Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 095_རྒྱུད་འབུམ།_ཛ

Văn bản gốc(Tây Tạng)

Trang 16 / 19 (50.000 ký tự/trang)
ང་མོ་བརྒྱད་ཀྱི་རིག་སྔགས་བཀླགས་པ་ཙམ་གྱིས་འགྲུབ་པའོ། །དེ་ནས་མཆོག་ཏུ་གསང་བའི་འབྱུང་མོ་ཆེན་པོ་གདུལ་བའི་རྒྱུད་ཆེན་པོ་ལས་ཀ་ཏ་ཡ་ན་བརྒྱད་པོའི་ཕྱག་རྒྱའི་མཚན་ཉིད་འབྱུང་མོ་ཐམས་ཅད་སྒྲུབ་པར་བྱེད་པ་བཤད་པར་བྱ་སྟེ། སོར་མོ་རྣམས་ཕན་ཚུན་དུ་བསྣོལ་
ནས་མཛུབ་མོ་བརྐྱང་སྟེ་བཀུག་པ་ནི་ཀ་ཏ་ཡ་ན་ཞིབ་མའི་ཕྱག་རྒྱའོ། །སོར་མོ་རྣམས་ནང་དུ་བཀུག་ནས་མཛུབ་མོ་གཉིས་བསྐྱིལ་བ་ནི་ཀ་ཏ་ཡ་ན་ཆེན་མོའི་ཕྱག་རྒྱ་སྟེ། འབྱུང་མོ་མ་ལུས་པ་འགུགས་པའོ། །ཕྱག་རྒྱ་འདི་ཉིད་ལས་གུང་མོ་ཁར་གཏད་ནས་མཐེའུ་ཆུང་གཉིས་

བཀུག་པ་ནི་འབྱུང་མོ་ཐམས་ཅད་གསོད་པ་སྟེ། རིགས་འཇོམས་པར་བྱེད་པ་སྒྲུབ་པ་པོ་ཆེན་པོ་དགའ་བའི་འབྱུང་པོའི་དབང་ཕྱུག་མའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་བཅིངས་པ་ཙམ་གྱིས་མྱུར་དུ་འགྲུབ་པར་བྱེད་དོ། །ཁུ་ཚུར་གཉིས་སོ་སོར་བཅངས་ནས་མཛུབ་མོ་གཉིས་བརྐྱང་བ་ནི་ཀ་
ཏ་ཡ་ན་དྲེགས་མའི་ཕྱག་རྒྱ་སྟེ། དྲི་དང་སྤོས་དང་དེ་བཞིན་དུ་མེ་ཏོག་གིས་མཆོད་ཅིང་ཉ་དང་ཤའི་གཏོར་མ་ཡང་བྱིན་ན་འབྱུང་མོ་ཐམས་ཅད་སྐད་ཅིག་དེ་ལ་བྲན་མོར་འགྱུར་རོ། །ཁུ་ཚུར་གཉིས་དམ་དུ་བཅིངས་ནས་མཛུབ་མོ་གཉིས་འཁྱུད་པ་ནི་འབྱུང་མོའི་ཕྱག་རྒྱ་སྟེ། དེ་ཉིད་ཀ་ཏ་ཡ་ན་
གཏུམ་མོ་རྣ་ཆ་ཅན་གྱི་ཕྱག་རྒྱའོ། །མཛུབ་མོ་གཉིས་བརྐྱང་བ་ནི་འབྱུང་མོ་ཐམས་ཅད་སྒྲུབ་ཅིང་འབྱུང་མོ་རྣམས་བསྒྱེལ་ཞིང་གསོད་པའི་ཕྱག་རྒྱ་སྟེ། རིགས་དང་རྒྱུད་དུ་བཅས་པ་སྒྲུབ་པ་རྒྱལ་བའི་བཞིན་ཅན་མའི་ཕྱག་རྒྱ་སྟེ། འབྱུང་མོ་མ་ལུས་པ་དབང་དུ་བྱེད་པའོ། །ཁུ་
ཚུར་སོ་སོར་བཅངས་ནས་མཐེའུ་ཆུང་གཉིས་འཁྱུད་དེ་མཛུབ་མོ་གཉིས་བརྐྱང་སྟེ་བཀུག་པ་ནི་འཇིག་རྟེན་གསུམ་འགུགས་པར་བྱེད་པའི་ཕྱག་རྒྱ་སྟེ་དྲག་པོ་དང་ཚངས་པ་དང་བརྒྱ་བྱིན་དུ་བཅས་པ་ཡང་འགུགས་ན་འབྱུང་མོ་དང་ཕྲན་ཚེགས་རྣམས་ལྟ་ཅི་སྨོས་ཏེ་དེ་ནི་ཀ་ཏ་ཡ་ན་མཛེས་མའི་
ཕྱག་རྒྱའོ། །འབྱུང་མོ་ཆེན་མོ་ཀ་ཏ་ཡ་ན་བརྒྱད་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་ལེའུའོ།། །།དེ་ནས་འདིར་མཆོག་ཏུ་གསང་བ་གསང་ཆེན་འབྱུང་པོ་གདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འབྱུང་མོ་ཀ་ཏ་ཡ་ན་རྣམས་ཀྱི་སྒྲུབ་པའི་ཐབས་རྣམ་པར་བཤད་པ་འབྱུང་མོ་ཀ་ཏ་ཡ་ན་རྣམས་
ཀྱི་སྒྲུབ་པའི་ཐབས་ནི། དུར་ཁྲོད་དུ་སོང་ནས་བརྒྱ་ཕྲག་བརྒྱད་བཟླས་ན་ཉི་མ་གསུམ་ན་འབྱུང་མོ་ཐམས་ཅད་མྱུར་དུ་འོངས་ཏེ། །འོངས་པ་ལ་ཐོད་པ་ཁྲག་གིས་ཡོངས་སུ་བཀང་སྟེ་མཆོད་ཡོན་བྱིན་ན་དགའ་བར་འགྱུར་ཏེ། སྡུག་པ་ངས་ཅི་བྱ་ཞེས་སྨྲ་སྟེ། སྒྲུབ་པ་པོས་མ་
གྱིས་ཤིག་ཅེས་སྨྲས་ན་མ་དང་འདྲ་བར་ཡོངས་སུ་སྐྱོང་བར་བྱེད་དོ། །རྒྱལ་སྲིད་སྟེར་ཞིང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ལ་སྒྲུབ་པ་པོ་རྣམས་ཀྱི་བདག་པོར་འགྱུར་རོ། །ལོ་བརྒྱ་ཕྲག་ལྔ་འཚོ་ཞིང་ཤི་ནས་ཀྱང་རྒྱལ་རིགས་སུ་སྐྱེའོ། །དེ་ནས་རྡོ་རྗེ་འཆང་གི་ཁྱིམ་

དུ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་དེས་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །མཚན་མོ་ཡང་དཔལ་རྡོ་རྗེ་འཆང་གི་ཁྱིམ་དུ་སོང་སྟེ་བཟླས་ན་བུད་མེད་བཟང་མོའི་གཟུགས་ཀྱིས་འདུག་ནས་མཆོག་སྟེར་རོ། །མཚན་མོ་ལིང་ག་གཅིག་པར་སོང་སྟེ་སྟོང་ཕྲག་གཅིག་
བཟླས་ན་ཉི་མ་གཅིག་ན་རྐང་གདུབ་ཀྱི་སྒྲ་ཐོས་སོ། །ཉི་མ་གཉིས་ན་བུད་མེད་བཟང་མོ་མདུན་དུ་འདུག་སྟེ། སེམས་སུན་མི་དབྱུང་ཞིང་སྨྲ་བར་ཡང་མི་བྱའོ། །ཉི་མ་གསུམ་པ་ལ་ཚིག་སྨྲ་བར་བྱེད་དེ། ཀྱེ་སྒྲུབ་པ་པོ་བཀའ་ཅི་སྩལ་ཞེས་སྨྲ་སྟེ། སྒྲུབ་པ་པོས། ཀྱེ་ལྷ་མོ་
ཆེན་མོ་བསྙེན་བཀུར་གྱིས་ཤིག་ཅེས་སྨྲས་ན་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་མར་འགྱུར་རོ། །རྒྱབ་ཏུ་ཞོན་ན་རི་རབ་དང་རྒྱ་མཚོ་ལ་སོགས་པར་འཁྱེར་རོ། །གཞན་ཡང་ངལ་སོ་བའི་ཁྱིམ་དུ་སོང་སྟེ་འདུག་ན་རྫས་བླངས་ནས་སྟེར་བར་བྱེད་དོ། །འཛམ་བུའི་གླིང་གི་ཁོངས་སུ་
གཏོགས་པ་ན་གཟུགས་མཆོག་དང་ལྡན་པའི་བུ་མོ་བླངས་ནས་སྟེར་རོ། །དེ་ནས་འདོད་པར་བྱས་ན་ལོ་ལྔ་བརྒྱ་འཚོ་ཞིང་ཤི་བ་ན་རྒྱལ་ཕྲན་གྱི་རིགས་སུ་སྐྱེའོ། །མཚན་མོ་ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་འབྱུང་མོ་བུད་མེད་བཟང་མོའི་གཟུགས་ཅན་དུ་འཁོར་
དང་བཅས་ནས་འོང་སྟེ། འོངས་པ་ལ་བོད་པར་མི་བྱ་ཞིང་སུན་འབྱུང་བར་མི་བྱ་སྟེ། མི་སྨྲ་བར་གྱུར་པས་ཆགས་པ་སྤྱད་ན་ཉི་མ་རེ་རེ་ཞིང་རྟག་ཏུ་གནས་པར་འགྱུར་རོ། །དོང་ཙེ་ལྔ་དང་རས་ཕྲུགས་གཅིག་སྟེར་རོ། །མཚན་མོ་སྐྱེད་མོས་ཚལ་དུ་སོང་སྟེ་བརྒྱད་སྟོང་བཟླས་ན་ཉི་མ་གསུམ་
ན་རྐང་གདུབ་ཀྱི་སྒྲ་ཐོས་སོ། །ཉི་མ་བཞི་ན་འབྱུང་མོ་འོང་བ་མཐོང་ངོ་། །ཉི་མ་ལྔ་ན་མདུན་ན་འདུག་གོ། །ཉི་མ་དྲུག་ན་དོང་ཙེ་ལྔ་སྟེར་རོ། །ཉི་མ་བདུན་ན་ཡང་འོང་སྟེ་ཁྱིམ་དང་བཅས་ནས་འོངས་པ་ལ་ཆགས་པ་བྱས་ན་ཆུང་མར་འགྱུར་རོ། །དེ་བཞིན་དུ་ཉི་མ་བརྒྱད་པ་ལ་སྔས་
སུ་མཎྜལ་བྱས་ལ་གུ་གུལ་གྱི་བདུག་པ་བྱིན་ཏེ། སྟོང་ཕྲག་བརྒྱད་བརྒྱད་བཟླས་ན་འབྱུང་མོའི་གཟུགས་ཀྱིས་ཁྱིམ་དང་བཅས་ནས་འོངས་པ་ལ་ཆགས་པ་བྱས་ན་ཆུང་མར་འགྱུར་རོ། །ལྷའི་མུ་ཏིག་གི་དོ་ཤལ་མལ་དུ་བོར་ནས་ཐོ་རངས་ཀྱིས་འགྲོ་སྟེ་དེས་ཀྱང་མུ་ཏིག་གི་དོ་ཤལ་བླང་

བར་བྱའོ། །བླངས་པ་ཙམ་གྱིས་དོང་ཙེ་ཉི་ཤུ་རྩ་ལྔ་དང་རས་ཟུང་གཅིག་སྟེར་རོ། །དགྲ་ཐམས་ཅད་འཇོམས་པར་བྱེད་ཅིང་ཚེ་ལོ་སྟོང་ཐུབ་པར་འགྱུར་ཏེ། ཤི་ནས་རྒྱལ་རིགས་སུ་སྐྱེའོ། །ལྷ་ཁང་སྟོང་པར་སོང་ནས་མཚན་མོ་བརྒྱད་སྟོང་བཟླས་ན་ཉི་མ་གསུམ་ན་འབྱུང་མོ་རང་ཉིད་སྣང་
བ་ཆེན་པོ་བྱས་ནས་འཁོར་བརྒྱད་བརྒྱས་ཡོངས་སུ་བསྐོར་ཏེ་ངེས་པར་འོང་ངོ་། །འོངས་པ་ལ་ཙནྡན་གྱི་ཆུའི་མཆོད་ཡོན་བྱིན་ན་དགའ་བར་འགྱུར་ཏེ་ཆུང་མར་འགྱུར་ལ་དངུལ་ཆུ་དང་བཅུད་ཀྱིས་ལེན་དང་། རྫས་ཀྱི་གྲུབ་པ་སྟེར་རོ། །འཁོར་བརྒྱད་བརྒྱས་གོས་དང་རྒྱན་དང་བཟའ་བ་ལ་སོགས་
པ་སྟེར་རོ། །ལོ་ལྔ་སྟོང་འཚོ་ཞིང་གང་གི་ཚེ་འཆི་བ་ན་རྒྱལ་རིགས་སུ་སྐྱེའོ། །མཚན་མོ་རྒྱལ་པོའི་ཁབ་ཏུ་སོང་སྟེ། སྟོང་ཕྲག་བརྒྱད་བཟླས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །ནུབ་ལྔར་ཀ་ར་བི་རའི་ཤིང་གིས་མེ་རབ་ཏུ་སྤར་ཏེ། མ་ལ་ཏིའི་མེ་ཏོག་ཞོ་དང་མར་གྱིས་བྱུགས་
ཏེ། བརྒྱད་བརྒྱ་བསྲེགས་ན་འབྱུང་མོའི་རྒྱལ་མོ་དབང་ཕྱུག་ཆེན་མོ་འཁོར་ལྔ་བརྒྱའི་རྐང་གདུབ་ཀྱི་སྒྲ་ཆེན་པོས་མྱུར་དུ་འོང་ངོ་། །འོངས་པ་ལ་མེ་ཏོག་གི་མཆོད་ཡོན་བྱིན་ན་མ་དང་སྲིང་མོ་དང་ཆུང་མར་འགྱུར་རོ། །གལ་ཏེ་མར་གྱུར་ན་སེམས་སུན་དབྱུང་བར་མི་བྱ་སྟེ། ལྷས་འདོད་པའི་བཟའ་བ་
སྟེར་ཞིང་གསེར་སྲང་འབུམ་སྟེར་རོ། །གལ་ཏེ་སྲིང་མོར་གྱུར་ན་ནི་རྒྱལ་སྲིད་སྟེར་ཞིང་དཔག་ཚད་སྟོང་ནས་ཀྱང་བུད་མེད་བླངས་ནས་སྟེར་རོ། །གལ་ཏེ་ཆུང་མར་གྱུར་ན་ནི་བུད་མེད་མཛེས་མ་ལྟ་བུས་ལུས་ཀྱི་ལོངས་སྤྱོད་སྟེར་ཞིང་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ལོ་
ཁྲི་འཚོ་ཞིང་གང་གི་ཚེ་འཆི་བ་ན་རྒྱལ་རིགས་སུ་སྐྱེ་བར་བྱེད་དོ། །དེ་ནས་ཟླ་བ་ཉ་བ་ལ་ཁྲི་བཟླས་པ་བྱས་ནས་མཚན་མོ་ལྷ་ཁང་དུ་སོང་སྟེ། མཆོད་པ་རྒྱས་པར་བྱས་ནས་མཚན་ཐོག་ཐག་བཟླས་ན་ཐོ་རངས་ངེས་པར་འོང་ངོ་། །འོངས་པ་ལ་ཁྲག་གི་མཆོད་ཡོན་བྱིན་ན་དགའ་བར་འགྱུར་
ཞིང་མངག་གཞུག་མར་འགྱུར་རོ། །ཉི་མ་རེ་རེ་ཞིང་དོང་ཙེ་ལྔ་ལྔ་སྟེར་ཞིང་ལྷའི་འདོད་པའི་བཟའ་བ་སྟེར་རོ། །ལོ་ལྔ་བརྒྱ་འཚོ་བར་འགྱུར་རོ། །འདི་ནི་ཀ་ཏ་ཡ་ན་བརྒྱད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །།དེ་ནས་རྣམ་པར་བཤད་བྱ་བ། །འབྱུང་

པོ་འདུལ་བའི་རྒྱུད་ཆེན་གྱི། །བྲན་ཕོ་དང་ནི་བྲན་མོ་ད་ག །སྒྲུབ་པར་བྱེད་པའི་ཆོ་གའོ། །ཨོྃ་རཱ་ཧུ་རཱ་ཧུ། མ་ཧཱ་ཙེ་དུ་ཀ་ནན་ད་རི་དྷ་ནན་ཧི་ཏ་ཧ་ར་ཐཱ་ཡཱ། ཨོྃ་ཧྲ་ཧྲ་ཧྲ་ཧྲ་ཧྲ། གྲྀཧྞ་གྲྀཧྞ། མཱྃ་ས་སིདྡྷིཾ་མེ་པྲ་ཡཙྪ་སྭཱ་ཧཱ། ར་སྐྱེས་ནག་པོའི་ཤ་བཙོང་བའི་སྔགས་ཏེ་མཚན་
མོ་དུར་ཁྲོད་དུ་སོང་ནས་བརྒྱ་རྩ་བརྒྱད་བཟླས་ན་ཤ་ཐམས་ཅད་བཙོང་བའི་ལས་འགྲུབ་པར་འགྱུར་རོ། །མཚན་མོ་དུར་ཁྲོད་དུ་སོང་ནས་ཤ་སྲང་བརྒྱད་ཁྱེར་ནས་ཕྱོགས་བཞིར་རྣམ་པར་བལྟས་ཏེ། ཀྱེ་ཀྱེ་དུར་ཁྲོད་ན་གནས་པའི་འབྱུང་མོ་རྣམས་ཤ་ཉོའམ་ཞེས་བོས་ནས། བྲམ་ཟེའི་
གཟུགས་ཀྱིས་མདུན་དུ་འདུག་སྟེ། ཀྱེ་སྐྱེས་བུ་ཆེན་པོ་ཅི་བཞེད་ཅེས་སྨྲ་ན། སྒྲུབ་པ་པོ་ཡིས་གསེར་འདོད་དོ་ཞེས་སྨྲ་སྟེ། གསེར་སྲང་བརྒྱ་སྟེར་བར་བྱེད་དོ། །དེ་ནས་ཤ་སྦྱིན་ཏེ་གལ་ཏེ་མི་འདོད་ན་མིག་དང་སྤྱི་བོ་འགས་པའམ་འཆི་བར་འགྱུར་རོ། །དེ་ནས་དབང་ཕྱུག་ཆེན་པོ་
ལྷ་ཆེན་པོ་རིག་འཛིན་བྱེ་བ་དུ་མས་ཡོངས་སུ་བསྐོར་ཏེ། ལྷའི་བུ་མོ་དུ་མ་དང་། གནོད་སྦྱིན་དང་། ཀླུ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཁྲི་ཕྲག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་ཏུ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོ་ལ་ལན་གསུམ་
བསྐོར་བ་བྱས་ཏེ། ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་མི་ཕྱེད་པར་བསྟན་པ། ཁམས་གསུམ་པའི་རྒྱལ་པོ་ཆེན་པོ་འབྱུང་པོ་དང་། ཀླུ་དང་། གནོད་སྦྱིན་དང་
རིག་འཛིན་རྣམས་འཇིག་པར་བྱེད་པ། བགེགས་ཐམས་ཅད་འཇོམས་པ། སྡུག་བསྔལ་བ་དང་། ཉོན་མོངས་པ་ཐམས་ཅད་སེལ་བ། གདོན་ཐམས་ཅད་དང་། རོ་ལངས་དང་། ལུས་སྲུལ་པོ་རྣམས་གསོད་པ། དཀྱིལ་འཁོར་གསང་ཆེན་ཐམས་ཅད་གྲུབ་པར་
བྱེད་པ་བཤད་དུ་གསོལ། དེ་ནས་འཁོར་གྱི་དཀྱིལ་འཁོར་དེར་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པས་འབྱུང་པོའི་དབང་ཕྱུག་ལྷ་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་ལེགས་སོ་ལེགས་སོ། །ལྷ་ཆེན་པོ་མ་འོངས་པའི་

དུས་ན་འཛམ་བུའི་གླིང་གི་མི་རྣམས་ལ་ཕན་པའི་དོན་དུ་འབྱུང་པོ་ཐམས་ཅད་དང་། ཀླུ་དང་། གནོད་སྦྱིན་དང་། མིའམ་ཅི་རྣམས་བྲན་མོར་སྒྲུབ་པའི་ཐབས་ཁྲོ་བོའི་བདག་པོ་ཆེན་པོས་གསུངས་ཤིག །དེ་ནས་འདིར་ནི་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །
གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་དག་ནི་བཞིས་བརྒྱན་ཅིང་། །ཆ་རྣམས་བཅུ་དྲུག་དག་དང་ལྡན། །རྡོ་རྗེ་ར་བས་མཛེས་བྱས་པ། །དེའི་དབུས་དགོད་བྱ་དྲག་པོ་སྟེ། །འབར་བའི་ཕྲེང་བ་ཡང་དག་འཁྲུག །ཁྲོ་བོ་ཆེན་པོ་ཕྱག་བཞི་པ། །མིག་སྨན་སྦྱངས་པའི་འོད་
འདྲ་ཞིང་། །ཕྱག་གཡས་ཀྱིས་ནི་རྡོ་རྗེ་གསོར། །གཡོན་པའི་ཕྱག་གིས་སྡིགས་མཛུབ་མཛད། །ཞལ་གྱི་མཆེ་བ་གཙིགས་པ་སྟེ། །སྦྲུལ་བརྒྱད་ཀྱིས་ནི་རྣམ་པར་བརྒྱན། །ཐོད་པའི་ཕྲེང་བའི་ཅོད་པན་ཅན། །འཇིག་རྟེན་གསུམ་ཡང་འཇིགས་བྱེད་ཅིང་། །སྒྲ་ཆེར་དྲག་ཏུ་
བཞད་མཛད་ལ། །འཇིག་རྟེན་གསུམ་པོའི་བདག་པོ་སྟེ། །གཡོན་བརྐྱང་བ་ཡིས་ལེགས་པར་བཞུགས། །ཉི་མ་བྱེ་བའི་གཟི་ལྡན་ལ། །གཞན་གྱིས་མི་ཐུབ་ཞབས་ཀྱིས་མནན། །ཕྱག་རྒྱ་འཆིང་བས་བཞུགས་པ་སྟེ། །སྲིན་ལག་གཉིས་ནི་འཁྱུད་ནས་སུ། །
མཛུབ་མོ་གཉིས་ནི་བཀུག་བྱས་ཏེ། །མཐེའུ་ཆུང་དང་ནི་གུང་མོ་དག །མཐེ་བོ་ཡིས་ནི་མནན་བྱས་པ། །དཔལ་ལྡན་འདི་འདྲའི་རྒྱ་འཛིན་ཅིང་། །འཇིག་རྟེན་གསུམ་གྱི་འབྱོར་འགྲུབ་པའོ། །ཁྲོ་བོའི་མདུན་དུ་ཨུ་མ་ཡི། །བདག་པོ་ཡང་དག་བྲི་བར་བྱ། །
ལྷོ་རུ་ཁྱབ་འཇུག་བྲི་བྱ་སྟེ། །ནུབ་ཏུ་ཚངས་པ་ལྷ་ཉིད་དོ། །བྱང་དུ་བདག་པོ་སྨིན་དྲུག་གོ། །དབང་ལྡན་དུ་ནི་ཚོགས་བདག་པོ། །འོད་ཟེར་སྟོང་གིས་མཛེས་པ་ནི། །མེ་ཡི་གྲྭར་ནི་བྲི་བར་བར་བྱ། །སྒྲ་གཅན་བདེན་བྲལ་གྲྭ་རུ་བྲི། །དགའ་བའི་དབང་ཕྱུག་རླུང་གི་
གྲྭར། །གསེར་གྱི་ཁ་དོག་ལྟ་བུའི་ལུས། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཅུང་ཟད་རྒོད་ཅིང་ཆགས་པ་ཡིས། །བཅོམ་ལྡན་འདས་ལ་བལྟ་བ་ཡི། །མཆོད་པའི་ལྷ་མོ་གནས་པ་རྣམས། །དཀྱིལ་འཁོར་ཕྱི་རོལ་བྲི་བྱ་སྟེ། །ཁྲོ་བོ་ཡི་ནི་

གཡོན་ལོགས་སུ། །ལྷ་མོ་ཨུ་མ་བྲི་བར་བྱ། །ཁྲོ་བོ་ཡི་ནི་མདུན་ཉིད་དུ། །དཔལ་གྱི་ལྷ་མོ་བྲི་བར་བྱ། །ལག་པ་མེ་ཏོག་ཐོགས་པའོ། །ཁྲོ་བོ་ཡི་ནི་གཡས་ལོགས་སུ། །རྒྱན་ཀུན་གྱིས་ནི་བརྒྱན་བྱས་ཤིང་། །ལག་པ་ན་ནི་སྤོས་ཐོགས་པའི། །
ཐིག་ལེ་མཆོག་ནི་ལེགས་པར་བྲི། །ཁྲོ་བོ་ཡི་ནི་རྒྱབ་ཀྱི་ཆར། །ལྷ་ཡི་རྣ་ཆས་བརྒྱན་པ་ཡི། །ལག་ན་མར་མེ་ཐོགས་པར་ནི། །ཟླ་བའི་ལྷ་མོ་བྲི་བར་བྱ། །ལྷ་ཡི་རྣ་ཆས་བརྒྱན་པ་ཡི། །ལག་ན་དྲི་ཡི་སྣོད་ཐོགས་པ། །རིན་ཆེན་རྒྱན་གྱིས་བརྒྱན་པ་ཡི། །
ལྷ་མོ་མེ་ཡི་གྲྭ་རུ་བྲི། །གླུ་དང་སྙན་དངགས་མང་སྨྲ་བའི། །ཚིག་དབང་ལྷ་མོ་སྲིན་པོར་བྲི། །གནོད་སྦྱིན་ཀུན་གྱི་དབང་ཕྱུག་མ། །སྡུ་གུ་མཛེས་མ་ཞེས་གྲགས་པ། །ལག་ན་རིན་ཆེན་ཕྲེང་ཐོགས་པ། །རླུང་གི་གྲྭར་ནི་བྲི་བར་བྱ། །འབྱུང་པོ་ཀུན་གྱི་དབང་ཕྱུག་
རྒྱལ། །མི་འབྱུང་ཞེས་བྱའི་འབྱུང་མོ་ནི། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་རུ། །དབང་ལྡན་གྲྭ་རུ་བྲི་བར་བྱ། །བཞིན་བཟངས་མིག་གི་དཀྱུས་རིང་ཞིང་། །གཟུགས་དང་ལང་ཚོས་བརྒྱན་པ་ལ། །མདོག་ནི་གསེར་དང་འདྲ་བ་སྟེ། །སྐྲ་ནི་མཐོན་མཐིང་འཁྱིལ་
པ་ལ། །ཡན་ལག་ཀུན་མཛེས་ལྷ་མོ་ནི། །སྒྲུབ་པའི་རིགས་ལ་དགའ་རྣམས་སོ། །བརྒྱ་བྱིན་ཤར་དུ་བྲི་བྱ་སྟེ། །མེ་ནི་མེ་རུ་ལེགས་པར་བྲིས། །ལྷོར་ནི་གཤིན་རྗེའི་རྒྱལ་པོ་སྟེ། །སྲིན་པོའི་བདག་པོ་བདེན་བྲལ་དུ། །ནུབ་ཏུ་ཆུ་ཡི་རྒྱལ་པོའོ། །རླུང་དུ་རླུང་
གི་ལྷ་ཉིད་དོ། །བྱང་དུ་ལུས་ངན་རྒྱལ་པོ་བདག །དབང་ལྡན་ཟླ་བ་བྲི་བྱ་སྟེ། །རང་རང་གནས་སུ་དགོད་པར་བྱ། །དེ་ནས་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བཤད་པར་བྱ་སྟེ། རྡོ་རྗེ་སློབ་དཔོན་བདག་ཉིད་གཙུག་ཏོར་སྔོན་པོ་བཅིངས་ཏེ། རས་སྔོན་པོ་ཟུང་
གཅིག་བགོས་ནས། རྡོ་རྗེ་གསོར་ཞིང་འདི་སྐད་ཅེས་བརྗོད་དོ། །སེམས་ཅན་ཀུན་ལ་ཕན་དོན་དུ། །མྱུར་དུ་དངོས་གྲུབ་སྦྱིན་མཛད་པ། །གྲུབ་པའི་རྡོ་རྗེ་ཁྲོ་བོ་ཆེ། །ལྷ་ཉིད་དམ་ཚིག་ལ་བཞུགས་ཤིག །དེ་ནས་དཔལ་ཁྲོ་བོ་ཆེན་པོ་ལྷ་ཉིད་དམ་ཚིག་ལ་

བཞུགས་ཤིག་ཅེས་བརྗོད་དོ། །དེའི་འོག་ཏུ་དཔལ་ཁྲོ་བོ་ཆེན་པོའི་ཕྱག་རྒྱ་བཅིངས་ཏེ་གཞུག་ཅིང་འདི་སྐད་ཅེས་བརྗོད་དོ། །ཧཱུྃ་བཛྲ་ཕཊ། འདི་སྐད་བརྗོད་པ་ཙམ་གྱིས་བདག་ཉིད་ཁྲོ་བོ་འཇུག་གོ། །དེ་ནས་སློབ་མ་གཞུག་པར་བྱ་སྟེ། ར་ས་སྔོན་པོས་གདོང་གཡོགས་ནས་ཁྲོ་བོའི་
ཕྱག་རྒྱ་སྤྱི་བོར་བཞག་སྟེ། རྡོ་རྗེའི་ཆུ་ཁར་སྦྱིན་པར་བྱའོ། །ཨོྃ་ཏིཥྛ་ཏིཥྛ་སིདྡྷི་ཧཱུྃ་ཧཱུྃ། འདིས་སྦྱིན་པར་བྱའོ། །ཨོྃ་པྲ་བེ་ཤ་ཀྲོ་དྷ་ཧཱུྃ་ཧཱུྃ་ཧཱུྃ་ཨ། འདི་དང་ཁྲོ་བོ་དབབ་པའི་ཕྱག་རྒྱས་དབབ་པར་བྱ་སྟེ། ཡི་གེ་ཧཱུྃ་གིས་རི་རབ་ཀྱི་སྟེང་ན་འདུག་པ་ཡང་འབེབས་ཤིང་འདས་པ་དང་།
མ་འོངས་པ་དང་། ད་ལྟར་བྱུང་བ་ཡང་སྨྲ་བར་བྱེད་དོ། །དེ་ནས་མེ་ཏོག་དོར་བར་བྱས་ནས་དེའི་འོག་ཏུ་གདོང་གཡོགས་བཀྲོལ་ཏེ་ལྷའི་རིགས་བསྟན་ཅིང་མིང་གི་དབང་བསྐུར་ཏེ། མཆོད་པ་བྱ་ཞིང་ཕྱག་རྒྱ་དང་སྔགས་ཀྱང་བསླབ་པར་བྱའོ། །འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་
དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་ལེའུ་རྫོགས་སོ།། །།དེ་ནས་འདིར་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་ཆོ་ག་རྒྱས་པར་བཤད་པ། དང་པོ་རེ་ཞིག་ལག་པ་གཉིས་ལ་ཟླ་བའི་དཀྱིལ་འཁོར་བསྒོམས་ཏེ། དེ་དག་གི་དབུས་སུ་ཡི་གེ་ཧཱུྃ་འབར་བའི་ཕྲེང་བ་འཁྲུག་
པར་བསམས་ཏེ། སྔགས་འདི་བཟླས་པར་བྱའོ། །ཨོྃ་སིདྡྷི་བཛྲ་ཧཱུྃ། དེ་ནས་སྡིག་པ་ཐམས་ཅད་འཇོམས་པའི་སྔགས་བཟླས་ཏེ། སྙིང་གར་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་ཡི་གེ་ར་དམར་པོ་ཐིག་ལེ་དང་བཅས་པའི་འབར་བའི་ཕྲེང་བ་འཁྲུགས་
པར་བསམས་ནས་སྡིག་པ་ཐམས་ཅད་འཇོམས་པའི་སྔགས་འདི་བཟླས་སོ། །ཨོྃ་ཧ་ན་བི་དྷྭན་ས་ཡ་བི་དྷྭན་ས་ཡ། ནཱ་ཤ་ཡ་སྭཱ་བཾ་ཧཱུྃ་ཕཊ། འདིའི་རྗེས་ཐོགས་ཁོ་ནར་སྟོང་པ་ཉིད་དུ་བསྒོམས་ཏེ། མདུན་དུ་མེ་ཏོག་ཀུནྡ་དང་། ཤེལ་ལྟ་བུར་བལྟས་ནས་དེའི་དབུས་སུ་ཡི་གེ་ཧཱུྃ་དང་།
པདྨ་འདབ་མ་བརྒྱད་པ་རྣམ་པར་བསམས་ཏེ། དེའི་དབུས་སུ་ཡི་གེ་ཧཱུྃ་འབར་བའི་ཕྲེང་བ་ཀུན་ནས་འཁྲུགས་པ་རྣམ་པར་བསམས་ལ། ཁྲོ་བོ་དབབ་པའི་སྔགས་འདིས་དབབ་པར་བྱའོ། །ཨོྃ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཨ། དེ་ནས་ཁྲོ་བོ་དབབ་པའི་ཕྱག་རྒྱ་བཅིངས་

ཏེ། སྔགས་འདི་བཟླས་པར་བྱའོ། །ཨོྃ་བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་པཱ་ཏ་ཡ་པཱ་ཏ་ཡ་ཧཱུྃ། དེ་ནས་རང་ལྷའི་སྐུར་བསམ་མོ། །དེ་ནས་ཁྲོ་བོའི་བདག་པོ་ཁྲོ་བོའི་རྒྱལ་པོའི་ཕྱག་རྒྱས་ཡན་ལག་དྲུག་ཏུ་དགོད་པར་བྱ་སྟེ། ཨོྃ་ཧ་ན་བཛྲ་ཧཱུྃ། སྤྱི་བོར་རོ། །
ཨོྃ་དྷ་ར་བཛྲ་ཧཱུྃ། སྤྱི་གཙུག་ཏུའོ། །ཨོྃ་དཱིཔྟ་བཛྲ་ཧཱུྃ། མིག་ཏུའོ། །ཨོྃ་བཛྲ་རོ་ཥ་ཎ་ཧཱུྃ། སྙིང་གར་རོ། །ཨོྃ་བཛྲ་དྲྀ་ཌྷ་བཛྲ་ཧཱུྃ། གོ་ཆ་འོ། །ཨོྃ་ཧ་ན་ད་ཧ་པ་ཙ། ཀྲོ་དྷ་བཛྲ་སརྦ་དུ་ཥྚ་ན། མཱ་ར་ཡ་ཧཱུྃ་ཕཊ། མཚོན་ཆའོ། །ཁྲོ་བོའི་རྒྱལ་པོ་འདི་དག་ཡན་ལག་དྲུག་ལ་
དགོད་པར་གསུངས་སོ། །དེ་ནས་དཀྱིལ་འཁོར་གྱི་ལྷའི་སྙིང་པོས་སྤྱན་དྲངས་ཏེ། སོར་མོ་ཕན་ཚུན་དུ་བཀུག་ནས་མཛུབ་མོ་གཉིས་རྩེ་མོ་བཀུག་པའི་ཕྱག་རྒྱས་འདི་ལ་སྔགས་སྦྱར་བར་བྱའོ། །ཨོྃ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷ་སམ་ཡ། མ་ནུ་པཱ་ལ་ཡ་ཤཱི་གྷྲྃ་ཨཱ་གཙྪ་ཧྲཱིཿཛཿ ཧཱུྃ་ཕཊ་སྭཱ་ཧཱ།
འདིས་ལྷ་ཐམས་ཅད་སྤྱན་དྲང་བར་བྱའོ། །ཨོྃ་སརྦ་དེ་བི་ཏཱ་པྲ་སིདྡྷ་ཧཱུྃ་ཨ། །ཨོྃ་ནཱ་ཤ་ཡ་དུ་ཥྚ་ན་ད་ཧ་པ་ཙ་དུཥྚཱན་བྷསྨཱིཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ། སྟངས་སྟབས་ཀྱེའོ། །ཨོྃ་བཛྲ་ཀྲོ་དྷ་མ་ཧཱ་ཙཎྜ། བནྡྷ་བནྡྷ་ད་ཤ་དི་ཤ་ཧཱུྃ་ཕཊ། ཕྱོགས་བཅིང་བའོ། །ཨོྃ་བྷུར་བྷུ་བ་སྭཱ་ཧཱ། ལྷ་ཆེན་
པོའིའོ། །ཨོྃ་ཨཱ་ཤྲཱི་བཛྲ་ཧ་ན་ཡེ་སྭཱ་ཧཱ། ཁྱབ་འཇུག་གིའོ། །དེ་བ་ཀུ་རུ་དྷེ་དྷ་རཱ་ཡ་སྭཱ་ཧཱ། སྐྱེ་དགུའི་བདག་པོའིའོ། །ཨོྃ་ཧྲཱིཿཀྲོཉྩ་ཤཀྟི་དྷཱ་ར་ཎི་ཕཊ་ཕཊ། གཞོན་ནུའི་སྔགས་སོ། །ཨོྃ་གྲུྃ་ག་ཎ་པ་ཏ་ཡེ་སྭཱ་ཧཱ། ཚོགས་བདག་གིའོ། །ཨོྃ་ཤྲཱི་ཙ་ཡ་ཨ་ཏྲ་ཀི་ནི་སྭཱ་ཧཱ།
ཉི་མའིའོ། །ཨོྃ་ནནྡེ་ཤྭ་རཱ་ཡ། ནཱ་ཏ་ནཱ་ཏ་ཧྲཱིཿསྭཱ་ཧཱ། དགའ་བའི་དབང་ཕྱུག་གིའོ། །ཨོྃ་ཙཎྜ་ཤ་ཀྲ་པ་ར་ཀྲཱ་མ་ཡེ་ཧཱུྃ་ཕཊ། སྒྲ་གཅན་གྱིའོ། །ཨོྃ་ཙནྡ་ཡ་ཤྲི་སྭཱ་ཧཱ། སྟེང་གི་ཟླ་བའིའོ། །དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱི་སྙིང་པོ་བཤད་པ། ཨོྃ་བྲུྃ་ནམ། ལྷ་
མོ་ཨུ་མའིའོ། །ཨཱོྃ་ཤྲཱི་ནམཿ། དཔལ་གྱི་ལྷ་མོའིའོ། །ཨོྃ་ཤྲཱི་ཡ་ནམཿ། ཐིག་ལེ་མཆོག་མའིའོ། །ཨོྃ་ས་ར་སྭཏྱ་གཱ་ཏཱ་ཡ་སརྦྦ་སྭཱ་ཧཱ། དབྱངས་ཅན་མའིའོ། །ཨོ་ཤྲཱི་ཙྃ་མ། རྩོམ་མ་མའིའོ། །ཨོ་ཤྲཱི་ན་མ། ཟླ་བ་མའིའོ། །ཨོྃ་ཡཀྵ་ཤཱ་རི་ཀྵིསྭཱ་ཧཱ།

སྡུག་གུ་མཛེས་མའིའོ། །ཨོྃ་ཨ་བྷཱུ་ཏི་རི་ཧྲཱིཿ། མི་འབྱུང་བའིའོ། །དེ་ནས་འབྱུང་མོ་སྒོ་སྐྱོང་མ་བརྒྱད་ཀྱིའོ། །ཨོྃཨ་ཤྲཱི་བཱྃ་མྃ་སྭཱ་ཧཱ། འབྱུང་པོ་བརྒྱད་ཀྱི་སྙིང་པོ་སྟེ་སྔ་མ་བཞིན་ནོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་དངོས་གྲུབ་ཀྱི་དཀྱིལ་འཁོར་གྱི་ཆོ་ག་
རྒྱས་པའི་ལེའུ་རྫོགས་སོ།། །།དེ་ནས་འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་ག་རྒྱས་པར་བཤད་པ། སོར་མོ་ཕན་ཚུན་བསྣོལ་ནས་མཛུབ་མོ་གཉིས་བཀབ་པ་ལྟར་བརྐྱང་བ་བྱས་པ་ནི་སྡིག་པ་འཇོམས་པའི་ཕྱག་རྒྱའོ། །ཁུ་
ཚུར་ཕན་ཚུན་བཅངས་ནས་མཛུབ་མོ་གཉིས་འཁྱུད་པ་ནི་ཁྲོ་བོ་དབབ་པའི་ཕྱག་རྒྱ་སྟེ། འཇིག་རྟེན་གསུམ་སྐད་ཅིག་གིས་འབེབས་པའི་ཕྱག་རྒྱ་ཆེན་པོའོ། །དེ་ནས་ཡན་ལག་དྲུག་གི་ཕྱག་རྒྱ་བཤད་པ། ཁུ་ཚུར་ཕན་ཚུན་བཅངས་ཏེ། གུང་མོའི་སོར་མོ་བརྐྱང་བ་ནི་སྤྱི་བོའི་
ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་ནང་དུ་བཅུག་ནས་མཛུབ་མོ་ཁབ་ལྟར་བྱས་པ་ནི་སྤྱི་གཙུག་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོའི་རྩར་མཐེ་བོ་བཞག་སྟེ། མཐེ་བོང་གཡས་པ་མིག་གཡས་པར་བཞག་སྟེ། མཐེ་བོང་གཡོན་པ་མིག་གཡོན་པར་བཞག་པ་
ནི་མིག་གི་ཕྱག་རྒྱའོ། །ཁུ་ཚུར་སོ་སོར་བཅངས་ཏེ་མཐེའུ་ཆུང་གཉིས་འཁྱུད་པ་ལ་མཛུབ་མོ་གཉིས་བརྐྱང་བ་ནི་སྙིང་གའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་བསྐྱིལ་བ་བྱས་པ་ནི་གོ་ཆའི་ཕྱག་རྒྱའོ། །མཛུབ་མོ་གཉིས་བརྐྱང་བ་ནི་མཚོན་ཆའི་ཕྱག་རྒྱའོ། །སྙིམ་པ་མཉམ་
པར་བྱས་ནས་མཐེ་བོ་གཉིས་མཛུབ་མོ་ལ་བཅངས་པ་ནི་ཡོན་ཆབ་ཀྱི་ཕྱག་རྒྱའོ། །ཁུ་ཚུར་སོ་སོར་བཅངས་ལ་མཐེ་བོ་བརྐྱང་བ་ནི་སྟངས་སྟབས་ཀྱི་ཕྱག་རྒྱའོ། །ཁུ་ཚུར་སོ་སོར་ཐ་དད་པར་བཅངས་ཏེ། མཛུབ་མོ་གཡོན་པ་བརྐྱང་ནས་དཔུང་པ་གཡས་པའི་རྩ་བར་བཞག་གོ། །
གཡས་པའི་མཐེ་བོས་མཐེའུ་ཆུང་གི་སོར་མོ་མནན་ཏེ། སོར་མོ་ལྷག་མ་བརྐྱང་ནས་ཕྱོགས་བཅུར་བསྐོར་བ་ནི་བཅིང་བའི་ཕྱག་རྒྱའོ། །དེ་ནས་ལྷ་ཆེན་པོའི་ཕྱག་རྒྱ་བཤད་པ། ཐལ་མོ་མཉམ་པར་སྦྱར་ཏེ། མཐེའུ་ཆུང་དང་སྲིན་ལག་བཀུག་པ་ནི་དྲག་པོའི་ཕྱག་རྒྱའོ། །ཐལ་

མོ་མཉམ་པར་སྦྱར་ནས་མཛུབ་མོ་གཉིས་འཁྱུད་དེ་བཀུག་པ་ནི་སྲེད་མེད་ཀྱི་བུའི་དུང་གི་ཕྱག་རྒྱའོ། །སོར་མོ་ཕན་ཚུན་བསྣོལ་ནས་མཐེའུ་ཆུང་རབ་ཏུ་བརྐྱང་བ་ནི་སྐྱེ་དགུའི་བདག་པོའི་སྤྱི་བླུགས་ཀྱི་ཕྱག་རྒྱའོ། །ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ། གུང་མོའི་སོར་
མོ་བརྐྱང་བ་ནི་ཁྲུང་ཁྲུང་འཇོམས་པའི་མདུང་གི་ཕྱག་རྒྱའོ། །གུང་མོའི་སོར་མོའི་ཚིགས་བཀུག་པ་ནི་ཚོགས་ཀྱི་བདག་པོའི་དགྲ་སྟའི་ཕྱག་རྒྱའོ། །ཐལ་མོ་མཉམ་པར་སྦྱར་ནས་བཀྲ་ཤིས་ཀྱི་ལག་པར་བྱས་ཏེ། གཡོན་པའི་མཐེའུ་ཆུང་གིས་སྙིང་པོ་བྱས་ནས་གཡོན་པའི་མཐེ་
བོའི་རྩེ་མོར་བཞག་ཅིང་། །གཡས་པའི་མཐེ་བོང་དེའི་སྟེང་དུ་བཞག་པ་ནི་ཉི་མའི་ཤིང་རྟའི་ཕྱག་རྒྱའོ། །ལག་པ་གཡས་པ་བརྐྱང་ནས་མཛུབ་མོ་དང་། སྲིན་ལག་བཀུག་པ་ནི་སྒྲ་གཅན་གྱི་ཕྱག་རྒྱའོ། །ལག་པ་གཡས་པ་གར་གྱི་ཚུལ་གྱིས་གཡོན་པའི་སྟེང་དུ་བཞག་ཅིང་
ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ། མཛུབ་མོ་དང་གུང་མོ་བརྐྱང་ནས་མཐེ་བོང་གིས་མཐེའུ་ཆུང་དང་། སྲིན་ལག་གི་སེན་མོ་མནན་པ་ནི་དགའ་བའི་དབང་ཕྱུག་གི་ཕྱག་རྒྱའོ། །ཁུ་ཚུར་སོ་སོར་ཐ་དད་པར་བཅངས་ཏེ་མཐེའུ་ཆུང་འཁྱུད་པ་ནི་ལྷ་མོ་དཀའ་ཟློག་མའི་ཕྱག་རྒྱའོ། །
ལག་པ་གཉིས་ཀ་གདེངས་ཀ་ལྟར་བསྟན་ཏེ། སྤྱི་བོར་བཞག་པ་ནི་དཔལ་ལྷ་མོའི་ཕྱག་རྒྱའི་མཚན་ཉིད་དོ། །ཐལ་མོ་སྦྱར་ནས་ནམ་མཁའ་ལ་བསྐྱོད་པ་ནི་ཟླ་བའི་ཕྱག་རྒྱའོ། །ཁུ་ཚུར་སོ་སོར་བཅངས་ལ་མཐེའུ་ཆུང་དང་མཛུབ་མོ་འཁྱུད་པ་ནི་ལྷ་མོ་ཟླ་བའི་ཕྱག་རྒྱའོ། །
དེ་ནས་རིན་ཆེན་རྒྱན་ཅན་མའི་ཕྱག་རྒྱ་བཤད་པ། ཁུ་ཚུར་སོ་སོར་བཅངས་ཏེ་མཛུབ་མོ་གཉིས་བརྐྱང་ནས་རིན་པོ་ཆེའི་རྣམ་པས་དཔྲལ་བའི་ཕྱོགས་སུ་ཕྲེང་བ་བཅིངས་ཏེ་བཞག་པ་ནི་རིན་ཆེན་རྒྱན་ཅན་མའི་ཕྱག་རྒྱ་སྟེ། སྔགས་ནི། ཨོྃ་རཏྣ་ཤྲཱི་སྭཱ་ཧཱ། དེ་ནས་དབྱངས་ཅན་མའི་ཕྱག་རྒྱ་
བཤད་པ། སོར་མོ་ཕན་ཚུན་འཁྱུད་དེ། མཛུབ་མོ་གཉིས་བརྐྱང་ནས་ཁར་བཞག་པའོ། །ཐིག་ལེ་མཆོག་མའི་ཕྱག་རྒྱ་བཤད་པ། སོར་མོ་ཕན་ཚུན་དུ་པདྨ་འཁོར་བའི་སྦྱོར་བས་བསྐོར་ཏེ། སྤྱི་བོར་བཞག་པ་ནི་ཐིག་ལེ་མཆོག་མའི་ཕྱག་རྒྱའོ། །དེ་ནས་རྩོམ་པ་མོའི་ཕྱག་

རྒྱ་བཤད་པ། ལག་པ་སོ་སོར་སོར་མོ་གཅིག་ལ་གཅིག་བསྐོར་བའི་སྦྱོར་བས་སྙིང་གར་བཞག་པ་ནི་རྩོམ་པ་མོའི་ཕྱག་རྒྱའོ། །དེ་ནས་ཕྱིའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བཤད་པ། ཨོྃ་ཤ་ཀྲཱ་ཡ་སྭཱ་ཧཱ། ཤར་དུ་བརྒྱ་བྱིན་ནོ། །ཨོྃ་ཨགྣ་ཡེ་སྭཱ་ཧཱ། མེར་མེའི་ལྷའོ། །ཨོྃ་ཡ་མཱ་ཡ་
སྭཱ་ཧཱ། གཤིན་རྗེའི་ཕྱོགས་སུ་གཤིན་རྗེའོ། །ཨོྃ་རཱཀྵ་ས་ཨ་དྷི་པ་ཏ་ཡེ་ཛ་ཡ་ཛ་ཡ་སྭཱ་ཧཱ། བདེན་བྲལ་དུ་སྲིན་པོའི་བདག་པོའོ། །ཨོྃ་བ་རུ་ཎ་ནཱ་ག་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ནུབ་ཏུ་ཆུ་ལྷའོ། །ཨོྃ་བཱ་ཡ་བེ་ཙ་ལ་ཙ་ལ་སྭཱ་ཧཱ། རླུང་དུ་རླུང་གི་ལྷའིའོ། ཨོྃ་ཀུ་བཱཻརཱ་ཡ་ཡཀྵ་ཨ་དྷི་
པ་ཏ་ཡེ་སྭཱ་ཧཱ། བྱང་དུ་ལུས་ངན་པོའིའོ། །ཨོྃ་ཙནྡྲཱ་ཡ་སྭཱ་ཧཱ། དབང་ལྡན་གྱི་ཕྱོགས་སུ་ཟླ་བའོ། །ཨོྃ་ཨཱི་ཤ་ནཱ་ཡ་སྭཱ་ཧཱ། དབང་ལྡན་གྱི་ཕྱོགས་སུ་དབང་ལྡན་ཉིད་དོ། །དེ་ནས་གནོད་སྦྱིན་མོ་ཐམས་ཅད་ཀྱི་དབང་ཕྱུག་མ་སྡུག་གུ་མཛེས་མའི་ཕྱག་རྒྱ་བཤད་པ། ཁུ་ཚུར་སོ་
སོར་བཅིངས་ཏེ་མཐེའུ་ཆུང་རབ་ཏུ་བརྐྱང་བའོ། །དེ་ནས་འབྱུང་མོའི་ཕྱག་རྒྱ་བཤད་པ་ཁུ་ཚུར་སོ་སོར་བཅངས་ཏེ་མཐེའུ་ཆུང་གཉིས་འཁྱུད་ནས་སྡིགས་མཛུབ་བྱས་ཏེ་འཛིན་པ་ནི་འབྱུང་པོའི་དབང་ཕྱུག་འབྱུང་མོ་ཐམས་ཅད་ཀྱི་རྒྱལ་མོའི་ཕྱག་རྒྱའོ། །དེ་ནས་འབྱུང་མོ་སྒོ་སྐྱོང་མ་བརྒྱད་ཀྱི་
ཕྱག་རྒྱ་བཤད་པ། ཁུ་ཚུར་སོ་སོར་བཅངས་ཏེ་མཛུབ་མོ་གཉིས་འཁྱུད་པ་ནི་འབྱུང་མོ་བརྒྱད་ཀྱི་ཕྱག་རྒྱའོ། །དེ་ནས་ཕྱིའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བཤད་པ་ནི་ལག་པ་གཡས་པའི་ཐལ་མོ་མཉམ་པར་བྱས་ཏེ། མཐེ་བོས་མཐེའུ་ཆུང་གི་སོར་མོ་མནན་ནས་སོར་མོ་
ལྷག་མ་བཀྲམ་པ་ནི་བརྒྱ་བྱིན་གྱི་རྡོ་རྗེའི་ཕྱག་རྒྱའོ། །ལག་པ་གཡོན་པའི་ཐལ་མོ་མཉམ་པར་བྱས་ཏེ། ཅུང་ཟད་བསྐྱོད་པ་ནི་མེའི་ཕྱག་རྒྱའོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་མཛུབ་མོ་བརྐྱང་བ་ནི་གཤིན་རྗེའི་དབྱུག་ཏོའི་ཕྱག་རྒྱའོ། །ལག་པ་གཡས་པ་ཁུ་
ཚུར་བཅངས་ཏེ་མཛུབ་མོ་དང་གུང་མོ་བརྐྱང་བ་ནི་སྲིན་པོའི་བདག་པོའི་རལ་གྲིའི་ཕྱག་རྒྱའོ། །ལག་པ་གཡོན་པའི་ཁུ་ཚུར་བཅངས་ཏེ། མཛུབ་མོ་བརྐྱང་ནས་བསྐྱིལ་བ་ནི་ཆུ་ལྷའི་ཞགས་པའི་ཕྱག་རྒྱའོ། །ལག་པ་གཡོན་པའི་ཁུ་ཚུར་བཅངས་ལ་མཛུབ་མོ་དང་། གུང་མོ་

བརྐྱང་བ་ནི་རླུང་ལྷའི་བ་དན་གྱི་ཕྱག་རྒྱའོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ། མཐེ་བོ་བརྐྱང་བ་ནི་རྣམ་ཐོས་ཀྱི་གླང་པོ་ཆེའི་ཕྱག་རྒྱའོ། །ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ། མཐེའུ་ཆུང་གིས་སོར་མོ་མནན་ནས་སོར་མོ་ལྷག་མ་བརྐྱང་བ་ནི་དབང་ལྡན་གྱི་
ཏྲི་ཤུ་ལའི་ཕྱག་རྒྱའོ། །དེ་ནས་རྫོགས་པར་བྱེད་པའི་ཕྱག་རྒྱ་བཤད་པ། ཐལ་མོ་སྦྱར་བ་ནི་རྫོགས་པར་བྱེད་པའི་ཕྱག་རྒྱའོ། །སྔགས་བཤད་པ། ཨོྃ་སིདྡྷི་བཛྲ། ཨ་སུ་རཱ་ཡ་ཨ་སུ་རཱ་ཡ་ཧཱུྃ། རྫོགས་པར་བྱེད་པའི་སྔགས་དང་ཕྱག་རྒྱའོ། །དེ་ནས་དངོས་གྲུབ་དགུག་
པའི་སྔགས་དང་ཕྱག་རྒྱ་བཤད་པ་ཁུ་ཚུར་སོ་སོར་བཅངས་ནས་མཐེའུ་ཆུང་གཉིས་འཁྱུད་དེ་མཛུབ་མོ་གཉིས་བརྐྱང་ནས་བསྐྱིལ་བ་ནི་དངོས་གྲུབ་དགུག་པའི་ཕྱག་རྒྱའོ། །སྔགས་ནི། ཨོྃ་བཛྲ་རོ་ཥ་མ་ཧཱ་ཀྲོ་དྷ་སིདྡྷ་ཨཱ་ཀཪྵ་ཡེ་ཧཱུྃ་ཛ། དངོས་གྲུབ་དགུག་པའི་སྔགས་སོ། །
རྒྱལ་པོ་ཆེན་པོའི་དངོས་གྲུབ་ནི། །ཁྲོ་བོའི་བསྟན་པའི་དངོས་གྲུབ་སྟེ། །ལྷ་རྣམས་ཀུན་གྱི་དངོས་གྲུབ་མཆོག །བདག་ལ་མྱུར་དུ་བསྒྲུབ་ཏུ་གསོལ། །རྡོ་རྗེ་གསོར་ཞིང་སྔགས་དེ་དང་འདི་བརྗོད་པར་བྱའོ། །དེ་ནས་འབྱུང་མོའི་གདོན་གྱི་ཕྱག་རྒྱ་བཤད་པ། ལག་
པ་གཡོན་པའི་ཐལ་མོ་མཉམ་པར་བྱས་ནས། མཐེ་བོ་བསྒྲེང་སྟེ་ལག་པ་གཡས་པའི་ཁུ་ཚུར་གྱིས་ལག་པ་གཡོན་པའི་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱ་བཅིངས་ཏེ་གཡས་པའི་མཐེ་བོང་བསྒྲེང་བ་ནི་རྡོ་རྗེ་འཆང་གི་འབྱུང་པོ་གདོན་གྱི་ཕྱག་རྒྱའོ། །ཨོྃ་ཛ་ཡ་ཛ་ཡ་མ་ཧཱ་ཀྲོ་དྷ། ཨ་
དྷི་པ་ཏི་ཀྲོ་དྷ་རཱ་ཛ། ཨི་མྃ་བྷཱུ་ཏ་ཨཱ་ས་ནྃ། དརྴཡ་ར་ཀྵ་སྭཱ་ཧཱ། གདན་གྱི་སྔགས་སོ། །དེ་ནས་ལྷའི་གདན་གྱི་ཕྱག་རྒྱ་བཤད་པ། ཐལ་མོ་སྦྱར་བ་བྱས་ཏེ་སོར་མོ་ཐམས་ཅད་བཀྲམ་པ་ནི་པདྨའི་ཕྱག་རྒྱར་བརྗོད་པ་སྟེ། འདི་ནི་ཕྱག་རྒྱའོ། །སྔགས་ནི། ཨོྃ་པདྨོ་བྷ་
པ་ནི་ཥ་ཎ་ཎ་སརྦ་དེ་བ་ཏཱྃ་སྭཱ་ཧཱ། ལྷ་ཐམས་ཅད་ཀྱི་གདན་གྱི་པདྨའི་ཕྱག་རྒྱ་དང་སྔགས་སོ། །པདྨའི་ཕྱག་རྒྱ་འདི་ཉིད་ལས་མཐེ་བོ་གཡོན་པ་བསྒུལ་བས་ལྷ་ཐམས་ཅད་སྤྱན་དྲངས་པ་གཤེགས་སུ་གསོལ་བའི་ཕྱག་རྒྱ་སྟེ་སྔགས་ནི། ཨོྃ་ས་ར་ས་ར། བི་ས་ར་བི་ས་ར། གཙྪ་གཙྪ་

སརྦ་དེ་བ་ཏཱ་ནི། ཤྲཱི་བཛྲ་དྷ་ར། ས་མ་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། གཤེགས་སུ་གསོལ་བའི་སྔགས་སོ། །ཁྲོ་ཆེན་ཐམས་ཅད་གྲུབ་མཛད་པ། །མཐུ་ཆེན་དངོས་གྲུབ་བདེ་བར་སྦྱིན་མཛད་པ། །མཐུ་ཆེན་བླ་ན་མེད་པ་ནི། །བདག་ལ་སྩལ་ཏེ་གཤེགས་སུ་གསོལ། །བསྟོད་པ་
འདིས་བསྟོད་པར་བྱའོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་དངོས་གྲུབ་ཀྱི་ཆོ་ག་དཀྱིལ་འཁོར་གྱི་སྒྲུབ་པ་རྫོགས་སོ།། །།དེ་ནས་ཁྲོ་བོའི་བདག་པོ་ཆེན་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསུངས་སོ། །དཀྱིལ་འཁོར་ཆེན་པོ་འདི་མཐོང་བ་ཙམ་གྱིས་
ཁམས་གསུམ་པའི་རྒྱལ་སྲིད་འཐོབ་ཅིང་འདིའི་རྡོ་རྗེ་འཆང་བཟླས་པ་ཙམ་གྱིས་རྡོ་རྗེ་འཆང་དང་མཚུངས་པར་འགྱུར་རོ། །གལ་ཏེ་མ་གྲུབ་ན་ཡང་གླིང་བཞི་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་བཟླས་པ་ཙམ་གྱིས་འབྱུང་པོ་ཐམས་
ཅད་བྲན་དུ་འགྱུར་རོ། །གལ་ཏེ་སྔགས་པ་ཁྲོས་ན་ཁྲོས་པ་ཙམ་གྱིས་འཇིག་རྟེན་པའི་ལྷ་ཐམས་ཅད་དུམ་བུ་བརྒྱར་ཞིག་པར་འགྱུར་རོ། །ཀླུ་དང་གནོད་སྦྱིན་ཐམས་ཅད་མཐོང་བ་ཙམ་གྱིས་གསོད་ཅིང་འཇིག་རྟེན་པའི་ལྷ་ཐམས་ཅད་ཧཱུྃ་གི་སྒྲ་ཙམ་གྱིས་འབྲོས་པར་བྱེད་དོ། །དེ་ནས་དཔལ་རྡོ་རྗེ་
འཆང་ཁྲོ་བོའི་བདག་པོ་ཆེན་པོའི་སྔོན་དུ་བསྙེན་པར་བྱ་བ་བཤད་པ། བདག་ཉིད་བསྲུང་བའི་སྔགས་འབུམ་བཟླས་ན་མྱུར་དུ་འགྲུབ་པར་བྱེད་པའོ། །དེ་ནས་དཔལ་རྡོ་རྗེ་འཆང་སྒྲུབ་པར་འདོད་ན་ཟླ་བ་གཅིག་ཏུ་དུས་གསུམ་དུ་སྟོང་ཕྲག་རེ་བཟླས་ནས། དེ་ནས་ཟླ་བ་ཉ་ལ་ཅི་ལྟར་འབྱོར་པའི་
མཆོད་པ་བྱས་ནས། ཁྲོ་བོའི་ཕྱག་རྒྱ་བཅིངས་ཏེ་མཚན་ཐོག་ཐག་བཟླས་སོ། །དེ་ནས་ཐོ་རངས་ས་གཡོ་བ་དང་། ཕྱག་རྒྱ་འབར་བར་འགྱུར་ཏེ་འབར་བ་ཙམ་གྱིས་རྡོ་རྗེ་འཆང་དང་མཚུངས་པར་འགྱུར་ཞིང་རྒ་བ་དང་། འཆི་བ་མེད་ལ་ལྷའི་གཟུགས་སུ་འགྱུར་རོ། །དེ་ནས་ལྷ་མོ་སྒྲུབ་
པར་འདོད་ན་ལྷ་མོ་དཀའ་ཟློག་རྐང་པ་གཡོན་པས་མནན་ནས་ཁྲི་བཟླས་ནས་ལྷ་མོ་རང་ཉིད་འོང་ཞིང་དངོས་གྲུབ་ཀྱི་རྫས་དང་དངུལ་ཆུ་དང་བཅུད་ཀྱིས་ལེན་གྱི་གྲུབ་པ་སྟེར་ཞིང་ཆུང་མར་འགྱུར་རོ། །གལ་ཏེ་མ་གྲུབ་ན་དུག་དང་ལན་ཚྭས་བྱུགས་ཏེ། རྐང་པ་གཡས་པས་མནན་ནས་ཁྲོ་བོའི་

སྔགས་འདི་བཟླས་པར་བྱ་སྟེ། ཨོྃ་ཧ་ན་ཧ་ན་བཛྲ་མཱ་ར་ཡ་ཆེ་གེ་མོ་ཧཱུྃ་ཕཊ། ཁྲོ་བོ་འདི་དང་བཅས་པས་མནན་ཏེ། སྟོང་ཕྲག་བརྒྱད་བཟླས་ན་བཟླས་པ་ཙམ་གྱིས་སྤྱི་བོ་འགས་པའམ་བསྐམས་ནས་འཆིའོ། །དེ་བཞིན་དུ་ཁྲོ་བོའི་སྔགས་ཀྱིས་གསད་པ་ཐམས་ཅད་ལ་
སྦྱར་བར་བྱའོ། །དེ་ནས་དཔལ་ལྷ་མོ་སྒྲུབ་པར་འདོད་ན། དཔལ་ལྷ་མོ་རྐང་པ་གཡོན་པས་མནན་ཏེ་ཁྲི་བཟླས་ན་དཔལ་ལྷ་མོ་འོང་སྟེ་མེ་ཏོག་གི་སྟན་བྱིན་ཞིང་ལེགས་པར་འོངས་སོ་ཞེས་བརྗོད་ལ་ཆུང་མ་གྱིས་ཤིག་ཅེས་བསྒོ་ནས་ཇི་ལྟར་འདོད་པ་ལྟར་སྤྱད་ན་རྒྱལ་སྲིད་སྟེར་བར་བྱེད་དོ། །དེ་
ནས་འཇིགས་བྱེད་མ་རྐང་པ་གཡོན་པས་མནན་ཏེ་ཁྲི་བཟླས་ན། འཇིགས་བྱེད་མ་རང་གི་གཟུགས་ཀྱིས་འོང་སྟེ། བྲན་མོའི་ལས་རྣམས་བྱེད་དོ། །ཙ་མུཎྜི་རྐང་པ་གཡོན་པས་མནན་ཏེ། ཁྲི་བཟླས་ན་ཙ་མུཎྜི་རང་གི་གཟུགས་ཀྱིས་འོང་སྟེ། ཙ་མུཎྜི་བྲན་མོར་འགྱུར་རོ། །དེ་བཞིན་
དུ་མ་མོའི་སྒྲུབ་པ་ཐམས་ཅད་ལ་མནན་ཏེ་བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར་རོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་རིམ་པར་ཕྱེ་བ་དང་པོ་རྫོགས་སོ།། །།ཕྱག་ན་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །དེ་ནས་
འདིར་ནི་ཤིན་ཏུ་འདའ་བར་དཀའ་བ་མཆོག་ཏུ་དྲག་པོ་ཆེན་པོའི་སྒྲུབ་པའི་ཐབས་ཤིན་ཏུ་དྲག་པོ་ལས་ཐམས་ཅད་སྒྲུབ་པར་བྱེད་པ་གསུངས་པ་ལིང་ཀ་གཅིག་པ་རྐང་པ་གཡོན་པས་མནན་ཏེ་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་ན་ལྷ་ཆེན་པོ་དེ་མྱུར་དུ་འོང་ངོ་། །གལ་ཏེ་མ་འོངས་ན་དེའི་
མོད་ལ་འཆིའོ། །སྲེད་མེད་ཀྱི་བུ་མནན་ཏེ་ཉི་མ་བདུན་སྟོང་ཕྲག་བདུན་བཟླས་ན་ཉི་མ་བདུན་པ་ལ་ངེས་པར་འོང་ངོ་། །གལ་ཏེ་མ་འོངས་ན་སྤྱི་བོ་འགས་པའམ་བསྐམས་པར་འགྱུར་རོ། །ངེས་པར་སྲེད་མེད་ཀྱི་བུ་འཁོར་དང་བཅས་པ་མངག་གཞུག་པར་འགྱུར་རོ། །ཚངས་པ་མནན་
ཏེ་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་ན་མྱུར་བར་འོང་སྟེ་གལ་ཏེ་མ་འོངས་ན་བསྐམས་ཏེ་འཆིའོ། །མངག་གཞུག་པར་འགྱུར་རོ། །བརྒྱ་བྱིན་རྐང་པ་གཡོན་པས་མནན་ཏེ། ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་ན་ངེས་པར་འོང་སྟེ། གལ་ཏེ་མ་འོངས་ན་

ངེས་པར་འཆི་བར་འགྱུར་རོ། །འདིས་བརྒྱ་བྱིན་མངག་གཞུག་པར་འགྱུར་ཞིང་པང་ན་གནས་པ་བླངས་ཏེ་སྟེར་བར་བྱེད་དོ། །གལ་ཏེ་མ་འོངས་ན་སྤྱི་བོ་འགས་ཞིང་དུམ་བུ་བརྒྱར་འཇིག་ལ་རང་གི་རིགས་རྒྱུད་རྣམས་བརླག་པར་འགྱུར་རོ། །གཞོན་ནུ་མནན་ནས་སྟོང་ཕྲག་བརྒྱད་
བཟླས་ན་ཉི་མ་བདུན་ན་མྱུར་དུ་འོང་སྟེ། གཞོན་ནུ་མངག་གཞུག་པར་འགྱུར་རོ། །གཞོན་ནུའི་གདོན་ཐམས་ཅད་བྲན་དུ་འགྱུར་ཞིང་ཆེ་གེ་མོ་འཚོ་བར་གྱིས་ཤིག །ཆེ་གེ་མོ་སོད་ཅིག་ཅེས་སྨྲས་ན་དེ་དག་ཐམས་ཅད་བྱེད་དོ། །ཚོགས་ཀྱི་བདག་པོ་མནན་ཏེ། སྟོང་ཕྲག་བརྒྱད་
བཟླས་ན་ཉི་མ་བདུན་ན་མྱུར་དུ་འོང་སྟེ། གལ་ཏེ་མ་འོངས་ན་རིགས་རྒྱུད་བརླག་ཅིང་འཆི་བར་འགྱུར་རོ། །ལོག་འདྲེན་ཐམས་ཅད་མངག་གཞུག་མར་འགྱུར་རོ། །ཉི་མ་རྐང་པ་གཡོན་པས་མནན་ཏེ་བརྒྱད་སྟོང་བཟླས་ན་ཉི་མ་བདུན་ན་མྱུར་དུ་འོང་སྟེ་རྒྱལ་སྲིད་སྟེར་རོ། །གལ་ཏེ་མ་འོངས་
ན་འཆི་བའམ་རང་གི་བརྒྱུད་བརླག་པར་འགྱུར་རོ། །ཟླ་བ་མནན་ཏེ་བརྒྱད་སྟོང་བཟླས་ན་ཉི་མ་བདུན་ན་མྱུར་དུ་འོང་ཞིང་མངག་གཞུག་པར་འགྱུར་ལ་གསེར་སྲང་བརྒྱ་སྟེར་རོ། །གལ་ཏེ་མ་འོངས་ན་སྤྱི་བོ་འགས་ཤིང་བསྐམས་ཏེ་འཆི་བར་འགྱུར་རོ། །རང་གི་རིགས་དང་རྒྱུད་ཕུང་བར་
ཡང་འགྱུར་རོ། །འདི་ནི་ཟླ་བ་འཁོར་དུ་བསྒྲུབ་པར་བཤད་པའོ། །འཇིག་བྱེད་རྐང་པ་གཡོན་པས་མནན་ཏེ། ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བཟླས་ནས་ཡང་མཚན་མོ་མཆོད་པ་ཆེན་པོ་བྱས་ཏེ། ཤ་ཆེན་པོས་མཆོད་པ་བྱས་ནས་ཤ་ཆེན་པོའི་གཏོར་མ་བྱས་ཏེ་ཤ་ཆེན་པོ་ཉིད་
དང་ཏིལ་གྱིས་མར་མེ་རབ་ཏུ་སྦར་ཏེ། ནམ་ཕྱེད་ན་སྒྲ་ཆེན་པོ་བྱུང་སྟེ་དྲག་དུ་རྒོད་ཅིང་བསྡད་ནས། ཀྱེ་སྐྱེས་བུ་ཆེན་པོ་འདི་བཟའ་ཡིས་སློངས་ཤིག་ཅེས་ཟེར་རོ། །དེས་སྐྲག་པར་མི་བྱའོ་སྟེ། གལ་ཏེ་སྐྲག་པར་གྱུར་ན་ཡི་གེ་ཧཱུྃ་བཟླས་ན་བདེ་བར་གནས་པར་འགྱུར་རོ། །འཇིགས་བྱེད་
འཁོར་དང་བཅས་པ་བྲན་དུ་འགྱུར་རོ། །ཁམས་གསུམ་པའི་རྒྱལ་སྲིད་སྟེར་ཞིང་ཡི་གེ་ཧཱུྃ་བཟླས་པ་ཙམ་གྱིས་འཇིག་རྟེན་པའི་ལྷ་ཐམས་ཅད་འཇོམས་སོ། །གར་གྱི་དབང་ཕྱུག་རྐང་པ་གཡོན་པས་མནན་ཏེ། ཉི་མ་བདུན་དུ་བརྒྱད་སྟོང་བཟླས་ན་སྐད་ཅིག་དེ་ལ་འོང་ཞིང་མངག་གཞུག་

པར་འགྱུར་རོ། །གལ་ཏེ་མ་འོངས་ན་སྐམས་པའམ་འཆི་བར་འགྱུར་རོ། །ནག་པོ་ཆེན་པོ་རྐང་པ་གཡོན་པས་མནན་ཏེ། སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་ན་འཁོར་གྱི་ཚོགས་དང་བཅས་ཏེ་འོང་ངོ་། །གལ་ཏེ་མ་འོངས་ན་སྐད་ཅིག་དེ་ཉིད་ལ་འཆི་ཞིང་རང་གི་རིགས་
རྒྱུད་ཕུང་བར་འགྱུར་རོ། །ལྷ་ནག་པོ་ཆེན་པོ་འཁོར་གྱི་ཚོགས་དང་བཅས་པ་མངག་གཞུག་པར་འགྱུར་རོ། །གདོང་བཞི་པ་ཕྱུག་པོའི་ཁང་པར་སོང་སྟེ། རྐང་པ་གཡོན་པས་མནན་ནས་ཁྲི་ཕྲག་བཟླས་ན་ཉི་མ་བདུན་ན་འཁོར་གྱི་ཚོགས་དང་བཅས་ཏེ་འོང་ངོ་། །གལ་ཏེ་མ་འོངས་ན་རིགས་
དང་རྒྱུད་བརླག་པར་འགྱུར་རོ། །རྣམ་པ་ཐམས་ཅད་ཀྱིས་གཡོག་འཁོར་དུ་འགྱུར་ལ། རྒྱབ་ཏུ་ཞོན་ན་མཐོ་རིས་སུ་ཡང་འཁྱེར་རོ། །པང་པ་ན་གནས་པ་བླངས་ནས་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལེན་བཟང་པོ་སྟེར་རོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་གིས་དེ་
སྐད་ཅེས་གསུངས་སོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་མངག་གཞུག་སྒྲུབ་པའི་ཆོ་ག་རྒྱས་པའི་ལེའུ་རྫོགས་སོ།། །།དེ་ནས་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ་འཇིག་རྟེན་གསུམ་གྱིས་ཕྱག་བྱས་པའི་བྲན་མོ་སྒྲུབ་པའི་ཐབས་ཁྲོ་བོ་ཉིད་ཀྱིས་
མི་རྣམས་ལ་ཕན་པའི་དོན་དུ་གསུངས་པ་དངོས་གྲུབ་ཀྱི་མཆོག་རྒྱས་པར་བཤད་པར་བྱ་སྟེ། ལེ་ལོ་ཅན་དང་སྡིག་པ་བྱེད་པ་དང་བརྫུན་དུ་སྨྲ་བས་ཀྱང་འགྲུབ་པར་བྱེད་དོ། །ཚུལ་ཁྲིམས་དང་ལྡན་པ་དང་། ཟང་ཟིང་སྤངས་པ་དང་། ཚངས་པར་སྤྱོད་པ་ལ་རྟག་ཏུ་གནས་པ་དང་།
རྟག་ཏུ་ཁྲོ་བོའི་བཟླས་པ་ལ་གནས་པས་འབྱུང་མོ་དང་། ཀླུ་མོ་དང་གནོད་སྦྱིན་མོ་བསྒྲུབ་པར་འདོད་ན་སྔགས་ཀྱི་ཚོགས་ཀྱིས་དགུག་པ་ལ་སྦྱར་བར་བྱའོ། །ལྷ་མོ་ཨུ་མ་སྒྲུབ་པར་བྱེད་པ་རྣམས་ལ་ཕན་པའི་དོན་དུ་བསྙེན་བཀུར་མར་བྱ་བར་བཤད་པའོ། །དང་པོར་བསྒྲུབ་པར་བྱ་ཞིང་
དེའི་འོག་ཏུ་དངོས་གྲུབ་ཀྱི་མཆོག་བཟང་པོ་རིག་འཛིན་དང་། ཕྱོགས་ཀྱི་བདག་པོ་དང་། ནོར་གྱི་ཆར་དང་། གཏེར་ཆེན་པོ་དང་ཡིད་བཞིན་གྱི་ནོར་བུ་དང་བུམ་པ་བཟང་པོ་ལ་སོགས་པ་དང་གནོད་སྦྱིན་མོའི་སྒྲུབ་པ་དང་། ཤ་ཟ་མོ་དང་ས་ལ་འཇོམས་མ་ལ་སོགས་པ་གསུངས་

པ་རྣམས་འགྲུབ་སྟེ། སངས་རྒྱས་ཉིད་ཀྱང་འགྲུབ་ན། ཐ་མལ་པ་འབྱུང་མོ་བྲན་དུ་བྱ་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་མོད་ལ་འགྲུབ་པར་འགྱུར་རོ། །འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ཆེན་པོ་ལ་ནི་སྒྲུབ་པ་པོ་རྟག་ཏུ་ཁྲོ་བོའི་བཟླས་པ་ལ་གནས་ན་སློབ་དཔོན་ལ་སྨོད་པ་དང་། ལྷ་
ཐམས་ཅད་ལ་སྨོད་པ་དང་། དམ་པའི་ཆོས་སྤོང་བ་དང་། ཐམས་ཅད་དུ་དམ་ཚིག་ཉམས་པ་དང་མེད་པ་དང་སྔགས་དང་རྒྱུད་སྤོངས་པས་ཀྱང་གལ་ཏེ་འདོད་ན་ངེས་པར་དེའི་མོད་ལ་མྱུར་དུ་འགྲུབ་པར་འགྱུར་བར་ཁྲོ་བོ་ཉིད་ཀྱིས་གསུངས་སོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཁྲོ་བོའི་
བདག་པོས་འདི་སྐད་ཅེས་གསུངས་སོ། །དེ་ནས་འདིར་མཆོག་ཏུ་གསང་བ་ཆེན་པོ་འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོའི་སྒྲུབ་པའི་ཐབས་གསུངས་པ། དང་པོར་རེ་ཞིག་བཀླགས་པ་ཙམ་གྱིས་འགྲུབ་པར་བྱེད་པ། བྲན་ཕོ་དང་བྲན་མོ་ཐམས་ཅད་སྒྲུབ་པར་བྱེད་པ། དཔལ་རྡོ་རྗེ་
འཆང་ཁྲོ་བོའི་བདག་པོ་བཟླས་པ་ཙམ་གྱིས་མྱུར་དུ་འགྲུབ་པར་བྱེད་པ། དོན་ཡོད་ཅིང་བགེགས་འཇོམས་ལ་གྲུབ་པར་བྱེད་པའི་སྔགས་ཀྱི་ཚིག་རྣམས་སོ། །ཨོྃ་ཧྲཱིཿཧཱུྃ་ཀ་ཊྱ་ཀ་ཊྱ་ཆེ་གེ་མོ་ཧཱུྃ་ཧཱུྃ་ཧཱུྃ་ཛཿ། ཁྲོ་བོ་འདི་དང་བཅས་པས་བརྒྱད་བརྒྱ་བཟླས་པ་ཙམ་གྱིས་མྱུར་དུ་འོང་སྟེ་ཐམས་ཅད་
བྲན་དང་བྲན་མོར་འགྱུར་རོ། །གལ་ཏེ་མ་འོངས་ན་སྤྱི་བོ་འགས་ཤིང་བསྐམས་ཏེ་འཆི་ལ། རིགས་དང་རང་གི་རིགས་རྒྱུད་བརླག་པར་འགྱུར་རོ། །འབྱུང་མོའི་གཟུགས་བ་ལང་གི་གིའུ་ཝང་གིས་བྲིས་ཏེ། རྐང་པ་གཡོན་པས་མནན་ནས་སྟོང་ཕྲག་བརྒྱད་བཟླས་ན་སྐད་ཅིག་དེ་ལ་ཀྱེ་
མ་ཀྱེ་མ་ཞེས་ཟེར་ཞིང་འོང་སྟེ། འགུམ་མོ་འགུམ་མོ། །ཀྱེ་སྒྲུབ་པ་པོ་བཀའ་ཅི་སྩོལ་ཞེས་ཟེར་རོ། །སྒྲུབ་པ་པོས་ཀྱེ་འབྱུང་མོ་བདག་གི་ཁོལ་མོ་གྱིས་ཤིག་ཅེས་སྨྲས་ན་དེ་ཁོལ་མོའི་ལས་ཐམས་ཅད་བྱེད་དོ། །གྲོ་བའི་ཤུན་པ་ལ་བ་ལང་གི་གིའུ་ཝང་གིས་གཟུགས་བརྙན་བྲིས་
ཏེ་རྐང་པ་གཡོན་པས་མནན་ནས་སྟོང་ཕྲག་བརྒྱད་བཟླས་ན་དེའི་མོད་ལ་འོང་ངོ་། །གལ་ཏེ་དེའི་མོད་ལ་མ་འོངས་ན་ཡུངས་ཀར་གྱིས་ཁ་ལ་བསྣུན་ཅིང་སྒྲ་ཆེན་པོས་བསྐུལ་ན་འབྱུང་མོ་དེ་རིམས་དྲག་པོས་འཆིའོ། །ཕྱིར་གསོ་བ་ནི་མར་དང་། སྦྲང་རྩི་ཁར་བཅུག་ན་སླར་འཚོའོ། །འབྱུང་

མོ་འདིས་བྲན་མོའི་ལས་བྱེད་ཅིང་སྒྲུབ་པ་པོ་བདག་ཉིད་དང་གསུམ་ལ་གོས་དང་། རྒྱན་དང་བཟའ་བ་ཉི་མ་རེ་རེ་སྟེར་རོ། །གཙུག་ལག་ཁང་གི་སྒོར་སོང་སྟེ། སྟོང་ཕྲག་བརྒྱད་བཟླས་ན་འདིས་བ་ལང་མོའི་བློ་གྲོས་ཞེས་བྱ་བའི་འབྱུང་མོ་འོང་སྟེ། འོངས་པ་ལ་གཏོར་
མ་བྱིན་ན་སྡུག་པ་ངས་ཅི་བྱ་ཞེས་སྨྲའོ། །མ་གྱིས་ཤིག་ཅེས་བསྒོ་ན་མ་དང་འདྲ་བར་ཡོངས་སུ་སྐྱོང་ཞིང་བདག་ཉིད་དང་ལྔ་ལ་གོས་དང་། རྒྱན་དང་བཟའ་བ་ལ་སོགས་པ་སྟེར་རོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་བྲན་མོ་བསྒྲུབ་པའི་ཆོ་ག་རྒྱས་པའི་ལེའུ་རྫོགས་
སོ།། །།དེ་ནས་མཆོག་ཏུ་གསང་བ་ཤིན་ཏུ་གསང་བ་ཆེན་པོ་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་འབྱུང་མོ་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པར་བྱ་སྟེ། དབུལ་པོ་རྣམས་ལ་ཕན་པའི་དོན་དུ་དངོས་གྲུབ་ཀྱི་སྒྲུབ་པའི་ཐབས། ཁྲོ་བོ་ཉིད་ཀྱི་གསུངས་པའོ། །
དེ་ལ་འབྱུང་མོ་རྣམས་ཀྱི་མིང་བཤད་པ། རྒྱན་ཅན་མ་དང་། རྣ་ཅན་མ་དང་། དོ་ཤལ་ཅན་མ་དང་། སེང་གེ་མ་དང་། རྒོད་བྱེད་མ་དང་། གར་བྱེད་མ་དང་། དགའ་བ་མ་དང་། འདོད་པའི་དབང་ཕྱུག་མ་དང་། ལྷ་མོ་རྣམས་སོ། །འབྱུང་མོ་བརྒྱད་པོ་རྣམས་ཆུང་མར་
དོན་དུ་གཉེར་རམ། མར་གཉེརརམ། ཡང་ན་སྲིང་མོར་གཉེར་ན་སྒྲུབ་པ་པོ་ཤིང་གཅིག་པར་སོང་སྟེ། མཚན་མོ་དང་ཉིན་མོ་དུས་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་ནས་བཟླས་པའི་མཐར་མཆོད་པ་ཆེན་པོ་བྱས་ནས། གུ་གུལ་གྱི་བདུག་པ་བྱིན་ཏེ། བཟླས་ན། དེ་ནས་ནམ་ཕྱེད་
ཀྱི་དུས་སུ་རྒྱན་ཅན་མ་ངེས་པར་འོང་ངོ་། །འོངས་པ་ལ་ཙནྡན་གྱི་ཆུའི་ཡོན་ཆབ་བྱིན་ན་དགའ་བར་འགྱུར་རོ། །མ་དང་སྲིང་མོ་དང་ཆུང་མར་འགྱུར་ཏེ། གང་མངོན་པར་འདོད་པ་དེ་སྨྲ་བར་བྱའོ། །གལ་ཏེ་མར་གྱུར་ན་ནི་འཁོར་བརྒྱད་བརྒྱའི་གོས་དང་རྒྱན་དང་བཟའ་བ་ལ་སོགས་པ་
སྟེར་རོ། །གལ་ཏེ་ཆུང་མར་གྱུར་ན་ནི་དོང་ཙེ་སྟོང་སྟོང་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་རོ། །གལ་ཏེ་སྲིང་མོར་གྱུར་ན་ནི་དཔག་ཚད་སྟོང་ནས་བུད་མེད་བཟང་མོ་བླངས་ནས་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ལ་ལྷའི་གཏེར་སྟེར་རོ། །མཚན་མོ་དུར་ཁྲོད་

དུ་སོང་སྟེ་ཁྲི་བཟླས་ན་བཟླས་པའི་མཐར་རྣ་ཆ་དང་། དོ་ཤལ་ཅན་གྱི་འབྱུང་མོ་ངེས་པར་འོང་ངོ་། །འོངས་པ་ལ་ཁྲག་གི་མཆོད་ཡོན་བྱིན་ན་དགའ་བར་འགྱུར་རོ། །མ་གྱིས་ཤིག་ཅེས་བསྒོ་ན་མ་དང་འདྲ་བར་ཡོངས་སུ་སྐྱོང་བར་བྱེད་དོ། །མཚན་མོ་ལྷ་ཁང་སྟོང་པར་སོང་སྟེ་ཁྲི་
བཟླས་ན་འབྱུང་མོ་དོ་ཤལ་ཅན་མྱུར་དུ་འོང་ངོ་། །འོངས་པ་ལ་ཆགས་པ་སྤྱད་ན་ཆུང་མར་འགྱུར་རོ། །འགྲོ་བ་བཅུ་གཉིས་ཡོངས་སུ་སྐྱོང་བར་བྱེད་ཅིང་དོང་ཙེ་ཉི་ཤུ་རྩ་ལྔ་དང་རས་ཟུང་གཅིག་སྟེར་རོ། །དེ་ནས་སེང་གེ་མའི་སྒྲུབ་ཐབས་བཤད་པ་མཚན་མོ་ལིང་ཀ་གཅིག་པར་སོང་སྟེ་ཁྲི་
བཟླས་ན་རང་ཉིད་འོངས་ཤིང་ཀྱེ་སྒྲུབ་པ་པོ་བཀའ་ཅི་སྩལ་ཞེས་སྨྲ་ཞིང་སྒྲུབ་པ་པོས་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་ལྷའི་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་དོང་ཙེ་བརྒྱད་དང་རས་ཟུང་གཅིག་སྟེར་རོ། །དེ་ནས་རྒོད་བྱེད་མའི་སྒྲུབ་ཐབས་བཤད་པ། ཕྱག་ན་རྡོ་རྗེའི་ཁང་པར་སོང་སྟེ། ཕྱག་
ན་རྡོ་རྗེ་དང་ཉེ་བར་འདབ་མ་ལ་བྲིས་ལ། ཀ་ར་བི་རའི་མེ་ཏོག་བྱིན་ཏེ། ནམ་ཕྱེད་ཀྱི་བར་དུ་བཟླས་ན་རང་ཉིད་རྡོ་རྗེ་འཆང་གི་ཁྱིམ་དུ་རིངས་པར་འོང་ངོ་། །འོངས་པ་ལ་ཙནྡན་གྱི་ཆུའི་མཆོད་ཡོན་བྱིན་ན་ཀྱེ་སྒྲུབ་པ་པོ་བཀའ་ཅི་སྩལ་ཞེས་སྨྲའོ། །སྒྲུབ་པ་པོས་བདག་གི་མངག་གཞུག་གྱིས་
ཤིག་ཅེས་བརྗོད་ན་རྟག་ཏུ་རྗེས་སུ་འབྲང་ཞིང་རས་དང་རྒྱན་དང་། བཟའ་བ་ལ་སོགས་པ་སྟེར་རོ། །དེ་མ་ལུས་པ་ཟད་པ་བྱས་ཏེ་གལ་ཏེ་ཅུང་ཟད་བཞག་ན་ཕྱིས་འབྱུང་བར་མི་འགྱུར་རོ། །མཚན་མོ་གཞལ་ཡས་ཁང་སྐྱེད་པར་བྱེད་དོ། །དེ་ནས་གར་བྱེད་མའི་སྒྲུབ་པའི་ཐབས་
བཤད་པ་ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ། བརྒྱད་སྟོང་བཟླས་ནས་ཉི་མ་བདུན་ན་མཆོད་པ་ཆེན་པོ་བྱས་ལ་ཉི་མ་ཤར་བ་ཙམ་གྱིས་བཟླས་པ་རྫོགས་པར་བྱ་སྟེ། ཙནྡན་གྱི་བདུག་པ་བྱིན་ནས་ཡང་བཟླས་ན་ནམ་ཕྱེད་ཀྱི་དུས་ན་ངེས་པར་འོང་ངོ་། །འོངས་པ་ལ་འདོད་པས་ལོངས་སྤྱད་
ན་ཆུང་མར་འགྱུར་རོ། །ལྷའི་གསེར་སྲང་བརྒྱ་མལ་དུ་དོར་ནས་ཐོ་རངས་ཀྱིས་འགྲོའོ། །དེ་བཞིན་དུ་ཉི་མ་རེ་རེ་རྟག་ཏུ་གནས་པར་འགྱུར་རོ། །དེ་ཡང་མ་ལུས་པ་ཟད་པར་བྱས་ཏེ། གལ་ཏེ་ཅུང་ཟད་ལུས་ན་ཕྱིན་ཆད་འབྱུང་བར་མི་འགྱུར་རོ། །དེ་ནས་བྲན་མོ་ཆེན་མོ་སྒྲུབ་པའི་ཐབས་

ཀྱི་ཆོ་ག་རྒྱས་པ་དངོས་གྲུབ་སྣ་ཚོགས་གྲུབ་པར་བྱེད་པ་བཟླས་པ་ཙམ་གྱིས་རྟག་ཏུ་འགྲུབ་ཅིང་སྦྱིན་སྲེག་གི་ལས་མི་དགོས་ལ་སྔོན་དུ་བསྙེན་པ་བྱས་པས་ཕྱག་ན་རྡོ་རྗེས་ཇི་ལྟར་གསུངས་པ་ལྟར་སྐད་ཅིག་དེ་ལ་འགྲུབ་པའི་དགའ་བྱེད་མའི་སྒྲུབ་པའི་ཐབས་བཤད་པ།
མཚན་མོ་རང་གི་ཁྱིམ་སྒོར་བཟླས་ན་ཉི་མ་གསུམ་ན་ངེས་པར་འོང་ངོ་། །བྲན་མོའི་ལས་བྱེད་ཅིང་ས་བོན་ཐམས་ཅད་དང་ཞིང་གི་ལས་དང་ཁྱིམ་གྱི་བྱ་བ་ལ་སོགས་པ་སྒྲུབ་པར་བྱེད་དོ། །དེ་ནས་འདོད་པའི་དབང་ཕྱུག་མའི་སྒྲུབ་པའི་ཐབས་བཤད་པ། ཤའི་ཟས་ཁྱེར་ཏེ་མ་མོའི་
གནས་སུ་སོང་ནས་མཚན་མོ་ཉ་དང་ཤས་བྱ་བ་བྱས་ཏེ། ལན་སྟོང་བཟླས་ན་ཉི་མ་བདུན་ན་ངེས་པར་འོང་ངོ་། །འོངས་པ་ལ་ཁྲག་གི་མཆོད་ཡོན་བྱིན་ན་བདག་པོ་བཀའ་ཅི་སྩལ་ཞེས་སྨྲ་བར་བྱེད་དོ། །སྒྲུབ་པ་པོས་ལྷ་མོ་ཆུང་མར་གྱུར་ཅིག་ཅེས་སྨྲས་ན་ཆུང་མར་འགྱུར་ཞིང་རེ་བ་ཐམས་ཅད་
སྐོང་ལ་རྒྱལ་སྲིད་སྟེར་བར་བྱེད་དོ། །དེ་ནས་ལྷ་མོའི་སྒྲུབ་པའི་ཐབས་བཤད་པ། མཚན་མོ་ལྷ་མོའི་ཁང་པར་སོང་སྟེ། སྟན་བཤམས་ལ་ཙནྡན་དཀར་པོ་དང་སྣ་མའི་མེ་ཏོག་གིས་མཆོད་ཅིང་གུ་གུལ་གྱི་བདུག་པ་བྱིན་ནས་སྟོང་ཕྲག་བརྒྱད་བཟླས་ན་བཟླས་པའི་མཐར་ངེས་པར་འོང་ངོ་། །
འོངས་པ་ལ་འཁྱུད་པ་དང་། འོ་བྱས་པ་དང་། ཇི་ལྟར་དགའ་བ་འདོད་པ་བྱས་ན་ལྷ་མོ་གསེར་གྱི་མདོག་ཅན་གཞོན་ནུ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཆུང་མར་འགྱུར་རོ། །དོང་ཙེ་བརྒྱད་དང་། རས་ཟུང་གཅིག་དང་། གནས་རྣམས་དང་། བཟའ་བ་མང་པོ་རྣམས་འཁོར་དང་བཅས་
པ་ལ་སྟེར་རོ། །འདི་ཉིད་ཀྱིས་རྣམ་ཐོས་སྲས་ཀྱི་ཁང་པར་འདུག་ན་གསང་བའི་མཐའ་དང་བཟླས་པའི་མཐའ་ལ་ཤིན་ཏུ་མྱུར་བར་རྫས་བླངས་ནས་སྟེར་བར་བྱེད་དོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་དེ་སྐད་ཅེས་གསུངས་སོ། །འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་འབྱུང་མོ་བརྒྱད་
ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །།དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །དེ་ནས་ཤིན་ཏུ་འདའ་བར་དཀའ་བའི་སྒྲུབ་པའི་ཐབས་ལྷ་ཆེན་པོ་ཐམས་ཅད་གསོད་པར་བྱེད་པའི་སྔགས་ཀྱི་ཚིག་གསུངས་པ། ཨོྃ་ཧ་ན་ཧ་ན་སརྦ་མཱ་ར་ཡ་བཛྲ་ཛྭ་ལེ་ཧཱུྃ་

ཕཊ། དེ་ནས་འདི་བཤད་པ་ཙམ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྡོ་རྗེ་རྣོན་པོ་འབར་བའི་ཕྲེང་བ་འཁྲུགས་པས་གང་བར་གྱུར་ཏོ། །ཧཱུྃ་ཧ་ན་ཕཊ། དེ་ནས་འདི་བཤད་པ་ཙམ་གྱིས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་པའི་
ལྷ་ཐམས་ཅད་དང་། རིག་འཛིན་དུ་མ་དང་། ཀླུ་དང་། གནོད་སྦྱིན་དང་། འབྱུང་པོ་དང་། ཡི་དགས་དང་། ལྷའི་བུ་མོ་དང་། ཤ་ཟ་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ནམ་མཁའ་ལྡིང་རྣམས་དུམ་བུ་བརྒྱར་བྱས་ཏེ་དགུག་པར་འགྱུར་རོ། །དེ་ནས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཡང་འཁོར་དེར་འདུས་པ་རྣམས་ངོ་མཚར་དུ་གྱུར་ཏེ་འདི་སྐད་ཅེས་སྨྲས་སོ། །དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོ་མ་འོངས་པའི་ཚེ་མ་འོངས་པའི་དུས་ན་གདུག་པ་
དང་ལྷ་ཐམས་ཅད་ཚར་གཅོད་པ་ནི་ལེགས་སོ་ལེགས་སོ། །དེ་ནས་ལྷའི་བུ་མོ་རྣམས་ལངས་ཏེ། འཁོར་གྱི་དཀྱིལ་འཁོར་དེར་དཔལ་རྡོ་རྗེ་འཆང་གི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་རང་གི་སྙིང་པོ་ཕུལ་བ། ཨོྃ་ཤྲཱི་ཟླ་བའི་ལྷ་མོའིའོ། །ཨོྃ་ཤྲཱི་ཐིག་ལེ་མཆོག་མའི་འོ། །ཨོྃ་ཤྲཱི་གསེར་
གྱི་ཕྲེང་བ་མའིའོ། །ཨོྃ་ཤྲཱི་འཁྱིལ་པའི་ཕྲེང་བ་མའི་འོ། །ཨོྃ་ཧཱུྃ་རིན་ཆེན་ཕྲེང་བ་མའི་འོ། །ཨོྃ་ས་རྩོམ་པ་མོའིའོ། །ཨོྃ་སྲུ་བྲང་ན་གནས་པ་མའིའོ། །ཨོྃ་པྃ་དཔལ་རྒྱན་ཅན་མའི་འོ། །དེ་ནས་ལྷའི་བུ་མོ་བརྒྱད་ཀྱི་དངོས་གྲུབ་ཀྱི་སྒྲུབ་པ་ཐམས་ཅད་ཀྱི་ཆོ་ག་བཤད་པ། རིའི་རྩེ་མོ་
ལ་སོང་སྟེ་འབུམ་བཟླས་ན་འགྲུབ་པར་འགྱུར་རོ། །དེ་ནས་ཟླ་བ་ཉ་ལ་ཅི་ལྟར་འབྱོར་པའི་མཆོད་པ་བྱས་ནས་མར་གྱི་མར་མེ་རབ་ཏུ་སྤར་ནས་མཚན་ཐོག་ཐག་བཟླས་ན་ཐོ་རངས་ལྷ་མོ་རང་ཉིད་འོང་ངོ་། །འོངས་པ་ལ་ཙནྡན་གྱི་ཆུའི་མཆོད་ཡོན་བྱིན་ན་དགའ་ཚིག་སྨྲ་བར་བྱེད་དོ། །སྒྲུབ་པ་པོས་
བདག་གི་ཆུང་མ་གྱིས་ཤིག་ཅེས་སྨྲས་ན་དངོས་གྲུབ་ཀྱི་རྫས་དང་། དངུལ་ཆུ་དང་བཅུད་ཀྱིས་ལེན་ལ་སོགས་པ་སྟེར་རོ། །དེའི་བཅུད་ཀྱིས་ལེན་གྱིས་ནི་ལོ་སྟོང་འཚོའོ། །དེ་ནས་ཐིག་ལེ་མཆོག་མའི་སྒྲུབ་ཐབས་བཤད་པ། ཙནྡན་དང་འོ་མའི་ཟས་ལ་ཁྲི་བཟླས་ནས་ཉི་མ་བདུན་ན་མཆོད་པ་

རྒྱས་པར་བྱས་ཏེ། ཡར་གྱི་ངོའི་ཚེས་བརྒྱད་ལ་རིའི་རྩེ་མོར་སོང་ལ་མཚན་ཐོག་ཐག་བཟླས་ན་ཐོ་རངས་ངེས་པར་འོང་སྟེ། ཅུང་ཟད་རྒོད་པས་ཆགས་པ་བྱས་ནས་མདུན་དུ་སྡོད་དོ། །འཁྱུད་པ་དང་འོ་བྱས་ཤིང་དགའ་བས་ཆགས་པར་བྱས་ནས་འདི་ལྟར་འགྲུབ་པར་འགྱུར་ཏེ། གང་
འདོད་པ་དེ་སྟེར་ཞིང་རྒྱབ་ཏུ་ཞོན་ན་མཐོ་རིས་སུ་ཡང་འཁྱེར་བར་བྱེད་དོ། །གཞན་ཡང་རྒྱལ་སྲིད་སྟེར་བར་བྱེད་དོ། །དེ་ནས་གསེར་གྱི་ཕྲེང་བ་མའི་སྒྲུབ་ཐབས་བཤད་པ། ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ། ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ན་ཉི་མ་བདུན་པ་ལ་མཆོད་པ་རྒྱས་པར་
བྱས་ཏེ། གུ་གུལ་གྱི་བདུག་པ་བྱིན་ནས་མཚན་ཐོག་ཐག་བཟླས་ན་དེའི་ཐོ་རངས་ངེས་པར་འོང་སྟེ། འདོད་པ་ཐམས་ཅད་སྦྱིན་པར་བྱེད་དོ། །དེ་ནས་འཁྱིལ་བའི་ཕྲེང་བ་མའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ། ཚེས་གྲངས་མི་དགོས་ཤིང་རྒྱུ་སྐར་ཡང་མི་དགོས་ལ། སྨྱུང་བ་
ཡང་མི་དགོས་པར་འགྲུབ་པར་བྱེད་པ་སྟེ། རིའི་རྩེ་མོར་སོང་སྟེ་ཁྲི་བཟླས་ན་དེ་ནམ་ཕྱེད་ན་ངེས་པར་འོང་ངོ་། །ཆུང་མར་འགྱུར་ལ་དོང་ཙེ་སྟོང་སྟེར་ཞིང་། དངུལ་ཆུ་དང་བཅུད་ཀྱིས་ལེན་དང་། གྲུབ་པའི་རྫས་སྟེར་རོ། །དེ་ནས་རིན་ཆེན་ཕྲེང་བ་མའི་སྒྲུབ་ཐབས་བཤད་པ། ལྷའི་ཁང་པར་སོང་
སྟེ་ཟླ་བ་གཅིག་ཏུ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ནས་ཟླ་བ་དེའི་ཐ་མ་ལ་ཟླ་བ་ཉའི་བར་དུ་བཟླས་ན་ནམ་ཕྱེད་ན་རྐང་གདུབ་ཀྱི་སྒྲ་ཆེན་པོས་འོང་ངོ་། །འོངས་པ་ལ་མེ་ཏོག་གི་མཆོད་ཡོན་བྱིན་ནས་ལྷ་མོ་ལེགས་པར་འོངས་སམ་ཞེས་སྨྲས་ན་བདག་པོ་བདག་གིས་ཅི་བྱ་ཞེས་ཟེར་ཏེ་སྒྲུབ་པ་
པོས་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་ཆུང་མའི་ལས་བྱེད་ཅིང་ལྷ་མོས་འདོད་པ་སྦྱིན་པར་བྱེད་དོ། །ལོ་སྟོང་འཚོ་བར་བྱེད་དོ། །དེ་ནས་རྩོམ་པ་མོའི་སྒྲུབ་པའི་ཐབས་བཤད་པ། ཚེས་གཅིག་ལ་བརྩམས་ཏེ་མཆོད་པ་བྱས་ནས་ཙནྡན་གྱི་ཆུས་དཀྱིལ་འཁོར་བྱས་ཏེ་གུ་གུལ་གྱི་བདུག་པ་སྦྱིན་ཞིང་
དུས་གསུམ་དུ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ཤིང་ཟླ་བ་ཉ་ལ་མཆོད་པ་ཆེན་པོ་བྱས་ནས་མཚན་ཐོག་ཐག་བཟླས་ན་ངེས་པར་འོང་ངོ་། །གལ་ཏེ་མྱུར་དུ་མ་འོངས་ན་འཆི་བར་འགྱུར་རོ། །འོངས་པ་ན་ཆུང་མར་འགྱུར་ལ་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་ཅི་ལྟར་འདོད་པས་ཆགས་པར་བྱེད་

ལ་ལོ་ཁྲི་འཚོའོ། །གང་གི་ཚེ་འཆི་བ་ན་རྒྱལ་རིགས་སུ་སྐྱེའོ། །དེ་ནས་བྲང་ན་གནས་པའི་སྒྲུབ་པའི་ཐབས་བཤད་པ། མཚན་མོ་ལྷའི་ཁང་པར་སོང་སྟེ། ཙནྡན་གྱི་བདུག་པ་སྦྱིན་ཞིང་ཁྲི་ཁྲི་བཟླས་ནས་ཟླ་བ་དེ་འདས་པ་དང་། ཅི་ལྟར་འབྱོར་པའི་མཆོད་པ་བྱས་ནས་མཚན་ཐོག་ཐག་
བཟླས་ན་ཐོ་རངས་མྱུར་དུ་འོང་། འོངས་པ་ལ་མེ་ཏོག་གི་སྟན་སྦྱིན་ཞིང་ལེགས་པར་འོངས་སོ་ཞེས་བརྗོད་ན་སྒྲུབ་པ་པོ་བཀའ་ཅི་སྩལ་ཞེས་ཟེར་རོ། །སྒྲུབ་པ་པོས་ཆུང་མ་གྱིས་ཤིག་ཅེས་སྨྲས་ནས། དངུལ་ཆུ་དང་བཅུད་ཀྱིས་ལེན་དང་། དངོས་གྲུབ་ཀྱི་རྫས་སྟེར་རོ། །གཞན་གྱི་བུད་
མེད་ལ་མངོན་པར་བགྲོད་པ་སྤང་བར་བྱ་སྟེ། ལོ་སྟོང་ཕྲག་ལྔ་འཚོའོ། །མཚན་མོ་གཅིག་གཙང་སྦྲ་བྱས་ཏེ། གྲོ་བའི་འདབ་མ་ལ་གུར་གུམ་གྱིས་དཔལ་གྱི་རྒྱན་ཅན་བྲིས་ཏེ། ཙནྡན་གྱི་བདུག་པ་བསྲེག་ཅིང་བཟླས་ལ་ཟླ་བ་དེའི་ཐ་མ་ལ་མཆོད་པ་རྒྱ་ཆེར་བྱས་ཏེ། རེ་ཞིག་བཟླས་ན་
ནམ་ཕྱེད་ན་ངེས་པར་འོང་ངོ་། །འོངས་པ་ལ་མྱུར་དུ་ཆགས་པར་བྱས་ན་དགའ་བར་འགྱུར་ཏེ། དབྱིག་དང་གསེར་དང་མུ་ཏིག་ལ་སོགས་པ་སྟེར་རོ། །ཉི་མ་རེ་རེ་ཞིང་ཟས་བཟང་པོ་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་གསུངས་སོ། །ལྷའི་
བུ་མོ་རྣམས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །།དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསུངས་སོ། །གལ་ཏེ་ལྷའི་བུ་མོ་རྣམས་མ་གྲུབ་ན་དེའི་ཚེ་ཁྲོ་བོ་འདི་དང་བཅས་ཏེ་བཟླས་པར་བྱའོ། །ཨོྃ་ཧྲཱིཿཨཱ་ཀ་ཌྜཏྱ། ཨཱ་ཌྜཏྱ་ཆེ་གེ་མོ་ཧཱུྃ་ཛཿཕཊ། ཁྲོ་བོ་འདི་
དང་བཅས་ཏེ། བཟླས་པ་ཙམ་གྱིས་སྤྱི་བོ་འགས་ཤིང་དུམ་བུ་བརྒྱད་དུ་འཇིག་གོ། །སྔགས་འདིས་བཅིང་བར་བྱའོ། །ཨོྃ་བནྡྷ་བནྡྷ་ཧ་ན་ཧ་ན་ཆེ་གེ་མོ་ཧཱུྃ་ཕཊ། སྔགས་འདིས་དབང་དུ་བྱའོ། །ཨོྃ་ཙ་ལ་ཙ་ལ་ཆེ་གེ་མོ་ས་མ་ན་ཡེ་ཧཱུྃ་ཕཊ། ལྷ་མོ་ཐམས་ཅད་བསྒྲུབ་པའོ། །དེ་ནས་འདིར་
ནི་མི་རྣམས་ལ་ཕན་པའི་དོན་དུ་ལྷ་མོ་བརྒྱད་ཀྱི་ཕྱག་རྒྱ་རབ་ཏུ་བཤད་པར་བྱ་སྟེ། དངོས་གྲུབ་སྣ་ཚོགས་གྲུབ་པར་བྱེད་པ། དཀོན་མཆོག་གསུམ་གནས་པར་བྱེད་པ། སྔགས་བཟླས་པ་བདེ་བར་གྲུབ་པའི་ཕྱག་རྒྱ་ཁྲོ་བོ་ཉིད་ཀྱིས་བཤད་པ་རྒྱུད་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་འབྱུང་པོ་

འདུལ་བྱེད་ཀྱིས་གསུངས་པ་འདི་ཉིད་ལ་མྱུར་དུ་བདེ་བ་སྦྱིན་པའི་ལྷ་མོ་རྣམས་གྲུབ་པར་བྱེད་པ་བཟླས་པ་ཙམ་གྱིས་འབྱུང་མོ་རྣམས་མ་དང་། སྲིང་མོ་དང་། དེ་བཞིན་དུ་ཆུང་མ་དང་། བྲན་མོ་སྒྲུབ་པར་བྱེད་པ་ཁྲོ་བོ་ཟློས་པ་རྣམས་ལ་འཇིག་རྟེན་འདིའི་བདེ་བ་སྦྱིན་པའི་བསྙེན་བཀུར་
མར་སྒྲུབ་པའི་ཐབས་སོ། །ཁུ་ཚུར་སོ་སོར་བཅངས་ཏེ་ལག་པ་གཉིས་ཀ་པདྨ་འཁོར་བའི་ཚུལ་དུ་བྱས་ནས་གུང་མོ་སོར་མོ་ཁབ་ལྟར་བྱས་པ་བརྐྱང་བ་ནི་ལྷ་མོ་བརྒྱད་པོ་སྤྱིའི་བདེ་བ་ཐམས་ཅད་སྒྲུབ་པར་བྱེད་པའོ། །ལག་པ་གཉིས་ཀ་སོར་མོ་གཅིག་གི་སྟེང་དུ་གཅིག་བསྐྱོན་པའི་སྦྱོར་བས་བཟུང་
བ་ནི་ལྷའི་བུ་མོ་ཐམས་ཅད་དབང་དུ་བྱེད་པའི་ཕྱག་རྒྱ་སྟེ། ཉེ་བར་བྱེད་ཅིང་མངོན་དུ་ཕྱོགས་པར་བྱེད་ལ་ཐམས་ཅད་དུ་འདོད་པ་སྒྲུབ་པར་བྱེད་པའི་ཕྱག་རྒྱའོ། །ལག་པ་གཉིས་ཀ་པདྨ་འཁོར་བའི་སྦྱོར་བས་བཟུང་བ་ནི་ལྷའི་བུ་མོ་ཐམས་ཅད་རྨོངས་པར་བྱེད་པའི་ཕྱག་རྒྱ་སྟེ། བཅིངས་པ་ཙམ་གྱིས་
སྐད་ཅིག་དེ་ཉིད་ལ་བྲན་མོར་འགྱུར་རོ། །ཨོྃ་སརྦ་ཨ་བ་ས་ར་ས་ར་ཨོྃ་ཨཱ་གཙྪ་ཧཱུྃ་ཛཿཛཿསྔགས་འདིས་ལྷའི་བུ་མོ་ཐམས་ཅད་བོད་པར་བྱའོ། །ཨོྃ་སརྦ་སིདྡྷི་བྷོ་གེ་ཤྭ་རི་སྭཱ་ཧཱ། ཉེ་བར་བྱེད་པའི་སྔགས་སོ། །ཨོྃ་ཀཱ་མ་པྲི་ཡེ་སྭཱ་ཧཱ། མངོན་དུ་བྱེད་པའི་སྔགས་སོ། །ཨོྃ་པྃ་ཧཱུྃ་ཧཱུྃ་ཧཱུྃ། ཛཿཛཿ།
ལྷའི་བུ་མོ་ཐམས་ཅད་རྨོངས་པར་བྱེད་པའི་སྔགས་སོ། །འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་ལྷའི་བུ་མོ་རྣམས་སྒྲུབ་པའི་ཆོ་ག་རྒྱས་པའི་ལེའུའོ།། །།དེ་ནས་གནོད་སྦྱིན་མོ་ཐམས་ཅད་ལངས་ཏེ། དཔལ་རྡོ་རྗེ་འཆང་གི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་རང་གི་སྙིང་པོ་ཕུལ་
བ། ཨོྃ་ཨཱ་གཙྪ་སུ་ར་སུ་ན་ད་རི་སྭཱ་ཧཱ། སྡུག་གུ་མཛེས་མའིའོ། །ཨོྃ་མ་ནོ་ཧ་རི་ན་མཿསྭཱ་ཧཱ། ཡིད་འཕྲོག་མའིའོ། །ཨོྃ་ཀ་ན་ཀ་མཻ་ཐུ་ན་པྲི་ཡེ་སྭཱ་ཧཱ། གསེར་ལྡན་མའིའོ། །ཨོྃ་ཨཱ་གཙྪ་ཀཱ་མེ་ཤྭ་རི་སྭཱ་ཧཱ། འདོད་པའི་དབང་ཕྱུག་མའིའོ། །ཨོྃ་ར་ཏི་པྲི་ཡེ་སྭཱ་ཧཱ། རྒན་མོའི་འོ། །
ཨོྃ་པདྨི་ནི་ཡེ་སྭཱ་ཧཱ། པདྨ་མའིའོ། །ཨོྃ་ན་རྟི་མ་ཧཱ་ནི་ཏི་སུ་རཱུ་པ་མ་ཏི་སྭཱ་ཧཱ། གར་བྱེད་མའི་འོ། །ཨོྃ་ཨཱ་ནུ་རཱ་གི་ནི་མཻ་ཐུ་ནི་སྭཱ་ཧཱ། རྗེས་སུ་ཆགས་མའི་འོ། །དེ་ནས་གནོད་སྦྱིན་མོ་བརྒྱད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ། རྡོ་རྗེ་འཆང་གི་ཁྱིམ་དུ་སོང་སྟེ་གུ་གུལ་གྱི་བདུག་པ་སྦྱིན་

ཞིང་དུས་གསུམ་དུ་སྟོང་ཕྲག་རེ་བཟླས་ན་ཟླ་བ་གཅིག་གི་ནང་དུ་ངེས་པར་འོང་ངོ་། །འོངས་པ་ལ་ཙནྡན་གྱི་ཆུས་མཆོད་ཡོན་བྱིན་ན་མ་དང་། སྲིང་མོ་དང་། ཆུང་མའི་ལས་བྱེད་དོ། །གལ་ཏེ་མར་གྱུར་ན་སེམས་སུན་དབྱུང་བར་མི་བྱ་སྟེ། དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་། ཉི་མ་རེ་རེ་ཞིང་
དོང་ཙེ་སྟོང་སྟེར་རོ། །གལ་ཏེ་སྲིང་མོར་གྱུར་ན་ནི་གྲུབ་པའི་རྫས་དང་། དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་ལྷའི་བུ་མོ་བཟང་མོ་བླངས་ནས་སྟེར་ལ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་སྨྲ་བར་བྱེད་དོ། །གལ་ཏེ་ཆུང་མར་གྱུར་ན་བསམ་པ་ཐམས་ཅད་རྫོགས་པར་བྱེད་ཅིང་ནོར་
གྱི་བདག་པོ་ཆེན་པོ་བྱེད་དོ། །དེ་ནས་ཡིད་འཕྲོག་མའི་སྒྲུབ་པའི་ཐབས་བཤད་པ། ཆུ་བོའི་འགྲམ་དུ་སོང་སྟེ། ཙནྡན་གྱིས་མཎྜལ་ཉེ་བར་བྱུགས་ཏེ། མཆོད་པ་ཤིན་ཏུ་ཆེན་པོ་བྱས་ནས་ཨ་ག་རུའི་བདུག་པ་སྦྱིན་ཞིང་ཉི་མ་བདུན་དུ་ཁྲི་བཟླས་ནས་ཉི་མ་བདུན་པ་ལ་མཆོད་པ་རྒྱས་པར་བྱས་ཏེ། ནམ་
ཕྱེད་ཀྱི་བར་དུ་བཟླས་ན་དེ་ནི་ངེས་པར་འོང་ངོ་། །གལ་ཏེ་མ་འོངས་ན་འཆི་བར་འགྱུར་རོ། །བཀའ་སྩལ་ཅིག་ཅེས་སྨྲ་བར་བྱེད་ཅིང་དེས་བདག་གི་བྲན་མོ་གྱིས་ཤིག་ཅེས་བསྒོ་ན་འཁོར་བརྒྱད་བརྒྱའི་ཞལ་ཏ་བྱེད་ཅིང་དོང་ཙེ་བརྒྱ་ཉི་མ་རེ་རེ་ལ་སྟེར་ཏེ། དེས་ཀྱང་མ་ལུས་པར་ཟད་པར་བྱའོ། །གལ་ཏེ་
ཅུང་ཟད་འཇོག་ན་ཕྱིན་ཅད་འབྱུང་བར་མི་འགྱུར་རོ། །དེ་ནས་གསེར་ལྡན་མའི་སྒྲུབ་པའི་ཐབས་བཤད་པ། བ་རུ་རའི་ཤིང་གནས་པར་སོང་སྟེ་ཉ་དང་ཤས་བསྒྲུབ་ཅིང་ཆང་ཡང་བྱིན་ནས་བདག་ཉིད་ཀྱང་བཏུང་ཞིང་སྦགས་པར་གནས་པར་བཟླས་པ་བྱ་སྟེ། སྟོང་ཕྲག་རེ་རེ་བཟླས་སོ། །དེ་བཞིན་
དུ་ཉི་མ་བདུན་པའི་མཚན་མོ་བསྒྲུབ་པར་བྱ་སྟེ། ཅི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན། ནམ་ཕྱེད་ན་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་འཁོར་བརྒྱད་བརྒྱས་བསྐོར་ནས་རང་ཉིད་འོང་ངོ་། །འོངས་པ་ལ་ཆགས་པ་བྱས་ན་ཆུང་མར་འགྱུར་རོ། །འཁོར་བཅུ་གཉིས་ཀྱི་གོས་དང་། རྒྱན་དང་། བཟའ་
བ་བཟང་པོ་རྣམས་ཉིན་གཅིག་བཞིན་དུ་སྟེར་ཞིང་དོང་ཙེ་བརྒྱད་སྟེར་རོ། །དེ་ནས་འདོད་པའི་དབང་ཕྱུག་མའི་སྒྲུབ་པའི་ཐབས་བཤད་པ་གྲོ་བའི་འདབ་མ་ལ་བལ་གླང་གི་གིའུ་ཝང་གིས་གཟུགས་བརྙན་བྲིས་ཏེ། གཅིག་པུ་སྟན་ལ་འདུག་ལ་སྟོང་ཕྲག་རེ་རེ་བཟླས་སོ། །དེ་ནས་ཟླ་བའི་ཐ་མ་

ལ་མཆོད་པ་རྒྱས་པར་བྱས་ཏེ། མར་གྱི་མར་མེ་རབ་ཏུ་སྦར་ནས་མི་སྨྲ་བར་གྱུར་པས་བཟླས་ན་མཚན་མོ་དེའི་ཕྱེད་ན་ངེས་པར་འོང་ངོ་། །འོངས་པ་ལ་ཆགས་པས་ལོངས་སྤྱད་ན་ཆུང་མར་འགྱུར་རོ། །ལྷའི་རྒྱན་མལ་དུ་དོར་ཏེ་ཐོ་རངས་ཀྱིས་འགྲོ་བར་འགྱུར་རོ། །གཞན་གྱི་
ཆུང་མ་ལ་མི་བགྲོད་པར་ཡང་བྱ་སྟེ། གལ་ཏེ་བགྲོད་ན་རྣམ་པར་འཇོམས་པར་བྱེད་དོ། །དེ་ནས་རྒན་མོའི་སྒྲུབ་ཐབས་བཤད་པ། གསེར་གྱི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་མ། ལག་ན་ཨུཏྤ་ལ་ཐོགས་པ་གཞོན་ནུ་མ་རས་ལ་རི་མོ་བྲིས་ཏེ། སྣ་མའི་མེ་ཏོག་གིས་མཆོད་ཅིང་
གུ་གུལ་གྱི་བདུག་པ་བྱིན་ལ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ཏེ། ཟླ་བ་ཐ་མ་ལ་ཅི་ལྟར་འབྱོར་པའི་མཆོད་པ་བྱས་ནས་མར་གྱི་མར་མེ་རབ་ཏུ་སྦར་ཏེ་ཅི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་ངེས་པར་འོང་ངོ་། །འོངས་པ་ལ་དགའ་བས་ཆགས་པ་བྱས་ན་ཆུང་མར་འགྱུར་རོ། །སྒྲུབ་
པ་པོ་འཁོར་དང་བཅས་པ་ཡོངས་སུ་སྐྱོང་བར་བྱེད་ཅིང་ལྷས་འདོད་པར་བྱ་བའི་ཟས་དང་། དངུལ་ཆུ་དང་། བཅུད་ཀྱིས་ལེན་སྟེར་ཞིང་དོང་ཙེ་ཉི་ཤུ་རྩ་ལྔ་སྟེར་བར་བྱེད་དོ། །དེ་ནས་པདྨ་མའི་སྒྲུབ་ཐབས་བཤད་པ། རང་གི་ཁྱིམ་དུ་མགོའི་གནས་སུ་ཙནྡན་གྱི་དཀྱིལ་འཁོར་བྱས་ཏེ་
གུ་གུལ་གྱི་བདུག་པ་སྦྱིན་ཞིང་ཟླ་བ་ཕྱེད་དུ་བཟླས་པ་བྱའོ། །དེ་ནས་ཟླ་བ་ཉ་ལ་ཅི་འབྱོར་པའི་མཆོད་པ་བྱས་ཏེ། ཅི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་ངེས་པར་འོང་ངོ་། །འོངས་པ་ལ་ཆགས་པ་བྱས་ན་ཆུང་མར་འགྱུར་ཏེ། ལྷ་མོས་འདོད་པ་སྟེར་ཞིང་དངུལ་ཆུ་དང་
བཅུད་ཀྱིས་ལེན་སྟེར་བར་བྱེད་དོ། །དེ་ནས་གར་བྱེད་མའི་སྒྲུབ་པའི་ཐབས་བཤད་པ། ཨ་ཤྭ་ཀའི་ཤིང་གི་རྩར་སོང་སྟེ་བསྒྲུབ་པར་བྱའོ། །ཤའི་བཟའ་བ་དང་། སྤོས་དང་། དྲི་དང་། མེ་ཏོག་སྦྱིན་ཞིང་སྟོང་ཕྲག་བརྒྱད་བཟླས་ན། ཟླ་བ་གཅིག་གི་ནང་དུ་ངེས་པར་འོང་ངོ་། །མདོར་
བསྡུས་ན་འོངས་ན་མ་དང་། སྲིང་མོ་དང་། ཆུང་མར་འགྱུར་རོ། །གལ་ཏེ་ཆུང་མར་གྱུར་ན་བཟའ་བ་དང་། རས་ཟུང་རེ་དང་། དངུལ་ཆུ་དང་། བཅུད་ཀྱིས་ལེན་སྟེར་ཞིང་དོང་ཙེ་བརྒྱད་སྟེར་བར་བྱེད་དོ། །གལ་ཏེ་མར་གྱུར་ན་བཟའ་བ་བཟང་པོ་དང་། །རས་ཟུང་རེ་སྟེར་ཞིང་

གསེར་སྲང་བརྒྱ་སྟེར་རོ། །གལ་ཏེ་སྲིང་མོར་གྱུར་ན་དཔག་ཚད་སྟོང་ནས་བུད་མེད་བཟང་མོ་བླངས་ནས་སྟེར་ཞིང་གོས་དང་། རྒྱན་དང་། བཟའ་བ་བཟང་པོ་སྟེར་རོ། །དངུལ་ཆུ་དང་། བཅུད་ཀྱིས་ལེན་ཡང་སྟེར་བར་བྱེད་དོ། །དེ་ནས་སྲིང་མོ་སྒྲུབ་པའི་ཐབས་བཤད་པ། གུར་གུམ་
གྱིས་གྲོ་གའི་འདབ་མ་ལ་གནོད་སྦྱིན་མོའི་གཟུགས་བྲིས་ཏེ། དེ་ནས་ཚེས་གཅིག་ནས་བརྩམས་ནས། སྤོས་དང་། མེ་ཏོག་དང་། མར་མེ་སྦྱིན་ཞིང་དུས་གསུམ་དུ་བཟླས་པ་བྱས་ནས་ཟླ་བ་ཉ་ལ་ཅི་ལྟར་འབྱོར་བའི་མཆོད་པ་བྱས་ཏེ། མར་གྱི་མར་མེ་རབ་ཏུ་སྦར་ནས་མཚན་ཐོག་
ཐག་བཟླས་ན་དེའི་ཐོ་རངས་ངེས་པར་འོང་ངོ་། །འོངས་པ་ལ་འདོད་པས་ལོངས་སྤྱད་ན་ཆུང་མར་འགྱུར་རོ། །ལྷའི་དོང་ཙེ་སྟོང་སྟེར་ཞིང་དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་ལོ་སྟོང་འཚོའོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་གནོད་སྦྱིན་མོའི་སྒྲུབ་པའི་ཐབས་ཀྱི་ཆོ་
ག་རྒྱས་པའི་ལེའུའོ།། །།དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསུངས་སོ། །གལ་ཏེ་དམ་ཚིག་ལ་མི་གནས་ན་ཁྲོ་བོ་འདི་དང་བཅས་ཏེ་དགུག་པའི་ཕྱིར་བཟླས་པར་བྱའོ། །ཨོྃ་དྷྲུྃ། ཀ་ཊྱ་ཀ་ཊྱ་ཆེ་གེ་མོ་ཡཀྵི་ནི་ཧྲཱིཿཛ་ཛ། ཁྲོ་བོ་འདི་དང་བཅས་
ཏེ། སྔགས་སྟོང་བཟླས་ན་མྱུར་དུ་འོང་ངོ་། །གལ་ཏེ་མྱུར་དུ་མ་འོངས་ན་མིག་དང་སྤྱི་བོ་འགས་ཤིང་དེའི་མོད་ལ་འཆི་སྟེ། དམྱལ་བ་ཆེན་པོ་བརྒྱད་དུ་ལྟུང་ངོ་། །དེ་ནས་ཁྲོ་བོའི་ཕྱག་རྒྱའི་མཚན་ཉིད་བཤད་པ། ཁུ་ཚུར་སོ་སོར་བཅངས་ཏེ་མཐེའུ་ཆུང་གཉིས་འཁྱུད་ནས་མཛུབ་མོ་གཉིས་
བརྐྱང་སྟེ་བཀུག་པ་འདི་ནི་ཁྲོ་བོའི་མི་ཕྱེད་པའི་ལྕགས་ཀྱུའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ས་འཇིག་རྟེན་གསུམ་ཡང་འགུགས་པར་བྱེད་དོ། །དེ་ནས་གནོད་སྦྱིན་མོའི་ཕྱག་རྒྱ་བཤད་པ། གུང་མོའི་སོར་མོ་གཉིས་མི་མཉམ་པར་བྱས་ཏེ། སྲིན་ལག་གཉིས་རྣམ་པར་བརྐྱང་ཞིང་མཛུབ་མོ་
གཉིས་སྦྱར་བར་བྱས་ནས་མཐེའུ་ཆུང་གཉིས་སྙིང་པོར་བྱས་པ་ནི་གནོད་སྦྱིན་མོ་ཐམས་ཅད་ཀྱི་རྩ་བའི་ཕྱག་རྒྱ་དམ་པ་སྟེ། འདི་བཅངས་པ་ཙམ་གྱིས་གནོད་སྦྱིན་མོ་ཐམས་ཅད་འོང་ངོ་། །ཕྱག་རྒྱ་འདི་ཉིད་ལ་མཐེ་བོ་གཡས་པས་བོད་པར་བྱའོ། །ཨོྃ་ཧྲཱིཿཨཱ་གཙྪ་ཨཱ་གཙྪ། །སརྦ་

ཡཀྵི་ཎི་སྭཱ་ཧཱ། བོད་པའི་སྔགས་སོ། །ཕྱག་རྒྱ་འདི་ཉིད་ལས་མཐེ་བོང་གཡོན་པས་སླར་གཏང་བར་བྱའོ། །ཨོྃ་ཡཀྵི་ཨཱ་གཙྪ། ཨཱ་གཙྪ་ཆེ་གེ་མོ་ཡཀྵི་ཎི་ཤཱི་གྷྲཾ་པུ་ན་རཱ་ག་ནམ་ཡ་སྭཱ་ཧཱ། ཁུ་ཚུར་སོ་སོར་བཅངས་ཏེ་གུང་མོའི་སོར་མོ་རབ་ཏུ་བརྐྱང་བ་ནི་གནོད་སྦྱིན་མོ་
ཐམས་ཅད་མངོན་དུ་ཕྱོགས་པར་བྱེད་པའི་ཕྱག་རྒྱའོ། །ཨོྃ་མ་ཧཱ་ཡ་ཀྵི་པི་མཻ་ཐུ་ན་པྲི་ཡེ་སྭཱ་ཧཱ། ཁུ་ཚུར་ཕན་ཚུན་བཅངས་ལ་མཐེའུ་ཆུང་བརྐྱང་སྟེ། བཀུག་པ་ནི་གནོད་སྦྱིན་ཐམས་ཅད་ཉེ་བར་བྱེད་པའི་ཕྱག་རྒྱའོ། །ཨོྃ་ཀཱ་མ་བྷོ་གེ་ཤྭ་རི་སྭཱ་ཧཱ། ཁུ་ཚུར་ཕན་ཚུན་བསྣོལ་ཏེ་ལག་པ་གཉིས་
མཛུབ་མོ་གཅིག་གི་སྟེང་དུ་གཅིག་བསྐྱོན་པའི་སྦྱོར་བ་བཞག་པ་ནི་གནོད་སྦྱིན་མོ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །ཀྵི་སྙིང་པོའོ། །ཁུ་ཚུར་ཕན་ཚུན་བཅངས་ཏེ། མཛུབ་མོ་དང་གུང་མོ་བརྐྱང་བ་ནི་གནོད་སྦྱིན་མོ་ཐམས་ཅད་ཀྱི་བདུག་པ་དང་། མེ་ཏོག་དང་། དྲི་དང་། མར་མེའི་ཕྱག་
རྒྱའོ། །ཨོྃ་སརྦ་མ་ནོ་ཧ་ར་པྲི་ཡེ་སྭཱ་ཧཱ། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་གནོད་སྦྱིན་མོའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །།དེ་ནས་ཀླུའི་རྒྱལ་མོ་རྣམས་ལངས་ཏེ། འཁོར་གྱི་དཀྱིལ་འཁོར་དེར་དཔལ་རྡོ་རྗེ་འཆང་གི་ཞབས་ལ་སྤྱི་བོས་མངོན་
པར་བཏུད་ནས་རང་གི་སྙིང་པོ་ཕུལ་བ། ཨོྃ་ཨཱ། ཨོྃ་ཕུཿ། ཨ་ནནྟ་མུ་ཁི་ཕུཿ ཤྲཱི་ཕུཿ བཱ་སུ་ཁ་མུ་ཁི་ཕུཿ། ཨི་ཕུཿ པདྨ་མ་ཎི་ཕུཿ། ཨ་ཕུཿམ་ཧཱ་པདྨ་མ་ཎི་ཕུཿ དྷི་ཕུཿཀརྐོ་ཊེ་མུ་ཁི་ཕུཿ། ས་ཕུཿ ཤངྒི་ནི་ཕུཿ། ཛུ་ཕུཿ ཛ་ལ་མུ་ཁི་ཕུཿ ཏྲུྃ་ཕུཿདྲུ་མ་མུ་ཁི་ཕུཿ། ཀླུ་མོ་བརྒྱད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་
པ་ཀླུའི་ཁང་པར་སོང་སྟེ། འབུམ་བཟླས་པས་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །ཀླུ་མོ་རྣམས་དགའ་བར་འགྱུར་ཞིང་ཀླུ་མོ་ཐམས་ཅད་ཚིམ་པར་འགྱུར་རོ། །ཡར་ངོའི་ཚེས་བཅུ་ལ་ཀླུའི་ཁང་པར་ཆུ་འབོགས་ཏེ། བདུག་པ་དང་། དྲི་དང་། མེ་ཏོག་དང་། འོ་མ་
རྣམས་ཀྱིས་ཇི་ལྟར་བརྗོད་པའི་མཆོད་པ་བྱས་ཏེ། དེ་ནས་ཀླུ་མོ་བརྒྱད་སྟོང་ཕྲག་རེ་རེ་བཟླས་ན་མྱུར་དུ་ཀླུའི་བུ་མོ་རྣམས་རང་གི་ཁྱིམ་ནས་འོང་ངོ་། །འོངས་པ་ལ་ལེགས་པར་འོངས་སོ་ཞེས་བརྗོད་ཅིང་བདག་གི་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་ཉི་མ་རེ་རེ་ཞིང་དོང་ཙེ་བརྒྱད་བརྒྱད་སོ་སོར་

སྟེར་བར་བྱེད་དོ། །ཆེ་གེ་མོ་འཚོ་བར་ཤོག་ཤིག་ཆེ་གེ་མོ་སོད་ཅིག་ཅེས་བྱ་བ་ལ་སོགས་པ་ཐམས་ཅད་འགྲུབ་པར་བྱེད་དེ། ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ་འོ་མའི་བཟའ་བས་སྟོང་ཕྲག་བརྒྱད་བཟླས་ན་བཟླས་པའི་མཐར་ཀླུའི་བུ་མོ་བཟང་མོ་འོང་ངོ་། །འོངས་པ་ལ་སྤྱི་བོར་མེ་ཏོག་སྦྱིན་
ཞིང་ཆུང་མར་གྱིས་ཤིག་ཅེས་བསྒོ་བར་བྱའོ། །ལྷའི་བཟའ་བ་བཟང་པོ་དང་། དོང་ཙེ་ལྔ་ལྔ་ཉི་མ་རེ་རེ་ཞིང་སྟེར་བར་བྱེད་དོ། །ཀླུའི་གནས་སུ་མཚན་མོ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་བཟླས་པའི་མཐར་སྐད་ཅིག་དེ་ཉིད་ལ་ཀླུ་མོ་སྤྱི་བོའི་ནད་ཆེན་པོ་དང་། ཚ་བར་གྱུར་པས་འོང་ཞིང་
སྡུག་པ་ངས་ཅི་བྱ་ཞེས་སྨྲ་བར་བྱེད་དོ། །ཆུང་མར་གྱུར་ཅིག་ཅེས་སྨྲས་ན། བདག་ཉིད་དང་ལྔ་ལ་རས་དང་། རྒྱན་དང་། བཟའ་བ་ལ་སོགས་པ་སྟེར་ཞིང་དོང་ཙེ་ལྔ་ལྔ་སྟེར་རོ། །མཚན་མོ་པདྨའི་ཚལ་དུ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་ཀླུའི་བུ་མོ་རྣམས་མྱུར་དུ་འོང་ངོ་། །འོངས་པ་
ལ་ཆགས་པ་བྱས་ན་ཆུང་མར་འགྱུར་རོ། །དོང་ཙེ་བརྒྱད་བརྒྱད་སྟེར་ཏེ། དེས་ཀྱང་མ་ལུས་པར་ཟད་པར་བྱའོ། །གལ་ཏེ་ཅུང་ཟད་འཇོག་ན་ཕྱིན་ཆད་འབྱུང་བར་མི་འགྱུར་རོ། །མཚན་མོ་ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་བཟླས་པའི་མཐའ་ལ་ཀླུའི་བུ་མོ་ངེས་
པར་འོང་ངོ་། །འོངས་པ་ལ་གསེར་གྱི་པདྨའི་གདན་བྱིན་ཏེ་ལེགས་པར་འོངས་སོ་ཞེས་བརྗོད་ཅིང་བདག་གི་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་ཉི་མ་རེ་རེ་གསེར་སྲང་རེ་རེ་སྦྱིན་པར་བྱེད་དོ། །མཚན་མོ་རྒྱ་མཚོ་ཆེན་པོར་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་དེ་ནམ་བཟླས་པའི་མཐའ་ལ་ཀླུའི་བུ་
མོ་འོང་ངོ་། །འོངས་པ་ལ་བདག་གི་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་དོང་ཙེ་གཅིག་དང་རས་ཟུང་གཅིག་སྟེར་བར་བྱེད་དོ། །ཀླུའི་ཁང་པར་སོང་སྟེ་ལྟེ་བ་ནུབ་ཙམ་དུ་ཆུར་ཞུགས་ཏེ་སྟོང་ཕྲག་བརྒྱད་བཟླས་ན་དེ་ནས་བཟླས་པའི་ཐ་མ་ལ་ཀླུའི་བུ་མོ་འོང་ངོ་། །འོངས་པ་ལ་སྤྱི་བོར་
མེ་ཏོག་བྱིན་ཏེ་ལེགས་པར་འོངས་སོ་ཞེས་བརྗོད་ཅིང་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་དོང་ཙེ་བརྒྱད་དང་ལྷའི་ཟས་བཟང་པོ་སྟེར་བར་བྱེད་དོ། །མཚན་མོ་ཀླུའི་ཁང་པར་སོང་སྟེ་མཚན་ཐོག་ཐག་བཟླས་ན་དེའི་ཐོ་རངས་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་ཀླུའི་བུ་མོ་སྐད་ཅིག་དེ་ལ་འོང་ངོ་། །

འོངས་པ་ལ་མེ་ཏོག་དང་ཙནྡན་གྱི་མཆོད་ཡོན་བྱིན་ཏེ་ལེགས་པར་འོངས་སོ་ཞེས་བརྗོད་ཅིང་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་ལྷའི་དངུལ་ཆུ་དང་བཅུད་ཀྱིས་ལེན་དང་། གྲུབ་པའི་རྫས་སྟེར་ཞིང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ལ་རྒྱལ་སྲིད་སྟེར་བར་བྱེད་དོ། །
མཚན་མོ་ཀླུའི་གནས་སུ་སོང་སྟེ་ཁྲི་བཟླས་ན་ཀླུའི་བུ་མོ་ངེས་པར་འོང་ངོ་། །ཀླུ་འོངས་པ་ལ་མྱུར་དུ་ཆགས་པར་བྱས་ནས་ཆུང་མ་གྱིས་ཤིག་ཅེས་བསྒོ་ན་ཉི་མ་རེ་རེ་དོང་ཙེ་བརྒྱད་དང་། ལྷའི་བཟའ་བ་བཟང་པོ་དང་། གོས་རྣམས་སྟེར་བར་བྱེད་དོ། །མཚན་མོ་ཀླུའི་ཁང་པར་སོང་
ལ་སྟོང་ཕྲག་བརྒྱད་བཟླས་ན། དེ་ནས་བཟླས་པའི་ཐ་མ་ལ་ཀླུའི་བུ་མོ་རིངས་པར་འོང་ངོ་། །འོངས་པ་ལ་ཀླུའི་མེ་ཏོག་སྤྱི་བོར་བྱིན་ན་ཆུང་མར་འགྱུར་ཞིང་ལྷའི་རས་དང་། རྒྱན་དང་། བཟའ་བ་ལ་སོགས་པ་སྟེར་རོ། །དེ་ནས་ཀླུ་མོའི་དམ་ཚིག་གི་སྔགས་བཤད་པ། ཨོྃ་ཕུཿ
ཨཱ་གཙྪ་ནཱ་ག་ནི་ཕུཿ བོདཔའི་སྔགས་སོ། །ཨོྃ་ཨི་ཕུཿ། སྤོས་དང་མེ་ཏོག་གི་སྔགས་སོ། །ཨོྃ་ཕུཿཨ་ཕུཿ། དྲི་དང་མཆོད་ཡོན་གྱི་སྔགས་སོ། །ཨ་ཕུཿཨི་ཕུཿ ཧྃ་ཕུཿཔྃ་ཕུཿ། ཀླུ་མོ་ཐམས་ཅད་ཀྱི་དམ་ཚིག་གི་སྔགས་སོ། །ཕུཿཨཱ་གཙྪ་ཨཱ་གཙྪ། ཤཱི་གྷྲྃ་པུ་ན་རཱ་ག་
མ་ནཱ་ཡ་སྭཱ་ཧཱ། སླར་གཏང་བའི་སྔགས་སོ། །དེ་ནས་ཀླུ་མོ་རྣམས་ཀྱི་ཕྱག་རྒྱའི་མཚན་ཉིད་བཤད་པ། ཐལ་མོ་མཉམ་པར་བྱས་ཏེ། སོར་མོ་རྣམས་མགོ་བོའི་ཚུལ་དུ་སྦྱར་ལ་མཛུབ་མོ་ཁ་བསྒྱུར་བས་མཐེ་བོའི་སོར་མོ་བརྐྱང་བ་ནི་ཀླུ་མོ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །
ལས་ཐམས་ཅད་བྱེད་ཅིང་གྲུབ་པའོ། །དགུག་པའི་ཕྱག་རྒྱ་དང་། སླར་གཏང་བ་དང་། མཆོད་པའི་ཕྱག་རྒྱ་ནི། ཁུ་ཚུར་སོ་སོར་བཅངས་ཏེ། མཐེའུ་ཆུང་གི་སེན་མོ་མཐེ་བོས་མནན་ནས། སོར་མོ་ལྷག་མ་བརྐྱང་བ་ནི་ཀླུ་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །འབྱུང་པོ་འདུལ་
བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཀླུ་མོ་རྣམས་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །།དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས་ཁྲོ་ཞིང་གསོར་ཏེ། ཁྲོ་བོ་འདི་དང་བཅས་ནས་གསུངས་པ། ཨོྃ་བྷ་ར་ཎ་བཛྲ་ཧཱུྃ་ཆེ་གེ་མོ་ནཱ་གི་ནི་ཨཱ་ཀཪྵ་ཡ་ཧཱུྃ་ཧཱུྃ་

ཕཊ་ཕཊ། དེ་ནས་འདི་བཤད་པ་ཙམ་གྱིས། ཀླུ་ཐམས་ཅད་བརྒྱལ་ཞིང་འགྱེལ་ཏེ། སྤྱི་བོའི་ནད་ཆེན་པོས་ཤིའོ། །གལ་ཏེ་དམ་ཚིག་ལས་འདས་ན། ཁྲོ་བོ་འདི་དང་བཅས་ཏེ། བཟླས་པས་མྱུར་དུ་འཆི་ཞིང་དམྱལ་བ་ཆེན་པོ་བརྒྱད་དུ་ལྟུང་བར་འགྱུར་རོ་ཞེས་དཔལ་རྡོ་རྗེ་
འཆང་གིས་གསུངས་སོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཀླུ་མོ་རྣམས་སྒྲུབ་པར་བྱེད་པའི་ཆོ་ག་རྒྱས་པའི་ལེའུའོ།། །།དེ་ནས་འཁོར་གྱི་དཀྱིལ་འཁོར་དེར་མིའམ་ཅི་མོ་དྲུག་ལངས་ཏེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་གི་ཞབས་ལ་སྤྱི་བོས་
བཏུད་ནས། རང་གི་སྙིང་པོ་ཕུལ་བ། ཨོྃ་མ་ནཱོ་ཧ་རི་སྭཱ་ཧཱ། ཨོྃ་སུ་བྷ་གེ་སྭཱ་ཧཱ། ཨོྃ་བི་ཤཱ་ལ་ནེ་ཏྲི་སྭཱ་ཧཱ། ཨོྃ་སུ་ར་བྷི་པྲི་ཡེ་སྭཱ་ཧཱ། ཨོྃ་ཨ་ཤ་མུ་ཁི་སྭཱ་ཧཱ། ཨོྃ་བི་ཐ་ཀ་ར་མུ་ཁི་སྭཱ་ཧཱ། དེ་ནས་མིའམ་ཅི་མོ་དྲུག་གི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་
པ། རིའི་རྩེ་མོ་ལ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན། མིའམ་ཅི་མོ་དྲུག་གི་བཟླས་པ་རྫོགས་པ་དང་། མཆོད་པ་ཤིན་ཏུ་ཆེན་པོ་བྱས་ཏེ། བ་གླང་གི་ཤ་དང་། གུ་གུལ་དང་ལྡན་པའི་བདུག་པས་བདུག་ཅིང་། ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན། ནམ་ཕྱེད་ན་
ངེས་པར་འོང་སྟེ། དེ་ལ་འཇིགས་པར་མ་བྱས་ན། ཀྱེ་སྒྲུབ་པ་པོ་ཅི་བཀའ་སྩལ་ཅེས་སྨྲ་བར་བྱེད་དོ། །སྒྲུབ་པ་པོས་ཀྱང་། ཀྱེ་བཟང་མོ་བདག་གི། ཆུང་མ་གྱིས་ཤིག་ཅེས་སྨྲས་ནས། རྒྱབ་ཏུ་ཞོན་ན་ལྷའི་འཇིག་རྟེན་དུ་འཁྱེར་བར་བྱེད་ཅིང་། བཟའ་བ་བཟང་པོ་སྟེར་བར་བྱེད་དོ། །
དེ་ནས་སྒྲུབ་པའི་ཐབས་ཕྱི་མ་བཤད་པ། རིའི་དྲུང་ངམ་གཙུག་ལག་ཁང་དུ་ཁྲི་བཟླས་ན། བཟླས་པའི་མཐའ་ལ་རང་ཉིད་འོང་ཞིང་། ལྷ་མོའི་ལག་པ་འཇམ་པོས་རྐང་པ་ལ་