Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 53
Văn bản gốc(Tây Tạng)
Trang 13 / 18 (50.000 ký tự/trang)
་བོ་ཉིད་དོ། །སྦྱོང་བ་ལ་སོགས་པ་ནི་ཕལ་ཆེར་བླ་མ་གསེར་གླིང་པ་ལ་སོགས་པའི་བཤད་པ་ལས་ཤེས་པར་བྱའོ། །ལྟུང་བ་དེ་གཉིས་ཀྱི་རྒྱུ་ནི་བླ་མ་གྲུབ་པ་ཐོབ་པའི་ཚིག་གི་ཉམས་དང་བྲལ་པ་རྣམས་དང་ཕྲད་ པའི་དབང་གིས་ལམ་གྱི་སྣོད་དུ་མ་བསྒྲུབས་པར་དབང་ལ་སོགས་པ་བྱས་ཀྱང་། རྩ་བ་མ་བརྟན་པའི་དབང་གིས་ངེས་པར་འདྲེན་མི་ནུས་ཤིང་། ངེས་པ་མེད་པའི་ཕྱིར་བླ་མ་གཙོ་བོར་མི་བྱེད་དེ། དེའི་ཕྱིར་སློབ་དཔོན་བརྙས་པ་ལ་སོགས་པ་ཐམས་ཅད་འབྱུང་སྟེ་དེ་ནི་ལོག་ པར་བསྟན་ཅིང་བསྒྲུབ་པ་ཞེས་བྱ་སྟེ། སྔོན་དུ་འགྲོ་བའི་སྦྱང་བ་གང་ཡང་མེད་པར་དབང་དང་བསྐྱེད་རྫོགས་ཀྱི་མན་ངག་བསྟན་དུ་ཟིན་ཀྱང་རྩ་བ་མེད་པའི་དབང་གིས་མྱུར་དུ་འཇིག་ལ་ངེས་པར་ཆུང་ངོ་། དེ་བས་ན་དེ་གཉིས་ནི་བཀའ་འདས་དང་གཉིས་ཀྱི་རྒྱུ་ཡིན་པས་ ན། ཛྙཱ་ན་སིདྡྷི་ལས། རང་ཉིད་ཀྱིས་ལམ་མ་མཐོང་བས། །ཇི་ལྟ་བཞིན་དུ་གཞན་དག་འདྲེན། །ལོང་བ་གཉིས་ནི་འགྲོགས་གྱུར་ན། །གཉིས་ཀ་ལྟུང་བར་ཐེ་ཚོམ་མེད། །ཅེས་པ་དང་། ཡང་། སྡིག་པ་ཅན་གྱི་ལམ་དེ་ཡིས། །བགྲོད་པ་ཉམས་པ་ཐོབ་པར་འགྱུར། །ཞེས་ པས་བླ་མ་དམ་པ་ལ་བརྟེན་པར་བྱའོ། །སྤུན་ལ་ཉེས་པ་བརྗོད་པ་དང་བྱམས་པ་སྤོང་བ་གཉིས་ལྟུང་བའི་ངོ་བོ་གཅིག་ལ་དེ་འབྱུང་བའི་རྒྱུ་ཡང་གཅིག་སྟེ། དེའི་རྒྱུ་ནི་སྔོན་དུ་ཐུན་མོང་གི་ལམ་བྱམས་སྙིང་རྗེ་མ་སྦྱངས་པས་སེམས་ཅན་ལ་ཕན་འདོད་པ་དང་། གཅེས་པར་འཛིན་པའི་བློ་མེད་ལ་དེའི་ དབང་གིས་གནོད་ཅིང་སྨོད་པ་ལ་སོགས་པའི་རྐྱེན་ཕྲ་མོ་མི་བཟོད་དེ། དེའི་ཕྱིར་སྤུན་ལ་ཉེས་པ་བརྗོད་ཅིང་སེམས་ཅན་ལ་བྱམས་པ་སྤོང་བ་དེས་དེ་གཉིས་ངོ་བོ་གཅིག་སྟེ་གཞན་ལ་གནོད་པར་འདྲ་བས་སོ། །བྱང་ཆུབ་སེམས་སྤོང་དང་གྲུབ་པའི་མཐའ་སྨོད་པ་གཉིས་རྒྱུ་དང་ངོ་བོ་གཅིག་སྟེ། རྒྱུ་ནི་ བྱམས་པ་དང་སྙིང་རྗེའི་སྟོབས་ཀྱིས་བྱང་ཆུབ་ཀྱི་སེམས་བརྟན་པར་མ་བྱས་པར་བླངས་སུ་ཟིན་ཡང་མི་བརྟན་ཏེ། དེ་ཡང་། ཐམས་ཅད་ལ་ནི་ལྷག་པའི་གནས། །གང་དུ་ཐམས་ཅད་འཇིག་པ་སྟེ། །བསྐལ་པ་བྱེ་བ་སྟོང་དུ་ཡང་། །ཡང་དག་བསྐྱེད་པའི་དགེ་བ་ཆེ། །བྱང་ཆུབ་སེམས་ནི་ བསྐྱེད་པ་ཡི། །བསོད་ནམས་ཚོགས་ནི་བསགས་པས་སོ། །བསྐལ་པ་བྱེ་བས་འབྱུང་བ་ནི། །སྐད་ཅིག་ཉིད་ལ་རྣམ་པར་འཇིག །དེ་བས་དོན་དེ་བསྲུངས་པས་ནི། །དེ་བཞིན་གཤེགས་པས་རབ་ཏུ་གསུངས། །ཞེས་འབྱུང་བས་བྱང་ཆུབ་སེམས་དེ་སྤངས་པ་དང་། སྤངས་ པའི་ཚད་དང་། དེའི་ཉེས་པའོ། །སྤངས་པ་ནི་གསུམ་སྟེ། བླ་མ་ལ་བརྟེན་ནས་དང་། སྤུན་ལ་བརྟེན་ནས་དང་། །སེམས་ཅན་ལ་བརྟེན་ནས་སྤོང་བའོ། །ཚད་ནི་རྟེན་གསུམ་པོ་དེ་ལ་བརྟེན་ནས་ཉོན་མོངས་པའི་བསམ་པས་གཡོ་སྒྱུ་ལ་སོགས་པས་ཉིན་མཚན་ཆ་ཅི་རིགས་པར་འདས་ པའོ། །དགེ་བའི་རྩ་བ་རྩད་ནས་འབྱིན་པ་ནི་ཉེས་པའོ། །གཞན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་བར་ཆད་བྱས་ན་ཡང་ཉེས་པ་ཆེ་བར་ཤེས་པར་བྱའོ། །དེ་ལ་རང་གི་ཐེག་པ་ནི་ཐེག་པ་ཆེན་པོ་གཉིས་སོ། །གཞན་ནི་ཉན་ཐོས་ཀྱིའོ། །སྨོད་པ་ནི་གོང་མ་ལྟར་མི་སྦྱོང་ཞིང་སྨོད་པ་སྟེ། རང་མི་གནས་ ཤིང་གཞན་མི་འཛུད་པའོ། །གསང་བ་སྒྲོགས་པ་དང་། ཕུང་པོ་སྨོད་པ་གཉིས་རྒྱུ་དང་ངོ་བོ་གཅིག་སྟེ། རིམ་གྱིས་མ་སྦྱངས་པའི་ཕྱིར་སྣོད་དུ་མ་གྱུར་པ་ལ་གསང་བའི་དོན་གྲུབ་པར་གནས་པའི་དོན་ལྟ་བ་རྣམ་པ་གཉིས་ལ་སོགས་པ་བསྟན་པས་ཕུང་པོ་ལྷའི་བདག་ཉིད་ལ་སོགས་པ་བསྐྱེད་པའི་ གོ་རིམས་སྤོང་བས་རྒྱུ་དང་ངོ་བོ་གཅིག་གོ། །དེ་ཡང་། ལྷ་ཡི་གཟུགས་ནི་བསྒོམས་པ་ལ། །སེམས་ཀྱི་བརྩོན་པ་དག་ལ་ནི། །གླེགས་བམ་ཙམ་ཡང་བསྟན་པ་ནི། །སྦྱིན་པར་མི་བྱ་ཤེས་བྱ་སྟེ། །རྡོ་རྗེ་ཡེ་ཤེས་རབ་སྤོང་བས། །རྨོངས་པ་དམྱལ་བར་འགྲོ་བར་འགྱུར། །དེ་ཡི་ དམྱལ་བའི་རྒྱུར་གྱུར་པས། །མི་དེའང་དམྱལ་བར་འགྲོ་བར་འགྱུར། །དེ་དང་བདག་གཞན་ཕུང་བ་ནི། །འབྱུང་བས་ངེས་པར་བསྲུང་བར་བྱ། །ཞེས་སོ། །ཆོས་ལ་ཡིད་གཉིས་ཟ་བ་དང་། །སྡུག་ལ་བྱམས་སེམས་གཉིས་རྒྱུ་དང་ངོ་བོ་གཅིག་སྟེ། དེ་ཡང་སེམས་ཅན་ཐམས་ཅད་རང་བཞིན་ དག་པ་འོད་གསལ་དང་ཟུང་འཇུག་གི་རང་བཞིན་དུ་གཅིག་པ་ལ་དེ་གཉིས་ལ་ཐེ་ཚོམ་ཟ་སྟེ། འཁོར་བ་དང་ཞི་བའི་ཕྱག་རྒྱ་ཆེན་པོ་ཟུང་དུ་མ་རྟོགས་པའི་དབང་གིས་གདུག་པ་ཅན་དེ་གནོད་ཅིང་དམོད་པ་ལ་སོགས་པ་བྱང་ཆུབ་ཀྱི་རྐྱེན་དུ་བྱུང་བ་ལ་རྡེག་པ་ལ་སོགས་པ་དྲག་ཤུལ་གྱི་སྦྱོར་བས་ཕན་ པ་མ་ཡིན་པར་བསྒྲུབས་པས་རྒྱུ་དང་ངོ་བོ་གཅིག་གོ། །མིང་སོགས་བྲལ་བའི་ཆོས་ལ་དེར་རྟོག་པ་དང་། དད་ལྡན་སེམས་སུན་འབྱིན་པ་རྒྱུ་དང་ངོ་བོ་གཅིག་སྟེ། མིང་ལ་སོགས་པ་བྲལ་བ་ནི་གྲུབ་པའི་གནས་པའི་དོན་ནམ་མཁའ་ལྟ་བུའི་རང་བཞིན་འོད་གསལ་བ་ལ་དངོས་པོ་དང་མཚན་ མར་བརྟགས་པའི་རྒྱུས་དེ་ལ་དད་པའི་སེམས་ཅན་དབང་པོ་རབ་དང་ལྡན་པ་རྣམས་སུན་འབྱིན་ཏེ། མ་ཞུགས་པ་ལ་མི་འཇུག་ལ། ཞུགས་པ་བཟློག་ཅིང་བརྟན་པར་མི་བྱེད་པས་སོ། །དམ་ཚིག་མི་བསྟེན་པ་དང་ཤེས་རབ་སྨོད་པ་གཉིས་ཀྱང་། བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་ མི་བསྟེན་པ་ནི་ཤེས་རབ་སྨོད་པའི་རྒྱུ་ཡིན་ཏེ། དེ་ལ་སྨོད་པ་ཉིད་དེ་སྤོང་བའི་རྒྱུའོ། །དེས་ན་དང་པོར་བླ་མ་གྲུབ་པ་ཐོབ་པའི་ཚིག་གི་ཉམས་དང་ལྡན་པ་བརྟགས་ལ་ལེགས་པར་བླང་གི་གཞན་དུ་ནི་མ་ཡིན་ནོ། །དེས་ན། བླ་མ་དང་ནི་སློབ་མ་དག །མཚུངས་པར་དམ་ ཚིག་ཉམས་གྱུར་པས། །དཔའ་བོས་དང་པོར་སློབ་དཔོན་དང་། །སློབ་མའི་འབྲེལ་པ་བརྟག་པར་བྱ། །ཞེས་པས་སོ། །དེ་ལྟར་ལྟུང་བ་དེ་རྣམས་ལས་འདས་པ་ན་ཉེས་པ་བསྟན་པ་ནི་སློབ་དཔོན་ལ་སྨོད་པ་དེ་ཞེས་པ་ནི་མཚོན་པའི་དོན་ཏེ། ལྟུང་བ་གཞན་ལ་ཉེས་པ་འདྲ་བར་ཤེས་པར་བྱ་ བའི་ལྕི་ཡང་ནི་ཡོད་དེ། དེའི་ཉེས་པ་ནི་ཡམས་དང་ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གོ། །རྒྱལ་པོ་མེ་དང་ཞེས་པའི་ཚིགས་སུ་བཅད་པ་གཅིག་གོ། །དེ་ཕྱིར་ནམ་ཡང་ཚིགས་སུ་བཅད་པ་གསུམ་མོ། །གལ་ཏེ་བསམ་པའི་སྒོ་ནས་ཉམས་ན་བླ་མའི་སྤྱན་སྔར་མཎྜལ་ལ་སོགས་ པས་མཆོད་ལ་ཉེས་པ་མིང་གིས་བཤགས་ཏེ་ཕྱིས་བསྡམ་ཞིང་བླ་མ་ལ་སངས་རྒྱས་ཀྱི་བློ་ཉིས་འགྱུར་དུ་བསླབ་སྟེ། དེའི་ཕན་ཡོན་བསྟན་པའི་ཕྱིར་བླ་མ་ལ་ནི་ཞེས་པའི་ཚིགས་སུ་བཅད་པ་གཅིག་གོ། །དེ་བཞིན་དུ་ལྟུང་བ་ལྷག་མ་རྣམས་ཀྱང་བསམ་པའི་བྱེ་བྲག་གིས་བསྐང་བར་བྱའོ། ། དེས་ན་དང་པོར་བླ་མ་ལེགས་པར་བརྟག་ཅིང་ལེགས་པར་བསྟེན་ལ། དེ་ནས་སྣོད་དུ་བསྒྲུབ་པར་གསོལ་བ་གདབ། དེས་ཀྱང་རྗེས་སུ་བརྩེ་བའི་སྒོ་ནས་སྣོད་དུ་བསྒྲུབས་ཏེ། དང་པོ་འཁོར་བའི་ཉེས་དམིགས་དང་། ལྷ་དང་བླ་མ་ལ་བརྟེན་དུ་གཞུག་གོ། །དེ་ནས་ཐུན་མོང་པའི་སྐྱབས་ འགྲོ་ལ་བརྟེན་ལ། སོ་སོར་ཐར་པའི་སྡོམ་པ་བརྟེན་དུ་གཞུག །དེ་ནས་ཁྱད་པར་གྱི་སྐྱབས་འགྲོ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་བརྟན་དུ་གཞུག དེ་ནས་འཇུག་པའི་སྡོམ་པ་ལེགས་པར་བྱིན་ལ་དབང་བཞིའི་སྒོ་ནས་ལྟ་སྤྱོད་སྒོམ་གསུམ་གྱི་རྟོགས་པ་བསྒྲུབ་པོ། །དེ་ནས་རྟོག་པ་ དང་མཐུན་པའི་ལམ་ལ་སྦྱར་ཏེ། དེ་ཡང་བསྐྱེད་པའི་རིམ་པའི་དུས་སུ་བླ་མ་དང་ལྷ་ཐ་མི་དད་པ་ལ་ཚོགས་བསགས། ལྟུང་བ་དང་པོའི་རྒྱུ་སྤངས། གོ་རིམས་དེ་རྣམས་དབང་པོ་རབ་ཀྱིས་ཆོས་ཐམས་ཅད་ཟུང་འཇུག་ཏུ་རྟོགས་པ་སྒྲུབ་པའི་ཐབས་སུ་ཤེས་པར་བྱའོ། །འབྲིང་དང་ཐ་མས་ ཐ་མལ་པའི་རྟོག་པ་ཟློག་པའི་ཐབས་སུ་ཤེས་པར་བྱ་བའི་ཕྱིར་ཕྱིན་ཅི་མ་ལོག་པས་ལྟུང་བ་གཉིས་པ་དང་བདུན་པ་དང་བརྒྱད་པ་དང་དྲུག་པ་དང་བཅུ་གཉིས་པའི་རྒྱུ་སྤངས། ཐུན་མོང་གི་ལམ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དང་། ཐུན་མོང་མ་ཡིན་པའི་ལམ་རྣལ་ འབྱོར་དང་བདག་དང་གནས་བསྲུང་བས་ལྟུང་བ་གསུམ་པ་དང་བཞི་པ་དང་ལྔ་པ་དང་དགུ་པ་དང་བཅུ་པའི་རྒྱུ་སྤངས། དེ་ནས་རྫོགས་པའི་རིམ་པ་ལ་བརྟེན་ནས་ཆོས་ཐམས་ཅད་འོད་གསལ་དུ་རྟོགས་པ་བསྒྲུབས་ནས། བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་བརྟེན་པས་ བཅུ་གསུམ་པ་དང་བཅུ་བཞི་པ་དང་བཅུ་གཅིག་པའི་རྒྱུ་སྤངས། ཡང་ན་ལྷ་ལ་གསང་བ་དང་ཤེས་རབ་དང་བཞི་པ་བླངས་པས་བཅུ་བཞི་པ་དང་བཅུ་གསུམ་པའི་རྒྱུ་སྤངས། དེ་ལྟར་ན་བཅུ་བཞི་པོ་རྣམས་མཉམ་གཞག་གི་ལས་ཀྱི་རིམ་པ་ལས་འདུས་པས་རྗེས་ཀྱིས་ཀྱང་དེའི་བདག་ ཉིད་དུ་བྱ་དགོས་པའི་ངེས་པ་བསྐྱེད་ཅིང་བརྟན་པར་བྱའོ། །དངོས་གཞིའི་དབང་དུ་བྱས་ནས་ལྟུང་བ་རེ་རེ་ལ་ལྟུང་བའི་ངོས་འཛིན་དང་རྐྱེན་གང་གིས་བྱུང་བ་དང་། ཉེས་པ་དང་། ཚུལ་ཇི་ལྟར་མི་འབྱིན་པའི་ཐབས་སོ། །བདེ་གཤེགས་བཀའ་ནི་འཁོར་བའི་ཉེས་པ་ནས་བྱས་ ཞེས་དང་། བྱས་གཟོ་དང་། བྱམས་སྙིང་རྗེ་དང་འཇུག་པའི་སྡོམ་པའི་བར་དུ་བརྟན་པར་བྱ་བ་དང་། ཁྱད་པར་ཅན་དབང་རྣམ་པ་བཞིས་སྣོད་དུ་བསྒྲུབས་ནས་ལྟ་བ་ལ་སོགས་པའི་མན་ངག་ནི་བདེ་གཤེགས་ཀྱི་བཀའོ། །འདས་པ་ནི་མ་གུས་པ་དང་། བག་མེད་པ་དང་། མི་ཤེས་ པ་དང་། ཉོན་མོངས་པ་མང་བའི་དབང་གིས་སོ། །དེས་ན་བླ་མའི་སྤྱན་སྔར་དམ་བཅས་པ་བརྟན་པར་མི་བྱེད་པར་ཉིན་མཚན་གྱི་ཆ་འདས་པ་ནི་ལྟུང་བའོ། །རྐྱེན་ནི་མ་དད་པ་ལ་སོགས་པ་བཞིའོ། །ཉེས་པ་ནི་སྔར་ཡམས་དང་ཞེས་པའི་ཚིགས་སུ་བཅད་པ་བཞི་སྟེ། བླ་མའི་སྐབས་སུ་ བཀའ་ལས་འདས་པ་དང་ཤེས་རབ་སྨོད་པ་ཞེས་རེ་རེ་ལ་སྦྱར་རོ། །མི་འབྱུང་བའི་ཐབས་ནི་བླ་མས་བསྟན་པའི་ལམ་དྲན་པ་དང་ཤེས་བཞིན་གྱིས་མར་མེ་དང་ཆུའི་རྒྱུན་ལྟར་ཡིད་ལ་བྱའོ། །སྤུན་ནི་སྦྱོར་བ་གཅིག་པ་དང་། དེ་ལས་གཞན་པ་དང་སེམས་ཅན་མཐའ་དག་གོ། །ཉེས་པ་ བརྗོད་པའི་ཡུལ་ལ་བརྡ་ཕྲད་ཅིང་ཉིན་མཚན་གྱི་སུམ་ཆ་འདས་ན་ལྟུང་བའོ། །རྐྱེན་ནི་ཡུལ་གསུམ་པོ་གང་ཡང་རུང་བས་སེམས་དང་མཐུན་པར་མ་བྱས་པ་དང་། མི་བྱེད་པའི་དབང་གིས་ཞེ་སྡང་དང་ཕྲག་དོག་གམ་ཉོན་མོངས་པ་གང་ཡང་རུང་བ་དང་མཚུངས་ པར་ཁྲོ་བའོ། །མི་འབྱིན་པའི་ཐབས་ནི་ཁྲོ་བའི་རྐྱེན་ཉེ་བར་གནས་པའི་ཚེ་བྱས་པ་ཤེས་པ་ལ་སོགས་པ་བྱམས་པ་ཡིད་ལ་བྱ་བ་དང་། ཡང་ན་ཆོས་ཐམས་ཅད་སྐྱེ་མེད་དུ་ཡིད་ལ་བྱ་བའོ། །བྱམས་པ་ནི་བྱས་པ་ཤེས་པའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པའོ། ། སྤོང་བ་ནི་ཕན་པ་མ་ཡིན་པར་བསྒྲུབས་པས་ཉིན་མཚན་གྱི་ཆ་འདས་ན་ལྟུང་བའོ། །རྐྱེན་ནི་གོང་མ་ལྟར་ཡུལ་གསུམ་ལ་བརྟེན་ནས་བདག་གི་བསམ་པ་དང་མཐུན་པར་མི་བྱེད་པ་དང་། མ་བྱས་པའི་དབང་གིས་ཕན་པ་མ་ཡིན་པ་བསྒྲུབ་ཅིང་སྤོང་བའོ། །མི་འབྱུང་བའི་ཐབས་ནི་རྐྱེན་ཉེ་བར་ གནས་པའི་དུས་སུ་དེ་ལ་ཆེད་དུ་གཏད་པའི་ཚུལ་གྱིས་བྱམས་པ་ཡིད་ལ་བྱ་བའམ་ཟུང་འཇུག་ཏུ་ཤེས་པར་བྱའོ། །བྱང་ཆུབ་ཀྱི་སེམས་ནི་སེམས་ཅན་གྱི་དོན་དུ་རྡོ་རྗེ་འཆང་འདོད་པའོ། །དེ་སྤོང་བ་ནི་ཡུལ་གྱི་དབང་གིས་གསུམ་སྟེ། བླ་མ་དང་རྡོ་རྗེ་སྤུན་དང་སེམས་ཅན་ལ་གཡོ་སྒྱུ་སྤྱོད་ པས་ཡོན་ཏན་ཐོབ་པར་བྱ་སྙམ་པ་དང་། དོན་དོར་བར་ཉིན་མཚན་གྱི་ཆ་འདས་པའོ། །རྐྱེན་ནི་སྔ་མ་ལྟར་རོ། །མི་འབྱིན་པའི་ཐབས་ནི་མི་མཐུན་པའི་རྐྱེན་ཉེ་བར་གནས་པའི་དུས་སུ་ཕན་ཡོན་དང་ཉེས་དམིགས་ཤེས་པས་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །ཡང་ན་སྐྱེ་བ་མེད་ པ་ཡིད་ལ་བྱའོ། །རང་གི་གྲུབ་པའི་མཐའ་ནི་ཐེག་པ་ཆེན་པོ་རྣམ་པ་གཉིས་སོ། །གཞན་གྱི་ནི་ཉན་ཐོས་དང་བསེ་རུའོ། །ཧེ་བཛྲ་འདུས་པའི་ལེའུ་ལྟར་རིམ་གྱིས་མི་སྦྱོང་བར་སྨོད་པས་ཉིན་མཚན་འདས་པའོ། །རྐྱེན་ནི་བླ་མ་དམ་ཚིག་ཉམས་པ་དང་བྲལ་བ་རྣམས་དང་ཕྲད་པས་ ལམ་རིམ་གྱིས་སྦྱང་བ་རྣམས་ལ་སྨོད་ཅིང་ཁྲོ་བའོ། །མི་འབྱིན་པའི་ཐབས་ནི་བློ་རིམ་གྱིས་བསླབས་པས་ཐེག་པ་གཅིག་ཏུ་ཤེས་པར་བྱའོ། །ཡོངས་སུ་མ་སྨིན་པ་ནི་ལམ་རིམ་གྱིས་མ་སྦྱངས་པའོ། །གསང་བ་ནི་གྲུབ་པ་གནས་པའི་དོན་ནམ་མཁའ་དང་འདྲ་བར་ལྟ་བ་གཉིས་སོ། ། སྒྲོགས་པ་ནི་ལུས་ངག་གི་སྦྱོར་བས་ཉིན་མཚན་འདས་ནའོ། །རྐྱེན་ནི་མ་སྦྱངས་པ་དང་ཕྲད་པའི་དབང་གིས་སོ། །མི་འབྱིན་པའི་ཐབས་ནི་ཡུལ་དེ་ལྟ་བུ་དང་ཕྲད་པ་ན་བློའི་བྱེ་བྲག་དྲིས་ནས་དེ་དང་མཐུན་པར་བྱའོ། །ཕུང་པོ་སྨོད་པ་ནི་བསྐྱེད་པའི་གོ་རིམས་མཐའ་དག་གཟུང་ངོ་། །སྨོད་པ་ ནི་དེ་མ་བསྒོམས་པར་ཉིན་མཚན་འདས་ནའོ། །རྐྱེན་ནི་ཟབ་མོ་སྟོན་པའི་ལུང་དང་ཡོངས་སུ་འཛིན་པ་ངན་པ་ལགས་སོ། །མི་འབྱིན་པའི་ཐབས་ནི་ལྷ་སྒོམ་པའོ། །རང་བཞིན་དག་པ་ནི་ལྟ་བ་གཉིས་སོ། །སོམ་ཉི་ཟ་བ་ནི་དེ་གཉིས་ཀྱི་རྟོག་པ་མ་སྐྱེས་པའོ། །དེའི་བདག་ཉིད་དུ་རྟོག་ པ་མེད་པར་ཉིན་མཚན་འདས་ནའོ། །རྐྱེན་བླ་མ་དམ་པ་དང་བྲལ་བས་དངོས་པོར་ལྟ་བའི་དབང་གིས་སོ། །མི་འབྱིན་པའི་ཐབས་ནི་བླ་མ་དམ་པའི་ངག་ལ་བརྟེན་ནས་ལྟ་བ་གོམས་པར་བྱའོ། །གདུག་པ་ཅན་ནི་མི་དང་མི་མ་ཡིན་པ་རྣམས་སོ། །བདག་ལ་གནོད་པའི་དབང་གིས་ཞེ་སྡང་ གིས་བསླང་ནས་ཕན་པ་མ་ཡིན་པ་དྲག་པོ་བྱེད་པ་ཉིན་མཚན་འདས་ནའོ། །རྐྱེན་ནི་ཉེས་པར་བྱས་པའི་དབང་གིས་སོ། །མི་འབྱིན་པའི་ཐབས་ནི་བཟོད་པ་བསྒོམ་པ་སྟེ་བདུད་ཕྱིར་བཟློག་པའི་ལུང་ལས་ཤེས་པར་བྱའོ། །མིང་སོགས་བྲལ་བའི་ཆོས་ནི་འོད་གསལ་བ་དང་ཟུང་དུ་འཇུག་ པའོ། །དེ་རྟོགས་པ་ནི་དེ་གཉིས་ཀྱི་རང་བཞིན་དང་མི་མཐུན་པར་གཞན་དུ་རྟོགས་པས་ཉིན་མཚན་འདས་པའོ། །རྐྱེན་ནི་དགེ་བའི་བཤེས་གཉེན་དང་མ་ཕྲད་པའོ། །མི་འབྱིན་པའི་ཐབས་ནི་དེའི་གདམས་པ་ལས་སོ། །དད་ལྡན་ནི་ལམ་རིམ་གྱིས་མ་སྦྱངས་ཀྱང་གྲུབ་པར་གནས་པའི་ དོན་ལ་འདོད་པའོ། །སུན་འབྱིན་པ་ནི་མ་བསྟན་པ་དང་ལོག་པར་བསྟན་པས་སོ། །རྐྱེན་ནི་མོས་པའི་གང་ཟག་དང་ཕྲད་པས་སོ། །མི་འབྱིན་པའི་ཐབས་ནི་རྟོག་པ་དང་སྦྱར་ཏེ་ཆོས་བསྟན་པའོ། །དམ་ཚིག་ནི་བཟའ་བའི་དམ་ཚིག་བདུད་རྩི་ལྔ་ལ་སོགས་པའོ། །མི་སྟོན་པ་ནི་མི་གཙང་ བའི་བློས་དོར་ཏེ་དུས་འདས་པའོ། །རྐྱེན་ནི་རྫས་ཉེ་བར་གནས་པའོ། །མི་འབྱིན་པའི་ཐབས་ནི་མི་རྟོག་པའི་སེམས་ཀྱིས་སོ། །ཉེས་པ་འདི་རྣམས་ལྕི་ཡང་ཡོད་ཀྱང་གནོད་པ་ནི་འདྲའོ། །ཅིའི་ཕྱིར་ཞེ་ན་རྩ་བའི་ལྟུང་བ་ཡིན་པས་སོ། །སྔགས་པས་འདི་དག་སྤངས་ནས་ནི། །དངོས་ གྲུབ་ངེས་པར་ཐོབ་པར་འགྱུར། །ཞེས་བྱ་བ་ནི་སྤང་བྱ་སྤངས་པའི་ཡོན་ཏན་ནོ། །གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པས་བདུད་ཀྱིས་བཟུང་བར་འགྱུར། །དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང་། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་བྱ་བ་ནི་ ཉམས་པའི་ཉེས་པ་མདོར་བསྡུས་པའོ། །དེ་བས་ང་རྒྱལ་བཅོམ་ནས་ནི། །བདག་ཉིད་མ་འཁྲུལ་ཤེས་པར་བྱ། །ཞེས་པ་ནི་བག་བྱ་བ་ལ་བསླབ་པའོ། །དབང་བསྐུར་ནས་ལྟུང་བ་བཅུ་བཞི་པ་དང་བླ་མ་ལྔ་བཅུ་གང་འདོད་པའི་སྒྲུབ་ཐབས་དག་ནི་དོན་རྒྱས་པར་སྟོན་པ་ཡིན་པས་ངེས་པར་ ནན་ཏན་གྱིས་བསླབས་ཏེ་གཞན་དུ་ན་བླ་མའི་ཉེས་པའོ། །དེ་ལྟར་བཅུ་བཞི་པོ་བསྡུ་ན་གསུམ་སྟེ། ཐུན་མོང་གི་བྱང་ཆུབ་ཀྱི་སེམས་མི་ཉམས་པར་བྱེད་པ་དང་། ཁྱད་པར་གྱི་བྱང་ཆུབ་ཀྱི་སེམས་མི་ཉམས་པར་བྱེད་པ་དང་། དེ་གཉིས་ཀ་མི་ཉམས་པར་བྱེད་པའོ། །ལྟུང་བ་དང་པོ་ དང་གཉིས་བ་ནི་གཉིས་ཀ་མི་ཉམས་པར་བྱེད་པའོ། །སྤུན་ལ་དང་། བྱམས་སྤོང་དང་། བྱང་ཆུབ་སེམས་འདོར་དང་། གྲུབ་པའི་མཐའ་སྨོད་པ་དང་། གདུག་ལ་བྱམས་པ་སྤོང་བ་སྟེ། ལྔ་པོ་དེ་དག་ནི་ཐུན་མོང་གི་སེམས་མི་ཉམས་པར་བྱེད་པ་སྟེ། དེ་བས་ན་འབད་པས་བསྲུང་ངོ་། ། གསང་བ་སྒྲོགས་པ་དང་། ཕུང་པོ་སྨོད་པ་དང་། དག་པའི་ཆོས་ལ་ཡིད་གཉིས་དང་། །མིང་སོགས་བྲལ་ལ་དེར་རྟོག་དང་། །སེམས་སུན་འབྱིན་པ་དང་། དམ་ཚིག་མི་བསྟེན་པ་དང་། ཤེས་རབ་སྨོད་པ་དེ་རྣམས་སྤངས་པས་ཁྱད་པར་གྱི་བྱང་ཆུབ་ཀྱི་སེམས་མི་ཉམས་པར་བྱེད་ པའོ། །ཡང་དེ་ནི་ལྟ་སྤྱོད་སྒོམ་གསུམ་གྱི་རང་བཞིན་ཡང་ཡིན་ཏེ། ཆོས་ལ་ཡིད་གཉིས་དང་། མིང་སོགས་བྲལ་ལ་དེར་རྟོག་སྤངས་པས་ལྟ་བ་རྣམ་གཉིས་རྟོགས་པའོ། །དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་ལྔ་པ་དང་དྲུག་པ་དང་བདུན་པ་དང་བརྒྱད་པ་དང་བཅུ་ པའི་དགུ་སྤངས་པས་སྒོམ་པའི་མན་ངག་དང་། སེམས་སུན་འབྱིན་པ་དང་། དམ་ཚིག་མི་བསྟེན་པ་དང་། ཤེས་རབ་སྨོད་པ་གསུམ་གྱིས་དགུ་སྤངས་ཤིང་སྦྱངས་པས་སྤྱོད་པའོ། །དེ་གསུམ་མ་སྤངས་པར་བསྒོམས་པས་བཀའ་འདའ་དང་། བླ་མ་བརྙས་པ་མ་སྤངས་པ་ ཡིན་ནོ། །དེ་བས་ན་བཅུ་དང་ལྔ་བཅུ་ལ་ནན་ཏན་ཡང་དང་ཡང་དུ་བྱ་སྟེ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །ཉམས་ན་ཉེས་པ་ཐམས་ཅད་ཀྱང་འབྱུང་ངོ་། །དེ་ལྟར་མ་ཡིན་པར་སྔགས་ཚིག་ཙམ་གྱིས་མན་ངག་བསྟན་ནས། །བླ་མར་ཁས་འཆེ་བ་ལྟུང་བའི་སྣོད་དུ་བསྒྲུབས་ན་ མི་དགེ་བའི་རྒྱུ་བྱས་པས། མི་དགེ་བའི་བདག་པོའི་རྐྱེན་ཞེས་བྱ། སྡིག་པའི་གྲོགས་པོ་དང་། བདུད་སྡིག་ཅན་དང་། སླུ་བར་བྱེད་པ་ཞེས་བྱ་སྟེ་སྐྱོན་མང་དུ་མི་བརྗོད་དོ། །དེ་ལྟ་བུའི་བླ་མ་དང་སློབ་མ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་ཕུང་པོ་རྣམས་རྙེད་པ་དང་བཀུར་སྟིའི་ རྒྱུས་བསྒྲུབས་པས་ངན་སོང་སྒྲུབ་པའི་ཐབས་དང་རྐྱེན་དེས་དུག་དང་བདུད་རྩི་འདྲེས་པ་དང་འདྲའོ། །དེ་བས་ན་བླ་མ་དམ་པ་བསྟེན་པ་གཅེས་པར་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དམ་པའི་གྲོགས་དང་བླ་མ་དང་། །མ་ཕྲད་སྲིད་པར་འཁྱམས་པ་ལས། །ཕན་ཕྱིར་བླ་མའི་ལུང་བཞིན་ དུ། །བྲིས་པས་དེ་དག་ལ་ཕན་ཤོག །འདི་མཐོང་ཙམ་གྱིས་སྐྱེ་བོ་རྣམས། །ཆོས་ལ་ནན་ཏན་བྱ་བའི་རྒྱུར། །གྱུར་ནས་བླ་མ་གཙོར་བྱེད་ཅིང་། །སྒྲུབ་ལ་ནན་ཏན་བྱེད་པའི་རྒྱུར། །སྐལ་ངན་སྐྱེ་བོ་རྣམས་དང་ཕྲད་པ་ན། །རང་སྐྱོན་དབང་གིས་སྨོད་པར་བྱེད་མོད་ཀྱི། །དྲང་སྲོང་ ཆེན་པོའི་ལུང་ནི་སུ་ཞིག་སྤོང་། །དེ་ཕྱིར་དེ་དག་ལ་ཡང་གནོད་མ་གྱུར། །གསང་བ་བླ་ན་མེད་པ་ཡི། །རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི། །རྣལ་འབྱོར་པ་རྣམས་བསླབ་པའི་ཕྱིར། །གསལ་བྱེད་མན་ངག་བཀོད་པའོ། །གསང་སྔགས་རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་རྣམས་ཀྱི་ བསླབ་པ་གསལ་བར་བྱེད་པའི་མན་ངག་ཅེས་བྱ་བ་སློབ་དཔོན་རྒྱལ་བའི་ལྷས་མཛད་པའི་རྩ་བའི་ལྟུང་བའི་འགྲེལ་པ་མཁས་པ་ཆེན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་གསུངས་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཡཱ་ན་མཱུ་ལ་པཏྟི་ཊཱི་ཀཱ། བོད་སྐད་དུ། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྟག་གནས་དུས་གསུམ་བདེ་གཤེགས་མཉམ་ཉིད་སྐུ། །ཁ་སྦྱར་བདེ་ཆེན་ལོངས་སྤྱོད་ཡོངས་ རྫོགས་དཔལ། །བདུད་བཞི་ལས་རྒྱལ་འགྲོ་ཀུན་རེ་འདོད་སྐོང་། །ཐུགས་རྗེ་བདག་ཉིད་འཇམ་མགོན་ཕྱག་འཚལ་ཏེ། །འདིར་ནི་མི་མཁས་གསང་སྔགས་དོན་ལ་མངོན་རྨོངས་པའི། །དབང་བསྐུར་དམ་ཚིག་མེད་དེ་ཞལ་གྱི་བདུད་རྩི་བྲལ། །བདུད་ཀྱིས་མངོན་ བསླུས་རང་ཉིད་ཕུང་བ་ཁོ་ནར་ཟད། །སྙིང་རྗེ་གསོ་ཐབས་བདུད་རྩི་འདི་ནི་བཤད་པར་བྱ། །ལམ་མཆོག་རྣམས་ཀྱི་གཞིར་འགྱུར་དམ་ཚིག་འདི། །ཐེག་མཆོག་རྒྱུད་ཀུན་ལས་ནི་རབ་བསྟན་པ། །སློབ་དཔོན་གཞན་དག་གཞན་དུ་འཆད་དེ་འདི་ཡི་དོན། །བདག་གིས་བླ་མ་ལས་རྙེད་ཐེག་ མཆོག་སྤྱོད་པ་ཉོན། །དེ་ལ་གསང་སྔགས་ཀྱི་ཚུལ་སྤྱོད་པ་རྣམས་ཀྱིས་སྐྱེ་བ་མེད་པའི་རྒྱུད་ཁོང་དུ་ཆུད་པར་བྱ་སྟེ། འགྲོ་བ་ཐམས་ཅད་སྙིང་རྗེས་བསྒྲལ་བའི་སེམས་སྔོན་དུ་བཏང་བ་ཐིག་ལེ་ཆེན་པོ་ཡོངས་སུ་རྫོགས་པར་འདོད་པས་མཚན་ཉིད་དང་ལྡན་པའི་སློབ་དཔོན་ཏིང་ངེ་འཛིན་ གྱི་དཀྱིལ་འཁོར་མངོན་སུམ་དུ་སྣང་བའམ། གཞོན་ནུ་མ་ལ་ཕབ་སྟེ་དཀྱིལ་འཁོར་འདྲི་བའམ། ཡང་ན་དེ་ཉིད་བཅུ་དང་ལྡན་པས་མངོན་དུ་བྲིས་པས་བུམ་པའི་དབང་དང་། གསང་བའི་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ཡོངས་སུ་རྫོགས་པའི་ཆོ་ག་དང་ལྡན་ པའི་སློབ་མ་ལ་སློབ་དཔོན་གྱིས་རྩ་བའི་དམ་ཚིག་ཕམ་པ་དང་། ལྟུང་བ་དང་། ལྕི་བ་དང་། སྦོམ་པོ་དང་། ཡན་ལག་དང་། ཉེས་བྱས་དང་། ཕྲ་མོ་དང་། ཉེས་པ་མེད་པ་དང་། དམ་ཚིག་གི་ཚོགས་རྣམས་དབོག་པར་བྱའོ། །དེ་ནས་བསྐྱེད་པའི་རིམ་པ་དང་རྫོགས་པའི་ཚུལ་ གྱིས་བསྒྲུབས་ན་ཚེ་གཅིག་ལ་སོགས་པས་མཆོག་གི་དངོས་གྲུབ་དང་། ཐུན་མོང་གི་དངོས་གྲུབ་རྣམས་ཞར་ལ་རྒྱས་པར་འགྱུར་རོ། །དེ་ནས་ལྷུན་གྱིས་གྲུབ་པའི་དོན་ཐོབ་ནས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་རྟོག་པ་མེད་པར་སེམས་ཅན་གྱི་དོན་བྱེད་པ་ནི་གསང་སྔགས་ ཀྱི་ཚུལ་ལོ།། །།གཞན་དག་རྡོ་རྗེ་རྩེ་མོའི་རྒྱུད་ལ་སོགས་པ་བྱ་བ་སྤྱོད་པ་གཙོ་བོར་གྱུར་པ་ལས་ཀྱང་། གཉིས་སུ་མེད་པའི་དོན་ཁོང་དུ་ཆུད་ཅིང་དམ་ཚིག་ཅན་གྱི་སྐྱེ་བོས་བརྟགས་པའི་ལྷ་དང་ཡེ་ཤེས་ཀྱི་ལྷ་དང་དབང་པོའི་སྒོ་མཉམ་པར་སྦྱར་ནས། དཀའ་ཐུབ་དང་། དཀའ་སྤྱད་དང་ ཁྲུས་ལ་སོགས་པའི་ལས་དང་བྱ་བ་གཙོར་མི་འཛིན་པར་འགྲུབ་པར་གསུངས་ཏེ། དེ་སྐད་དུ་ཡང་། ཁྲུས་དང་གཙང་སྦྲ་འདིར་མི་དགོས། །དཀའ་ཐུབ་དཀའ་སྤྱད་འདིར་མི་དགོས། །སངས་རྒྱས་རྣམས་དང་སེམས་དཔའ་ཆེ། །རྟག་ཏུ་སྦྱོར་བས་འགྲུབ་པར་འགྱུར། །ཞེས་འབྱུང་ བ་དང་། གཞན་ཡང་ཐིག་ལེ་མཉམ་གནས་ཀྱི་རྒྱུད་ལས། བདེ་བ་ཆེན་པོའི་ངང་གནས་ན། །དམ་ཚིག་མེད་ཅིང་སྡོམ་པ་འང་མེད། །བྱ་དང་བྱེད་པ་རྩོལ་བ་མེད། །ནམ་མཁའ་ལྟ་བུར་འགྲུབ་པར་འགྱུར། །ཞེས་འབྱུང་བ་དང་། བྱང་ཆུབ་ཀྱི་སེམས་འབྱུང་བའི་རྒྱུད་ལས། བྱང་ཆུབ་ སེམས་ལ་མཉམ་གནས་ན། །དམ་ཚིག་སྡོམ་པ་ཉམས་མ་ཡིན། །ཞེས་འབྱུང་བ་དང་། ཐུགས་གསང་བའི་རྒྱུད་ལས་ཀྱང་། སྤྲོས་མེད་ཐིག་ལེའི་ངང་གནས་ན། །བྱ་བ་མ་ཡིན་སྤྱད་ཀྱང་འགྲུབ། །ཅེས་འབྱུང་བ་དང་། རྟོག་པ་ཡོངས་སུ་ཟད་པའི་རྒྱུད་ལས་ཀྱང་། དམ་ ཚིག་ལ་སོགས་བརྟགས་པས་འཆིང་། །སྒྱུ་མའི་སྦྱོར་ཤེས་སྟོང་པས་འགྲུབ། །ཅེས་འབྱུང་བ་དང་། མཁའ་འགྲོ་མ་གསང་བ་མཛོད་ལས་ཀྱང་། འདི་ལྟར་སྣང་བའི་དངོས་པོ་རྣམས། །སྒྱུ་མ་ལྷ་དང་ལྷ་མོར་གནས། །བསྡམ་བྱ་མེད་ཅིང་སྡོམ་བྱེད་མེད། །རྩ་དང་རླུང་དང་ཐིག་ལེ་ མེད། །སྟོང་པ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་འབྱུང་བ་དང་། གཞན་ཡང་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ལས་ཀྱང་། བདེ་བ་ཆེན་པོའི་དོན་རྟོགས་ན། །སྨྱུང་བར་གནས་པ་ལ་སོགས་པ། །དམན་པའི་སྤྱོད་པ་བཤད་པས་ན་ཟབ་མོའི་དོན་རྡོ་རྗེ་ཐེག་པ་རྣམས་ཀྱིས་ནི་ རང་བཞིན་གྱིས་གནས་པའི་ལྷའི་སྦྱོར་བས་རྟག་པར་ཐིག་ལེ་ཆེན་པོ་མཉམ་པ་ཉིད་ལ་གནས་ན། དངོས་གྲུབ་ཀྱི་མཆོག་སྐུ་གསུམ་ཡེ་ཤེས་ལྔ་ལ་སོགས་པ་ཐོབ་པར་འགྱུར་རོ། །གཞན་དག་བྱ་བ་དང་སྤྱོད་པའི་རྒྱུད་རྡོ་རྗེ་ཐེག་པ་མ་ཡིན་ནམ། དེ་དག་ལས་ནི་ལས་དང་བྱ་བས་འགྲུབ་ པར་བཤད་ན། གཞན་ཡང་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལས་ཀྱང་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ཀྱིས་ཐམས་ཅད་མཁྱེན་པ་རྒྱུའི་གཙོ་བོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་དག་ནི་བཅོམ་ལྡན་འདས་ཀྱིས་དགོངས་ཏེ་བཤད་པ་ཡིན་ནོ། །བུས་པ་བློ་དམན་ པ་དང་། སྤྲོས་བཅས་ལ་དགའ་བ་དང་། ཤིན་ཏུ་ཟབ་མོའི་དོན་ལ་འཇིགས་པ་རྣམས་ཉེ་བར་གཟུང་བའི་ཕྱིར་གསུངས་པ་ཡིན་ནོ། །དེ་སྐད་དུ་ཡང་། གསང་སྔགས་ཀྱི་དོན་ལ་དེ་ཁོ་ན་ཉིད་ལ་འཇུག་པ་ལས། སྟོང་ཉིད་ལྟ་བས་གྲོལ་འགྱུར་ཏེ། །སྒོམ་པ་ལྷག་མ་དེ་ དོན་ཡིན། །ལུས་ངག་ཡིད་ཀྱི་སྤྱོད་པ་ཀུན། །ཐེག་པ་དམན་ལ་བསྟན་པ་ཡིན། །ཞེས་འབྱུང་བ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་སྨྲ་བར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ལ། །ཕྱིས་ནི་རྣམ་པར་དབེན་ དོན་ཉིད། །ཅེས་བཤད་པས་སོ། །གཞན་དུ་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས་ཀྱང་། ལག་ན་རྡོ་རྗེ་ངས་སེམས་ཅན་རྣམས་ཀྱི་བློའི་ཁྱད་པར་དང་། རིགས་ཀྱི་བྱེ་བྲག་གིས་ཐེག་པའི་ཁྱད་པར་རྣམས་བསྟན་ཏེ། ལ་ལ་ལ་ཕྱི་རོལ་པའི་ཚུལ་ལོ། །ལ་ལ་ལ་ཉན་ཐོས་ཀྱི་ཐེག་པའོ། ། ལ་ལ་ལ་རང་སངས་རྒྱས་ཀྱི་ཐེག་པ་དང་། གཞན་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། རིག་པ་འཛིན་པའི་རྒྱུད་དཔག་ཏུ་མེད་པ་བསྟན་ཀྱང་། ཐིག་ལེ་ཆེན་པོ་ཡི་གེ་མེད་པ་བརྡ་དང་བྲལ་བས་གཉིས་སུ་མེད་པས་སངས་རྒྱས་པར་རིག་པར་བྱའོ་ཞེས་གསུངས་པས་གསལ་བར་བྱས་པས་ རིག་པར་བྱའོ། །གཞན་ཡང་རྡོ་རྗེ་རྩེ་མོ་ལ་སོགས་པའི་ཁུངས་དང་། རྡོ་རྗེ་གཙུག་ཏོར་ལས་ཀྱང་། དེ་ཁོ་ན་ལ་མཉམ་གནས་ན། །དམ་ཚིག་མེད་ཅིང་སྔར་སྤྱད་མེད། །རྡོ་རྗེ་དྲིལ་བུ་གཟུང་མི་དགོས། །དེ་ཉིད་བཅུ་བྲལ་འགྲུབ་པར་འགྱུར། །ཞེས་འབྱུང་བ་དང་། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ལ་སོགས་པ་རྣམས་ནི་སྤྲོས་པ་དང་བཅས་པ་སྟེ་མཚན་མར་རིག་པར་བྱའོ། །དོན་དམ་པ་ནི་ཆོས་ཀྱི་དབྱིངས་རྒྱལ་བ་རྣམས་ཀྱི་ཡུམ་མོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གཞན་ཡང་རྡོ་རྗེ་འཛིན་ པ་ནི་དམ་ཚིག་དང་སྤྱོད་པས་ཐོབ་པ་མ་ཡིན་ཏེ། ཡང་དག་པའི་ལྟ་བ་དང་བྲལ་བས་རིག་བྱེད་གསང་ཚིག་གི་ཆོ་ག་བཞིན་ནོ། །དེའི་ཕྱིར་ན་སྟོང་པ་ཉིད་ཀྱི་དོན་རྟོགས་ན་ལུས་ངག་གི་སྤྱོད་པ་དང་དམ་ཚིག་ལ་སོགས་པ་ཐེག་པ་འོག་མའི་ཚུལ་ཡིན་ཏེ། རྣལ་འབྱོར་ཆེན་པོའི་རྒྱུད་ལས་ ནི་དམ་ཚིག་དང་བྱ་སྤྱོད་ལ་སོགས་པ་མི་དགོས་ཏེ། དེ་ལྟར་རྟོགས་པ་ནི་ཟབ་མོའི་དོན་ཁོང་དུ་ཆུད་པ་ཡིན་ནོ་ཞེས་སློབ་དཔོན་གཞན་དག་ཟེར་རོ། །དེ་ཡན་ཆོད་ངེས་དོན་ནོ།། །།ཕྱོགས་གཞན་དག་ལ་ཡང་དབང་བསྐུར་བའི་ཆོ་ག་དང་། དཀྱིལ་འཁོར་གྱི་ལས་དང་། དམ་ ཚིག་གི་སྦྱོར་བ་ལ་གནས་ན་ལྟ་བ་གཙོ་བོར་གྱུར་པ་མ་ཡིན་ཏེ། ཐུན་མོང་དང་མཆོག་གི་དངོས་གྲུབ་རྟེན་ཅིང་འབྲེལ་པའི་དངོས་པོས་ཀྱང་འབྱུང་བར་འགྱུར་རོ། །དེ་དག་ཀྱང་ཅིའི་ཕྱིར་ཞེ་ན། ལུང་དང་རིག་པ་དག་སྟེ། རྡོ་རྗེ་ས་འོག་གི་རྒྱུད་ལས། དཀྱིལ་འཁོར་རྫས་ཀྱི་སྦྱོར་ལྡན་ཞིང་། ། སྦྱིན་སྲེག་ལས་ཀྱི་དེ་ཉིད་ཤེས། །དམ་ཚིག་སྡོམ་པའི་རྒྱུད་ལྡན་ན། །མཚན་མར་བལྟས་ཀྱང་གྲོལ་བར་འགྱུར། །ཞེས་འབྱུང་བའི་ཕྱིར་དང་། གཞན་ཡང་སྐུ་ཁྲོས་པའི་རྒྱུད་ལས། ལས་ཀྱི་སྦྱོར་བ་རབ་ཤེས་ཤིང་། །གསང་སྔགས་སྦྱོར་བའི་ཚུལ་བདུན་ལྡན། །སྤྲོས་ བཅས་སྤྱོད་པ་རབ་མཁས་ན། །སྤྲོས་པ་ཉིད་ཀྱིས་གྲོལ་བར་འགྱུར། །ཞེས་འབྱུང་བའི་ཕྱིར་དང་། གཞན་ཡང་གཅིག་ཏུ་སྤྲོས་པའི་རྒྱུད་ལས། མཉམ་ལྡན་དེ་ཉིད་བཅུ་ཤེས་ན། །དངོས་པོར་ཞེན་པས་བགེགས་མི་འགྱུར། །ཞེས་འབྱུང་བ་དང་། གཞན་ཡང་དམ་ཚིག་ རྟོགས་པའི་རྒྱལ་པོའི་རྒྱུད་ལས། སྦྱོར་ལ་གནས་པ་ཆོ་གའི་མཆོག །གསང་སྔགས་ཆོ་ག་སྦྱོར་བས་འགྲུབ། །ཅེས་འབྱུང་བ་དང་། དེ་ཉིད་བསྡུས་པ་ཆེན་པོའི་རྒྱུད་ལས། གསང་སྔགས་སྤྱོད་པས་གྲོལ་འགྱུར་ཏེ། །རྡོ་རྗེ་འཛིན་པ་གསང་བའི་མཆོག །ཅེས་འབྱུང་བའི་ ཕྱིར་དང་། ཐུགས་ཁྲོས་པའི་རྒྱུད་ལས། ཟུང་དུ་འབྲེལ་པ་སྤྱོད་པའི་མཆོག །སྤྱོད་པའི་གཞིས་ནི་རྡོ་རྗེ་འཛིན། །ཞེས་འབྱུང་བ་དང་། ཕྲིན་ལས་རྫོགས་པའི་རྒྱུད་ལས། རྡོ་རྗེ་པདྨར་རབ་སྦྱར་ནས། །བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །ཞེས་འབྱུང་བའི་ཕྱིར་རོ། །སློབ་དཔོན་ ཀླུ་སྒྲུབ་ཀྱི་དོན་དེ་ཡང་དེ་ཉིད་ལས། རྣམ་པར་དབེན་དོན་མི་ཤེས་པར། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང་། །གང་དག་བསོད་ནམས་མི་བྱེད་པ། །སྐྱེས་བུ་ཐ་ཤལ་དེ་དག་བརླག །འབྲས་བུར་བཅས་པའི་ལས་རྣམས་དང་། །འགྲོ་བ་དག་ཀྱང་ཡང་དག་བརྗོད། །དེ་ཡི་རང་ བཞིན་ཡོངས་ཤེས་ན། །སྐྱེ་བ་མེད་པར་བསྟན་པ་ཡིན། །ཞེས་བཤད་པ་དེ་ཡང་བདག་ཏུ་ལྟ་བ་ལ་སོགས་པ་དགག་པ་ལས་ཀུན་རྫོབ་བསོད་ནམས་ཀྱི་ཚོགས་ཀྱིས་གྲུབ་པར་གསལ་བར་གསུངས་ན། གང་དག་ཁྱེད་ཀྱི་གཞུང་ལ་ནི། །བརླག་པར་ འགྱུར་བར་གསལ་བར་གསུངས་ཏེ། གཞན་ཡང་སངས་རྒྱས་ནི་ཆོས་ཅན་སྒྱུ་མའི་མཚན་ཉིད་འདུས་བྱས་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ས་བོན་ལས་མྱུ་གུ་འབྱུང་བ་བཞིན་ནོ་ཞེས་ལྟ་བ་གཙོ་བོར་མི་འཛིན་པར་དམ་ཚིག་ལ་སོགས་པའི་སྤྱོད་པས་འགྲུབ་པོ་ཞེས་སློབ་ དཔོན་ཁ་ཅིག་འདོད་དོ། །དེ་དག་གི་གཞུང་ལ་བརྗོད་པར་བྱ་སྟེ། རེ་ཞིག་ཕྱོགས་སྔ་མ་ལྟར་ན་དོན་དམ་པའི་ལྟ་བ་གཙོ་ཆེ་སྟེ། དམ་ཚིག་ལ་སོགས་པའི་སྤྱོད་པ་ཁྱད་དུ་གསོད་པའི་ཚུལ་འདི་རིགས་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་རྒྱུད་སྡེ་མཐའ་དག་དང་ཐེག་པ་ ཆེན་པོའི་མདོ་སྡེ་རྣམས་ལས་ལྟ་བ་དང་སྤྱོད་པ་ཆ་མཉམ་པ་ལས་འགྲུབ་པར་གསུངས་ཏེ། གསང་བ་མཆོག་གི་རྒྱུད་ལས། སྤྲོས་པའི་དོན་ནི་རབ་རྟོགས་པ། །ཐེག་པ་མཆོག་ལ་མངོན་དད་ཅིང་། །སྙིང་རྗེས་གཞན་གྱི་དོན་ལ་མོས། །བདུད་རྩི་ལྔ་ནི་རབ་སྤྱོད་ཅིང་། །སྣང་སྲིད་ སྒྱུ་མ་སྦྱོར་ཤེས་པས། །ལྷ་ཡི་སྦྱོར་བ་དེ་ཉིད་ཀྱིས། །བསྒྲུབ་པས་དངོས་གྲུབ་མཆོག་ཏུ་འགྱུར། །ལས་ཀྱི་དངོས་གྲུབ་སྦྱོར་ཤེས་པས། །ཞེས་འབྱུང་བའི་ཕྱིར་རོ། །གཞན་ཡང་རྡོ་རྗེ་པདྨ་སྙོམས་པར་འཇུག་པའི་རྒྱུད་ལས། གསང་བའི་བདག་པོ་གསང་སྔགས་ཀྱི་སྦྱོར་བས་ གཉིས་སུ་མེད་པར་སྦྱོར་བའི་ཐབས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོ་གས་དངོས་གྲུབ་བསྒྲུབས་ན་འགྲུབ་པར་འགྱུར་ཏེ། གསང་བའི་བདག་པོ་དཔེར་ན་སྐྱེས་བུའི་རྩོལ་བ་དང་། གཙུབ་ཤིང་དང་། གཙུབ་སྟན་དང་། ལག་པ་དང་། རྩྭ་རྣམས་འདུས་པ་ལས་མེ་འབྱུང་བ་བཞིན་ དུ་གསང་སྔགས་ཀྱི་སྦྱོར་བ་ཡང་སྟོང་ཉིད་ཀྱི་དོན་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆེ་བ་དང་། དབང་དང་དམ་ཚིག་ཐོབ་པས་འགྲུབ་པར་འགྱུར་གྱི། གཞན་དུ་ན་ལྟུང་བར་འགྱུར་རོ་ཞེས་འབྱུང་བ་དང་། དུར་ཁྲོད་གསང་བའི་རྒྱུད་ལས་འཇམ་དཔལ་གསང་སྔགས་ལ་མངོན་ པར་དད་པའི་རྣལ་འབྱོར་པས་དུར་ཁྲོད་དམ་ཆུ་འགྲམ་དུ་དོགས་པ་མེད་པའི་སེམས་ཀྱིས་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའི་སྦྱོར་བས་གྲུབ་པ་དང་། སྒྲུབ་པ་ཆེན་པོ་ལ་གནས་ཏེ་ཟླ་བ་དྲུག་ཏུ་རིག་པའི་བརྟུལ་ཞུགས་སྤྱད་ན་རྡོ་རྗེ་འཛིན་པའི་ས་བཅུ་གསུམ་བསྒྲོད་པར་འགྱུར་ རོ་ཞེས་བཤད་པ་དང་། དམ་ཚིག་བཀོད་པའི་རྒྱུད་ལས། རྡོ་རྗེ་འཛིན་པའི་ཚོགས་རབ་ཏུ་ཉོན་ཅིག །ཕྱི་རབས་ཀྱི་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོ་དང་། ཕྱིན་ཅི་མ་ལོག་པའི་དམ་ཚིག་ཡོངས་སུ་འཛིན་པ་དང་། དོགས་པ་མེད་ཅིང་ཐེ་ཚོམ་དང་བྲལ་བ་དང་། རང་གི་ལུས་ལ་ཆགས་པ་མེད་ཅིང་སེམས་ཅན་གྱི་དོན་ལ་དགའ་བ་དང་། གསང་སྔགས་ཀྱི་ལས་ཀྱི་ཆོ་ག་ཤེས་པ་དང་། དེ་དག་ཀྱང་ཆོས་དབྱིངས་ལས་མ་གཡོས་ན་སངས་རྒྱས་ཀྱིས་ཡོངས་སུ་འཛིན་པར་འགྱུར་རོ་ཞེས་འབྱུང་བ་དང་། དེའི་ཕྱིར་ན་སྒྱུ་མ་མཁན་གྱིས་ཇི་ལྟར་རྫས་དང་ སྔགས་ཀྱི་ཁང་བཟངས་ལ་སོགས་པ་བཞིན་དུ་འདི་ལྟར་ཡང་ཆོ་ག་འདུས་པས་འགྲུབ་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་སྒྱུ་མ་མཁན་པོ་འགས། །སྒྱུ་མ་ཐར་པར་བྱ་ཕྱིར་བརྩོན། །གང་ཕྱིར་དེ་ནི་མངོན་ཤེས་པས། །སྒྱུ་མ་ལ་ནི་དེ་མི་ཆགས། །དེ་བཞིན་སྲིད་གསུམ་སྒྱུ་ མ་ལྟར། །རྫོགས་པའི་བྱང་ཆུབ་མཁས་པས་མཁྱེན། །ཞེས་གསུངས་ཏེ། དེའི་ཕྱིར་ཀུན་རྫོབ་དང་དོན་དམ་པ་ལ་གནས་ནས་དེ་བཞིན་གཤེགས་པ་རྣམས་ཀྱང་འགྲོ་བའི་དོན་ལ་འཇུག་སྟེ། རྣལ་འབྱོར་པ་རྣམས་ཀྱང་ཚུལ་དེ་ལས་ཉམས་པས་འགྲུབ་པ་མ་ཡིན་ནོ། །རྡོ་རྗེ་ཐོད་པའི་ རྒྱུད་ལས་ཀྱང་། མཁའ་འགྲོ་མ་རྣམས་རབ་ཏུ་ཉོན་ཅིག །འོད་གསལ་བ་ལ་སྙོམས་པར་ཞུགས་ནས། སྤྲོས་བཅས་ཀྱི་སྤྱོད་པ་ཡོངས་སུ་རྫོགས་ན་ཞིང་ལས་སྐྱེས་པ་དང་། སྔགས་ལས་སྐྱེས་པ་ལ་སོགས་པས་དངོས་གྲུབ་ཐམས་ཅད་བྱིན་ཅིག་ཅེས་འབྱུང་བ་དང་། རྒྱན་དམ་ པའི་རྒྱུད་ལས་ཀྱང་། ཀུན་རྫོབ་སྤྲོས་བཅས་ཡོངས་རྫོགས་ཤིང་། །སྤྲོས་མེད་མཚན་མ་མེད་བལྟས་ན། །ཚེ་གཅིག་དངོས་གྲུབ་མཆོག་ཏུ་འབྱུང་། །ཞེས་འབྱུང་བ་དང་། གཞན་ཡང་དཔལ་གསང་བ་འདུས་པ་ཆེན་པོ་ལས། སྤྲོས་བཅས་སྤྱོད་པ་ལ་གནས་ཤིང་། །སྤྲོས་ མེད་མཚན་མ་མེད་གནས་ཏེ། །རྡོ་རྗེ་གླུ་ཡིས་ཡོངས་བསྐུལ་ནས། །ལྷ་མོའི་ཚོགས་དང་མཉམ་དུ་རོལ། ཞེས་འབྱུང་བ་དང་། ཐིག་ལེ་གཅིག་པའི་རྒྱུད་ལས། དཔའ་བོས་རྣལ་འབྱོར་ཡོངས་བྱས་ཏེ། །བསྒྲུབས་ཀྱང་དངོས་གྲུབ་མ་ཐོབ་སྟེ། །མཚན་ མ་མེད་པས་ལྷ་བསད་དེ། །བདེན་པ་གཉིས་ཀྱིས་འགྲུབ་པར་འགྱུར། །ཞེས་འབྱུང་བ་དང་། ལས་རྒྱ་མཚོའི་རྒྱུད་ལས། སྤྲོས་བཅས་ལ་ནི་བརྟེན་ནས་ཀྱང་། །སྤྲོས་པ་མེད་པ་རབ་ཏུ་སྐྱེ། །མཚན་མ་གཟུགས་ཀྱི་སྐུ་ཉིད་ཀྱང་། །འགྲོ་བའི་དོན་ལ་རྟག་ཏུ་འཇུག །ཅེས་འབྱུང་ བ་དང་། གཞུང་འབུམ་པ་ལས་ཀྱང་། སྙིང་རྗེས་མྱ་ངན་འདས་མི་གནས། །ཤེས་རབ་ཀྱིས་ནི་འཁོར་བ་མིན། །མཐའ་གཉིས་རྣམ་པར་དོར་ནས་ཀྱང་། །རྟོག་པ་མེད་པས་འགྲོ་དོན་སྤྱོད། །ཅེས་འབྱུང་བ་དང་། གསང་བ་ཤིན་ཏུ་མཐོ་བའི་རྒྱུད་ལས། དངོས་པོར་ ལྟ་བ་རབ་སྤངས་ཏེ། །སྒྱུ་མ་ལྟ་བུར་སྦྱོར་ཤེས་པས། །སྔགས་པས་ཡིད་བཞིན་ནོར་བུ་ལྟར། །སེམས་ཅན་དོན་ལ་མཉམ་མེད་བྱོས། །ཞེས་འབྱུང་བ་དང་། བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ་ལས་ཀྱང་། གསང་སྔགས་ལྷ་ཡི་ཚུལ་གྱིས་ནི། །དངོས་གྲུབ་ཐམས་ཅད་བསྒྲུབས་ པས་འགྲུབ། །ཆོས་ཀྱི་སྐུ་ལ་རབ་གནས་ཏེ། །སྤྲུལ་སྐུ་ཕྱོགས་བཅུའི་འགྲོ་དོན་བྱེད། །དེ་ལྟར་ཕྱི་རབས་རྣལ་འབྱོར་པས། །ཚུལ་དེ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་ཕྱོགས་གཉིས་ཀ་འགོག་པར་བྱེད་པའི་ལུང་བཅོམ་ལྡན་འདས་ཉིད་ཀྱིས་རྒྱུད་ དེ་དག་དང་། གཞན་ཡང་ཐེག་པ་ཆེན་པོའི་མདོ་སྡེ་དང་། བྱ་བ་དང་སྤྱོད་པའི་རྒྱུད་མཐའ་དག་དང་། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམས་ལས་གཞུང་འདི་ཉིད་ཤིན་ཏུ་གསལ་བར་བསྟན་པའི་ཕྱིར། རེ་ཞིག་ཕྱོགས་དང་པོ་ལྟར་ན་དམ་ཚིག་ལ་སོགས་པའི་སྤྱོད་པ་ཁྱད་དུ་བསད་ དེ་ལྟ་བ་གཙོ་བོར་བྱས་ནས་རྡོ་རྗེ་འཛིན་པའི་ས་ཐོབ་པར་འགྱུར་རོ་ཞེས་བྱ་བའི་གཞུང་འདི་ཕྱོགས་གཉིས་པའི་ལུང་དང་། གཞུང་གཞན་དག་གིས་ཀྱང་བསལ་བ་ཡིན་ཏེ། འདི་ནི་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །རྡོ་རྗེ་རྩེ་མོ་ལ་སོགས་པའི་ཁུངས་མ་བརྗོད་དམ་ཞེ་ན། རྡོ་རྗེ་རྩེ་མོ་ལ་ སོགས་པའི་ཁུངས་དེ་ཉིད་ལས་ཀྱང་། ལྟ་བ་དང་སྤྱོད་པ་ཆ་མཉམ་པར་སྟོན་ཏེ། སངས་རྒྱས་རྣམས་དང་སེམས་དཔའ་ཆེ། །བདག་ཏུ་ལྟ་བས་འགྲུབ་པར་འགྱུར། །ཞེས་འབྱུང་བ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་དེ་ཉིད་ལས། རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་ མཆོད་པར་བྱ། །དམ་ཚིག་སྡོམ་ལ་གནས་པ་ཡིས། །གསང་སྔགས་རྒྱལ་པོ་འགྲུབ་པར་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །ཁྲུས་དང་གཙང་སྦྲ་འདིར་མི་དགོས། །ཞེས་བྱ་བ་ནི་སེམས་བརྟན་པར་གྱུར་ནས། ཉན་ཐོས་ལ་སོགས་པའི་ལུས་ངག་གཙོ་བོར་གྱུར་པ་དགག་པ་ཡིན་ པའི་ཕྱིར་དགོངས་ཏེ་བཤད་པའོ། །གཞན་ཡང་རྒྱུད་གཞན་དག་གི་ཁུངས་རྣམས་ཀྱང་བདེན་པ་གཉིས་ཀྱི་ཚུལ་གྱིས་ལྟ་བ་དང་སྤྱོད་པ་ཆ་མཉམ་པར་གཞུང་འདི་ཉིད་ལས་གསལ་ལ། འདིར་ནི་གཞུང་མངས་ཀྱིས་དོགས་པས་བདག་གིས་མ་སྤྲོས་སོ། །བཅོམ་ལྡན་འདས་ཀྱིས་ནི་སེམས་ ཅན་གདུལ་བའི་དོན་དུ་ཚུལ་སྣ་ཚོགས་ཀྱིས་བཤད་པས་ཕྱོགས་རེ་ཙམ་ལ་རྟོག་པ་ནི་རྨོངས་པའོ། །དེའི་ཕྱིར་ན་ལས་དང་པོ་པ་དང་། སྤྲོས་བཅས་ལ་དགའ་བའི་ཕྱིར་སྤྲོས་པ་ཤས་ཆེར་བསྟན་ཏོ། །སེམས་བརྟན་པ་དང་མཚན་མ་མེད་པ་ལ་དགའ་བའི་དབང་དུ་བྱས་ཏེ་སྤྲོས་པ་མེད་པའི་ དོན་ཤས་ཆེར་བསྟན་ཏོ། །དེའི་ཕྱིར་དགོངས་པའི་དོན་རིག་པར་བྱའོ། །ལས་དང་པོ་པས་ནི་དམ་ཚིག་ལ་སོགས་པ་གཙོར་གཟུང་ངོ་ཞེས་བྱ་བའི་གཞུང་ངོ་། །ཕྱོགས་གཉིས་པ་ལྟར་ན་ལྟ་བ་ཁྱད་དུ་བསད་ཅིང་སྤྱོད་པ་ལྷུར་ལེན་པ་ཡང་ཕྱོགས་སྔ་མའི་ལུང་དང་གཞུང་གཞན་གྱིས་བཀག་ པ་སྟེ། དེ་ཉིད་ཀྱི་དབང་དུ་མཛད་ནས། སྟོང་ཉིད་ལྟ་བས་གྲོལ་འགྱུར་ཏེ། །ཞེས་བྱ་བ་ལ་སོགས་པས་སྔར་བཤད་ཟིན་ཏོ། །དེས་ན་ཕྱོགས་དེ་གཉིས་ཀའི་གཞུང་གིས་ཀྱང་ཕན་ཚུན་དགག་པར་ནུས་པ་མ་ཡིན་ཏེ། དེ་ཉིད་ལ་ལྟ་བ་དང་སྤྱོད་པ་མཉམ་པས་འགྲུབ་པར་གསལ་བར་ གསུངས་ཏེ། འོན་ཀྱང་སྐྱེས་བུའི་འདོད་པས་ཞུགས་པའི་ཕྱིར་འདི་ཙམ་གྱིས་ནི་བདེན་པ་གཉིས་ལ་འཇུག་པ་དགག་པར་ག་ལ་འགྱུར་ཏེ། ཐབས་དང་ཤེས་རབ་ཀྱི་རྒྱུད་ལ་མཁས་པའི་རྣལ་འབྱོར་པ་རྣམས་དགའ་བ་བསྐྱེད་པར་ཡང་མི་འགྱུར་ཏེ། ཕྱོགས་དེ་དག་ལ་བདེན་ པ་གཉིས་ལ་ཇི་ལྟར་འཇུག་པ་དང་། དེ་དག་ཕན་ཚུན་རིམ་པ་དང་རིམ་པ་མ་ཡིན་པར་སྦྱར་བ་རྒྱས་པར་ནི་བདག་གིས་མ་སྤྲོས་སོ། །དེ་ལྟར་ན་ཕྱོགས་གཉིས་ཀ་བཀག་ནས། གསང་སྔགས་ཀྱི་ཚུལ་གྱི་ནི་ལྟ་བ་དང་སྤྱོད་པ་ཆ་མཉམ་པས་འགྲུབ་བོ་ཞེས་བྱ་བ་ནི་གཞུང་ ངོ་།། །།ད་ནི་གཞུང་དབུ་མ་པ་གསལ་བར་བྱ་བའི་ཕྱིར་གཞུང་གི་དོན་ལ་འཇུག་པར་བྱ་སྟེ། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་གཟུང་བ་དང་འཛིན་པའི་དངོས་པོ་ཡོངས་སུ་བཅོམ་སྟེ། ཆོས་ཀྱི་སྐུ་སྐྱེ་བ་མེད་པའི་ངང་དུ་ལྟ་བ་དང་སྤྱོད་པ་ ཕྱིན་ཅི་མ་ལོག་པར་ཞོན་ཏེ་འགྲོ་ཞེས་བྱ་བའི་དོན་ཏོ། །རྩ་བ་ནི་བཅུ་བཞི་པ་སྟེ། དེ་ཆད་ནས་མ་གསོས་ན་རྡོ་རྗེའི་དམྱལ་བར་ལྟུང་ཞེས་བྱ་བའི་དོན་ཏོ། །ཡང་ན་རྡོ་རྗེ་ཐེག་པ་ནི་འབྲས་བུ་ལམ་དུ་ཞུགས་པའི་མཚན་ཉིད་དེ། སོ་སོའི་སྐྱེ་བོ་མཚན་ཉིད་དང་སྐལ་བ་ལྡན་པས་སྐུ་གསུང་ ཐུགས་ཀྱི་ང་རྒྱལ་བྱས་ཏེ་སངས་རྒྱས་ཀྱི་མཛད་པ་མཐར་འབྱིན་པའི་ཕྱིར་དེས་འགྲོ་བས་ན་ཐེག་པ་སྟེ། ཐབས་དང་ཤེས་རབ་ཀྱི་རྩ་བ་ཡོངས་སུ་ཉམས་ན་མི་འདོད་པའི་འབྲས་བུ་ཐོབ་པ་ནི་ལྟུང་བ་ཞེས་བྱའོ། །དཔེར་ན་འཇིག་རྟེན་ན་ཡང་རྩ་བ་ཆད་ན་ཡལ་ག་དང་མེ་ཏོག་དང་འབྲས་བུ་མེད་དོ་ ཞེས་བྱ་བ་ལྟ་བུའོ། །འདི་ནི་རེ་ཞིག་བསྡུས་པའི་དོན་ཏོ། །ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། དེ་ཡང་ཡ་རབས་ཀྱི་ཚུལ་དང་བསྟུན་པར་བྱ་བའི་ཕྱིར། ཀུན་ནས་དང་བས་བླ་མ་ཡི། །ཞབས་ཀྱི་པདྨར་རབ་བཏུད་དེ། །ཞེས་སྨོས་ཏེ། བསྟན་བཅོས་རྩོམ་པ་པོས་ ལུས་ངག་ཡིད་གསུམ་ཤིན་ཏུ་དང་བས་བདག་གི་བླ་མ་གསུམ་དང་རྡོ་རྗེ་འཛིན་པ་ཐ་དད་དུ་མི་རྟོག་སྟེ། གུས་པའི་ཚུལ་གྱིས་ཞབས་དང་གདན་དང་པདྨར་བཅས་པར་བཏུད་དེ་ཕྱག་འཚལ་བའི་དོན་ཏོ། །གཞུང་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། རྩ་བའི་ལྟུང་བ་བཅུ་བཞི་ནི། ། རྒྱུད་ལས་འབྱུང་བ་བཤད་པར་བྱ། །ཞེས་སྨོས་ཏེ་རྩ་བ་ནི་རྒྱུའི་དོན་ཏེ། དེ་ཆད་ན་འབྲས་བུ་ལྟུང་བའི་མཚན་ཉིད་དོ། །བཅུ་བཞི་ནི་གསལ་བའི་དབྱེ་བས་ཏེ་གཞུང་གི་ཚོགས་སོ། །ཡང་ན་རྩ་བ་ནི་ཡན་ལག་བརྒྱད་དང་། ཉི་ཤུ་རྩ་བརྒྱད་དང་། གསང་བ་ཆེན་པོའི་རྒྱུད་ལས་ འབུམ་སྡེ་བཞུགས་པའི་གཞིར་གྱུར་པས་ན་རྩ་བའོ། །དེ་ལས་ཉམས་ན་ནི་ལྟུང་བའོ། །དེའི་ཕྱིར་ཐབས་ལ་བརྟེན་པ་ཁོ་ནའོ། །རྒྱུད་ནི་རྒྱུན་ཏེ། རྒྱུའི་རྒྱུད་དང་། འབྲས་བུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དོ། །དེ་ལ་རིགས་ཀྱི་དབྱེ་བས་ནི་རྒྱུའི་རྒྱུད་དོ། །དེ་ལ་རིགས་ཀྱི་དབྱེ་བ་ལས་འབྲས་ བུར་གྱུར་པ་རྡོ་རྗེ་འཆང་ཆེན་པོའི་དབྱེ་བས་ནི་འབྲས་བུའི་རྒྱུད་དོ། །རྒྱུ་ལས་འབྲས་བུ་གྲུབ་པར་བྱ་བའི་ཕྱིར་སྔགས་དང་ཕྱག་རྒྱ་དང་། དཀྱིལ་འཁོར་ལ་སོགས་པའི་རྐྱེན་གྱིས་ཚོགས་པ་ནི་ཐབས་ཀྱི་རྒྱུད་དོ། །རྣལ་འབྱོར་གཙོ་བོར་གྱུར་པའི་རྒྱུད་ཡིན་པས་ན་རྣལ་འབྱོར་གྱི་རྒྱུད་དེ། དེ་སྟོན་ པར་བྱེད་པ་ཡིན་པས་ཚིག་གི་གཞུང་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ཡང་། ཤེས་རབ་ཐབས་ཀྱི་སྙོམས་འཇུག་པ། །རྣལ་འབྱོར་ཅེས་ནི་བྱ་བར་བཤད། །གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། །རྒྱུན་དེ་ རྣམ་པ་གསུམ་འགྱུར་ཏེ། །གཞི་དང་དེ་བཞིན་རང་བཞིན་དང་། །མི་འཕྲོགས་པ་ཡི་རབ་ཕྱེ་བ། །གཞི་དང་རང་བཞིན་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོགས་འབྲས་བུའོ། །གཞི་ནི་ཐབས་ཞེས་བྱ་བ་སྟེ། །རང་བཞིན་རྒྱུ་ཡི་རྒྱུད་དུ་བཤད། །གསུམ་གྱི་རྒྱུད་ཀྱི་དོན་བསྡུས་སོ། །ཞེས་ བཤད་པ་ཡིན་ནོ། །ལས་ནི་ཀུན་ལ་ཁྱབ་སྟེ་མང་པོའི་དོན་དུ་སྦྱར་རོ། །དེ་ཡང་རྩ་བའི་རྒྱུད་གསང་བ་འདུས་པ་དང་། སྙིང་པོའི་རྒྱུད་འཇམ་དཔལ་གཤིན་རྗེ་ནག་པོ་ལ་སོགས་ཏེ། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམས་ལས་འབྱུང་བ་བཤད་པར་བྱ་ཞེས་དམ་བཅས་པའི་དོན་ཏོ།། །།ད་ནི་ གཞུང་གི་ཚོགས་བཅུ་བཞི་བཤད་པར་བྱ་སྟེ། དངོས་གྲུབ་ཀྱི་རྩ་བར་གྱུར་པའི་བླ་མ་ལ་སོགས་པ་དངོས་གྲུབ་ཀྱི་གཞིར་གྱུར་པས་ཐོག་མར་བརྗོད་པར་བྱ་སྟེ། དེའི་ཕྱིར། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུམ། །དེ་བས་དེ་ལ་བརྙས་པ་ནི། །རྩ་ བའི་ལྟུང་བ་དང་པོར་བཤད། །ཅེས་སྨོས་ཏེ། ཐུན་མོང་དང་མཆོག་གི་དངོས་གྲུབ་སློབ་དཔོན་ལས་ཐོབ་པར་གསུངས་ཏེ། གལ་ཏེ་དེ་ལས་དམ་ཚིག་ཉམས་ན་རྩ་བའི་ལྟུང་བར་འགྱུར་རོ། །ཐུན་མོང་གི་དངོས་གྲུབ་ནི་མིག་རྣོན་དང་རྐང་མགྱོགས་ལ་སོགས་ཏེ་དངོས་གྲུབ་ཆེན་པོ་ རྣམས་སོ། །མཆོག་གི་དངོས་གྲུབ་ནི་སངས་རྒྱས་ཀྱི་ས་བཅུ་གསུམ་པ་ལ་སོགས་པའོ། །དེ་ཐོབ་པར་བྱེད་པ་ནི་སློབ་དཔོན་ལ་རག་ལས་ཏེ་གསལ་བའི་དབྱེ་བས་རྣམ་པ་གསུམ་སྟེ། དབང་བསྐུར་བ་དང་། མན་ངག་སྟེར་བ་དང་། རྒྱུད་བཤད་པའོ། །དབང་ གི་དབྱེ་བའི་ཚུལ་གྱིས་ནི་བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་བཞི་པའི་འབྲས་བུའི་རྟགས་དང་རྣམ་པ་བཞིའོ། །གང་གི་ཕྱིར་ན་རྡོ་རྗེ་འཛིན་པ་ཡིས། དམ་ཚིག་བཀོད་པའི་རྒྱལ་པོའི་རྒྱུད་ལས། སྙིང་རྗེ་ལྡན་ཞིང་རབ་ཏུ་དུལ། །དཔའ་བརྟན་བརྟུལ་ཞུགས་རབ་ཏུ་ཆེ། ། གཏོང་ཕོད་བླ་མ་ལ་གུས་པ། །མཚན་ཉིད་ལྡན་པའི་སློབ་མ་ལ། །སློབ་དཔོན་དེ་ཉིད་བཅུ་ཤེས་པས། །དབང་ནི་གསུམ་གྱིས་རྫོགས་བྱས་ཏེ། །མན་ངག་དམ་པའི་སྣོད་ཡིན་ནོ། །གསང་སྔགས་རྒྱུད་ཀུན་དེ་ནས་སྦྱིན། །ལས་ཀྱི་སྦྱོར་བ་སྦྱིན་པར་བྱ། །གལ་ཏེ་གཅིག་ལ་གསུམ་ རྫོགས་པ། །དེ་ཉིད་ཤིན་ཏུ་ལྕི་བ་སྟེ། །གཉིས་ལ་སོགས་ཏེ་གཅིག་མཐར་ཐུག །འདི་ནི་དམ་ཚིག་སྦྱོར་བའོ། །ཞེས་འབྱུང་བའི་ཕྱིར་མཚན་ཉིད་དང་ལྡན་པའི་སློབ་མ་ལ་སློབ་དཔོན་གཅིག་གིས་དབང་བསྐུར་བ་དང་། མན་ངག་བྱིན་པ་དང་། རྒྱུད་བཤད་པ་དང་། གསུམ་གང་ གཅིག་ལ་ལྡན་པ་དང་། གཉིས་གཅིག་ལ་ལྡན་པ་དང་། གསུམ་བྱེ་བྲག་ཏུ་གནས་པའོ། །གསུམ་གཅིག་ལ་ལྡན་པ་ལ་བདུན་གྱི་སྦྱོར་བ་དང་ལྡན་པས་ལྟུང་བར་འགྱུར་ཏེ། ཉོན་མོངས་པས་ཀུན་ནས་བསླང་བའི་བསམ་པས་དེ་ལ་དེར་ཤེས་པ་དང་། ལུས་ངག་གི་སྦྱོར་བ་དང་། མཚོན་ཆ་ལ་སོགས་པས་འཚོ་བ་ཕྲོགས་པ་དང་། ཡོངས་སུ་ཤེས་ཤིང་འགྱོད་པ་མེད་པ་དང་། རྗེས་སུ་ཡི་རང་བ་དང་བདག་ཉིད་མ་འཁྲུལ་པའོ། །ཕྱིས་ཚད་དུ་བཤགས་ན་ལྟུང་བ་འབའ་ཞིག་པར་འགྱུར་རོ། །འཚོ་བ་དང་མ་ཕྲལ་ན་ལྟུང་བར་མི་འགྱུར་ཏེ་སྦོམ་པོའོ། །དེ་ཉིད་ དུས་འདས་ན་ལྕི་བའོ། །ཡན་ལག་དང་མི་ལྡན་པས་དངོས་གཞི་རྫོགས་ན་ཉེས་བྱས་སོ། །གལ་ཏེ་སྦྱོར་བ་དེ་དག་ཚང་བས་འཚོ་བ་ཕྲལ་ན་ཚད་ལས་འདས་པ་སྟེ་ཕམ་པའོ། །ལྟུང་བ་དང་ཕམ་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཕམ་པ་ནི་སྦྱོར་བ་རྫོགས་ནས་མ་བཤགས་ པའོ། །ལྟུང་བ་ནི་འཚོ་བ་དང་ཕྲལ་ནས་བཤགས་པའི་ཚད་འོག་ནས་འབྱུང་བ་བྱས་པའོ། །འོ་ན་ཅིའི་ཕྱིར་ལྟུང་བ་ཞེས་བྱ་ཞེ་ན། རྡོ་རྗེ་དམྱལ་བ་མ་ཡིན་པ་མྱོང་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བསྐང་བའི་ཚད་ནི་སྦྱིན་སྲེག་འབུམ་ཕྲག་བདུན་ནོ། །རིག་པ་ནི་བྱེ་བ་ཕྲག་ལྔའོ། །དབང་ བསྐུར་བའི་ཆོ་ག་རྫོགས་པས་ཀྱང་ངོ་། །གཏོར་མ་ནི་བྱེ་བ་ཕྲག་གཅིག་གོ། །དཀྱིལ་འཁོར་གྱི་ཆོ་ག་འབུམ་ཕྲག་གཉིས་སོ། །དེ་ལྟ་བུ་ཡོངས་སུ་རྫོགས་པ་ནི་བསྐང་བའི་ཆོ་གའོ། །ཡན་ལག་གི་གཙོ་བོ་བྱུང་བ་མ་བཤགས་ན་དུས་སུམ་ལྡན་དུ་འདས་ན་ལྕི་བ་སྟེ། གཉིས་ལྡན་གྱི་ཆ་བཞི་ པས་བཤགས་སོ། །གལ་ཏེ་སྦྱོར་བ་ཡོངས་སུ་མ་རྫོགས་ན་ཆོ་གའི་ཁྱད་པར་ཡང་དེ་བཞིན་ནོ། །གཅིག་ལ་གཉིས་ལྡན་ན་ཆ་གཉིས་པའི་བསྐང་བའི་ཆོ་གའི་རྒྱུའོ། །བྱེ་བྲག་ཏུ་གནས་པ་ལ་ནི་ཆ་གཅིག་པའི་བསྐང་བའི་ཚད་དོ། །བྱེ་བྲག་ཏུ་གནས་པ་གཅིག་མ་བསྐང་བར་ལོ་གསུམ་ དུ་གནས་པ་ན། སུམ་ལྡན་གཅིག་གི་ཚད་ཀྱིས་བཤགས་སོ། །གཅིག་ལ་གཉིས་ལྡན་པ་ལོ་གསུམ་གྱི་བར་དུ་གནས་ན། སུམ་ལྡན་གྱི་བསྐང་ཚད་ཕྱེད་དང་གཉིས་དུས་དེ་ཉིད་དེའི་ཚེ་ན་བསྐང་བའི་ཆོ་ག་དགུ་རྒྱུའོ། །ཡན་ལག་ཕྲ་མོ་གཅིག་བཤགས་ཚད་ནི་ཆ་གཅིག་པའི་མཆོད་ པ་དང་། མཎྜལ་སྔོན་དུ་འགྲོ་བའོ། །གཞན་བློས་ཞིབ་ཏུ་དབྱེ་བར་བྱའོ། །ཆོ་ག་ཞིབ་མོའི་ཚུལ་གྱིས་ནི་འགོམ་པར་བྱ་བ་དང་། བརྫི་བར་བྱ་བ་མ་ཡིན་པ་ལ་ནི་སྦྱིན་སྲེག་གཅིག་གིས་སོ། །ངག་གི་ཉེས་པ་རེ་རེ་ལ་ནི་གཏོར་མ་བཅུ་བཅུའོ། །ཡིད་ཀྱི་ཉེས་བྱས་པ་ལ་བསམ་ གཏན་གྱི་སྦྱོར་བ་ལྔའོ། །གཞན་དུ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ལུས་ངག་ཡིད་ཀྱི་ཉེས་བྱས་ལ། །ལུས་ཀྱི་དཀྱིལ་འཁོར་མཆོད་རྟེན་ལ། །ངག་གི་ཡི་གེ་བརྒྱ་པའོ། །ཡིད་ཀྱི་སྒྱུ་མའི་དོན་ཤེས་ཤིང་། །གཞན་ལ་སྦྱིན་སྲེག་དག་ཏུ་བཤད། །ཀུན་གྱི་ཁ་བསྐང་གཏོར་མ་ཤིས། ། ཞེས་བཤད་པ་དང་། གཞན་ཡང་དམ་ཚིག་བཀོད་པའི་རྒྱུད་ལས། ཕྱག་ན་རྡོ་རྗེ་ལེགས་པར་ཉོན། །དམ་ཚིག་ལས་ཀྱི་ཆོ་ག་བཤད། །གལ་ཏེ་རྩ་བའི་སློབ་དཔོན་ལ། །དམ་ཚིག་རྫོགས་པར་ཉམས་འགྱུར་ན། །དེ་ལ་བསྐང་བའི་ཆོ་ག་བཤད། །ཡོངས་སུ་བསྐང་བའི་ཆོ་ག་བྱ། ། རྣལ་འབྱོར་བསྐང་བ་མ་བྱས་ན། །རྡོ་རྗེ་དམྱལ་བར་གྲགས་པ་ཡི། །སྡུག་བསྔལ་མི་བཟད་མྱོང་བར་འགྱུར། །ཡན་ལག་ཉེས་པ་ལོ་ལྔའི་བར། །མ་བཤགས་དམྱལ་བ་ཆུང་ངུའི་ཚད། །དེ་ནི་ངེས་པར་འཚེད་པར་འགྱུར། །གཞན་ཡང་སྡུག་བསྔལ་འདི་དག་ སྟེ། །ཤིན་ཏུ་གྲང་སྒྲིབ་ཡི་དྭགས་དང་། །བྱོལ་སོང་གནས་སུ་སྐྱེ་བར་འགྱུར། །དེ་དག་བཤགས་པའི་ཆོ་ག་ནི། །གཏོར་མ་དཀྱིལ་འཁོར་སྦྱིན་སྲེག་དབང་། །རིག་པ་བསྐང་བའི་ཆོ་ག་བྱ། །ཞེས་འབྱུང་བའི་ཕྱིར་དང་། ལས་ཀྱི་སྦྱོར་བ་རྣམས་ངེས་པ་ཁོ་ནར་བྱ་ཞེས་དགོངས་སོ། ། གཞན་དུ་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ། །སྐྱེ་བ་མེད་པར་རྟོགས་པ་དང་། གཞན་གྱི་དོན་མཐོང་བ་དང་། བར་ཆད་དུ་འགྲོ་བ་དང་། གནང་བ་ཐོབ་པ་དང་། ན་བ་ལ་སོགས་པ་ལ་ཉེས་པ་མེད་དོ། །གཞན་དག་ཅིའི་ཕྱིར་ཉན་ཐོས་བཞིན་དུ་ཕམ་པར་བཞག།།གཞན་ཡང་ གསང་སྔགས་ཐབས་ཆེ་བས་བསྐང་ཐབས་ལ་མཁས་ན་ཕམ་པར་བཞག་པར་མི་རིགས་སོ་ཞེ་ན། འདིར་ལོག་སྲེད་ཅན་ཚུལ་བཞིན་དུ་ཞུགས་ནས་སྦྱོར་བ་རྫོགས་ཀྱང་བཤགས་པའི་ཚུལ་དུ་མི་བྱེད་པ་དང་། ཕྱི་རོལ་གྱི་ཆོས་ལ་ཞུགས་ནས་ཟབ་མོའི་དོན་ལ་རྒྱབ་ཀྱིས་ཕྱོགས་པའོ་ ཞེས་བྱ་བས་ཀྱང་གཞུང་གི་དོན་བཤད་པ་དང་། གཞན་ཡང་སློབ་དཔོན་གཞན་དང་ཚུལ་གཞན་གྱིས་དོན་དེ་ཉིད་རྒྱས་པར་བཤད་དེ། དེ་ཡང་རྡོ་རྗེ་ཐིག་ལེ་འབྱུང་བའི་རྒྱུད་ལས། དངོས་གྲུབ་འདོད་པའི་དོན་དུ་ནི། །རྟག་ཏུ་སློབ་དཔོན་བསྟེན་པར་བྱ། །དེས་ནི་འདོད་པའི་འབྲས་བུ་ སྟེར། །དེ་ལས་ཉམས་ན་སྡུག་བསྔལ་འཐོབ། །དེ་ཕྱིར་བསྐང་བའི་ཆོ་ག་ནི། །ཉམས་པའི་ཚད་དང་སྦྱར་བ་སྟེ། །བླ་མ་ལས་ནི་རྒྱུར་ཤེས་བྱ། །ལྟུང་བའི་མཚན་ཉིད་ཤེས་པ་སྟེ། །ལུས་ཀྱིས་མ་སྤྱད་ཆུང་བ་སྟེ། །ཟིན་དང་མ་ཟིན་འབྲིང་དུ་བཤད། །ཟིན་ཅིང་མ་བཤགས་ ཆེན་པོ་ཡིན། །ངག་གི་སྦྱོར་བའི་རྣམ་པ་ཡང་། །མ་བརྟགས་འཁྲུལ་ན་ཆུང་བ་སྟེ། །བརྟགས་དཔྱད་ཉེས་པས་འབྲིང་དུ་བཤད། །ཚད་འདས་ཆེན་པོའི་སྦྱོར་བའོ། །རྣལ་འབྱོར་སེམས་ཀྱི་མཚན་ཉིད་ནི། །ཤིན་ཏུ་ལྕི་བའི་རིམ་པ་ཡིན། །གནོད་སེམས་གསུམ་གྱིས་བརྟག་ པར་བྱ། །དེ་དག་བསྐང་བའི་རིམ་པ་འདི་དག་སྟེ། །ལུས་ལས་ཉམས་པ་ཆུང་ངུ་ལས། །ལུས་ཉིད་སྒྱུ་མའི་ཚུལ་གནས་བྱ། །གནང་བ་ཐོབ་པས་ཁྲག་ཕྱུང་ལ། །མཁས་པས་མཎྜལ་མདུན་བྱས་ཏེ། །བླ་མ་ཉིད་ལ་ཕུལ་ཏེ་བཤགས། །འབྲིང་དང་ཆེན་པོའི་ཚུལ་གྱིས་ནི། ། ཡང་ན་སྦྱིན་སྲེག་ལྔ་ལྔས་བསྐྱེད། །གཞན་དུ་འཁོར་ལོ་བཞི་ཡི་ཚུལ། །ཆུ་ཚོད་ནས་བརྩིས་རབ་བསྒོམས་ན། །དེ་ནི་བསྐང་བའི་མཆོག་ཡིན་ནོ། །ངག་གི་བརྫུན་པར་ཤེས་པ་ཡིས། །སྨྲེ་བཤགས་བཟླས་པའི་ཕྲེང་བས་ནི། །ཚད་འདས་གསུམ་པོ་མ་ལུས་སྦྱང་། །ཡིད་ ཀྱིས་སྒྱུ་མ་ལྟ་བུའི་ཚུལ། །བདུད་རྩི་དབབ་ཅིང་དྲི་མ་བཀྲུ། །འདི་དག་རྡོ་རྗེ་འཛིན་པས་ཉོན། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བ་འདི་དག་བསྐང་བའི་ཚད་ཡིན་ཏེ། །དབང་གི་དབྱེ་བས་ནི་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ་ལས། བུམ་པའི་དབང་ནི་དང་པོ་ལ། །གཉིས་པ་གསང་བའི་དབང་ དུ་བརྗོད། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་བཞིན་འབྲས་བུའོ། །དེ་བསྐུར་བླ་མ་ཉམས་གྱུར་ན། །ཕྱིར་ལ་དབང་བསྐུར་ཆོ་ག་དང་། །གནང་བ་ཐོབ་པས་དྲི་མ་འདག །ཅེས་འབྱུང་བས་བཤད་པའོ། །གཞན་ཡང་འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། དབང་བསྐུར་ སོགས་ཐོབ་སློབ་དཔོན་ལ། །རྨོངས་པར་གྱུར་པའི་སློབ་མ་ཡིས། །སྦྱོར་བའི་དངོས་གཞི་རབ་རྫོགས་པས། །རྩ་བ་ཡན་ལག་ཉམས་གྱུར་ན། །བློ་ངན་སློབ་མས་བཤགས་པར་བྱ། །གལ་ཏེ་མ་བཤགས་དུས་འདས་ན། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ཡི། །ཆུ་དེ་སྐྲ་ཡིས་གཏོར་ནུས་པ། ། དེ་ཡི་ཚད་དུ་སྡུག་བསྔལ་མྱོང་། །རྡོ་རྗེ་དམྱལ་བར་གྲགས་པ་ཡིན། །རྡོ་རྗེ་འཛིན་པ་རབ་ཏུ་ཉོན། །བསྐང་བའི་ཆོ་ག་བཤད་པར་བྱ། །གཅིག་ལ་སློབ་དཔོན་གསུམ་རྫོགས་ལ། །སྦྱོར་བ་བདུན་དང་ལྡན་པས་ནི། །རྩ་བའི་ལྟུང་བ་བྱུང་གྱུར་ན། །སྡུག་བསྔལ་བསྐྱེད་པའི་རྩ་བ་ཡིན། །རང་ གི་བསམ་པ་རྫོགས་བྱས་ཀྱང་། །སློབ་དཔོན་གནང་བར་མ་གྱུར་ན། །དང་པོ་སྡུག་བསྔལ་དཀའ་སྤྱད་དེ། །དེ་ནས་བདོག་པ་ཐམས་ཅད་དབུལ། །རྗེས་སུ་གནང་བ་བསྒྲུབ་པར་བྱ། །དབང་བསྐུར་ཆོ་ག་ལན་བདུན་བྱ། །ཚོགས་ཀྱི་འཁོར་ལོ་ཉི་ཤུ་གཅིག །སྦྱིན་སྲེག་གིས་ནི་འབུམ་ ཕྲག་བདུན། །གསང་སྔགས་བྱེ་བ་ལྔ་ཡིས་སོ། །མེ་ཏོག་ཚོམ་བུ་འབུམ་ཕྲག་གཉིས། །སྲོག་ཆགས་བྱེ་བ་ཚེ་བསྐྱབས་ན། །འདི་ནི་བཤགས་པ་དམ་པའོ། །འཇིག་རྟེན་ཆོས་བརྒྱད་མི་ཆགས་ཤིང་། །དྲང་སྲོང་སྤྱོད་པ་ཡང་དག་བྱ། །ཡང་ན་ལུས་ ལས་ཁྲག་ཕྱུང་སྟེ། །བརྒྱ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ནི། །བྱས་ཏེ་བླ་མར་དབུལ་བར་བྱ། །ཡང་ན་གནང་བ་ཐོབ་པ་ཡིས། །བསམ་གཏན་གྱིས་ནི་ཟླ་བ་བདུན། །རྡོ་རྗེ་འཛིན་པ་རབ་ཏུ་ཉོན། །གཞན་ཡང་ལས་ཀྱི་ཆོ་ག་ནི། །སློབ་དཔོན་བྱེ་བྲག་གནས་གྱུར་ན། །བློ་ལྡན་མཁས་ པས་རབ་དཔྱད་དེ། །རྩ་བ་ཡན་ལག་དམ་ཚིག་ལས། །ཉམས་པར་གྱུར་པའི་བཤགས་ཚད་ཀྱང་། །དེ་བཞིན་གཉིས་ལྡན་སུམ་ལྡན་ཏེ། །མཁས་པས་རབ་ཏུ་བཤགས་པར་བྱ། །ཁ་ན་མ་ཐོ་ཕྲ་མོ་ལ། །ཡང་ན་སྐུ་གཟུགས་མདུན་དུ་སྟེ། །ཡིད་ཀྱི་བཤགས་པ་མཆོག་ ཡིན་ནོ། །རྡོ་རྗེ་འཛིན་པ་རབ་ཏུ་ཉོན། །སློབ་དཔོན་ལ་ནི་དུས་གསུམ་དུ། །གསོང་པོས་བྱ་བ་ཐམས་ཅད་དྲི། །ལུས་ངག་སྤྱོད་པ་རབ་བསྡམས་ཏེ། །ཧ་ཅང་ཉེ་མིན་རིང་བ་འང་མིན། །རྟག་ཏུ་བྲལ་བ་མ་ཡིན་ནོ། །དུས་གསུམ་དུ་ནི་མེ་ཏོག་དབུལ། །བློ་ལྡན་ནང་ནུབ་ཕྱག་ བྱ་སྟེ། །ཟས་ལ་སོགས་པས་དང་པོར་མཆོད། །གལ་ཏེ་དུས་འདས་རིང་གྱུར་ན། །དེ་ལ་རྟག་ཏུ་མངོན་པར་ཕྱོགས། །དེ་སྤུན་གྲོགས་དང་བླ་མ་ལ། །རྟག་ཏུ་དེ་དང་འདྲ་བར་མཆོད། །འདི་ཡི་རིགས་ནི་རྟག་ཏུ་གཟུང་། །ལྷམ་དང་སྟན་ནི་སྤྱི་བོར་བླང་། །ཐུགས་ཀར་ཕོ་བྲང་ བཅའ་བ་སྟེ། །རྟག་ཏུ་དེ་བསམ་གཞན་དུ་མིན། །དེ་ཡི་བཀའ་ལས་འདའ་མི་བྱ། །སེམས་དཔའ་ཆེན་པོ་གཞན་ཡང་ཉོན། །གལ་ཏེ་དྲན་པ་ཉམས་གྱུར་ཅིང་། །ཆང་ལ་སོགས་པས་མྱོས་གྱུར་ཏེ། །སེམས་ནི་གཉིད་ཀྱིས་ནོན་གྱུར་ཏེ། །དེ་དག་བྱུང་ཡང་ཉམས་མི་འགྱུར། །དྲན་ པ་རྙེད་དེ་བཤགས་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུད་སྣ་ཚོགས་ནས་བསྟན་པ་དང་། སྤྱན་རས་གཟིགས་དབང་ཕྱུག་སྙིང་གུར་གཅིག་པའི་རྒྱུད་ལས། པདྨའི་ཕྲེང་བས་ལེགས་དག་པའི། །གདམས་ངག་སེམས་ཀྱི་རྒྱུད་དག་པ། །སྟེར་བྱེད་སློབ་མས་མི་སྨད་དོ། ། སློབ་དཔོན་ལས་ནི་དངོས་གྲུབ་ཐོབ། །གལ་ཏེ་དེ་ལ་བརྙས་བྱེད་ན། །བསྐལ་པ་བྱེ་བ་བརྒྱ་དག་ཏུ། །དམ་ཆོས་མིང་ཡང་མི་ཐོས་ན། །གསང་སྔགས་བྱང་ཆུབ་སྨོས་ཅི་དགོས། །ཞེས་འབྱུང་བའི་ཕྱིར་དང་། གཞན་ཡང་རྒྱུད་སྣ་ཚོགས་ལས། སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་ སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཚུལ་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ། །དེས་ནི་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་ཐོབ་པར་འགྱུར། །རིམས་དང་དུག་དང་དབྱིག་དུག་དང་། །མཁའ་འགྲོ་རྣམས་ཀྱིས་གཙེས་པ་དང་། །གདོན་དང་ལོག་ འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ལྟུང་། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །དེས་ ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་བསྲུང་། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་ དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་འབྱུང་བས་མཁས་པས་བློས་ཕྱེ་སྟེ་དམ་ཚིག་གཟུང་བར་བྱའོ། །གཞན་ཡང་དེའི་ཕྱིར་གསང་སྔགས་ཀྱི་ཆོས་ནི་ཐབས་གཙོ་བོར་གྱུར་པ་ན་ཀུན་རྫོབ་ཀྱི་བདེན་པ་ཤས་ཆེ་སྟེ། རྟེན་ ཅིང་འབྲེལ་པར་འབྱུང་བའོ། །འོན་ཀྱང་འདི་ནི་ཟུང་དུ་འཇུག་པས་འགྲུབ་སྟེ། མཐའ་གཉིས་སུ་སྨྲ་བ་ནི་སྤང་བར་བྱའོ། །དེ་ལྟར་ཡང་ནོར་བུ་སྙིང་པོ་གསང་བའི་རྒྱུད་ལས། སློབ་དཔོན་ལས་ནི་དངོས་གྲུབ་འཐོབ། །རིག་མ་ལས་ནི་བརྟུལ་ཞུགས་ཏེ། །བུ་མོ་སྡུག་གུ་རྒྱུན་ དུ་བསྟན། །དམ་ཚིག་ལ་ནི་ཉམས་མི་བྱ། །གསང་སྔགས་སྦྱོར་བས་འགྲུབ་པར་འགྱུར། །འོན་ཀྱང་དེ་ལ་ཆགས་མིན་ཏེ། །ཐིག་ལེ་ཆེན་པོ་དེ་ལས་མིན། །རྟག་པ་མ་ཡིན་ཆད་པ་མིན། །ཡོད་མེད་ཅེས་བརྗོད་ཡུལ་ལས་འདས། །སྤྲོས་པའི་མཚན་མ་རྣམ་སྤངས་ཤིང་། ། ལུས་མེད་ཁ་དོག་དབྱིབས་མེད་ཅིང་། །བདེ་བ་ཆེན་པོའི་ངང་གནས་ན། །ནམ་མཁའ་བཞིན་དུ་རྟོག་པ་མེད། །རྩ་དང་དབུགས་དང་ཐིག་ལེ་མེད། །སྔགས་དང་ཕྱག་རྒྱ་བྱ་བརྩལ་མེད། །མཆོག་གི་བདེ་བ་ཆེན་པོ་སྟེར། །འོན་ཀྱང་ཀུན་རྫོབ་ཚུལ་གནས་ཏེ། །བསྐྱེད་ རྫོགས་གཉིས་ཀྱི་ཚུལ་གྱིས་འགྲུབ། །མཁས་པས་ཚུལ་གཉིས་སྤང་མི་བྱ། །ཤིང་རྟ་ཡི་ནི་འཁོར་ལོ་བཞིན། །ཞེས་གསུངས་པས་ན་ཚུལ་དེ་ལྟ་བུས་འགྲུབ་ཅིང་མཐའ་གཞན་དུ་སྨྲ་བ་བཀག་པ་ཡིན་ནོ། །དེའི་ཕྱིར་འདིའི་དོན་ནི་སློབ་དཔོན་ལས་དབང་ཐོབ་ཅིང་། དམ་ཚིག་ཕོག་ ན་གཉིས་རྫོགས་དང་སུམ་རྫོགས་ཀྱི་ཚུལ་གྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པར་བྱའོ། །གལ་ཏེ་ཚུལ་དེ་ལྟ་བུ་ལ་རྩ་བ་དང་ཡན་ལག་གི་དམ་ཚིག་དངོས་གཞི་དང་སྦྱོར་བ་རྫོགས་ཏེ། ཉམས་པར་གྱུར་ཀྱང་སློབ་དཔོན་གནང་བར་གྱུར་ན་བསྐང་བའི་ཚད་དོ། །གནང་བར་མ་ གྱུར་ཅིང་དུས་ལས་འདས་ན་ཚད་ལས་འདས་པའོ། །བཤགས་ཀྱང་ལྟུང་བའི་འབྲས་བུ་མྱོང་ལ་ཕམ་པར་གྱུར་པ་ལ་ནི་ལོག་སྲེད་ཅན་མ་བཤགས་པ་སྟེ། དེའི་རྣམ་སྨིན་རྡོ་རྗེའི་དམྱལ་བ་མྱོང་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་བཅུ་དྲུག་གི་རྒྱ་ཆེར་བཤད་པ་ལས་ནི་སྙིང་རྗེ་དང་ལྡན་པའི་རྣལ་ འབྱོར་པས་རྫུ་འཕྲུལ་ལ་སོགས་པས་གང་ཟག་དེ་ལྟ་བུ་ཡང་སྦྱོར་བས་བསྐང་བའི་ཚད་དང་ལྡན་པ་ནི་ཞེས་གསུངས་སོ། །དེ་ནས་ཡི་གེའི་དོན་བཤད་པར་བྱ་སྟེ། གང་ཞེས་བྱ་བ་ནི་བོད་པའི་ཚིག་སྟེ་དང་པོའོ། །ཕྱིར་ཞེས་བྱ་བ་ནི་ཆེད་ཀྱི་དོན་ཏོ། །རྡོ་རྗེ་ནི་ཐབས་དང་ཤེས་རབ་སྟེ། དེ་ འཛིན་པས་ན་རྡོ་རྗེ་འཛིན་པའོ། །དངོས་གྲུབ་ཀྱི་དོན་ནི་བཤད་ཟིན་ཏོ། །གོང་དུ་བསྟན་པའི་དངོས་གྲུབ་དེ་བླ་མ་ལ་རག་ལས་པའི་ཕྱིར་རྗེས་སུ་འབྲང་ཞེས་བཤད་དོ། །དེ་ཡིས་དེ་ལ་བརྙས་པས་ལྟུང་བར་འགྱུར་རོ། །ལྟུང་བ་དང་པོའི་བཤད་པའོ།། །།ད་ནི་ལྟུང་བ་ གཉིས་པའི་མཚན་ཉིད་བཤད་པར་བྱ་སྟེ། བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །ཅེས་བྱ་བ་སྨོས་པ་ཡིན་ཏེ། བདེ་བར་གཤེགས་པ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཡང་གསང་སྔགས་ཀྱི་ཚུལ་གྱིས་ནི་སྔར་སྤྱད་པ་ལ་ སོགས་པ་མེད་པས་དགག་པ་མེད་པར་ལམ་དང་འཇུག་པ་བདེ་བས་འབྲས་བུ་སངས་རྒྱས་ཀྱི་སར་གཤེགས་ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་ཞེ་ན་རྡོ་རྗེ་འཛིན་པ་དང་། དེའི་ཡེ་ཤེས་ཀྱི་ཆའོ། །དེ་ཡང་གསང་བ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་རྒྱུད་ལས། སྡོམ་པའི་ཚུལ་ཁྲིམས་ སྔར་བཤད་མེད། །ཐབས་དང་ཤེས་རབ་མཉམ་སྦྱོར་བས། །གསང་སྔགས་ཚུལ་ཉིད་བདེ་བས་འགྲུབ། །འབྲས་བུ་རྡོ་རྗེ་འཛིན་པ་སྟེ། །འདི་ནི་གཞན་དོན་ལྷུན་གྱིས་གྲུབ། །ཅེས་འབྱུང་བའི་ཕྱིར་རོ། །དེ་བས་ན་དེའི་བཀའ་ལས་འདས་པ་ནི་ལྟུང་བ་སྟེ། བདེ་བར་གཤེགས་པའི་ བཀའ་ནི་དགོངས་པ་སྣ་ཚོགས་པ་སྟེ། དྲང་བའི་དོན་དང་། ངེས་པའི་དོན་དང་། དགོངས་ཏེ་བཤད་པ་དང་། དགོངས་པ་མ་ཡིན་པར་བཤད་པ་དང་། དོན་དུ་བཤད་པ་དང་། དོན་གཅུས་ཏེ་བཤད་པ་དང་། སྤྱིའི་དོན་དུ་བཤད་པ་དང་། ཡན་ལག་གི་དོན་དུ་བཤད་པ་དང་། སློབ་མ་ལ་ བཤད་པ་དང་། ཚོགས་ལ་བཤད་པ་དང་། གསང་སྔགས་ཀྱི་ཚུལ་གྱིས་སྒྲ་ཇི་བཞིན་དུ་བཤད་པ་དང་། སྒྲ་ཇི་བཞིན་མ་ཡིན་པར་བཤད་པ་སྟེ། གདུལ་བྱའི་སྣོད་ཀྱི་རིམ་པས་ཀོ་ཊ་ཁྱ་ལ་སོགས་པ་བརྡའི་དོན་སྣ་ཚོགས་ཀྱིས་བཤད་པ་དང་། དེའི་ཕྱིར་ན་གསང་སྔགས་ཀྱི་ཚུལ་འདི་ ཤིན་ཏུ་ཟབ་སྟེ། དེའི་ཕྱིར་སྒྲའི་དོན་ལ་འཇུག་ཅིང་ཡང་དག་པའི་དོན་ལ་རྨོངས་པས་གཞན་དང་གཞན་གྱི་སྒྲའི་རྗེས་སུ་འབྲངས་ནས་བཀའ་ལོག་པར་སྤྱད་པས་དེའི་ཕྱིར་བཀའ་ལས་འདས་པའོ། །དེ་ལྟར་ཡང་ཐེག་པ་བླ་ན་མེད་པའི་རྒྱུད་ལས། རྡོ་རྗེ་འཛིན་པ་རབ་ཏུ་ཉོན། །འདི་ལྟར་ སངས་རྒྱས་བསྟན་པ་ལ། །ཐེག་ཆེན་ཆོས་ལ་རབ་ཞུགས་ཀྱང་། །དེ་དོན་གསལ་བར་མི་ཤེས་པས། །སྔགས་ཀྱི་ཚུལ་ནི་རྟོགས་དཀའ་སྟེ། །བརྡ་དང་དགོངས་པས་བཤད་པ་དང་། །ཇི་བཞིན་སྒྲ་མིན་དྲང་པོའི་དོན། །དངོས་པོའི་དོན་ལ་མི་དཔྱོད་པར། །སྒྲ་དང་ཚིག་གི་རྗེས་ སུ་འབྲང་། །ཕྱི་རོལ་བསྟན་བཅོས་ལ་དགའ་ཞིང་། །ཚིག་གི་བདུད་རྩི་རྒྱབ་ཀྱིས་ཕྱོགས། །དེ་ལ་དངོས་གྲུབ་མི་འབྱུང་སྟེ། །རྡོ་རྗེ་འཛིན་པ་སྤོང་བར་འགྱུར། །ཞེས་འབྱུང་བ་དང་། རྡོ་རྗེ་གྱུར་པ་རབ་ཏུ་གནས་པ་ཞེས་བྱ་བའི་རྒྱུད་ལས། ཡང་དག་དོན་ལ་མི་ཆགས་པར། །ལོག་ པའི་དོན་ལ་མངོན་དགའ་བས། །བདེ་གཤེགས་བཀའ་ལས་འདས་པ་ཡིན། །ས་གཞི་ལྕགས་བཞིན་མནར་མེད་སྐྱེ། །ཞེས་པ་དང་། རྡོ་རྗེ་འཁོར་ལོའི་རྒྱུད་ལས་ཀྱང་། གང་ཞིག་གང་ལ་མངོན་ཞེན་པ། །དེ་ལ་བདེ་བའི་དོན་མི་གནས། །དེ་ཕྱིར་གཟུགས་ ལ་ཞེན་མི་བྱ། །འདོད་ཆགས་ཞེ་སྡང་ལམ་དག་གིས། །ཚིག་གི་དོན་ལ་ཆགས་མི་བྱ། །ཆགས་ན་བདེ་གཤེགས་བཀའ་ལས་འདས། །ཞེས་འབྱུང་བ་དང་། རྟོག་པ་ཞི་བའི་རྒྱུད་ལས། སྟོང་པ་ཉིད་དུ་མི་ལྟ་ཞིང་། །མཚན་མ་དག་ཏུ་ལྟ་མི་བྱ། །ཟབ་པའི་སྒྲ་ལ་མི་ཞེན་ཅིང་། །རྩ་དང་དབུགས་ཀྱི་སྒོར་བཟློག་ ཀྱང་། །དངོས་པོ་ཡིན་ཏེ་ཞེན་མི་བྱ། །གང་ཞིག་མངོན་པར་ཞེན་པ་དང་། །བདེ་གཤེགས་བཀའ་ལས་འདས་པའོ། །ཞེས་འབྱུང་བ་དང་། གཞན་ཡང་རིན་པོ་ཆེ་ཕུང་པོའི་མདོ་ལས། ཤཱ་རིའི་བུ་དོན་ལ་རྟོན་ལ་ཚིག་ལ་མ་རྟོན་ཅིག །ཡེ་ཤེས་ལ་རྟོན་ལ་རྣམ་པར་ཤེས་པ་ ལ་མ་རྟོན་ཅིག །ངེས་པའི་དོན་ལ་རྟོན་ལ་དྲང་བའི་དོན་ལ་མ་རྟོན་ཅིག །ཆོས་ལ་རྟོན་ལ་གང་ཟག་ལམ་རྟོན་ཅིག་ཅེས་འབྱུང་བ་དང་། གཞན་ཡང་། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། ། བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་འབྱུང་བ་དང་། གཞན་ཡང་བྱམས་མའི་བུ་གང་པོ་འཇིག་རྟེན་པ་དག་གི་སྒྲའི་དོན་ལ་མངོན་པར་ཞེན་པས་ཕལ་ཆེར་ངན་སོང་གསུམ་དུ་སྐྱེ་སྟེ་དེ་དག་ཐམས་ཅད་ཀྱང་ཕལ་ཆེར་བདེ་བར་གཤེགས་པའི་བཀའ་ལས་བྱུང་བའི་དོན་བྱང་ཆུབ་ཏུ་སེམས་ བསྐྱེད་པ་དང་། སེམས་ཅན་གྱི་དོན་བྱ་བ་དང་། བསྡུ་བའི་དངོས་པོ་བཞིས་བསྡུ་བར་བྱ་བ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་སྤང་བ་དང་། ས་དང་ལམ་རྣམ་པར་སྤོང་ཞིང་བྱང་ཆུབ་ཀྱི་སྤྱོད་པ་བོར་ནས། ལོག་པའི་དོན་ལ་མངོན་པར་ཞེན་པ་ཡོད་དེ་དེའི་རྒྱུས་ངན་ སོང་དུ་སྐྱེ་སྟེ། དེ་བཀའ་ལས་མི་འབྱུང་བའི་ཆོས་རྣམས་སྤྱད་པའི་ཉེས་པའོ་ཞེས་འབྱུང་བའི་ཕྱིར་རོ། །བདག་ཅག་ལ་སོགས་པ་རྣལ་འབྱོར་གྱི་ལམ་ལ་དད་པ་རྣམས་ཀྱང་ཐེག་པ་ཆེན་པོའི་དོན་ལ་རྣམ་པར་ཕྱེ་སྟེ་ཡང་དག་པའི་དོན་ལ་འཇུག་པར་བྱའོ། །དེ་གང་ཞིག་བཀའི་དོན་ལ་རྨོངས་ པས་དགོངས་ཏེ་བསྟན་པ་ལ་མངོན་པར་འཆེལ་ནས་སྤྱད་པར་བྱ་བ་མ་ཡིན་པའི་སྤྱོད་པ་ལ་མངོན་པར་ཞེན་ན་དེ་ཉིད་ཀྱི་བཀའ་ལས་འདས་པས་དེའི་ཕྱིར་བླ་མ་དམ་པ་ཉེ་བར་བསྟེན་ལ་རྒྱུད་ཀྱི་དོན་ཤེས་པར་བྱ་སྟེ། སྤྱད་པར་བྱ་བ་དང་སྤྱད་པར་བྱ་བ་མ་ཡིན་པར་ཤེས་པར་བྱའོ། །འདོད་ ཆགས་ཞེ་སྡང་ལམ་དུ་ཁྱེར་བ་ནི་གདུལ་བྱ་དྲང་བའི་དོན་ཏོ། །གཞན་དུ་སྟོང་པ་ཉིད་ལ་གོམས་པས་ཉོན་མོངས་པའི་མཐའ་ཤེས་པས་དུག་སྔགས་ཀྱིས་བཏུལ་བ་བཞིན་ནོ། །འདི་ནི་བརྟན་པ་ཐོབ་པ་རྣམས་ཀྱིའོ། །དེ་སྐད་དུ། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་ བྱང་ཆུབ་ཡན་ལག་འགྱུར། །འཁོར་བ་ཞི་བའི་བདག་ཉིད་ལ། །སྔགས་ཀྱིས་བསད་པའི་དུག་བཞིན་ནོ། །ཞེས་བཤད་པས་སོ། །གཞན་ཡང་དོན་དེ་ཉིད་ལ་དགོངས་ནས། བདུད་རྩི་འབྱུང་བའི་རྒྱུད་ལས། ཇི་ལྟར་མར་དང་ཀ་ར་དང་། །སྦྲང་རྩི་འོ་མ་ལ་སོགས་པ། །འཐུངས་ ཏེ་ཞུ་ན་སྨན་དུ་འགྱུར། །མ་ཞུ་དུག་ཏུ་འགྲོ་ཞེས་བྱ། །དེ་བཞིན་གསང་སྔགས་ཐེག་ཆེན་འདི། །མཁས་པ་རྣམས་ཀྱི་སྨན་ཡིན་ཏེ། །བརྡ་དང་དོན་ལ་རབ་རྨོངས་པའི། །བྱིས་པས་འདོད་པས་སྒྲ་དོན་འབྲངས། །ཚུལ་བཞིན་མ་ཡིན་ལོག་སྤྱད་པས། །དུག་གིས་འཆི་དང་ལྟུང་ བར་འགྱུར། །ཁ་ཅིག་དུག་གི་དབང་གིས་འཚོ། །ཁ་ཅིག་དུག་གི་རྐྱེན་གྱིས་འཆི། །ང་ཡི་བསྟན་པའི་སྙིགས་མ་ལ། །ཚོང་དུས་ཀྱི་ནི་འོ་མ་བཞིན། །བསླད་ནས་ཐུར་དུ་ལྟུང་བར་བྱེད། །ཅེས་བྱ་བ་རྒྱས་པར་བཤད་དེ། དེ་བས་ན་དོན་དེ་ལས་དགོངས་ནས། ཀུན་དུ་ཁ་སྦྱོར་ གྱི་རྒྱུད་ལས་ཀྱང་བཤད་དེ། དེ་བས་ན་གང་གི་ཕྱིར་དེ་སྒྲ་ཙམ་ལ་མངོན་པར་ཞུགས་པ་ནི་ཕལ་ཆེར་ཉོན་མོངས་པས་ཟིལ་གྱིས་ནོན་པས་ལམ་དུ་གྱུར་པ་ལྟ་ག་ལ་ཡོད། དུས་ཤེས་པ་མེད་པར་སྟོན་པ་དེ་དག་ཕལ་ཆེར་ལྟུང་བར་འགྱུར་ཏེ། ཇི་སྐད་ལམ་དུ་འགྱུར་བ་ཡང་འོག་ནས་བསྟན་པར་བྱའོ། ། སྐབས་ཁ་ཅིག་ཏུ་ནི་འདོད་ཆགས་ཅན་གཟུང་བའི་སྐབས་སུ་ཐབས་དེས་བཤད་དེ་གཞན་གྱིས་མི་འདུལ་བའི་ཕྱིར་རོ། །གཞན་ཡང་རྡོ་རྗེ་གཅོད་པ་ལས། གང་ཞིག་ང་ལ་གཟུགས་སུ་མཐོང་། །ཞེས་བྱ་བ་ལ་སོགས་པ་དང་། གཞན་དུ་རྒྱུད་ལ་སོགས་པའི་དགོངས་པ་སྣ་ཚོགས་ཀྱིས་ བཤད་པ་དང་། བདེ་བར་གཤེགས་པའི་བཀའ་མཐའ་དག་གི་དོན་དགོངས་པ་རྟོགས་པར་བྱས་ལ་བྱ་བ་དང་བྱ་བ་མ་ཡིན་པ་ལ་འཇུག་པར་བྱའོ། །གཞན་དུ་སྒྲ་ཙམ་ལ་གཞོལ་བར་བྱ་བ་དང་། འདོད་པས་ཞུགས་པ་དང་། གང་ཟག་ཙམ་གྱི་རྗེས་སུ་འབྲང་ བས་འཁྲུལ་པར་སྤྱད་པས་བཀའ་ལས་འདས་པས་ལྟུང་བར་འགྱུར་ཏེ། ཕྱི་རོལ་མུ་སྟེགས་པ་བཞིན་དུ་སངས་རྒྱས་ཀྱི་བཀའ་ཡང་དག་པར་སྤངས་ཤིང་འདས་པའོ། །དེའི་ཕྱིར། བདེ་གཤེགས་ཟབ་མོའི་ཆོས་རྣམས་སྤངས། །ཕྱི་རོལ་བསྟན་བཅོས་དག་ལ་དགའ། །དམ་ ཚིག་བསླབ་པ་ཁྱད་དུ་གསོད། །དེ་ཕྱིར་བཀའ་ལས་འདས་པའོ། །ཞེས་འབྱུང་བ་དང་། བཅོམ་ལྡན་འདས་ཀྱི་དགོངས་པ་སྣ་ཚོགས་ཀྱི་དོན་མ་ཤེས་ཤིང་ཕྱི་རོལ་གྱི་བསྟན་བཅོས་ལ་ཞུགས་པའམ། མ་ཞུགས་ཀྱང་དམ་ཚིག་དང་བསླབ་པ་ཁྱད་དུ་གསོད་ན་བཀའ་ལ་མ་གུས་ པ་སྟེ། དམ་ཚིག་རྣམས་མི་འཛིན་པའི་ཕྱིར་བཀའ་ལས་འདས་པའོ། །རྒྱུད་གཞན་ལས། དེ་ཡི་བཀའ་ལས་འདས་པ་ནི། །ལྟུང་བ་མིག་ཏུ་བརྗོད་པ་ཡིན། །ཞེས་བསྟན་པ་ལྟར་ན་ཡང་སློབ་དཔོན་གྱི་བཀའ་ལས་མི་འདའ་བར་བཤད་པ་སྟེ། ལྟུང་བ་དང་པོའི་བཤད་པ་དང་། ཤན་འདྲ་བ་ཕྱོགས་སུ་བསྡུའོ། །འདིའི་དགོངས་པ་ནི་སློབ་དཔོན་དང་། རྡོ་རྗེ་འཛིན་པ་ཐ་དད་དུ་མེད་པས་དྲུག་པའི་སྒྲ་གཞི་གཅིག་པར་བསྡུ་བ་ཡིན་ནོ། །འདི་ཡང་བདུན་གྱི་སྦྱོར་བ་དང་ལྡན་པས་ལྟུང་བར་གྱུར་ཏེ། བདེ་བར་གཤེགས་པ་དང་སློབ་དཔོན་གྱི་བཀའ་ལ་ཉོན་མོངས་པའི་ བསམ་པ་དང་། དེ་ལ་དེར་ཤེས་པ་དང་། ལུས་ངག་གི་སྦྱོར་བ་བསྟན་པ་དང་། རང་ཉིད་སྣང་བར་མ་གྱུར་པ་དང་། ཤེས་ཤིང་འགྱོད་པ་མེད་པ་དང་། རྗེས་སུ་ཡི་རང་བ་དང་། མ་འཁྲུལ་པའོ། །འདི་ལ་ཕམ་པ་མེད་དེ་མ་བཤགས་ན་ལྟུང་བའོ། །ཡན་ལག་གི་གཙོ་བོ་ ཆང་ནི་སྦོམ་པོའོ། །ཡན་ལག་དྲུག་མེད་པ་ཉེས་བྱས་སོ། །སྦྱོར་བའི་གྲོགས་ཙམ་ནི་ཕྲ་མོའོ། །བཤགས་པ་དུས་འདས་ན་ལྕི་བའོ། །ཁྱད་པར་གྱི་དགག་པ་ཡོད་པ་ན་ཉེས་མེད་དོ། །ཤན་འདྲ་བ་ནི་ཕྱོགས་སུ་བསྡུའོ། །བཤགས་པའི་ཚད་ནི་ཡུལ་དང་། བསམ་པ་དང་། རྐྱེན་གྱིས་སོ། །ལྟུང་བ་བྱུང་སྟེ་ལོ་གསུམ་དུ་འདས་ན་དབང་རྫོགས་པས་སོ། །གཞན་དུ་ནི་དབང་གི་རིམ་པས་ན་སྨད་དོ། །ལྕི་བ་ནི་ཚོགས་ཀྱི་འཁོར་ལོས་སོ། །སྦོམ་པོ་ནི་ཚོགས་པའི་ནང་དུ་ཚོགས་ཀྱི་མཆོད་པས་སོ། །ཉེས་བྱས་ནི་མཎྜལ་སྔོན་དུ་འགྲོ་བས་སོ། །ཕྲ་མོ་ ནི་སྨྲེ་བཤགས་སོ། །གཞན་ཡང་། བདེ་གཤེགས་བཀའ་ལས་འདས་པ་ལ། །ཡིད་ནི་ལྷ་ཡི་རྣལ་འབྱོར་གྱིས། །ཕྲ་མོའི་ཐིག་ལེ་བསྒོམས་པས་འདག །མི་རྟོག་པ་ཡིས་ཐམས་ཅད་སྲེག །སེམས་སུན་ཕྱུང་སྟེ་བསྡམས་ལ་བསླབས། །ངག་གིས་སྔགས་བཟླས་སྒྱུ་ མར་ཤེས། །ལུས་ཀྱིས་མཆོད་པའི་ཚུལ་དུ་སྦྱར། །དེ་ལྟར་ཉེས་པའི་བྱེ་བྲག་རྣམས། །ཞིང་དང་བསམ་པའི་ཁྱད་པར་དང་། །དུས་དང་ནུས་པའི་བྱེ་བྲག་གིས། །མཁས་པས་བློ་ཡིས་ཕྱེ་ནས་ནི། །དྲི་མ་འདག་པར་བཤད་པ་ཡིན། །ཞེས་གསུངས་པ་དང་། གཞན་ ཡང་། གང་དང་གང་ལ་ཁྱད་པར་དུ་དགག་པ་ཡོད་པ་ནི་ཞིང་དང་། བསམ་པ་དང་། སྦྱོར་བ་དང་། རྐྱེན་དང་། དུས་དང་། གནང་བ་དང་། དེ་དག་རྣམས་ལ་བཤགས་ཚད་དང་ལྡང་ཚད་ཀྱང་ཤེས་པར་བྱའོ། །གང་ལ་ཁྱད་པར་གྱི་དགག་པ་མེད་པ་ནི་ལྟུང་བ་འདི་ཐམས་ཅད་ ཀྱང་ཕྱོགས་སུ་བསྡུ་བར་ཤེས་པར་བྱའོ། །གཞི་གཅིག་ལ་ལྟུང་བ་དུ་འབྱུང་བ་དང་ལྟུང་བ་གཅིག་ལ་གཞི་དུ་ཡོད་པ་ཤེས་པར་བྱའོ། །གང་ཡང་ཕྱོགས་ཙམ་ཅིག་བརྗོད་ན། །དམ་པ་དང་པོའི་རྒྱུད་ལས། དཔལ་ལྡན་བླ་མའི་ཐུགས་སུན་ཕྱུང་། །ལྟུང་བ་དེ་ནི་རི་བོང་ཅན། ། དེ་ཡི་བཀའ་ལས་འདས་པ་ནི། །ལྟུང་བ་མིག་ཏུ་བརྗོད་པ་ཡིན། །བླ་མའི་དེ་ཉིད་ཤེས་རབ་མ། །ལྟུང་བ་ཡན་ལག་ལ་སོགས་ཀྱི། །དེ་ནི་ཡོན་ཏན་ཞེས་སུ་བརྗོད། །དེ་ཉིད་རྡོ་རྗེ་སྤུན་དུ་གྱུར། །ལྟུང་བ་དེ་ནི་རིག་བྱེད་ཡིན། །དེ་ཡི་གྲུབ་པའི་མཐའ་སྨོད་པ། །ལྟུང་བ་མདའ་ ཞེས་བྱ་བར་གྲགས། །ཞེས་བྱ་བ་ལ་སོགས་པ་རྒྱུད་དེ་ཉིད་ལས་ཕྱེ་བ་དང་། གཞན་ཡང་རྣལ་འབྱོར་གྱི་རྒྱུད་ལས་མང་དུ་ཕྱེ་བས་དེ་དག་བློས་ཕྱེ་སྟེ་ཤེས་པར་བྱའོ། །འདིར་ནི་མ་སྤྲོས་སོ། །ལྟུང་བ་གཉིས་པའི་དོན་བཤད་ཟིན་ཏོ།། །།ད་ནི་ལྟུང་བ་གསུམ་པའི་ མཚན་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་སྤུན་ལ་ཁྲོས་པས་ནི། །ཉེས་པ་བརྗོད་པ་གསུམ་པ་ཡིན། །ཞེས་བྱ་བས་བཤད་དེ། རྡོ་རྗེ་སྤུན་གྱི་ནི་གསང་བ་འདུས་པ་ལ་སོགས་པའི་དཀྱིལ་འཁོར་གཅིག་གི་ནང་དུ་ཞུགས་པའོ། །རྡོ་རྗེ་ཐེག་པ་ལ་ཞུགས་པ་ ཐམས་ཅད་ཀྱང་ཉེ་བའི་སྤུན་ནོ། །བསྟན་པ་གཅིག་ལ་གནས་པ་ཐམས་ཅད་ཀྱང་མཛེས་པའི་སྤུན་ནོ། །རྣམ་པ་གསུམ་མོ། །གཞན་དུ་སེམས་ཅན་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའི་རང་བཞིན་ཡིན་པས་རྡོ་རྗེ་སྤུན་ནོ། །བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་ དང་མཚོན་བྱེད་བཞི་པ་སློབ་དཔོན་གཅིག་དང་རིག་མ་གཅིག་ལས་ཐོབ་པ་ནི་ཁྱད་པར་གྱི་རྡོ་རྗེ་སྤུན་ནོ། །བྱེ་བྲག་ཏུ་ཐོབ་པ་ནི་བྱེ་བྲག་གི་རྡོ་རྗེ་སྤུན་ནོ། །དེ་རྣམས་ལས་ལྟུང་བའི་ལྕི་ཡང་ཡང་དེ་བཞིན་ནོ། །དེ་ལྟར་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་རིམ་པ་རྣམ་པར་གཞག་པ་ ལས། བསྟན་པ་གཅིག་དང་རྡོ་རྗེ་ཐེག་པ་ལ་ཞུགས་པ་ཐམས་ཅད་རྡོ་རྗེའི་སྤུན་དུ་བརྗོད། ཀུན་ཀྱང་ཡེ་ཤེས་ལྡན་པས་ན། །རྡོ་རྗེ་སེམས་དཔའི་རྡོ་རྗེ་སྤུན། །དཀྱིལ་འཁོར་གཅིག་དང་སློབ་དཔོན་གཅིག །དབང་བཞི་དག་གི་བྱེ་བྲག་གིས། །ཉེ་དང་བྱེ་བྲག་ཁྱད་པར་རོ། །ཞེས་ བཤད་དོ། །དེའི་ལྡང་ཚད་ཀྱང་ཀ་མ་ལ་ཞབས་ཀྱིས་བཤད་པ། ཐེག་མཆོག་རྡོ་རྗེ་སྤུན་རྣམས་ཀྱིས། །ཉེས་པ་བྱུང་ན་རྒྱུར་ཤེས་བྱ། །དེ་ལས་ལྡང་བར་འདོད་རྣམས་ཀྱིས། །ལུས་ངག་ཡིད་གསུམ་ལ་གསུམ་སྟེ། །ལུས་ཀྱི་ཉེས་པ་དང་པོ་ཡིས། །ཚེ་གཅིག་ཏུ་ནི་སྤྱོད་པ་ བྱ། །གཉིས་པ་ཉེས་པའི་ཚད་ཀྱིས་ནི། །སྤྱོད་པ་དག་ཏུ་སྤྱད་པ་ཡིན། །གསུམ་པ་མཎྜལ་ཕྱག་སོགས་སོ། །གཞན་དུ་སྒོ་གསུམ་ཡིད་ཀྱིས་བསྡམ། །ངག་གི་འདུས་ལ་བཤགས་པ་དང་། །དེ་བཞིན་སྔགས་དང་ངག་གིས་བཤགས། །ཡིད་ཀྱིས་ཚོགས་དང་སྐྱེ་བ་མེད། ། རིག་པའི་བརྟུལ་ཞུགས་ཟླ་བ་དྲུག །མ་གོ་ཉེས་ཆུང་མཐོལ་བ་སྟེ། །བར་མ་མན་ཆད་ལྐོག་གྱུར་ཡིན། །ཡང་ན་གང་ཟག་ཡུལ་དང་དུས། །རྐྱེན་གྱི་བྱེ་བྲག་ཤེས་པས་དཔྱད། །ཅེས་འབྱུང་སྟེ། འདི་ནི་དོན་གཞན་ལ་དགོངས་པ་མེད་པས་བླང་བར་བྱའོ། །ཡང་ན་ལྟུང་བ་དང་ པོའི་བཤད་པའི་གསུམ་ལྡན་གྱི་ཆ་གཅིག་ནས་བརྩིས་པས་རྣམ་པར་ཕྱེ་བ་འདིའི་བསྐང་ཚད་ཡིན་ནོ། །འདི་ཡང་བདུན་དང་ལྡན་པའི་སྦྱོར་བས་ལྟུང་བར་འགྱུར་ཏེ། རྡོ་རྗེ་སྤུན་ཡིན་ཞིང་ཉོན་མོངས་པས་བསླང་བ་དང་། དེར་འདུ་ཤེས་པ་དང་། སྦྱོར་བ་གཉིས་པ་བསྟན་པ་དང་། རང་དུས་ འདས་པ་དང་། ཡིད་ལ་མི་གཅགས་པ་དང་། ཡི་རང་བ་དང་། མ་འཁྲུལ་པའོ། །འདིའི་ཕམ་པའི་ཕྱོགས་དང་མཐུན་པའོ། །དོན་འདི་སྐད་བསྟན་ཏེ། རྡོ་རྗེ་ཐེག་པ་ལ་དམ་ཚིག་གི་དབྱེ་བ་ལ་གཉིས་ཏེ། རྩ་བ་དང་ཡན་ལག་གོ། །རྣམ་པར་ཕྱེ་བ་ནི་དེའི་ཡན་ལག་གི་བྱེ་བྲག་ གོ། །དེ་སྐད་དུ་ཡང་སློབ་དཔོན་མཚོ་སྐྱེས་ཀྱིས་རྣམ་པར་བསྡུས་པ་ལས། དངོས་གྲུབ་ཐམས་ཅད་གཞིར་གྱུར་པ། །རྩ་བ་དང་ནི་ཡན་ལག་གོ། །རྩ་བ་དུས་འདས་ཕམ་པ་འདྲ། །ཚད་ལྡན་ལྟུང་བར་བཤད་པ་ཡིན། །ཡན་ལག་རྩ་བ་དུས་འདས་པ། །ལྕི་བ་ཞེས་ནི་ བཤད་པ་སྟེ། །སྦྱོར་བ་མ་རྫོགས་སྦོམ་པོའོ། །ཡན་ལག་ཕྲ་བ་ཉེས་བྱས་སོ། །ཕྲ་མོའི་ཕྲ་བ་དཀྱིལ་འཁོར་གཅིག །ཉེས་པ་མེད་པ་གནང་ལ་སོགས། །ཞེས་བཤད་པའི་ཕྱིར་རིགས་གཉིས་སུ་ཤེས་པར་བྱའོ། །ཡང་དེ་ཉིད་ལས་བཤགས་ཚད་བསྟན་པ། ཕམ་ པ་རྫུ་འཕྲུལ་སོགས་ཀྱིས་འདུལ། །ལྟུང་བ་དབང་གི་རིམ་པས་སོ། །ལྕི་བ་ཚོགས་ཀྱི་འཁོར་ལོ་སྟེ། །སྦོམ་པོ་ཚོགས་པའི་ནང་དུ་མཆོད། །ཡན་ལག་ཚོགས་ལ་བཤགས་པ་སྟེ། །ཉེས་བྱས་ཕྲ་མོའི་དཀྱིལ་འཁོར་སོགས། །ཉེས་པ་མེད་པ་མཁས་པས་བརྟག །ཉེས་པ་ ཆུང་ངུ་ཕྲ་མོ་ཡང་། །གོང་བཞིན་འདུད་པར་འཛིན་ན་ལྕི། །གོང་བཞིན་དངོས་པོ་ལྕི་འགྱུར་ཡང་། །མི་འཇིགས་སྟེར་ཞིང་གསོང་པོར་སྨྲ། །དེ་སོགས་མ་གོ་བཤད་པ་ཡང་། །ཕྱིར་ཞིང་སྡོམ་པ་དགའ་བ་ནི། །ཉེས་པ་ཆེ་ཡང་ཡང་བར་བཤད། །བཤགས་ཀྱང་མདུད་པར་ འཛིན་བྱེད་ན། །ཉེས་པ་ཆུང་ཡང་ལྕི་བར་བཤད། །ཁྱད་དུ་བསད་དེ་མ་བཤགས་ན། །ཉེས་པ་ཆུང་ཡང་ལྕི་བར་བཤད། །རྟག་ཏུ་འཛེམ་ཞིང་འཇིགས་འགྱུར་ན། །ཉོན་མོངས་ཟིལ་ནོན་ཉེས་འབྱུང་ཡང་། །ཉེས་པ་ཆེ་བར་མི་འགྱུར་རོ། །དེ་བས་གྲོགས་ལ་སོགས་པ་བརྟག ། ཅེས་འབྱུང་བས་རྣམ་པར་ཕྱེ་སྟེ་བཤད་པའོ། །ཕལ་ཆེར་ལྟུང་བ་དང་པོ་ལས་ཤེས་པར་བྱའོ། །ཤན་འདྲ་བ་ནི་ཕྱོགས་སུ་བསྡུའོ། །དམ་པ་རྣམས་ཀྱི་ཉེས་པ་མི་འབྱུང་བ་ལ་འབད་པར