Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 095_རྒྱུད་འབུམ།_ཛ
Văn bản gốc(Tây Tạng)
Trang 7 / 19 (50.000 ký tự/trang)
པར་བྱེད་པ་རྡོ་རྗེ་འབར་བ་ཞེས་བྱ་བ་ཁྲོ་བོ་ཆེན་པོ་འདི་ངས་བཤད་པ་ ཡིན་ནོ། །འདིའི་ལས་ཀྱང་བཤད་པར་བྱ་སྟེ། གང་གིས་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་འགྲུབ་པར་བྱེད་པ་དང་། གང་གིས་དཀྱིལ་འཁོར་གྱི་ནང་དུ་གཏོགས་པའི་ལྷ་རྣམས་འགྲུབ་པར་བྱེད་པ་དང་། རིག་སྔགས་འཆང་ མཐུ་ཟད་པ་གང་ཡིན་པ་དག་དང་། རྒྱལ་པོ་དབང་ཕྱུག་ལས་ཉམས་པ་གང་ཡིན་པ་དག་དང་། ལྷའམ། ལྷའི་བུའམ། ཀླུའམ། ཀླུའི་བུའམ། གནོད་སྦྱིན་ནམ། གནོད་སྦྱིན་གྱི་བུའམ། སྲིན་པོའམ། སྲིན་པོའི་བུའམ། དྲི་ཟའམ། དྲི་ཟའི་བུ་མཐུ་ཆུང་ངུ་གང་ཡིན་ པ་དེ་དག་གི་མཐུ་བསྐྱེད་པའི་ཕྱིར་ཡང་ངས་བཤད་པར་བྱའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་གནས་དབེན་པའམ། ནྱ་གྲོ་དྷའི་དྲུང་དུ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལས་སྨན་ཨུཏྤ་ལ་དང་ལྡན་པ་ཞེས་བྱ་བ་བརྩོན་འགྲུས་ཆེན་མོ། །སྟོབས་ཆེན་མོ། །བཅོམ་ལྡན་ འདས་ཀྱིས་གསུངས་པའི་སྨན་དེའི་ཕྱེ་མས་བཅོམ་ལྡན་འདས་རྡོ་རྗེ་ཁྲོ་བོ་བྲི་བར་བྱ་སྟེ། ལག་པ་གཡོན་པ་ན་རྡོ་རྗེ་ཐོགས་ལ་ལག་པ་གཡས་པ་མཆོག་སྦྱིན་པར་བྱའོ། །དེའི་མདུན་དུ་བུམ་པ་མི་གནག་ཅིང་རྩ་བ་མེད་ལ་མགྲིན་ཆིངས་དང་བཅས་པ་ས་བོན་ཐམས་ཅད་ཀྱིས་གང་བར་ བྱས་ཏེ། བུམ་པ་དེའི་ནང་དུ་སྨན་ཨུཏྤལ་དང་ལྡན་པ་ཡང་གཞུག་གོ། །བུམ་པ་དེ་ཡང་གསེར་ལས་བྱས་ལ་འགྲོན་བུ་བཀྲམ་པ་ལས་བྱས་པའི་རྡོ་རྗེའི་སྟེང་དུ་རས་དཀར་པོ་བཞག་སྟེ། དེའི་དབུས་སུ་བུམ་པ་གཞག་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་བསམ་པ་རྒྱ་ ཆེན་པོས་ལྷ་བཤོས་དང་མཆོད་པ་རྒྱས་པར་བྱ་སྟེ། །གུ་གུལ་གྱིས་བདུག་པ་ཡང་དབུལ་ལོ། །དེ་ནས་རིག་སྔགས་འཆང་གིས་དཔལ་གྱི་ལྷ་མོའི་རིག་སྔགས་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ནས་དེའི་འོག་ཏུ་རྡོ་རྗེ་འབར་བ་ཁྲོ་བོ་ཆེན་པོ་ལན་བརྒྱ་སྟོང་བཟླས་བརྗོད་བྱའོ། །དེ་ནས་ ནང་པར་བུམ་པ་དེས་བདག་ཉིད་ཁྲུས་བྱའོ། །འགྲོན་བུ་ལས་བྱས་པའི་རྡོ་རྗེ་དང་གོས་དེ་ཡང་འཕགས་པ་ལག་ན་རྡོ་རྗེ་ལ་ཕུལ་ནས། བླ་མ་ཡང་དེ་དང་འདྲ་བའི་ཕྱིར་བླ་མ་ལ་དབུལ་ལོ། །དེ་ཕུལ་ནས་ཀྱང་ཡིད་ལ་བསམས་པ་བསླང་བར་བྱའོ། །དགེ་སློང་གི་དགེ་འདུན་རྣམས་ ཀྱང་ཅི་ནུས་ཀྱིས་སྟོན་པར་བྱའོ། །དེས་ན་ལྷ་ཐམས་ཅད་ཀྱི་ལས་མངོན་སུམ་དུ་འགྱུར་རོ། །ལས་འདི་ནི་སྐལ་བ་མེད་པས་མཐོང་བར་མི་འགྱུར་ཏེ། རིག་སྔགས་ལས་བྱུང་བའི་འབྲས་བུ་ཐོབ་པའམ། རིག་སྔགས་འཆང་གི་རིགས་དང་ལྡན་པ་གང་ཡིན་པ་དེ་དག་གིས་ མཐོང་བར་འགྱུར་རོ། །ལས་འདིས་དཀྱིལ་འཁོར་གྱི་ནང་དུ་གཏོགས་པའི་རིག་སྔགས་རྣམས་འགྲུབ་པར་འགྱུར་ཏེ། རིག་སྔགས་དེ་དག་དྲན་པ་ཙམ་གྱིས་བསྒྲུབ་པ་དང་། བསད་པར་ཡང་ནུས་པར་འགྱུར་རོ། །དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ ཆེན་པོ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་བཅོམ་ལྡན་འདས་མ་ཡུམ་གང་སྤྱི་བོར་བཀུར་ནས་རྡོ་རྗེ་འབར་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་པ་དང་། གང་བཟུང་བ་དང་། བཀླགས་པ་དང་བསྒྲུབས་ ན་རིག་སྔགས་འཆང་གིས་ང་དང་འདྲ་བའི་འབྲས་བུ་ཐོབ་པར་འགྱུར་བའི་བཅོམ་ལྡན་འདས་མ་ཡུམ་དེ་བཤད་ཀྱིས། ཁྱེད་རྣམས་ཀྱིས་རྒྱགས་པ་མེད་པའི་སེམས་ཀྱིས་ཉོན་ཅིག །དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་རྣམས་དགའ་ཞིང་མགུ་ལ་ཡི་རངས་ཏེ་བདེ་བ་ དང་། ཡིད་བདེ་བར་གྱུར་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་བསྟོད་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། །སྟོབས་དང་ཕ་རོལ་གནོད་པ་དཔག་ཏུ་མེད་པ་ལེགས་སོ། །ཁྱོད་ཀྱིས་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་བྱང་ཆུབ་སེམས་ དཔའ་ཆེན་པོ་བསྐྱེད་པར་བྱེད་པ་ཤོད་ཅིག་ཤོད་ཅིག །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ལག་ན་རྡོ་རྗེས་རང་གི་རིག་སྔགས་ཀྱི་ཚོགས་རྣམས་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟས་སོ། །འཁོར་འདུས་པ་དེ་དག་ཐམས་ཅད་ལ་ཡང་བལྟས་ནས་བཅོམ་ལྡན་འདས་ལ་ཕྱག་ འཚལ་ཏེ། སྙིང་དགའ་བར་བྱེད་པའི་ཡུམ་བཤད་དོ། །ན་མོ་རཏྣ་ཏྲ་ཡ་སྱ། ན་མཿཙཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སཻ་ནཱ་པ་ཏི་སྱ། ན་མ་ལ་ག་ཧྲྀ་ད་ཡེ། ན་མཿཤངྐ་རེ། ཤཱིནྟཾ་ཀ་རེ། གྷུ་ཊ་གྷུ་ཊ། གྷུ་ཊི་ནི། གྷ་ཊཱ་ཡ། གྷུ་ཊི་ནི་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་ འཇིག་རྟེན་ཡུམ་བཤད་མ་ཐག་ཏུ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། མུན་པ་དང་ར་བ་རིབ་དང་ལིང་ཏོག་གི་མུན་ནག་ཐམས་ཅད་མེད་པར་གྱུར་ཏོ། །སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་ཡི་དགས་ རྣམས་ཀྱི་སྡུག་བསྔལ་ཐམས་ཅད་ཀྱང་མེད་པར་གྱུར་ཏོ། །ལྷ་རྣམས་ཐམས་ཅད་ཀྱང་ངོ་མཚར་དུ་གྱུར་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལྷའི་ཡུམ་གྱི་ལས་རྣམས་ཤོད་ཅིག་ཤོད་ཅིག །བཅོམ་ལྡན་ འདས་བདག་ཅག་གིས་ཀྱང་ཡུམ་འཆང་བའི་རིག་སྔགས་འཆང་བའི་རིག་སྔགས་འཆང་དེ་ལ་ཡོངས་སུ་དགའ་ནས་མྱུར་དུ་དངོས་གྲུབ་སྦྱིན་ཞིང་བསྲུང་བ་དང་བསྐྱབ་པར་བགྱིའོ། །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་འཛིན་གྱིས་ལྷ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་དེ་དེ་ བཞིན་ནོ། །དེ་དེ་བཞིན་དུ་མཱ་མ་ཀཱི་འཆང་བ་གང་ཡིན་པ་དེ་ནི་ངན་འགྲོ་ལོག་པར་ལྟུང་བར་མི་འགྱུར་རོ། །ལྷ་དང་བདུད་དུ་བཅས་པའི་འཇིག་རྟེན་དང་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ལས་གང་ཞིག་ཡུམ་དང་སྲས་གཉིས་ཀའི་མིང་ཙམ་འཆང་བ་དེ་ཅི་སྟེ་ངན་འགྲོ་ལོག་ པར་ལྟུང་བར་འགྱུར་བ་ནི་ངས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དཔེར་ན་ནོར་བུ་རིན་པོ་ཆེ་མགོ་ལ་ཐོགས་པ་ལ་ནད་དོ་ཅོག་མི་འབྱུང་ཞིང་གདོན་ཐམས་ཅད་འབྱེར་བར་འགྱུར་བ་བཞིན་ཏེ། འདི་ལྟར་ངན་འགྲོ་རྣམས་ལས་སྒྲོལ་བ་འདི་ནི་ ཡུམ་དང་སྲས་སུ་བཅས་པའི་མཐུ་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ནས། ཡུམ་གྱི་ལས་རྣམས་བཤད་པ། སྒྲུབ་པ་ཐམས་ཅད་ལ་ཕྱག་རྒྱ་གཅིག་བཅིངས་ལ་སྒྲུབ་པའི་རྫས་ལ་ཕྱག་རྒྱས་བཏབ་ན་མྱུར་དུ་དངོས་ གྲུབ་ཀྱི་མཚན་མ་འབྱུང་བར་འགྱུར་རོ། །དམ་ཚིག་མི་ཤེས་པ་ལ་ནི་ཕྱག་རྒྱ་བསྟེན་པར་མི་བྱའོ། །གང་གི་ཚེ་རིག་སྔགས་འཆང་གིས་རིག་སྔགས་འཆང་བ་ལ་ཕྱག་རྒྱ་སྟོན་པ་ན། དེའི་ཚེ་བཅོམ་ལྡན་འདས་ལག་ན་རྡོ་རྗེའི་མདུན་དུ་འགྲོན་བུ་བརྒྱད་བརྒྱས་རྡོ་རྗེ་བྱས་ལ་དེའི་མདུན་དུ་ཕྱག་ རྒྱ་བསྟན་པར་བྱའོ། །དེ་ཡང་འབྲས་ཆན་བུ་རམ་དང་སྦྱར་བའི་མཆོད་ཡོན་རྡོ་རྗེ་ལ་ཕུལ་ནས་ཕྱག་རྒྱ་བསྟན་པར་བྱའོ། །དེ་མཐོང་ན་ལག་ན་རྡོ་རྗེ་མཐོང་བ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྣམས་ལ་བསྟན་པར་བྱའི། སྡིག་པ་བྱེད་པ་རྣམས་ལ་བསྟན་པར་མི་བྱའོ། ། སྡིག་པ་བྱེད་པ་གང་ཡིན་པ་དེ་དག་གིས་ནི་ཕྱག་རྒྱའི་ཚོགས་ཀྱི་མིང་ཡང་ཐོས་པར་མི་འགྱུར་རོ། །དགེ་བའི་རྩ་བ་བྱས་པ་གང་ཡིན་པ་དེ་དག་གིས་ནི་ཕྱག་རྒྱ་དེ་དག་ཐོས་པར་འགྱུར་རོ། །ངའི་གསང་བའི་ཕྱག་རྒྱའི་ཚོགས་འདི་ནི་གཙང་ཞིང་དབེན་པར་བྱས་པས་བལྟ་བར་བྱའོ། ། གང་གིས་ཕྱག་རྒྱའི་ཚོགས་མཐོང་བ་དེ་ལ་ནི་རིག་པ་མཆོག་གི་ཆོ་ག་རྒྱས་པ་གསང་བ་དང་བཅས། གསང་ཆེན་དང་བཅས་པ་དེའི་ལག་ཏུ་འདུག་པར་འགྱུར་ཏེ། རིག་སྔགས་འཆང་གིས་ཀྱང་ཕྱག་རྒྱའི་ཚོགས་ཀྱི་གཟི་བྱིན་བསྐྱེད་པར་བྱ་བའི་ཕྱིར་བླ་མ་ལ་དཔག་ཏུ་མེད་པའི་ཡོན་ དབུལ་ཞིང་བླ་མའི་ལག་ནས་རིག་པ་མཆོག་གི་ཆོ་ག་རྒྱས་པ་མནོད་པར་བྱའོ། །བླ་མས་ཀྱང་བླ་མ་ལ་གུས་པའི་སློབ་མ་ལ་ལག་ནས་མངོན་པར་དངོས་གྲུབ་སྦྱིན་པར་བྱའོ། །དེ་ལྟར་བྱས་ན་ལག་ན་རྡོ་རྗེས་བྱིན་པ་ཡིན་ཏེ། ཆོ་ག་རྒྱས་པ་ཡང་འགྲུབ་པར་འགྱུར་རོ། །ཅི་སྟེ་ བླ་མའི་ལག་ནས་ཕྱག་རྒྱ་མཐོང་བ་ཙམ་གྱིས་ལས་བྱས་ན་ཕྱག་རྒྱ་དེ་ཉིད་ཀྱིས་ཀྱང་གནོད་པ་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་གནས་སམ་སྐུ་གདུང་གི་གནས་སུ་ཕྱག་རྒྱའི་ཚོགས་གཞག་པར་བྱའོ། །ཕྱག་རྒྱ་མཐོང་བ་གང་ཡིན་པ་དེ་དག་ནི་ཕྱིར་མི་ལྡོག་པ་ ཡིན་པར་བལྟ་བར་བྱ་སྟེ། དེ་དག་ཐམས་ཅད་ལྷ་རྣམས་ཀྱིས་ཕྱག་བྱ་བའི་གནས་སུ་འགྱུར་རོ། །ང་གང་ན་གནས་པ་དེ་ན་དེ་དག་གནས་ཏེ། ང་མཐོང་བས་དེ་དག་ངེས་པར་ཕྱིར་མི་ལྡོག་པའི་འབྲས་བུ་དང་ལྡན་པར་འགྱུར་ཞིང་ལུས་དང་བྲལ་བ་ན་ལག་ན་རྡོ་རྗེའི་གནས་ཡིད་དུ་འོང་ བའམ། བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཕྱག་རྒྱ་མཐུ་སྟོབས་ཆེན་པོ་ནན་ཏན་དུ་བལྟ་བར་བྱ་སྟེ། ཕྱག་རྒྱའི་རྣམ་པ་ལག་པའི་ཚུལ་གྱིས་བསྟན་པར་བྱའོ། །དཀྱིལ་འཁོར་གྱི་རྣམ་པ་བྲིས་པ་མཐོང་ནས་ཕྱག་རྒྱ་ཆེན་པོ་རྣམ་པ་སྣ་ཚོགས་དགོད་པར་བྱའོ། །བཅོམ་ལྡན་ འདས་མཱ་མ་ཀཱིའི་ལས་རྣམས་འབྱུང་བར་འགྱུར་ཏེ་ཟས་སུ་འོ་མའམ། འདག་གུའམ། ལོ་མའམ། སློང་མོའི་ཟས་ཟ་ཞིང་ལན་འབུམ་བཟླས་བརྗོད་བྱས་ན་སྔར་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་རས་མ་ཉམས་པ་དང་ཁ་ཚར་མ་བཅད་པ་དང་སྤུ་མེད་པ་ ལ་ཚོན་རྩི་སྦྱིན་དང་མ་སྦྱར་བས་རི་མོ་མཁན་གསོ་སྦྱོང་དང་ལྡན་པས་སངས་རྒྱས་ཀྱི་སྐུ་གཟུགས་སེང་གེའི་ཁྲི་ལ་བཞུགས་ཤིང་ཆོས་འཆད་པའི་ཚུལ་དུ་འདྲིར་གཞུག་གོ། །དེའི་གཡོན་ལོགས་སུ་འཕགས་པ་ལག་ན་རྡོ་རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྡོ་ རྗེ་དང་རྔ་ཡབ་ཐོགས་པར་བྲིའོ། །གཡས་ལོགས་སུ་ནི་བཅོམ་ལྡན་འདས་མཱ་མ་ཀཱི་མདོག་སྔོ་བསངས་ལག་པ་གཡོན་པ་རྡོ་རྗེ་ཐོགས་ཤིང་ལག་པ་གཡས་པ་ན་ཡིད་བཞིན་གྱི་ནོར་བུ་ཐོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འདྲིར་གཞག་གོ། །དེ་ནས་སྐུ་གདུང་དང་ལྡན་ པའི་མཆོད་རྟེན་གྱི་དྲུང་དུ་རི་མོའི་གཟུགས་བཀྲམ་ལ་ཡར་ངོའི་ཚེས་ཞག་གཅིག་ནས་བརྩམས་ཏེ་ཉའི་བར་དུ་བཟླས་བརྗོད་བྱས་པའི་མཇུག་ཏུ་ཞག་གསུམ་སྨྱུང་བར་བྱས་ལ་མཆོད་པ་སྣ་ཚོགས་རྒྱས་པར་བྱ་སྟེ། འོ་མ་ཡོད་པའི་ཤིང་གི་མེ་སྦར་ལ་དུད་པ་མེད་པའི་མདག་མ་ལ་ ཨ་ག་རུ་ནག་པོའི་ཡམ་སྲེག་ཤིང་དུ་རུ་སྐའི་མར་གྱི་ནང་དུ་སྨྱུགས་པ་བརྒྱ་སྟོང་ཕྲག་གསུམ་སྦྱིན་སྲེག་བྱའོ། །དེ་ནས་ལས་ཟིན་པའི་འོག་ཏུ་འཕགས་པ་ལག་ན་རྡོ་རྗེ་འོང་བར་འགྱུར་ཏེ། དེ་འོང་བའི་རྟགས་སུ་མེ་ཏོག་གི་ཕྲེང་བ་འགུལ་བ་དང་། མར་མེའི་མེ་ལྕེ་ཆེན་པོར་འགྱུར་བ་ དང་། སྔོན་མ་བྱུང་བའི་དྲི་བསུང་ཞིམ་པོའི་ངད་ལྡང་བར་འགྱུར་བ་དང་། འདི་རྣམས་འབྱུང་བར་འགྱུར་ཏེ། །དེ་ལ་སྤོས་ཆུ་མེ་ཏོག་དང་ལྡན་པའི་མཆོད་ཡོན་དབུལ་བར་བྱའོ། །ཡང་ན་ལྷ་མོ་འོང་བར་འགྱུར་ཏེ་ཕྱག་བྱས་ལ་དམ་པ་རྣམ་པ་བརྒྱད་ལ་དམ་པ་རྣམ་པ་གཅིག་ བླང་བར་བྱ་སྟེ། །རིག་སྔགས་འཆང་གིས་འཁོར་ལོས་སྒྱུར་བ་དང་བཅུད་ཀྱིས་ལེན་ཆེན་པོ་དང་། གཙུག་ལག་དང་བཟོ་ཐམས་ཅད་ཤེས་པ་ཐོབ་པ་དང་། མངོན་པར་ཤེས་པ་ལྔ་ཐོབ་པ་དང་། གཟུངས་ལ་འཇུག་པ་དང་རིན་པོ་ཆེའི་ཆར་འབབ་པ་དང་ལྷ་མ་ཡིན་གྱི་ཕུག་ཏུ་ འཇུག་པ་དང་བསྐལ་པར་གནས་པ་སྟེ། དམ་པ་བརྒྱད་འདི་དག་ལས་གཅིག་བླང་བར་བྱའོ། །ལན་བདུན་བསྒྲུབས་པའི་ཐ་མལ་མཚམས་མེད་པ་ལྔ་བྱེད་བྱེད་པས་ཀྱང་འགྲུབ་པར་འགྱུར་རོ། །དེ་ནས་བསྒྲུབ་པར་འདོད་པས་ལྡོང་རོས་བླངས་ལ་བུད་མེད་ཀྱི་ནུ་ཞོ་དང་བཏགས་ཏེ་ རིལ་བུ་ལྔ་བྱས་ཏེ། ཡུངས་ཀར་དང་ལྷན་ཅིག་ཏུ་ཨ་ག་རུའི་སྒྲོམ་བུའི་ནང་དུ་བཅུག་ལ་ཟླ་བ་སྤྱང་ཀིས་ཟིན་པའམ། ཉི་མ་སྤྱང་ཀིས་ཟིན་པའི་ཚེ་གཏོར་མའི་ཆོ་ག་བྱས་ཏེ་བསྒྲུབ་པར་བྱའོ། །གང་གི་ཚེ་ཡུངས་ཀར་རྣམས་ཚེག་ཚེག་ཟེར་བའི་ཚེ་ནི་སྐྱེ་བོ་ཐམས་ཅད་དབང་དུ་འགྱུར་ བའི་དངོས་གྲུབ་དང་པོ་སྟེ། དེས་ན་འཇིག་རྟེན་པ་ཐམས་ཅད་དབང་དུ་འགྱུར་ཞིང་གང་བསྒོ་བ་དེ་དག་ཐམས་ཅད་བྱེད་པར་འགྱུར་རོ། །ཡང་ན་དུད་པ་འཐུལ་བར་འགྱུར་ན་ནི་ལུས་མི་སྣང་བར་འགྱུར་བ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །ཡང་ན་འབར་བར་འགྱུར་ན་ནི་དེའི་ཚེ་ལྷ་ གཞོན་ནུར་འགྱུར་ཏེ། ཉི་མ་ཤར་ཀའི་གཟི་བྱིན་དང་ལྡན་ཞིང་རིག་སྔགས་འཆང་གི་རྒྱལ་པོར་འགྱུར་ལ། བསྐལ་པ་ཆེན་པོ་གཅིག་གི་བར་དུ་འཚོ་བར་འགྱུར་རོ། །གི་ཝང་དང་བ་བླ་ལ་སོགས་པའི་རྫས་རྣམས་ཀྱང་དེ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ནས་མིག་རྩི་བསྒྲུབ་པར་འདོད་ ན་ལིག་བུ་མིག་དང་། ཨུཏྤ་ལ་སྔོན་པོ་དང་རུ་རྟ་དང་། ཙནྡན་རྣམས་ལྷན་ཅིག་སྦྱར་ཏེ་ཟངས་ཀྱི་སྣོད་དུ་བཅུག་ལ་ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་དུད་པ་བྱུང་གི་བར་དུ་བཟླས་བརྗོད་བྱས་ནས་དེས་མིག་བསྐུས་ན་ལུས་མི་སྣང་བར་འགྱུར་ཞིང་འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྱུར་ལ་ ལུས་མི་སྣང་བར་འགྱུར་བ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །དེ་ནས་རལ་གྲི་བསྒྲུབ་པར་འདོད་ན་རལ་གྲི་འཕན་མེད་པ་བླངས་ལ། མར་གྱི་ངོ་ཞག་བརྒྱད་དམ་ཞག་བཅུ་བཞི་ལ་རི་མོའི་གཟུགས་ལ་མཆོད་པ་རྒྱས་པར་བྱས་ཏེ་གཏོར་མའི་ཆོ་ག་བྱས་ནས་བསྲུང་བའི་ཆོ་ག་ཡང་ ནན་ཏན་དུ་བྱས་ལ། ལག་པ་གཡས་པས་རལ་གྲི་བཟུང་སྟེ་འགུལ་བར་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ནས་འགུལ་བར་གྱུར་ན་ནི་གཅིག་པུ་གནས་པའི་རིག་སྔགས་འཆང་དུ་འགྱུར་རོ། །འབར་ན་ནི་འཁོར་དང་བཅས་པར་འགྱུར་ཏེ་རིག་སྔགས་འཆང་ཐམས་ཅད་ཀྱི་རྒྱལ་ པོ་སྟོབས་དང་ཕ་རོལ་གནོན་པ་ཐོགས་པ་མེད་པར་གྱུར་པ་ནས་གཡས་པས་རལ་གྲི་བཟུང་སྟེ། འགུལ་བར་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ནས་འཕགས་པར་འགྱུར་རོ། །དེ་ནས་རྡོ་རྗེ་བསྒྲུབ་པར་འདོད་ན། །ལྕགས་ཞུན་མ་ལས་རྡོ་རྗེ་སོར་བཅུ་དྲུག་པ་ཐོར་ཏོ་ གཉིས་ཀ་རྩེ་གསུམ་པར་བྱས་ཏེ། ཙནྡན་དམར་པོའི་ལྡེ་གུས་ཕྱུགས་ལ་ཆོ་འཕྲུལ་ཆེན་པོའི་ཟླ་བ་ཚེས་ནས་བརྩམ་ཞིང་། རི་མོའི་གཟུགས་ལ་མཆོད་པ་རྒྱས་པར་བྱས་ནས་བཟླས་བརྗོད་བྱེད་ཅིང་ཉིན་གཅིག་བཞིན་དུ་ཕྱིར་ཞིང་རྒྱས་པར་བྱའོ། །དགེ་སློང་རྣམས་སྟོན་པའི་ རྗེས་སུ་ཞག་གསུམ་སྨྱུང་བ་བྱས་ཏེ་རི་མོའི་གཟུགས་སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་བཀྲམ་ལ་མཆོད་པ་རྒྱས་པར་བྱས་ཏེ་མར་གྱི་མར་མེ་བརྒྱད་སྦར་ནས་རྩྭ་ཀུ་ཤ་ལས་སྟན་བྱས་པ་ལ་འདུག་ལ་རྡོ་རྗེ་ལག་པ་གཉིས་ཀས་བཟུང་སྟེ་འབར་བར་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ ན་རྡོ་རྗེ་དེ་ཐོགས་པས་འཁོར་དང་བཅས་པ་འཕགས་པར་འགྱུར་ཏེ། རིག་སྔགས་ཀྱི་འཁོར་ལོས་སྒྱུར་བར་འགྱུར་ལ། སྟོབས་དང་ཕ་རོལ་གནོན་པ་ལག་ན་རྡོ་རྗེ་དང་མཉམ་ཞིང་བསྐལ་པ་ཆེན་པོའི་བར་དུ་འཚོ་བར་འགྱུར་ཏེ། ལུས་དང་བྲལ་ན་ཡང་རྡོ་རྗེའི་རིགས་སུ་སྐྱེ་བར་ འགྱུར་རོ། །དེ་བཞིན་དུ་མདུང་རྩེ་གསུམ་པ་དང་མདུང་ཐུང་ལ་སོགས་པ་མཚོན་ཆ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །རས་དང་ཤིང་ལྷམ་དང་། མཆོད་ཕྱིར་ཐོགས་དང་། ཁར་བ་དང་། ཤིང་ལ་སོགས་པ་རྣམས་ཀྱང་ཆོ་ག་གོང་མའི་ཚུལ་གྱིས་བསྒྲུབས་ན་ཐམས་ཅད་ དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་རོ། །ཞི་བར་བྱ་བར་འདོད་ན་ཐབ་ཁུང་པདྨའི་དབྱིབས་འདྲ་བར་བྱས་ལ་མཆོད་སྦྱིན་ལ་འོས་པའི་བུད་ཤིང་དག་གིས་མེ་སྦར་ཏེ། འབྲས་བཟང་པོའི་ཆེན་གྱི་སྲེག་བླུགས་ཞོ་དང་སྦྲང་རྩི་དང་མར་སྦྱར་བ་བླུགས་གཟར་གྱིས་ལན་བརྒྱད་སྟོང་སྦྱིན་ སྲེག་བྱས་ན་ཞག་གསུམ་བྱས་པས་ནི་བདག་གམ་གཞན་ཞི་བར་འགྱུར་རོ། །ཞག་བདུན་བྱས་པས་ནི་གྲོང་ངམ་གྲོང་ཁྱེར་ཞི་བར་འགྱུར་རོ། །མི་ནད་ཆེན་པོའི་གནོད་པ་ལ་ནི་ཤི་མི་ཡམ་སྲེག་ཤིང་ཞོ་དང་སྦྲང་རྩི་དང་མར་གྱི་ནང་དུ་སྨྱུགས་པའི་སྦྱིན་སྲེག་བྱའོ། །ཕྱུགས་ཀྱི་གོར་ ལ་ནི་ཨུ་དུམ་བཱ་རའི་ཡམ་སྲེག་ཤིང་ཞོ་དང་སྦྲང་རྩི་དང་མར་གྱི་ནང་དུ་སྨྱུགས་པའི་སྦྱིན་སྲེག་བྱའོ། །ཆར་མི་འབབ་པ་ལ་ནི་མངར་གསུམ་གྱིས་སྦྱིན་སྲེག་བྱ་སྟེ། ཐམས་ཅད་ལ་ཡང་ལན་སྟོང་རྩ་བརྒྱད་བརྒྱད་བྱ་ཞིང་ཞག་བདུན་བདུན་དུ་བྱས་ན་ཐམས་ཅད་འགྲུབ་པར་འགྱུར་རོ། ། དཱུར་བའི་ཉག་མ་ཞོ་དང་སྦྲང་རྩི་དང་མར་གྱི་ནང་དུ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཞག་བཅུས་དུས་མ་ཡིན་པར་འཆི་བ་ཞི་བར་འགྱུར་རོ། །ལན་འབུམ་སྦྱིན་སྲེག་བྱས་ན་འཆི་བ་དག་ལས་རྒྱལ་ཏེ་ཚེ་རིང་བར་འགྱུར་རོ། །སློང་མོའི་ཟས་ཟ་ཞིང་ལན་འབུམ་བཟླས་བརྗོད་བྱས་པའི་ མཇུག་ཏུ་ཞག་གསུམ་སྨྱུང་བ་བྱས་ཏེ། ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་བ་ནག་མོའི་འོ་མ་ལ་ལན་བརྒྱད་བརྒྱ་བསྔགས་ཏེ་འཐུངས་ན་སྨན་བཅུད་ཀྱིས་ལེན་དུ་འགྱུར་རོ། །རྒྱས་པར་འདོད་ན་ཞོའི་སྦྱིན་སྲེག་བརྒྱ་སྟོང་བྱས་ན་རྒྱས་པར་འགྱུར་རོ། །ཕ་རོལ་གྱི་དཔུང་རེངས་པར་བྱས་ན་ལྕགས་ཀྱི་ ཕྱེ་མ་ཏིལ་མར་དང་སྦྱར་བས་ལན་སུམ་སྟོང་སྦྱིན་སྲེག་བྱའོ། །རྒྱལ་མཚན་དང་དུང་ལ་སོགས་པ་ལ་བསྔགས་ན་ཡང་དེ་མཐོང་ཞིང་ཐོས་པས་ཕ་རོལ་གྱི་དཔུང་རེངས་པར་འགྱུར་རོ། །བུམ་པ་སར་པ་འབྲུ་ཐམས་ཅད་དང་སྤོས་ཆུས་བཀང་སྟེ། ལན་བརྒྱད་སྟོང་བཟླས་བརྗོད་བྱས་པས་ལོག་ འདྲེན་གྱིས་ཟིན་པ་ཁྲུས་བྱེད་དུ་བཅུག་ན་གཏོང་བར་འགྱུར་རོ། །སྦྲུམ་མ་ཁྲུས་བྱེད་དུ་བཅུག་ན་བདེ་བར་བུ་བཙའ་བར་འགྱུར་རོ། །བྱིས་པ་རྣམས་གདོན་ནོ་ཅོག་གིས་ཟིན་པ་ཁྲུས་བྱེད་དུ་བཅུག་ན་གཏོང་བར་འགྱུར་རོ། །དབང་བསྐུར་བ་འདིས་ནི་སྡིག་པ་ཐམས་ཅད་ལས་གྲོལ་བར་ འགྱུར་ཏེ། བྱུར་ངན་པོ་ཡང་དཔལ་དང་ལྡན་པར་འགྱུར་རོ། །དཀྱིལ་འཁོར་གྱི་ལས་ཀྱིས་ཀྱང་གདོན་ཐམས་ཅད་ཀྱི་ལས་བྱེད་དོ། །རྨ་བྱའི་མཇུག་མ་ལ་ལན་བརྒྱད་སྟོང་གིས་བསྔགས་པ་ནི་དུག་གོ་ཅོག་སེལ་བར་བྱེད་དེ་ཤི་ཟིན་པ་ཡང་འཚོ་བར་བྱེད་དོ། །རིམས་དང་མི་ནད་ ལ་སོགས་པ་ཡང་དེ་ཉིད་ཀྱིས་སེལ་བར་བྱེད་དོ། །སྐུད་པས་ནི་རིམས་སོ་ཅོག་མེད་པར་བྱེད་དོ། །རྡོ་རྗེ་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་པས་ནི་ལྷ་མ་ཡིན་གྱི་འཁྲུལ་འཁོར་ཐམས་ཅད་འཇོམས་པར་བྱེད་དོ། །སེང་ལྡེང་གི་ཡམ་སྲེག་ཤིང་ཞོ་དང་སྦྲང་རྩི་དང་མར་གྱི་ནང་དུ་སྨྱུགས་ པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་གཏེར་ཆེན་པོ་མཐོང་བར་འགྱུར་ལ། དེ་ཡང་སྤྱད་བཞིན་དུ་ཟད་པར་མི་འགྱུར་རོ། །རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ནང་དུ་ཞུགས་ཏེ། པདྨ་ཙནྡན་དམར་པོའི་ནང་དུ་སྨྱུགས་པ་འབུམ་སྦྱིན་སྲེག་བྱས་ན་པདྨའི་ཕུང་པོ་དང་མཉམ་པའི་ གཏེར་སྦྱིན་པར་འགྱུར་རོ། །བིལ་པའི་སྲེག་བླུགས་མར་གྱི་ནང་དུ་སྦྱིན་སྲེག་བྱས་ན་ལོངས་སྤྱོད་འཕེལ་བར་འགྱུར་རོ། །ཏིལ་རྣམས་ལྷན་ཅིག་ཏུ་བསྡུས་ཏེ་མར་དང་སྦྱར་བས་ལན་འབུམ་སྦྱིན་སྲེག་བྱས་ན་ཁ་ཟས་འཕེལ་ཏེ་ཟད་པར་མི་འགྱུར་རོ། །དེ་ནས་ལྷ་རྣམས་དབང་དུ་བྱ་བར་འདོད་ན་ ཞག་ཉི་ཤུ་རྩ་གཅིག་གི་བར་དུ་དུས་གསུམ་དུ་ཨ་ག་རུའི་ཡམ་སྲེག་ཤིང་མར་གྱི་ནང་དུ་སྨྱུགས་པ་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ལྷ་ཐམས་ཅད་དབང་དུ་འགྱུར་རོ། །གནོད་སྦྱིན་མོ་རྣམས་ལ་ནི་ཨ་ཤོ་ཀའི་ཡམ་སྲེག་ཤིང་གིས་བྱའོ། །ཀླུ་རྣམས་ལ་ནི་ཀླུ་ཤིང་གི་མེ་ཏོག་གིས་བྱའོ། ། རིག་སྔགས་འཆང་རྣམས་ལ་མཁན་པའི་ཡམ་སྲེག་ཤིང་གིས་བྱའོ། །འཕགས་པ་ལག་ན་རྡོ་རྗེ་ལ་ནི་ཨ་ག་རུའི་ཡམ་སྲེག་ཤིང་དུ་རུ་སྐའི་མར་གྱི་ནང་དུ་སྨྱུགས་པས་བྱའོ། །དྲི་ཟ་རྣམས་ལ་ནི་ཐང་ཆུའི་སྤོས་ཀྱིས་སྦྱིན་སྲེག་བྱའོ། །མིའམ་ཅི་རྣམས་ལ་ནི་པོག་གི་སྦྱིན་སྲེག་གིས་བྱའོ། ། ཡི་དགས་རྣམས་ལ་ནི་སྲ་རྩི་པོག་གི་སྦྱིན་སྲེག་གིས་བྱའོ། །ལོག་འདྲེན་རྣམས་ལ་ནི་ཏིལ་གྱི་ཚིགས་མའི་སྦྱིན་སྲེག་གིས་བྱའོ། །འབྱུང་པོ་རྣམས་ལ་ནི་འབྱུང་པོའི་ཟས་ཀྱིས་སྦྱིན་སྲེག་ལན་བརྒྱད་བརྒྱ་ཞག་བདུན་ནམ་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བྱའོ། །མིའི་གཙོ་བོའམ་མི་ཆེན་པོ་ དབང་དུ་བྱ་བར་འདོད་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ཡུངས་ཀར་གྱི་སྲེག་བླུགས་ཏིལ་མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱའོ། །མིའི་གཙོ་བོའི་བུ་མོ་ལ་ནི་སྐེ་ཚེའི་སྲེག་བླུགས་ཀྱིས་བྱའོ། །མདུན་ན་འདོན་པ་ལ་ནི་མར་གྱི་སྲེག་བླུགས་ཀྱིས་བྱའོ། །བུ་མོ་རྣམས་ལ་ནི་སྣ་ མའི་མེ་ཏོག་གིས་བྱའོ། །བུད་མེད་ཐམས་ཅད་ལ་ནི་ལན་ཚྭའི་སྲེག་བླུགས་ཀྱིས་བྱའོ། །བྲམ་ཟེ་ལ་ནི་འབྲས་བཟང་པོའི་ཆན་གྱི་སྲེག་བླུགས་ཀྱིས་བྱའོ། །རྒྱལ་རིགས་ལ་ནི་ཞོའི་སྲེག་བླུགས་ཀྱིས་བྱའོ། །རྗེའུ་རིགས་ལ་ནི་འབྲས་ཀྱི་སྦྱར་ཐུག་གི་སྲེག་བླུགས་ཀྱིས་བྱའོ། །དམངས་ རིགས་ལ་ནི་མོན་སྲན་གྲེའུའི་སྲེག་བླུགས་ཀྱི་སྦྱིན་སྲེག་གིས་བྱའོ། །སེམས་ཅན་ཐམས་ཅད་ལ་ནི་མར་དང་ཏིལ་སྦྱར་བས་བྱ་སྟེ། ཐམས་ཅད་ལ་ཡང་སྦྱིན་སྲེག་ལན་བརྒྱད་བརྒྱའི་བར་བྱའོ། །ཉི་མ་ལ་ཕྱོགས་དེ་ལན་འབུམ་བཟླས་བརྗོད་བྱས་ན་སྡིག་པ་ཐམས་ཅད་ལས་གྲོལ་བར་ འགྱུར་ཏེ། ཟས་སུ་བའི་གཅིན་དང་བྱེའི་འདག་གུ་ཟ་ཞིང་ལས་བྱའོ། །རིག་སྔགས་འཆང་ཐམས་ཅད་གསོ་བར་འདོད་ན་ཞག་བདུན་གྱི་བར་དུ་ཞོ་དང་སྦྲང་རྩི་དང་མར་ལ་སྦྱར་བའི་ཏིལ་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱའོ། །བཅད་པ་དང་བཅོམ་པ་དང་མ་རུངས་པར་གྱུར་པ་དང་ཕུར་ བུས་བཏབ་པ་རྣམས་གསོ་བར་འདོད་ན། པུ་ཤེལ་ཙི་ལས་གཟུགས་བྱས་ཏེ་མེ་ཏོག་དཀར་པོས་མཆོད་པ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་པའི་འོ་མས་བཀྲུ་ཞིང་འོ་མའི་སྦྱིན་སྲེག་ཀྱང་བྱ་སྟེ། ཨ་ག་རུའི་བདུག་པ་ཡང་ཕུལ་ན་ཕྱིར་སོས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་མ་ ཡུམ་བརྗོད་ལ་སྔགས་ཀྱིས་མཆོད་ཡོན་ཕུལ་ན་སྤྱན་དྲངས་པར་འགྱུར་ཞིང་བཟླས་བརྗོད་ཀྱང་བསྲུངས་པར་འགྱུར་རོ། །ལན་ཅིག་བརྗོད་པས་ནི་བདག་ཉིད་ལ་སྲུང་བར་བྱེད་དོ། །ལན་གཉིས་བརྗོད་པས་ནི་གཞན་ལ་སྲུང་བར་བྱེད་དོ། །ལན་གསུམ་བརྗོད་པས་ནི་རྫས་སྲུང་བར་ བྱེད་དོ། །ཡུངས་ཀར་གྱི་བསྲུང་བར་བྱ་བའི་རྫས་སྔགས་ཀྱི་གཟི་བྱིན་བསྐྱེད་ན་རྒྱས་པར་འགྱུར་ཞིང་དངོས་གྲུབ་ཏུ་འགྱུར་རོ། །གི་ཝང་གིས་བཅོམ་ལྡན་འདས་མའི་གསང་སྔགས་གང་འདོད་པ་བར་ཐག་ཡངས་པར་ཡི་གེ་བྲིས་ཏེ། གི་ཝང་དང་། སྨྱུ་གུ་ཡང་དེར་བཞག་ལ་དེར་ སྔགས་དེས་ལན་བརྒྱད་བརྒྱ་བཏབ་སྟེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཉལ་ན་འོང་བར་འགྱུར་ཏེ་ལྷག་ཆད་སྐོང་བར་འགྱུར་རོ། །ཡང་ན་རྨི་ལམ་དུ་སྟོན་པར་འགྱུར་རོ། །ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་རྩྭ་ཀུ་ཤའི་སྟན་ལ་ཉལ་ན་ལེགས་ཉེས་སྟོན་པར་འགྱུར་ རོ། །བཅོམ་ལྡན་འདས་མ་འདི་ནི་རིག་པ་མཆོག་གི་རྒྱུད་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་དོན་ཐམས་ཅད་བསྒྲུབ་པ་སྟེ། བཅོམ་ལྡན་འདས་མ་མཱ་མ་ཀཱི་འདི་ནི་རིག་སྔགས་ཀྱི་རྒྱལ་པོ་རིག་པ་མཆོག་གི་ལས་གང་ཡིན་པ་རྣམས་དང་། ཕོ་ཉ་མ་བཅྭ་བརྒྱད་གང་ཡིན་པ་རྣམས་དང་། ཕྱག་རྒྱ་ཆེན་པོ་གང་ཡིན་པ་རྣམས་ཀྱི་སོ་སོའི་ཆོ་ག་ཤིན་ཏུ་མྱུར་བར་བྱེད་ཅིང་གཞན་གྱིས་མི་ཚུགས་ཤིང་མྱུར་དུ་འགྲུབ་པར་འགྱུར་རོ། །གྲོག་མཁར་གྱིས་དང་ཡུངས་ཀར་བསྲེས་པ་ལས་རྡོ་རྗེ་བྱས་ཏེ་ཙནྡན་དམར་པོས་བྱུགས་ལ་བླངས་ན་ལམ་མི་གཟུར་བ་དང་། མི་སྨྲ་ བར་ལན་འབུམ་བཟླས་བརྗོད་བྱས་ནས་བཟླས་བརྗོད་བྱས་པའི་མཇུག་ཏུ་ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་རྡོ་རྗེ་ཡུངས་ཀར་གྱི་དབུས་སུ་བཞག་སྟེ། ཡུངས་ཀར་ཚེག་ཚེག་ཟེར་གྱི་བར་དུ་བཟླས་བརྗོད་བྱས་ན་རྡོ་རྗེ་འགྲུབ་པར་འགྱུར་ཏེ་རྡོ་རྗེ་དེས་ལས་ཐམས་ཅད་བྱེད་ལ་བྲག་གི་རྩེ་མོ་ཕྱེ་མར་རློག་ཅིང་ རྙིལ་བར་བྱེད་དོ། །ཆུ་ཀླུང་གྱེན་དུ་ཟློག་པར་བྱེད་དོ། །མཚོ་སྐོམ་པར་བྱེད་དོ། །ཀླུ་རྣམས་འབྱེར་བར་བྱེད་དོ། །དུག་རྣམས་ཀྱི་དུག་མེད་པར་བྱེད་དོ། །སྲོག་ཆགས་རྣམས་རེངས་པར་བྱེད་དོ། །རྨོངས་པར་བྱེད་དོ། །སྒྱེལ་བར་བྱེད་དོ། །འཁྲུལ་འཁོར་རྣམས་ཕྱེ་མར་ རློག་གོ། །ཤིང་རྟ་ལ་སོགས་པ་རེངས་པར་བྱེད་ཅིང་ཕྱེ་མར་ཡང་རློག་སྟེ། དེ་ལ་སོགས་པའི་ལས་ཐམས་ཅད་བྱེད་དོ། །བཅོམ་ལྡན་འདས་མཱ་མ་ཀཱི་འདི་ནི་རོ་ལངས་ཐམས་ཅད་སྒྲུབ་པ་སྟེ། ལས་སྣ་ཚོགས་བྱེད་པ་ཡིན་ནོ། །རིའི་རྩེ་མོར་སོང་སྟེ་ལྕགས་ཞུན་མ་ལས་བྱས་ པའི་རྡོ་རྗེ་ཐོགས་ལ་ལག་པ་གཡོན་པས་བཟུང་ལ་ལན་དྲུག་འབུམ་བཟླས་བརྗོད་བྱས་ན་དེ་ནས་རི་འགུལ་བར་འགྱུར་ཏེ། རི་འགུལ་ན་འཁོར་དང་བཅས་པ་འཕགས་པར་འགྱུར་རོ། །སློང་མོའི་ཟས་ཟ་ཞིང་རིའི་རྩེ་མོར་བྱེ་བ་གཅིག་བཟླས་བརྗོད་བྱས་ན་ཡིད་ལ་གང་འདོད་པ་དེ་ཐམས་ཅད་ དེས་ཐོབ་པར་འགྱུར་རོ། །ལྷ་རྣམས་བཅོམ་ལྡན་འདས་མཱ་མ་ཀཱི་འདི་ནི་ཐམས་ཅད་འགྲུབ་པ་སྟེ། ལས་སྣ་ཚོགས་བྱེད་པ་ཡིན་ནོ། །བཅོམ་ལྡན་འདས་མ་འཇིག་རྟེན་གྱི་ཡུམ་གྱི་ལས་རྣམས་ངས་བཤད་ཟིན་ཏེ། དེ་ལ་དྲག་ཏུ་འགྲུབ་པར་བྱེད་པའི་སྔགས་ཀྱང་བཤད་པར་བྱའོ། ། ན་མོ་བཛྲ་པཱ་ཎི་སྱ། ཨོྃ་ཛྭ་ལ་མཱ་མ་ཀཱི་སྥོ་ཊ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ལྷ་རྣམས་འདིའི་ལས་ཀྱང་བཤད་པར་བྱ་སྟེ། བཅོམ་ལྡན་འདས་མའི་ལས་ངས་བཤད་པ་གང་ཡིན་པ་དེ་དག་ལས་ཉིས་འགྱུར་དུ་བསྟེན་པར་བྱས་ན་ཐམས་ཅད་བྱེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ འཁོར་དེའི་ནང་ནས་ལངས་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིག་པ་མཆོག་གི་ཆོ་ག་ཆེན་པོ་ལས་བདག་གིས་ལྷ་རྣམས་བཤད་པ་གང་ལགས་པ་དེ་དག་ཐམས་ཅད་ཀྱིས་སྒྲུབ་པ་པོ་གཙང་སྦྲ་དང་ ཆོ་ག་དང་སྤྱོད་ཡུལ་དང་ལྡན་པ་གང་ལགས་པ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིད་ཅིང་དངོས་གྲུབ་ཀྱང་ཐོབ་པར་འགྱུར་བ་དང་། ཚོར་བ་རྗེས་སུ་དྲན་པར་བགྱིས་པས་བགེགས་དང་ལོག་འདྲེན་དེ་དག་ཐམས་ཅད་བརླག་པར་འགྱུར་བ་དང་། གཙང་སྦྲ་བགྱིས་ཀྱང་རུང་གཙང་ སྦྲ་མ་བགྱིས་ཀྱང་རུང་བ་ན་བསྲུང་བ་དང་བསྐྱབ་པ་དང་སྦ་བ་དང་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་བདག་གིས་རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེ་བཤད་པར་བགྱི་ན། བཅོམ་ལྡན་འདས་ཀྱིས་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་ འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་ལེགས་སོ་ལེགས་སོ་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་དེ་ནི་ལེགས་སོ། །ཁྱོད་ལ་དེ་བཞིན་གཤེགས་པས་གནང་བར་མཛད་ཀྱིས་སེམས་ཅན་ལམ་དུ་ཞུགས་ པ་རྣམས་དང་། ལམ་མ་ཡིན་པར་ཞུགས་པ་རྣམས་དང་། གཙང་སྦྲ་བྱས་པ་རྣམས་དང་། གཙང་སྦྲ་མ་བྱས་པ་རྣམས་བསྲུང་བའི་ཕྱིར་ཤོད་ཅིག་ཤོད་ཅིག །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་འཁོར་འདུས་པ་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟས་ནས་རྡོ་རྗེ་ཁྲོ་ བོ་སྟོབས་པོ་ཆེ་བཤད་པ། ན་མོ་རཏྣ་ཏྲ་ཡ་སྱ། ན་མོ་བཛྲ་པཱ་ཎི་སྱ། ན་མཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཨོྃ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ད་ཧ་པ་ཙ། བི་ཏྭཾ་ས་ཡ། ཛ་ཊི་ལཾ་བོ་ད་ར། ཨུཙྪུཤྨ་ཀྲོདྷཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་ལྷ་དེ་དག་ངོ་མཚར་དུ་གྱུར་ཏེ། ལག་ ན་རྡོ་རྗེའི་ཞལ་དུ་ལྟ་ཞིང་ཚིག་འདི་སྐད་ཅེས་སྨྲས་སོ། །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེའི་ལས་རྣམས་ཤོད་ཅིག་ཤོད་ཅིག །དེ་ནས་ལག་ན་རྡོ་རྗེ་དྲག་པོ་ཆེན་པོས་སྙིང་རྗེའི་སེམས་ཀྱིས་ལས་རྣམས་བཤད་པ། རིག་པ་མཆོག་སྒྲུབ་པའི་རིག་སྔགས་འཆང་ ལམ་དུ་འཇུག་གམ། བཤང་བ་དང་གཅི་བ་ལ་སོགས་པ་བྱེད་ན་ཐོག་མར་ལན་ཅིག་བརྗོད་ན་བསྲུང་བར་བྱས་པར་འགྱུར་རོ། །ལམ་དུ་འཇུག་ན་ལན་གསུམ་བརྗོད་ནས་སོང་ན་ཆོམ་རྐུན་ལ་སོགས་པའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དེ་བཞིན་དུ་ཆུ་ཀླུང་རྒལ་བ་ན་ ཡང་ཆུ་སྲིན་ན་ཀྲ་ལ་སོགས་པའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དེ་ནས་བསྒྲུབ་པར་འདོད་ན་ཚེས་གྲངས་དང་རྒྱུ་སྐར་འདམ་མི་འཚལ། སྨྱུང་བའང་བྱ་མི་དགོས་པར་ཁྲོ་བོ་ཉིད་བརྩོན་པར་བྱ་སྟེ། ཉིན་པར་ཡང་རུང་། མཚན་མོའང་རུང་། ཟན་ཟོས་ཀྱང་རུང་། ཅི་སྟེ་མ་ཟོས་ ཀྱང་རུང་། གཙང་སྦྲ་བྱས་ཀྱང་རུང་། གཙང་སྦྲ་མ་བྱས་ཀྱང་རུང་སྟེ། ལན་སུམ་འབུམ་བཟླས་བརྗོད་བྱས་ན་སྔར་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་པ་ལ་ཤའི་ཤིང་ངམ། བིལ་བའི་ཤིང་གིས་མེ་སྦར་ཏེ་འབྲས་ཡོས་སམ། ཏིལ་ཡང་རུང་མར་དང་སྦྱར་བས་ལན་ བརྒྱད་སྟོང་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་རོ། །དེ་ནས་ལས་རྣམས་འབྱུང་སྟེ། མིའི་གཙོ་བོའམ། མི་ཆེན་པོ་དབང་དུ་བྱ་བར་འདོད་ན་དོང་ཀའི་བུད་ཤིང་གིས་མེ་སྦར་ལ་ཡུངས་ཀར་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །དམག་དཔོན་དབང་དུ་བྱ་ བར་འདོད་ན་དམག་དཔོན་གྱི་རྐང་རྗེས་ཀྱི་རྡུལ་བླངས་ལ་ལག་པ་གཡོན་པས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །སྐྱེས་པ་དབང་དུ་བྱ་ན་ལན་ཚྭ་ལས་གཟུགས་བྱས་ལ་རྐང་པ་གཡས་པ་ནས་བརྩམས་ཏེ། བཅད་ཅིང་བཅད་ཅིང་ལག་པ་གཡོན་པས་ལན་བརྒྱ་སྟོང་སྦྱིན་ སྲེག་བྱས་ན་སྐྱེས་པ་དབང་དུ་འགྱུར་རོ། །བུ་མོ་དབང་དུ་བྱ་ན་འབྲས་སཱ་ལུའི་ཕྱེ་མ་ལས་གཟུགས་བྱས་ལ་རྐང་པ་གཡོན་པ་ནས་བརྩམས་ཏེ། བཅད་ཅིང་བཅད་ཅིང་ལག་པ་གཡས་པས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །ཡུགས་ས་མོ་དབང་དུ་བྱ་ན་དུར་ཁྲོད་དམ། གདོལ་པའི་ཁྱིམ་ནས་མེ་བླངས་ལ་དུར་ཁྲོད་ཀྱི་ཤིང་གསེབ་ལ་ལམ་གྱི་སུམ་མདོར་མེ་སྦར་ཏེ། མོན་སྲན་གྲེའུ་སྦྱིན་སྲེག་ལན་བརྒྱད་སྟོང་བྱས་ན་དབང་དུ་འགྱུར་རོ། །བུ་མོ་དབང་དུ་བྱ་ན་ལག་ན་རྡོ་རྗེའི་མདུན་དུ་བུ་མོས་སྤྱད་པའི་མེ་ཏོག་རྙིང་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། ། དགྲ་དབང་དུ་བྱ་ན་གི་ཝང་ངམ། ལྡོང་རོས་ལ་ལན་བརྒྱ་སྟོང་བསྔགས་ཏེ་བདག་ཉིད་ཀྱི་ལུས་བསྐུས་ན་དགྲའི་ནང་དུ་འཇིགས་པར་མི་འགྱུར་རོ། །ལིག་བུ་མིག་བླངས་ཏེ་ཨ་ཤྭཏྠའི་ལོ་མའི་སྟེང་དུ་བཞག་ལ་སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་པས་མིག་ ལ་བསྐུས་ན་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་རོ། །གི་ཝང་ཡང་ཆོ་ག་དེ་དང་འདྲའོ། །སྐྱེས་པ་དབང་དུ་བྱ་ན་ཨ་མྲའི་ཤིང་གི་མེ་སྦར་ལ། ནས་དང་གྲོ་དང་ནཱ་ག་གེ་སར་ལ་སོགས་པས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །གྲུབ་པར་མ་གྱུར་ན་ལས་འདི་ དག་བྱས་ཏེ་བིལ་བའི་ཤིང་གིས་མེ་སྦར་ཏེ་ཏིལ་ནག་པོ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་རོ། །ཕྱིན་ཅད་དབང་དུ་བྱ་བ་དང་། བསྐྲད་པ་དང་། དབྱེ་བ་དང་། གཞིག་པ་དང་། བསད་པ་དང་། སྒོ་གླེགས་བཅག་པ་དང་འཁྲུལ་འཁོར་སྒོ་གཏན་དང་གཤེག་པ་དང་གཞོམ་པ་ ལ་སོགས་པ་བྱེད་ནུས་པར་འགྱུར་རོ། །མིའི་གཙོ་བོ་དབང་དུ་བྱ་ན་དུར་ཁྲོད་ཀྱི་ཤིང་གིས་མེ་སྦར་ལ། སྐེ་ཚེ་ཡུངས་མར་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །མེ་ཏོག་ལ་ལན་བདུན་བསྔགས་ན་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །སྤོས་སམ་ཤིང་ཐོག་ གམ་སོ་རྩི་རྣམས་ཀྱང་ཆོ་ག་དེ་བཞིན་དུ་བྱའོ། །མིག་སྨན་ལ་བསྔགས་ཏེ་མིག་གཉིས་ལ་བསྐུས་ན་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། །བསྐྲད་པར་བྱས་ན་ཨརྐའི་ཤིང་གི་མེ་སྦར་ལ་ལུང་ཏང་གི་མེ་ཏོག་གིས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་འབྲོས་པར་འགྱུར་ རོ། །དབྱེ་བར་བྱ་ན་ཆོ་ག་དེ་དང་འདྲ་བར་བྱ་སྟེ་ཕུབ་མའི་སྦྱིན་སྲེག་བྱས་ན་འབྱེ་བར་འགྱུར་རོ། །གཞིག་པར་བྱ་ན་དུར་ཁྲོད་ནས་མེ་བླངས་པའི་ནང་དུ་དུར་ཁྲོད་ཀྱི་ཐལ་བས་སྦྱིན་སྲེག་བྱས་ན་འཇིག་པར་འགྱུར་རོ། །གསད་པར་བྱ་ན་སྐེ་ཚེའི་ཡུངས་མར་དང་སྦྱར་བའི་སྦྱིན་སྲེག་བྱས་ན་དེ་མ་ ཐག་ཏུ་འཇིག་པར་འགྱུར་རོ། །བསྐམ་པར་བྱ་ན་གོས་གཤེར་བ་བགོས་ལ་ཁྲོས་བཞིན་དུ་ཉི་མ་ལ་ཕྱོགས་ཏེ་བཟླས་བརྗོད་བྱས་ན་ཇི་ཙམ་དུ་གོས་བསྐམས་པར་འགྱུར་བ་དེ་ཙམ་དུ་དགྲའི་སྲོག་སྐམ་པར་འགྱུར་རོ། །ཁྲོས་བཞིན་དུ་མཚན་གཅིག་འདུག་པའི་སྟེང་དུ་ལག་པས་མནན་ཏེ་བཟླས་ བརྗོད་བྱས་ན་དེ་མ་ཐག་ཏུ་དགྲ་མེད་པར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་སེ་གོལ་གཏོགས་ཤིང་གསང་སྔགས་བཟླས་བརྗོད་བྱས་ན་དེ་མ་ཐག་ཏུ་དགྲ་འཆི་བར་འགྱུར་རོ། །ཆོ་ག་ཇི་ལྟར་བྱས་ཀྱང་རུང་སྟེ། ཁྲོས་བཞིན་དུ་བཟླས་བརྗོད་བྱས་ན་ཆོ་ག་དེས་ དེ་མ་ཐག་ཏུ་དགྲ་འཇིགས་པ་དང་འཆི་བར་འགྱུར་རོ། །ཞི་བར་བྱ་བ་དང་ཕྱིར་གསོ་བ་ཐམས་ཅད་ལ་ནི་པ་ལ་ཤའི་ཤིང་གིས་མེ་སྦར་ཏེ། འོ་མ་དང་མར་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཕྱིར་འཚོ་བར་འགྱུར་རོ། །ཧཱུྃ་ཞེས་བྱས་པས་ནི་སྒོ་གླེགས་དང་སྒོ་གཏན་ཆོམས་པར་འགྱུར་ རོ། །ཕཊ་ཅེས་བྱས་པས་ནི་ལྷ་མ་ཡིན་གྱི་འཁྲུལ་འཁོར་ཐམས་ཅད་ཆོམས་པར་འགྱུར་རོ། །ནིམ་པའི་ཤིང་གིས་མེ་སྦར་བའི་ནང་དུ་སྐེ་ཚེ་ཁྲག་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་པས་དགྲ་ལ་ཇི་ལྟར་འདོད་པ་བཞིན་དུ་བྱེད་ནུས་པར་འགྱུར་རོ། །ཁྱི་ནག་པོའི་ལྕེ་བླངས་ལ་གུ་ གུལ་དང་ལྷན་ཅིག་ཏུ་བཏགས་ཏེ་རིལ་བུར་བྱས་ཏེ་ཟངས་དང་འཁར་བ་དང་། ར་གན་གཅིག་ཏུ་སྦྱར་བས་གཡོགས་ལ་གོ་ཕྱེའི་ཤིང་གི་གབ་ཚེར་བཅུག་སྟེ། མར་གྱི་ངོ་ཞག་བརྒྱད་དང་ཞག་བཅུ་བཞི་གང་ཡང་རུང་བ་ལ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ། དེ་ནས་ སྒྲ་ཏུག་ཏུག་ཟེར་བར་གྱུར་ནས་དེ་དག་ལས་གཅིག་ཁར་བཅུག་ན་ལུས་མི་སྣང་བར་འགྱུར་ལ། །ཕྱིར་ཕྱུང་ན་སྣང་བར་འགྱུར་ཏེ་ཚེ་ལོ་ཁྲི་ཐུབ་པར་འགྱུར་རོ། །རིའི་རྩེ་མོར་སོང་སྟེ་ལན་འབུམ་བཟླས་བརྗོད་བྱས་ན་ལྷ་མ་ཡིན་གྱི་ཕུག་གི་འཁྲུལ་འཁོར་ཐམས་ཅད་ཧཱུྃ་ཞེས་བྱ་བའམ། ཕཊ་ཅེས་བྱས་ པས་ཆོམས་པར་འགྱུར་རོ། །ལྷ་མ་ཡིན་གྱི་ཕུག་སྒོར་ཡུངས་ཀར་དུག་དང་། ཁྲག་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་པས་ལྷ་མ་ཡིན་གྱི་བུ་མོ་གཅིག་བཞིན་ཕྱིར་བྱུང་ནས་སྒྲུབ་པ་པོ་ནང་དུ་ཁྲིད་པར་འགྱུར་རོ། །ལིག་བུ་མིག་གི་རྒྱུད་མ་ཆད་པར་ལན་སྟོང་སྦྱིན་སྲེག་བྱས་ལ་ཟླ་བ་སྤྱང་ ཀིས་ཟིན་པའི་ཚེ་ཟླ་བ་མ་བཏང་གི་བར་དུ་བཟླས་བརྗོད་བྱས་ཏེ་དེས་མིག་བསྐུས་ན་ལུས་མི་སྣང་བར་འགྱུར་ཞིང་ཚེ་ལོ་སྟོང་ཐུབ་པར་འགྱུར་རོ། །གང་ལ་དམིགས་ཏེ་ལན་ཁྲི་བཟླས་བརྗོད་བྱས་ན་དེ་བྲན་དུ་འགྱུར་རོ། །ཡང་ན་འཆི་བར་འགྱུར་རོ། །དུར་ཁྲོད་ཀྱི་རས་ཁྲུ་གང་ཙམ་བླངས་ལ་དེ་ ཚོན་རྩི་སྦྱིན་མེད་པས་ཁྲོ་བོའི་གཟུགས་མི་སྡུག་ཅིང་མཆེ་བ་གཙིགས་ལ་ལུས་ཀྱི་མདོག་གནག་ཅིང་མེ་ལྕེ་འབར་བས་བསྐོར་ཏེ་སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང་ཁྲོས་པའི་མིག་གིས་བལྟས་ལ་ལག་པ་གཡོན་པ་རྡོ་རྗེ་ཐོགས། ལག་པ་གཡས་པ་ན་དབྱུག་པ་ཐོགས་པ་འདྲིར་གཞུག་གོ། ། འོག་ལོགས་སུ་ནི་སྒྲུབ་པ་པོ་ལག་ན་པོག་ཕོར་ཐོགས་པ་བྲིས་ལ་མར་གྱི་ངོ་ཞག་བརྒྱད་དམ། བཅུ་བཞི་གང་ཡང་རུང་བ་ལ་དེའི་མདུན་དུ་མེ་ཏོག་དམར་པོ་ཕུལ་ཏེ་ལྡོང་རོས་དང་། ལིག་བུ་མིག་དང་གི་ཝང་དང་དགའ་བྱེད་ཀྱི་སྲད་བུ་དང་། དོང་ཀའི་ཤིང་ལྷམ་དང་། གོས་དང་། རྡོ་རྗེ་ འཁོར་ལོ་དང་། མདུང་རྩེ་གསུམ་པ་དང་། རལ་གྲི་ལ་སོགས་པ་ལས་གང་ཡང་རུང་བ་བླངས་ནས་ཆོ་ག་བཞིན་དུ་དག་པར་བྱས་ལ། ཨ་ཤྭཏྠའི་ལོ་མ་བཞག་སྟེ་དངོས་གྲུབ་རྣམ་གསུམ་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ན་དྲོ་བར་གྱུར་ན་ནི་རྐང་པས་མགྱོགས་པར་འགྱུར་རོ། །དུད་པ་ཐུལ་ན་ ནི་ལུས་མི་སྣང་བར་འགྱུར་རོ། །འབར་བར་གྱུར་ན་ནི་ནམ་མཁའ་ལ་འགྲོ་བའི་རིག་སྔགས་འཆང་དུ་འགྱུར་ཏེ་བསྐལ་པར་གནས་པར་འགྱུར་རོ། །དེ་ནས་གནོད་སྦྱིན་མོ་དབང་དུ་བྱ་བར་འདོད་ན་སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ཨ་ཤྭཏྠའི་ཤིང་གིས་མེ་སྦར་ལ་ཨ་ཤྭཏྠའི་མེ་ཏོག་ བརྒྱད་སྟོང་སྦྱིན་སྲེག་བྱས་ན་གནོད་སྦྱིན་མོའི་མིང་ནས་སྨོས་པས་དབང་དུ་འགྱུར་རོ། །ཀླུའི་བུ་མོ་དབང་དུ་བྱ་བར་འདོད་ན་ཤི་བ་ལིཾ་གའི་ཤིང་གིས་མེ་སྦར་ལ་ནག་པུས་པ་བརྒྱ་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །དགུག་པར་བྱ་ན་མར་གྱི་ངོ་ཞག་བརྒྱད་དང་ཞག་བཅུ་བཞི་གང་ཡང་ རུང་བའི་ཕྱེ་མ་རེད་ཨརྐའི་ཤིང་གིས་མེ་སྦར་ལ་ཡུངས་ཀར་གྱི་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་མིང་ནས་གང་སྨྲོས་པ་ཁུགས་པར་འགྱུར་ཏེ། ཞག་གཅིག་སྨྱུང་བ་བྱས་པ་ལས་བྱའོ། །ཞག་བདུན་གྱི་བར་དུ་དུས་གསུམ་དུ་བྱས་ན་ནི་བརྒྱ་བྱིན་ཡང་ཁུགས་པར་འགྱུར་རོ། །ལན་ ཚྭ་དང་བདག་གི་ཁྲག་སྦྱར་བས་སྦྱིན་སྲེག་བྱས་ན་ནི་གང་གི་མིང་ནས་སྨོས་པ་དེ་དབང་དུ་འགྱུར་རོ། །དེ་ནས་ལོག་འདྲེན་གཞིག་པར་འདོད་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ཏེ། དེ་ཉིད་ཀྱིས་བསྲུང་བར་བྱས་ནས་ཞག་གསུམ་སྨྱུང་བ་བྱས་ལ། ཐབ་ ཁུང་རྡོ་རྗེའི་དབྱིབས་འདྲ་བར་བྱ་སྟེ། གུ་གུལ་གྱི་རིལ་བུ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་བགེགས་ཐམས་ཅད་ཞི་བར་འགྱུར་རོ། །ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ཏེ་དུས་གསུམ་དུ་གུ་གུལ་གྱི་རིལ་བུ་མར་གྱི་ནང་དུ་སྨྱུགས་པ་བརྒྱ་སྟོང་སྦྱིན་སྲེག་བྱས་པའི་མཇུག་ཏུ་ཞག་ གསུམ་སྨྱུང་བ་བྱས་ལ་དེའི་མདུན་དུ་མཆོད་པ་ཆེན་པོ་བྱས་ཏེ། རྡོ་རྗེ་ཁྲོ་བོའི་ཁ་ནས་བློ་བུར་དུ་ང་གྲུབ་བོ་ཞེས་ཟེར་བའི་སྒྲ་འབྱུང་གི་བར་དུ་བཟླས་བརྗོད་བྱས་ན་དེ་ནས་སྐྲ་ལྕང་ལོར་འཁྱིལ་ཞིང་ཉི་མ་ཤར་བའི་མདོག་འདྲ་བ་ལ། །རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་ཞིང་བསྐལ་པར་ གནས་ཤིང་ལག་ན་རྡོ་རྗེ་དང་མཐུ་སྟོབས་མཉམ་པར་འགྱུར་རོ། །དེ་ནས་ལིག་བུ་མིག་བསྒྲུབ་པར་འདོད་ན། རི་མོའི་གཟུགས་དེ་ཉིད་ཀྱི་མདུན་དུ་ཡར་གྱི་ངོ་ལས་བརྩམས་ཏེ་དུས་གསུམ་དུ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ནས་དེའི་མདུན་དུ་ཞག་གསུམ་སྨྱུང་བ་བྱས་ལ། ལིག་བུ་མིག་ གམ་ལྡོང་རོས་ཨ་ཤྭཏྠའི་ལོ་མའི་སྟེང་དུ་བཞག་སྟེ་ལག་པ་གཡོན་པས་མནན་ལ་དྲོ་བར་གྱུར་པ་དང་། དུད་པ་འཐུལ་བ་དང་འབར་བར་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ན་དྲོ་བར་གྱུར་ན་ནི་འགྲོ་བ་རྣམས་དབང་དུ་བྱེད་པར་འགྱུར་རོ། །དུད་པ་འཐུལ་ན་ནི་ལུས་མི་སྣང་བར་འགྱུར་ཏེ་རིག་སྔགས་ འཆང་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མི་འགྱུར་ཞིང་། རིག་སྔགས་འཆང་གཅོད་པ་ཐམས་ཅད་ཀྱིས་མི་ཚུགས་ལ་རིག་སྔགས་འཆང་ཐམས་ཅད་ཀྱིས་བྱར་མེད་པར་འགྱུར་རོ། །འབར་བར་གྱུར་ན་ནི་ནམ་མཁའ་ལ་འགྲོ་ཞིང་འཁོར་སྟོང་དང་ལྡན་ལ་གཡོག་རྣམས་འཆང་བར་འགྱུར་རོ། །ཅི་སྟེ་ མི་འདོད་ན་ཡང་རིག་སྔགས་འཆང་རྣམས་གཡོག་ཏུ་འགྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་པར་འགྱུར་རོ། །དེ་ནས་རྡོ་རྗེ་བསྒྲུབ་པར་འདོད་ན་འཛམ་བུ་ཆུ་བོའི་གསེར་ལས་རྡོ་རྗེ་སོར་བཅུ་གཉིས་རྩེ་གསུམ་དུ་བྱས་ལ་ཆུ་ཀླུང་རྒྱ་མཚོར་འབབ་པའི་འགྲམ་དུ་མར་གྱི་ངོ་ཞག་གཅིག་ ལས་བརྩམས་ཏེ་ཕྱི་མར་ཡར་གྱི་ངོ་ཚེས་བཅུ་གཉིས་ཀྱི་བར་དུ་དུས་གསུམ་དུ་བཟླས་བརྗོད་བྱའོ། །དེ་ནས་ཞག་གསུམ་སྨྱུང་བ་བྱས་ཏེ་འཕགས་པར་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ན་དེ་ནས་རིག་སྔགས་འཆང་ཐམས་ཅད་ཀྱིས་ཕྱག་བྱ་བར་འགྱུར་ཞིང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ ཀྱིས་ཀྱང་མཆོད་དེ། ལག་ན་རྡོ་རྗེ་དང་འགྲན་པ་དང་བསྐལ་པར་གནས་པར་འགྱུར་རོ། །སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ལིག་བུ་མིག་ལ་ལན་འབུམ་བཟླས་བརྗོད་བྱས་ཏེ། དེ་ནས་ཡར་གྱི་ངོ་ཚེས་བཅྭ་ལྔ་ལ་ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་ཁར་བཅུག་སྟེ་ཟླ་བ་མ་བཏང་གི་བར་དུ་ བཟླས་བརྗོད་བྱས་ཏེ་དེས་མིག་ལ་བསྐུས་པས་ལུས་མི་སྣང་བར་འགྱུར་རོ། །ཡང་ན་བུད་མེད་གང་སྐྱེས་པ་དང་མ་ཕྲད་པར་ཤི་བ་དེའི་མོ་མཚན་དུ་མར་གྱི་ངོ་ཞག་བཅུ་བཞི་ལ་ལིག་བུ་མིག་དང་ལྡོང་རོས་བཅུག་སྟེ། ཉི་མ་ཤར་གྱི་བར་དུ་བཟླས་བརྗོད་བྱས་ཏེ་དེས་མིག་བསྐུས་པས་སེམས་ཅན་ ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་ཞིང་ཤགས་འགྱེད་དོ་ཅོག་ལས་ལན་ཐེབས་པར་འགྱུར་རོ། །ཤུ་དག་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱའོ། །དེ་ནས་ཕྱུང་སྟེ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ལ། ལྷ་ཆེན་པོའི་གཟུགས་ཀྱི་གཡས་ལོགས་སུ་ལན་བརྒྱ་སྟོང་བཟླས་ བརྗོད་བྱས་ན་དེ་ལག་པ་ལ་བཏགས་པས་རྒྱལ་པོ་ལས་རྒྱལ་བར་འགྱུར་ཞིང་རྩོད་པ་དང་འཐབ་པ་ལ་ལན་ཐེབས་པར་འགྱུར་ཏེ། རྒྱལ་པོའམ་བློན་པོ་ལ་གང་སྨྲས་པ་ཐམས་ཅད་ཚིག་ཉན་པར་འགྱུར་ཞིང་གང་བླངས་པ་དེ་ཡང་ཐོབ་པར་འགྱུར་རོ། །ལིག་བུ་མིག་ལ་ལན་བརྒྱད་སྟོང་བསྔགས་ ཏེ་མིག་ལ་བསྐུས་ན་ཀུན་གྱི་ཡིད་དུ་འོང་བར་འགྱུར་རོ། །གི་ཝང་གིས་ལུས་བསྐུས་ན་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་ལ་ལས་ལིག་བུ་མིག་གམ། ལྡོང་རོས་ཕྲོགས་པར་གྱུར་ན་ཞག་གསུམ་སྨྱུང་བར་བྱས་ལ་ལན་སུམ་འབུམ་བཟླས་བརྗོད་ བྱས་ནས་བ་ལང་གི་ལྕི་བ་ས་ལ་མ་ལྷུང་བ་ལས་རིག་སྔགས་འཆང་གི་གཟུགས་བྱས་ཏེ་ཁྲག་གིས་བསྐུས་ལ། ཀ་ར་བཱི་རའི་མེ་ཏོག་གིས་མཆོད་ནས་ལྕགས་ཞུན་མའི་མཚོན་གྱིས་བཅད་ན། རིག་སྔགས་འཆང་གིས་ལིག་བུ་མིག་གམ། ལྡོང་རོས་ཕྱིར་བྱིན་པར་འགྱུར་རོ། ། དེ་ནས་རིག་སྔགས་དག་པར་འདོད་ན་དེ་བཞིན་དུ་ཞག་གསུམ་སྨྱུང་བ་བྱས་ཏེ། ལན་འབུམ་བཟླས་བརྗོད་བྱས་ན་པོག་གི་ཆུས་རིག་སྔགས་བྲིས་ལ་ཆུ་ཀླུང་རྒྱ་མཚོར་འབབ་པའི་ནང་དུ་བཅུག་སྟེ་ལན་བརྒྱད་སྟོང་བྱས་ནས་དེ་ཉིད་དུ་ཉལ་ན་ཕྱི་དེ་ཉིན་པར་ལྷག་ཆད་དག་པར་བྱ་སྟེ་ཕྱིར་འབྱུང་ བར་འགྱུར་རོ། །མིའི་གཙོ་བོའམ་མི་ཆེན་པོ་དབང་དུ་བྱ་བར་འདོད་ན་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བར་བྱས་ལ་ལུང་ཏང་གི་བུད་ཤིང་གིས་མེ་སྦར་ཏེ། རྒྱ་སྐྱེགས་ཀྱིས་སྲེག་བླུགས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་དེ་དེའི་བྲན་བཞིན་དུ་འོང་བར་འགྱུར་རོ། །ཡང་ན་གྲོག་མཁར་ གྱི་ས་ལས་གཟུགས་བྱས་ཏེ་དེའི་མདུན་དུ་བ་ལང་གི་ཤས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ནང་མིའི་གཙོ་བོ་དབང་དུ་འགྱུར་ལ། དབྱེ་བར་བྱ་འདོད་ན་གཉིས་ཀའི་སེན་མོ་བཅད་པ་བླངས་ལ་ཏིལ་ནག་པོ་དང་བསྲེས་ཏེ་ཚ་བ་གསུམ་དང་ཡུངས་ཀར་མར་དང་སྦྱར་བས་ཞག་བདུན་གྱི་བར་དུ་དུས་གསུམ་ དུ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་དབྱེ་བར་འགྱུར་རོ། །གྲོང་ཁྱེར་འཕོ་བར་འདོད་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ཕུབ་མས་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་འབྲོས་པར་འགྱུར་རོ། །ཡང་ན་འཇིགས་པར་འདོད་ན་ཞག་གསུམ་གྱི་བར་དུ་དུས་གསུམ་དུ་ཁྱི་ཤས་ལན་སྟོང་རྩ་ བརྒྱད་བརྒྱད་སྦྱིན་སྲེག་བྱས་ན་འཇིགས་པར་འགྱུར་རོ། །ཕྱིར་གསོ་བ་ཐམས་ཅད་ལ་ནི་ཨུ་དུམ་བཱ་རའི་ཡམ་སྲེག་ཤིང་ཞོ་དང་སྦྲང་རྩི་དང་མར་གྱི་ནང་དུ་སྨྱུགས་པ་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ལ་རྡོ་རྗེ་ཁྲོ་བོ་ལའང་མར་གྱི་བདུག་པ་བསྲེགས་ན་ཕྱིར་ཞི་བར་འགྱུར་རོ། །དེ་ནས་གདོན་གྱིས་ཟིན་ པར་བྱ་བར་འདོད་དམ་ཡང་ན་གང་ལ་རིམས་ཀྱིས་འདེབས་པར་འདོད་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ཨརྐའི་ཤིང་གིས་མེ་སྦར་ལ་མི་རིམས་ཀྱིས་བཏབ་པ་གང་ཡིན་པ་དེའི་རྐང་རྗེས་ཀྱི་རྡུལ་བླངས་ཏེ། དུག་དང་ཁྲག་དང་སྦྱར་བས་སྦྱིན་སྲེག་བྱས་ན་རིམས་གྱིས་འདེབས་པར་འགྱུར་རོ། །ཡང་ན་ ཀུ་ཤ་ལས་གཟུགས་བྱས་ཏེ་སྙིང་གར་རྐང་པ་གཡོན་པས་མནན་ལ་ཕྱེ་མ་རེད་ནས་བརྩམས་ཏེ་ནམ་ལངས་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ལྟར་བྱས་ན་ཞག་བདུན་གྱིས་རིམས་ཆེན་པོས་འདེབས་པར་འགྱུར་ཏེ་ཅིས་ཀྱང་མི་སློངས་པར་ཞག་བདུན་གྱིས་འཆི་བར་འགྱུར་རོ། །ཕྱིར་གསོ་ན་ཡུངས་ ཀར་ཞོ་དང་སྦྲང་རྩི་དང་མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ལ་བུམ་པ་མི་གནག་ཅིང་རྩ་བ་མེད་པ་བླངས་ཏེ་ཆུས་བཀང་ལ་ལན་སྟོང་བསྔགས་པས་ཁྲུས་བྱེད་དུ་བཅུག་ན་གཏོང་བར་འགྱུར་རོ། །དེ་ནས་གདོན་གྱིས་ཟིན་པར་བྱ་འདོད་ན་ཞག་གསུམ་སྨྱུང་བར་བྱས་ཏེ་དུར་ཁྲོད་དུ་གྲོང་ཁྱེར་ གྱི་སྒོ་བཞིའི་ས་བླངས་པས་རྔ་མོའི་གཟུགས་བྱས་ཏེ། དེས་དེ་མ་ཡིན་པའི་མིའི་གཟུགས་བྱས་པའི་མགོ་བོ་ལ་འཛིན་པར་བྱས་ལ་སྙིང་ག་དང་སྟ་ཟུར་དུ་ལྕགས་ཞུན་མའི་ཕུར་བུས་བཏབ་སྟེ། རྐང་པ་གཡོན་པས་མནན་ལ་མཚན་རངས་པར་བཟླས་བརྗོད་བྱས་ན་གདོན་དྲག་པོས་ཟིན་པར་འགྱུར་ ཏེ་ཅིས་ཀྱང་མི་སློངས་པར་ཞག་བདུན་གྱིས་འཆི་བར་འགྱུར་རོ། །སྦྲུལ་གྱིས་འཛིན་དུ་གཞུག་ན་ཡང་ཆོ་ག་འདི་ཉིད་ཀྱིས་བྱས་ན་ཅིས་ཀྱང་མི་ཟློག་པར་དེ་མ་ཐག་ཏུ་འཆི་བར་འགྱུར་རོ། །ཕྱིར་གསོ་བ་ནི་འབྱུང་པོའི་གནས་སུ་དཀྱིལ་འཁོར་བྲིས་ལ་འབྱུང་པོའི་ཁ་ཟས་ལན་བརྒྱ་སྟོང་བསྔགས་ པ་དབུལ་ལོ། །སྦྲུལ་གྱིས་ཟིན་པ་གསོ་བ་ན་སྦྲང་རྩི་དང་འོ་ཐུག་ཕུལ་ཏེ་བྱབ་པ་འང་བྱས་ན་གཏོང་བར་འགྱུར་རོ། །མཛེ་ནད་ཀྱིས་འདེབས་པར་བྱ་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་རི་བོང་གི་སྤུ་དུག་དང་ཁྲག་གི་ནང་དུ་སྨྱུགས་པ་སྟོང་རྩ་བརྒྱད་བརྒྱད་སྦྱིན་སྲེག་བྱས་ན་མཛེ་ནད་ཀྱིས་འདེབས་ པར་འགྱུར་རོ། །ཆོ་ག་དེ་བཞིན་དུ་དུག་དང་ཁྲག་གི་སྦྱིན་སྲེག་བྱས་ན་ནད་ཁོང་སྐེམས་ཀྱིས་འདེབས་པར་འགྱུར་རོ། །ཕྱིར་གསོ་བ་ནི་བུ་རམ་དང་འོ་མ་ལ་ལན་བརྒྱད་སྟོང་བསྔགས་པ་སྐོམ་དུ་བླུད་ན་གཏོང་བར་འགྱུར་རོ། །བ་ལང་གི་ལྕི་བ་ས་ལ་མ་ལྷུང་བ་ལས་གཟུགས་བྱས་ཏེ་སེང་ལྡེང་གི་ ཕུར་བུ་ལ་ལན་བརྒྱད་སྟོང་བསྔགས་པས་བཙུགས་ན་ཟག་པར་འགྱུར་རོ། །ཕྱིར་གསོ་བ་ནི་ཕུར་བུ་ཕྱུང་ལ་མར་གྱི་ལན་བརྒྱད་སྟོང་སྦྱིན་སྲེག་བྱའོ། །བུད་མེད་ཀྱི་མཚན་ཟག་པར་འདོད་ན་ཞག་གཅིག་སྨྱུང་བར་བྱས་ཏེ་ཕག་ཤ་ལས་མོ་མཚན་གྱི་གཟུགས་བྱས་ལ། ཁྱིའི་རུས་པའི་ཕུར་བུ་ལ་ ལན་བརྒྱ་སྟོང་བཟླས་བརྗོད་བྱས་པ་བཙུགས་ན་ཟག་པར་འགྱུར་རོ། །ཕྱིར་གསོ་བ་ནི་འོ་མས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱའོ། །དེ་ནས་བསད་པར་འདོད་ན་མ་དའི་ཚེར་མ་དང་། སྐེ་ཚེ་དང་ཚ་བ་གསུམ་དང་དུག་རྣམས་ཡུངས་ཀར་མར་དང་སྦྱར་ཏེ། དུར་ཁྲོད་ནས་མེ་བླངས་པའི་ནང་དུ་དུས་ གསུམ་དུ་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་དུས་ལ་བབ་པར་ཞག་བདུན་གྱིས་འཆི་བར་འགྱུར་ཏེ། ཞག་དྲུག་གི་བར་དུ་ནི་ཕྱིར་གསོར་རུང་ངོ་། །ཞི་བར་འདོད་ན་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ཏེ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་པའི་བུམ་པས་ཁྲུས་བྱེད་དུ་བཅུག་ལ། དཱུར་བ་མར་ གྱི་ནང་དུ་སྨྱུགས་པས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། །ཕ་རོལ་གྱི་དམག་གཞོམ་པར་འདོད་ན། བ་རུ་རའི་ཤིང་གིས་མེ་སྦར་བའི་ནང་དུ་མཚོན་ཆ་ཕྱེ་མར་བྱས་པ་ཁྲག་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ལ་དེའི་ཐལ་བས་བདག་གི་དམག་དང་ དམག་དཔོན་རྣམས་ལ་ཐིག་ལེ་བྱས་ནས། རྒྱལ་མཚན་གྱི་རྩེ་མོ་ལ་ཡང་བྱུགས་ཏེ་བསྟན་ན་མཐོང་བ་ཙམ་གྱིས་ཕ་རོལ་གྱི་དམག་ཚོགས་དང་དམག་དཔོན་དེ་དག་ཕམ་པར་འགྱུར་རོ། །ཡང་ན་གླང་པོ་ཆེ་དང་རྟ་ཤི་བའི་ཤ་བླངས་ཏེ་ཕུབ་མ་དང་བ་རུ་རའི་ཤིང་བསྲེས་པའི་མེར་གཡུལ་འགྱེད་ པའི་ཚེ་སྦྱིན་སྲེག་བྱས་ན་སྲེག་བླུགས་བླུགས་པ་ཙམ་གྱིས་ཕམ་པར་འགྱུར་རོ། །ཡུངས་ཀར་དམར་པོ་བླངས་ཏེ་ལན་བརྒྱ་སྟོང་བསྔགས་པས་བདག་གི་དམག་འཁོད་པའི་ས་ལ་གཏོགས་པའི་ས་གཏོར་ཏེ་མགོ་ལ་ཡང་གཏོར་ན་བདག་གི་དམག་དང་དམག་དཔོན་རྣམས་མཐོང་བ་ཙམ་གྱིས་ ཕ་རོལ་གྱི་དམག་ཕམ་པར་འགྱུར་ཏེ། ནམ་ཡང་ཕ་རོལ་གྱི་དམག་གིས་ནོན་པར་མི་འགྱུར་རོ། །ཡང་ན་བདག་གི་ནང་དུ་འདུག་སྟེ་བཟླས་བརྗོད་བྱས་ན་ཕ་རོལ་གྱི་དམག་ཕམ་པར་འགྱུར་རོ། །དེ་ནས་རྒྱལ་སྲིད་སྒྲུབ་པར་འདོད་ན་རིའི་རྩེ་མོར་སོང་ལ་སློང་མོའི་ཟས་ཟ་ཞིང་ལན་བྱེ་བར་ བཟླས་བརྗོད་བྱས་ན་བཟླས་བརྗོད་ཟིན་པའི་འོག་ཏུ་རྡོ་རྗེ་ཁྲོ་བོ་འོང་སྟེ་རང་གི་གཟུགས་བསྟན་ནས་དམ་པ་སྦྱིན་པར་བྱེད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འདྲ་བར་འགྱུར་རོ། །དེ་ནས་གཏེར་ཆེན་པོ་མཐོང་བར་འདོད་ན་ནོར་གྱི་སྤྱན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གནོད་སྦྱིན་གྱི་ཚོགས་ཀྱིས་ བསྐོར་བ་བྲི་བར་བྱའོ། །གློ་གཡས་གཡོས་སུ་ཡང་གཏེར་དུང་དང་པདྨ་གཉིས་བྲིས་ལ། དེའི་མདུན་དུ་རྡོ་རྗེ་ཁྲོ་བོ་ལིག་བུ་མིག་དང་སྤྲིན་གྱི་མདོག་ཅན་མཆེ་བ་གཙིགས་པ། སྐྲ་གྱེན་དུ་འགྲེང་ལ་ས་ལ་ལྟ་ཞིང་འདུག་པ་བྲིས་ཏེ། ཡུངས་ཀར་དང་ཨ་ཀ་རུ་གཅིག་ཏུ་སྦྱར་ནས་ཡར་གྱི་ངོ་ཚེས་ཞག་ གཅིག་ལ་བརྩམས་ལ་ཟས་སུ་འོ་མའི་འདག་གུའམ། སློང་མོའི་ཟས་ཟ་ཞིང་ལན་འབུམ་བཟླས་བརྗོད་བྱས་ཏེ། ཅི་འབྱོར་པས་མཆོད་པ་བྱས་པའི་མཇུག་ཏུ་ཞག་གསུམ་སྨྱུང་བ་བྱས་ཏེ། ཟླ་བ་ཉ་ལ་མར་གྱི་མར་མེ་བཞི་ཕུལ་ནས་གཏེར་གཅིག་ལས་ཏི་ན་རའི་ཆར་བབ་ཀྱི་བར་དུ་བཟླས་བརྗོད་བྱའོ། ། ཏི་ན་ར་དེ་དག་ཀྱང་བླང་བར་མི་བྱའོ། །དེ་ནས་ནམ་ལངས་པ་དང་སའི་འོག་ནས་གཏེར་ཆེན་པོ་མཐོང་བར་འགྱུར་ལ་དེ་ཡང་ཟད་པར་མི་འགྱུར་ཏེ། ཐོག་མར་དཀོན་མཆོག་གསུམ་གྱི་ཕྱིར་སྤྱད་པར་བྱའོ། །འབྲུ་མ་རུངས་པར་བྱ་བ་དང་འཕེལ་བར་བྱ་འདོད་ན། ཞིང་གི་དབུས་སུ་བཟླས་ བརྗོད་བྱས་ན་རྒྱས་པར་བྱ་བའམ། མ་རུངས་པར་བྱ་བའི་བསམ་པ་ཇི་ལྟ་བུས་བཟླས་བརྗོད་བྱས་པ་དེ་བཞིན་དུ་འགྱུར་རོ། །གྲོང་བཤིག་པར་འདོད་ན་གྲོང་གི་དབུས་སུ་ཞག་གཅིག་སྨྱུང་བ་བྱས་ཏེ། ཨརྐའི་ཡམ་སྲེག་ཤིང་སྦྱིན་སྲེག་བརྒྱ་སྟོང་བྱས་ན་གྲོང་འཇིག་པར་འགྱུར་རོ། །གྲོང་ཁྱེར་ བཤིག་པ་ནི་ཆོ་ག་དེ་བཞིན་དུ་ཞག་བདུན་གྱི་བར་དུ་བྱས་ན་འཇིག་པར་འགྱུར་རོ། །རྒྱལ་པོའི་གྱོད་ལ་ཐོགས་པར་བྱ་ན་ཞག་གསུམ་སྨྱུང་བ་བྱས་ཏེ་རྒྱལ་པོའི་གྱོད་ལ་ཐོགས་པར་བྱའོ་སྙམ་དུ་བསམས་ལ་ལོག་འདྲེན་གྱི་གཟུགས་བྱས་ནས། རཱ་ཛ་ཨརྐའི་ཡམ་སྲེག་ཤིང་ཡུངས་མར་གྱི་ནང་དུ་ སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱའོ། །ཁ་ཟས་འདོད་ན་ཉི་མ་ཤར་ཁར་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་ཁ་ཟས་རོ་དྲུག་དང་ལྡན་པར་འགྲུབ་པར་འགྱུར་རོ། །གོས་འདོད་ན་ཉི་མ་ཤར་བར་རས་ཀྱི་ཁ་ཚར་རེ་རེ་ལ་བཟླས་བརྗོད་ལན་རེ་རེ་བྱས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་གོས་ཐོབ་ པར་འགྱུར་རོ། །བུད་མེད་དབང་དུ་ཐོབ་པར་འདོད་ན་རས་བལ་གྱི་འདབ་མ་རྒྱ་སྐྱེགས་ཀྱིས་ཁ་བསྒྱུར་བ་དང་། མ་ད་ནའི་ཚེར་མ་རྒྱ་སྐྱེགས་ཀྱི་ནང་དུ་སྨྱུགས་པ་དུས་གསུམ་དུ་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །ཡུགས་ས་མོ་དབང་དུ་བྱ་བར་འདོད་ན་རྡོ་རྗེ་ཁྲོ་བོའི་ མདུན་དུ་དུས་གསུམ་དུ་ཡུངས་ཀར་གྱིས་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་བྲན་བཞིན་དུ་འོང་བར་འགྱུར་རོ། །ཕུབ་མའི་སྦྱིན་སྲེག་གིས་ནི་དགྲ་མ་རུངས་པར་འགྱུར་རོ། །རྒྱ་སྐྱེགས་ཀྱིས་ནི་གཟི་བྱིན་མེད་པར་བྱེད་དོ། །ཏིལ་བཏགས་པའི་སྦྱིན་སྲེག་གིས་ནི་ལོག་ འདྲེན་གྱིས་ཟིན་པར་འགྱུར་རོ། །གང་ཞིག་ཕ་རོལ་གྱི་རིག་སྔགས་བཅད་པར་འདོད་ན་ཀུ་ཤ་ལས་གཟུགས་བྱས་ཏེ་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ལན་བརྒྱད་བརྒྱ་བརྒྱད་བརྒྱ་བཟླས་བརྗོད་བྱས་ལ། ཞག་བདུན་གྱི་ཉིན་པར་ལྕགས་ཞུན་མའི་མཚོན་གྱིས་བཅད་ཅིང་སྦྱིན་སྲེག་ བྱས་ན་ཞག་གཅིག་གིས་རིག་སྔགས་བཅད་པར་འགྱུར་རོ། །བོང་བུའི་རྟུག་པའམ། གླང་པོ་ཆེའི་རྟུག་པས་དུས་གསུམ་དུ་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་རིག་སྔགས་ཐམས་ཅད་བཅིངས་པར་འགྱུར་རོ། །ཕྱིར་གསོ་བར་འདོད་ན་དེ་ཉིད་དུ་དེ་ཉིད་ ཀྱི་སྦྱིན་སྲེག་བྱས་ན་གཏོང་བར་འགྱུར་རོ། །བདག་དང་གཞན་གྱི་ཕྱིར་ལོག་འདྲེན་གཞིག་པར་འདོད་ན། གླང་པོ་ཆེའི་མགོ་ཅན་གྱི་གཟུགས་སྔ་ནས་ཡོད་པ་དེར་སོང་ལ། བགེགས་ཀྱི་གཟུགས་བྲིས་ནས་དེར་མེ་སྦར་ཏེ་གླང་པོ་ཆེའི་ཤས་སྦྱིན་སྲེག་བྱས་ན་ལོག་འདྲེན་རྣམས་མ་ རུངས་པར་འགྱུར་རོ། །ཕྱིན་ཆད་བགེགས་མེད་དོ། །གྲུ་ཐོགས་པར་བྱ་བར་འདོད་ན་ཆུ་སྲིན་ཀུམྦྷི་རའི་མཆེ་བ་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་ཆུའི་ནང་དུ་བཅུག་ན་གྲུ་ཐོགས་པར་འགྱུར་ལ་ཕྱུང་ན་འགྲོ་བར་འགྱུར་རོ། །ཕ་རོལ་གྱི་དམག་རེངས་པར་བྱ་ན་མདའ་ལ་ལན་བརྒྱད་ སྟོང་བཟླས་བརྗོད་བྱས་ཏེ་འཕངས་ན་རེངས་པར་འགྱུར་ཏེ་མཚོན་འདེབས་ཤིང་འཕེན་མི་ནུས་པར་འགྱུར་རོ། །ཆོམ་རྐུན་རེངས་པར་བྱ་ན་ཡིད་ལ་བཟླས་བརྗོད་བྱས་ན་རེངས་པར་འགྱུར་རོ། །མི་མ་ཡིན་པ་རེངས་པར་བྱ་ན་དུར་ཁྲོད་ཀྱི་ལྕགས་ཀྱི་ཕུར་བུ་ལ་བསྔགས་ཏེ། བཙུགས་ ན་བཅིངས་པ་དང་རེངས་པར་འགྱུར་ལ་ཕྱུང་བ་ན་གྲོལ་བར་འགྱུར་རོ། །དྲན་པ་ཙམ་གྱིས་ངན་འགྲོར་འགྲོ་བར་མི་འགྱུར་ཏེ། མཚམས་མེད་པ་ལས་ཐར་བར་འགྱུར་རོ། །དངོས་གྲུབ་འདི་དག་ནི་བཟླས་བརྗོད་བྱས་པ་ཙམ་གྱིས་ལས་ཐམས་ཅད་བྱེད་པར་འགྱུར་ཏེ། དེ་དུག་ལས་གསོ་ ནམ་དན་འམ། རྨ་བྱའི་མདོངས་སམ་ཡལ་གས་བྱའོ། །རིམས་སོ་ཅོག་གསོ་བ་ནི་ཚོན་རྩི་སྣ་ལྔའི་སྐུད་པས་བྱའོ། །མཚམས་བཅད་པ་ནི་ཡུངས་ཀར་རམ་ཐལ་བའམ་ཆུས་བྱའོ། །གདོན་དབབ་པ་ནི་གུ་གུལ་གྱིས་བདུག་པར་བྱའོ། །སྦྲུལ་གྱིས་ཟིན་པ་ལ་ནི་ཤིང་ཀུན་དང་ ཤུ་དག་དང་བྱིས་ཀུ་དང་ལུང་ཐང་དང་རྨ་བྱའི་མདོངས་དང་རྨ་བྱའི་མཁྲིས་པ་དང་ནེའུ་ལེའི་སྤུ་དང་ཚ་བ་གསུམ་དང་འདི་རྣམས་སྔ་དྲོ་ན་ག་བུས་པའི་ཁུ་བ་དང་བཏག་ཅིང་གྲིབ་མར་བསྐམས་པ་ལན་བདུན་གྱི་བར་དུ་བྱས་ལ། དེ་ནས་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ཏེ་ཡར་གྱི་ངོ་ཚེས་ བཅྭ་ལྔ་ལ་ཞག་གཅིག་སྨྱུང་བ་བྱས་ནས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ལ། སྦྱིན་པའི་ཚེ་ལན་བདུན་བསྔགས་ནས་སྦྱིན་པར་བྱ་སྟེ། གསོན་པོ་ཞིག་ན་ནི་བླུད་པར་བྱའོ། །ཤི་ཟིན་པ་ཞིག་ན་ནི་སྣར་བླུགས་ཤིང་མིག་ལ་བསྐུས་ན་འཇོག་པོས་ཟིན་པ་ཡང་འཚོ་བར་འགྱུར་རོ། ། སྦྲུལ་གྱིས་ཟིན་ཏེ་ཤི་ནས་བསྲེགས་ཟིན་པ་ཡང་ཐལ་བས་གཟུགས་བྱས་ལ་རྡོ་རྗེ་ཁྲོ་བོའི་རིག་པ་མཆོག་དང་ལྡན་པ་གཅིག་ཏུ་ལན་འབུམ་བཟླས་བརྗོད་བྱས་པའི་རྗེས་ལ་དེ་ཉིད་དུ་ཞག་གསུམ་སྲུང་བ་བྱས་ཏེ་ཡར་གྱི་ངོ་ཚེས་བཅྭ་ལྔ་ལ་ཞི་བ་ལ་འོས་པའི་མེ་ཏོག་གིས་མཆོད་པ་བྱས་ནས་ནཱ་ག་ གེ་སར་གྱི་ཤིང་གིས་མེ་སྦར་ཏེ། མངར་གསུམ་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ལ་གཟུགས་རས་དཀར་པོས་བཀབ་སྟེ། དེ་ནས་རིག་པ་མཆོག་བཟླས་བརྗོད་བྱེད་བཞིན་དུ་རས་བཤུས་ལ་ཤི་བ་དེ་ན་ཚོད་དང་གཟུགས་ཅི་འདྲ་བ་དེ་འདྲ་བའི་ན་ཚོད་དང་གཟུགས་ཅན་གྱི་སེམས་ཅན་ལྡང་བར་འགྱུར་རོ། །དེ་ནས་ རྡོ་རྗེ་ཁྲོ་བོའི་གསང་སྔགས་རིག་པ་མཆོག་དང་ལྡན་པ་ལ་ལན་བདུན་བཟླས་བརྗོད་བྱས་ན་ལངས་ཏེ་ཁྱིམ་དུ་འགྲོ་བར་འགྱུར་རོ། །ཅི་སྟེ་རས་ཀྱིས་བཀབ་ཀྱང་མིའི་གཟུགས་སུ་མ་གྱུར་ན་རྨ་བྱའི་སྒྲོ་རང་ལྷུང་བས་སྦྱིན་སྲེག་བྱས་ན་གདོན་མི་ཟ་བར་དེ་བཞིན་དུ་འགྱུར་ཏེ་འགྲུབ་པར་འགྱུར་རོ། །ཆར་ དབབ་པར་འདོད་ན་ཐབ་ཁུང་པདྨའི་དབྱིབས་འདྲ་བར་བྱས་ལ་མངར་གསུམ་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཆར་ཆེན་པོ་ཞག་བདུན་གྱི་བར་དུ་འབབ་པར་འགྱུར་རོ། །ཅི་སྟེ་ཆར་མ་བབ་པར་གྱུར་ན་མེ་དེ་ཉིད་ཀྱི་ནང་དུ་མངར་གསུམ་དུག་དང་ཁྲག་དང་སྦྱར་ཏེ་སྦྱིན་སྲེག་བྱས་ན་ འབབ་པར་འགྱུར་རོ། །བཅད་པར་བྱ་ན་མངར་གསུམ་དཀར་དང་སྦྱར་བས་སྦྱིན་སྲེག་བྱས་ན་འཆད་པར་འགྱུར་རོ། །གཏེར་འབྱུང་བར་བྱ་ན་ཡུངས་ཀར་གྱི་འཁྲུལ་འཁོར་ཐམས་ཅད་ཆོམས་པར་འགྱུར་རོ། །བཟླས་བརྗོད་བྱས་པ་ཙམ་གྱིས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ལས་ བྱས་པ་ལས་ཅི་སྟེ་འགྲུབ་པར་མ་གྱུར་ན་རིག་པ་མཆོག་དང་ལྡན་པར་བྱས་ན་ལས་ཐམས་ཅད་མྱུར་དུ་ངེས་པར་འགྱུར་རོ། །དེ་ནས་གནོད་སྦྱིན་ཆེན་པོ་རྨུགས་བྱེད་རྣམས་ལྷ་མ་ཡིན་རྣམས་ཀྱིས་གཙེས་ནས་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་གང་ན་བ་དེར་དོང་ ངོ་། །དེ་ནས་སྐྱབས་མ་རྙེད་པའི་གནོད་སྦྱིན་དེ་དག་ལག་ན་རྡོ་རྗེ་ལ་སྐྱབས་སུ་སོང་སྟེ། རྡོ་རྗེ་འཛིན་ཆེན་པོ་ལྷ་མ་ཡིན་མཆོག་ཏུ་འཇིགས་པ་ལས་སྐྱོབས་ཤིག་ཅེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་གནོད་སྦྱིན་ཆེན་པོ་རྨུགས་བྱེད་དེ་དག་ལ་བཟོད་ལྡན་དག་ཁྱེད་ ནི་སྡིག་པ་མེད་པ་ཡིན་ཏེ། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོའི་རྒྱལ་པོ་གང་ན་བ་དེར་ཕྱིན་ལ་ལག་ན་རྡོ་རྗེས་ང་བསྟན་པར་གནས་པས་ནམ་འཇིགས་ཤིག་མ་འཇིགས་ཤིག་ཅེས་དབུགས་ཕྱུང་ངོ་། །དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་རྣམས་ དང་དྲང་སྲོང་དེ་དག་གིས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དང་སྤྱན་ལ་མངོན་པར་བསྟོད་པ། གཟི་བརྗིད་ཆེན་པོ་ལེགས་སོ་ལེགས་སོ། །སྟོབས་པོ་ཆེ་ཕ་རོལ་གནོན་པ་ཁྱོད་ཀྱིས་ལྷ་དང་བཅས་པའི་འཇིག་རྟེན་གྱི་དོན་གྱི་ཕྱིར་གང་གིས་ལྷ་ཐམས་ཅད་རྒྱལ་བར་འགྱུར་ལ། ལྷ་མ་ཡིན་རྣམས་ ཕམ་པར་འགྱུར་བའི་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་བཤད་པ་ལེགས་སོ་ལེགས་སོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་འཇིག་རྟེན་ན་སྡང་བ་གང་ཇི་སྙེད་ཡོད་པ་དེ་དག་དེང་ཤིག་ པར་བྱས་མ་འཇིགས་ཤིག་མ་འཇིགས་ཤིག །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དང་སྤྱན་ལ་ཕྱག་བྱས་ནས་ལྷ་མ་ཡིན་རྣམས་དང་ཟས་སུ་ཁྲག་འཐུང་བའི་གདོན་རྣམས་གཞིག་པའི་ཕྱིར་རྡོ་རྗེ་ཁུ་ཚུར་གྱི་རིག་སྔགས་ཆེན་མོ་བརྗོད་དོ། །དེ་ནས་ལྷ་མ་ཡིན་དེ་དག་གི་ཁུ་ཚུར་གྱི་མིང་ཐོས་ ནས་བྲག་ལ་གནམ་ལྕགས་ཀྱིས་ཕོག་པ་བཞིན་དུ་མ་རུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་སྤྱན་ལ་སྤྱི་བོས་ཕྱག་བཙལ་ཏེ་མཉམ་པར་བཞག་ནས་རྡོ་རྗེ་ཁུ་ཚུར་བཤད་པ། ན་མོ་རཏྣ་ཏྲ་ཡ་སྱ། ན་མཥྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེནཱ་པ་ཏི་སྱ། དེ་བ་ཨ་རུ་ར་ སཾ་ཀྲ་མེ། དེ་བ་ནཱ་མ་བྷ་ཡ་ཀ་རི། བཛྲ་མུཥྚི། ས་མུཏྤཱ་ནན། ཨ་སུ་རཱནྡཾ། ཀྵ་ཡཾ་ཀ་རི་ག་ཏ་ནི་སརྦ་ཤ་ཏྲཱུ་ཎཱཾ། ནཱ་གཱ་ནཱཾ་བ་ཤ་བརྟེ་ནི་བཛྲ་མུཥྚི་མ་པྲ་བྷ་ཀྵ་མི་བྷཱུ་ཏཱ་ནཱཾ། མརྨ་བེ་ཏ་ནི་ཧ་ཧ་བཛྲ་པཱ་ཎི། ཧི་ཧི་བཛྲ་པཱ་ཎི། ཧ་ན་ཧ་ན་བཛྲ་པཱ་ཎི། ཨ་བེ་རི་ཨ་བེ་རི་བཛྲ་པཱ་ཎི། ཨོྃ་ཀུ་ཧུ་སྭཱ་ཧཱ། གསང་བདག་བློ་དང་ལྡན་པ་ཡིས། །གསང་སྔགས་བཤད་པ་ཙམ་གྱིས་ནི། །དཀྱིལ་འཁོར་དེ་ན་སྡང་བ་གང་། །དེ་དག་ཡོངས་སུ་ཚིག་གྱུར་ནས། །སྟོབས་ཆེན་ཕ་རོལ་གནོན་པ་ཡིས། །རྡོ་རྗེ་ཁུ་ཚུར་རབ་འཇིགས་ལས། །བདག་ཅག་བསྐྱབ་པ་གྱིས་ཤིག་ཅེས། ། ལག་ན་རྡོ་རྗེའི་སྐྱབས་སུ་སོང་། །དེ་ནས་དཀོན་མཆོག་གསུམ་པོ་ཡིས། །བརྒྱན་པར་སེམས་ནི་བསྐྱེད་པར་གྱིས། །འོན་ཏ་ང་ཞི་བ་ཉིད་དུ་འགྱུར། །དེ་ནས་ལྷ་དེ་དག་གིས་འཇིགས་པའི་སེམས་ཀྱིས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་མངོན་པར་བསྟོད་ནས། རིག་ སྔགས་ཀྱི་རྒྱལ་པོ་རྡོ་རྗེ་ཁུ་ཚུར་གྱིས་རིག་སྔགས་ཆེན་མོའི་ལས་རྣམས་ཤོད་ཅིག་ཤོད་ཅིག་ཅེས་སྨྲས་ནས། ལག་ན་རྡོ་རྗེ་སྟོབས་ཆེན་གྱིས། །སྤྱན་ལ་སྤྱི་བོས་ཕྱག་འཚལ་ནས། །མཉམ་གཞག་རྡོ་རྗེ་ཁུ་ཚུར་གྱི། །ཆོ་ག་བཤད་པ་རབ་བསྟན་པ། །ཆུ་ཀླུང་གི་འགྲམ་ མམ། སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་སྒྲ་སྐད་གྲག་པ་མེད་པའི་གནས་སུ་གཙང་སྦྲ་དང་། ཚངས་པར་སྤྱད་པ་དང་། ཟ་གཅིག་པ་དང་སློང་མོའི་ཟས་ཟ་ཞིང་མི་སྨྲ་བར་ལན་སུམ་འབུམ་མམ། ལྔ་འབུམ་བཟླས་བརྗོད་བྱའོ། །ཆུ་ཀླུང་ངམ། པདྨའི་རྫིང་བུར་མེ་ཏོག་ ལ་ལན་རེ་རེ་བཟླས་བརྗོད་བྱས་ཏེ་དོར་བར་བྱའོ། །སློང་མོའི་ཟས་ཟ་ཞིང་རིའམ་དགོན་པར་བ་ལང་གི་ལྕི་བ་བསྲེག་པར་བྱའོ། །ཆུའི་ནང་དུ་ཟིན་ཐིག་ལེའི་ལོ་མ་བཅད་ཅིང་བཅད་ཅིང་དོར་བར་བྱའོ། །ལས་འདི་དག་བྱས་ན་ལྷ་ཉིད་རང་གི་ཆ་ལུགས་ཀྱིས་འོང་བར་བྱེད་དེ་འགོག་ པར་བྱེད་དོ། །སྒྲུབ་པའམ། བདག་ཉིད་སད་པར་འདོད་པའམ། ཡུལ་གྲུ་འདོད་ཀྱང་རུང་སྟེ་རས་མ་ཉམས་པ། སྐྲ་མེད་པ། ཁ་ཚར་མ་བཅད་པ་ལ་ཚོན་རྩི་སྦྱིན་དང་མ་སྦྱར་བ་སྣོད་སར་པའི་ནང་དུ་བཅུག་སྟེ། ཕྱིས་སར་པས་རི་མོ་མཁན་གཙང་མ་གསོ་སྦྱོང་གི་ཡན་ལག་ བརྒྱད་དང་ལྡན་པ་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་འདྲིར་གཞུག་གོ། །རྡོ་རྗེའི་སྡེ་ཡང་མིའི་གཟུགས་སུ་བྱས་ལ་མགོ་བོར་རྡོ་རྗེ་བཞག་སྟེ་འཕགས་པ་རྡོ་རྗེ་འཛིན་ལག་པ་གཡོན་པས་སྙེས་པར་བྱའོ། །རྡོ་རྗེའི་སྡེ་ཡང་སྒ་ལྕང་ལོར་འཁྱིལ་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱའོ། ། བཅོམ་ལྡན་འདས་ལག་ན་རྡོ་རྗེའི་མགོ་ལོགས་སུ་ནི་གཙུག་ནས་བྱུང་གཞོན་ནུའི་གཟུགས་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གསེར་གྱི་ཁ་དོག་ཅན། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་འདུག་པར་བྲིའོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་ནི་རྡོ་རྗེ་ཁུ་ཚུར་ མ་གཞོན་ནུའི་གཟུགས་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་དཔུང་རྒྱན་དང་། གདུ་བུའི་རྒྱན་གྱིས་བརྒྱན་ལ་གསེར་གྱི་མདོག་ཅན་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་འདུག་པ་བྲིའོ། །སྒྲུབ་པ་པོ་ཡང་འོག་ལོགས་སུ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ལག་པ་གཡས་ པ་ན་པོག་ཕོར་ཐོགས། ལག་པ་གཡོན་པ་ན་མེ་ཏོག་གི་ཟ་མ་ཏོག་ཐོགས་པར་བྲིའོ། །དེ་ནས་ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ཏེ་ཚེས་བཅུ་གསུམ་གྱི་བར་དུ་ཟས་སུ་འོ་མ་དང་འབྲས་ཆན་ཟ་ཞིང་ཟ་གཅིག་པར་བྱས་ལ་དུས་གསུམ་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱའོ། །དེ་ནས་ ཞག་གཉིས་སམ་གསུམ་དུ་སྨྱུང་བ་བྱས་ཏེ། །དུས་གསུམ་དུ་ཁྲུས་བྱེད་ཅིང་གོས་གཙང་མ་བགོས་ལ། མཚན་མོ་ནི་སྦྱིན་སྲེག་བྱ། ཉིན་མོ་ནི་བཟླས་བརྗོད་བྱ་སྟེ། །ཡུལ་གྲུ་འདོང་ན་ནི་ཤུ་ཏི་མར་གྱི་ནང་དུ་སྨྱུགས་པས་སྦྱིན་སྲེག་བྱའོ། །ཞག་གྲངས་ངུའི་སྦྱིན་སྲེག་བྱེད་པ་དེ་ སྲིད་དུ་བཟླས་བརྗོད་བྱ་སྟེ། ལས་སོ་ཅོག་ལ་དུས་གསུམ་དུ་ལན་སུམ་སྟོང་བཟླས་བརྗོད་བྱའོ། །དངོས་གྲུབ་ཀྱི་མཚན་མར་རྨི་ལམ་དུ་མེ་ཏོག་གམ། འབྲས་བུ་རྙེད་པའམ། འཛིན་པ་རྨིས་ན་ལྷ་འགྲུབ་པར་འགྱུར་རོ། །ཤགས་འགྱེད་པའི་ཆོ་ག་འདི་ཡིན་ཏེ། རྒྱ་སྐྱེགས་ ཡུངས་མར་གྱི་ནང་དུ་སྨྱུགས་པས་སྦྱིན་སྲེག་བྱའོ། །བུ་འདོད་པས་ནི་ཏིལ་དང་འབྲས་ཀྱིས་བྱའོ། །དགྲ་གཞིག་པ་ལ་ནི་གུ་གུལ་འབྲུ་མར་དང་སྦྱར་ཏེ་ཁྲག་དང་བསྲེས་པས་བྱའོ། །འཇིགས་པ་ཐམས་ཅད་ལ་ནི་བིལ་བའི་ཡམ་སྲེག་ཤིང་གིས་བྱའོ། །ལྷ་བཤོས་ནི་འབྲས་ཀྱི་འོ་ཐུག་དང་ འོ་མ་འབྲས་ཀྱིས་སྦྱར་བས་བྱའོ། །ཕྱོགས་བཞིར་ཡང་འཇིག་རྟེན་སྐྱོང་བ་རྣམས་ལས་འབྱུང་པོའི་ཟས་ཀྱི་གཏོར་མ་ཤ་དང་ཆང་དང་བཅས་པར་ནུབ་མོ་སྦྱིན་པར་བྱའོ། །ལས་རྣམས་ལ་ནི་ནས་དང་ཡུངས་ཀར་དང་འབྲས་ཡོས་དང་སོ་སོར་སྦྱིན་སྲེག་བྱའོ། །གདོན་ལས་ཐར་བར་བྱ་ན་ བ་རུ་རའི་ཡམ་སྲེག་ཤིང་སྐེ་ཚེས་བྱའོ། །ལོ་ཏོག་རྒྱས་པར་བྱ་ན་ནས་དང་ཨུ་དུམ་བཱ་རའི་ཡམ་སྲེག་ཤིང་གིས་བྱའོ། །དགྲ་གཞིག་པར་བྱ་ན་སྐེ་ཚེའི་འབྲུ་བཏགས་ཏེ་ཏིལ་དང་སྦྱར་བ་དང་། མད་ནའི་ཚེར་མའི་ཡམ་སྲེག་ཤིང་གིས་བྱའོ། །གཏན་དུ་བསྐྲད་པར་བྱ་ན་ནི་བིལ་བའི་འབྲས་བུ་ ཡུངས་མར་གྱི་ནང་དུ་སྨྱུགས་པ་དང་། བིལ་བའི་ཡམ་སྲེག་ཤིང་དང་། བིལ་བའི་ཕྱེ་མ་དང་། རྒྱ་སྐྱེགས་ཕྱེ་མར་བྱས་ཏེ་སྦྱིན་སྲེག་བྱའོ། །འཕགས་པ་ལག་ན་རྡོ་རྗེའི་སྐུ་གཟུགས་ཀྱང་འདྲེར་གཞུག་གོ། །བུད་མེད་དབང་དུ་བྱ་བར་འདོད་ན་ཉིན་མཚན་དུ་ལན་ཚྭས་བྱའོ། །ཀ་ཀ་དང་ཨུ་ དུ་བའི་ཡམ་སྲེག་ཤིང་དང་། ལན་ཚྭ་ལས་གཟུགས་བྱས་ཏེ་བུད་མེད་ལ་ནི་རྐང་པ་གཡོན་པ་ནས། སྐྱེས་པ་ལ་ནི་རྐང་པ་གཡས་པ་ནས་བརྩམ་མོ། །སྐྱེས་པ་ལ་ནི་ནིམ་པའི་ཡམ་སྲེག་ཤིང་དང་། སྐྱེས་པའི་གཟུགས་བྱས་ལ་ལན་ཚྭ་ཨེ་རཎྜའམ། ཟར་མའི་མར་དང་སྦྱར་ཏེ་སྦྱིན་སྲེག་ བྱའོ། །ཆོ་ག་གཞན་ཡང་རྩིག་ངོས་སམ། ཤིང་ལེབ་ལ་འཕགས་པ་ལག་ན་རྡོ་རྗེའི་གཟུགས་བྲིས་ཏེ་མགོ་བོར་ཡང་བཅོམ་ལྡན་འདས་ཀྱི་གཟུགས་བྲིའོ། །རྡོ་རྗེ་འཛིན་གྱིས་ལག་པ་གཡོན་པ་ལ་རྡོ་རྗེ་བསྟོད་དེ་འཛིན་པར་བྱ། ལག་པ་གཡས་པའི་མཛུབ་མོ་ནི་བསྡིགས་པའི་ཚུལ་དུ་ བྱ་སྟེ། གཡོན་ཕྱོགས་སུ་རྡོ་རྗེ་ཁུ་ཚུར་མ་མདོག་ནག་མོར་བྲི། གཡས་ཕྱོགས་སུ་སྒྲུབ་པ་པོ་ལག་ན་རྡོ་རྗེའི་ཞལ་དུ་བལྟ་ཞིང་པུས་མོ་གཉིས་ས་ལ་བཙུགས་ཏེ་རྡོ་རྗེ་འཛིན་ལ་སྙིམ་པར་མེ་ཏོག་འཐོར་བར་བྱ། རྡོ་རྗེ་ཁུ་ཚུར་མ་ཡང་ལག་པ་གཡོན་པ་ཁུ་ཚུར་བཅངས་ལ་རབ་ཏུ་འབར་བར་བྱ། ལག་པ་གཡས་པ་ནི་མཛུབ་མོར་བསྡིགས་པར་བྱ་སྟེ། ཁྲོས་ཤིང་གོས་སེར་པོ་གྱོན་པར་བྱའོ། །མར་གྱི་ངོ་ཞག་བརྒྱད་ནས་བརྩམས་ཏེ་མར་གྱི་ངོ་ཞག་བཅྭ་ལྔའི་བར་ཞག་བདུན་དུ་སྔར་བསྙེན་པ་མི་སྨྲ་བར་དུས་གསུམ་དུ་ལན་བརྒྱད་བརྒྱ་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་ཟས་སུ་འོ་མ་དང་ འབྲས་ཆན་ཟ་ཞིང་མར་གྱི་མར་མེ་དང་དྲི་དང་མེ་ཏོག་གི་ཕྲེང་བ་དང་བདུག་པ་ལ་སོགས་པས་མཆོད་པ་བྱ་ཞིང་དུས་གསུམ་དུ་ཁྲུས་བྱས་ལ་ནུབ་གཅིག་བཞིན་དུ་གཏོར་མ་རྣམ་པ་སྣ་ཚོགས་དབུལ་ཞིང་རྟག་ཏུ་དུས་གསུམ་དུ་ཡང་དབུལ་ལོ། །ཞག་བདུན་གྱི་བར་དུ་བཟླས་བརྗོད་བྱས་ལ་ཡར་གྱི་ ངོ་ཚེས་གཅིག་ལ་བརྩམས་ཏེ་ཀར་བཱི་ར་དམར་པོ་ཡུངས་མར་གྱི་ནང་དུ་སྨྱུགས་པ་དང་། ཨརྐའི་ཡམ་སྲེག་ཤིང་གིས་སྦྱིན་སྲེག་བྱ་སྟེ་ཆོ་ག་འདི་ནི་སྔ་མ་བཞིན་ནོ། །མེ་ཏོག་དཀར་པོས་བྱ་ནའང་ཡམ་སྲེག་ཤིང་ནི་སྔ་མ་ཉིད་དེ། མར་གྱི་ནང་དུ་སྨྱུགས་པར་བྱའོ། ། ལས་འདི་རྣམས་གཉིས་ཏེ་དགྲ་སྡིག་ཅན་ལ་བྱའོ། །རྩོད་པའི་སའམ་གྲོང་གི་ལོགས་སུ་རླུང་ཕྱོགས་གང་ནས་འགྲོ་བ་དེར་ཉེའུ་ཤིང་དུམ་བུ་དུམ་བུར་གཏུབས་པ་དང་། བ་ལ་ཤའི་ཡམ་སྲེག་ཤིང་གིས་སྦྱིན་སྲེག་བྱ་སྟེ་ལྷ་བཤོས་སུ་ཞོ་དང་འབྲས་ཆན་སྦྱར་བ་དབུལ་ཞིང་སྨྱུང་བ་བྱས་པས་ བྱ་སྟེ། སྐུ་གཟུགས་ཀྱི་ཆོ་ག་ནི་སྔ་མ་བཞིན་ནོ། །དགྲའི་བ་ལང་ངམ། མ་ཧེ་རྣམས་མ་རུང་པར་བྱ་ན་བ་ལང་གི་ཤ་དང་མ་ཧེའི་ཤས་སྦྱིན་སྲེག་བྱའོ། །རྡོ་རྗེ་ཁུ་ཚུར་གྱི་ཆོ་གའི་སྐབས་སུ་ལྷ་བཤོས་དབུལ་ཞེས་འབྱུང་བ་ཀུན་རྡོ་རྗེ་ཁུ་ཚུར་ཉིད་དབུལ་མི་རྣམས་ལ་ནི་མི་ཤས་སྦྱིན་ སྲེག་བྱའོ། །ཚ་བ་གསུམ་དང་སྐེ་ཚེ་འབྲུ་མར་དང་སྦྱར་བའི་སྦྱིན་སྲེག་ཀྱང་བྱའོ། །མི་རྣམས་ལ་ནི་བེ་ཀངྐ་ཏའི་ཡམ་སྲེག་ཤིང་གིས་བྱའོ། །བ་ལང་རྣམས་ལ་ནི་བ་ལང་གི་ལྕི་བས་བྱའོ། །མ་ཧེ་རྣམས་ལ་ནི་མ་ཧེའི་ལྕི་བས་བྱའོ། །མི་དང་བ་ལང་མ་ཧེ་རྣམས་ཀྱི་ནད་ཀྱི་གནོད་པ་ལ་ཡང་ དེ་དང་འདྲ་སྟེ། མི་རྣམས་ལ་ནི་སྐྲ་དང་སེན་མོ་དང་བྱི་བའི་རྟུག་པ་དང་ལན་ཚྭ་རྣམས་ཡུངས་མར་དང་སྦྱར་ཏེ་སྦྱིན་སྲེག་བྱའོ། །བ་ལང་གི་ནད་ལ་ནི་པགས་པ་དང་མཇུག་མ་དང་སྤུ་དང་རྨིག་པ་རྣམས་དང་བེག་ཚོང་དང་ལྷན་ཅིག་ཏུ་ཕྱེ་མར་བྱས་ཏེ་ཡུངས་མར་དང་སྦྱར་བས་བ་ལང་གི་ལྷས་ སམ། བ་ལང་གི་ར་བའམ། ཡང་ན་གང་ན་བ་ལང་གནས་པ་ཡང་རུང་སྟེ། དེར་སྦྱིན་སྲེག་བྱ་ཞིང་ཉིན་མཚན་བརྒྱད་ཀྱི་བར་བཅོམ་ལྡན་འདས་ལ་མཆོད་པ་བྱའོ། །དགེ་སློང་རྣམས་ལ་ཡང་མཆོད་སྟོན་བྱས་ཏེ། འདིར་ཡང་སྐུ་གཟུགས་ཀྱི་ཆོ་ག་སྔ་མ་བཞིན་གཏོར་མའི་ཆོ་ག་ ཡང་བྱའོ། །མི་རྣམས་ལ་ནི་གྲོང་ངམ་གྲོང་ཁྱེར་གྱི་ནང་དུ་སྒོའི་ཐེམ་པ་ནོན་པར་བྱ་སྟེ། དེ་ཉིད་དུ་ཁྱིམ་དུ་བྱས་ལ་མི་རྣམས་ལ་ནི་སེང་ལྡེང་གི་སོལ་བས་བྱའོ། །བ་ལང་རྣམས་ལ་ནི་སྤོས་ཀྱིས་བྱའོ། །མ་ཧེ་རྣམས་ལ་ནི་ནིམ་པའི་ཡམ་སྲེག་ཤིང་གིས་བྱས་ན་ཞི་བར་འགྱུར་རོ། ། ལྡོང་རོས་དང་ལིག་བུ་མིག་དང་གི་ཝང་ལ་སོགས་པ་བསྒྲུབ་པར་འདོད་ན་སྔར་བཤད་པའི་བསྙེན་པ་བྱས་ལ། ཟངས་དང་ལྕགས་དང་ར་གན་ལ་སོགས་པས་ཡམ་སྲེག་ཤིང་གིས་མིག་སྨན་བྱ་སྟེ། ལིག་བུ་མིག་དང་ལྡོང་རོས་དང་གི་ཝང་ལ་སོགས་པ་ལས་གང་ཡང་རུང་བ་བླངས་ལ་ བུ་མོ་གཞོན་ནུ་གསོ་སྦྱོང་དང་ལྡན་ཞིང་གོས་དཀར་པོ་གྱོན་པས་སྤོས་ཆུ་དང་སྦྱར་ཏེ་བཏགས་ནས། སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནས་སྐུ་གཟུགས་ཀྱི་མདུན་དུ་ཡར་གྱི་ངོ་ཚེས་བརྒྱད་ནས་བརྩམས་ཏེ་ཚེས་བཅྭ་ལྔའི་བར་དུ་ཉིན་པར་སྔར་བསྙེན་པར་བྱས་ལ་ནུབ་མོ་བསྒྲུབ་པར་བྱའོ། ། གཏོར་མ་ཡང་ནུབ་མོ་སྦྱིན་པར་བྱའོ། །དེ་ནས་ལག་པ་གཉིས་དྲི་ཆུས་བཀྲུས་ལ་མིག་སྨན་དེ་བླངས་དེ་མཆོད་ནས། མར་གྱི་ངོ་ཞག་གཅིག་ལ་བུད་མེད་ཤི་བ་མཐོང་བ་དང་དེའི་ཁར་མིག་སྨན་དེ་བཅུག་ལ་རས་མཉམས་པར་ཁ་བཅིང་བར་བྱའོ། །བུད་མེད་དེ་ཡང་ཐོག་མ་ཁོ་ནར་སྣུམ་གྱིས་ བསྐུ་ཞིང་དྲིལ་ཏེ་ཁྲུས་བྱས་ནས་སྤོས་ཀྱིས་བྱུགས་ལ་མིག་གཉིས་མིག་རྩིས་བསྐུའོ། །རྐང་པ་གཉིས་ཀྱི་མཐིལ་ཡང་རྒྱ་སྐྱེགས་ཀྱིས་བསྐུས་ལ་རས་མ་ཉམས་པ་ཟུང་གཅིག་བསྐོན་ཏེ་ཀུ་ཤའི་སྟན་ལ་མགོ་ནུབ་ཕྱོགས་སུ་བསྟན་ཏེ་བཞག་གོ། །དེ་ནས་དཀྱིལ་འཁོར་གྱི་མཚམས་བཅད་ པར་བྱ་སྟེ། དང་པོར་ཚོན་སྣ་ལྔའི་སྐུད་པས་བྱའོ། །རིམ་པ་གཉིས་པ་ཐལ་བས་བྱའོ། །གསུམ་པ་ནི་ཡུངས་ཀར་གྱིས་བྱའོ། །བཞི་པ་ནི་ཆུས་བྱས་ལ་ཤར་ཕྱོགས་སུ་ཁ་བལྟས་ཏེ་འདུག་ནས། བུད་མེད་དེ་ཡང་སེང་ལྡེང་གི་ཕུར་བུའམ། ལྕགས་ཀྱི་ཕུར་བུ་བཞི་ལ་གདགས་སོ། ། རིག་སྔགས་དག་གིས་ཀྱང་དཀྱིལ་འཁོར་གྱི་མཚམས་བཅད་པར་བྱ་སྟེ། དང་པོ་ནི་སངས་རྒྱས་བྱམས་པས་བྱའོ། །གཉིས་པ་ནི་གོས་དཀར་མོས་བྱའོ། །གསུམ་པ་ནི་གཟུགས་ཆེན་པོས་བྱའོ། །བཞི་པ་ནི་རྡོ་རྗེ་ཁྲོ་བོས་བྱ་སྟེ། རིག་སྔགས་འཆང་གིས་རྐང་པ་གཡོན་པ་ནི་ ས་ལ་གཞག། །གཡས་པ་ནི་སྙིང་གར་མནན་ལ་འབྱུང་པོའི་གཏོར་མ་ཐམས་ཅད་ཀྱང་སྦྱིན་ཞིང་མིའི་ཐོད་པ་བཞིའི་ནང་དུ་ཕྱོགས་བཞིར་གཏོར་མ་བྱིན་ནས་ནམ་ལངས་ཀྱི་བར་དུ་བཟླས་བརྗོད་བྱའོ། །རིག་སྔགས་འཆང་གི་གློག་གཡས་གཡོན་དུ་ནི་ལག་ན་མཚོན་ཐོགས་པའི་མི་གཉིས་ གཞག་པར་བྱ་སྟེ། གཡོན་ཕྱོགས་སུ་ཡང་གཅིག །གཡས་ཕྱོགས་སུ་ཡང་གཅིག་གཞག་གོ། །ཕྱོགས་བསྲུང་བ་ཡང་བཞིར་མི་བཞི་བཞག་སྟེ། དཀྱིལ་འཁོར་གཉིས་པ་ལ་གཞག་གོ། །དེ་ནས་རིག་སྔགས་འཆང་གིས་བརྩོན་འགྲུས་བརྟུན་ལ་ནམ་ཤར་ ཕྱོགས་སུ་ཅེ་སྤྱང་གི་སྐད་འབྱིན་གྱི་བར་དུ་བཟླས་བརྗོད་བྱ་སྟེ། རིག་སྔགས་འཆང་གིས་འགྲུབ་པར་ཤེས་པར་བྱའོ། །བུད་མེད་ཀྱི་ཁ་ནས་ཀྱང་འོད་ཟེར་འབྱུང་བར་འགྱུར་ཏེ། འོད་ཟེར་བྱུང་བ་དང་གཏོར་མ་སྦྱིན་པར་བྱའོ། །བགེགས་བྱུང་ན་ཡང་གཏོར་མ་བྱིན་ན་གྲུབ་པ་ཡིན། དེ་བླངས་པས་བདག་གི་གྲོགས་རྣམས་དང་བཅས་ཏེ་གྱེན་དུ་འཕགས་པར་འགྱུར་ཞིང་སྐྲ་ལྕང་ལོར་འཁྱིལ་ལ་ཉི་མ་ཤར་ཀའི་མདོག་ཅན་དང་ལྡན་པ་དང་། རིག་སྔགས་འཆང་གི་རྒྱལ་པོར་འགྱུར་ཞིང་ལག་ན་རྡོ་རྗེ་དང་མཐུ་སྟོབས་མཉམ་ཞིང་ཨིནྡྲ་ནཱི་ལའི་མདོག་ཅན་དཔག་ཚད་གཅིག་ཏུ་ དྲི་བསུང་གིས་ཁྱབ་པ་དང་བསྐལ་པར་གནས་པར་འགྱུར་ཏེ། འདིའི་རི་མོའི་སྐུ་གཟུགས་ཀྱི་ཆོ་ག་ཡང་སྤྱི་དང་འདྲའོ། །ཨ་པ་མརྒ་སྒྲུབ་པ་ཡང་འདིར་བཤད་པར་བྱ་སྟེ། རིའི་རྩེ་མོར་བཅོམ་ལྡན་འདས་བཞུགས་པར་བྱ་སྟེ། པདྨའི་གདན་ལ་བཞུགས་ལ་བཅོམ་ལྡན་འདས་ཀྱི་ཕྱག་ གཡས་པ་མི་འཇིགས་པའི་ཕྱག་རྒྱར་བྱའོ། །འོག་གི་གཡོན་རོལ་དུ་ནི་རྡོ་རྗེ་འཛིན་མདོག་ནག་པོར་བྲིའོ། །རྡོ་རྗེ་སྡེ་ཡང་རྡོ་རྗེ་འཛིན་དང་འདྲ་བར་བྱ་སྟེ། ལག་ན་རྡོ་རྗེ་ལ་ལྟ་ཞིང་འདུག་པར་བྲིའོ། །རྡོ་རྗེ་འཛིན་གྱི་ལག་པ་གཡོན་པ་ཡང་རྡོ་རྗེ་སྡེའི་སྟེང་དུ་བཞག་ལ། གང་གི་ཕྱིར་ བསྒྲུབ་པ་དེ་ཡང་པུས་མོ་གཡས་པ་ས་ལ་བཙུགས་ཏེ་མེ་ཏོག་གིས་སྙིམ་པ་བཀང་ལ་རྡོ་རྗེ་འཛིན་ལ་ལྟ་ཞིང་འདུག་པར་བྱ། རྡོ་རྗེ་འཛིན་ཡང་སྒྲུབ་པ་པོ་ལ་ལྟ་ཞིང་ལག་པ་གཡས་པས་དབུགས་འབྱིན་པར་བྱའོ། །རྡོ་རྗེ་ཁུ་ཚུར་མ་ཡང་གཞོན་ནུའི་གཟུགས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་ པར་བྱ་སྟེ། དེའི་ལག་པ་གཡོན་པ་ན་རྡོ་རྗེ་ཐོགས། གཡས་པ་ན་པདྨ་འམ་ཨུཏྤལ་ཐོགས་ཏེ་རྡོ་རྗེ་འཛིན་ལ་ལྟ་ཞིང་པདྨའམ། ཨུཏྤ་ལ་དེ་རྡོ་རྗེ་འཛིན་ལ་དབུལ་བར་བལྟ་བར་བྱའོ། །རི་མོ་མཁན་གྱི་ཆོ་ག་དང་རས་ཀྱི་ཆོ་ག་ནི་སྔར་བཤད་པ་དང་འདྲ་བར་བྱ་སྟེ། རི་མོ་མཁན་གཙང་མས་ བྱའོ། །མར་གྱི་ངོ་ཟླ་བ་ཕྱེད་ཀྱི་བར་དུ་བཟླས་བརྗོད་ལན་བརྒྱད་སྟོང་བརྒྱད་སྟོང་བྱས་ལ། ཡར་གྱི་ངོ་ཚེས་གཅིག་ནས་བརྩམས་ཏེ་ཞག་གསུམ་སྨྱུང་བར་བྱས་ལ་བསྒྲུབ་པར་བྱ་སྟེ། མར་གྱི་ངོ་ལ་ནི་སྔར་བསྟན་པ་ཡིན་ནོ། །ཡར་གྱི་ངོ་ཚེས་གཅིག་ལ་ཨ་པ་མརྒའི་ཡམ་སྲེག་ཤིང་