Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 095_རྒྱུད་འབུམ།_ཛ
Văn bản gốc(Tây Tạng)
Trang 10 / 19 (50.000 ký tự/trang)
ང་བར་བྱེད་པ་ལྟ་ཅི་སྨོས། ཁྱོད་ནི་ལྷའི་ལྷ་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ་ཡིན། ཁྱོད་ནི་རིག་སྔགས་ཀྱི་རྒྱལ་པོ་འཇིག་རྟེན་ཐམས་ཅད་འཇོམས་པ། འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱ་བ་ཡིན་ནོ། །ཁྱོད་ནི་འཇིག་རྟེན་ཐམས་ཅད་ཀྱི་རྗེ་ཡིན་ཏེ། དེ་བས་ན་བདག་སའི་སྟེང་དུ་ལྟུང་བར་བྱེད་ཀྱི་ལྷར་བཅས་པའི་འཇིག་རྟེན་དང་། བདུད་དུ་བཅས་པ་དང་། ཚངས་པར་ བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ནང་ན་བདག་ལ་བལྟ་བར་ནུས་པ་ཡང་གཞན་སུ་ཞིག་ཡོད་ན། ལྟུང་བར་བྱེད་པ་ལྟ་ཅི་སྨོས་ཞེས་ཚིག་དེ་སྐད་སྨྲ་ཞིང་འཁོར་འདུས་པ་དེའི་ནང་དུ་འདུག་ནས། ལྷ་གང་འཁོར་དེར་འདུས་པ་དེ་དག་སྐྲག་ཅིང་འཇིགས་ཏེ། ལག་ན་ རྡོ་རྗེའི་ཞལ་དུ་བལྟ་བར་གྱུར་ཏོ། །དེ་ནས་ལྷ་མོ་ཆ་ལུགས་མི་བཟད་པ་དེས་ལྷ་མོ་ལག་ན་རྡོ་རྗེའི་གཟུགས་ཀྱིས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་ཁྱེད་ཀྱིས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་ངས་བསྐལ་པ་སྟོང་ཕྲག་དགུ་བཅུ་རྩ་དགུའི་བར་དུ་དེ་བཞིན་གཤེགས་པ་མཉེས་པར་ བྱས། མཆོད་པར་བྱས། བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས་པ་ལ་ལྟོས། ངས་ལས་གཅིག་གིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རྒྱལ་པོ་བསྒྲུབས་པ་གང་ཡིན་པ་དང་། ལས་གཅིག་གིས་ལྷ་ཐམས་ཅད་མངོན་དུ་ཕྱོགས་པར་བྱས་ཤིང་། བསྒྲུབས་པ་ གང་ཡིན་པ་དེ་ངས་བཤད་ཀྱིས་བཟོད་ལྡན་དག་རྒྱགས་པ་མེད་པའི་སེམས་ཀྱིས་ཉོན་ཅིག །ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ནང་ན་ལས་གཅིག་ཤེས་པ་ཡང་གཞན་སུ་ཞིག་ཡོད་ན་བཤད་ པ་ལྟ་ཅི་སྨོས། དེ་ནས་ལྷ་དེ་དག་རྟབ་རྟབ་པོར་གྱུར་ཏེ། མིག་ས་ལ་ཕབ་བོ། །དེ་ནས་བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །རྫོང་གི་འཕགས་པ་ཆ་ལུགས་མི་བཟད་པ་རབ་ཏུ་འཇོམས་པའི་ཚོགས་ཀྱིས་བསྐོར་བ་འདི་ནི་རིག་པ་ མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རྒྱལ་པོ་ཆེན་པོའི་རིག་སྔགས་བཤད་པར་བྱ་བའི་ཕྱིར་འོངས་པ་ཡིན་གྱིས་བཟོད་ལྡན་དག་མ་འཇིགས་ཤིག །མ་འཇིགས་ཤིག །ལྷ་མོ་འདིས་ནི་བསྐལ་པ་སྟོང་ཕྲག་དགུ་བཅུ་རྩ་དགུའི་བར་དུ་དེ་བཞིན་གཤེགས་པ་མཉེས་པར་བྱས། མཆོད་པར་བྱས། བཀུར་སྟིར་བྱས། རི་མོར་བྱས། བླ་མར་བྱས་ནས། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་ཡང་བསྒྲུབས་ཏེ། དེས་ན་ལྷ་མོ་འདི་ནི་ངའི་གཟུགས་འཛིན་པར་བྱེད་ཀྱི་ལྷར་བཅས་པའི་འཇིག་རྟེན་དང་། བདུད་དུ་བཅས་པ་དང་། ཚངས་པར་བཅས་པ་དང་། དགེ་སྦྱོང་དང་བྲམ་ ཟེར་བཅས་པའི་སྐྱེ་དགུའི་ནང་ན་ངའི་གཟུགས་འཛིན་པར་ནུས་པ་གཞན་སུ་ཡོད། དེ་ནས་བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་རྫོང་གི་ལྷ་མོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མོ་གང་ཁྱོད་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་རིག་པ་མཆོག་གི་ཆོ་ག་རྒྱས་ པ་ཆེན་པོའི་རྒྱལ་པོ་བཤད་པར་བྱ་བའི་དོན་ལ་འོངས་པ་ལེགས་སོ་ལེགས་སོ། །ལྷ་མོ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རྒྱལ་པོའི་གསང་སྔགས་དེ་ཤོད་ཅིག་ཤོད་ཅིག །དེ་ནས་ལྷ་མོ་རྫོང་གི་འཕགས་པ་མ་ཡིད་རབ་ཏུ་དགའ་བར་གྱུར་ནས་ དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རྒྱལ་པོ་གསང་སྔགས་དང་། བདག་གི་ལས་སྔོན་བདག་གིས་བསྒྲུབས་ པ་བདག་གིས་བཤད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་ལྷ་མོ་རྫོང་གི་འཕགས་པས་གསང་སྔགས་བཤད་པ་ཁྱོད་ཀྱིས་ཉོན་ཅིག །ལྷ་མོས་ཀྱང་ཤོད་ཅིག་ཤོད་ཅིག །དེ་ནས་ལྷ་མོ་དེས་དེ་བཞིན་ གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས་རིག་སྔགས་བཤད་པ། །ན་མོ་རཏྣ་ཏྲ་ཡ་སྱ། ན་མོ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། །ན་མཿཀྲོདྷ་གི་རིཀྵ་ཡ། སིདྷ་ཤརྡཱུ་ལ་བཱ་ཧ་ནཱ་ཡ། །ཨེ་ཧྱེ་ཧི། །བྷ་ག་བ་ཏི། །བཛྲ་པཱ་ཎི། །ས་ཏྱེ་ན། སྠཱ་ནེ་ཤྭ་རི། ཨཱ་གཙྪ་ཨ་ གཙྪ། ནནྟི་ནི། མ་མ་ཀརྨ། སཱ་དྷ་ཡ། བུདྡྷ་ས་ཏྱ། ཨ་མོ་གྷ་གཱ་མི་ནི། ཡ་ཤོ་དྷ་རི། ཧུ་རུ་ཧུ་རུ། དྷུ་ན་དྷུ་ནམ་ནི་ན། ཀརྨཱ་ཎི་ཧུད་དྲུ་སྭཱ་ཧཱ། གསང་སྔགས་འདི་བཤད་པའི་ཚེས་རྣམ་པ་དྲུག་ཏུ་གཡོས་སོ། །ལྷ་རྣམས་རྟབ་རྟབ་པོར་གྱུར་ཏེ་འབྲོས་པ་ལ་ ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་ཁྱེད་ཀྱིས་ལྷ་དྲན་པར་གྱིས་ཤིག །དེ་ནས་ལྷ་མོ་དེས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་སྔོན་ བདག་གིས་བསྒྲུབས་པ་གང་ཡིན་པའི་རིག་སྔགས་ཀྱི་ལས་ཤོད་ཅིག་ཤོད་ཅིག །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དྲེག་པ་ཆེན་པོས་རྗེས་སུ་དྲན་པར་བྱ་བའི་རིག་སྔགས་ཀྱི་ལས་བཤད་པ། རིག་སྔགས་འདི་ཞག་བདུན་གྱི་བར་དུ་དབེན་པར་འདུག་ལ་གཅེར་བུའམ་ཡང་ན་ཁྱེད་ རིངས་སུ་བྱས་ཏེ། རིག་སྔགས་བཟླས་བརྗོད་བྱས་ན་ཞག་བདུན་པའི་ཉིན་པར་མཚན་མ་འབྱུང་བར་འགྱུར་ཏེ། ནམ་ཕྱེད་ཀྱི་དུས་སུ་སྐར་མདའ་ལྔས་བསྐོར་བའི་སྐར་མདའ་ལྟུང་བར་འགྱུར་རོ། །དེ་ནས་རིག་པ་མཆོག་གི་ཆོ་ག་གྲུབ་པར་ཤེས་པར་བྱ་སྟེ། ནང་པར་གྱི་དུས་སུ་འཕགས་ པ་ལག་ན་རྡོ་རྗེའི་མདུན་དུ་སིནྡུ་ར་སྔོན་པོའི་ཡམ་སྲེག་ཤིང་བརྒྱད་སྟོང་གིས་སྦྱིན་སྲེག་བྱས་ལ། དགེ་སློང་བདུན་ལ་མཆོད་སྟོན་བྱ་ཞིང་བྲམ་ཟེ་དག་ཀྱང་སྟོན་ནས་ལས་དེ་གྲུབ་ན་ལག་ན་རྡོ་རྗེ་དང་མཐུ་སྟོབས་མཉམ་ཞིང་། བསྐལ་པར་གནས་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ ཅན་དང་། སྟོབས་དང་ཕ་རོལ་གནོན་པ་གཞན་གྱིས་མི་ཐུབ་པ་དང་། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་ལ་མཐུ་སྟོབས་ཆེ་བ་དང་། བདག་ན་མ་འཆི་བ་ཤེས་པ་དང་། ཕ་རོལ་ནམ་འཆི་བ་ཤེས་པ་དང་། འཛམ་བུའི་ གླིང་ན་ཡོད་པའི་དོན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། ལུས་ཞིག་ནས་ཀྱང་ལག་ན་རྡོ་རྗེའི་གནས་ཡིད་དུ་འོང་བར་སྐྱེ་བར་འགྱུར་རོ། །ཕོ་ཉ་མ་རྣམས་སྒྲུབ་པའི་ཐབས་ཀྱང་དེ་བཞིན་ཏེ། ཞག་གསུམ་སྨྱུང་བར་བྱས་ལ་ དངོས་གྲུབ་ཀྱི་མ་ལ་ཕྱག་བྱས་ནས་བྱའོ། །ལྷ་ཐམས་ཅད་ཀྱི་ལས་རྣམས་ལ་ཡང་ཆོ་ག་དེ་ཉིད་ཡིན་ཏེ། ཞག་ལྔས་འགྲུབ་པར་འགྱུར་རོ། །སྦྱིན་སྲེག་ཀྱང་ལས་འདི་ཉིད་ཀྱིས་བྱས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །མཇུག་ཏུ་ཡུངས་ཀར་གྱི་སྦྱིན་སྲེག་བྱའོ། །རས་མ་ ཉམས་པ་ལ་རི་མོ་མཁན་གསོ་སྦྱོང་དང་ལྡན་པ་ཚོན་རྩི་སྦྱིན་མེད་པས་སངས་རྒྱས་ཀྱི་སྐུ་གཟུགས་འདྲིར་གཞུག་གོ། །དེའི་གཡས་ལོགས་སུ་ལྷ་མོ་མདོག་དཀར་ཞིང་འབྱུང་པོའི་ཚོགས་ཀྱིས་བསྐོར་བ་བྲིའོ། །བཅོམ་ལྡན་འདས་ཀྱི་གཡོན་རོལ་དུ་འཕགས་པ་ལག་ན་རྡོ་རྗེ་མདོག་སྔོ་ བསངས་སམ། ཡང་ན་དམར་པོ་བྱ་སྟེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་རམ་རས་ཀྱི་ཤམ་ཐབས་ཅན་བྲིའོ། །འོག་ཏུ་ནི་སྒྲུབ་པ་པོ་བྲིའོ། །མཐའ་མར་ནི་རིའི་རྩེ་མོ་རྣམས་བྲིའོ། །ལག་ན་རྡོ་རྗེ་ཡང་རིག་སྔགས་ཐམས་ཅད་ཀྱིས་བསྟོད་ཅིང་འདུག་པར་བྲིའོ། །སྟེང་ དུ་ནི་ནམ་མཁའ་ལ་རྒྱུ་བའི་མ་མོ་བདུན་བྲིའོ། །དེ་ནས་རིག་སྔགས་འཆང་གིས་ཞག་གསུམ་སྨྱུང་བ་བྱས་ཏེ། །ས་ཕྱོགས་གཙང་མར་སྐུ་གཟུགས་བཀྲམ་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་སྣ་མའི་མེ་ཏོག་བརྒྱད་སྟོང་གིས་འཕགས་པ་ལག་ན་རྡོ་རྗེའི་རྐང་པ་གཡོན་པ་ལ་བསྣུན་ན་དེས་ གཟུགས་འགུལ་ཞིང་སྤུ་ཟིང་ཞེས་བྱེད་པར་འགྱུར་རོ། །ལས་དེ་གྲུབ་པ་དང་དེ་ཕྱིན་ཅད་ལས་བསྒྲུབ་ན་ཆོ་ག་རྒྱས་པའི་རིག་སྔགས་ཐམས་ཅད་དང་། རིག་སྔགས་གཞན་དག་ཀྱང་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་ འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་ལྷ་མོ་ཆེན་མོ་འདི་ནི་དྲག་ཅིང་རྫུ་འཕྲུལ་ཆེ་བ་ཡིན་ནོ། །དེ་ནས་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །སྟོབས་པོ་ཆེ་ཁྱོད་ནི་མཆོག་སྦྱིན་པ་ཡིན། ཁྱོད་ནི་གཙོ་བོ་སྟེ་བརྩོན་འགྲུས་དང་ཕ་རོལ་གནོན་ པ་ཆེན་པོ་ཡིན་གྱིས་གང་གིས་མི་རྣམས་འགྲུབ་པར་འགྱུར་བའི་སྦྱིན་སྲེག་དང་། བཟླས་བརྗོད་དང་། ཡམ་སྲེག་ཤིང་རྣམས་ཀྱི་ལས་ལེགས་པར་སྦྱར་བ་ཐམས་ཅད་མ་ལུས་པར་ཤོད་ཅིག། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་སེམས་ཅན་ཐམས་ཅད་ལ་ཕན་པར་ དགའ་བའི་ལྷ་རྣམས་ལ་སྦྱིན་སྲེག་དང་། བཟླས་བརྗོད་དང་། ཡམ་སྲེག་ཤིང་རྣམས་ཀྱི་ཆོ་གའི་རིམ་པ་བཤད་པ་ལྷ་རྣམས་ཉོན་ཅིག །ནོར་བསྒྲུབ་པའི་སྦྱིན་སྲེག་རྣམས་ལ་ནི་འབྲས་མ་དྲུས་པ་དང་། ཤི་ཏི་དང་། ཐང་ཆུ་ལ་སོགས་པའི་རྫས་རྣམས་ཀྱིས་བྱའོ། ། དྲག་ཤུལ་ལ་ནི་ཕུབ་མ་དང་། ལན་ཚྭ་དང་། སྐེ་ཚེ་དང་། དུག་དང་། ཁྲག་ལ་སོགས་པའི་རྫས་རྣམས་ཀྱིས་བྱའོ། །ཞི་བ་ལ་ནི་མར་དང་། འོ་མ་དང་། སྦྲང་རྩི་དང་། ཀ་ར་ལ་སོགས་པའི་རྫས་རྣམས་ཀྱིས་བྱའོ། །ལྷ་རྣམས་ཡམ་སྲེག་ཤིང་རྣམས་ཀྱང་ཉོན་ཅིག །བུད་མེད་ དབང་དུ་བྱ་བ་ལ་ནི་མོའི་མིང་དང་ལྡན་པའི་ཡམ་སྲེག་ཤིང་རྣམས་ཀྱིས་བྱའོ། །ནོར་བསྒྲུབ་པ་དང་དབང་དུ་བྱ་བ་ལ་སོགས་པ་ལ་ནི་བིལ་པ་དང་། པ་ལ་ཤ་དང་། ཨུ་དུམ་བཱ་ར་དང་། ཨ་པ་མརྒ་དང་། བ་ས་ཀ་ལ་སོགས་པས་བྱའོ། །དྲག་ཤུལ་ལ་ནི་མ་དན་དང་། །སེང་ལྡེང་དང་། བེ་ཀངྐ་ཏ་དང་། ནིམ་པའི་ཤིང་ལ་སོགས་པས་བྱའོ། །རྒྱས་པ་ལ་ནི་བིལ་བ་དང་། ཨམྲ་དང་། པ་ནས་ལ་སོགས་པས་བྱའོ། །ལྷ་རྣམས་མེ་ཏོག་རྣམས་ཀྱང་བཤད་ཀྱིས་ཉོན་ཅིག །ཞི་བའི་ལས་ནི་པདྨ་དང་། ཨུཏྤལ་དང་། སཽ་གནྡྷི་ཀ་དང་། སྣ་མའི་མེ་ཏོག་དང་། ཨ་ཏི་ མུཀྟ་ཀ་དང་། ཀླུ་ཤིང་གི་མེ་ཏོག་དང་། ཨ་ཤོ་ཀ་ལ་སོགས་པ་ཡིན་ནོ། །དྲག་ཤུལ་གྱི་ལས་ཀྱི་ནི་ཀ་ར་བཱི་ར་དང་། ཏ་ཀ་ར་དང་། ཀུ་རནྟ་ཀ་ལ་སོགས་པ་ཡིན་ནོ། །ལྷ་རྣམས་ཡམ་སྲེག་ཤིང་གི་མཚན་མ་སྣ་ཚོགས་ཀྱང་ཉོན་ཅིག །ནོར་བསྒྲུབ་པ་ལ་ནི་མཐོ་གང་གི་ཚད་དུ་བྱའོ། ། དྲག་ཤུལ་ལ་ནི་མཛུབ་གང་གི་ཚད་དུ་བྱའོ། །ལྷ་མཐོང་བར་བྱ་བ་ལ་ནི་མཐེའུ་ཆུང་གི་ཚད་དུ་བྱའོ། །དབང་དུ་བྱ་བ་ལ་བུད་མེད་ཀྱི་ནི་རྩེ་མོའི་ཡམ་སྲེག་ཤིང་གིས་བྱའོ། །སྐྱེས་པའི་ནི་དབུས་ཀྱིས་བྱའོ། །དྲག་ཤུལ་དང་མིའི་གཙོ་བོ་དབང་དུ་བྱ་བ་ལ་ནི་དྲུང་བས་བྱའོ། །རྒྱལ་པོའི་ལས་ལ་ ནི་ས་ལའི་དྲུང་བས་བྱའོ། །དབུས་ཀྱིས་བྱ་བ་ལ་ཡང་དབུས་ཀྱིས་བྱའོ། །དྲུང་བས་བྱ་བ་ལ་ཡང་དྲུང་བར་བྱའོ། །རིག་སྔགས་ཐམས་ཅད་ལ་ཡང་ལས་འདི་ཉིད་ཀྱིས་སྦྱར་བར་བྱ་སྟེ། རིག་སྔགས་གང་གིས་ཞི་བ་དང་། རྒྱས་པའི་ལས་རྣམས་ལ་མེ་ཏོག་དང་། ཡམ་སྲེག་ ཤིང་གང་བསྟན་པ་དེ་ཉིད་ཀྱིས་ལས་བྱས་ན་འགྲུབ་པར་འགྱུར་རོ། །ཡང་ན་རིག་སྔགས་ཀྱི་རིགས་གསང་བ་ལས་མེ་ཏོག་དང་། ཡམ་སྲེག་ཤིང་ངས་བཤད་པ་གང་ཡིན་པ་དེ་ལས་བྱས་ན་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །ལྷ་རྣམས་ཡམ་སྲེག་ཤིང་རྣམས་ཀྱི་སྦྱོར་བ་གསང་ བ་འདི་དག་ངས་བཤད་ཟིན་ཏོ། །གཞན་ཡང་དོན་ཡོད་པའི་ལས་གང་གིས་གསང་སྔགས་རྣམས་འགྲུབ་པར་འགྱུར་བའི་སྐུ་གཟུགས་ཀྱི་མཚན་ཉིད་བཤད་པར་བྱའོ། །དེ་ནས་ལྷ་རྣམས་ཡིད་རབ་ཏུ་དགའ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་རྫོང་གི་འཕགས་མ་དང་ བཅས་པ་ལ་བསྟོད་ཅིང་མངོན་པར་བསྟོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་གཟུགས་ཉོན་ཅིག །དེ་བཞིན་གཤེགས་པའི་གཟུགས་བརྙན་མཚན་ཐམས་ཅད་ ཡོངས་སུ་རྫོགས་ཤིང་དཔལ་གྱི་བེའུས་བརྒྱན་པ། ཕྱག་གཡས་པ་མཆོག་སྦྱིན་པའི་ཚུལ་དུ་མཛད་པ་ལ་བལྟས་ཏེ། དེས་རིག་སྔགས་བསྒྲུབ་པར་བྱའོ། །ཡང་ན་དེ་བཞིན་གཤེགས་པ་ཆོས་སྟོན་ཅིང་བཞུགས་ལ་སྐྱབས་སྦྱིན་པའི་ཚུལ་དུ་མཛད་པ་ལ་བལྟས་ཏེ་དེར་བསྒྲུབ་པར་ བྱའོ། །དེ་བཞིན་གཤེགས་པའི་སྤྱན་སྔར་དྲག་ཤུལ་བསྒྲུབ་པར་མི་བྱ་སྟེ། དེ་ནི་ལག་ན་རྡོ་རྗེའི་མདུན་དུ་བསྒྲུབ་པར་བྱའོ། །ལག་ན་རྡོ་རྗེའི་གཟུགས་ཀྱང་བཤད་པར་བྱ་སྟེ། མཚན་ཐམས་ཅད་ཡོངས་སུ་རྫོགས་པ་མདོག་སྡུག་ཅིང་སྔོ་བསངས་ལ་ཞི་བའི་གཟུགས་ཅན་མཆོག་སྦྱིན་ པའི་ཚུལ་དུ་འདུག་པ་དེའི་མདུན་དུ་རིག་སྔགས་བསྒྲུབ་པར་བྱ་སྟེ། ཞི་བ་ནི་སྐྱིལ་མོ་ཀྲུང་བཅས་པས་བྱའོ། །དྲག་ཤུལ་ནི་འགྲེང་བས་བྱ་སྟེ། དྲག་ཤུལ་ནི་གཟུགས་མི་སྡུག་པས་བྱའོ། །ཞི་བ་དང་རྒྱས་པ་ལ་ནི་ཞི་བའི་གཟུགས་སུ་བྱའོ། །སྐུ་གཟུགས་ལ་ཐད་ཀར་བལྟ་ཞིང་བསྒྲུབ་ པར་བྱ་སྟེ། གཞན་དུ་བལྟ་ཞིང་བསྒྲུབ་པར་མི་བྱའོ། །ཡན་ལག་ཉམས་པ་དང་། ལུས་སྐྱོན་ཅན་དང་། གཟི་བྱིན་མེད་པས་བསྒྲུབ་ན་ནི་ལག་ན་རྡོ་རྗེས་བཤད་པ་བཞིན་དུ་གནོད་པར་འགྱུར་རོ། །རིག་སྔགས་ཀྱི་ལྷ་བྲི་བ་དེ་གང་ཡིན་པ་དེ་ཅི་སྟེ་མདོག་སྔོ་བསངས་སམ། སེར་ རམ། དམར་བའམ། དཀར་ཤམ་ཞིང་ན་དེ་ཡང་དེའི་ཁ་དོག་ཏུ་བྲི་བར་བྱའོ། །བུད་མེད་གང་ཡིན་པ་དེའི་ནི་བུད་མེད་ཀྱི་ཆ་བྱད་ཅན་དུ་བྱའོ། །སྐྱེས་པ་གང་ཡིན་པ་དེ་ནི་སྐྱེས་པའི་མཚན་དང་ལྡན་པར་བྱ་ཞིང་། གཟུགས་གང་ཡིན་པ་དང་། ཁ་དོག་གང་ཡིན་ པ་དང་། མཚོན་ཆ་དང་ལྡན་པར་བྱའོ། །ཅི་སྟེ་མཚོན་ཆ་མེད་པ་ཞིག་ནའང་མཚོན་ཆ་ཐོགས་པར་བྱའོ། །གཟུགས་ལོག་པར་བྱས་པས་ནི་དངོས་གྲུབ་འགྲུབ་པར་མི་འགྱུར་རོ། །དྲག་ཤུལ་གྱི་ལས་རྣམས་ལ་ལྷ་དྲག་པོ་གང་ཡིན་པ་དེའི་དྲུང་དུ་དེ་བཞིན་གཤེགས་པ་གཞག་པར་ བྱའོ། །མཆོད་རྟེན་ནམ་མཚན་གྱི་དྲུང་དུ་བསྒྲུབ་ན་མཆོད་རྟེན་ནི་བྱ་གག་གི་སྒོ་ང་འདྲ་བར་འདུག་ན་དངོས་གྲུབ་སྦྱིན་པར་འགྱུར་རོ། །མཚན་ཡང་མཚན་ཉིད་རྟགས་དང་ལྡན་པར་བྱ་སྟེ། །འདི་དག་ནི་གཟུགས་ཀྱི་མཚན་ཉིད་དོ། །དེ་ནས་ལྷ་དེ་དག་ཡིད་དགའ་བར་གྱུར་ནས་ལག་ན་རྡོ་རྗེ་ ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་གང་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་མཚན་ཉིད་དང་བཅས། །ཆོ་ག་དང་བཅས་པར་བཤད་པ་ལེགས་སོ་ལེགས་ སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་ཁྱེད་ཉོན་ཅིག །གང་གིས་དེ་བཞིན་གཤེགས་པའི་སྐུའི་མཚན་ཉིད་འདི་མཐོང་ན། དེ་མཐོང་མ་ཐག་ཏུ་དེ་བཞིན་གཤེགས་པ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དངོས་གྲུབ་ སྩོལ་བར་མཛད་དོ། །རིག་པ་མཆོག་ཕོ་ཉ་མའི་ཚོགས་ཀྱི་དཀྱིལ་འཁོར་དང་བཅས་པས་ཀྱང་དངོས་གྲུབ་སྦྱིན་པར་འགྱུར་རོ། །ཡར་གྱི་ངོ་ཚེས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ནས་མེ་ཏོག་དཀར་པོ་ལ་ལན་རེ་བཟླས་བརྗོད་བྱས་པ་བརྒྱད་སྟོང་ གིས་འཕགས་པ་ལག་ན་རྡོ་རྗེ་ལ་བསྣུན་ལ། དེ་ནས་མཆོད་རྟེན་ནམ་མཚན་ལ་བལྟས་ཏེ་རིག་སྔགས་བསྒྲུབས་ན་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །ལྷ་རྣམས་ལྷ་མོ་རྫོང་གི་འཕགས་མའི་ལས་རྣམས་ངས་བཤད་ཟིན་ཏོ། །དེ་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་དྲན་པར་བྱས་ནས་མདུན་ དུ་གནས་པར་འགྱུར་བ་ཡང་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། ཨོྃ་ཤྭེ་ཏ་རཱུ་པ་དྷཱ་རི་ཎི་སྭཱ་ཧཱ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བར་བྱས་ཏེ། རིག་སྔགས་འདིས་ལྷ་མོ་ཨུཏྤལ་དང་ལྡན་པར་བྱས་ནས། །འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་བཞག་ལ་མཆོད་པ་ཆེན་པོ་བྱས་ ཏེ། ལྷ་བཤོས་ཀྱང་རྒྱས་པར་ཕུལ་ནས་པ་ལ་ཤའི་ཤིང་གིས་མེ་སྦར་ལ། གུ་གུལ་སྦྲང་རྩི་དང་མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ལྷ་མོ་ཆེན་མོ་རྫོང་གི་འཕགས་མ་འགྲུབ་པར་འགྱུར་ཏེ། ལས་ཐམས་ཅད་བྱེད་ནུས་པར་འགྱུར་རོ། །རྫོང་གི་འཕགས་མའི་ཆོ་ག་རྫོགས་ སོ།། །།དེ་ནས་འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ལག་ན་རྡོ་རྗེ་རིག་སྔགས་ཀྱི་ཆོ་ག་རྒྱས་པ་འཆད་པ་མཐོང་ནས་འཁོར་དེ་ཉིད་ཀྱི་ནང་དུ་འདུས་པར་གྱུར་ཏེ་འདུས་ནས་ལག་ན་རྡོ་རྗེ་ལ་བསྟོད་པ། བྱང་ཆུབ་སེམས་དཔའ་ཆེན་པོ་སྟོབས་དང་ཕ་ རོལ་གནོན་པ་དཔག་ཏུ་མེད་པ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པ་གང་ཡིན་པ་ནི་ལེགས་སོ་ལེགས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་བདག་གིས་ཀྱང་རིག་སྔགས་མཆོག་གི་ཆོ་ག་རྒྱས་པའི་ལས་རིག་ སྔགས་འཆང་རྣམས་བརྒྱན་པ་དང་། འགྲུབ་པར་བྱ་བའི་ཕྱིར་གསང་སྔགས་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུ་ཁྱོད་སེམས་ཅན་ ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་གང་ཡིན་པ་ལེགས་སོ་ལེགས་སོ། །རིག་སྔགས་འཆང་རྣམས་བརྒྱན་པའི་ཕྱིར་གསང་སྔགས་ཤོད་ཅིག་ཤོད་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ ཚོགས་ལ་བལྟས་ནས་གསང་སྔགས་བཤད་པ། ན་མོ་བཛྲ་པཱ་ཎི་སྱ། ན་མོ་ནཱ་རཱ་ཡ་ཎཱ་ཡ། ན་མོ་བཻ་ཤྲ་བ་ཎཱ་ཡ། ཤྲཱི་བད་ས་ཙཀྲ་དྷ་རཱ་ཡ། མ་པ་དནྟ། ཏྭ་བ་བྷནྡྷན་བནྡྷཱ་མི། ནི་པ་ངནྟཾ། ཙ་ཏུཥྤ་དནྟ། ཨ་ཤི་བྱི་ཤཱ་ནཤྩ་བནྡྷཱ་མི། སརྦ་དུཥྚཾ་ཤྩ། ད་རུ་ཎཱཾ། ཨི་ཏི་མི་ཏི་ ནི། མ་ཧཱ་ཤ་མི་ར། ན་མོ་དེ་བ་བཱ་ཡུ། ཙ་ཏུརྦྷུ་ཛཱ་ཡ། མ་སྤུ་ར། མ་སྤུན་སྭཱ་ཧཱ། དེ་ནས་འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རྡོ་རྗེ་འཛིན་ཆེན་པོ་རིག་སྔགས་ཀྱི་ལས་ཤོད་ཅིག་ཤོད་ཅིག ། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་རིག་སྔགས་ཀྱི་ཚིག་ལ་བལྟས་ནས་རིག་སྔགས་ཀྱི་ལས་བཤད་པ། རིག་སྔགས་འཆང་གི་ལས་གཅིག་པུས་རིག་སྔགས་མཆོག་ལ་སོགས་པ་རིག་སྔགས་ཐམས་ཅད་བསྒྲུབ་པར་འདོད་ན། ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་ ཟ་ཞིང་གནས་དབེན་པར་རིག་སྔགས་བཟླས་བརྗོད་བྱས་ལ། ཟླ་བ་གཅིག་ཚང་ནས་ཞག་གཅིག་སྨྱུང་བ་བྱས་ཏེ། ཡུངས་ཀར་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་མཐོང་བར་འགྱུར་ཏེ། ཡིད་ལ་གང་འདོད་པ་དེ་དག་ཐམས་ཅད་བྱེད་པར་འགྱུར་ རོ། །བསྲུང་བ་ནི་ཆོས་དཀར་ཅན་གྱིས་བྱའོ། །དེ་ནས་འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རྡོ་རྗེ་འཛིན་བདག་གིས་ཀྱང་རིག་སྔགས་འཆང་རྣམས་བརྒྱན་པར་བྱ་བའི་ལས་གང་གིས་རིག་སྔགས་འཆང་རྣམས་རིན་པོ་ཆེས་བརྒྱན་པར་གྱུར་པ་བཤད་ པར་བྱའོ། །དེ་ནས་ལག་ན་རྡོ་རྗེ་གྲགས་པ་ཆེན་པོས་འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འགྲོ་བའི་བདག་པོ་གང་གིས་རིག་སྔགས་འཆང་རྣམས་རིན་པོ་ཆེས་བརྒྱན་པར་གྱུར་པ་ཤོད་ཅིག་ཤོད་ཅིག །དེ་ནས་འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུས་རིག་སྔགས་ རྣམས་རིན་པོ་ཆེས་བརྒྱན་པར་བྱ་བའི་ལས་བཤད་པ། རོ་ཉེ་ཕ་བོང་ལོང་བུ་དང་། །ཚོན་མོ་སྟེང་དང་ཟངས་རྣམས་དང་། །ལན་ཚྭ་ཆུ་ཡི་བཅུ་ཆ་རྣམས། །ཏིལ་གྱི་ཐལ་བའི་ཆུ་དང་བཏགས། །ཨགྣི་ཏིལ་མར་དག་དང་སྦྱར། །མི་ཐོད་ནང་དུ་བཙོ་བར་བྱ། །གསེར་མཆོག་དག་ཏུ་ འགྱུར་བ་སྟེ། །ཡིད་གཉིས་སུ་ནི་བྱ་བ་མེད། །སྦྱོར་བ་གཅིག་ནི་ངས་བཤད་ཟིན། །སྦྱོར་བ་གཉིས་པ་ང་ལས་ཉོན། །མཚལ་དང་དུག་བཅས་པ་བླ་དང་ནི་མུ་ཟིར་ལྡན། །ཤིང་ཐོག་ཁུ་བས་བཏགས་ཏེ་ཟངས་མ་གླེ་བས་ལ་བསྐུ། །དུད་པ་བཀག་སྟེ་བསྲེགས་ནས་བཏགས་ ན་གསེར་དང་འདྲ། །གསེར་ཁ་སྐྱ་བོའི་ཆ་བརྒྱད་ཆ་ཡིས་བསྒྱུར་བར་ནུས། །མཚལ་དང་དུག་བཅས་བྷུ་མི་བལ་ལི་བ་བླར་བཅས། །ཙིན་ཚའི་ཤིང་བརྙན་ཚྭ་དང་ཚྭ་ཆུར་ལྡན་བྱས་ལ། །མི་ཐོད་གསར་ནང་ཨགྣིའི་ཏིལ་མར་ལྡན་བྱས་ན། །ལྷ་ཡི་རྒྱན་དུ་རུང་བའི་གསེར་གྱི་སྦྲམ་ བུར་འགྱུར། །མཚལ་དང་ལྡོང་རོས་བཅས་དང་རྟ་ཁྲག་པ་བླར་ལྡན། །ཙིན་ཚའི་ཤིང་བརྙན་ཚྭ་དང་ཚྭ་ཆུར་ལྡན་བྱས་ལ། །མི་ཐོད་གསར་ནང་ཨགྣིའི་ཏིལ་མར་ལྡན་བྱས་ལ། །ལྷ་ཡི་རྒྱན་དུ་རུང་བའི་གསེར་གྱི་སྦྲམ་བུར་འགྱུར། །གསེར་དང་ར་གན་དངུལ་རྣམས་ཁ་བསྒྱུར་ཏེ། །བཙོང་དང་ གོ་བྱེ་དག་གིས་ནད་དུ་བསྒོས་བྱས་ལ། །མི་ཐོད་གསར་པ་དག་གི་ནང་དུ་བཙོ་བྱས་ན། །འཛམ་བུ་ཆུ་བོའི་གསེར་དག་དང་ནི་འདྲ་བར་འགྱུར། །མཚལ་ཕྱེ་ཞིབ་མོར་ཁ་ལུང་ཁུ་བས་ལན་བདུན་བསྒོ། །ཤིང་ཀུན་ཤ་ཡི་ཁུ་བས་ཀྱང་ནི་ལན་བདུན་བྱ། །མི་ཐོད་གསར་ནང་ཨགྣིའི་ཏིལ་ མར་ལྡན་བྱས་ན། །ལྷ་ཡི་རྒྱན་དུ་རུང་བའི་གསེར་གྱི་སྦྲམ་བུར་འགྱུར། །སྦྱོར་བ་འདི་དག་བདག་གིས་བཤད་ཟིན་གྱིས། །བཻ་ཌཱུརྱ་སྔོན་པོའི་ཆོ་ག་ཡང་བདག་ལས་གསོན་ཅིག །མཆིང་བུའི་སྔོན་པོའི་ཆ་བཞི་དང་། པདྨ་རཱ་ག་དེ་དང་མཉམ་པ་དང་། བཻ་ཌཱུརྱ་སུམ་འགྱུར་དང་། མ་ར་ཀ་ཏའི་ཆའི་ཕྱེད་དང་། དུན་ལས་བྱི་ལའི་མིག་གི་མདོག་འདྲ་བ་སུམ་འགྱུར་དང་། ཟངས་དེའི་ཕྱེད་རྣམས་སྦྱར་ན་བཻ་ཌཱུརྱ་སྔོན་པོ་བཟང་པོར་འགྱུར་རོ། །མཁས་པ་དག་གིས་ལི་ཁྲི་དང་། མཚལ་དང་བ་སོ་སྦྱར་ནས་ར་གསར་དུ་འབྲངས་པའི་འོ་མས་སྤྲུས་ལ་བློ་དང་ལྡན་པས་བྱི་རུ་བྱས་ ཏེ་གྲིབ་མར་ལེགས་པར་བསྐམས་ནས་ཉའི་ཁོང་དུ་བཅུག་ལ་ཡུངས་མར་བརྔོས་ཏེ། གཏུན་གྱི་ནང་དུ་མོན་སྲན་གྲེའུ་སྐམ་པོ་བཅུག་ནས་སྣུམ་ཅུང་ཟད་ཙམ་དང་ལྡན་པར་བྱས་ལ་བྱི་རུ་དེར་བཅུག་སྟེ། འཇམ་པོར་འགྱུར་གྱི་བར་དུ་མཁས་པས་གཏུན་བུས་བརྡུང་ན་བྱི་རཱུ་བཟང་ པོར་འགྱུར་རོ། །ཆོ་ག་དེ་ལྟར་བྱས་ཏེ་ཐིང་ཤིན་བླུགས་ན་ནི་ཨིནྡྲ་ནཱི་ལར་འགྱུར་རོ། །ཉ་ཕྱིས་ཀྱི་ཕྱེ་མ་བླུགས་ན་ནི་མུ་ཏིག་ཏུ་འགྱུར་རོ། །གཞན་དག་ཀྱང་ཁ་དོག་ཅི་འདྲ་བའི་བྱེ་བྲག་དང་སྦྱར་ཏེ་དེ་བཞིན་དུ་བྱའོ། །བཅོམ་ལྡན་འདས་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་འདི་དག་ནི་ བདག་གིས་བཤད་ཟིན་གྱིས། གསེར་གྱི་དོན་དུ་བདག་གིས་རྫས་བཤད་པ་གང་ཡིན་པའི་རྫས་དེ་དག་གི་མཚན་ཉིད་ཀྱང་གསོན་ཅིག །བདར་ན་མདོག་གི་དམར་སེར་འགྱུར། །ལྕི་ཞིང་འོད་ཀྱང་ཆགས་པ་དང་། །མཉེན་ཞིང་མདོག་ཀྱང་མི་གནག་པ། །དེ་ནི་ གསེར་གྱི་མཆོག་ཏུ་བཤད། །རྡུལ་ཞིང་འཇམ་ཞིང་ལྕི་ལ་སྣུམ། །བསྲེགས་ན་དངས་ལ་ཤིན་ཏུ་དཀར། །འོད་བཟངས་མཉེན་བག་ཡོད་པའི་ཡུལ། །གང་ཡིན་དེ་ནི་རབ་ཏུ་བཟང་། །ཕྱི་རོལ་ཉི་མ་འཆར་ཀའི་མདོག །བཅག་འཕྲོ་དངུལ་ཆུའི་མདོག་དང་འདྲ། །ལྕི་ཞིང་ མདོག་སྡུག་དེ་འདྲའི་ཟངས། །གང་ཡིན་དེ་ནི་རབ་ཏུ་བཟང་། །ཕྱི་རོལ་ཕུག་རོན་མིག་འདྲ་ཞིང་། །བཅག་འཕྲོ་གསེར་གྱི་ཕྱེ་མ་འདྲ། །ལྕི་ཞིང་མདོག་སྡུག་དེ་འདྲ་བ། །མཚལ་གྱི་མཆོག་ཏུ་བཤད་པ་ཡིན། །ཕྱི་རོལ་ནེ་ཙོའི་སྒྲོ་མདོག་འདྲ། །བཅག་འཕྲོ་གསེར་གྱི་ཕྱེ་མ་བཞིན། ། ལྕི་ཞིང་མདོག་སྡུག་དེ་འདྲ་བ། །མུ་ཟིའི་མཆོག་ཏུ་བཤད་པ་ཡིན། །ཉི་མ་འཆར་ཀའི་མདོག་འདྲ་ཞིང་། །ཀ་ར་བཱི་རའི་མེ་ཏོག་འདྲ། །ཡང་ན་ལ་ལ་གསེར་འདྲ་བ། །ལྡོང་རོས་ཀྱི་ནི་གཙོ་བོར་བཤད། །གསེར་གྱི་གྱིམ་བག་མདོག་འདྲ་ཞིང་། །རིམ་པའི་སུལ་གྱིས་གང་བ་དང་། ། མདོག་ཀྱང་སྡུག་ཅིང་ལྕི་བ་དང་། །བ་བླའི་མཆོག་ཏུ་བཤད་པ་ཡིན། །རྫས་འདི་དག་ནི་བདག་གིས་བཤད། །བཟང་པོར་བཅོས་པའང་བདག་ལས་གསོན། །གསེར་གླེབས་ལ་ཁ་ལུང་གི་ཁུ་བ་དང་ཚྭ་ཆུ་དང་སྣུམ་དང་ལྡན་པར་བྱས་ཏེ། བ་ལང་གི་ལྕི་བའི་མེའི་ནང་དུ་ལན་བདུན་ བསྲེགས་ན་དེས་གསེར་དུལ་བར་འགྱུར་རོ། །ར་གན་གྱི་ཆོ་ག་ཡང་འདི་ཡིན་ཏེ། མཁས་པས་བུ་རམ་དང་། ཁ་ལུང་དང་། བྲམྷི་དང་། ལན་ཚྭ་དང་། ཀེང་ཤུ་ཀ་རྣམས་སོ་སོའི་ནང་དུ་ཞག་བདུན་བདུན་གཞག་གོ། །ཐབས་དེ་ལྟ་བུར་བྱས་ན་དངུལ་དང་ཟངས་ཀྱང་དུལ་བར་ འགྱུར་རོ། །ལྡོང་རོས་ནི་བ་ལང་གི་ཤའི་ནང་དུ་བཅུག་ལ་བཏགས་ཏེ། ཁ་ལུང་གི་ཁུ་བའི་ནང་དུ་ལན་བདུན་བདུན་བཅུག་ན་དེས་དུལ་བར་འགྱུར་རོ། །མཚལ་ཡང་མུ་ཟིའི་ཆོ་གར་བསྟན་པ་བཞིན་དུ་བྱས་ན་དུལ་བར་འགྱུར་རོ། །བ་བླ་ནི་རས་ཀྱིས་དཀྲིས་ལ་ཤི་སྣུ་ཧའི་ སྦུབས་སུ་བཅུག་སྟེ་བ་ལང་གི་ལྕི་བས་གཡོགས་ནས་བདུགས་ལ་ལན་བདུན་གྱི་བར་དུ་བ་ལང་གི་ལྕི་བའི་ཁུ་བའི་ནང་དུ་བཅུག་ན་བ་བླ་དུལ་བར་འགྱུར་རོ། །བྱི་རུ་ལ་སོགས་པའི་རྫས་རྣམས་གདུལ་བ་ཡང་དེ་ལྟར་བྱས་ན་དུལ་བར་འགྱུར་རོ། །དངུལ་ལ་སོགས་པའི་རྫས་རྣམས་སྔར་ལེགས་པར་ བཏུལ་ཏེ། དྲི་མ་མེད་པར་བྱས་ནས་གདོད་སྦྱོར་བ་ཐམས་ཅད་ལ་སྦྱར་བར་བྱའི་དེ་མ་ཡིན་པ་ཡེ་མི་བྱའོ། །བཅོམ་ལྡན་འདས་འདི་དག་ནི་བདག་གིས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་བཤད་དེ། གང་ཞིག་དེ་དང་མི་མཐུན་པའི་ལས་བྱེད་ན་ལས་གྲུབ་པ་མེད་དོ། །བཅོམ་ལྡན་ འདས་གཞན་ཡང་གང་དག་བདག་གི་གསང་སྔགས་འཆང་བ་དེ་དག་ལ་ཐམས་ཅད་དུ་བསྲུང་བར་འགྱུར་བ་འདི་ཡང་བཤད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འགྲོ་བའི་བདག་པོ་ངས་ཀྱང་ཁྱོད་ལ་དྲག་ ཏུ་བསྐུལ་བའི་གསང་སྔགས་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། ཨོྃ་ལོ་ལཱ་ཙཀྲཱ་ཡ་སྭཱ་ཧཱ། གསང་སྔགས་འདིས་ལག་ན་རྡོ་རྗེའི་མདུན་དུ་མར་ངོའི་ཚེས་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་སྲེད་མེད་ཀྱི་བུ་འགྲུབ་པར་འགྱུར་ཏེ། ལས་ཐམས་ ཅད་བྱེད་པར་ནུས་སོ། །སྲེད་མེད་ཀྱི་བུའི་ཆོ་ག་རྫོགས་སོ།། །།དེ་ནས་གང་ག་ཀླུང་ལ་སོགས་པ་ཀླུང་ཆེན་པོ་བཞི་འཁོར་བརྒྱད་ཁྲི་བཞི་སྟོང་གིས་བསྐོར་བ་རྣམས་ལག་ན་རྡོ་རྗེའི་ཞབས་དྲུང་དུ་སོང་སྟེ། ཕྱིན་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་ སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་བདག་ཅག་གིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་གསང་སྔགས་བཤད་པར་བགྱིའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་གང་གཱ་ཀླུང་ལ་སོགས་པ་ཀླུང་བརྒྱད་ཁྲི་བཞི་སྟོང་གིས་བསྐོར་ བ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་ཁྱེད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་དང་། །སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པ་ལེགས་སོ་ལེགས་སོ། །བཟོད་ལྡན་དག་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་གསང་སྔགས་ཤོད་ཅིག་ཤོད་ ཅིག །དེ་ནས་གང་གཱ་ཀླུང་ལ་སོགས་པ་ཀླུང་ཆེན་པོ་བརྒྱད་ཁྲི་བཞི་སྟོང་གིས་བསྐོར་བ་རྣམས་གཅིག་ཏུ་ཕྱོགས་པར་གྱུར་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ཏེ་རིག་སྔགས་བཤད་པ། ན་མོ་བཛྲ་པཱ་ཎི་སྱ། ན་མཤྩ་ཏུརྞཱཾ། མ་ཧཱ་ས་མ་དྲཱ་ ཎཱཾ། གང་གཱ་ན་དཱི། པྲ་མུ་ཁཱ་ཎཱཾ། ཙ་ཏུརྴཱི་ཏི་ནཱ་དྷ་སིཾ་ཧ་ས་ནཱཾ། མ་ཡ་གོ་གི་ནི་བ་སི་ནཱཾ། ས་རི་ཏི་དྷཱ་རི་ཎཱཾ། ཤྭེ་ཏ་བཱ་ས་སཱ་ནཱཾ། ཛ་ཊ་མུ་ཀུ་ཊ་དྷཱ་རི་ཎཱཾ། ན་མོ་སྟུ་ཏེ་ཀཱི་ལི་ཀཱི་ལི་སྭཱ་ཧཱ། ཡོ་ག་དྷཱ་རི་ཎི། མ་ཧཱ་ཡོ་ག་དྷཱ་རི་ཎི་སྭཱ་ཧཱ། དེ་ནས་གང་གཱ་ཀླུང་ལ་སོགས་པ་ཀླུང་ཆེན་ པོ་བཞི་ཀླུང་བརྒྱད་ཁྲི་བཞི་སྟོང་གིས་བསྐོར་བ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རིག་སྔགས་ཀྱི་ལས་རྣམས་ཤོད་ཅིག་ཤོད་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་རིག་སྔགས་ཀྱི་ ལས་བཤད་པ། དགུན་ཟླ་ཐ་ཆུང་ས་ཆོས་བདུན་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། གང་གཱའི་ཀླུང་གི་ནང་དུ་ཆུ་ལྟེ་བར་ཕྱིན་པ་ཙམ་དུ་ཞུགས་ལ། རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ། གང་གཱའི་ལྷ་མོ་ལ་ཟངས་ཀྱི་སྣོད་ཀྱི་ནང་ནས་ཙནྡན་དམར་པོ་དང་། མེ་ཏོག་དམར་པོ་ དད་ལྡན་པའི་མཆོད་ཡོན་དབུལ་ལོ། །དེ་ནས་འགྲུབ་པར་འགྱུར་ཏེ། ཀླུང་ཆེན་པོ་བཞི་དང་། ཀླུང་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །ཀླུང་གི་ཆུ་གང་གཱའི་ནང་དུ་ཞུགས་ཏེ། བསྒྲུབས་ནས་ཡང་དེ་དག་མྱུར་དུ་འགྲུབ་པར་འགྱུར་རོ། །ལྷ་རྣམས་ཀླུང་ཆེན་པོ་རྣམས་ཀྱི་ལས་ངས་ བཤད་ཟིན་ཏོ། །དེ་དག་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་ཀྱང་བཤད་པར་བྱ་སྟེ། ཡར་གྱི་ངོ་ཚེས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ནས་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་སྣ་མའི་མེ་ཏོག་བརྒྱད་སྟོང་ཕུལ་ན་ཀླུང་ཆེན་པོ་བཞི་འགྲུབ་པར་འགྱུར་རོ། །ན་མོ་བཛྲ་པཱ་ཎི་སྱ། ཨོྃ་ཤྭེ་ཏ་ ཛ་ཊི་ཀྲྀཥྞ་རཱུ་པ་དྷཱ་རི་ཎི་སྭཱ་ཧཱ། ཀླུང་ཆེན་པོ་བཞིའི་ཆོ་ག་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་འཁོར་དེ་ཉིད་ཀྱི་ནང་ནས་ལངས་ཏེ། གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་ འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའོ། །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རིག་སྔགས་ཀྱི་བདག་པོ་ཆེན་པོ། རིག་སྔགས་ཐམས་ཅད་ཀྱི་བདག་པོ་ རིག་སྔགས་ཐམས་ཅད་སྒྲུབ་པ་དང་། ཕུར་བུས་འདེབས་པ་དང་། །གཅོད་པར་བགྱིད་པ་ལགས་ཏེ། བཅོམ་ལྡན་འདས་བདག་གིས་སེམས་ཅན་ཐམས་ཅད་ལ་སྨན་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སླད་དུ་རིག་པ་མཆོག་གི་ཆོ་ག་རྒྱས་པ་བཤད་ པ་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ལ་སྨན་པར་འཚལ་བའི་སླད་དུ། ལྷ་ཐམས་ཅད་ཀྱིས་མ་འཚལ་བ་དང་། མ་ཐོས་པ་གང་ལགས་པ་དེ་ཡང་བཤད་པར་འཚལ་ལོ། །བཅོམ་ལྡན་འདས་འདི་ནི་རིག་པ་མཆོག་གི་ཆོ་ག་རྒྱས་པའི་སྙིང་པོར་གྱུར་པ་ལགས་སོ། ། འདི་ནི་ཡང་དག་པ་ལགས་སོ། །བཅོམ་ལྡན་འདས་འདི་ནི་བདག་གི་རླབས་ཆེན་པོ་ལགས་ཏེ། ཐབས་འདི་འབའ་ཞིག་གིས་རིག་སྔགས་ཐམས་ཅད་བསྒྲུབ་པར་འཚལ་ལོ། །ཐབས་འདི་འབའ་ཞིག་གིས་གསང་སྔགས་ཐམས་ཅད་ཕུར་བུས་གདབ་པར་འཚལ་ལོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིག་སྔགས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་གིས་སེམས་ཅན་རྣམས་འགྲུབ་པའི་ཉེ་བར་བསྒྲུབ་པའི་ལས་རྣམས་ཤོད་ཅིག་ཤོད་ཅིག །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་སྙིང་རྗེའི་ སེམས་ཀྱིས་རིག་སྔགས་ཀྱི་ཚོགས་ལ་བལྟས་ནས། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་རིག་སྔགས་འཆང་གི་གསང་བ་བཤད་པ། མི་གང་མདོག་སྡུག་པ་དང་། ལག་པ་རིང་བ་དང་། སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་། རྐང་པ་རུ་སྦལ་འདྲ་བའི་རིག་སྔགས་འཆང་དེ་ལ་ ནི་རིག་སྔགས་འཆང་དེ་དག་གིས་རིག་སྔགས་འཆང་གི་ལས་རྣམས་འགྲུབ་པར་འགྱུར་རོ། །མི་གང་མདོག་གནག་པ་དང་། མིག་དམར་བ་དང་། སྣ་ཡོ་བ་དང་། སེན་མོ་སེར་བ་དང་། སེན་མོ་སྔོ་བ་དང་། མཛེ་ཅན་དང་། ཤ་གཟིག་གུ་དང་། ཤུ་བ་དང་། འབྲུམ་བུ་ཕྲ་མོས་ཡོག་པ་དང་། མ་རུངས་པའི་ལས་བྱེད་པ་གང་ཡིན་པ་དེ་དག་ལ་ནི་ལས་དྲག་པོ་འགྲུབ་པར་འགྱུར་རོ། །མི་གང་མདོག་སྔོ་བསངས་དང་། ལག་པ་རིང་བ་དང་། མདོག་སྡུག་པ་དང་། མིག་རྩ་དམར་བ་དང་། སེན་མོ་རུ་སྦལ་ལྟ་བུ་དང་། རྐང་ པ་རུ་སྦལ་ལྟ་བུ་ཤ་བཀྲའི་མིག་ལྟ་བུའི་རིག་སྔགས་འཆང་དེ་དག་ལ་ནི་རིག་སྔགས་འཆང་གི་གསང་སྔགས་འགྲུབ་པར་འགྱུར་རོ། །མི་གང་སྐྲ་དམར་བ་དང་། མིག་སེར་བ་དང་། སེན་མོ་སྔོ་བ་དག་ནི་མ་རུངས་པའི་ལས་བྱེད་པ་ཡིན་ཏེ། དེ་དག་ལ་ནི་དྲག་ཤུལ་གྱི་ལས་རྣམས་འགྲུབ་ པར་འགྱུར་རོ། །མི་གང་མདོག་སྔོ་བསངས་དང་། སྐྲ་འཇམ་པ་དང་། ཤ་བཀྲའི་མིག་ལྟ་བུ་དང་། མགོ་གདུགས་ལྟ་བུ་དང་། ཤིང་ནྱ་གྲོ་དྷ་ལྟ་བུ་ཆུ་ཞེང་གབ་པ་དང་། བྱིན་པ་རི་དགས་ཨེ་ན་ཡ་ལྟ་བུའི་རིག་སྔགས་འཆང་རྣམས་ལ་ནི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། ། མི་གང་སོར་མོ་རྡུམ་པ་དང་། ལག་པ་རྡུམ་པ་དང་། སྒུར་བུ་དང་། ཞར་བ་དང་། མིག་ཡོ་བ་དང་། ཤེལ་མིག་ཅན་དང་། ཁ་དོག་གཅིག་གི་ཤས་ཆེ་བ་དེ་དག་ལ་ནི་ལས་ཕྲན་ཚེགས་འགྲུབ་པར་འགྱུར་ཏེ། དེ་དག་ལ་གཞན་ཅི་ཡང་འགྲུབ་པར་མི་འགྱུར་རོ། །མི་གང་ ལག་པ་རིང་བ་དང་། པྲི་ཡངྐུའི་མདོག་ལྟ་བུར་འདུག་པ་དང་། སྐྲ་དང་། ལུས་དང་རྐང་པ་མདོག་སྣུམ་པ་དེ་དག་ནི་རིག་སྔགས་འཆང་གི་རྒྱལ་པོ་ཡིན་ཏེ་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ལྷ་རྣམས་མི་གང་དག་གིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་འགྲུབ་པར་འགྱུར་ བའི་མིའི་མཚན་མ་ངས་བཤད་ཟིན་ཏོ། །མི་མཆོག་དེ་དག་ལ་གསང་བ་གང་གིས་བདེ་བླག་ཏུ་ལྷ་རྣམས་དགའ་བར་འགྱུར་བའི་གསང་བ་ངས་བཤད་པར་བྱའོ། །སྟེང་ན་རྒྱུ་བའི་རིག་སྔགས་ཀྱི་ལྷ་གང་ཡིན་པ་དེ་དག་ལ་ནི་སྣ་མའི་མེ་ཏོག་གིས་ཞག་བརྒྱད་ཀྱི་བར་དུ་ལྷ་དེ་དག་ མཆོད་པ་བྱས་ཏེ། ག་པུར་དང་། །གུ་གུལ་གྱི་བདུག་པ་ཡང་ཕུལ་ན་དེ་དག་འགྲུབ་པར་འགྱུར་རོ། །ཅི་སྟེ་སྟེང་དུ་རྒྱུ་བའི་རིག་སྔགས་ཀྱིས་ལྷ་རྣམས་དགུག་པར་འདོད་ན་དཀྱིལ་འཁོར་བྱས་ཏེ། །ཞག་གསུམ་གྱི་བར་དུ་ལྷ་དེ་ལ་ཀོ་ཤ་ཏ་ཀའི་མེ་ཏོག་གིས་མཆོད་པ་བྱས་ཏེ་ཀ་ར་ བཱིར་ཁ་འབུས་པའི་འདུག་པ་ཡང་ཕུལ་ན་དེས་ལྷ་མཐོང་བར་ཡང་མི་འགྱུར་ན་དངོས་གྲུབ་ལྟ་ཅི་སྨྲོས། རིག་སྔགས་ཀྱི་ལྷ་ས་འོག་ན་རྒྱུ་བ་གང་ཡིན་པ་དེ་དག་ཅིས་དགའ་བར་འགྱུར་བ་དེ་ཡང་བཤད་པར་བྱ་སྟེ། དཀྱིལ་འཁོར་བྱས་ལ་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་པྲི་ཡངྐུའི་མེ་ཏོག་གིས་ མཆོད་དེ། ཨ་ག་རུ་དང་པོག་གི་བདུག་པ་ཡང་དབུལ་བར་བྱའོ། །ཅི་སྟེ་དཀྲུག་པར་འདོད་ན་ཞག་གསུམ་གྱི་བར་དུ་ཀུ་རནྟ་ཀ་སྔོན་པོའི་མེ་ཏོག་གིས་མཆོད་དེ། དེ་ཉིད་ཀྱི་རྩ་བའི་བདུག་པ་ཡང་དེ་ལ་ཕུལ་ན་དེས་ལྷ་ཡང་མཐོང་བར་མི་འགྱུར་ན་དངོས་གྲུབ་ལྟ་ཅི་སྨོས། རིག་སྔགས་ཀྱི་ ལྷ་དུར་ཁྲོད་དུ་དགའ་བ་གང་ཡིན་པ་དེ་དག་ཅིས་དགའ་བར་འགྱུར་དེ་ཡང་བཤད་པར་བྱ་སྟེ། ཞག་བདུན་གྱི་བར་དུ་བ་རུ་རའི་མེ་ཏོག་གིས་མཆོད་དེ། ཉ་ཤ་དང་ཤའི་བདུག་པ་ཡང་དབུལ་ལོ། །ཅི་སྟེ་དཀྲུག་པར་འདོད་ན་ཞག་གསུམ་གྱི་བར་དུ་པདྨའི་མེ་ཏོག་གིས་མཆོད་དེ། ཙནྡན་ དང་ག་པུར་གྱི་བདུག་པ་ཕུལ་ནས་དེ་ནས་ལྷ་ཡང་མཐོང་བར་མི་འགྱུར་ན་དངོས་གྲུབ་ལྟ་ཅི་སྨོས། ལྷ་ཕལ་པ་རྣམས་ལ་ནི་དཀྱིལ་འཁོར་སྐྱོང་ནུལ་གྱིས་བྱུགས་ཏེ་ཞག་བཅུའི་བར་དུ་མེ་ཏོག་དཀར་པོ་དང་། གུ་གུལ་གྱི་བདུག་པ་ཡང་དབུལ་ལོ། །ཅི་སྟེ་དཀྲུག་པར་འདོད་ན་དཀྱིལ་འཁོར་ བྱས་ལ་ཞག་གཅིག་གི་བར་དུ་དུག་ཏི་ཀའི་མེ་ཏོག་གིས་མཆོད་དེ། གནྡྷ་ཧ་སྟིའི་རྩ་བའི་བདུག་པ་ཕུལ་ན་དེས་ལྷ་ཡང་མཐོང་བར་མི་འགྱུར་ན་དངོས་གྲུབ་ལྟ་ཅི་སྨོས། ལྷ་རྣམས་ཀྱི་མཆོག་ཏུ་གསང་བ་འདིས་ནི་ལས་ཐམས་ཅད་ཀྱང་ལས་གཅིག་གིས་འགྲུབ་པར་འགྱུར་ཏེ་རིག་སྔགས་ཀྱི་རིགས་ཀྱི་རིམ་པ་ བཞིན་དུ་ལས་བྱའོ། །དེ་ནས་ཆོ་ག་རྒྱས་པ་གཞིག་པར་འདོད་ན་རིག་སྔགས་ཀྱི་ཆོ་ག་ཐམས་ཅད་ལ་ཡང་དཀྱིལ་འཁོར་སྐྱོང་ནུལ་གྱིས་བྱུགས་ལ་ཞག་གསུམ་གྱི་བར་དུ་དེས་དེ་བཞིན་དུ་ལྷ་བཤོས་དང་། མེ་ཏོག་དང་། བདུག་པ་ཐམས་ཅད་བླངས་ཏེ། ཆོ་ག་རྒྱས་པ་མིང་ནས་སྨོས་ཤིང་མཆོད་ པ་བྱས་ན་ཆོ་ག་རྒྱས་པའི་ལྷ་ཡང་མཐོང་བར་མི་འགྱུར་ན་དངོས་གྲུབ་ལྟ་ཅི་སྨོས། རབ་ཏུ་གྲུབ་པར་བྱ་ན་ཡང་ཆོ་ག་དེ་ཉིད་ཡིན་ནོ། །བཅོམ་ལྡན་འདས་རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་གསང་བ་དང་། གསང་ཆེན་བདག་གིས་བཤད་ལགས་ཏེ། ལྷར་བཅས་པའི་འཇིག་རྟེན་བདུད་དུ་ བཅས་པ་དང་། ཚངས་པར་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་གཞན་ལྟ་སུ་ཞིག་གིས་འཚལ་བར་མི་ནུས་ན། བཤད་པ་ལྟ་སྨོས་ཀྱང་ཅི་འཚལ། བདག་གིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བཤད་པ་རིག་པ་མཆོག་གི་སྙིང་པོར་གྱུར་ པ། རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྙིང་པོ་གསང་བའི་ལས་འདི་ནི་དཀོན་མཆོག་གསུམ་ལ་དང་བ་ལ་སྩལ་བར་བགྱིའོ། །སྡིག་པའི་ལས་ཅན་དག་ལ་ནི་གསང་བ་འདི་སྩལ་བར་མི་བགྱིའོ། །ལྷ་རྣམས་མཆོད་པར་བྱ་བ་དང་དཀྲུག་པར་བྱ་བའི་ཆོ་ག་རྫོགས་སོ།། །། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་རིག་སྔགས་ཀྱི་ཚོགས་ཐམས་ཅད་ལ་བལྟས་ནས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་ཁྱེད་རྒྱགས་པ་མེད་པའི་སེམས་ཀྱིས་ཉོན་ཅིག །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ངས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་ བཤད་པ་དང་། རིག་སྔགས་ཀྱི་ལྷ་རྣམས་ཀྱི་རིག་སྔགས་གསང་བ་བཤད་པ་དང་། ཆོ་ག་རྒྱས་པའི་ལྷ་རྣམས་བཤད་པ་འདི་ནི་ཆོ་ག་རྒྱས་པ་ཆེན་པོའི་སྙིང་པོ་ཡིན་ཏེ། ཆོ་ག་རྒྱས་པ་གསང་བའི་དཀྱིལ་འཁོར་དང་ལྡན་པ་འདི་དང་། དཔལ་ཐམས་ཅད་མངོན་པར་འབྱུང་བ་གང་གིས་ མཐོང་བའི་རིག་སྔགས་འཆང་དེ་དག་ནི་རིང་པོར་མི་ཐོགས་པར་དངོས་གྲུབ་འགྲུབ་པར་འགྱུར་ཏེ། ཆོ་ག་རྒྱས་པ་ཆེན་པོ་གསང་སྔགས་དང་ལྡན་པ་གང་གིས་མཐོང་བའི་རིག་སྔགས་འཆང་དེ་དག་རིང་པོར་མི་ཐོགས་པར་དངོས་གྲུབ་འགྲུབ་པར་འགྱུར་བར་ལག་ན་རྡོ་རྗེ་ངས་བཤད་དོ། །ཆོ་ག་ རྒྱས་པ་འདི་གང་གིས་མཐོང་བ་དང་། །ལྷ་ཐམས་ཅད་ལ་བརྟེན་པ་བྱས་པ་དེ་ལ་དགའ་བ་དང་། ཡིད་རབ་ཏུ་དགའ་བས་དངོས་གྲུབ་བྱིན་ཅིག །གསང་བའི་དཀྱིལ་འཁོར་གྱི་ཆོ་ག་དམ་པ་འདི་གང་གིས་མཐོང་བ་དེ་ལ་ནི་དངོས་གྲུབ་སྦྱིན་པའི་ཕྱིར་ང་རྟག་ཏུ་ཕྱི་བཞིན་འབྲང་ངོ་། །རིག་ སྔགས་འཆང་གསོ་སྦྱོང་འཛིན་ཅིང་སྨྱུང་བ་བྱས་པ་དང་། གཙང་བ་དང་། གོས་གཙང་མ་བགོས་པས་ཕྱོགས་གཙང་ཞིང་དབེན་པའི་སའམ། ཁྱིམ་གཙང་མར་དཀྱིལ་འཁོར་ཁྲུ་བཞི་པའམ། ཁྲུ་བཅུ་གཉིས་པ་བྱས་ལ་ཅི་འབྱོར་པའི་ཚོན་རྩི་སྣ་གསུམ་གྱིས་ཚོན་པ་ཀྱེ་སྟེ། ཐོག་མར་ སངས་རྒྱས་བཅོམ་ལྡན་འདས་གཞག་གོ། །དེའི་གཡོན་ལོགས་སུ་འཕགས་པ་ལག་ན་རྡོ་རྗེ་ཕོ་ཉ་མའི་ཚོགས་ཀྱི་འཁོར་དང་བཅས་པ་གཞག་གོ། །དེའི་དྲུང་དུ་འཕགས་པ་རྡོ་རྗེ་སྡེ་ལག་པ་ན་པདྨ་ཐོགས་པ་གཞག་གོ། །དེའི་གཡོན་ལོགས་སུ་འཕགས་པ་གཙུག་ནས་འབྱུང་བ་གཞག་ གོ། །དེའི་དྲུང་དུ་ལྷ་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། མ་མོ་བདུན་གཞག་གོ། །དེའི་དྲུང་དུ་ཚོགས་དྲུག་ཅུ་རྩ་བཞི་དང་། ལོག་འདྲེན་སུམ་ཅུ་རྩ་གཉིས་གཞག་གོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནི་སྤྱན་གསུམ་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱི་ གཡས་ལོགས་སུ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོས་དཀར་ཅན་དང་ལྷན་ཅིག་ཏུ་གཞག་གོ། །དེའི་དྲུང་དུ་རྒྱལ་པོ་ཆེན་པོ་བཞི་དཔུང་དང་བཅས་པར་གཞག་གོ། །ལྷ་ཐམས་ཅད་ཀྱང་ཇི་ལྟ་བ་བཞིན་དུ་མཚོན་ཆ་ཐོགས་པར་བྱའོ། །ནང་དུ་ཡང་ཀླུང་ཆེན་པོ་བཞི་ འདབ་ཆགས་སུ་གཞག་གོ། །གང་གཱའི་བུམ་པ་ནི་མགྲིན་ཆིངས་དཀྲི་བར་བྱའོ། །བུམ་པའི་ནང་དུ་སྙིང་པོ་གསུམ་གཞག་པར་བྱའོ། །སྒོ་དང་པོའི་ནང་དུ་ནི་རྫོང་གི་འཕགས་མ་དང་། ཚིག་ལྡན་མ་གཞག་པར་བྱའོ། །བྱང་ཕྱོགས་སུ་ནི་ལྕགས་ཅན་གཞག་གོ། །ནུབ་ཕྱོགས་ སུ་ནི་རྒྱལ་པོའི་བློ་གྲོས་མ་གཞག་གོ། །ལྷོ་ཕྱོགས་སུ་ནི་བདུད་རྩི་ཐབ་སྦྱོར་གཞག་གོ། །བུམ་པའི་མདུན་དུ་ནི་ལྷའི་དྲང་སྲོང་མེ་འབར་བ་དང་ལྡན་པར་གཞག་གོ། །སྒོ་བཞིར་ཡང་བུམ་པ་མགྲིན་ཆིངས་དང་བཅས་པ་བཞི་གཞག་གོ། །སྒོ་རེ་རེར་ཡང་སྐྲའི་སྐུད་པ་མཚོན་ཆ་དང་བཅས་ པར་གཞག་གོ། །དབུས་སུ་ཡང་ཚོགས་རྣམས་ཀྱི་ཏ་ལའི་ཐོ་བ་གཅིག་དང་། སྐྲའི་སྐུད་པ་གཞག་གོ། །ཐོག་མར་ཐིག་གདབ་པ་ནི་རིག་པ་མཆོག་གིས་བྱའོ། །ལྷ་ཐམས་ཅད་བྲི་བ་ནི་སྙིང་པོས་བྱའོ། །ལྷ་ཐམས་ཅད་སྤྱན་དྲང་བ་ནི་བཅོམ་ལྡན་འདས་མས་བྱའོ། །དྲི་དང་མེ་ཏོག་དང་ བདུག་པ་དབུལ་བ་ཡང་དེས་བྱའོ། །དཀྱིལ་འཁོར་གྱི་བགེགས་བྱེད་པ་གང་ཡིན་པ་དེ་དག་ཀྱང་སྙིང་པོས་སྦྱིན་སྲེག་བྱ་སྟེ། ཡུངས་ཀར་དང་ཞོ་དང་སྦྲང་རྩི་དང་མར་དང་ལྡན་པས་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱའོ། །དེ་ནས་རིག་སྔགས་འཆང་གིས་རིག་སྔགས་འཆང་ཞག་གཅིག་སྨྱུང་ བ་བྱེད་དུ་བཅུག་ལ་བྱང་ཆུབ་ཀྱི་སེམས་སྦྱིན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་མའི་སྙིང་པོ་མགོ་བོར་བསྔགས་ལ་ཉེ་བའི་སྙིང་པོ་རྣ་བར་བཞག་སྟེ། ནག་མོའི་སྔགས་བཟླས་བརྗོད་བྱེད་བཞིན་དུ་གཞུག་ཅིང་ཤར་ཕྱོགས་ཀྱི་སྒོའི་བྱང་སྟོད་དུ་བབ་པའི་ལྷ་རྣམས་ལ་ ཕྱག་འཚལ་དུ་བཅུག་ལ་མེ་ཏོག་གམ། འགྲོན་བུའི་ཕུར་མ་འདོར་དུ་བཅུག་ན་གང་ལ་བབ་པ་དེ་དག་གི་རིགས་ཡིན་ཏེ། །དེ་དག་ནི་གསང་བའི་རིགས་ཞེས་བཤད་དོ། །གསང་བ་དང་ལྷ་ཐམས་ཅད་ཀྱི་གསང་བའི་ཕྱག་རྒྱ་ཡང་དེར་བསྟན་པར་བྱའོ། །གདོན་ཉན་དུ་གཞུག་པའི་ སྐབས་ནས་ངས་བཤད་པའི་ཕྱག་རྒྱ་དང་། ལྷ་གང་ཡིན་པ་དེ་དག་ཀྱང་རིག་སྔགས་འཆང་རྣམས་ལ་བསྟན་པར་བྱའོ། །ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་མདུང་རྩེ་གསུམ་པ་ཡིན་ནོ། །ལག་ན་རྡོ་རྗེའི་ནི་རྡོ་རྗེ་ཡིན་ཏེ་རྡོ་རྗེ་གང་ཡིན་པ་དེ་ནི་མདུང་རྩེ་གསུམ་པ་ཡིན་ལ། །མདུང་རྩེ་གསུམ་ པ་གང་ཡིན་པ་དེ་ཡང་རྡོ་རྗེ་ཡིན་པར་བལྟ་བར་བྱའོ། །གསང་བ་འདི་དག་རྟོགས་ནས་གསང་བ་རྣམས་ལ་ཡང་མཆོད་པར་བྱའོ། །གསང་བའི་ཕྱག་རྒྱ་ལྷ་ཐམས་ཅད་ཀྱི་གསང་ཆེན་འདི་གང་གིས་མཐོང་བ་དེ་ལ་ནི་ལྷ་ཐམས་ཅད་ཡིད་དགའ་ནས་དངོས་གྲུབ་སྦྱིན་པར་བྱེད་དེ་དེའི་ལས་རྣམས་ ལ་རིག་སྔགས་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་ལག་ན་རྡོ་རྗེ་དང་འདྲ་བར་བླ་མ་ལ་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་ཡོན་དབུལ་ལོ། །དེའི་འོག་ཏུ་བྱང་ཕྱོགས་སུ་སོང་ལ་དེ་ནས་རིག་སྔགས་འཆང་རྣམས་ལ་ཕྱག་འཚལ་དུ་གཞུག་གོ། །གསང་ བའི་དཀྱིལ་འཁོར་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་འདི་སུས་མཐོང་བ་དེ་ནི་སངས་རྒྱས་ཀྱི་བསམ་པ་དང་འདྲ་བར་མི་འགྱུར་ཏེ། བདེ་བ་ཅན་དུ་ཡང་སྐྱེ་བར་འགྱུར་རོ། །ཆོ་ག་རྒྱས་པ་འདི་སུ་འཆང་བ་དེ་ནི་ལག་ན་རྡོ་རྗེ་དང་འདྲའོ། །དཀྱིལ་འཁོར་འདི་མཐོང་ ན་ཆོ་ག་རྒྱས་པ་ཆེན་པོ་བརྒྱད་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱང་རྟག་ཏུ་སྲུང་བར་བྱེད་དོ། །རིག་པ་མཆོག་གི་ཆོ་ག་རྒྱས་པར་རྒྱུད་ཕྱི་མ་དང་བཅས་པ་ཕོ་ཉ་མའི་ཚོགས་ཀྱི་འཁོར་དང་བཅས་པ། ཕྱག་རྒྱའི་རྒྱན་དང་བཅས་པ། གསང་ཆེན་ དང་བཅས་པ་གང་བ་དང་བཅས་པ་ལག་ན་རྡོ་རྗེས་བཤད་པ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་འདི་ཐམས་ཅད་མ་ལུས་པར་སུ་འཆང་བ་དེའི་ལུས་ཀྱི་སྤྱི་བོར་ནི་དཔལ་དང་ལྡན་པ་རྡོ་རྗེ་འཛིན་རྟག་ཏུ་གནས་པར་འགྱུར་རོ། །གསང་བའི་དཀྱིལ་འཁོར་རྫོགས་སོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱོད་ལེགས་སོ་ལེགས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་དང་། སེམས་ ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པ་ཡིན་ཏེ། ཆོ་ག་རྒྱས་པ་ཆེན་པོ་བཤད་པ་གང་ཡིན་པ་དེ་ནི་ལེགས་སོ། །རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་རྗེས་སུ་ གནང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པ་ཡིན་ནོ། །རིག་སྔགས་འཆང་གང་སྤྱན་གྱི་སྙིང་པོ་དང་བཅས་པ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་དང་བཅས་པར་དྲན་པར་ བྱེད་དམ། དུས་གསུམ་དུ་ཕྱག་འཚལ་བ་དེ་དག་ལ་ནི་ངན་འགྲོ་ལོག་པར་ལྟུང་བར་འགྱུར་བ་དེ་དག་མེད་དོ། །འཆི་བའི་ཚེའང་དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་ཕྱོགས་པར་འགྱུར་ཏེ། དེས་ན་དེ་དག་ལ་ངན་འགྲོ་ལོག་པར་ལྟུང་བར་འགྱུར་བ་མེད་དོ། །སེམས་ཅན་མཚམས་ མེད་པ་ལྔ་དང་ལྡན་པ་དག་ཀྱང་མནར་མེད་པར་སྐྱེ་བར་མི་འགྱུར་རོ། །འདི་ནི་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའི་མཐུ་ཡིན་ནོ། །དཔེར་ན་ནོར་བུ་རིན་པོ་ཆེ་གཙུག་ཕུད་ཅན་ཞེས་བྱ་བ་མཐོང་མ་ཐག་ཏུ་ནད་ཐམས་ཅད་ཞི་བར་འགྱུར་ཞིང་གདོན་ཐམས་ཅད་ཀྱང་འབྱེར་བར་འགྱུར་བ་དེ་བཞིན་དུ་ རིག་སྔགས་ཀྱི་རྒྱལ་པོ་འདི་སྤྱན་དང་སྙིང་པོ་དང་བཅས་པར་དྲན་པ་ཙམ་གྱིས་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་བྱེད་དོ། །འདི་ནི་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའི་རྒྱུ་དང་མཐུན་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཞན་དུ་གསུངས་པ་མ་ཡིན་ནོ། །རིགས་ཀྱི་བུའམ་ རིགས་ཀྱི་བུ་མོ་གང་ལ་ལ་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའམ། འཇིག་རྟེན་གྱི་སྣ་ཚོགས་བྱེད་པར་འདོད་ན་དེས་རིག་སྔགས་ཀྱི་རྒྱལ་པོ་བཙལ་བར་བྱ་ཞིང་བསྒྲུབ་པར་བྱའོ། །སེམས་ཅན་དགེ་བའི་རྩ་བ་བསྐྱེད་པ་གང་ཡིན་པ་དེ་དག་གི་ལག་ཏུ་ནི་ཐམས་ཅད་མ་ ལུས་པར་འོང་བར་འགྱུར་རོ། །སེམས་ཅན་བསོད་ནམས་མ་བྱས་པ་དག་གི་ལག་ཏུ་ནི་འོང་བར་མི་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་གང་གི་ལག་ཏུ་འོངས་པར་འགྱུར་བ་དེ་དག་ལ་ནི་ལྷར་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འགྱུར་རོ། །དེ་ནས་ལྷ་དེ་དག་སྙིང་འདར་ཞིང་དེ་ བཞིན་གཤེགས་པ་ལ་བལྟ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་འདི་ནི་ཐོགས་པ་མེད་པའི་ལས་ཡིན་ཏེ། ལས་ཐམས་ཅད་ལ་དོན་ཡོད་པ་ཡིན་ནོ། །སེམས་ ཅན་མ་རུངས་པའི་ལས་བྱེད་པ་གང་ཡིན་པ་དེ་དག་གིས་ཀྱང་ཇི་ལྟར་འདོད་པ་བཞིན་དུ་ལས་སྣ་ཚོགས་བྱེད་ནུས་ཤིང་ལྷ་རྣམས་ལ་ཡང་འཚེ་བར་ནུས་ཏེ་དགེ་བའི་རྩ་བ་བསྐྱེད་ཅིང་། །དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པའི་ལྷ་དེ་དག་ལ་ཡང་གནོད་པ་བྱེད་ནུས་སོ། །བརྟུལ་ཕོད་པའི་མི་དེ་དག་ ལ་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་གསང་བ་བསྟན་པར་བྱ་སྟེ། སེམས་ཅན་དེ་དག་གིས་དེ་མཐོང་ན་ཇི་ལྟར་འདོད་པ་བཞིན་དུ་བྱེད་པར་འགྱུར་རོ། །སེམས་ཅན་ངའི་གསང་བའི་ཕྱག་རྒྱའི་ཚོགས་མཐོང་བ་གང་ཡིན་པ་དེ་དག་གིས་ནི་དོན་ཡོད་པའི་ལས་ཀྱི་མཆོག་གིས་ལྷ་ཐམས་ཅད་དང་ ང་ལ་གཙེ་བར་ནུས་སོ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་རྣམས་ལ་སྨན་པའི་སླད་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བཀའ་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའི་གསང་བ་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་མཱ་མ་ཀཱིའི་ཕྱག་རྒྱས་ བཏབ་པ་བདག་གིས་བཤད་པར་འཚལ་ལོ། །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རིག་པ་མཆོག་གི་རིག་སྔགས་ཆོ་ག་རྒྱས་པ་ཆེན་པོ་དོན་ཡོད་པར་བསྒྲུབ་པ་བཤད་དོ། །བཅོམ་ལྡན་ འདས་ལྷ་ཐམས་ཅད་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རིག་སྔགས་བཤད་པ་གང་ལགས་པའི་རིག་སྔགས་དེ་དག་བསྒྲུབ་པའི་སླད་དུ་ཡང་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་གང་ཐོས་ན་རིག་སྔགས་ཐམས་ཅད་དངོས་གྲུབ་ཏུ་འགྱུར་བ་བཤད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་ འདས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་བཤད་པ། ན་མོ་རཏྣ་ཏྲ་ཡ་སྱ། ནམཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཏདྱ་ཐཱ། ཨུཥྚི་རི་ལི། མཾ་ག་ལྱེ། སཾ་ཧ་རི་བ་ལ་ན་རི་སྭཱ་ཧཱ། རིག་སྔགས་ཐམས་ཅད་ ཀྱི་སྙིང་པོ་ཐོས་མ་ཐག་ཏུ་ས་རྣམ་པ་དྲུག་ཏུ་གཡོས་ཏེ། གཡོ་བ་དང་མི་གཡོ་བའི་རྒྱུ་སྐར་དང་། གཟའ་ཆེན་པོ་རྣམས་འཁྲུགས་སོ། །བཅོམ་ལྡན་འདས་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་འདི་ནི་བདག་གི་རིག་པ་མཆོག་ལགས་ཏེ། མཉམ་པ་མ་མཆིས་ལ་སྟོབས་ཆེ་ཞིང་ རྨད་དུ་བྱུང་བ་ལགས་སོ། །འདི་ནི་བདག་གི་གསང་བ་ལགས་ཏེ། མུ་འདི་ཆོ་ག་དང་ལྡན་པར་འདོད་པ་དེས་ནི་དེ་བཞིན་གཤེགས་པའི་སྤྱན་སྔར་དྲི་དང་མེ་ཏོག་དང་བདུག་པ་ཕུལ་ལ། ལག་ན་རྡོ་རྗེ་ལ་ཡང་མེ་ཏོག་དམར་པོ་ཕུལ་ཏེ། ཞག་གཅིག་སྨྱུང་བ་བགྱིས་ཏེ་བྱང་ཆུབ་ཀྱི་ སེམས་ཡོངས་སུ་བཟུང་ལ་བླ་མ་ལ་ཡང་མཆོད་ཅིང་ཡོན་ཕུལ་ནས་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་དང་། རིག་པ་མཆོག་གདོན་པར་བགྱིའོ། །དེ་ནས་ལྷ་ཐམས་ཅད་ཡིད་རབ་ཏུ་དགའ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་ དཔའ་ཆེན་པོ་ལེགས་སོ་ལེགས་སོ། །རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་འཛིན་པའི་རིག་སྔགས་འཆང་དེ་ལ་མྱུར་དུ་དངོས་གྲུབ་སྩོལ་ཅིག །དེ་ནས་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་ཁྱོད་ཉོན་ཅིག །ངས་གསང་བའི་དཀྱིལ་འཁོར་བཤད་པ་ལས་ གསང་བ་དང་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་བསྟན་པ་གང་ཡིན་པ་འདི་དང་། རིག་པ་མཆོག་སུ་འདོད་པའམ་མཆོད་པར་བྱེད་པ་དེ་ལ་ནི་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་དམ་པ་སྦྱིན་པར་འགྱུར་རོ། །ཅི་སྟེ་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་དང་། །རིག་སྔགས་ཀྱི་རིགས་མ་མཐོང་བ་ ཞིག་ཡིན་ན་ནི་མྱོས་པར་འགྱུར་རེ། །འདི་མཐོང་ན་ནི་ཆོ་ག་རྒྱས་པ་ཆེན་པོ་བརྒྱད་ཀྱང་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་བདག་གི་གསང་བའི་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་འདི་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དད་པ་དང་འཕགས་ བ་ལག་ན་རྡོ་རྗེའི་རིགས་ལ་དང་བར་བགྱིད་པ་དང་། བླ་མ་ལ་ཕན་འདོགས་པར་བགྱིད་པ་དེ་ལ་སྩལ་བར་བགྱིའོ། །དེ་ལྟར་མ་བགྱིས་ན་མ་རུང་བར་འགྱུར་རོ། །བདག་གི་རིག་སྔགས་ཀྱི་རྒྱལ་པོའི་ཆོ་ག་རྒྱས་པ་འདི་ནི་དེ་ལ་གནས་པར་འགྱུར་རོ། དེ་ནས་བཅོམ་ལྡན་འདས་ལག་ན་ རྡོ་རྗེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིག་སྔགས་ཐམས་ཅད་ཀྱི་སྙིང་པོའི་ལས་བདག་གིས་བཤད་པར་འཚལ་ལོ། །དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་དཀྱིལ་འཁོར་དེར་ལྷ་འདུས་པ་ རྣམས་ཀྱིས་རྡོ་རྗེ་འཛིན་གྱི་ཚིག་དེ་ཐོས་ཏེ་ཐོས་ནས་དེ་དག་འབྲོས་པ་ལ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་རིག་སྔགས་ཐམས་ཅད་སྙིང་པོའི་ལས་འདི་ནི་ལྷ་རྣམས་ལ་གནོད་ཀྱིས་ ཐོང་ཤིག །དེ་ནས་རིག་སྔགས་ཀྱི་བདག་པོ་ལག་ན་རྡོ་རྗེ་སྟན་དེ་ལས་ལངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་རྣམས་ལྟ་གར་མཆིས་ཀྱིས་དེ་བཞིན་གཤེགས་པས་རིག་སྔགས་ཐམས་ཅད་ཀྱི་སྙིང་པོའི་ལས་གནང་བར་མཛད་དུ་གསོལ། དེ་ནས་ བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་ལས་བདག་གིས་བཤད་བར་འཚལ་ན་དེ་བཞིན་གཤེགས་པས་གནང་མཛད་དུ་གསོལ། བདེ་བར་གཤེགས་པས་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རིག་ སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་ལྷ་རྣམས་ལ་གནོད་ཀྱིས་ཐོང་ཤིག་ཐོང་ཤིག །དེ་ནས་བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་ལྷ་རྣམས་དམ་ཚིག་བསྲུང་ན་བདག་གིས་བསྐྱང་བར་བགྱིའོ། །བཅོམ་ལྡན་འདས་ལྷ་གང་རིག་སྔགས་ཐམས་ཅད་ཀྱི་སྙིང་པོའི་མིང་ཐོས་པ་ནའང་དངོས་གྲུབ་སྩོལ་བར་མི་བགྱིད་པ་དེ་ལ་ནི་བདག་གིས་དགུམ་པའི་སླད་དུ་ཕྱག་རྒྱའི་ཚོགས་མི་བཟད་པ་བཏང་བར་འཚལ་ལོ། །དེ་ནས་ བཅོམ་ལྡན་འདས་ལག་ན་རྡོ་རྗེས་རྣལ་འབྱོར་དམ་པ་ལ་གནས་ནས་ཕྱག་རྒྱའི་ཚོགས་རྗེས་སུ་དྲན་པར་བྱས་སོ། །བཅོམ་ལྡན་འདས་མ་ཕྱག་རྒྱའི་རྒྱལ་མོ་ཕྱག་རྒྱ་ལ་འཚེ་བ། ཕྱག་རྒྱ་ལ་ཕུར་བུ་འདེབས་པ། །ལྷ་ཐམས་ཅད་སྐྲག་པར་བྱེད་པ། གནོད་སྦྱིན་གྱི་ཚོགས་ཐམས་ཅད་ཚར་ གཅོད་པ། གསོད་པ་གནོད་པར་བྱེད་པ། ཕུར་བུས་འདེབས་པ། སྐྲག་པར་བྱེད་པ། ཞི་བར་བྱེད་པ། རྒྱས་པར་བྱེད་པ། བདེ་བར་བྱེད་པ། ཕྱག་རྒྱ་བཞིའི་བདག་མོའི་རྒྱལ་མོ་མཱ་མ་ཀཱིའང་རྗེས་སུ་དྲན་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་མ་ཕྱག་རྒྱའི་ཚོགས་བརྒྱད་ཅུས་ བསྐོར་བ་འབར་བ་དང་བཅས་པ། མེ་སྟག་འཕྲོ་བ་དང་བཅས་པ། བསྲེག་པའི་རང་བཞིན་ཅན་གྱིས་ལག་ན་རྡོ་རྗེ་གཙོ་བོར་བྱས་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱན་སྔར་འདུག་གོ། །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ནས་ གསང་སྔགས་བཤད་པ། ན་མོ་རཏྣ་ཏྲ་ཡ་སྱ། ཨོྃ་ཀུ་ལནྡྷ་རི་སྭཱ་ཧཱ། དེ་ནས་གསང་བའི་བདག་པོ་བློ་དང་ལྡན་པས་འདི་སྨྲས་མ་ཐག་ཏུ་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་དེ་དག་ཕྱག་རྒྱ་རྣམས་ཀྱིས་བཅོམ་ནས་ལག་ན་རྡོ་རྗེའི་དཀྱིལ་འཁོར་དུ་ཞུགས་སོ། །གདོན་དྲག་པོ་དང་སྲིན་པོ་མ་ རུངས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཕྱག་རྒྱ་རྣམས་ཀྱིས་ཞེ་བཅིལ་ནས་ཁྲག་སྐྱུག་བཞིན་དུ་ལག་ན་རྡོ་རྗེའི་ཞབས་དྲུང་དུ་བཞག་གོ། །དེ་ནས་ལྷ་དེ་དག་རྟབ་རྟབ་ཏུ་གྱུར་ཏེ་ཕྱག་རྒྱ་རྣམས་ཀྱིས་བཅོམ་ནས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རྡོ་རྗེ་འཛིན་ཆེན་པོ་ཕྱག་རྒྱའི་ ཚོགས་ཀྱིས་ཤིན་ཏུ་འཇིགས་ཀྱིས་བདག་ཅག་ཡོངས་སུ་བསྐྱབ་པར་གསོལ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ལྷ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་མ་འཇིགས་ཤིག་མ་འཇིགས་ཤིག །ཕྱག་རྒྱའི་ཚོགས་དེ་ཉིད་དྲན་པར་གྱིས་ཤིག་དང་། དེས་ཞི་བར་འགྱུར་ རོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་འཛིན་ཆེན་པོ་ལྷ་འདི་དག་ཡང་དག་པར་དབུགས་ཕྱུང་ཤིག །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་གསང་བའི་དཀྱིལ་འཁོར་ལས་ལྷ་རྣམས་དང་རིག་སྔགས་འཆང་རྣམས་དང་། གདོན་རྣམས་ཀྱི་གསང་བ་བཤད་པ་དེ་ནི་བཅོམ་ལྡན་འདས་འགལ་བར་བགྱིར་མི་རུང་ལགས་ཏེ། སུ་འགལ་བར་བགྱིད་པ་དེ་ལ་བདག་ཁྲོས་ཏེ་ཕྱག་རྒྱའི་ ཚོགས་འཇིགས་པ་བཏང་བར་འཚལ་ལོ། །དེ་ནས་བདུད་རྩི་ཐབ་སྦྱོར་དེའི་ནང་ནས་ཡངས་ཏེ་འདི་སྐད་ཅེས་སྨྲས་སོ། །གདོན་རྣམས་ཆོས་ལུགས་མི་བཟད་པ། །མདའ་དང་གསང་སྔགས་གང་དག་དང་། །རྩི་སྨན་དང་ནི་སྦྱིན་སྲེག་གི། །ལས་ཀྱི་ཆོ་ག་གཏོང་འགྱུར་བ། ། ཤོད་ཅིག་ཤོད་ཅིག་རིག་རྒྱལ་ཆེ། །མར་བཏུང་བ་ཡི་ཆོ་ག་དང་། །གཏོར་མའི་ལས་ནི་ཚུལ་བཞིན་དང་། །གསང་བ་དང་ནི་ཐེ་ཚོམ་དང་། །གང་གིས་གསང་བ་གཏོང་གྱུར་པའི། །བསྲེག་པ་དང་ནི་བཅད་པ་དང་། །བསད་ཅིང་རུས་པ་གཞོམ་བྱ་བ། །དེ་དག་ཆོ་གར་གང་བཤད་ པ། །དེ་ནི་སྟོབས་ཆེན་བདག་ལ་གསུངས། །བདུད་རྩིའི་བདག་ཉིད་ཆེན་པོ་ཡིས། །འདོད་པ་དེ་སྐད་དྲིས་ནས་ནི། །དཔལ་དང་ལྡན་པ་རྡོ་རྗེ་འཛིན། །དཔའ་བོས་ཚིག་ནི་འདི་སྐད་སྨྲས། །མ་རུངས་གདོན་ལས་གསོ་བ་ཡི། །གསང་སྔགས་སྦྱོར་བའི་ཆོ་གའི་རིམ། །ང་ལ་སྟོབས་ ཆེན་ཁྱོད་ཀྱིས་དྲིས། །དྲིས་པ་གང་ཡིན་བཤད་པར་བྱ། །ལྷ་ཀུན་འཁོད་པའི་ནང་དུ་ཉོན། །གདོན་རྣམས་ཚར་ནི་གཅད་པ་དང་། །དེ་བཞིན་ལྷ་རྣམས་བསྐྱོད་པ་དང་། །ལྷ་རྣམས་ཕྱག་རྒྱས་གདབ་པ་དང་། །དེ་བཞིན་འཛིན་བྱེད་གསལ་བ་དང་། །རིག་སྔགས་རྣམས་ཀྱང་བསྒྲུབ་ པ་དང་། །རིག་སྔགས་ཆོ་ག་རྒྱས་གདབ་དང་། །དེ་བཞིན་གདོན་རྣམས་དཀྲུག་པ་དང་། །རིག་སྔགས་འཆང་ལ་བརྩེ་བ་དང་། །ཤིན་ཏུ་བྱིན་རླབས་དཀྱིལ་འཁོར་དང་། །ཕྱག་རྒྱའི་ཆོ་ག་འདིར་བཤད་དེ། །དཔའ་བོ་ལ་ནི་ཕྱག་འཚལ་ནས། །སྙིང་པོ་དགའ་བར་བྱེད་པའི་ཡུམ། ། འབྱུང་པོ་རྣམས་ནི་སྐྲག་བྱེད་ཅིང་། །ཆོ་གའི་དངོས་གྲུབ་སྩོལ་བར་བཤད། །སངས་རྒྱས་དཔའ་བོས་གསུངས་པ་ཡི། །གདོན་ཀུན་འགུགས་པའི་ལྕགས་ཀྱུ་མ། །དེ་ཡང་མགོ་བོས་ཕྱག་འཚལ་ནས། །གདོན་ཀུན་ལྕགས་ཀྱུ་བཤད་པར་བྱ། །ན་མོ་རཏྣ་ཏྲ་ཡ་སྱ། ན་མཥྩ་ཎྵ་ བཛྲ་པཱ་ཎི། རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། །མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཏདྱ་ཐཱ། བཛྲེ་བཛྲི་ཎི། །བཛྲི་ལི། བཛྲ་ཨངྐུ་ཤི། །ཧི་རི་ཧི་རི། །བཛྲ་མུཥྚི། །ཨོྃ་བཛྲ་ཛྭ་ལ། ཨངྐུ་ཤཱ་ཡ་ཕཊ། སིདྡྷ་ཤྩཎྜ། བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། གསང་བའི་དབང་པོ་བློ་ལྡན་གྱིས། །རིག་སྔགས་ འདི་ནི་བཤད་ནས་བྱང་། །དེ་ནས་ཟས་སུ་ལྷ་རྣམས་དང་། །གདོན་རྣམས་ཀྱི་ནི་ཁྲག་འཐུང་བའི། །ཕྱག་རྒྱ་དེ་དག་ལྷགས་པར་གྱུར། །དེ་ནས་ཅ་ཅོའི་སྒྲ་བཏོན་ནས། །གསང་བའི་དབང་པོ་སྟོབས་ཆེན་གྱིས། །གདོན་རྣམས་ཀྱི་ནི་གསང་བའི་མཆོག །རབ་ཏུ་གསང་ བ་འདི་བཤད་དེ། །ཕྱག་རྒྱ་དག་ནི་བཅྭ་བརྒྱད་རྣམས། །ཆོ་གའི་དངོས་གྲུབ་སྦྱིན་བྱེད་པ། །ཕྱག་རྒྱ་འབར་བའི་སྟོབས་པོ་ཆེ། །གདོན་རྣམས་སེལ་བ་འདི་བཤད་དོ། །གསང་བ་པ་ཡང་འཇིག་བྱེད་པའི། །ཕྱག་རྒྱ་རྒྱལ་དང་རྣམ་རྒྱལ་བ། །རྡོ་རྗེ་མཚན་དང་རྡོ་རྗེ་རྟགས། ། བཀྲ་ཤིས་ཤིན་ཏུ་བཀྲ་ཤིས་དང་། །པདྨ་དང་ནི་པདྨ་ཕྲེང་། །གཡུང་དྲུང་རིས་ཀྱང་དེ་བཞིན་ཏེ། །མདུང་རྩེ་གསུམ་པ་རྡོ་རྗེ་དང་། །མཆེ་བ་དང་ནི་མདུང་ཐུང་དང་། །ཀླུ་ལག་དང་ནི་ཞགས་པ་དང་། །རལ་གྲི་དབྱིག་པ་འཁོར་ལོ་རྣམས། །དྲག་ཅིང་ཕ་རོལ་གནོན་པ་ཡི། །ཕྱག་ རྒྱ་འདི་དག་བདག་གིས་བཤད། །དེ་ནས་ལྷ་ཚོགས་དེ་དག་དང་། །འབྱུང་པོ་དང་ནི་ཟ་བ་དང་། །དེ་བཞིན་སྲིན་པོ་རྣམས་སྐྲག་ནས། །གཅིག་ལ་གཅིག་བལྟས་མགོ་བོ་ཡིས། །ལག་ན་རྡོ་རྗེ་ཕྱག་འཚལ་ནས། །འདི་སྐད་ཀྱི་ནི་ཚིག་སྨྲས་པ། །རབ་འཇིགས་ཕྱག་རྒྱའི་ཚོགས་ རྣམས་ལས། །གསང་བའི་དབང་པོས་བསྐྱབ་པར་གསོལ། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །མ་འཇིགས་མ་འཇིགས་བཟོད་ལྡན་དག །མངའ་བདག་རིག་སྔགས་ཀུན་དབང་པོ། །ཕྱག་རྒྱ་བཅྭ་བརྒྱད་གོ་ཆ་ཅན། །ཕོ་ཉ་ མོར་བཅས་བལྟས་པའི་མཆོག །རིག་སྔགས་ཀུན་གྱིས་བསྐོར་བའི་རྗེ། །རིག་སྔགས་རྒྱལ་པོ་དྲན་པར་གྱིས། །བཅོམ་ལྡན་འདས་མས་གྲུབ་སྟན་དང་། །རིག་སྔགས་ཀུན་གྱི་སྙིང་པོ་ལས། །བཤད་པ་དག་ཀྱང་དྲན་པར་གྱིས། །དེ་དག་དྲན་པས་ འཇིགས་མེད་ཅིང་། །ཕྱག་རྒྱ་རྣམས་ཀྱིས་གསང་བར་མཐོང་། །སྤྱོད་གཟུགས་སྣ་ཚོགས་གདོན་རྣམས་ལ། །རྡོ་རྗེའི་ཕྱག་རྒྱ་གང་བཏབ་ན། །གདོན་རྣམས་ཕྱོགས་བརྒྱར་འབྱེར་བ་ཡི། །ཕྱག་རྒྱའི་ཚུལ་ཡང་བསྟན་པར་གྱིས། དེ་ནས་ལྷའི་ཚོགས་དེ་དག་གིས་ ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་གང་ན་ཕྱག་རྒྱ་འདི་དག་གི་མིང་ཙམ་གནས་པ་དེར་ཡང་དཔག་ཚད་ལྔའི་ནང་ཚུན་ཆད་དུ་བདག་ཅག་ཡོངས་སུ་མི་གནས་སོ། །བཟོད་ལྡན་དག་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ང་ཡང་རིག་སྔགས་ཀྱིས་བསྐོར་བའི་ ཕྱག་རྒྱ་འདི་དག་གང་ན་གནས་པ་དེ་ན་གནས་སོ། །གདོན་རྣམས་ལ་ནི་རྟག་ཏུ་ཕྱག་རྒྱའི་མཚན་ཉིད་བསྟན་པར་བྱའོ། །གདོན་ཐམས་ཅད་ལ་རྡོ་རྗེ་སྨོས་པའི་ལྕགས་ཀྱུ་མ། རྡོ་རྗེ་ལྕགས་ཀྱུ་མའི་ཕྱག་རྒྱ་དང་ལྡན་པས་ཀྱང་སྦྱར་བར་བྱའོ། །དེ་ལ་ཕྱག་རྒྱ་རྣམས་ཀྱི་རྟགས་ དང་མཚན་ཉིད་ངས་བཤད་པར་བྱ་སྟེ། ལག་པ་གཡས་པའི་མཐེ་བོས་སོར་མོ་རྣམས་ཀྱི་སེན་མོ་མནན་ཏེ། ཁུ་ཚུར་བཅངས་ལ་མཛུབ་མོ་བརྐྱང་སྟེ་རྡོ་རྗེ་ལྟར་བྱས་པ་ནི་རྒྱལ་བའིའོ། །གུང་མོ་ཡང་བརྐྱང་ལ་སོར་མོའི་བར་ནས་གང་ཙམ་གྱིས་ཕྱེ་བ་ནི་རྣམ་པར་རྒྱལ་བའི་འོ། ། སྲིན་ལག་དང་བཅས་པར་བརྐྱང་ལ་སོར་མོ་དེ་དག་གི་བར་ནས་གཉིས་ཙམ་གྱིས་ཕྱེ་བ་ནི་རྡོ་རྗེ་མཚན་གྱིའོ། །དེ་ཉིད་ལས་སོར་མོ་ཐར་ཕྲལ་ཏེ་བྲང་གི་དཀྱིལ་དུ་བཞག་པ་ནི་རྡོ་རྗེ་རྟགས་ཀྱིའོ། །ཕྱག་འཚལ་བའི་ཐལ་མོ་ལས་སོར་མོ་རྣམས་ཀྱི་བར་དུ་སོར་མོ་ཐབས་བཙུག་ནས་ལག་པའི་རྒྱབ་ ཏུ་ལེགས་པར་སྦྱར་ལ་གུང་མོ་དང་མཐེའུ་ཆུང་གཉིས་གཤིབས་ཏེ་བཞག་ནས་བྲང་གི་དཀྱིལ་དུ་བཞག་པ་ནི་བཀྲ་ཤིས་ཀྱིའོ། །དེ་ཉིད་ལྟེ་བའི་གནས་སུ་བཟུང་བ་ནི་ཤིན་ཏུ་བཀྲ་ཤིས་ཀྱིའོ། །ཕྱག་འཚལ་བའི་ཐལ་མོ་ལས་པདྨའི་སྦུབས་འདྲ་བར་བྱས་ལ་གུང་མོ་གཉིས་སྤྲད་དེ་ལྷག་མ་རྣམས་ ཡིད་ཙམ་གྱིས་མ་ཕྲད་པར་བྱས་པ་ནི་པདྨ་མཚན་གྱིའོ། །དེ་ཉིད་ལས་མཐེ་བོང་དང་མཐེའུ་ཆུང་གཉིས་སྤྲད་པ་ལ་ལྷག་མ་རྣམས་མི་སྤྲད་པ་ནི་པདྨ་ཕྲེང་བའི་འོ། །ལག་པ་གཉིས་བཀན་ཏེ་མཛུབ་མོ་དང་སྲིན་ལག་རྣམས་བསྣོལ་བར་དཀྲིས་ལ་མཐེ་བོང་གཉིས་ལག་པའི་ནང་དུ་བཀུག་ ནས་སོར་མོ་ལྷག་མ་རྣམས་ནི་ཐམས་ཅད་ཀྱང་འདྲ་བར་སོ་སོ་ནས་ལག་པའི་གཏིང་དུ་གདུ་བུ་ལྟར་བཀུག་པ་ནི་གཡུང་དྲུང་རིས་ཀྱིའོ། །སོར་མོ་ཕན་ཚུན་བསྣོལ་ཏེ་ཁུ་ཚུར་བཅངས་ལ་ལག་ངར་ཡང་གཅིག་ཏུ་སྦྱར་ནས་གུང་མོ་བསྒྲེངས་ཏེ་གཤིབས་ལ་མཛུབ་མོ་གཉིས་བརྐྱང་སྟེ་ནང་དུ་ཡང་མི་ དགུག །ཕྱི་རོལ་དུ་ཡང་མི་དགྱེ་བར་ཐ་མལ་པར་བསྒྲེང་ནས་མཐེ་བོང་གཉིས་ནང་དུ་གཞུག་པ་ནི་མདུང་རྩེ་གསུམ་པའི་འོ། །ཕྱག་འཚལ་བའི་ཐལ་མོ་ལས་སྲིན་ལག་ལུ་གུ་རྒྱུད་ལྟར་དཀྲིས་ལ་མཐེ་བོས་སྲིན་ལག་གི་སེན་མོ་གཉིས་མནན་ནས་མཛུབ་མོ་དང་གུང་མོ་དང་། མཐེའུ་ཆུང་རྣམས་ གཞིབས་ཏེ་བཞག་ལ་སོར་མོ་དེ་རྣམས་ཀྱི་བར་ནས་གཉིས་ཙམ་གྱི་ཚད་ཙམ་དུ་བྱས་ཏེ། དྲུང་དུ་ཁོང་སྟོང་དུ་བྱ་བ་འདི་ནི་རྡོ་རྗེའི་འོ། །ཕྱག་འཚལ་བའི་ཐལ་མོ་ལས་སོར་མོ་རྣམས་ནང་དུ་བསྣོལ་ཏེ་ཁུ་ཚུར་བཅངས་པ་ལག་པ་གཡས་པའི་གུང་མོའི་སྟེང་དུ་ཕྱུང་སྟེ། བརྐྱང་བ་མཆོད་སྡོང་གི་དབྱིབས་ ལྟར་བྱས་ཏེ་བཞག་པ་ནི་མཆེ་བའི་འོ། །ཕྱག་འཚལ་བའི་ཐལ་མོ་ལས་སོར་མོ་རྣམས་ཕྱི་རོལ་དུ་བསྣོལ་ཏེ། ཁུ་ཚུར་བཅས་ལ་སོར་མོ་ལག་པའི་རྒྱབ་ཏུ་གཞར། ལག་ངར་གཉིས་གཤིབས་ཏེ་གཅིག་ལ་གཅིག་སྦྱར་ཏེ་ལག་པའི་རྟིང་སྤྲད་ལ་གུང་མོ་བརྐྱང་སྟེ་གཤིབས་པ་ནི་མདུང་ཐུང་གིའོ། ། ཕན་ཚུན་བསྣོལ་མར་དཀྲིས་ལ་ལག་པ་གཉིས་ཀྱི་མཐེ་བོང་དང་། མཐེའུ་ཆུང་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ནས་སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་ལས། ཀླུ་མགོའི་གདེངས་ཀ་ལྟར་བྱས་ཏེ། བར་རྣམས་ནས་གང་ཙམ་དུ་བྱ་བ་ནི་ཀླུའི་ལག་གིའོ། །ལག་པ་གཉིས་ཀའི་མཐེ་བོས་མཐེའུ་ ཆུང་གི་སེན་མོ་མནན་ཏེ། ཞགས་མིག་གི་དབྱིབས་ལྟར་བྱས་ལ་ལག་པ་གཡོན་པ་བཀན་ནས་ལག་པ་གཡས་པ་ཁས་ཕུབ་སྟེ་སྦྱར་ལ་སོར་མོ་རྣམས་ཀྱི་ངོས་སོ་སོར་ལེགས་པར་ཕྲད་པར་བྱ་བ་ནི་ཞགས་པའི་འོ། །སོར་མོ་རྣམས་ཕན་ཚུན་ནང་དུ་བསྣོལ་ལ། ལག་པ་གཉིས་ཀྱི་གྲུ་མོ་སྦྱར་ ཏེ་གུང་མོ་གཉིས་གཤིབས་ནས་མཐེ་བོ་གཉིས་ཀྱི་ནང་དུ་གུང་མོ་གཉིས་ཀྱི་གནས་སུ་བཅུག་ནས་ལག་པ་གཡས་པའི་གུང་མོ་དྲང་པོར་བསྒྲེང་ལ། གཡོན་པའི་གུང་མོ་བཀུག་པའི་རྩེ་མོ་མཐེ་བོང་དང་ཕྲད་པ་ནི་རལ་གྲིའིའོ། །དེ་ཉིད་ལས་གཡས་པའི་གུང་མོ་རང་གི་གནས་ སུ་ནང་དུ་བཅུག་ལ་ལག་པ་གཡོན་པའི་གུང་མོ་གྱེན་དུ་དྲང་པོར་བསྲང་བ་ནི་དབྱུག་པའིའོ། །ལག་པ་གཡོན་པ་བཀན་ལ་ལག་པ་གཡས་པ་ཁས་བུབ་སྟེ། གཅིག་ལ་གཅིག་ངོས་སྦྱར་ནས་གཡོན་པའི་མཐེའུ་ཆུང་སྟེང་ན་འདུག་པའི་ཚིགས་ཀྱི་སྲུབས་བཞག་སྟེ། ཚིགས་གཅིག་ཙམ་ ཕྱིར་ལྷག་པར་བྱ། གཡོན་པའི་མཐེའུ་ཆུང་གི་རྩེ་མོར་གཡས་པའི་མཐེ་བོའི་ཚིགས་ཀྱི་སྲུབས་བཞག་སྟེ། ཚིགས་གཅིག་ཙམ་ཕྱིར་ལྷག་པར་བྱ་སྟེ། སེན་མོ་ལྷག་མ་རྣམས་ནི་མདུང་རྩེ་གསུམ་པའི་ཚུལ་དུ་བཞག་སྟེ། འཁོར་ལོའི་མཚན་ཉིད་བྱས་ལ་སོར་མོ་རྣམས་ཀྱི་ཐོར་ཏོ་ལག་ པའི་སྟེང་དུ་དམར་པོས་བཀྲམ་པ་ནི་འཁོར་ལོའིའོ། །དེ་ལ་དེ་དག་གསང་སྔགས་རྣམས། །བདག་གིས་སུ་ནི་མདོར་བཤད་དེ། །རིམ་བཞིན་དུ་ནི་ངས་བཤད་པ། །ཅི་རིགས་པར་ནི་མཉན་པར་གྱིས། །ན་མོ་བཛྲ་པཱ་ཎི་སྱ། ཨོྃ་ཛ་ཡེ་ཛ་ཡ་བ་ཧེ་སྭཱ་ཧཱ། རྒྱལ་བའི་གསང་ སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོྃ་བི་ད་ཡེ་བི་ཀྲ་མེ། ཏྲཻ་ལོ་ཀྱ་བི་ཀྲ་མེ་སྭཱ་ཧཱ། རྣམ་པར་རྒྱལ་བའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོྃ་བཛྲཱཾ་ཀེ་སྭཱ་ཧཱ། རྡོ་རྗེ་མཚན་གྱི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོྃ་བཛྲ་ཙིཧྣི་སྭཱ་ཧཱ། རྡོ་རྗེ་རྟགས་ཀྱི་གསང་སྔགས་ སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོྃ་སྭ་སྟི་ཀ་བི་ཤུདྡྷ་རཏྣེ་སྭཱ་ཧཱ། བཀྲ་ཤིས་ཀྱི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོྃ་ཏྲི་ཤངྐུ་སྭཱ་ཧཱ། ཤིན་ཏུ་བཀྲ་ཤིས་ཀྱི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོྃ་ཤྲཱི་བ་ཧེ་སྭཱ་ཧཱ། པདྨ་མཚན་གྱི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོྃ་བི་ཤུདྡྷེ་སྭཱ་ཧཱ། པདྨ་ཕྲེང་གི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། །ཨོྃ་པྲ་མརྡི་ནི་སྭཱ་ཧཱ། གཡུང་དྲུང་རིས་ཀྱི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། །ཨོྃ་བ་ཏྲ་ས་ནི་པྲ་མ་རྡ་ནི་ཙྪིནྡ་བིནྡ་ནི་སྭཱ་ཧཱ། མདུང་རྩེ་གསུམ་པའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོྃ་བི་ནཱ་ཡ་ ཀ་ནཱ་ཤ་ནི་སྭཱ་ཧཱ། རྡོ་རྗེའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོྃ་སརྦ་དུཥྚཾ་པྲ་མརྡ་ནི་ཡེ་སྭཱ་ཧཱ། མཆེ་བའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོྃ་ཨ་ཏི་ཤ་ཡཱ་བི་ཀྲ་མེ་སྭཱ་ཧཱ། མདུང་ཐུང་གི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། །ཨོྃ་ཧཱུྃ་ཕཊ་སྭཱ་ཧཱ། ཀླུ་ ལག་གི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོྃ་པཱ་ཤེ་སྭཱ་ཧཱ། ཞགས་པའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོྃ་བིད་ཏྲཱ་ས་ནི་སྭཱ་ཧཱ། རལ་གྲིའི་གསང་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ཨོྃ་མ་ཧཱ་དཎྜ་སྭཱ་ཧཱ། དབྱུག་པའི་གསང་སྔགས་སོ། །ན་མོ་བཛྲ་ པཱ་ཎི་སྱ། ཨོྃ་ཙཀྲ་ཨ་སྤུ་ཏངྐེ་སྭཱ་ཧཱ། འཁོར་ལོའི་གསང་སྔགས་སོ། །ཕྱག་རྒྱའི་ལས་རྣམས་མཐུ་བསྐྱེད་ཕྱིར། །གསང་སྔགས་འདི་དག་བཤད་པ་ཡིན། །ཕྱག་རྒྱ་ཡི་ནི་ལས་རྣམས་ཀྱི། །མཚན་ཉིད་བདག་གིས་བཤད་པར་བྱ། །དེ་ལ་རྒྱལ་བའི་ཕྱག་རྒྱ་ནི། །ལྷ་ཡི་ གདོན་ལ་བསྟན་པར་བྱའོ། །རྣམ་པར་རྒྱལ་བའི་ཕྱག་རྒྱ་ནི་དྲི་ཟ་ལ་བསྟན་པར་བྱའོ། །རྡོ་རྗེའི་མཚན་ནི་འབྱུང་པོ་ལ་བསྟན་པར་བྱའོ། །རྡོ་རྗེ་རྟགས་ནི་ལྷ་མ་ཡིན་རྣམས་ལ་བསྟན་པར་བྱའོ། །བཀྲ་ཤིས་ནི་ཚངས་པའི་སྲིན་པོ་རྣམས་ལ་བསྟན་པར་བྱའོ། །ཤིན་ཏུ་བཀྲ་ཤིས་ནི་ གནོད་སྦྱིན་རྣམས་ལ་བསྟན་པར་བྱའོ། །པདྨ་མཚན་གྱི་ནི་སྲིན་པོ་རྣམས་ལ་བསྟན་པར་བྱའོ། །པདྨ་ཕྲེང་བཞི་ནི་གཟུ་ལུམས་ཅན་རྣམས་ལ་བསྟན་པར་བྱའོ། །གཡུང་དྲུང་རིས་ཀྱི་ནི་བེ་ས་ར་ལ་བསྟན་པར་བྱའོ། །མདུང་རྩེ་གསུམ་པ་ནི་སྨྱོ་བྱེད་རྣམས་ལ་བསྟན་པར་བྱའོ། །རྡོ་རྗེ་ནི་ ལོག་འདྲེན་རྣམས་ལ་བསྟན་པར་བྱའོ། །མཆེ་བ་ནི་ཤ་ཟ་རྣམས་ལ་བསྟན་པར་བྱ་སྟེ། ལྷག་པར་ཡང་ཙི་བ་ནི་ལ་བསྟན་པར་བྱའོ། །མདུང་ཐུང་ནི་བརྗེད་བྱེད་རྣམས་ལ་བསྟན་པར་བྱའོ། །ཀླུ་ལག་ནི་དུག་རྒྱས་པར་བྱེད་པའི་ཀླུ་རྣམས་ལ་བསྟན་པར་བྱའོ། །ཞགས་པ་ནི་ནམ་གྲུ་ལ་བསྟན་ པར་བྱའོ། །རལ་གྲི་ནི་བྱ་ལ་བསྟན་པར་བྱའོ། །དབྱུགས་པ་ནི་སྐེམ་བྱེད་ལ་བསྟན་པའོ། །འཁོར་ལོ་ནི་གཞོན་ནུ་ལ་བསྟན་པར་བྱའོ། །མཱ་མ་ཀཱི་ནི་ཐམས་ཅད་ལ་བསྟན་པར་བྱའོ། །རྟགས་བཅས་མཚན་ཉིད་བཅས་པ་ཡི། །ཕྱག་རྒྱ་འདི་དག་བདག་གིས་བཤད། །གདོན་རྣམས་ རྣམ་པར་འཕྲུལ་པ་ལ། །རྡོ་རྗེ་ལྕགས་ཀྱུ་བསྟན་བྱ་ཞིང་། །རྡོ་རྗེ་འཛིན་པ་བཟླས་བརྗོད་བྱ། །ལག་ན་རྡོ་རྗེས་བཤད་པ་ཡི། །ཕྱག་རྒྱ་འདི་ནི་གཅོད་བྱེད་པ། །གང་ཡིན་དེ་ལ་བདག་གིས་སུ། །རྡོ་རྗེ་འབར་བ་རབ་འབར་གྱིས། །སྤྱི་བོ་ཡང་ནི་གཞོམ་པར་ བྱ། །ལག་ན་རྡོ་རྗེས་སྔགས་བསྟན་པ། །གདོན་རྣམས་འཇིག་པར་བྱེད་པ་འདི། །རིག་སྔགས་རྣམས་ནི་བསྒྲུབ་པའི་ཕྱིར། །ལག་ན་རྡོ་རྗེའི་བཀའ་མཆོག་གིས། །རང་གི་མཚན་ནི་བསྟན་ན་འགྲུབ། །མཱ་མ་ཀཱི་ནི་ཕྱག་རྒྱ་ཡི། །རྟགས་བཅས་མཚན་མ་གར་གནས་པ། ། ལྷ་རྣམས་ཀུན་གྱིས་ཚུགས་མི་འགྱུར། །ཕྱག་རྒྱ་ཀུན་ལྡན་མཱ་མ་ཀཱིའི། །ཕྱག་རྒྱ་འདི་ནི་བདག་གིས་བཤད། །མདུང་རྩེ་གསུམ་པ་ཕྱེད་མཚན་ཅན། །མཱ་མ་ཀཱི་ཡི་ཕྱག་རྒྱ་ནི། །གང་དུ་བསྟན་པ་དེ་དག་ཏུ། །ལྷ་དང་དྲི་ཟ་སྲིན་མི་གནས། །ལག་ན་རྡོ་རྗེའི་བཀའ་མཆོག་གིས། །གདོན་ རྣམས་ཐམས་ཅད་མ་རུངས་འགྱུར། །མཱ་མ་ཀཱི་ཡི་རྒྱས་བཏབ་པའི། །ཆོ་ག་རྒྱས་པ་འདི་བསྒྲུབ་ཅིང་། །དངོས་གྲུབ་འདོད་པ་གང་ཡིན་དེས། །གསང་བ་འདི་ནི་བསྟན་པར་བྱེད། །མཱ་མ་ཀཱི་ཡི་རྒྱས་བཏབ་པའི། །ཕྱག་རྒྱ་འདི་ནི་མཐོང་བ་དང་། །མཱ་མ་ཀཱི་ཡི་གསང་མཐོང་བས། ། ཆོ་ག་ཚུལ་བཞིན་བསྒྲུབ་པར་བྱ། །བསྒྲུབ་པ་གང་གིས་མ་ཀཱིའི། །མཐོང་ན་རིང་པོར་མི་ཐོགས་པར། །དངོས་གྲུབ་མཆོག་ཐོབ་ཐེ་ཚོམ་མེད། །མཱ་མ་ཀཱི་ཡི་ཕྱག་རྒྱའི་མཚན། །གསང་བ་བདག་གིས་བཤད་པ་ཡི། །ཕྱག་རྒྱ་འདི་ནི་གང་དག་ཏུ། །བཞག་ནས་དངོས་གྲུབ་ཕྱིར་ བསྒྲུབས་ན། །མཱ་མ་ཀཱི་ཡི་རྒྱ་མཐོང་བས། །རིང་པོར་མི་ཐོགས་དངོས་གྲུབ་ཐོབ། །ཕྱག་རྒྱ་ལྕགས་ཀྱུ་ལྷན་ཅིག་ཏུ། །གདོན་རྣམས་ཀུན་ལ་སྦྱར་བར་བྱ། །རིག་སྔགས་རྣམས་དང་སྦྱིན་སྲེག་ལས། །གཏོར་མ་བྱས་ཤིང་མར་འཐུངས་ཀྱང་། །དྲག་ཅིང་མི་བཟད་ཕ་རོལ་གནོན། ། གདོན་རྣམས་གང་དུ་མི་འགྲོ་དེར། །ཕྱག་རྒྱ་མཐོང་ན་མི་བཟད་རྣམས། །ལྕགས་ཀྱུ་མ་དང་ལྷན་ཅིག་སྦྱར། །སོ་སོར་བསྟན་ཀྱང་གདོན་རྣམས་གང་། །འགྲོ་བར་མི་བྱེད་གང་ཡིན་པ། །དེ་ལ་ལག་ན་རྡོ་རྗེ་ཡི། །བཀའ་མཆོག་གིས་ནི་ཕྱག་རྒྱའི་ཚོགས། །མི་བཟད་རྣམས་ ཀྱང་བསྟན་པར་བྱ། །གཏུམ་པའི་གཟུགས་ཅན་མཱ་མ་ཀཱིའི། །གཅིག་པུ་མི་བཟད་བསྟན་པར་བྱ། །མཐོང་ནས་སེམས་ནི་མཱ་མ་ཀཱིས། །འཇིགས་ནས་གདོན་རྣམས་འབྱེར་བར་བྱེད། །ཕྱག་རྒྱའི་རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱང་བཤད་པར་བྱ་སྟེ། གདོན་ནི་ཆོས་ ལུགས་མི་བཟད་པ། རིག་སྔགས་ལ་འདའ་བར་བྱེད་པ་གང་ཡིན་པའི་གདོན་ཐམས་ཅད་གང་ཡིན་པ་དེ་ལ་ནི་ལས་འདི་བྱ་སྟེ། ས་ཕྱོགས་གཙང་མར་བརྟགས་ནས་རིག་སྔགས་ཀྱི་རྒྱལ་པོ་ཡོངས་སུ་སྦྱང་བར་བྱས་ལ། དེར་རྡོ་རྗེ་ལྕགས་ཀྱུ་མའི་ཕྱག་རྒྱ་མིང་དང་ལྡན་པར་གཞག་གོ། ། ཚོན་རྩི་སྣ་གསུམ་གྱི་ཕྱེ་མས་རྒྱལ་བ་དང་། རྣམ་པར་རྒྱལ་བ་དང་། །རྡོ་རྗེའི་མཚན་ནི་ཤར་ཕྱོགས་སུ་དགོད་དོ། །རྡོ་རྗེ་རྟགས་དང་། བཀྲ་ཤིས་དང་། ཤིན་ཏུ་བཀྲ་ཤིས་ནི་བྱང་ཕྱོགས་སུ་དགོད་དོ། །པདྨ་མཚན་དང་། པདྨ་ཕྲེང་དང་། གཡུང་དྲུང་རིས་ནི་ལྷོ་ཕྱོགས་སུ་དགོད་དོ། ། མདུང་རྩེ་གསུམ་པ་དང་། རྡོ་རྗེ་དང་། མཆེ་བ་ནི་ནུབ་ཕྱོགས་སུ་དགོད་དོ། །དཀྱིལ་འཁོར་གྱི་ནང་དུ་སོང་ལ་མདུང་ཐུང་ནི་ཤར་ཕྱོགས་སུ་གཞག་གོ། །ཀླུ་ལག་ནི་བྱང་ཕྱོགས་སུ་གཞག་གོ། །རལ་གྲི་ནི་ནུབ་ཕྱོགས་སུ་གཞག་གོ། །ཕྱག་རྒྱ་བཞིས་ནི་བསྐོར་ནས་ཀྱང་། བློ་ངན་དེ་ནི་ སྐྲག་པར་བྱ། དེ་ནས་དུག་བཞིན་དུ་དབྱུག་པའི་ཚུལ་དུ་བསྟན་ན་གདོན་དེ་ངུ་ཞིང་ཚིག་བཞིན་དུ་དཀྱིལ་འཁོར་དེར་འོང་བར་འགྱུར་ཏེ། དེར་རྡོ་རྗེ་ལྕགས་ཀྱུ་མས་བཟླས་བརྗོད་བྱས་ནས་ཕྱག་རྒྱའི་ཚུལ་བསྟན་ན་དེ་མཐོང་བས་དེ་ཉིད་དུ་འགྱེལ་ཏེ། གདོན་གྱི་རིགས་ཀྱང་བཅོམ་པར་འགྱུར་རོ། ། རིག་སྔགས་རྣམས་ཀྱི་གསང་བ་ཡི། །དཀྱིལ་འཁོར་འདི་ནི་གསང་མཆོག་ཡིན། །རིག་པ་མཆོག་གི་གསང་བའི་རྒྱུ། །གསང་བ་འདི་ནི་གང་མཐོང་དང་། །གང་གིས་ཕྱག་རྒྱ་འདི་མཐོང་བ། །དེ་ལ་ང་ནི་གནས་པ་ཡིན། །ཕྱག་རྒྱའི་གོ་ཆ་བགོས་ནས་ནི། །ལག་ན་རྡོ་རྗེའི་ བཀའ་མཆོག་གིས། །ཕྱག་རྒྱས་དྲང་ཞིང་མཐོང་བྱེད་གང་། །དེ་ལ་ང་ནི་རྟག་ཏུ་ཡང་། །ཕྱག་རྒྱ་བཅིངས་པས་དངོས་གྲུབ་སྦྱིན། །དངོས་གྲུབ་མཆོག་ཕྱིར་བསྟན་པ་ཡིས། །ཆོ་ག་ཇི་ལྟར་མཐོང་བ་བཞིན། །སྒྲུབ་པ་ཀུན་ལ་ཕྱག་རྒྱ་དགོད། །དེ་ནས་ལས་རྣམས་བརྩམ་ པར་བྱ། །བསྒྲུབ་པ་རྣམས་ཀྱི་དངོས་གྲུབ་ཕྱིར། །གང་གིས་མི་རྣམས་གྲུབ་ཕྱིར། །གང་གིས་མི་རྣམས་གྲུབ་འགྱུར་བ། །མཱ་མ་ཀཱི་ནི་རྟག་པར་གཞག །ཕྱོགས་གང་དུ་རིག་སྔགས་བསྒྲུབ་པ་དེར་མཱ་མ་ཀ