་ཙ་ལར་བཛྲ་བཱ་རཱ་ཧཱིས་གསུངས་པའོ།། །།གཏེར་གྱི་ནང་དུ་གཏེར་ཚུད་དེ་དུས་མཁའ་ལ་འཇའ་ཚོན་སྣ་ཚོགས་འཆར། །མཐོང་དུས་དེ་ཚེ་ཁྱོད་ཀྱིས་ཁོང་དུ་གཞུ་ཡི་སྲད་བུ་ད་ཕུད་ཅིག །རང་གིས་བཅག་པའི་གསེར་ལ་ཀ་འཇིའི་དགོས་པ་མི་
བདོག་གོ། །མཐོང་སྣང་དགྲ་རུ་རེད་པ་གཏེར་སྲུང་མཁན་པོ་མེལ་ཙེ་རབ་ཏུ་བརྩོན། །རྒྱལ་པོས་མ་ཚོར་བ་ལ་དུར་བ་གསེབ་ཏུ་བདུད་རྩིའི་བུམ་པ་རང་གིས་བཏུང་། །སྦྲང་རྒོད་ལྟོ་རུ་ཟོས་ནས་འབྲས་བུ་མེད་པར་འདོད་པ་དེ་ནི་ཤིན་ཏུ་བླུན། །རྫིངས་ལ་གནས་པའི་དེད་དཔོན་འདོད་རླུང་བྱུང་བ་དེ་དུས་

རྒྱལ་མཚན་འཕྱར། །བུ་རམ་ཤུན་པ་འདི་ལ་ཡང་ཡང་བཤུས་ན་མངར་བའི་སྙིང་པོ་རྙེད་མི་འགྱུར། །རྨི་ལམ་དུ་ནི་གཏེར་གྱི་བུམ་པ་རྙེད་པ་དེ་ལ་སད་ནས་བླུན་པོ་ངུ་། །གཟན་ལ་བཅུམ་པ་རྒྱ་ཁྲ་འདི་ཡིས་མན་ངག་ཐམས་ཅད་བསྟན་ནས་སོང་། །གཏེར་མཛོད་རྙེད་པའི་མི་དེས་མཛའ་བོ་
ཤི་བའི་མྱ་ངན་དུས་དེར་བརྗེད། །ཤ་ཆགས་མིས་དེད་རྐྱལ་ཤེས་སྐྱེས་བུ་གངྒཱའི་ཕྱོགས་སུ་འབྲོས། །རུས་སྦལ་རྒྱབ་ཀྱི་རི་མོ་སུས་བྲིས་འདི་ཡི་མཁན་པོ་གང་ཡིན་ལོ། །དེད་དཔོན་ཁ་ལ་མི་ཉན་བློ་ཆུང་སྐལ་མེད་ནོར་བུ་རྦ་དོར་ལེན། །ཉ་བཏང་བ་ཡི་སྐྱར་མོ་དེ་དུས་མཁའ་ལ་དགྲ་ཡི་འཇིགས་པ་
བྲལ། །རིག་བྱེད་གནོད་པར་མཐོང་བའི་སྐལ་མེད་དེ་འོག་རང་སར་ཞོག །ཁབ་ལེན་རྡོ་འདི་ནམ་ཞིག་བཙུན་མོའི་དགྲ་རུ་ལྡང་བས་ས་ཡི་འོག་ཏུ་སྦོས། །གནད་དུ་མཚོན་ཕོག་དུས་དེར་རི་དགས་ཁྱུ་ནས་དགར། །ནོར་བུ་གླིང་ལ་ས་རྡོ་བཙལ་བས་མི་རྙེད་ཨ་རངས་རིན་པོ་ཆེ། །མཁའ་ལ་རྒྱུ་
སྐར་གང་ཡིན་ལྟ་ན་སེང་གེའི་གཡང་གཞི་གོན། །གསེར་འགྱུར་རྩི་ངོ་སྟོན་པའི་དྲིན་ཅན་གང་གིས་མཉེས་པར་བྱེད་པར་ནུས། །ཐབས་གཞན་མ་མཆིས་རྫ་ཆག་དུམ་བུར་བཟའ་བཏུང་སློང་ན་དགྱེས། །ཆུ་ཡི་རོ་རྣམས་རྒྱ་མཚོ་ཆེན་པོ་དེར་ནི་ཐ་དད་མེད་དེ་གཅིག །རོ་ལ་མཚོན་གྱིས་བསྣུན་
ཀྱང་དེ་ལ་མི་དགའི་རྟོག་པ་མེད། །གཡུལ་ངོ་ནམ་སྤྲོད་ཚེ་ན་གླང་པོའི་མཆུ་ལ་རལ་གྲི་གདགས། །རི་བྲགས་བར་དུ་སྡོད་པའི་གཅན་གཟན་སེང་གེ་འདི་ལ་གདམས་པ་ཡོད། །ཟོ་ཆུ་འཁོར་ལོ་འདི་ཡིས་མན་ངག་ཐམས་ཅད་དུས་དར་བསྟན། །སྲིན་མོའི་སོག་པ་མགུལ་དུ་ཐོགས་ན་མཁའ་
ལ་འཕུར་བར་འགྱུར། །རྡོ་རྗེ་གདན་དུ་མི་གཡོ་བས་གསུངས་པའོ། །བདེ་བར་གཤེགས་པ་ལུང་གི་བརྒྱུད་པ་ཡི་དམ་གྱི་ལྷས་བསྟན་པ་འཛམ་བུའི་གླིང་དུ་སྔོན་ཆད་མ་གྲགས་པའོ། །སངས་རྒྱས་གཉིས་པ་ལྟར་གྲགས་པ་བླ་མ་རྒྱ་གར་ནག་གུའི་ཞལ་སྔ་ནས་བོད་ཀྱི་བནྡེ་ཞ་མ་ལོ་ཙཱ་བས་
བྱིན་རླབས་ཀྱི་གནས་མཆོག་དིང་རིར་བསྒྱུར་ཏེ། བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་གཏད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མཧཱ་མུ་དྲ་ཨུ་པ་བཛྲ་གུ་ཧྱ་གཱི་ཏི། བོད་སྐད་དུ། ཕྱག་རྒྱ་ཆེན་པོའི་མན་ངག་རྡོ་རྗེ་གསང་བའི་གླུ། བཅོམ་ལྡན་

འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཀྱེ་ཧོ་རྒྱལ་པོའི་རིགས་རྒྱུད་བུ་ཡིས་འཛིན་འགྱུར་གྱི། །གསེར་འགྱུར་རྩི་ཡི་རིག་བྱེད་འཆང་གིས་རྟོགས། །རྒྱ་མཚོའི་ལམ་རྒྱུས་རིག་ལྡན་དེད་དཔོན་མཁས། །ཁྲི་སྙན་མིག་གིས་ནོར་
བུའི་ནུས་པ་ལྟ། །རི་ལུ་གྲུབ་པས་བྲམ་ཟེའི་བྱ་བ་རྫོགས། །གངས་ལས་བབ་པའི་ཆུ་ལ་དྲི་མ་མེད། །མུ་དྲ་ལས་བཏོན་གཟུགས་རྣམས་ཐ་མི་དད། །གསེར་ལ་དངུལ་གྱི་ར་མེད་ས་ལེ་སྦྲམ། །མཁན་བཟོས་མ་བྱས་བསེ་རུ་གཤགས་པའི་གཟུགས། །རྫིངས་ཀྱི་ཐག་པ་ལུ་གུ་
རྒྱུད་དུ་སྦྲེལ། །མ་གདྷཱ་པ་དཀོར་མཛོད་བུ་ལ་འབོགས། །མངའ་བདག་ཚིག་ལ་བཙུན་མོ་ཟུར་མི་གཡོ། །མཚང་ཤེས་དཀའ་བ་མ་ཡིན་སྒྱུ་མའི་འཕྲུལ། །སྦྲང་རྒོད་འཐུངས་པའི་ནུས་པས་ཡུན་མི་ཐོགས། །ཀ་འཇི་མི་དགོས་རང་གིས་བསགས་པའི་གསེར། །དམུས་ལོང་མིག་
ཕྱེ་ཡུལ་རྣམས་རང་ངོས་ཟིན། །རིན་ཆེན་གསེར་གྱི་སྐུད་པ་ཁབ་ཤུལ་འགྲིམ། །གླིང་ལས་སྐྱོལ་བའི་དེད་དཔོན་ཐེ་ཚོམ་བྲལ། །དྲང་སྲོང་གིས་ནི་གསོ་རིག་མཚང་རྣམས་གོ །ཟླ་བ་མཐོང་བའི་རི་བོང་སྙེམས་ལས་གྲོལ། །ལམ་ནོར་ངོ་ཤེས་དེ་དུས་གཉིད་དུ་ལྡོག །ག་བུར་ནུས་པ་
ཚད་པའི་སྟེང་དུ་རྒྱུག །ནོར་བུ་ལུས་ལ་བཏགས་ན་འདུ་བ་འབྱང་། །ལྟོ་འགྲོས་དྲི་ཚོར་མ་གི་ཏ་ལ་འབྲོས། །ཕྱུགས་བདག་མཐོང་བས་ཨུ་མ་ཅོད་པན་བཀྲོལ། །རྨ་བྱའི་ཕྲུ་གུ་དང་པོའི་ཚང་མི་འདོད། །དེད་དཔོན་གླིང་ལོན་ནོར་ལ་ཞེ་མི་གདུང་། །འཛའ་བོའི་བརྩེ་གདུང་གྲོགས་ཀྱིས་བསླུས་ཚེ་ཞིག །
དལ་བར་མི་འདུག་གསེར་ཚོན་རྙེད་པའི་མི། །དེད་དཔོན་རྒན་པོའི་གླིང་དོན་གཞན་གྱིས་ཕྱེད། །ཟུར་མ་མིག་ནས་བཏོན་པའི་ཉག་ཐག་མཉེན། །རྦ་ལས་འབྱོལ་བའི་གྲུ་པ་ཡན་ལག་བྲེལ། །ནོར་བུའི་འོད་ལ་རླུང་གིས་གནོད་མི་འགྱུར། །ནགས་ལ་གནས་པའི་གླང་པོ་རང་དབང་ཐོབ། །འཆི་
བའི་དུས་དེར་རྒྱལ་སྲིད་ཅུང་ཞིག་བྱ། །གདན་སར་ཕྱུང་བའི་ལྷ་སྲས་རྒྱལ་ས་ཐོབ། །དྲི་མ་དག་པའི་གསེར་བུམ་གང་ན་མཛེས། །ཁོང་གཟེར་བྲལ་བའི་དེད་དཔོན་ལ་ལྟོས་དང་། །གར་ཆང་འཐུངས་པའི་གྱད་ཀྱི་ཡ་ང་སྟོར། །རློམ་སེམས་མི་སྐྱེ་རྒྱལ་ངོ་ཤེས་པའི་མི། །དད་པ་རྐྱེན་གྱིས་

བསྐུལ་བ་བུ་ཤིའི་མ། །ཁྲི་མོན་ནང་དུ་གསེར་སྒྲོག་ཅི་ཞིག་བྱ། །གཟིངས་ཀྱི་སྟེང་དུ་དེད་དཔོན་མིག་བས་གཅེས། །གླིང་ལས་བླངས་པའི་ནོར་བུ་གཅེས་སྤྲས་ཐོབ། །གཟིངས་ཀྱི་བཟོ་ཚར་དེད་དཔོན་ཤོལ་མི་ཐེབས། །ཚ་གྲང་གཉིས་ཀ་སེལ་བ་སེང་གེའི་སྤུ། །བཟའ་བཏུང་མི་དྲན་དགུན་
ཆུ་འཐུངས་པའི་སྦྲུལ། །སོ་བཏང་བུམ་པར་གསེར་གྱི་སྣོད་ཀྱང་བཏུབ། །རི་བྲགས་བར་གྱི་སེང་གེ་ཟླ་མི་སྙག །ཁྱུ་མཆོག་ཐོང་མཁན་ཞིང་གི་མཐའ་མི་མཐོང་། །གཅིག་པུར་གནས་པའི་བསེ་རུ་སྡུག་བསྔལ་བྲལ། །དྲང་སྲོང་རྒྱལ་མཚན་མགོན་བསྲུང་སྡོམ་མེད། །འགྲོ་བར་མ་ཆད་གླིང་
ལས་བོད་མི་འགྱུར། །རྙོང་ལ་བརྩེ་བའི་སྤྲེའུ་སྙིང་རེ་རྗེ། །འདབ་གཤོག་རྒྱས་པའི་ཕྲུ་གུ་ནང་ནས་འཕུར། །སྐྱུག་ནད་ཅན་དེས་ཟས་ཀྱི་འཁྲི་བ་ཆོད། །རབ་ཏུ་བྱུང་ཚེ་བྱ་བ་དམན་པ་འདོར། །རི་དགས་ནད་པ་ཁྱུ་ནས་འགར་ན་བདེ། །རིགས་ངན་བུ་མོས་འཇོ་སྒེག་སྤངས་ནས་འདུག །དུར་སྲུང་མི་ལ་མཛའ་བོས་ཅི་ཞིག་
བྱ། །རབ་ཞུབ་མ་བཅས་དཔའ་བོས་གཡུལ་མི་ལྡོག །ལྗོན་ཤིང་གྲིབ་ལ་དུབ་པའི་སེམས་ངལ་སོས། །རྒྱན་གྱིས་སྤྲས་པའི་བཙུན་མོས་གཞན་ཡིད་འཕྲོག །འདོད་དགུའི་འབྱུང་གནས་རིན་ཆེན་གཏེར་གྱི་སྒྲོམ། །ཐབས་ལ་མི་རེ་ཛྭ་ལ་འབར་བའི་ནད། །དཔོན་ལ་མི་བརྟེན་རིག་བྱེད་
ཚར་བའི་མི། །རང་གི་མཐེབ་མཛུབ་གཞན་གྱི་ལག་པ་མིན། །གར་ཡང་བདེ་བ་ལང་ཚོ་རྒྱས་པའི་ལུས། །མཐོང་བས་ཆོག་པ་རྩི་མཆོག་གསེར་འགྱུར་བཟོ། །ཁྱིམ་ལ་མི་དགའ་བུ་མོའི་བློ་མི་འཕྲོགས། །ཨུ་རྒྱན་དུར་ཁྲོད་སྲིན་མོ་ཁྲོས་པའི་ས། །ཐུབ་པའི་བཞུགས་ས་མི་ནུབ་རྡོ་རྗེའི་
གདན། །དགོས་པའི་རྐྱེན་ཚོགས་ཀཱ་ལིང་ཀ་ཡི་གནས། །རྒྱ་མཚོའི་བས་མཐར་སྦྲུལ་གྱི་དུག་མི་འབྱུང་། །རིན་ཆེན་རྫོང་ལ་འཇིགས་པའི་ཡ་ང་བྲལ། །གཡོ་སྒྱུ་སྤངས་པ་མ་ག་དྷཱ་པའི་མི། །སྨྲ་བར་མི་ཕོད་བཙུན་མོ་བསྣོལ་གྱི་མཚང་། །གདིང་ལ་ངར་ཐོགས་གཅན་གཟན་སེང་གེའི་
བུ། །ཐུར་གཞོལ་ལམ་དུ་ཤིང་རྟ་འགྲོ་བར་བརྩོན། །མེལ་ཙེའི་བར་མེད་བུ་གཅིག་ཕ་ཡི་མ། །རྒྱ་མཚོའི་ལམ་བརྒྱགས་དེད་དཔོན་ཉམས་ལ་དྲིས། །གསོ་རས་ཆར་བསྲུང་གླིང་ལོན་ཁོམ་པར་གཅེས། །གཟིངས་ཀྱི་ཆ་རྐྱེན་དེད་དཔོན་ཁོ་ཚགས་བྱེད། །ཡུལ་གྱི་འཁྲི་བ་ཉག་

ཐག་བཅད་དུས་ཞིག །འདོད་པའི་རླུང་བྱུང་དེད་དཔོན་བློ་སེམས་བདེ། །གླིང་དོན་མ་གྲུབ་དེད་དཔོན་ཕྱིར་མི་ལྡོག །འགྱུར་བ་མེད་པ་རྒྱལ་པོས་གསུངས་པའི་ཚིག །སྦྲང་ཚང་འབེབས་དུས་ཡིད་ལ་གོ་ཆ་བྱེད། །གར་ཆང་བླུད་པའི་གླང་པོ་འཆམ་པའི་རྟགས། །མིག་
གསེར་མཐོང་བའི་ལས་མིས་བདེ་སྡུག་སྤངས། །དར་གྱི་སྲིན་བུ་ཁ་ཆུ་ཟགས་པས་ཕུང་། །དེ་ནི་གཞན་གྱིས་མ་ལན་རང་ལས་སྐྱེས། །ཆང་ལ་ཉེས་སྐྱོན་ཡོད་པ་མ་ཡིན་ནོ། །མ་རིག་སྟོབས་ཀྱིས་ཁ་ཆུ་མང་དུ་སྐྱུག །རང་ཉིད་ཕུང་བར་བས་ཀྱིས་གཞན་དུ་མིན། །ལྕགས་སྲེག་
ས་གཞི་མེ་ཚོགས་རྒྱུས་མ་བསྐྱེད། །འབྱར་རྩི་ངོ་ཤེས་ཆེད་དུ་རྩེ་བ་གླེན། །སྨིག་རྒྱུ་ཆུར་མཐོང་རི་དགས་སྙིང་རེ་རྗེ། །ཐིག་ལེ་མ་ཡལ་རྒྱ་ཁོལ་དལ་མི་འགྱུར། །བེར་ཀ་གཉིས་ཕོག་མི་དེ་ཅི་རུ་རུང་། །གཏེར་གྱི་བདག་པོ་མི་རེ་རིགས་ངན་བུ། །དུད་པས་མི་འཇིགས་རྩི་མེད་སྦྲང་མའི་
ཚང་། །འཆི་བདག་ཁ་རུ་མ་ཚུད་སྐྱེ་འགྲོ་གང་། །ལུས་ལ་འབྱུང་བ་མ་འཁྲུགས་རྡོ་ཡི་མི། །མིང་ནས་བོས་པས་ཤི་བ་ལྡོག་གམ་ཅི། །མཐོང་སྣང་དགྲ་རུ་རེད་པ་དུག་སྦྲུལ་མིག །ཁྱོད་ལ་ཤིང་ལོས་གནོད་པ་སྐྱལ་བ་མེད། །བྲག་ཅའི་སྒྲ་ལ་བུས་པ་སྙན་སྡུག་རྩིས། །རྨི་ལམ་གཏེར་
རྙེད་སད་ཚེ་མྱ་ངན་བྱེད། །གྱོད་ཁེངས་ལངས་པའི་སྤྱང་ཀི་ར་ལ་རྨུགས། །འཕགས་པའི་རིགས་ཅན་དགྲ་ལ་བུ་རུ་ལྟ། །གནོད་པ་སྐྱལ་དུས་སླར་ལ་གཅེས་པར་འཛིན། །ཕན་ལེན་མ་བཏགས་སྐྱེ་འགྲོ་རྣམས་ཀྱིས་མེད། །ཁྱི་ཁྲོས་རྡོ་ལ་འཆའ་བ་སྙིང་རྗེའི་ཡུལ། །རྩྭ་མེ་རུམ་དུ་བསད་དུས་
དུ་བ་འཆད། །མཐོང་སྣང་ལོག་པའི་རི་དགས་བདེ་བ་སྟོར། །ལུས་ལ་རང་དབང་མ་ཐོབ་སྡུག་བསྔལ་བརྟེན། །ཚེ་མཐའ་རིང་བས་ཕུང་བ་དམྱལ་བའི་ལུས། །འདི་ལ་བདེ་བའི་བར་མཚམས་འདུག་གམ་ཅི། །ས་བོན་མ་རུལ་ནྱ་གྲོ་ལོ་འབྲས་རྒྱུ། །དེད་དཔོན་སྙིང་ཁྲག་འཐུངས་པ་སྐལ་
བར་ལྡན། །ཐིགས་པ་བསགས་པའི་རྒྱ་མཚོ་ངོ་མཚར་ཆེ། །ནམ་མཁའ་མཐོང་བས་དབྱིངས་ཀྱི་ཕྱོགས་འཛིན་ཞིག །ཡུད་ཙམ་མཐུད་པས་བསྐལ་པ་འཛད་པར་ལྟོས། །རྒྱུས་སྐུད་ལམ་སྣ་འཁྲིད་པ་ཕག་རྒོད་སྤུ། །ཁྲི་སྙན་པགས་པ་མ་གོན་དྲང་སྲོང་མིན། །གྲུ་པ་ཡན་ལག་

བྲེལ་བ་རང་གི་ཆེད། །འདབ་གཤོག་རྒྱས་ཚེ་ཚང་ན་འདུག་ཀྱང་མཁའ། །ཡིད་བཞིན་ནོར་བུའི་དགོས་པ་གང་ཡིན་ལྟོས། །མེ་ཏོག་ལས་བྱུང་སྒང་བུ་དུས་སུ་སྨིན། །བུམ་པ་བཟང་པོ་དགོས་འདོད་འབྱུང་བའི་སྣོད། །མར་གྱི་རྒྱུ་ནི་འོ་མ་ཡིན་པར་ངེས། །རྙེད་པར་མི་འགྱུར་སེར་པོ་དོར་བའི་
གསེར། །ཉི་མའི་ཟེར་གྱིས་མུན་པའི་གྱ་རུམ་འཇོམས། །གསེར་དུ་སྣང་བའི་དངུལ་ཆུ་གཞན་དུ་མིན། །ཆུ་ལ་ཆུ་བཞག་ཐ་དད་མི་སྣང་ངོ་། །མར་ལ་མར་བཞག་དེ་བཞིན་ཉིད་དུ་བས། །མཐའ་ཐན་ན་ར་གཉིས་སུ་གང་གིས་འབྱེད། །རྒྱ་མཚོའི་རླངས་པ་སྤྲིན་གྱི་ངོ་བོར་གཅིག །མཁའ་
ལ་ལྕགས་དབྱུག་ཤུལ་ལ་ཁྱད་པར་མེད། །རྩི་ལེན་པ་ཡི་སྦྲང་མ་ལ་ལྟོས་དང་། །གླང་པོའི་རྒྱབ་ཁལ་གྲོག་མའི་ལྟོ་རུ་འཛད། །རྒྱལ་པོའི་སྐུ་ལ་དྲི་མས་གང་ཚེ་འགོས། །ཕྲ་རབ་རྡུལ་གྱི་ནུས་པ་ངོ་མཚར་ཆེ། །མཁས་པའི་བཟོ་ནི་རིམ་པ་བཞིན་དུ་ཚར། །ཐབས་ལྡན་ཞིང་པ་
རིགས་སྣ་མཆུ་རུ་བསྲིང་། །ཁྱོད་ཀྱིས་ཡུར་བ་འགགས་པ་ཕྱིར་སོལ་ཅིག །འདུས་པའི་ཁམ་ཤིང་འབྲས་བུ་ལ་ལྟོས་དང་། །ཙནྡན་སྡོང་པོ་སྦྲུལ་གྱི་སྐྱབས་གནས་ས། །ཆུ་ཐིགས་རྒྱ་མཚོར་བོར་བ་སྐམ་མི་འགྱུར། །རྒྱན་རྣམས་འབྱུང་བ་ཞུན་སྦྱངས་ཚར་བའི་གསེར། །བུ་ཚིས་
མི་དྲན་རྒྱ་མཚོའི་གྲུ་ཞིག་མི། །སྒྲ་མི་སྙན་པ་ནོར་ལ་ཞེ་མི་གདུང་། །གླིང་དོན་མི་གཉེར་དེད་དཔོན་ཅི་རུ་རུང་། །སུ་ཞིག་བདེ་འདོད་རྒྱབ་ཀྱི་ཁུར་ཚ་བོར། །དམུས་ལོང་ཕྱེ་བའི་མི་ལ་དྲིན་བཟོ་རིགས། །རྦ་འཁོར་ཕྱོགས་ནས་བཟློག་པའི་དེད་དཔོན་བཀུར། །མུན་རུམ་ནང་དུ་མཁའ་ལ་ཟླ་བ་
གཅེས། །འདམ་ནས་འདོན་པའི་མི་ལ་སུ་ཞིག་རྒོལ། །གླིང་བླན་དེད་དཔོན་སྤྱི་བོར་ལོང་ཤིག་དང་། །ཤར་ནས་ན་བུན་ཨུཏྤལ་ཆུ་ལ་མེད། །ཐད་ཀར་མི་གནས་མཁའ་ལ་ཤར་བའི་འཇའ། །རྫིང་གི་ཆུ་ནི་ཕིག་པར་གྱུར་ཚེ་འཛད། །ཆུ་ནི་ཐུར་གཞོལ་གྱེན་ལ་བཟློག་མི་
འགྱུར། །འགྲོ་དོན་མི་མཛད་ཐུབ་པ་ཅི་ཕྱིར་འདའ། །སྨིག་རྒྱུའི་ཀླུང་ལ་ཆུ་ཡི་འདུ་ཤེས་བོར། །བདེན་པ་མ་ཡིན་རྨི་ལམ་གཏེར་རྙེད་དུས། །འཁྲུལ་གྱི་བུ་མོ་འདི་ལ་མ་ཆགས་ཤིག །མཚང་ཅན་གཤེད་མས་ཟིན་པའི་སེམས་དེ་ལྟོས། །གསེར་དང་གྲེས་མ་སྒྲོག་གི་ངོ་བོར་མཉམ། །

མ་ཟོས་བུ་རམ་མཐོང་བས་མངར་མི་འགྱུར། །མ་དཀྲོགས་ཞོ་ཡི་ནང་ནས་མར་མི་རྙེད། །མ་འཐུངས་ག་བུར་ཚད་པ་སལ་ལམ་ཅི། །མཆོག་གི་ནོར་བུ་སྦ་བར་བྱ་བ་མིན། །རྡུམ་པོའི་ལག་ཏུ་སྟ་རེའི་ནུས་པ་སྟོར། །ཕོལ་འབྲས་རྨ་ལ་དགོས་པར་མཐོང་བ་སུ། །
ཆུ་ཤིང་སྙིང་པོ་རྙེད་པའི་མི་དེ་གང་། །གསེར་མེད་པ་ཡི་ལས་ཀ་དགོས་པ་མེད། །མཐོང་བཞིན་དུ་ནི་དོང་དུ་འགྲོ་མི་རིགས། །དུག་ཆུ་འཐུང་འཕྲོ་མ་ཆད་བདེ་མི་འགྱུར། །ཧ་ལ་སོང་བའི་སྨན་མར་ཅི་རུ་རུང་། །དུས་དེ་ཉིད་དུ་སྦྲང་ཆང་འཐུངས་པས་བཟི། །འགྲོ་དུས་ཕུང་པོ་རྙི་ཡི་གཟན་ལེན་
བྱས། །རྨོངས་པ་སྲིན་མོས་ཅོད་པན་བཅིངས་ལ་དགའ། །མཆིལ་པས་ཟིན་པས་ཉ་ཡི་བདེ་བ་སྟོར། །འཆི་འདོད་ནད་ལ་དྲང་སྲོང་ངག་མི་ཉན། །དེ་ནི་གནོད་པའི་ཁ་ཟས་བསྟེན་ལ་དགའ། །ཕན་པའི་སྨན་ལ་གཅེས་པའི་འདུ་ཤེས་བོར། །འདུ་བ་བསྐྱེད་པའི་སྤྱོད་ལམ་ཆེད་དུ་བྱེད། །སྨན་
ལ་ནུས་པ་མེད་ཅེས་རྨོངས་པ་སྨྲ། །མི་གྲུབ་ཁས་བླངས་རྒྱལ་པོའི་བཀའ་ཆད་གནས། །བཤལ་རྗེས་མི་སྲུང་རང་ལ་གནོད་པར་བས། །ནོར་བུའི་ནུས་པ་ཐལ་བས་བྱིབས་ཚེ་སྟོར། །སེང་གེའི་འོ་མ་རྫ་ཡི་ནང་དུ་མིན། །ཆད་མེད་དུ་བའི་བུས་པ་ཤ་རེ་ཆད། །བསྟེན་འཕྲོ་བཅད་པར་མི་
རིགས་ཕན་པའི་སྨན། །སྟོང་ལོག་མི་བྱ་རིན་ཆེན་གླིང་གི་མི། །འགལ་དུ་མི་རུང་འཁོར་ལོས་སྒྱུར་རྒྱལ་གཉའ། །མཚུར་མེད་གསེར་གྱིས་དངུལ་ཆུ་ལྕགས་མི་འགྱུར། །རང་ཉམས་མ་ལོན་གྱད་ལ་བསྡོ་མི་རིགས། །འབྲས་བུ་སྨིན་པས་གཉུག་མའི་རྩ་བ་བརླག །ཕྱུགས་བདག་ལིངྒ་
མཆོད་པའི་དྲི་མས་ཁྱེར། །འཁྲུལ་པའི་རྒྱལ་པོ་འབངས་ཀྱི་གཡོག་ཏུ་རྒས། །ངོ་མཚར་ཆེ་བ་གསེར་མཆོག་གསེར་འགྱུར་རྩི། །མདོངས་ལ་ལྟ་བའི་རྨ་བྱ་གུད་ནས་འཆི། །དུག་གི་ཆུ་ནི་བཏུང་བར་བྱ་བ་མིན། །བྲམ་ཟེ་ཆང་གིས་བཟི་བཅོས་བྱས་དུས་ལད། །མིག་གི་རིན་ལ་ཅི་བཏུབ་སོམས་
དང་ཀྱེ། །རྒྱུས་མེད་ཚོང་ལྡོང་ལུས་ལ་བེར་ཀ་འཕོག །བཟོ་ཡི་རིག་བྱེད་ཚོང་ལ་གཞུག་པ་མིན། །སྟག་གི་རི་མོ་བཀྲ་བས་གྱོད་ལ་གཏུགས། །ལུས་ལ་རླུང་མཁྲིས་ཕྱི་ནས་ཞུགས་པ་མིན། །རྩལ་གསུམ་རྫོགས་པས་ཕུང་བ་སེང་གེའི་ལུས། །དོམ་གྱི་སྡུག་བསྔལ་སྦྲང་རྩི་རྙེད་དུས་

བླང་། །ཚོང་དུས་དབུས་སུ་དོན་སྟོར་དོན་མི་འགྲུབ། །བསེ་རུ་ཚོལ་བའི་མི་དེ་སྡུག་བསྔལ་ཆེ། །དོགས་པས་ན་བའི་ཁོང་ན་དུག་ཡོད་མིན། །ཀླུ་མཆོག་མགོ་བོ་དེ་ཉིད་སྡུག་བསྔལ་རྟེན། །དྲི་ཟའི་བུ་ནི་རྒྱུད་མངས་སྒྲ་ཡིས་བཅིངས། །སྦྲང་མའི་ཚང་ནི་རྩི་མང་སོག་པས་ཕུང་། །ཐར་ལམ་
འདོད་པས་ཁྱི་ཡི་སྙིང་ཕྱུང་ཅིག །ལྕགས་ཀྱུ་དང་བྲལ་གླང་པོ་བདེ་བར་གནས། །རྒྱལ་པོའི་ཞབས་ཏོག་བསྔོ་བགྲངས་བྱས་ཚེ་ཡལ། །བྱ་ཡི་ཕྲུ་གུའི་གཅེས་འཛིན་དགོས་པ་གང་། །དངུལ་ཆུ་སྣོད་དུ་ཟགས་པར་གྱུར་ཏ་རེ། །སྲིན་བུ་མེ་ཁྱེར་དྲེགས་པས་རྒྱལ་རིན་མེད། །ནེ་ཚོའི་ཕྲུ་གུ་སྨྲ་མ་
ཤེས་པས་མཚང་། །སྦྲང་ཚང་མཐོང་བའི་དོམ་མིག་མཁའ་ལ་ལྟ། །དེ་དུས་ཟིམ་བུམ་མྱོང་སྡུག་བསྔལ་རྒྱུ། །ཁ་བྲག་ལམ་དུ་རྒྱུས་མེད་མི་ཐེ་ཚོམ། །ཆུ་ཀླུང་མུ་རན་སྡོང་གྲུ་ཉལ་བའི་སྔས། །སྦྲང་རྩི་མྱོས་པས་རྔ་མོ་གྱོད་ལ་གཏུགས། །བག་མས་ལྟད་མོ་མ་མཐོང་ཚོང་དུས་དབུས། །སོས་
བཞིན་བསྟེན་ན་སྨན་མཆོག་དུག་ཏུ་འགྱུར། །དོན་གཅིག་མི་འགྲུབ་གཉིས་འཛིན་ཅན་གྱི་བློ། །ཁྱིམ་ལས་མ་འཕགས་དེད་དཔོན་གླིང་མི་ལོན། །བརྟག་པའི་མཚང་མེད་ནོར་བུ་དབྱིག་ལ་བདར། །སྟོད་ལ་མནན་པའི་སྤྲེའུ་རྐང་ལག་བྲེལ། །ནད་ངོས་མ་ཟིན་བཅོས་ཀ་ཁྲོ་ལོག་བསྒྱུར། །དེད་
དཔོན་མཛོད་མཐོང་ཁྱིམ་བདག་རྡང་ངོ་ལྡང་། །སེང་གེའི་མགོ་བོ་མཐུར་གྱི་ཕྱིར་མི་འབྲང་། །མཁའ་ལྡིང་གཤོག་རྫོགས་ཚང་ལ་མིག་མི་ལྟ། །ཟླ་བོ་མཐོང་དུས་བསེ་རུ་གུད་དུ་གབ། །གྲོང་ལས་འགྲིངས་པའི་ཅེ་སྤྱང་ལུས་སེམས་བདེ། །དགྲ་ཡི་སྡུག་བསྔལ་བྲལ་བ་གཅེར་བུའི་ལུས། །
འབག་གི་རིག་བྱེད་གསོ་ཡི་བཟོ་ལ་གནོད། །མ་ཧེའི་སྒྱིད་འཁྱོལ་འགྲོ་ལམ་ཐུར་གཞོལ་བདེ། །མཁས་པས་མི་ཆུན་བླུན་པོས་སྦྱངས་པའི་གླང་། །ལྟོ་རུ་དུག་ཟོས་ཞུ་རྗེས་བདེ་མི་འགྱུར། །རྨོངས་པའི་ངག་ལ་ཉན་པས་འཚེངས་པ་གང་། །ཐར་ནས་བཙོན་རར་སྙགས་པ་སྙིང་རྗེའི་ཡུལ། །
ལུ་གུ་རྒྱུད་ཀྱི་ཁོང་སྒྲིལ་བཅད་པར་དཀའ། །ལྷ་ཡི་ཞེ་སྡང་སྐྱེ་ས་རྩུབ་འགྱུར་ཚལ། །དགེ་སློང་འདུག་ས་བཙུན་མོའི་ཁྲོད་མ་ཡིན། །ཞགས་པས་ཐེབས་དུས་སྤྲེའུ་ནགས་དང་བྲལ། །སུན་བཞིན་དང་དུ་ལེན་པ་སྡེ་པའི་དཔོན། །གསེར་མགར་མགུལ་དུ་རང་གི་རྒྱན་མ་ཐོགས། །བྲན་

མོས་རྙེད་ཀྱང་ནོར་བུ་རྗེ་བོས་འཁྱེར། །ན་སོ་རྒས་པའི་དེད་དཔོན་གླིང་མི་ལོན། །བུ་ཡིས་བརྡུངས་ཀྱང་ཚ་བོ་གཅེས་པར་འཛིན། །དུར་ཁྲོད་ནང་དུ་སེང་གེའི་རྩལ་མི་འབྱོངས། །ཝ་དོམ་སྤྱོད་པས་སྡེར་ཆགས་ཟིལ་མི་ནོན། །གྲུམ་པ་དང་འགྲོགས་སྙིང་སྟོབས་
ཉམས་གྱུར་ནས། །བྱི་མོས་མིག་འབྲངས་ཕ་ཡི་ཡུལ་མི་ཟིན། །གངས་དང་བྲལ་བས་ཁྱི་ཡིས་མཆེ་བ་གཉེར། །ཁྲ་ཡིས་དེད་པའི་སྐྱར་མོ་ཉ་ཡིས་ལན། །དྲི་མ་མི་ཆགས་ལྷུང་བཟེད་སྟོང་པའི་སྣོད། །འཁོར་ལོའི་སྒྲམ་གྱིས་ཤིང་རྟ་དལ་མི་སྟེར། །རྒྱལ་པོ་དམངས་སྤྱོད་སུ་ཡི་མིག་
སྔར་མཛེས། །རྩི་ལ་ཆགས་པའི་སྦྲང་མ་དུད་པས་འཚལ། །པདྨའི་སྟེང་ན་འཕྲུལ་གྱི་བུམ་པ་མཛེས། །རྡུལ་གྱིས་མ་གོས་གཡའ་མེད་དངས་པ་ནི། །སྐྱོན་དང་བྲལ་བའི་འོད་ཟེར་ར་བ་ཅན། །ལུང་ཐག་མ་བཏགས་ཉི་ཟླའི་རྒྱན་གྱིས་སྤྲས། །རྙེད་པར་དཀའ་ཕྱིར་བཙོང་བར་ཕོངས་པ་ཡིན། །
པདྨའི་ལྦ་བ་ཐུར་ལ་ཁ་མི་འབྱེ། །ཙནྡན་ཆུ་ནི་སྐྱོན་བྲལ་སྣོད་དུ་བླུགས། །དངུལ་གཞོང་མ་ཕྱིས་རྒྱལ་པོའི་གསང་མི་འདྲེན། །མཁར་མའི་སྦྱང་དུ་སོ་བ་བླུགས་མི་བྱ། །ཆུ་བོ་བཞི་འབབ་རྒྱ་མཚོ་ངོམས་མི་འགྱུར། །དེད་དཔོན་རྙེད་དུས་གླིང་དོན་བསྒྲུབ་པར་བྱ། །བཞི་མདོའི་ཚོང་འདི་གཟིངས་ཀྱི་འགྲོས་
ལ་གནོད། །ཚེས་གསུམ་ཟླ་བ་རྒས་པའི་དུས་ལ་བསྙེན། །ཆུ་གང་འཁོར་མས་དེད་དཔོན་དོན་སྟབས་གཅོག །ཁྲི་མོན་ཁ་རུ་ལྷ་ཡི་སྲས་མོ་བྱུར། །གླིང་ལ་རྟོལ་བའི་ཚོང་པའི་བློ་མི་བརྟན། །དུག་སྦྲུལ་གཙུག་གི་ནོར་བུ་བླང་མི་བྱ། །གྱད་ཕྲུག་རྩལ་སྦྱོང་སེམས་དེ་དོར་ཅིག་དང་། །
བཙུན་མོའི་བསྲུང་མཚོན་མ་ལ་བཅོལ་བ་མིན། །ཐར་པ་འདོད་ན་མཚལ་གྱི་ཐིག་ལེ་བསྲུབས། །འདམ་ཡོད་ཆུ་ལ་རྙོག་པས་དངས་མི་འགྱུར། །ཁྱི་རྒོད་མཐོང་དུས་མི་སྲོག་རང་བཅོམ་སྐྱུང་། །དྲི་ཟའི་གྲོང་ཁྱེར་བལྟ་བར་བྱ་བ་མིན། །གྲོག་མའི་སྤྱོད་པ་བོར་ན་ངེས་པར་བདེ། །ཏིལ་གྱི་
མེ་ཏོག་མི་བཏོག་བཅད་པར་ཕངས། །ཤིང་ལོའི་སྟེང་ན་དུར་སྲུང་ཡན་ལག་དལ། །བུད་མེད་ཁྱིམ་གྱིས་སུན་པ་དེ་ལ་ལྟོས། །སྟོབས་ཀྱིས་འཁྲུལ་པའི་འཁོར་ལོའི་གཤོག་པ་བྲེལ། །རྩི་ཡིས་ཟིན་པའི་ལྕགས་འདི་གསེར་དུ་འགྱུར། །གསེར་ལངས་ས་བོན་ཡོངས་སུ་བསྔོ་མི་བྱ། །

ནམ་མཁའི་ངང་ལ་ཤར་ལྷོ་ཕྱོགས་མཚམས་མེད། །དར་གྱི་ཚོས་ཀྱིས་ཤེལ་གོང་ཁ་དོག་བསྒྱུར། །མདོག་དབྱིབས་ཐ་དད་སྤྲིན་གྱི་ཡལ་ས་མཁའ། །མོ་གཤམ་བུ་ཡི་བག་མ་ངས་མ་མཐོང་། །ཀཱཪྵཱ་པ་ཎིས་དུང་གི་ཁ་དོག་མཚོན། །ནམ་མཁའ་སྐྱེད་པར་བྱེད་པའི་འ་མ་སུ། །འཇིག་
ཆགས་བསྐལ་པས་ནམ་མཁའ་གཡོ་མི་འགྱུར། །དཀར་ནག་ཚོན་གྱིས་མཁའ་ལ་གོས་པ་མིན། །ནམ་གྱི་ཚེ་ནས་ནམ་མཁའ་ཡོད་པ་མིན། །ནམ་མཁའ་གང་ནས་བླངས་པ་ཁྱོད་ཀྱིས་སྨྲོས། །འཇའ་ཡི་ཁ་དོག་རྒྱང་ནས་འོད་དུ་གསལ། །གམ་དུ་ཕྱིན་ནས་བཙལ་བས་མ་རྙེད་
དོ། །ཡོད་མེད་གཉིས་སུ་སྨྲ་བ་གང་གིས་ནུས། །ལྕགས་ཀྱི་ཐོ་བ་གང་གིས་ཕིག་པ་ཡིན། །དྲ་བ་དབང་པོའི་གཞུ་འདི་མཁའ་ལ་ཡལ། །སྦལ་བའི་སྤུ་ཡི་ལ་བ་སུ་ལ་ཡོད། །བྲག་ཅའི་སྒྲ་འདི་གང་གི་ཁ་ནས་བརྗོད། །ཆུ་ཟླ་ཚོལ་བའི་སྤྲེའུ་སྙིང་རེ་རྗེ། །ཀུ་བའི་ནང་འདི་ཅི་ཡིས་བྲུས་
པ་ཡིན། །མཁའ་ལ་འཇའ་ཤར་ཆོས་རྣམས་བསྟན་ནས་སོང་། །ནམ་མཁའ་འཕེལ་དུ་མ་སོང་ལྟོས་དང་ཀྱེ། །ཨེ་མ་ནུབ་པར་ཀྱང་ནི་གྱུར་མ་ཡིན། །ཆགས་པའི་རྟེན་ས་གང་ལས་བྱས་པར་འགྱུར། །འདི་ཡི་རྒྱུ་རྐྱེན་ཅི་ལས་བྱས་པ་ཡིན། །ཕན་ཚུན་ཐ་དད་མེད་པར་ངོ་མཚར་ཆེ། །ཀྱེ་
ཧོ་སྒྱུ་མའི་སྐྱེས་བུའི་འདུ་ཤེས་སྟོར། །དོན་བྱེད་མི་ནུས་རྨི་ལམ་ནོར་གྱི་གཟེབ། །རྡོ་ཡི་མི་ཡི་རིག་བྱེད་གང་དུ་སོང་། །གླང་པོའི་མགོ་ལ་རྭ་མེད་ཆག་དོགས་བྲལ། །ཆུ་ཤིང་སྙིང་པོ་ཕྱི་ནང་གཉིས་ཀར་མེད། །དུག་སྦྲུལ་མ་བལྟས་སྒོ་ང་བླང་མི་རུང་། །དྲང་སྲོང་ནད་ཀྱི་གྲོགས་དང་གཉེན་
པོ་སོམས། །དེད་དཔོན་བུ་ནི་ཡབ་ལ་གླིང་རྒྱུས་འདྲི། །གྲུ་ཆེན་ལ་གནོད་དགྲ་རྣམས་ཕྱི་རུ་སེལ། །དགོས་པའི་རྐྱེན་དང་མི་འབྲལ་ཚ་ར་གྲིམས། །ཉ་སྦྲུལ་ཤ་ནི་ནོར་ཉེན་ཆེ་བས་བརྟག །འགྲོ་མགོན་གྱིས་ཀྱང་ནམ་མཁའི་མུ་མ་གཟིགས། །དམྱལ་བའི་ལུས་ལ་ཚ་གྲང་གོ་སྐབས་མེད། །
ཁ་དོག་བསྒྱུར་ཟིན་མཚུར་དུ་སྦངས་ན་ལྡང་། །གསོ་རས་ཐལ་ཁུར་འཇུག་པ་དྲི་མ་མེད། །ཁྲི་ཤིང་ལོ་འབྲས་སྨིན་པར་གྱུར་ཚེ་རྩོག །གལ་ནང་ཟས་ལེན་དེ་དུས་ཉིད་དུ་ཕུང་། །ཚོང་ཁང་ནང་གི་འགྲོན་པོ་སྔ་རིམ་འགྱེས། །སྲིན་གྱི་ཁ་ཆུས་རང་ཉིད་འཆིང་བར་འགྱུར། །རྩྭ་ཡི་སྒྲོན་མེ་

མཆེད་པ་རབ་ཏུ་རྐྱེན། །རྒྱ་མཚོ་སྒྲོལ་བའི་གྲུ་ལ་ཟག་ལྷན་གཅེས། །དྲེགས་པས་མྱོས་པར་མི་འགྱུར་ནད་པའི་ལུས། །རང་སྲོག་སྟེར་བའི་དྲང་སྲོང་ལན་ལོན་ཅིག །ཕན་པའི་སྨན་མར་འབོར་བར་བྱ་བ་མིན། །རྒྱ་མཚོའི་ལྦུ་བ་ཡལ་བའི་རྗེས་མི་ལྟ། །གདན་
ས་མ་སྤངས་རྒྱལ་པོས་ཆོས་མི་འགྲུབ། །ཁྱིམ་དོར་ནགས་སུ་འདུག་པའི་མི་དེ་བདེ། །དོམ་གྱི་སྙིང་ཁྲག་མ་འཐུང་ཁ་ལ་ལྟོས། །མེ་ཏོག་རྩི་ཡིས་སྦྲང་མ་དལ་མི་སྟེར། །བུ་རམ་མུར་བའི་ལྐུགས་མ་ཁ་རོག་འདུག །གླིང་ལ་དབང་བའི་རྒྱལ་པོ་བུ་དང་འགྲོགས། །འཁོར་ལོས་
བཙལ་བའི་ལམ་ལ་ཞུགས་པར་བྱ། །ཁང་བཟང་རིན་ཆེན་སྤང་དུ་མི་རུང་ངོ་། །དྲི་མ་ཅན་གྱི་ཟས་སྐོམ་མི་བརྟེན་ཅིང་། །ཁྱིམ་བདག་དཔའ་བོ་ཕྱི་རུ་མི་བསྐྲད་དོ། །ཚེ་འདིའི་ཆེ་ཐབས་བཤིག་པ་དུར་སྲུང་མི། །གདོལ་པའི་མགུལ་དུ་རིན་ཆེན་རྒྱན་མི་འདོགས། །ཡབ་ཀྱི་སྤྱོད་ལམ་སྙག་
པ་དེད་དཔོན་བུ། །སྨྱོན་པའི་སྤྱོད་པ་གཟབས་གཏད་བྲལ་ནས་འདུག །ལྐུགས་མའི་གསང་ཚིག་ཁ་རུ་མི་འདོན་ནོ། །ཉེ་བ་དགྲར་གྱུར་བློ་གྲོས་དྲི་ཡུལ་ཞིག །གཟུགས་ཀྱི་རྩོལ་སྒྲུབ་མི་བྱེད་ལོང་བའི་གྲོགས། །ཕྱག་དར་ཁྲོད་པ་ཐོང་གཤོལ་ཉོ་མི་འགྱུར། །ནད་པ་ཆུ་སྐྱུག་གངྒཱ་ལ་མི་
ལྟ། །གསེར་གྱི་མགར་བ་བྱ་བ་གཞན་མི་སྒྲུབ། །དར་ཆེན་དར་ཟབ་ཕག་རྫི་གོན་མི་འགྱུར། །ཚངས་སྤྱོད་མི་ནུས་སྨྱུག་མ་མཁན་གྱི་ཁྱིམ། །སྨྲ་མཁས་ཐབས་ལྡན་ནེ་ཚོ་ཁྱུ་ནས་འབྱོལ། །འཕྱེས་པའི་གླང་པོ་བུར་ཤིང་བྲེས་མི་སྙེགས། །གསེར་སྒྲོག་བཅུག་ཀྱང་འཆམ་འགྲོས་
བྱེད་མི་ནུས། །དེད་དཔོན་བུ་ནི་བྲེ་སྲོང་ལ་མི་ལྟ། །གླིང་དོན་ཁར་བཏོན་ཤི་ཡང་ཁྱིམ་མི་འདུག །ཚོང་ཕྲུག་འདུས་ཚེ་ན་ཡང་རྫིངས་ལ་སྙག །འདོད་པའི་རླུང་ནི་རེས་གསོར་དག་གིས་འགུགས། །ཇི་སྲིད་ནོར་བུ་མ་ལོན་ཕྱིར་མི་འབྱུང་། །བྲག་ལས་སྐྱེས་པའི་ཆུ་བྱ་མཚོ་ལ་སྙག །ནགས་
བྱི་ཕྲ་བ་དགུན་གྱི་རྩྭ་མི་སོག །གདོན་གྱིས་བརླམས་ཚེ་དོན་དེ་ལམ་དུ་སྟོར། །ཉ་ཡིས་བརྣངས་པའི་སྐྱར་མོ་དགྲ་ལ་འབྱོལ། །གཅིག་ཏུ་མི་གནས་སྟག་མོ་གྲུས་མའི་ཚང་། །འགྲོན་པོ་ལམ་ཞུགས་གསེར་རྐྱལ་ཕྱིར་མི་འཁུར། །གཙོ་བོའི་གསང་གྲོས་ཁྲོམ་དུ་བརྗོད་མི་འགྱུར། །

སྐྲག་པར་མི་བྱེད་བང་མཛོད་བརྐུས་པའི་མི། །བྲམ་ཟེའི་རིག་བྱེད་བུ་ལས་གཞན་དུ་མིན། །ཡོན་ངོར་མི་སྟེར་རྩི་མཆོག་གསེར་འགྱུར་ཐབས། །མཚན་དཔེས་རབ་སྤྲས་འཁོར་ལོས་སྒྱུར་རྒྱལ་ལུས། །ཚངས་པའི་དབྱངས་ལ་ཡན་ལག་དྲུག་ཅུར་ལྡན། །ཐུབ་པའི་ཐུགས་ནི་ཡོན་ཏན་ཀུན་
གྱི་མཛོད། །ནོར་བུ་རིན་ཆེན་དགོས་འདོད་འབྱུང་བའི་རྟེན། །རྒྱལ་པོའི་བཤུལ་སྣ་གསེར་གྱི་འཁོར་ལོས་འདྲེན། །གིན་རྫའི་མེ་ཏོག་རླུང་གིས་བསྐྱོད་པར་སླ། །དུས་སུ་སྨིན་པའི་པདྨ་ཁ་དོག་གསལ། །འབྱུང་བའི་དགྲ་རྣམས་བཅོམ་པ་རྡོ་རྗེའི་སྐུ། །འགྲངས་པར་སྐྱེན་པ་བུས་པ་ཆུང་
བའི་ལྟོ། །རྒས་དང་བྲལ་བ་དངུལ་ཆུ་འཐུངས་པའི་ལུས། །སྨན་མཆོག་བསིལ་མངར་ཐུན་ལ་ཆེ་མི་དགོས། །ཅི་སྨྲས་དོན་དུ་འགྱུར་བ་དྲང་སྲོང་ཚིག །གླིང་ལས་བླངས་པའི་མེ་ཏོག་དགོས་མེད་མིན། །དགེ་སློང་ཚིག་ལ་གཏམ་གྱི་དོན་མི་འབྱུང་། །སྨན་གྱི་གནས་སུ་དུག་གི་སྐྱེ་དྲུངས་
འགགས། །འཕྲུལ་གྱི་མེ་ལོང་ཕྱི་ནང་གཉིས་ཀར་གསལ། །མང་དུ་བརྩེགས་ཀྱང་གཟུགས་བརྙན་འགྲིབ་མི་འགྱུར། །བུག་པ་ཡོད་བཞིན་ཟང་ཐལ་ཡུལ་མི་འགག །སྒྱུ་རྩལ་འབྱོངས་པའི་གྱད་ནི་ཕྱི་ཕྱིར་རེམ། །སྨིག་རྒྱུའི་མཚང་ཤེས་ཆུ་ཡི་འདུ་ཤེས་ཞིག །ཤིང་ལ་མེ་ཡོད་
དེ་ཚེ་དུ་བ་འབྱུང་། །ཁ་རླངས་སྒྲོན་མེར་གྱུར་པ་མེ་ཁྱེར་ཡིན། །རི་བྲགས་བར་ན་སྨིག་རྒྱུ་ཡོད་མ་ཡིན། །ཉ་རྒྱས་ཟླ་བ་ཉི་མའི་འོད་དང་བྲལ། །རེག་བྱ་གཟུགས་ཀྱིས་སྟོང་པ་ཁོལ་མའི་ནང་། །སྔ་ལྟས་ཤར་བའི་བུ་མོ་བཙུན་མོར་འགྱུར། །བི་རྩི་འཐུངས་པའི་མིག་ལ་མཚན་མོ་
མེད། །ལྷ་ཁང་སྒོ་ཕྱེ་དེ་དུས་སྐུ་གཟུགས་མཐོང་། །ཕྱུགས་རྫིའི་ལག་བརྡ་གངྒཱའི་ཕྱོགས་སུ་བྱེད། །སྦྲང་རྩིས་བསིངས་པའི་ཆང་འཐུངས་ལུས་པོ་སྦྲིད། །གཤོར་ལ་བསིགས་པའི་སྦོ་ག་གཏིང་མི་འཛུལ། །འཕྱོང་རྡོ་བཏགས་པའི་གཟིངས་ལ་གཡོ་ལྡེག་མེད། །དངུལ་གྱི་མེ་ལོང་
ཕྱིས་ན་གསལ་བར་འགྱུར། །ཞལ་ཏ་ཚུད་པའི་མི་དེ་སྔར་སྤྱོད་འདོར། །ཕྱོགས་མཚམས་ཀུན་དུ་འཕུར་ཀྱང་ཉལ་སར་ཚང་། །ཟོ་བ་ཁེངས་དུས་དེ་ཚེ་དཔྱང་ཐག་འདྲེན། །ཤ་ཆགས་མིས་ཟིན་དེ་ཡི་ཤེས་པ་ལྟོས། །ཕྲིན་ཡིག་ལེགས་པ་མཐོང་དུས་སེམས་ངལ་སོས། །མི་འགྱུར་

མཁའ་ལ་ལྡེང་བའི་གཤོག་པ་བྲེལ། །དྲེགས་པར་གཟོ་བའི་བཞིན་དེ་ཁོང་དུ་ཆུད། །བྱང་ཆུབ་ཤིང་དུ་ཐུབ་པའི་སྤྱོད་ལམ་བདེ། །ཞུས་ལ་བབ་པའི་གསེར་མགར་གཡེངས་དང་བྲལ། །གཡུལ་དུ་དུལ་བའི་གླང་པོ་ལྟོས་དང་ཀྱེ། །འབའ་ཡིས་ནོན་པའི་རི་བོང་
ཅན་མི་མཐོང་། །ཁོག་ཙེས་བཀབ་པའི་མེ་ཡི་དུད་པ་སུབས། །སྤྲ་བཟོ་ཚར་དུས་མཁན་པོ་ཡང་ཡང་ལྟ། །བར་ཏི་ཀ་ན་གྲོགས་པོ་མཛའ་དུས་འབྲལ། །སྨན་གྱི་ཚོང་པའི་འགྲོ་ཕྱོགས་ལྟོས་ཤིག་དང་། །རྒུན་འབྲུས་ཐང་མ་མི་སྤུང་ཕྱོགས་བཞིར་བརྡལ། །བྱ་བ་ཟིན་པའི་རྫ་སྤྱད་ཕྱི་
ཚིས་མིན། །སྐྱེད་མེད་ནད་པ་སྨན་གཞན་བསྟེན་པར་རིགས། །མཁས་པ་གླང་པོ་དྲག་དལ་གཉིས་སུ་སྦྱོང་། །བུས་པ་མི་སད་ཞུན་མར་སྦྱིན་མི་བྱ། །ཕག་གི་ལྕེ་ཡིས་ཁ་མངར་སྤངས་ནས་འདུག །བྲམ་ཟེ་སྐུད་པ་འཁལ་བ་ལྟོས་ཤིག་དང་། །དབའ་ཀློང་འཁྲུགས་དུས་ཐབས་ལྡན་འཕྱོང་
རྡོ་འདོགས། །སུ་ཞིག་བདེ་འདོད་སྦྲང་མའི་སྤྱོད་པ་བོར། །རྒྱལ་ཁྲིམས་ཆོས་ཚེ་བློན་པོའི་རྩོལ་བ་ཞིག །ནོར་བུ་ལོན་པའི་དེད་དཔོན་སེམས་ལས་བྲལ། །རྒྱལ་པོའི་བུ་མོ་གཞན་གྱི་རྒྱན་མི་ལྟ། །སྡོང་དུམ་མ་བསལ་ཤིང་རྟ་འགྲོར་མི་བཏུབ། །སྨན་གྱི་ལོ་འབྲས་དྲང་སྲོང་བུ་ལ་སྟོན། །བཙོ་
མའི་འོད་ལ་གསེར་མཁན་མདོག་མི་འདོན། །སྤུ་གྲི་ཏིལ་ལ་ངར་བླུད་མིག་མི་འདོད། །བུ་ཡི་སྲིད་ཟིན་རྒྱལ་པོའི་བྱ་བ་རྫོགས། །དུག་ཚོར་མི་དེ་ལྷག་མ་ཟ་མི་འགྱུར། །བྲམ་ཟེའི་རིག་བྱེད་སློབ་དུས་བྱ་གཞན་འདོར། །བརྩེ་མེད་བསྲུབ་མ་བསྐོར་བར་མི་བྱའོ། །རྒྱལ་པོ་འཆི་དུས་ཁྲིམས་
ཡིག་ལ་མི་ལྟ། །ནོར་བའི་ལམ་དུ་འདུག་པར་མི་རིགས་སོ། །ནག་ཚུར་མི་དགོས་འཛམ་བུ་ཆུ་བོའི་གསེར། །པདྨ་འདམ་གྱི་སྐྱོན་དང་བྲལ་ནས་འདུག །དགྲ་མེད་རང་དབང་ཐོབ་པ་སེང་གེའི་བུ། །གཉའ་ཤིང་བཀྲོལ་བའི་མ་ཧེ་གར་དགར་འགྲོ། །རམ་ཞུགས་པའི་གསེར་ནི་གུ་ལང་མ།
ཚེར་མ་ཕྱིན་པའི་ཤུལ་དེ་བྲུ་བ་མིན། །ཅོར་སྒོ་བྱེད་པའི་མི་དེ་སྲོག་མི་འདོད། །ཤེ་སྒེ་ཞོ་ཡིས་འགྲངས་པ་ལ་ལྟོས་ཤིག །གསོ་རས་རྔ་བལ་བསྡམས་པ་དྲགས་པས་འཆིངས། །སྒྲ་ཉན་པ་ཡི་ཕག་རྒོད་གདམས་པ་སྟོན། །ངན་སྨྲས་བསྟོད་ཚིག་ཁྱད་མེད་རྡོ་ཡི་མི། །སྨིག་རྒྱུའི་ཀླུང་ན་ཆུ་

ཐིགས་ཡོད་མ་ཡིན། །སྐྱེ་དང་འཆི་བ་མོ་གཤམ་བུས་མ་བྱས། །མདོག་དབྱིབས་ཐ་དད་ཆུ་བྲན་རྒྱ་མཚོར་གྲོལ། །ནམ་མཁའ་ལ་ནི་དབུས་དང་མུ་མ་མཆིས། །རོ་གཉིས་མཐོང་བའི་ཀངྐ་མཁའ་ལ་ལྡིང་། །སྟོབས་ལྡན་སེང་གེ་སྲོག་གི་མེལ་ཚེ་སྟོར། །ཀྱེ་ཧོ་སྨྱོན་བའི་སོ་སྐོས་སེམས་
དང་ཀྱ། །ཅེ་སྤྱང་མིག་འདི་ངོ་མཚར་ཆེ་བ་ཡིན། །མ་ལ་ཡ་ན་ཙནྡན་མེ་རུ་འབུད། །སེང་གེ་གངས་དང་བྲལ་བར་མི་བྱའོ། །སྨན་པའི་རྒྱལ་པོ་གསོ་རིག་ལུང་དང་འགྲོགས། །མཁན་པོས་ལེགས་གསུངས་དགེ་སློང་གིས་མི་གཏོང་། །དཔའ་བོ་གཡུལ་དུ་འཇུག་ཚེ་གོ་མི་འབུད། །འགྲོ་
བ་བཟང་མོས་ཉེ་བ་སོ་སོར་འཛིན། །གཡེང་བ་མེད་པ་དུར་ཁྲོད་དབུས་ཀྱི་མི། །དུར་ཁྲོད་མི་ཡི་ལུས་ངག་ཐ་མལ་སྤངས། །ལྟོ་རྒྱབ་ཤུགས་ལས་འབྱུང་བ་དུར་ཁྲོད་མི། །དུར་ཁྲོད་མི་ལ་ཕྲ་མ་ཁ་མཆུ་མེད། །དགོས་པ་མདུན་དུ་འགྲུབ་པ་དུར་ཁྲོད་མི། །གླང་པོའི་འགྲོ་ས་གྲམ་པའི་
གསེབ་མ་ཡིན། །མེ་ཆུའི་དགྲ་ལ་ཚོད་ཡོད་བྱར་མི་རུང་། །ཞིང་པས་ས་ཡི་མདོག་ལ་ལུད་རིགས་སྦྱོར། །རྒྱལ་པོའི་ཞབས་ནས་བཏེག་ཚེ་བཀའ་ལ་འདོགས། །ཀྱེ་ཧོ་སྟག་ཚང་ཡོད་པའི་སར་མི་འགྲོ། །རྒྱལ་པོའི་བཀའ་བཏགས་ཐོབ་དུས་དགྲ་དང་བྲལ། །ན་ཚ་མེད་པའི་དུས་དེ་
བདེ་བར་གནས། །བཟང་ངན་གཉིས་ལ་ཟས་ཀྱི་མ་ཆུན་མེད། །མྱ་ངན་གདུང་བས་ཤི་བའི་བུ་དེ་མཐོང་། །བརྫུན་སྤངས་དྲང་སྲོང་དག་གི་ཕྲིན་ལས་གྲུབ། །གྱད་ལ་རལ་གྲི་བཏགས་ཏེ་རྒྱལ་པོ་མཉེས། །ནགས་ཀྱི་སྦྲང་མ་གི་ཝང་དྲི་ལ་སྣོམ། །མ་གི་ཏ་ལ་བསིལ་དྲོད་ནུས་པ་ཚང་། །
རྩི་སྦྱོར་འཐུངས་པས་ལུས་ཀྱི་ཟོ་མདོག་བདེ། །ཏིལ་ཆང་ལྟོར་གྲོད་རིག་པ་ངར་གྱིས་ཁྱོགས། །ཡིད་བཞིན་ནོར་བུ་ཀུན་གྱིས་ལྟ་བར་མཛེས། །རྒྱལ་པོ་ལ་ནི་སུ་ཞིག་རྒོལ་བར་ནུས། །བུ་གཅིག་པ་ལ་མ་སྲིང་གདུང་སེམས་ལྡན། །ཞུས་ཚེ་མགྲོན་ལ་བོས་པ་གང་མི་འོང་། །པང་དུ་འོང་དུས་
བུ་ལ་འ་མ་དགའ། །ནམ་མཁའ་དངས་པའི་ངང་ལ་དྲི་མ་མེད། །ཚེགས་མེད་གནད་འཕྲོད་རིག་བྱེད་གསེར་འགྱུར་རྩི། །གླང་པོ་མ་མཐོང་ཕག་པའི་ལུས་དབྱིབས་ལྟོས། །དམན་པའི་ལས་ལ་མི་ཞུགས་རྒྱལ་པོའི་ལུགས། །བེ་དའི་འབྲས་བུ་ས་བོན་དུས་སུ་འགྲུབ། །རྨ་བྱའི་

མདོངས་ལ་འདྲི་མཁན་ཡོད་མ་ཡིན། །ཐུབ་དབང་ལག་གི་རྡོ་རྗེ་བསྐྱོད་མི་ནུས། །འདམ་ནས་བཏོན་པའི་ཨུཏྤལ་ལྟོས་དང་ཀྱེ། །བདེ་བ་དང་ལྡན་སེར་སྐྱར་གཉིད་ལོག་དུས། །རང་ཁ་ཐོན་པ་འཛམ་བུ་ཆུ་བོའི་གསེར། །ཆབ་རོམ་རང་བཞིན་ཆུ་ཡི་ངོ་བོ་ཡིན། །སྦལ་
པའི་སྤུ་ཡི་ལ་བ་གསར་རྙིང་བྲལ། །འདམ་གྱི་རྐྱེན་གྱིས་པདྨ་ཁ་དོག་གྲུངས། །ཐབས་ཀྱིས་ཆུན་ཚེ་དེ་དུས་དགྲ་དེ་བཤེས། །རྒྱལ་མོ་ཀ་རའི་གཟུགས་ལ་ཐ་དད་མེད། །ཆུ་ཉིད་རྒྱ་མཚོ་རྒྱ་མཚོའི་ངང་ཉིད་ཆུ། །རྩི་ཡིས་ཟིན་པའི་མི་དེ་རི་བོ་མགུལ། །དབའ་རླབས་ཆེ་འབྲིང་གཙང་པོའི་
དབྱིངས་ལ་ཐིམ། །མུན་པ་དག་པར་བྱེད་པ་མར་མེའི་འོད། །ཞག་མིག་པ་ལ་ཉི་མ་མུན་པར་བསྲོས། །སྨད་འཚོང་བུ་དེ་སུ་ཡི་རིགས་རྒྱུད་ཡིན། །དུར་ཁྲོད་ཅེ་སྤྱང་ཚང་ལ་མངོན་ཞེན་མེད། །གདོན་གྱིས་བརླམས་པའི་གཏམ་དེ་སྣ་ཚོགས་སྨྲ། །བྱིས་པའི་རང་བཞིན་གཅིག་ཏུ་འདུག་
མི་འགྱུར། །ནགས་ཀྱི་རི་དགས་ཤིང་འབྲུའི་ཕྱོགས་རིས་སྤངས། །ལྷ་རྫས་རིན་ཆེན་ནུས་པ་སུ་ཡིས་བྱིན། །ནོར་བུ་རིན་ཆེན་ཐོག་མར་གང་ནས་འོངས། །ཡིད་བཞིན་ནོར་བུས་དགོས་འདོད་སྟེར་མ་མྱོང་། །མཆོག་གི་ནོར་བུའི་རིན་ཐང་སྨོས་ཀྱང་ཀྱེ། །ནོར་བུའི་བདག་པོ་དབུལ་བའི་སྡུག་
བསྔལ་བྲལ། །ཕྱག་རྒྱ་ཆེན་པོའི་མན་ངག་རྡོ་རྗེ་གསང་བའི་མགུར་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་ར་ཧ་པའི་ཞལ་ནས་གསུངས་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཀ་མ་ལ་ཤཱི་ལ་དང་། བོད་ཀྱི་བནྡེ་ལོ་ཙཱ་བ་ཞ་མ་སྟོན་པ་སེང་གེ་རྒྱལ་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་
པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀི་ནཱི་གཱི་ཏཱ་ཡ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་མཁའ་འགྲོ་མའི་མགུར་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །དུར་ཁྲོད་ཆེན་པོ་ཧ་ཧ་སྒྲོགས་པ་ཞེས་བྱ་བ་ན་ལས་ཀྱི་མཁའ་འགྲོ་མ་
རྣམས་ཀྱིས་རྒྱལ་བུ་དུང་ཕུད་འཛིན་ཞེས་བྱ་བ་སྐྱེ་བ་བདུན་པ་གཅིག་ལ་ཚེའི་བར་གཅོད་བྱས་ནས། དེའི་ཤ་ཁྲག་ལས་ཚོགས་ཀྱི་འཁོར་ལོ་བྱས་ཏེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་སྤྱན་དྲངས་པས། དེའི་དུས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དབྱིངས་ཀྱི་གཙོ་མོ་ཉི་ཤུ་རྩ་གཅིག་གིས་སྙིང་གཏམ་གྲོས་

སུ་བཏབ་ཅིང་རྟོགས་པ་མགུར་དུ་བཞེངས་པ་ལས། དང་པོ་ལ་མཁའ་འགྲོ་མ་ཏམ་ལས་མགུར་བཞེངས་པ། །ཧཱུཾ་ནགས་ཀྱི་གླང་པོ་ཡན་འདོད་ན། །འཆིང་བའི་སྒྲོག་ལས་གྲོས་བྱས་ཏེ། །ལྕགས་ཀྱུ་འཛིན་པ་དགྲ་རུ་ལྟ། །འབྲས་ཆང་རོ་ལ་མ་ཆགས་པར། །རིན་ཆེན་རྒྱན་རྣམས་
བོར་བར་བྱ། །གླུ་ལེན་དགྲ་ལ་ཡིད་མི་གཏད། །དཔུང་གི་རུ་དཔོན་མི་བྱ་བར། །རྒྱལ་པོའི་ཞོན་པ་སྤང་བར་བྱ། །མཆུ་ལ་རལ་གྲི་མི་བསྐྱོན་པར། །ཕོ་བྲང་ནང་ནས་བྱོལ་བྱས་ཏེ། །ནགས་ཀྱི་མཐའ་ལ་འབྲོས་པར་བྱ། །གསུངས་སོ།། །།མཁའ་འགྲོ་མ་ནོར་བུའི་མདངས་ཀྱིས་
མགུར་བཞེངས་པ། ཧཱུཾ་འདུ་བ་གསོ་བའི་དྲང་སྲོང་ལ། །ནད་ཀྱི་གཉེན་པོ་དྲི་བར་བྱ། །དེད་དཔོན་ནོར་བུ་ལེན་པ་ལ། །གླིང་དོན་བསྒྲུབ་པའི་ཞུ་བ་འབུལ། །དཀོར་མཛོད་འཛིན་པའི་རྒྱལ་པོ་ལ། །ཡིད་དང་མཐུན་པའི་ནོར་བུ་ཉོ། །སྐྱ་བ་འཛིན་པའི་རིག་བྱེད་ལ། །ཆུ་བོ་སྒྲོལ་བའི་
གྲོགས་སུ་བཙལ། །བསམ་འཕེལ་ཡིད་བཞིན་ནོར་བུ་ལ། །དགོས་འདོད་འབྱུང་བའི་གསོལ་བ་གདབ། །གསུངས་སོ།། །།མཁའ་འགྲོ་མ་རྒྱན་གྱི་རྒྱལ་མོས་མགུར་བཞེངས་པ། ཧཱུཾ་རྒྱལ་པོའི་དཀའ་འོག་ཆུད་པའི་མི། །ཞིང་ས་གཤིན་པ་སོ་ནམ་བྱ། །དེད་དཔོན་སྙིང་ཁྲག་
འཐུངས་ནས་ནི། །སོ་བཏང་རྫ་ལ་ལས་རྣམས་བཅོལ། །གངས་ཀྱི་ཞུན་ཆུ་ཁོལ་མ་བཏུང་། །ཉི་ཟླའི་ཐིག་ལེ་ཟེད་བྱས་ཏེ། །ཆང་འཐུངས་པ་ཡི་སེམས་དེ་ལྟོས། །རབ་གནས་ཚར་བའི་གཟུགས་བརྙན་བསྟན། །དེ་ནས་ལྷ་ཁང་སྒོ་ཕྱེ་སྟེ། །ཉིན་མཚན་རབ་ཏུ་བལྟ་བར་བྱ། །གསུངས་
སོ།། །།མཁའ་འགྲོ་མ་བྷི་ན་སས་མགུར་བཞེངས་པ། ཧཱུཾ་གླིང་ཕྲན་ནོར་བུ་མི་བཙོང་བར། །སྦལ་པའི་ཁ་ལ་ཕྲིན་ལས་བཅོལ། །རྐུན་མོའི་སྙིང་ཤ་ཟོས་ནས་ཀྱང་། །མི་ཡི་བུ་མོ་མི་བརྙས་པར། །ནམ་མཁའི་འོ་མ་སྐྱུགས་ནས་ནི། །དཔག་བསམ་ལྗོན་ཤིང་བསྐྱེད་པ་གཅེས། །
སོ་མཚམས་མཁར་གྱི་རྩེ་ལ་ཉལ། །མེལ་ཙེ་བྱེད་པའི་གཅན་གཟན་གསོ། །གསུངས་སོ།། །།མཁའ་འགྲོ་མ་དཔལ་གྱི་བཟང་མོས་མགུར་བཞེངས་པ། ཧཱུཾ་ལྕགས་རྣམས་གསེར་དུ་བསྒྱུར་བའི་ཕྱིར། །རིན་ཆེན་རྣམ་ལྔ་ལག་ཏུ་བླུགས། །འབྱུང་བ་ལྔ་ནི་དབུགས་སུ་གཞུག །ནམ་

མཁའི་འཇའ་ཚོན་གཟུང་བར་བྱ། །འཁོར་ལོས་སྒྱུར་རྒྱལ་སྤྱན་དྲངས་ལ། །སྤྱན་གཟིགས་དགྱེས་པའི་རོལ་མོ་དབུལ། །དབུ་ལ་ནོར་བུ་ཐོད་དུ་བཅིངས། །ཡི་གེ་གསུམ་གྱིས་གཏན་ལ་དབབ། །ནམ་མཁའི་སྤྲིན་ཚོགས་རབ་བསྡུས་ཏེ། །འབྱུང་བའི་ཚ་
གྲང་འཐབ་པའི་སྒྲས། །སྦྲང་ཆར་དལ་བུ་ཕབ་ནས་ཀྱང་། །བཅུད་ཀྱི་ལོ་ཏོག་རྒྱས་པར་བྱ། །གསུངས་སོ།། །།མཁའ་འགྲོ་མ་ཏི་མ་ལས་མགུར་བཞེངས་པ། ཧཱུཾ་དྲི་ཟ་བུ་མོ་གཟུང་བྱ་སྟེ། །རིན་ཆེན་སྣ་ལྔའི་རྒྱན་བཏགས་ལ། །ལྗོན་ཤིང་སྨད་ནས་བསྒུལ་བ་ཡིས། །གངས་དཀར་རྩེ་
ནས་འཇུ་བར་བྱེད། །ཆུ་བོ་གྱེན་ལ་བཟློག་པ་ཡིས། །ནམ་མཁའི་བུ་མོ་མགུ་བར་བྱེད། །ཆུ་བྲན་རྒྱ་མཚོར་སླེབས་པ་ཡིས། །རླངས་པ་མཁའ་ལ་ཕུར་བར་བྱེད། །ཁ་དོག་དུ་མའི་ལྷོ་སྤྲིན་གྱིས། །ནམ་མཁའི་ངང་དུ་ཡལ་བར་འགྱུར། །གསུངས་སོ།། །།མཁའ་འགྲོ་
མ་བདེ་བའི་རྡོ་རྗེས་མགུར་བཞེངས་པ། །ཧཱུཾ་མཁའ་ལ་འཇའ་ཚོན་གསལ་ལ་སྟོང་། །ཚེས་གཅིག་ཟླ་བ་སྐྱེད་དུ་འཕེལ། །དིག་མས་རྨི་ལམ་སྨྲ་མ་ཤེས། །བུ་རམ་གཟུགས་ནི་རོ་གཅིག་ཉིད། །གཞོན་ནུའི་བདེ་བ་ངོ་མ་ཤེས། །ཤེལ་གྱི་ཁ་དོག་གདན་གྱིས་བསྒྱུར། །ཉི་མའི་
འོད་ཀྱིས་སྐར་ཚོགས་འགྲིབ། །སྐྱི་སེར་རླུང་གིས་བར་སྣང་དངས། །པདྨ་འདམ་གྱི་ནང་ན་གསལ། །རྒྱ་མཚོའི་གཉེར་མ་ངོ་མཚར་ཆེ། །གསུངས་སོ།། །།མཁའ་འགྲོ་མ་ཡེ་ཤེས་རྡོ་རྗེས་མགུར་བཞེངས་པ། ཧཱུཾ་ནམ་མཁའི་མཚོན་པ་ཅི་ལ་བཏགས། །བུ་ཤིའི་འོ་མ་སེམས་
ལས་བྲལ། །བྱ་བ་ཟིན་པའི་སྐྱེས་བུ་དང་། །བྲམ་ཟེ་སྐུད་པ་འཁལ་ལ་ལྟོས། །འཛམ་བུའི་གསེར་དང་བསེ་རུ་ལྟར། །མདངས་ལྡན་མེ་ཏོག་ཇི་བཞིན་ནམ། །རྒྱ་མཚོའི་དབྱིངས་དང་འདྲ་བའི་དོན། །དཔལ་གྱི་བེའུ་མཛེས་པར་མཛོད། །གསུངས་སོ།། །།མཁའ་འགྲོ་མ་བདེ་བའི་
མདངས་ཀྱིས་མགུར་བཞེངས་པ། ཧཱུཾ་རི་རབ་ཆེན་པོའི་རྩེར་ཕྱིན་ཏེ། །རི་བྲན་མ་ལུས་བལྟ་བར་བྱ། །གྱི་ལིང་སྒྲོག་ཏུ་བཅུག་པ་ལ། །ཕྱོགས་མཚམས་ཀུན་དུ་རྒྱུག་པར་བྱ། །བུང་བས་རྩི་བཅུད་ཀུན་སྡུད་དེ། །རོ་རྣམས་གཅིག་ཏུ་བསྲེ་བར་བྱེད། །དྭ་ཕྲུག་མ་དང་ཕྲད་པ་ཡིས། །

ཐེ་ཚོམ་དྲི་མ་སེལ་བར་བྱེད། །སྐྱེས་བུས་ནམ་མཁའི་དབྱིངས་མཐོང་བས། །ཕྱོགས་སུ་འཛིན་པ་འཇིག་པར་འགྱུར། །ཡིད་བཞིན་ནོར་བུའི་གཏེར་ཐོབ་པས། །རྨོངས་པའི་དབུལ་བ་སེལ་བར་བྱེད། །གསུངས་སོ།། །།མཁའ་འགྲོ་མ་ཕྲ་མན་སྟག་གདོང་མས་མགུར་བཞེངས་པ།
ཧཱུཾ་ལྷངས་ཀྱིས་འབོད་པ་དེ་ཅི་སེམས། །ཅེར་གྱིས་ལྟ་བ་གང་ལ་ཡེངས། །ནམ་མཁའ་ཇི་ལྟར་གསལ་བར་འགྱུར། །མར་མེ་འདི་ཡི་རྟོག་པ་གང་། །ཆུ་བུར་ཞིག་པའི་རྗེས་མི་རྙེད། །རྨི་ལམ་རྟོག་པ་སད་པས་སྟོང་། །ལྡེར་ཙོའི་སྒོ་ང་གང་ལ་ཆགས། །བུ་ཤིའི་ཨ་མའི་གཅེས་
འཛིན་སུ། །ཆུ་བོའི་བྲོ་ལ་རོ་དྲུག་གང་། །ལྐུགས་མས་སྨྲས་པའི་ཚིག་དེ་ཅི། །གསུངས་སོ།། །།མཁའ་འགྲོ་མ་དཔལ་གྱི་བཟང་མོས་མགུར་བཞེངས་པ། ཧཱུཾ་སྐྱི་སེར་རླུང་གི་ཕ་ཡུལ་གང་། །ལག་བསྐོར་མིག་གིས་མ་ལུས་བཅོམ། །བུ་ཆུང་འདི་ཡི་གཅེས་འཛིན་བོར། །
ཤིང་གི་སྐྱེས་བུས་ངལ་དུབ་སྤངས། །གླིང་ལས་ནོར་བུ་ལེན་མ་ཤེས། །བསིལ་བའི་སྨན་ནི་ཟ་བཞིན་སུན། །གདོན་གྱིས་བརླམས་པས་དབང་མེད་སྨྱོ། །གླང་པོ་ཆུ་ལ་ངོར་མི་ལྟ། །སེང་གེའི་བུ་ནི་འཇིགས་དང་བྲལ། །གསུངས་སོ།། །།མཁའ་འགྲོ་མ་ནོར་བུའི་མིག་གིས་
མགུར་བཞེངས་པ། ཧཱུཾ་གྱད་ཀྱིས་ནོར་བུ་སུ་ལས་བླངས། །ས་བོན་བཞིན་དུ་མྱུ་གུ་འཁྲུངས། །ལྗོན་ཤིང་འབྲས་བུ་རིམ་གྱིས་སྨིན། །པ་ལ་ཤ་ལ་ལོ་འབྲས་མེད། །ཤེལ་གྱི་སྒྲོན་མེ་རང་གསལ་ཉིད། །དམུས་ལོང་རྒྱལ་པོས་མཚན་དཔེ་མཐོང་། །ནམ་མཁའ་སྲིད་གསུམ་དབང་དུ་
བསྡུས། །རིན་ཆེན་གླིང་ན་ས་རྡོ་སྤངས། །གསུངས་སོ།། །།མཁའ་འགྲོ་མ་སྤྲིན་གྱི་ཤུགས་ཅན་གྱིས་མགུར་བཞེངས་པ། ཧཱུཾ་ནམ་མཁའ་འབྱུང་བཞི་མ་བཟུང་སྟེ། །འབྱུང་བཞིས་ནམ་མཁའ་འདའ་མ་ནུས། །སྣ་ཚོགས་གཟུགས་བརྙན་གསེར་ཡིན་ཏེ། །ཉི་མའི་འོད་ལ་མུན་
པ་མེད། །འོ་མས་ཆུ་དང་མར་མི་ཕྱེ། །འཇིགས་ཆགས་བསྐལ་པ་དྲུག་ཅུ་ཡིས། །ནམ་མཁའ་ལ་ནི་གནོད་མ་བསྐྱལ། །འཁོར་ལོས་སྒྱུར་རྒྱལ་སེམས་དཔའ་ཆེ། །སེམས་ཅན་ཀུན་ལ་ཉེ་རིང་མེད། །རྡོ་ཡི་གཟུགས་སྐུས་སྡིགས་མཛུབ་ཕྱར། །ཁྱོད་དང་ང་རུ་འབྱེད་མ་ཤེས། །

མེ་ཤེལ་གྲང་མོ་མེ་ཉིད་ཡིན། །གསུངས་སོ།། །།མཁའ་འགྲོ་མ་ཐོད་ཕྲེང་རྩལ་གྱིས་མགུར་བཞེངས་པ། ཧཱུཾ་དངས་པའི་ཆུ་ལ་རླུང་གིས་བསྐྱོད། །ཆབ་རོམ་གཟུགས་ཀྱི་རྣམ་པར་ཤར། །ནམ་མཁའ་ཕྱོགས་འཛིན་ལུང་པས་བྱས། །གཟུགས་མེད་གཟུགས་
ཀྱི་ངོ་བོར་སྣང་། །ཉི་མའི་འོད་ལ་སྤྲིན་གྱིས་བསྒྲིབས། །སྲེད་གསུམ་མུན་རུམ་ཆེན་པོར་གྱུར། །ཆུ་བོ་རྙོགས་པས་གཟུགས་བརྙན་སུབས། །མིག་གིས་མིག་ཉིད་མ་མཐོང་བར། །ཀླུ་རྒྱལ་གཙུག་གི་ནོར་བུ་བཞིན། །རང་གི་སྲོག་ནི་རང་གིས་བཅད། །གསུངས་སོ།། །།མཁའ་
འགྲོ་མ་དཔལ་གྱི་རྡོ་རྗེས་མགུར་བཞེངས་པ། ཧཱུཾ་གྲིབ་མས་གཟུགས་ཉིད་མི་གཏོང་ན། །དུག་ཟོས་ཞུ་རྗེས་ཅི་རུ་འགྱུར། །བྱི་ལའི་དུག་ནི་དྲན་པས་ཕུང་། །ནམ་མཁའ་རྩད་བཞག་དུས་སུ་སྨིན། །ས་བོན་འཕེལ་སྟོབས་རབ་ཏུ་ཆེ། །སྨིན་པས་ཕུང་བ་སྨྱུག་མའི་འབྲུ། །བསགས་པས་
བཅིངས་པ་བུང་བའི་རྩི། །ཡོད་པས་སྦྱངས་པ་དམངས་པོའི་ནོར། །རང་གིས་བསླུས་པ་སྲིན་གྱི་ཁ། །རང་ལ་སྨིན་པ་སྡིག་པའི་བུ། །གསུངས་སོ།། །།མཁའ་འགྲོ་མ་ཚོགས་ཀྱི་རྗེ་མོས་མགུར་བཞེངས་པ། གླང་ནི་ཟླ་བོ་རྙེད་པས་ཉོས། །མགོ་ཏོམ་བདེ་བ་སྡུག་བསྔལ་ཡིན། །
གླང་པོ་གསེར་གྱི་སྒྲོག་ལ་དགའ། །དམྱལ་བའི་ལུས་ལ་བདེ་བ་མེད། །ཡི་དགས་བཀྲེས་ཤིང་སྐོམ་པས་གདུངས། །ཁྲ་ཡིས་དེད་པའི་བྱིའུ་དང་། །མ་ཧེའི་རྫིའུ་སེམས་ཁྲལ་ཆེ། །བུ་ཤིའི་མྱ་ངན་ཡིད་ལ་གཅགས། །རང་སྲོག་དོར་བའི་དཔའ་བོ་བླུན། །མཛེ་པོའི་སོ་སྐོས་སོམས་དང་
ཀྱེ། །གསུངས་སོ།། །།མཁའ་འགྲོ་མ་དཀར་མོས་མགུར་བཞེངས་པ། ཧཱུཾ་གདན་སར་བཏོན་པའི་རྒྱལ་བུ་ཡིས། །གྲོགས་པོ་མི་གཉིས་ཁྲིད་བྱས་ཏེ། །འདབ་མ་བཞི་པའི་ལྡེ་མིག་གིས། །འཁོར་ཡུག་སྡོམ་པའི་ལྕགས་ཕྱེ་ལ། །ཉིན་མཚན་གཉིས་ཀྱི་སྦྱོར་བ་ཡིས། །རེ་ཆས་
སྤང་ཁུང་བཤིག་ནས་ནི། །རྒྱལ་པོའི་དཀོར་མཛོད་ཁ་ཕྱེ་ལ། །ཡིད་བཞིན་ནོར་བུ་བལྟ་བར་བྱ། །ལྕགས་ཀྱུ་འཛིན་པའི་སྐྱེས་བུ་ཡིས། །ནོར་བུ་རིན་ཆེན་བླངས་ནས་ཀྱང་། །མཆན་ཁུང་གཉིས་སུ་སྦ་བར་བྱ། །ཁྲུས་བྱས་རྒྱལ་མཚན་རྩེ་ལ་ཕྱར། །དགོས་འདོད་འབྱུང་ཕྱིར་

གསོལ་བ་གདབ། །གསུངས་སོ།། །།མཁའ་འགྲོ་མ་ཉི་ཟླའི་མིག་ཅན་གྱིས་མགུར་བཞེངས་པ། ཧཱུཾ་མཁའ་ལ་ཉི་ཟླ་ཤར་བ་ཡིས། །མུན་པ་མ་སྤངས་སྣང་བར་གྱུར། །གསེར་འགྱུར་རྩི་ཡི་མཁན་པོ་འམ། །གཡའ་དང་བྲལ་བའི་མེ་ལོང་བཞིན། །སྒྲོན་མེ་ཐོགས་པས་
མུན་པ་བྲལ། །ཆུ་ཡི་གཟུགས་བརྙན་བཙགས་པས་སྟོང་། །ཀ་ལ་ཀུ་ཊ་མིང་ཡིན་ཏེ། །ནམ་མཁའ་མཐོང་བས་ཇི་ལྟར་རིག །ཚད་པས་གདུངས་པས་ཆབ་རོམ་ཞུ། །ན་བུན་སྐྱི་སེར་རླུང་གིས་ཕྱགས། །གསུངས་སོ།། །།མཁའ་འགྲོ་མ་མིག་ངན་མས་མགུར་བཞེངས་པ།
ཧཱུཾ་མེ་ལོང་ཟད་ནས་གཟུགས་བརྙན་འགགས། །མཚོ་ལ་དར་ཞིག་འགྲོ་ལམ་སྟོང་། །གཉིད་སད་སྐྱེས་བུས་ཡུལ་མ་མཐོང་། །སྐར་ཚོགས་ཉི་མའི་ཟེར་གྱིས་ནོན། །མཁའ་ལ་གཟུགས་ཤར་ཁོལ་མའི་ནང་། །ཁོང་དུ་ཆང་འཐུངས་ཉམ་ང་བྲལ། །མེ་ཆུ་རླུང་གིས་སྲིད་གསུམ་
སྟོང་། །གསུངས་སོ།། །།མཁའ་འགྲོ་མ་བུང་བའི་མཆུ་ཅན་གྱིས་མགུར་བཞེངས་པ། ཧཱུཾ་ནགས་ཀྱི་གླང་པོ་སྨྱོ་བས་འཚེངས། །རི་དགས་དམན་མས་གཡེང་བ་སྤངས། །དུར་སྲུང་མི་ལ་སོ་ནམ་མེད། །ནེ་ཚོ་སྨྲ་མ་ཤེས་པས་འཚེངས། །མི་གཙང་ཁྲོད་ནས་ཨུཏྤལ་འཁྲུངས། །
ཤ་བའི་རྭ་ནི་བོག་ན་བདེ། །ཁུར་པོ་མེད་ན་འཇིགས་དང་བྲལ། །ནོར་མེད་མི་ཡིས་མེལ་ཚེ་སྤངས། །ནགས་ཀྱི་མེ་ནི་རླུང་གིས་སྤོར། །ལུས་ངག་བཀོལ་བས་འཚོ་བ་རྙེད། །གསུངས་སོ།། །།མཁའ་འགྲོ་མ་ནམ་མཁའ་དབང་ཕྱུག་མས་མགུར་བཞེངས་པ། མཁའ་ལ་འབྱུང་བཞིའི་
ཉེ་རིང་མེད། །རྨི་ལམ་ནོར་ལ་ཞེན་ཆགས་མེད། །བཙོ་མའི་གསེར་ལ་དྲི་མ་མེད། །གླང་པོ་རྭ་མེད་ཆག་དོགས་མེད། །གླིང་ལོན་དེད་དཔོན་འདོད་སེམས་མེད། །མེ་དཔུང་དཀྱིལ་ན་སྲོག་ཆགས་མེད། །མོ་གཤམ་བུ་ལ་ཡང་རྩལ་མེད། །སྦལ་པའི་ཁ་ལ་སྨྲ་བརྗོད་མེད། །མེ་ལོང་
ནང་ན་གཟུགས་བརྙན་མེད། །མཁའ་ལ་བྱ་འཕུར་རྟེན་ས་མེད། །གསུངས་སོ། །མཁའ་འགྲོ་མ་བརྡའི་མགུར་ཆུང་གསང་མཛོད་འཕྲུལ་གྱི་རྒྱ་ཁྱད་པར་དུ་གྱུར་པའི་བརྒྱུད་པ་ཞ་མ་ལོ་ཙཱ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཌཱ་ཀི་ནཱི་གཱི་ཏི་ནཱ་མ། བོད་སྐད་དུ།

རྡོ་རྗེ་མཁའ་འགྲོ་མའི་བརྡའི་མགུར་ཞེས་བྱ་བ། རྗེ་བཙུན་མ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མཁའ་འགྲོ་མས་རྟོགས་པའི་ལྟ་བའི་བརྡ་བསྟན་པ། གསེར་གྱི་རལ་གྲི་ཏིལ་ངར་ལྡན་པ་ད་ཕྱུང་ལ། །བུང་བས་མེ་ཏོག་རྩི་བཅུད་མ་ལུས་མྱང་བར་གྱིས། །ཆུ་བྲན་སྣ་ཚོགས་རྒྱ་མཚོར་
གཅིག་གོ་ལན་ཚྭའི་རོ། །མེ་ལོང་བཞིན་ནི་བྱད་ཡིན་གུད་དུ་མ་སེམས་ཅིག །ཆུ་ཡི་ཟླ་བ་འདི་ལ་བྱིས་པ་ལྟད་མོ་བྱེད། །བུ་རམ་གཟུགས་འདི་ཐ་དད་སྣང་ཡང་མངར་བའི་རོ། །ནམ་མཁའ་གཟུགས་སུ་མཐོང་བའི་བྱིས་པ་སྙིང་རེ་རྗེ། །རི་བོ་རླུང་གིས་བསྐྱོད་དུ་མེད་པ་ཤིན་ཏུ་གཅེས། །
ཏ་ལའི་སྡོང་པོ་བྲེགས་ན་མགོ་རྩ་གཉིས་ཀ་སྐམ། །ནམ་མཁའི་ཁ་དོག་རྐྱེན་གྱིས་འགྱུར་བ་ངོ་མཚར་ཆེ། །འདབ་ཆགས་མཁའ་ལ་གནས་ཀྱང་གྲིབ་མ་ས་ལ་རྒྱུ། །ཤེལ་གྱི་ཀོང་བུའི་མར་མེ་འདི་ལ་དྲི་མ་མེད། །རྨི་ལམ་སད་པའི་སྐྱེས་བུ་འདི་ནི་བློ་སེམས་བདེ། །གཟིངས་ལ་གནས་
པའི་བྱ་རོག་གང་བདེར་འགྲོ་བར་གྱིས། །ཁང་སྟོང་ནང་གི་ཁྱི་རྐུན་འདི་ནི་ལྟད་མོར་ཆེ། །ཤེལ་ལ་ཚོན་གྱིས་བསྐུས་ཀྱང་གཏིང་ནས་འགྱུར་བ་མེད། །རང་གིས་བསགས་པའི་གསེར་ལ་ཀ་འཇིས་བརྡར་མི་དགོས། །དེད་དཔོན་ལམ་རྒྱུས