Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 095_རྒྱུད་འབུམ།_ཛ
Văn bản gốc(Tây Tạng)
Trang 4 / 19 (50.000 ký tự/trang)
་ཞེས་བྱ་བ་དེ་དག་ནི་ཆུ་ན་གནས་ཏེ། རིག་སྔགས་འཆང་ཁྲུས་བྱེད་པ་ན་འཛིན་པར་བྱེད་དོ། །དེ་དག་ནི་མཚན་མ་འབྱུང་སྟེ་སེམས་འཁྲུག་པར་བྱེད་དེ། འདོད་པ་ལ་ལྷུར་སེམས་པ་དང་བྲུ་བས་གཟིར་ཅིང་ཁ་ཟས་ལ་མངོན་པར་ཆགས་པ་ དང་འཇིགས་པའི་སེམས་སྐྱེ་བར་འགྱུར་རོ། །དེ་བས་ན་རིག་སྔགས་འཆང་གིས་བདུད་རྩི་ཐབ་སྦྱོར་དྲན་པར་བྱ་སྟེ། དྲན་པ་ཙམ་གྱིས་ལོག་འདྲེན་རྣམས་འཆི་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་སྙིང་རྗེའི་སེམས་བསྐྱེད་པར་བྱ་སྟེ། རིག་པ་མཆོག་ དྲན་པར་བྱའོ། །དེ་དྲན་པ་ཙམ་གྱིས་འབྲས་བུ་ཆེ་བར་འགྱུར་ཏེ་རིག་སྔགས་ཀྱི་ལྷ་དེ་དག་གིས་ལོག་འདྲེན་རྣམས་མོས་པར་མཐོང་ནས་དགའ་བའི་སེམས་ཀྱིས་དངོས་གྲུབ་མྱུར་དུ་སྦྱིན་པར་བྱེད་དོ། །ལོག་འདྲེན་ཆུ་ལྟར་གཡོ་བ་ཞེས་བྱ་བ་རྣམས་ཀྱི་མཚན་ཉིད་རྫོགས་ སོ།། །།ལོག་འདྲེན་རིག་སྔགས་ཀྱི་ལྷའི་མངག་གཞུག་པ་ཞེས་བྱ་བ་རྣམས་ནི་མཐུ་ཆེ་བ་སྟེ། དེ་དག་ནི་རིག་སྔགས་འཆང་རིག་སྔགས་ལས་ལྡང་བ་ན་འཛིན་པར་བྱེད་དོ། །ཟིན་པར་གྱུར་ན་ལུས་ཀྱི་ཚུལ་ལས་རྟོགས་པར་བྱ་སྟེ། །ལུས་ཚ་བར་འགྱུར་སྡང་ བར་འགྱུར་སྡིག་པའི་སེམས་འབྱུང་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་དེ་དག་ཕྱིར་གཞིལ་བར་བྱ་སྟེ། གཙུག་ཕུད་འཆང་ལ་བདུག་པ་ཐམས་ཅད་སྦྱིན་ཞིང་རིག་སྔགས་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་ཕྱིན་ཅད་ལོག་འདྲེན་དེ་དག་གླགས་ཚོལ་བ་ལ་ བརྟུན་པར་མི་འགྱུར་ཏེ། དགའ་བར་གྱུར་ནས་དངོས་གྲུབ་ཀྱང་སྦྱིན་པར་བྱེད་དོ། །ལོག་འདྲེན་འདི་དག་ཀྱང་རིག་སྔགས་ཀྱི་ལྷ་ཐམས་ཅད་ཕྱི་བཞིན་འབྲང་ཞིང་གནས་པ་ཡིན་ནོ། །རྟག་ཏུ་གླགས་ཚོལ་བ་ཡང་ཡིན་ཏེ། སུ་ཞིག་སྔགས་གྲུབ་པ། སུ་རིག་སྔགས་ གདོན་པ། སུ་མཆོད་པ་བྱེད་པས་དེ་ལ་བགེགས་ཀྱང་བྱེད་ཅིང་འདུན་པ་བཟློག་པར་བྱེད་དེ་ལེ་ལོ་ཡང་འཇུག་པར་བྱེད་དོ། །དེ་བས་ན་རིག་སྔགས་འཆང་གིས་ཉི་མ་ལོགས་སུ་ཁ་བལྟས་ལ་རྟག་ཏུ་ཆུ་ཁྱོར་གང་གཏོར་ནས་ཁྲོ་བོའི་རིག་སྔགས་ཀྱང་ལན་བདུན་བརྗོད་པར་བྱ་སྟེ། འདི་སྐད་དུ་བདག་མིང་འདི་ཞེས་བྱ་བས་རིག་སྔགས་ཆེ་གེ་མོ་ཞེས་བྱ་བ་བསྒྲུབ་ཀྱིས་ཁྱེད་ཡིད་དགའ་བར་གྱིས་ཤིག་ཅེས་ཀྱང་སྨྲོས་ཤིག །དུས་ཐམས་ཅད་དུ་དེ་སྐད་སྨྲས་ནས་དེས་ལོག་འདྲེན་རྣམས་དགའ་ཞིང་མགུ་ལ་ཡིད་དགའ་བར་གྱུར་ཏེ་དངོས་ གྲུབ་སྦྱིན་པར་བྱེད་ཅིང་སེམས་ཀྱང་དང་བར་འགྱུར་རོ། །གྲུབ་པའི་ཚེ་ཡང་ནང་པར་ཉི་མ་ལོགས་སུ་ཁ་བལྟས་ལ་ཐལ་མོ་སྦྱར་ནས་རིག་སྔགས་བརྗོད་དེ། འདི་སྐད་དུ་བདག་མིང་འདི་ཞེས་བགྱི་བའི་རིག་སྔགས་ཆེ་གེ་མོ་ཞིག་བསྒྲུབ་ཀྱིས་ཁྱེད་ཡིད་དགའ་བར་གྱིས་ཤིག་ ཅེས་ཀྱང་སྨྲོས་ཤིག །དེ་ནས་གཙུག་ཕུད་འཕྱང་བ་ལ་སོགས་པ་ལོག་འདྲེན་དེ་དག་དེ་ཉིད་དུ་འདུ་བར་འགྱུར་ཏེ། རིག་སྔགས་འཆང་གིས་ཁྲོ་བར་བྱས་ལ་ཁྱེད་མ་འགུལ་ཅིག་ཅེས་སྨྲོས་ཤིག །དེ་ནས་ལོག་འདྲེན་དེ་དག་བཅིངས་ཤིང་གཟིར་བར་གྱུར་ཏེ་དངོས་ གྲུབ་མྱུར་དུ་སྦྱིན་པར་བྱེད་དོ། །ལོག་འདྲེན་རྣམས་དགྲོལ་བ་ནི་ཡིད་ཀྱིས་བྱའོ། །ལོག་འདྲེན་ལྷའི་མངག་གཞུག་ཅེས་བྱ་བ་རྣམས་ཀྱི་མཚན་ཉིད་རྫོགས་སོ།། །།ལོག་འདྲེན་འཇིག་རྟེན་མེ་ཏོག་ཅེས་བྱ་བ་རྣམས་ནི་གང་གི་ཚེ་རིག་སྔགས་འཆང་རིག་ སྔགས་སྒྲུབ་ཅིང་ལྷ་ལ་མེ་ཏོག་འབུལ་བ་ན་དེའི་ཚེ་ལོག་འདྲེན་དེ་དག་གིས་འཛིན་པར་བྱེད་དེ་ལོག་འདྲེན་དེ་དག་ཉིད་ཀྱང་མེ་ཏོག་གིས་ཁོངས་སུ་འཇུག་ཅིང་གནས་སོ། །དེ་བས་ན་རིག་སྔགས་འཆང་གིས་ཐོག་མ་ཉིད་དུ་མེ་ཏོག་དེ་དག་རིག་སྔགས་འཆང་བཟླས་བརྗོད་བྱེད་ བཞིན་དུ་བླང་བར་བྱའོ། །བླངས་ནས་གུ་གུལ་གྱི་བདུག་པས་བདུགས་ཏེ། དེ་ནས་ལྷ་ལ་ཕུལ་ན་ལྷ་རྣམས་ཡིད་དགའ་བར་འགྱུར་རོ། །བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །བདུག་པས་མ་བདུགས་པར་ལྷ་དེ་དག་ལ་ལོག་འདྲེན་རྣམས་ཀྱིས་གནོད་པར་འགྱུར་ཏེ་ འགྲུབ་པར་མི་འགྱུར་རོ། །ལོག་འདྲེན་འཇིག་རྟེན་མེ་ཏོག་ཅེས་བྱ་བ་རྣམས་ཀྱི་མཚན་ཉིད་རྫོགས་སོ།། །།ལོག་འདྲེན་ཟས་སུ་དྲི་ཟ་བ་ཞེས་བྱ་བ་དེ་དག་ནི་རིག་སྔགས་འཆང་དྲི་ལ་རེག་པ་ན་འཛིན་པར་བྱེད་དེ། ཅི་སྟེ་རིག་སྔགས་འཆང་གིས་དྲི་དག་ལྷ་ལ་ ཕུལ་ན། ལྷ་དེ་དག་སེམས་དང་བ་མེད་ཅིང་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཏེ། ལོག་འདྲེན་དེ་རྣམས་མཐོང་བས་འཕང་བར་འགྱུར་ཞིང་རིག་སྔགས་འཆང་ལ་འགྲུབ་པར་མི་འགྱུར་རོ། །དེ་བས་ན་རིག་སྔགས་འཆང་གིས་ཐོག་མ་ཉིད་དུ་ཁྲོ་བོའི་བཟླས་བརྗོད་བྱེད་བཞིན་དུ་དྲི་ བླང་བར་བྱའོ། །དེས་ན་ལོག་འདྲེན་དེ་དག་འབྱེར་ཏེ་རྨས་པར་ཡང་འགྱུར་རོ། །དེ་ནས་ལྷ་དེ་དག་དྲིས་ཚིམ་པར་བྱས་པས་དགའ་བའི་སེམས་ཀྱིས་དངོས་གྲུབ་སྩོལ་ཏོ། །ལོག་འདྲེན་ཟས་སུ་དྲི་ཟ་བ་རྣམས་ཀྱི་མཚན་ཉིད་རྫོགས་སོ།། །།ལོག་འདྲེན་ནག་པོ་ ཞེས་བྱ་བ་རྣམས་ནི་བདུག་པ་ཉིད་ལས་འབྱུང་སྟེ། གང་གི་ཚེ་རིག་སྔགས་འཆང་ལྷ་ལ་བདུག་པ་འབུལ་ན་དེའི་ཚེ་འཛིན་པར་བྱེད་དོ། །ལོག་འདྲེན་གྱིས་ཟིན་པའི་མཚན་མ་ནི་དྲན་པ་ཉམས་པ་དང་། རིག་སྔགས་གཏོང་བར་འགྱུར་ཏེ། བདུག་པ་མཐོང་བས་ལྷ་ འཕང་པར་འགྱུར་ཞིང་དངོས་གྲུབ་འགྲུབ་པར་མི་འགྱུར་རོ། །དེ་བས་ན་རིག་སྔགས་འཆང་གིས་ཐོག་མ་ཉིད་དུ་ལག་པ་གཡོན་པས་མར་བླངས་ལ་ཁམ་ཕོར་གྱི་ནང་ནས་བདུག་པ་ཕུལ་ན་དེ་ཕྱིན་ཆད་ལོག་འདྲེན་རྣམས་འབྱུང་བར་མི་འགྱུར་རོ། །བདུག་པ་དེས་ཀྱང་ལྷ་ཐམས་ ཅད་ཚིམ་པར་བྱའོ། །ལྷ་དེས་ཀྱང་དངོས་གྲུབ་མྱུར་དུ་སྦྱིན་པར་བྱེད་དོ། །ནག་པོ་དང་ཟས་སུ་དྲི་ཟ་བ་ནི་མཚན་ཉིད་གཅིག་གོ། །ནག་པོ་ཞེས་བྱ་བའི་མཚན་ཉིད་རྫོགས་སོ།། །།ལོག་འདྲེན་གཙུག་ཕུད་གཅིག་པ་ཞེས་བྱ་བ་རྣམས་ནི་མཐུ་ཆེ་ཞིང་བརྩོན་འགྲུས་ ཆེ་བ་སྟེ། ལོག་འདྲེན་དེ་དག་ཀྱང་མར་མེའི་མེ་ལྕེ་ཉིད་ལས་འབྱུང་སྟེ། དེ་བས་ན་རིག་སྔགས་འཆང་གིས་ཐོག་མ་ཉིད་དུ་འདི་ལྟར་བྱ་སྟེ། རས་དཀར་པོ་ལས་སྙིང་པོ་བྱས་ཏེ་མར་གྱི་མར་མེ་གཉིས་སྤར་ནས་རིག་སྔགས་བཟླས་བརྗོད་བྱེད་བཞིན་དུ་ཁ་ཐུར་དུ་བསྟན་ཏེ་བཞག་ ལ་རིག་སྔགས་ཀྱང་ལན་བརྒྱད་བརྒྱ་བརྗོད་ན་ལོག་འདྲེན་ཐམས་ཅད་ཁ་ཐུར་དུ་བལྟས་ཏེ་འཁོད་པར་འགྱུར་རོ། །རིག་སྔགས་ཀྱང་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །སྒྲུབ་པ་ཐམས་ཅད་ལ་ཡང་ཐོག་མ་ཉིད་དུ་ལས་དེ་དག་བྱའོ། །ལོག་འདྲེན་གཙུག་ཕུད་གཅིག་པ་ཞེས་ བྱ་བ་རྣམས་ཀྱི་མཚན་ཉིད་རྫོགས་སོ།། །།བཅོམ་ལྡན་འདས་གང་སུ་ལོག་འདྲེན་རྣམས་འཛིན་པར་འགྱུར་བ་དང་། གང་དུ་རིག་སྔགས་འཆང་རྣམས་ཀྱིས་དངོས་གྲུབ་འགྲུབ་པར་འགྱུར་བའི་ལོག་འདྲེན་རྣམས་ཀྱི་གནས་བདག་གིས་བཤད་ལགས་ སོ། །བཅོམ་ལྡན་འདས་ལོག་འདྲེན་ཐམས་ཅད་ཀྱི་སྲོག་མཐར་ཐུག་པར་བགྱི་བའི་ལས་འདི་ཡང་བཤད་པར་འཚལ་ལོ། །སྒྲུབ་པའི་ཚེ་རིག་སྔགས་འཆང་གིས་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་སྐྱོང་ནུལ་གྱིས་བྱུགས་ལ། ཀ་ར་བཱི་རའི་ ཤིང་གིས་མེ་སྦར་ལ། ཀ་ར་བཱི་རའི་མེ་ཏོག་བདག་གི་ཁྲག་གི་ནང་དུ་སྨྱུགས་པའི་སྲེག་བླུགས་ཉི་ཤུ་རྩ་གཅིག་གིས་སྦྱིན་སྲེག་བྱ་སྟེ། ལས་དེ་བྱས་ནས་ལོག་འདྲེན་ཐམས་ཅད་བཅིང་ངོ་ཞེས་བརྗོད་ནས་བཅིངས་པར་འགྱུར་རོ། །ལོག་འདྲེན་ཐམས་ཅད་ཀྱི་མཐར་ཐུག་པར་གྱིས་ཤིག་ཅེས་བརྗོད་ན་ལོག འདྲེན་ཐམས་ཅད་འཆི་བར་འགྱུར་རོ། །བཅིངས་པ་ལས་བཀྲོལ་ན་ཡང་ཡིད་ཀྱིས་བྱའོ། །ལས་གཞན་དག་ཀྱང་འབྱུང་སྟེ། བསྲུང་བར་བྱ་ན་ལན་བདུན་བཟླས་བརྗོད་བྱས་པའི་ཆུས་མགོ་བོར་བླུགས་སོ། །མཚམས་བཅད་ན་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ པའི་སེང་ལྡེང་གི་ཕུར་བུས་བྱའོ། །གདོན་དབབ་ན་ཧ་ཧ་ཞེས་བྱ་བ་དང་། གུ་གུལ་གྱི་བདུགས་པས་བྱའོ། །དུག་ལས་གསོ་བར་བྱ་ན་སེ་གོལ་འམ་ཡལ་གས་བྱའོ། །གདོན་འབྲོས་པར་བྱ་ན་མེ་ཏོག་དཀར་པོ་ལ་ལན་བདུན་བཟླས་བརྗོད་བྱ་བའམ། གུ་གུལ་གྱིས་བདུག་ པར་བྱའོ། །དགྲ་བསྐྲད་པར་འདོད་པས་ནི་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་སྐྱོང་ནུལ་གྱིས་བྱུགས་ནས་པྲི་ཡང་ཀུའི་ཤིང་གིས་མེ་སྦར་ཏེ། །ཕུབ་མའི་སྦྱིན་སྲེག་ལན་བརྒྱད་སྟོང་བྱས་ན་ཞག་བདུན་གྱིས་འབྲོས་པར་འགྱུར་ རོ། །དགྲ་བསད་པར་འདོད་ན་དུར་ཁྲོད་དུ་སོང་ལ་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་སྐྱོང་ནུལ་གྱིས་བྱུགས་པའི་དབུས་སུ་ས་ལས་གཟུགས་བྱས་པ་དེའི་ཁར་དུར་ཁྲོད་ཀྱི་ཤིང་གིས་མེ་སྦར་ཏེ། ཡུངས་ཀར་གྱི་སྦྱིན་སྲེག་ལན་བརྒྱ་སྟོང་བྱས་ན་དེ་མ་ཐག་ཏུ་དགྲ་འཆི་བར་འགྱུར་རོ། ། མར་གྱི་ངོ་ཞག་བརྒྱད་ལ་ལག་ན་རྡོ་རྗེའི་མདུན་དུ་ཀ་ར་བཱི་རའི་མེ་ཏོག་དུས་གསུམ་དུ་བརྒྱ་རྩ་བརྒྱད་ཞག་བདུན་གྱི་བར་དུ་སྦྱིན་སྲེག་བྱས་ན་ཁྲག་འཛག་པར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ཏེ་ཀ་ར་བཱི་རའི་མེ་ཏོག་དཀར་པོ་སྟོང་རྩ་བརྒྱད་ ཕུལ་ན་ཞི་བར་འགྱུར་རོ། །དེ་ནས་སྐྱེས་པ་དང་བུད་མེད་དབང་དུ་བྱ་བར་འདོད་ནམ་ད་ན་ལས་གཟུགས་བྱས་ཏེ་མ་ད་ནའི་ཚེར་མ་བདུན་གྱིས་གནད་རྣམས་སུ་བཏབ་ལ་ཚ་བ་གསུམ་གྱིས་སྙིང་གར་བཀང་ནས་ཟངས་ཀྱི་ཐུར་མས་ཀྱང་བཤང་བར་བཙུགས་ལ་སྤྱི་བོར་ཕྱུང་སྟེ་ ཞག་བདུན་གྱི་བར་དུ་དུས་གསུམ་དུ་བཟླས་བརྗོད་བྱེད་བཞིན་དུ་སེང་ལྡེང་གི་མེ་ལ་བསྲེག་ཅིང་དུས་གཅིག་ཀྱང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པའི་མཇུག་ཏུ་ཞག་གཅིག་སྨྱུང་བ་བྱས་ལ་མཆོད་པ་རྒྱ་ཆེར་བྱས་ཏེ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་སྐྱེས་པ་དང་བུད་མེད་ དབང་དུ་འགྱུར་རོ། །མར་གྱི་ངོ་ཞག་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་བིལ་བའི་ཤིང་གིས་མེ་སྦར་ལ། བེ་ཀང་ཀ་ཏའི་ཡམ་སྲེག་ཤིང་ཡུངས་མར་གྱི་ནང་དུ་སྨྱུགས་ལ་བརྒྱ་སྟོང་གིས་སྦྱིན་སྲེག་བྱས་ན་ཏི་ན་ར་རེ་རེ་ཐོབ་པར་འགྱུར་རོ། །ཡུགས་ས་མོ་ དབང་དུ་བྱ་བར་འདོད་ན་ཡར་གྱི་ངོ་ཞག་བརྒྱད་ནས་བརྩམས་ཏེ་ཞག་གསུམ་གྱི་བར་དུ་དུས་གསུམ་དུ་ཟར་མའི་མེ་ཏོག་བརྒྱ་རྩ་བརྒྱད་ཀྱིས་ལག་ན་རྡོ་རྗེ་ལ་བསྣུན་ན་དབང་དུ་འགྱུར་རོ། །བུ་མོ་དབང་དུ་བྱ་བར་འདོད་ན་ཞག་གསུམ་སྨྱུང་བ་བྱས་ཏེ་ཡར་གྱི་ངོ་ཚེས་བཅུ་གསུམ་ལ་ འདོད་པའི་ལྷའི་གཟུགས་བྱས་ཏེ་འདིའི་ཁར་འབྲས་ཀྱི་སྦྱིན་སྲེག་ལན་བརྒྱ་སྟོང་བྱས་ན་བུ་མོ་དབང་དུ་འགྱུར་རོ། །དེ་ནས་མཛུབ་མོ་བསྒྲུབ་པར་འདོད་ན་ཞག་གསུམ་སྨྱུང་བ་བྱས་ཏེ། མར་གྱི་ངོ་ཞག་བཅུ་བཞི་ལ་དུར་ཁྲོད་དུ་སོང་ནས་བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་ འཁོར་སྐྱོང་ནུལ་གྱིས་བྱུགས་ཏེ། དཀྱིལ་འཁོར་གྱི་དབུས་སུ་མིའི་ཐོད་པ་མ་ཆག་མ་ཉམས་པ་བཞག་ལ། ཙནྡན་དམར་པོའི་དྲི་ཆུས་གཏོར་ནས་མེ་ཏོག་དམར་པོས་མཆོད་ལ། དེ་ནས་སྒྲུབ་པ་པོས་མཛུབ་མོས་གཡབས་ནས་གང་གི་ཚེ་ཐོད་པ་འགུལ་ན་དེའི་ཚེ་འགྲུབ་པར་ འགྱུར་ཏེ། གང་ལ་མཛུབ་མོས་བསྡིགས་པ་དེ་དབང་དུ་འགྱུར་རོ། །དེ་ནས་གཏེར་དབྱུང་བར་འདོད་ན་མེའི་སྦྱིན་སྲེག་གི་ཐབ་ཏུ་ལྕགས་བཞག་པ་བླངས་པ་ལས་རྡོ་རྗེ་བྱས་ལ་རྡོ་རྗེ་དེ་བལ་ནག་གི་སྐུད་པས་དཀྲིས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་ བྱས་ནས་ལག་ན་རྡོ་རྗེའི་མདུན་དུ་རྡོ་རྗེ་དེ་ལ་ལན་བརྒྱ་བཟླས་བརྗོད་བྱས་ན་དེའི་ཚེ་འགྲུབ་པར་འགྱུར་རོ། །བསྒྲུབས་ནས་ཀྱང་གཏེར་གང་ན་ཡོད་པ་དེར་བཞག་ལ་རྡོ་རྗེ་དེས་གཏེར་དེ་བླངས་ཏེ་འབྱུང་བར་འགྱུར་རོ། །དེ་ནས་ཁྲོ་བོའི་བཟླས་བརྗོད་བྱེད་བཞིན་དུ་བླང་བར་བྱའོ། ། དེ་སྟེ་མེད་ན་རྡོ་རྗེ་ཉིད་འབྱུང་བར་འགྱུར་རོ། །དེ་ནས་གཤེད་བྱེད་བསླང་འདོད་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ལག་ན་རྡོ་རྗེའི་མདུན་དུ་དུར་ཁྲོད་ཀྱི་ཤིང་གིས་མེ་སྦར་ལ། བ་ལང་གི་ཤས་སྦྱིན་སྲེག་བྱས་པ་དང་ཇི་ཙམ་ན་མེའི་ཐབ་ནམ་གཤེད་བྱེད་ འབྱུང་བར་འགྱུར་ཏེ། གང་ལ་ཡིད་ཀྱིས་བསམས་པ་དེ་བསྐྱབས་པར་འགྱུར་རོ། །མི་ནད་འབྱུང་བར་འདོད་ན་མར་གྱི་ངོ་ཞག་བཅུ་བཞི་ལ་དུར་ཁྲོད་དུ་སོང་སྟེ་དུར་ཁྲོད་ཀྱི་ཤིང་གིས་མེ་སྦར་ལ། སྒྲེན་མོར་བྱུང་ཞིང་སྐྲ་བཤིག་སྟེ་ཏིལ་དང་བསྲེས་པའི་ཡུངས་ཀར་གྱིས་ བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་མི་ནད་འབྱུང་བར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་པདྨའི་སྦྱིན་སྲེག་ལན་སྟོང་རྩ་བརྒྱད་བྱས་ན་ཞི་བར་འགྱུར་རོ། །མི་མང་པོ་གཞིག་པར་འདོད་ན་ཚེས་གྲངས་དང་རྒྱུ་སྐར་ཡང་འདམ་མི་འཚལ། སྨྱུང་བ་ཡང་བྱ་མི་དགོས་པར་ཁྲོ་བོ་ ཉིད་མཆོག་ཏུ་བརྩམ་པར་བྱ་སྟེ། དུར་ཁྲོད་དུ་སོང་ལ་དུར་ཁྲོད་ཀྱི་ཤིང་གིས་མེ་སྦར་ལ་སྒྲེན་མོར་བྱུང་ཞིང་སྐྲ་བཤིག་སྟེ། ནིམ་པའི་ལོ་མས་བསྲེགས་པའི་དུར་ཁྲོད་ཀྱི་ཐལ་བའི་སྦྱིན་སྲེག་ལན་བརྒྱ་སྟོང་བྱས་ན་མི་མང་པོ་འཇིག་པར་འགྱུར་རོ། །ཞི་བར་འདོད་ན་སྣ་མའི་མེ་ཏོག་ ཞོ་དང་སྦྲང་རྩི་དང་མར་གྱི་ནང་དུ་སྨྱུགས་པས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། །རྡོ་རྗེ་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱི་ཆོ་ག་རྫོགས་སོ།། །།དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་བདུད་རྩི་ཐབ་སྦྱོར་གང་གིས་ལོག་འདྲེན་རྣམས་ཀྱི་གསང་བའི་གནས་འདི་དག་བཤད་པ་ནི་བརྩོན་འགྲུས་དང་མཐུ་དང་ཕ་རོལ་གནོན་པ་ཆེ་བ་ལགས་སོ། །བདག་གིས་ཀྱང་དེ་བཞིན་གཤེགས་པ་ལ་རིག་སྔགས་རྣམས་ཀྱི་དངོས་གྲུབ་རྣམས་ཀྱི་སླད་དུ་གང་ གིས་རིག་སྔགས་རྣམས་གྲུབ་པ་དང་གང་གིས་མི་འགྲུབ་པ་ཡོངས་སུ་ཞུ་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ཆེན་པོ་གང་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུས་ཏེ། དངོས་ གྲུབ་འགྲུབ་པར་འགྱུར་བ་དང་འགྲུབ་པར་མི་འགྱུར་བ་དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུ་བར་བྱེད་པ་ལེགས་སོ་ལེགས་སོ། །ཚངས་པ་ཆེན་པོ་ཁྱོད་ལ་རིག་སྔགས་རྣམས་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་བ་དང་འགྲུབ་པར་མི་འགྱུར་བའི་རྒྱུ་བཤད་པར་བྱ་སྟེ། འཇུག་ པར་བྱ་བ་མ་ཡིན་པ་ལ་འཇུག་པ་གང་ཡིན་པ་དང་ཚངས་པ་ཆེན་པོ་འཇོམས་པ་དང་རིག་སྔགས་ལ་སྨོད་པ་གང་ཡིན་པ་དེ་ལ་ནི་རིག་སྔགས་གྲུབ་པར་མི་འགྱུར་རོ། །མི་བཟད་པའི་ལས་བྱེད་པའམ་སྡིག་པའི་ངང་ཚུལ་ཅན་ནམ། བརྫུན་ཟེར་བའམ་རིག་སྔགས་གཅོད་ དམ་ཕུར་བུས་འདེབས་པ་གང་ཡིན་པ་དེ་ལ་ཡང་རིག་སྔགས་འགྲུབ་པར་མི་འགྱུར་རོ། །ཚངས་པ་བྱང་ཆུབ་ཀྱི་སེམས་ཡོངས་སུ་འཛིན་པས་ནི་ཡིད་ཀྱིས་ཀྱང་ལྷ་གཞན་ལ་ཕྱག་མི་བྱའོ། །གསོལ་པ་བཅོམ་ལྡན་འདས་དེ་ནི་དེ་ལགས་སོ། །བཀའ་སྩལ་པ་རིགས་ ཀྱི་བུའམ་རིགས་ཀྱི་བུ་མོ་གང་བྱང་ཆུབ་ཀྱི་སེམས་ཡོངས་སུ་འཛིན་པས་ལྷ་གཞན་ལ་ཕྱག་བྱས་ན་བྱང་ཆུབ་ཀྱི་སེམས་ཡོངས་སུ་འཛིན་པ་མིན་པའི་ཕྱིར་དེ་ལ་ལྷ་དེ་མ་དད་པའི་ཕྱིར་ཏེ། དེའི་ཕྱིར་དེས་ཀྱང་རིག་སྔགས་འགྲུབ་པར་མི་འགྱུར་རོ། །དུད་འགྲོར་སྐྱེས་པ་རྣམས་ ལ་འཇུག་པར་བྱེད་པ་གང་ཡིན་པ་དང་སྦྲུལ་འཛིན་པ་དང་ཁས་རྩྭ་གཅོད་པར་བྱེད་པ་གང་ཡིན་པ་དེ་ལ་ཡང་རིག་སྔགས་འགྲུབ་པར་མི་འགྱུར་རོ། །པདྨ་དང་ཁྱུ་མཆོག་ལ་རྐང་པས་རེག་པར་བྱེད་པ་དེ་ལ་ཡང་རིག་སྔགས་འགྲུབ་པར་མི་འགྱུར་རོ། །ཚངས་པ་གང་གིས་རིག་སྔགས་ འགྲུབ་པར་མི་འགྱུར་བ་ངས་མདོར་བསྟན་པ་ཡིན་ནོ། །དེ་ནས་མི་མཇེད་ཀྱི་བདག་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་ལྟར་སེམས་ཅན་དག་བདེ་བླག་ཏུ་འགྲུབ་པར་ བགྱི་བའི་གནས་རྣམས་སྟོན་པ་ཐུགས་རྗེ་ཆེ་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་གང་དག་ལ་རིག་སྔགས་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་བའི་ཕྱོགས་འགའ་ཙམ་ཞིག་ཁྱོད་ལ་བསྟན་པར་བྱ་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དགའ་བ་གང་ཡིན་པ་དག་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་གང་ཡིན་པ་དག་དང་། ཕ་ལ་གུས་པ་དང་མ་ལ་གུས་པ་གང་ཡིན་པ་དང་། རིག་སྔགས་ལ་མཆོད་པ་བྱེད་ཅིང་རིག་སྔགས་ལ་བཀུར་ སྟིར་བྱེད་པ་གང་ཡིན་པ་དང་། གསང་སྔགས་འཛིན་པར་བྱེད་པ་གང་ཡིན་པ་དང་། འབྱུང་པོའི་ཟས་ངན་པ་དང་། ཏིལ་སྦྲུས་པ་མི་ཟ་བ་དང་སེམས་ཅན་ཐམས་ཅད་ལ་ལེགས་པར་བལྟ་བ་གང་ཡིན་པ་དེ་ལ་ནི་རིག་སྔགས་འགྲུབ་པར་འགྱུར་རོ། །དེ་ནས་མི་མཇེད་ ཀྱི་བདག་པོ་ཚངས་པ་དགའ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ལག་ན་རྡོ་རྗེའི་ཆོ་ག་རྒྱས་པ་ལ་གང་གིས་རིག་སྔགས་འཆང་ རྣམས་བསྲུང་བའི་གསང་སྔགས་དབུལ་བར་འཚལ་བ་ལགས་སོ། །བཀའ་སྩལ་པ་ཚངས་པ་ཆེན་པོ་གང་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བསམས་པ་ཤོད་ཅིག་ཤོད་ཅིག །ཁྱོད་ལ་དེ་བཞིན་གཤེགས་པས་གནང་ངོ་། །དེ་ནས་མི་མཇེད་ཀྱི་བདག་ པོ་ཚངས་པས་ལག་ན་རྡོ་རྗེ་ལ་གསང་སྔགས་ཕུལ་བ། ན་མོ་རཏྣ་ཏྲ་ཡ་སྱ། །ནམ་ཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཏད་ཡ་ཐཱ། ནམ་ཤྩཎྜ་བཀྵི་ཎི། ཨ་ཏི་ནི་ཙ་ཨ་ཤེ་བྷི་ཤ་ཡ། མི་མ་ཙ་མྱེ་དཉྩ་ཨཱ་ཧ་ར་སྭཱ་ཧཱ། བཅོམ་ལྡན་འདས་རིག་སྔགས་ འདི་དྲན་པ་ཙམ་གྱིས་ལོག་འདྲེན་རྣམས་ལས་ཐར་བར་འགྱུར་རོ། །འདི་དག་གི་ལས་རྣམས་འབྱུང་སྟེ། །བསྲུང་བ་ནི་ལན་བདུན་བཟླས་བརྗོད་བྱས་པའི་སྐུད་པས་བྱའོ། །མཚམས་གཅད་པ་དང་དུག་བཅིང་བ་ནི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པའི་ཆུས་བྱའོ། ། དུག་ལས་གསོ་བ་ནི་ཡལ་གས་བྱའོ། །རྒྱ་གཞོམ་པ་ནི་ཆུས་བྱའོ། དབབ་པ་ནི་གུ་གུལ་གྱིས་བདུག་པའམ་ཆུས་བྱའོ། །གདོན་བཅིང་བ་དང་གདོན་བསྐྱོད་པ་ནི་མཐེ་བོས་བྱའོ། །གདོན་འཁོར་དུ་གཞུག་པ་ནི་མཛུབ་མོ་ལ་བཟླས་བརྗོད་བྱས་ཏེ་བསྡིགས་པར་ བྱའོ། །སྐྱེས་པ་དང་བུད་མེད་དབང་དུ་བྱ་ན་ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ཏེ། ཞག་བདུན་གྱི་བར་དུ་དུས་གསུམ་དུ་སྣ་མའི་མེ་ཏོག་སྟོང་རྩ་བརྒྱད་ཀྱིས་ལག་ན་རྡོ་རྗེ་ལ་བསྣུན་ན་དབང་དུ་འགྱུར་རོ། །བུམ་པ་ལ་ལན་བརྒྱད་བརྒྱར་བསྔགས་ཏེ་བདག་ཉིད་ཁྲུས་བྱས་ན་ལོག་ འདྲེན་ཐམས་ཅད་ཀྱིས་གཏོང་བར་འགྱུར་རོ། །རིག་སྔགས་བསྒྲུབ་པའི་ཚེ་བགེགས་ཞི་བར་བྱ་ན་ལན་བདུན་བཟླས་བརྗོད་བྱས་པའི་ཐལ་བ་གཙང་མས་བྱའོ། །གཞན་ལ་བགེགས་འབྱུང་བར་འདོད་ན་རིག་སྔགས་འཆང་གང་གིས་ནུབ་མོའི་རིག་སྔགས་སྒྲུབ་པ་དེ་ཉིད་ ཀྱི་ནུབ་མོ་ལག་ན་རྡོ་རྗེའི་མདུན་དུ་བེ་ཀངྐ་ཏའི་ཡམ་སྲེག་ཤིང་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་ཕ་རོལ་ལ་བགེགས་འབྱུང་བར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་རིག་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་རྨི་ལམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པར་ འགྱུར་རོ། །གཞིག་པར་འདོད་ན་ལག་ན་རྡོ་རྗེའི་མདུན་དུ་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ལྷ་ལ་ཕུལ་བའི་མེ་ཏོག་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱའོ། །རིམས་ཀྱིས་འདེབས་པར་བྱ་ན་མར་གྱི་ངོ་ཞག་བརྒྱད་ན་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཨ་ ཤྭཏྠའི་ཤིང་གིས་མེ་སྦར་ནས་ཡུངས་ཀར་ཁྲག་གིས་བསྒོས་པས་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་དེ་མ་ཐག་ཏུ་རིམས་ཀྱིས་འདེབས་པར་འགྱུར་རོ། །དབྱེ་བར་བྱ་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ཕུབ་མའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །གདོན་གཞིག་པར་ འདོད་ན་ལག་ན་རྡོ་རྗེའི་མདུན་དུ་ཏིལ་དང་ཐལ་བའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་གདོན་གྱི་རིགས་འཇིག་པར་འགྱུར་རོ། །གདོན་མདོངས་པར་བྱ་ན་ཞིམ་ཐིག་ལེའི་ལོ་མའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་མདོངས་པར་འགྱུར་རོ། །ཡུངས་ཀར་དང་ གི་ཝང་བཏགས་ཏེ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་སླར་ཤགས་འགྱེད་པ་ལ་ལན་ཐེབས་པར་འགྱུར་རོ། །ནོར་འདོད་ན་ཡར་གྱི་ངོ་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ནིམ་པའི་ཤིང་གིས་མེ་སྦར་ནས་ཏིལ་ གྱི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་ཏི་ན་ར་རེ་རེ་ཐོབ་པར་འགྱུར་རོ། །དེ་ནས་མཛུབ་མོ་བསྒྲུབ་པར་འདོད་ན་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ཁང་སྟོང་ངམ་དབེན་པའི་ཕྱོགས་སུ་བུད་མེད་ཀྱི་མོ་མཚན་དུ་མཛུབ་མོ་བཙུགས་ཏེ་རིག་སྔགས་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ ན་འགྲུབ་པར་འགྱུར་ཏེ། དེ་ནས་གང་ལ་མཛུབ་མོས་བསྡིགས་པ་དེ་དབང་དུ་འགྱུར་རོ། །གོས་འདོད་ན་ཡང་ཡར་གྱི་ངོ་ཚེས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ལྟེ་བ་ནུབ་ཙམ་དུ་ཆུའི་ནང་དུ་ཞུགས་ལ་ཀ་ར་བཱི་རའི་མེ་ཏོག་བརྒྱད་བརྒྱ་ཕུལ་ན་གོས་ཕྲུགས་རེ་རེ་ཐོབ་པར་འགྱུར་ རོ། །ཀླུ་མཆོད་པའི་ཚེས་ལྔ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། གྲོག་མཁར་གྱི་སྟེང་དུ་སོང་ལ་དེར་འདུག་ནས་རིག་སྔགས་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། དེ་ནས་སྦྲུལ་མཐོང་བ་དེ་ལ་ཆེ་གེ་མོ་ཞིག་གི་ཐད་དུ་སོང་ལ་ཟོ་ཤིག་ཅེས་སྨྲོས་ཤིག །ཕྱིར་གསོ་ན་ཡིད་ཀྱིས་ བྱ་སྟེ། གཅིག་པུས་གསོ་ནུས་ཀྱི་གཞན་སུས་ཀྱང་གསོ་མི་ནུས་སོ། །ཚངས་པའི་ཆོ་ག་རྫོགས་སོ།། །།དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་བདག་ཅག་གིས་ཀྱང་རིག་པའི་མཆོག་བསྒྲུབ་པ་ལ་དངོས་གྲུབ་སྩལ་བར་འཚལ་ཏེ། བགེགས་གཞིལ་བའི་གསང་སྔགས་ཀྱང་བཤད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ཁྱེད་ཀྱིས་ ཤོད་ཅིག །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་དང་ལག་ན་རྡོ་རྗེའི་ཞབས་གཉིས་ལ་ཕྱག་འཚལ་ནས་ཚིག་མཐུན་པར་གསང་སྔགས་བཤད་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏད་ཡ་ཐཱ། ཨུ་གྲཱ་ཡ་སྭཱ་ཧཱ། ཨ་ཏི་ཨུ་གྲཱ་ཡ་སྭཱ་ཧཱ། ཨུ་གྲ་པྲི་ཡཱ་ཡ་སྭཱ་ཧཱ། ཨ་ཏི་ཨུ་གྲ་བི་ཡཱ་ཡ་སྭཱ་ཧཱ། ཨུ་གྲཱ་ཀྲོ་དྷ་ནཱ་ཡ་སྭཱ་ཧཱ། ཨ་ཏི་ཨུ་གྲ་ཀྲོ་དྷ་ནཱ་ཡ་སྭཱ་ཧཱ། ཙཎྜ་རོ་ཥ་ཎཱ་ཡ་སྭཱ་ཧཱ། རོ་ཥ་པྲ་མ་ཎཱ་ཡ་སྭཱ་ཧཱ། པྲ་ཧ་ར་ཎ་བཛྲ་པྲ་ཧ་ར་ཎི་སྭཱ་ཧཱ། ཨཊྚེ་མཊྚེ་མཏྟི་ནི་ཧཱ་སེ་སྭཱ་ཧཱ། བཅོམ་ལྡན་འདས་ འདི་དྲན་པ་ཙམ་གྱིས་གདོན་ཐམས་ཅད་འབྱེར་བར་འགྱུར་རོ། །ཡི་དགས་ཐམས་ཅད་དང་། ཤ་ཟ་ཐམས་ཅད་དང་། གྲུལ་བུམ་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་དང་། གནོད་སྦྱིན་ཐམས་ཅད་འབྱེར་བར་བྱེད་དེ་འགུམ་པར་ཡང་འགྱུར་རོ། །དེ་ནས་རིག་སྔགས་ འདིའི་ལས་རྣམས་འབྱུང་སྟེ། །དབབ་པར་བྱ་ན་ནི་ཞིམ་ཐིག་ལེའི་ལོ་མས་བྱའོ། །གདོན་ཐམས་ཅད་མཉེ་བར་བྱ་ན་གོས་བསྲེག་པར་བྱའོ། །གདོན་གྱིས་ཟིན་པ་ལ་ནི་ལན་བདུན་བཟླས་བརྗོད་བྱས་པའི་གཏུན་ཤིང་གིས་བསྡིགས་པར་བྱའོ། །གདོན་འབྲོས་པར་བྱ་ན་ དུར་ཁྲོད་ཀྱི་སོལ་བ་ལས་གཟུགས་བྱས་ཏེ། མཚོན་རྣོན་པོས་བཅད་ན་གདོན་ཆོ་ངེས་འདེབས་ཤིང་འབྲོས་པར་འགྱུར་རོ། །གདོན་གྱི་མདུན་དུ་ལན་ཚྭ་དང་སྐེ་ཚེའི་སྦྱིན་སྲེག་ལན་བརྒྱད་བརྒྱ་བྱས་ན་གདོན་གྱི་ལུས་ཚབས་འདེབས་པར་འགྱུར་རོ། །བ་ལང་གི་ལྕི་བ་ལས་ གདོན་གྱི་གཟུགས་བྱས་ཏེ་ལྕགས་ཀྱི་ཐུར་མས་མིག་ཏུ་བཙུགས་ན་ལོང་བར་འགྱུར་རོ། །གདོན་གྱི་མདུན་དུ་ཕུབ་མའི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་གདོན་གྱི་རིགས་བརླག་པར་འགྱུར་རོ། །གདོན་གྱི་མདུན་དུ་ལེ་ཤམ་གྱི་སྲེག་བླུགས་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་གདོན་ ཁྲག་ཏུ་སྐྱུག་པར་འགྱུར་རོ། །བྱིས་པ་གདོན་གྱིས་ཟིན་པ་ལ་ནི་བདུགས་པས་གཏོང་བར་འགྱུར་རོ། །ཅི་སྟེ་མི་གཏོང་ན་སྐྲ་གཏུབས་པ་དང་ལུག་རུ་དང་སྒོག་སྐྱ་དང་སྦྲུལ་གྱི་པགས་པ་བརྗེས་པ་རྣམས་ཀྱི་བདུག་པས་བདུགས་ན་དེ་མ་ཐག་ཏུ་གཏོང་བར་འགྱུར་རོ། ། བྱིས་པ་གདོན་གྱིས་ཟིན་པ་རྣམས་ལ་བཟླས་བརྗོད་བྱས་པའི་ཚོན་སྣ་ལྔའི་སྐུད་པས་ཀྱང་གཏོང་བར་འགྱུར་རོ། །བདག་བསྲུང་ན་ལན་གསུམ་བཟླས་བརྗོད་བྱས་པའི་ཐལ་བས་བྱའོ། །ཕ་རོལ་བསྲུང་ན་ལན་བདུན་བཟླས་བརྗོད་བྱས་པའི་སྐུད་པས་བྱའོ། ། མཚམས་བཅད་ན་ལན་གསུམ་བཟླས་བརྗོད་བྱས་པའི་གསེག་མས་བྱའོ། །སྦྲུལ་བསྐྲད་ན་ལན་གསུམ་བཟླས་བརྗོད་བྱས་པའི་ཆུ་དང་ཐལ་བས་བརྡབ་པར་བྱའོ། །མཆེ་བ་ཅན་ཐམས་ཅད་ཁ་བཅིང་བར་བྱ་བ་དང་སྨད་བཅིང་བར་བྱ་བ་ནི་ཡིད་ཀྱིས་བྱའོ། །གཏེར་ བཅིང་ན་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པའི་སེང་ལྡེང་གི་ཕུར་བུ་ས་ལ་བཏབ་ན་གཏེར་བཅིངས་པར་འགྱུར་རོ། །ཆང་མ་རུང་བར་བྱ་ན་ཏིལ་གྱི་སྲེག་བླུགས་ལན་བདུན་སྦྱིན་སྲེག་བྱའོ། །ཉ་བསྐྲད་ན་ནིམ་པའི་ལོ་མ་ལ་ལན་བདུན་བསྔགས་ཏེ་མཚོའི་ནང་དུ་བོར་ ན་ཉ་འབྲོས་པར་འགྱུར་རོ། །དུད་འགྲོར་སྐྱེས་པ་རྣམས་ལ་ནད་ཞི་བར་འདོད་པས་བྱ་ན་ལག་ན་རྡོ་རྗེའི་གཟུགས་འོ་མས་བཀྲུས་ལ་བཟླས་བརྗོད་ཀྱང་སྟོང་རྩ་བརྒྱད་བྱས་ན་ཞི་བར་འགྱུར་རོ། །དུས་མ་ཡིན་པར་ཆར་དབབ་པར་འདོད་ན་ཡང་ཡར་གྱི་ངོ་ཚེས་ལྔ་ལ་ཞག་ གཅིག་སྨྱུང་བ་བྱས་ཏེ། །ལྟེ་བ་ནུབ་ཙམ་དུ་ཆུའི་ནང་དུ་ཞུགས་ནས་པདྨའི་སྦྱིན་སྲེག་ཁྲི་ཕུལ་ན་དུས་མ་ཡིན་པར་ཆར་པ་འབབ་པར་འགྱུར་རོ། །ཞི་བར་འདོད་ན་ཡར་གྱི་ངོ་ཚེས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ལ་ལག་ན་རྡོ་རྗེའི་མདུན་དུ་བྱང་ཆུབ་ཀྱི་ཤིང་གི་བུད་ ཤིང་གིས་མེ་སྦར་ནས་ཨུཏྤ་ལའི་སྦྱིན་སྲེག་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། །དུག་གཞོམ་པར་འདོད་ན་རྩྭ་ཀུ་ཤས་བྱའོ། །དུག་བསལ་ན་ཁུ་ཚུར་གྱིས་བྱའོ། །གདོན་ཟར་གཞུག་ན་ལན་བདུན་བཟླས་བརྗོད་བྱས་པའི་ཨ་པ་རཱ་ཛི་ཏའི་མེ་ཏོག་གིས་ བྱའོ། །གཡུལ་འགྱེད་ན་ཨ་པ་རཱ་ཛི་ཏའི་མེ་ཏོག་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། མགོ་ལ་བཏགས་ན་གཞན་གྱིས་མི་ཐུབ་པར་འགྱུར་རོ། །གང་གི་ཚེ་རིག་སྔགས་འཆང་རིག་སྔགས་འགྲུབ་པར་འདོད་ན་ཞག་གསུམ་སྨྱུང་བ་བྱས་ལ་ནང་པར་བུམ་པས་རབ་བཞི་ བླངས་ཏེ་ཆུས་བཀང་ནས་རིག་སྔགས་འཆང་གིས་ཕྱེ་མ་རེད་ན་ལེ་ཤམ་དཀར་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། བུམ་པ་དེ་དག་གི་ནང་དུ་བླུགས་ན་བུམ་པ་དེ་དག་འཕག་ཅིང་ལུད་པར་གྱུར་ན་རིག་སྔགས་འཆང་གིས་རིག་སྔགས་འགྲུབ་པར་ཤེས་པར་བྱའོ། ། དེ་སྟེ་མི་འགྲུབ་ན་ནི་འཕག་པར་མི་བྱེད་དོ། །རིག་སྔགས་འཆང་རིག་སྔགས་སྒྲུབ་པ་ན་ཞག་གཅིག་སྨྱུང་བར་བྱས་ལ་ས་ལས་གཟུགས་བྱས་པ་བཀོད་དེ་མེའི་ཕྱོགས་སུ་ཁ་དོག་དམར་པོ་གཞག་པར་བྱའོ། །གཤིན་རྗེའི་ཕྱོགས་སུ་ནི་ཁ་དོག་སེར་པོའོ། །ཆུ་ལྷའི་ ཕྱོགས་སུ་ནི་སྔོ་བསངས་སོ། །རླུང་གི་ཕྱོགས་སུ་ནི་ནག་པོ་སྟེ་འདི་དག་སོ་སོའི་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །དེ་ནས་རིག་སྔགས་འཆང་རིག་སྔགས་སྒྲུབ་པ་ན་ཅིས་ཏེ་བགེགས་ཀྱི་གཟུགས་དག་འབྱུང་བར་འགྱུར་ཏེ། །དངོས་གྲུབ་ཕལ་སྒྲུབ་ན་གཤིན་ རྗེའི་ཕྱོགས་ནས་ཡི་དགས་མོ་ནག་མོ་ཞེས་བྱ་བ་དེ་བགེགས་བྱེད་དེ། སྟག་གི་གཟུགས་སུ་སྟོན་པ་དང་ཝའི་གཟུགས་སུ་འཚེ་བར་བྱེད་དོ། །དེ་ལྟ་བུ་ལ་སོགས་པ་བགེགས་བྱེད་པ་དང་རིག་སྔགས་འཆང་གིས་གཤིན་རྗེའི་ཕྱོགས་ལ་ལན་བདུན་བཟླས་བརྗོད་བྱས་པའི་ ཡུངས་ཀར་གྱིས་བསྣུན་ན་བགེགས་རྣམས་མེད་པར་འགྱུར་རོ། །གཤིན་རྗེའི་རྒྱལ་པོའི་གཡོག་ཡི་དགས་ཀུ་མུ་ད་ཞེས་བྱ་བ་རྫུ་འཕྲུལ་ཆེ་བ་ཡི་དགས་སུམ་ཁྲིའི་བདག་པོ་ཞིག་ཡོད་དེ། །ཀུ་མུ་ད་དེ་ཡང་རིག་སྔགས་འཆང་དེ་དངོས་གྲུབ་ཆེན་པོ་བསྒྲུབ་པ་ན་བགེགས་ བྱེད་དེ་ཀུ་མུ་དའི་བགེགས་འབྱུང་བ་ཡང་ལ་ལ་ནི་ཡི་དགས་ཀྱི་ཚུལ། ལ་ལ་ནི་སྲིན་པོའི་གཟུགས། ལ་ལ་ནི་ཁྱིའི་མགོ་ཅན། ལ་ལ་ནི་རྔ་མོའི་མགོ་ཅན། ལ་ལ་ནི་བོང་བུའི་མགོ་ཅན་གྱི་ཡི་དགས་ཏེ། དེ་དག་འོང་བའི་ཚེ་ཡང་ཧ་ཧ་ཞེས་བྱ་བའི་སྒྲ་འབྱིན་ཅིང་སྐར་ མདའ་བརྒྱ་དག་ཁ་ནས་འབྱིན་པར་བྱེད་དོ། །དེ་ལ་རིག་སྔགས་འཆང་གིས་གཤིན་རྗེའི་ཕྱོགས་ཀྱི་གཟུགས་ལ་ལན་བདུན་བཟླས་བརྗོད་བྱས་པའི་ཐལ་བས་བསྣུན་ན་དེ་མ་ཐག་ཏུ་བགེགས་ཐམས་ཅད་མེད་པར་འགྱུར་རོ། །རྒྱལ་པོ་དེའི་ཕྱི་བཞིན་འབྲང་བ་སྒོ་ དཔོན་མ་སྣ་ཆད་མ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་ཡོད་དེ། སྣ་ཆད་མ་དེ་ནི་བགེགས་ཆེན་པོར་བྱེད་པ་ཡིན་ནོ། །དེ་ཡང་དེས་གསང་སྔགས་ཀྱིས་བཟློག་པར་མི་ནུས་ཏེ། །དེ་འོང་བ་དང་སྐར་མདའ་ལྟུང་བར་སྟོན་ཅིང་སྤྱུགས་པ་ཡང་ལེན་ཏེ། སྣ་ ཆད་མ་དེས་དཀྱིལ་འཁོར་གྱི་མཚམས་སེང་ལྡེང་གི་ཕུར་བུས་བཏབ་པ་ནི་མོ་མཚན་གྱིས་འབྱིན་པར་བྱེད་དོ། །དཀྱིལ་འཁོར་གྱི་མཚམས་ཐལ་བས་བཅད་པ་ནི་བུས་པས་མེད་པར་བྱེད་དོ། །དཀྱིལ་འཁོར་གྱི་མཚམས་ཆུས་བཅད་པ་ནི་མཆིལ་མས་མེད་པར་བྱེད་དོ། ། ཡིད་ཀྱིས་དཀྱིལ་འཁོར་གྱི་མཚམས་བཅད་པ་ནི་གཅིན་གྱིས་འབྲལ་བར་བྱེད་དོ། །དེ་ལྟ་བུའི་ཚུལ་དག་གིས་དཀྱིལ་འཁོར་འཇིག་པར་བྱེད་པ་དང་། དེ་ལ་རིག་སྔགས་འཆང་གིས་མྱུར་དུ་སྣ་ཆད་མའི་མིང་ནས་སྨོས་ཏེ་སྲིང་མོ་སྣ་ཆད་མ་ཁྱོད་འོངས་པ་ལེགས་སོ་ལེགས་སོ་ ཞེས་བྱས་ནས། ལན་བདུན་བསྔགས་པའི་སེང་ལྡེང་གི་ཕུར་བུ་སོར་བཞི་པ་གཤིན་རྗེའི་ཕྱོགས་ཀྱི་སྙིང་གར་གདབ་བོ། །དེ་ནས་སྣ་ཆད་མ་དེས་ངུ་འབོད་ཀྱི་སྒྲ་ཕྱུང་ནས་མེད་པར་འགྱུར་ཏེ་རིག་སྔགས་ཀྱང་གྲུབ་པར་འགྱུར་རོ། །གཤིན་རྗེའི་ཕྱོགས་ཀྱི་ཆོ་ག་ རྫོགས་སོ།། །།རིག་སྔགས་འཆང་རིག་སྔགས་སྒྲུབ་པ་ནི་ཅི་སྟེ་མེའི་ཕྱོགས་ནས་བགེགས་ཀྱི་གཟུགས་དག་འབྱུང་སྟེ། དངོས་གྲུབ་ཕལ་སྒྲུབ་པ་ན་མེའི་ཕྱོགས་ཀྱི་རྒྱལ་པོའི་གཡོག་མོའི་སྲིན་མོ་རྩེད་མོ་ཅན་ཞེས་བྱ་བ་ཡོད་དེ། དེ་ནི་བགེགས་བྱེད་པ་ཡིན་ ནོ། །སྲིན་མོ་རྩེད་མོ་ཅན་དེ་ཡང་བྱའི་གཟུགས་སུ་སྟོན་པར་བྱེད་ཅིང་ང་རོ་མི་སྙན་པ་ཡང་འབྱིན་པར་བྱེད་དོ། །དེ་ལ་རིག་སྔགས་འཆང་གིས་མེའི་ཕྱོགས་ཀྱི་གཟུགས་ལ་ལན་བདུན་སྔགས་ཀྱིས་བསྔགས་པའི་ཡུངས་ཀར་གྱིས་བསྣུན་ན་མེད་པར་འགྱུར་རོ། །དངོས་གྲུབ་ ཆེན་པོ་བསྒྲུབ་པ་ན་རྒྱལ་པོ་དེའི་གཡོག་སྲིན་མོ་མི་སྡུག་པ་ཞེས་བྱ་བ་རྫུ་འཕྲུལ་ཆེ་བ་སྲིན་པོ་སུམ་ཁྲིའི་བདག་པོ་ཞིག་ཡོད་དེ། མི་སྡུག་པ་དེ་ཡང་རིག་སྔགས་འཆང་ལ་བགེགས་བྱེད་པ་ཡིན་ཏེ། མི་སྡུག་པ་དེ་འོང་བ་དང་། མི་སྡུག་པ་དེའི་རྣམ་པའི་སྲིན་པོ་དག་ དང་། ལ་ལ་ཁྱི་མགོ་ཅན་དག་དང་། ལ་ལ་གླང་པོ་ཆེའི་མགོ་ཅན་དག་དང་། ལ་ལ་སེང་གེའི་མགོ་ཅན་ལྟ་བུའི་བགེགས་ཀྱི་རྣམ་པ་དག་ཏུ་སྣང་སྟེ། ལ་ལ་ནི་བྲག་འཕེན་པར་བྱེད། ལ་ལ་ནི་འབྱུང་པོའི་འཁྲུལ་འཁོར་སྟོན་ཅིང་འཇིགས་པའི་སྒྲ་སྐད་དག་ཀྱང་ འབྱིན་ཏེ། སྐར་མདའ་བརྒྱ་དག་ཀྱང་ཁ་ནས་འབྱིན་པར་བྱེད་དོ། །དེ་ལ་རིག་སྔགས་འཆང་གིས་མེའི་ཕྱོགས་ཀྱི་གཟུགས་ལ་ལན་བདུན་བསྔགས་པའི་ཐལ་བས་བསྣུན་ན་བགེགས་རྣམས་མེད་པར་འགྱུར་རོ། །རྒྱལ་པོ་དེའི་གཡོག་སྲིན་པོ་སོ་དཀར་ཞེས་བྱ་བ་ མཐུ་ཆེ་ཞིང་བརྩོན་འགྲུས་ཆེ་བ་ཞིག་ཡོད་དེ། སོ་དཀར་དེ་ཡང་རིག་སྔགས་འཆང་དེ་ལ་ནམ་གུང་གི་ཐུན་ལ་བགེགས་བྱེད་དོ། །དེ་ཡང་གསང་སྔགས་ཀྱིས་བཟློག་པར་མི་ནུས་ཏེ། དེ་འོང་བ་དང་ངུ་འབོད་ཀྱི་སྒྲ་ཆེན་པོ་ནི་འབྱིན། རི་རྣམས་ནི་གཡོ། རི་དགས་ རྣམས་ནི་གར་བྱེད། ཝ་རྣམས་ནི་རྩེ། གླང་པོ་ཆེ་རྣམས་ནི་སྐད་འབྱིན་ཏེ། དེ་རིག་སྔགས་འཆང་གི་མེའི་ཕྱོགས་ཀྱི་བགེགས་ཡིན་པར་ཤེས་པར་བྱའོ། །སོ་དཀར་དེ་ཡང་བུས་པའི་གཟུགས་ཀྱིས་སྒྲ་འབྱིན་ཞིང་འོང་ངོ་། །ཡང་ན་ལྷའི་གཟུགས་ཀྱིས་འོངས་ ཏེ། དེས་ཀྱང་བལྟས་པ་ཙམ་གྱིས་དཀྱིལ་འཁོར་ཐམས་ཅད་འཇིག་པར་བྱེད་དོ། །དེ་ལ་རིག་སྔགས་འཆང་གིས་མྱུར་དུ་ལན་བདུན་བསྔགས་པའི་སེང་ལྡེང་གི་ཕུར་བུ་སོར་བཞི་པས་མེའི་ཕྱོགས་ཀྱི་གཟུགས་ལ་བཏབ་སྟེ། འདི་སྐད་དུ་སོ་དཀར་བཅོམ་མོ་ཞེས་ ཀྱང་སྨྲས་ན། ངུ་འབོད་ཀྱི་སྒྲ་ཆེན་པོ་ཕྱུང་ནས་མེད་པར་འགྱུར་ཏེ། གསང་སྔགས་ཀྱང་འགྲུབ་པར་འགྱུར་རོ། །མེའི་ཕྱོགས་ཀྱི་ཆོ་ག་རྫོགས་སོ།། །།རིག་སྔགས་འཆང་རིག་སྔགས་བསྒྲུབ་པ་ན་ཅི་སྟེ་རླུང་གི་ཕྱོགས་ནས་སྲོད་ལ་བགེགས་ཀྱི་གཟུགས་ དག་འབྱུང་སྟེ། དངོས་གྲུབ་ཕལ་སྒྲུབ་པ་ན་རླུང་གི་ཕྱོགས་ཀྱི་རྒྱལ་པོའི་གཡོག་མོ་སོ་སྒོ་མ་ཞེས་བྱ་བ་ཞིག་ཡོད་པ་དེ་ཡང་བགེགས་བྱེད་དེ། མར་མེ་གསོད་ཅིང་ལྷ་བཤོས་སྨེ་བས་འབགས་པར་བྱེད་དོ། །དེ་ཕྱིར་གཞིལ་བར་བྱ་བ་ནི་རླུང་གི་ཕྱོགས་ཀྱི་གཟུགས་ ལ་ལན་བདུན་བསྔགས་པའི་ཡུངས་ཀར་གྱིས་བསྣུན་ན་བགེགས་རྣམས་མེད་པར་འགྱུར་རོ། །དངོས་གྲུབ་ཆེན་པོ་སྒྲུབ་པ་ན་རླུང་གི་ཕྱོགས་ཀྱི་རྒྱལ་པོའི་གཡོག་གནོད་སྦྱིན་རྫུ་འཕྲུལ་ཆེན་པོ་དྲུག་ཁྲིའི་བདག་པོ་ཞིག་ཡོད་དེ་ཚུབ་མ་གཅིག་ པ་ཞེས་བྱ་བ་དེ་ཡང་རིག་སྔགས་འཆང་དེ་ལ་འཇིང་གི་ཐུན་ལ་བགེགས་བྱེད་དོ། །ཚུབ་མ་གཅིག་པ་དེ་ཡང་འདོད་དགུར་བསྒྱུར་བའི་གཟུགས་ཅན་ཡིན་ཏེ། ཆེད་འགའ་ནི་ཝའི་གཟུགས། ཆེད་འགའ་ནི་སྟག་གི་གཟུགས། ཆེད་འགའ་ནི་ཁྱུ་མཆོག་ གི་གཟུགས། གཟུགས་སྣ་ཚོགས་སུ་བདག་ཉིད་སྟོན་པར་བྱེད་ཅིང་། ཆེད་འགའ་ནི་ཧཱ་ཧཱ་ཞེས་བྱ་བའི་སྒྲ་འབྱིན་ཅིང་སྐར་མདའ་བརྒྱ་དག་ལྟུང་བར་བྱེད། གནམ་ཡང་འགྲུམ་པར་བྱེད་དོ། །དེ་ལ་རིག་སྔགས་འཆང་གིས་རླུང་གི་ཕྱོགས་ཀྱི་གཟུགས་ལ་ལན་ བདུན་བསྔགས་པའི་ཐལ་བས་བསྣུན་ན་བགེགས་རྣམས་མེད་པར་འགྱུར་རོ། །རྒྱལ་པོའི་སྒོ་དཔོན་མ་ལྕགས་ཀྱུ་དཀར་མོ་ཅན་ཞེས་བྱ་བ་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་ལ་བགེགས་བྱེད་པ་ཆེན་མོ་ཞིག་ཡོད་དེ། དེ་ཡང་གསང་སྔགས་ཀྱིས་བཟློག་པར་མི་ནུས་ཏེ། དེ་ནི་ནམ་གུང་གི་ཐུན་ལ་འོང་ངོ་། །དེ་འོང་བ་དང་དུས་མ་ཡིན་པའི་ཆར་འབབ་ཅིང་འབྲུག་ཀྱང་དི་རི་རི་སྒྲོགས། གནམ་ཡང་འགྲུམ་པར་བྱེད་དེ། ལྕགས་ཀྱུ་དཀར་མོ་ཅན་དེ་ཡང་མདོག་དཀར་ཞིང་གཟུགས་ཀྱི་ལུས་བསྟན་པས་ཀྱང་དཀྱིལ་འཁོར་འཇིག་ པར་བྱེད་དོ། །དེ་ལ་རིག་སྔགས་འཆང་གིས་མྱུར་དུ་ལན་བདུན་བསྔགས་ཏེ་སེང་ལྡེང་གི་ཕུར་བུ་སོར་བཞི་པས་རླུང་གི་ཕྱོགས་ཀྱི་གཟུགས་ལ་བཏབ་སྟེ། ལྕགས་ཀྱུ་དཀར་མོ་ཅན་བཅོམ་མོ་ཞེས་ཀྱང་སྨྲས་ན་ངུ་འབོད་ཀྱི་སྒྲ་ཆེན་པོ་ཕྱུང་ནས་མེད་པར་འགྱུར་ ཏེ། གསང་སྔགས་ཀྱང་འགྲུབ་པར་འགྱུར་རོ། །རླུང་གི་ཕྱོགས་ཀྱི་ཆོ་ག་རྫོགས་སོ།། །།རིག་སྔགས་འཆང་རིག་སྔགས་བསྒྲུབ་པ་ན་ཆུ་ལྷའི་ཕྱོགས་ནས་བགེགས་རྣམས་འབྱུང་སྟེ། དངོས་གྲུབ་ཕལ་སྒྲུབ་པ་ན་ཆུ་ལྷའི་རྒྱལ་པོའི་གཡོག་མོ་ཀླུ་ མོ་རྒྱལ་བ་མོ་ཞེས་བྱ་བ་ཞིག་ཡོད་དེ་རྒྱལ་བ་མོ་དེ་ཡང་སྲོད་ལ་བགེགས་བྱེད་དོ། །ཐོག་ཏུ་འོང་ལ་ཁོག་སྐམ་འདོར་བར་བྱེད་ཅིང་ཕ་གུ་འཕེན་པར་བྱེད་དོ། །དེ་ལ་རིག་སྔགས་འཆང་གིས་ཆུའི་ཕྱོགས་ཀྱི་གཟུགས་ལ་ལན་བདུན་བསྔགས་པའི་ཡུངས་ཀར་གྱིས་ བསྣུན་ན་མེད་པར་འགྱུར་རོ། །རྒྱལ་པོ་དེའི་གཡོག་ཀླུ་མོ་སོ་བརྩེགས་ཞེས་བྱ་བ་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་བ་ཀླུ་སུམ་ཁྲིའི་བདག་པོ་ཞིག་ཡོད་དེ། སོ་བརྩེགས་དེ་ཡང་རིག་སྔགས་འཆང་དེ་ལ་འཇིང་གི་ཐུན་ལ་བགེགས་བྱེད་སྣ་ཚོགས་རྣམ་པ་མང་པོ་བྱེད་དོ། ། སོ་བརྩེགས་དེ་དུར་ཁྲོད་དུ་སྐྱེས་པ་ཐམས་ཅད་ཀྱི་ཆ་ལུགས་དག་ཏུ་སྣང་ཞིང་ཀུན་ཏུ་རྒྱུ་དང་གཅེར་བུ་པ་ལྟ་བུའི་བགེགས་ཀྱི་ཆ་ལུགས་དག་ཏུ་སྣང་སྟེ། དེ་ཡང་ངུ་འབོད་ཀྱི་སྒྲ་ཆེན་པོ་འབྱིན་ཅིང་སྐར་མདའ་དག་ཀྱང་འབྱིན་པར་བྱེད་དོ། །དེ་ལ་རིག་སྔགས་འཆང་ གིས་ཆུ་ལྷའི་ཕྱོགས་ཀྱི་གཟུགས་ལ་ལན་བདུན་བསྔགས་པའི་ཡུངས་ཀར་གྱིས་བསྣུན་ན་མེད་པར་འགྱུར་རོ། །ཆུ་ལྷའི་ཕྱོགས་ཀྱི་རྒྱལ་པོ་སྒོ་དཔོན་མ་མིག་སེར་མ་ཞེས་བྱ་བ་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་བ་བགེགས་ཆེན་པོ་བྱེད་པ་ཅིག་ཡོད་དེ་དེ་ཡང་གསང་སྔགས་ ཀྱིས་བཟློག་པར་མི་ནུས་ཏེ། རིག་སྔགས་འཆང་དེ་རིག་སྔགས་སྒྲུབ་པ་ན་ནམ་གུང་གི་ཐུན་ལ་བགེགས་བྱེད་དེ་དེས་ཀྱང་སྒྲ་ཕྱུང་བས་དཀྱིལ་འཁོར་ཐམས་ཅད་འཇིག་པར་བྱེད་ཅིང་མེའི་གཟུགས་ཀྱིས་བགེགས་བྱེད་ལ་སྐར་མདའ་སྟོང་དག་སྣང་བར་བྱེད་དོ། །དེ་ལ་རིགས་ སྔགས་འཆང་གིས་མྱུར་དུ་ལན་བདུན་བསྔགས་པའི་སེང་ལྡེང་གི་ཕུར་བུ་སོར་བཞི་པས་ཆུ་ལྷའི་ཕྱོགས་ཀྱི་གཟུགས་ལ་བཏབ་ཅིང་། འདི་སྐད་དུ་མིག་སེར་མ་འདུག་ཤིག་འདུག་ཤིག་ཅེས་སྨྲས་ན་འདུག་ཤིག་འདུག་ཤིག་ཅེས་བྱ་བ་ཐོས་ནས་བདག་ནི་རྨ་ཕབ་བོ་སྙམ་ སྟེ་ངུ་འབོད་ཀྱི་སྒྲ་ཆེན་པོ་ཕྱུང་ནས་མེད་པར་འགྱུར་ཏེ། རིག་སྔགས་ཀྱི་དངོས་གྲུབ་ཀྱང་གྲུབ་པར་འགྱུར་རོ། །ཆུ་ལྷའི་ཆོ་ག་རྫོགས་སོ།། །།དེ་བས་འཇམ་པའི་ལས་འདི་བཤད་དེ། རིག་སྔགས་འཆང་རིག་སྔགས་བསྒྲུབ་པ་ན་ལན་བདུན་བསྔགས་པའི་སེང་ ལྡེང་གི་ཕུར་བུ་སོར་བཞི་པ་ཚོན་སྣ་ལྔའི་སྐུད་པས་དཀྲིས་པ། བགེགས་ཐམས་ཅད་ཀྱི་གནས་སུ་རྐང་པ་གཡོན་པས་མནན་ན་བགེགས་ཐམས་ཅད་བཅོམ་པ་དང་རེངས་པར་བྱས་པར་འགྱུར་རོ། །ཞག་གསུམ་སྨྱུང་བ་བྱས་ཏེ་མར་གྱི་ངོ་ཞག་བརྒྱད་དམ་བཅུ་ བཞི་ལ་དབང་ཕྱུག་ཆེན་པོའི་གནས་སུ་སོང་སྟེ། འབྱུང་པོའི་གཏོར་མ་ཡང་བྱིན་ལ་རིག་སྔགས་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་བགེགས་ཀྱི་ལས་ཐམས་ཅད་འགྲུབ་པར་འགྱུར་ཏེ། བསམས་པས་བགེགས་ཐམས་ཅད་མེད་པར་འགྱུར་རོ། །འཇིག་རྟེན་སྐྱོང་བ་ རྣམས་ཀྱི་ཆོ་ག་རྫོགས་སོ།། །།དེ་ནས་འཇིག་རྟེན་ཕན་འདོད་པ། །ཐུབ་པ་ཀུན་དང་ལྷ་ཆེན་གྱིས། །ལག་ན་རྡོ་རྗེའི་མདུན་དུ་བདར། །ལྷན་ཅིག་ཏུ་ནི་འདུས་པར་འགྱུར། །ཉི་མ་བཞིན་དུ་གཟི་འབར་ཞིང་། །དཀའ་ཐུབ་རྣལ་འབྱོར་ལྡན་པ་ ཡི། །ཐུབ་པ་རབ་མཆོག་ལྡན་པ་ཀུན། །ཉིན་མོ་བྱ་བ་བྱས་ནས་འཁོད། །ཐུབ་པ་དག་ནི་ཐམས་ཅད་དང་། །བདེ་བྱེད་ལྷ་ཚོགས་ལྷ་རྣམས་ཀྱིས། །ལག་ན་རྡོ་རྗེ་སེམས་དཔའ་ཆེ། །འབྱུང་པོ་ཀུན་དབང་རྗེ་ལ་ཞུས། །འཇིག་རྟེན་དངོས་གྲུབ་བྱེད་པ་ཡི། ། བགེགས་རྣམས་དག་ནི་ག་ལ་འབྱུང་། །དེ་དག་གི་ནི་ཚིག་ཐོས་ནས། །ལག་ན་རྡོ་རྗེ་གྲགས་པ་ཆེ། །དགའ་བར་གྱུར་ནས་དྲིས་པ་དེ། །རྒྱས་པར་ཡང་ནི་རབ་བཤད་དེ། །བགེགས་རྣམས་ཇི་ལྟར་འབྱུང་འགྱུར་བ། །ཐུབ་པ་དག་ནི་ཀུན་གྱིས་ཉོན། །ལྷ་རྣམས་ ལ་ཡང་ལྷ་མིན་རྣམས། །འཐབ་པའི་ཕྱིར་ནི་ལྡང་བ་ལྟར། །སེམས་ཅན་རྣམས་ལ་བགེགས་བྱའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་འབྱུང་འགྱུར། །ཅི་ལྟར་ལྷ་ཡིས་ལྷ་མིན་རྣམས། །གཡུལ་དུ་ལན་བརྒྱར་བཅོམ་པ་དང་། །བརྒྱ་བྱིན་གྱིས་ ནི་གཡུལ་བཅོམ་ལྟར། །དེ་བཞིན་བགེགས་རྣམས་བཅོམ་པར་གྱུར། །དེ་ཚེ་ལྷ་ཀུན་དགའ་གྱུར་ནས། །འཇིག་རྟེན་གྲགས་པ་དེ་དག་ནི། །ཐམས་ཅད་སྟོབས་དང་ལྡན་འགྱུར་ཞིང་། །དེ་དག་ང་རྒྱལ་དྲེགས་པས་རྒྱས། །འཇིག་རྟེན་དོན་དང་ལྷ་རྣམས་ཀྱི། ། བརྩོན་འགྲུས་དང་ནི་མཐུ་བསྐྱེད་ཕྱིར། །བདེ་ཞིང་རྒྱ་མཚོ་ཆེན་པོ་ནི། །གཤེད་བྱེད་དག་ནི་དབྱུང་བར་བརྩམས། །ཐུབ་པ་དེ་དག་རྨོངས་པ་སྟེ། །ཕན་པ་བྱས་ན་སྟོབས་ཀྱིས་རྒྱགས། །ང་རྒྱལ་འདིས་ནི་འཇིག་རྟེན་ན། །རིང་པོར་མི་ཐོགས་ཐེ་ཚོམ་མེད། ། དེ་ནས་དྲང་སྲོང་ལྷར་བཅས་རྣམས། །ཅ་ཅོའི་སྒྲ་ནི་ར་བ་འདོན་ཅིང་། །རྩོམ་པ་ཆེན་པོ་སྐད་ཅིག་ཏུ། །འཇིག་རྟེན་དུ་ནི་གྲགས་པར་གྱུར། །དེ་ནས་ལྷ་རྣམས་ཐུབ་པར་བཅས། །ཁྲོ་བ་རུ་ནི་གྱུར་པ་ན། །ལྷར་བཅས་དྲང་སྲོང་དེ་དག་ལ། །ལྷ་ཆེན་གྱིས་ནི་ ཚིག་སྨྲས་པ། །ཚངས་བཅས་ལྷ་རྣམས་ཁྱེད་ཀྱི་མཐུས། །རྩོམ་པ་དག་ནི་མ་བྱེད་ཅིག །རྡོ་རྗེ་འཆང་བ་དཔལ་ལྡན་འདི། །གནོད་སྦྱིན་ཚོགས་ཀུན་བདག་པོ་སྟེ། །གནོད་སྦྱིན་སྡེ་བདག་ཞི་བ་བོ། པོ། །སེམས་ཅན་ཀུན་ལ་ཕན་པར་དགའ། །མ་རུངས་ འདི་དག་རླ་ག་བྱེད་པ། །བརྩམས་ཞིང་ཚར་གཅོད་ནུས་པ་ཡོད། །དེ་ནས་ལྷ་ཡི་མཆོག་རྣམས་ཀྱིས། །ལག་ན་རྡོ་རྗེ་དཔལ་ལྡན་མཆོག །སྦྱོར་བ་ཤེས་ཤིང་སྦྱོར་གནས་ནས། །དཔུང་ཆེན་དག་ནི་རབ་སྤྲུལ་པ། །རྒྱལ་བའི་བློ་གྲོས་རྡོ་རྗེའི་གདོང་། །རྡོ་རྗེ་ ལྟེ་བ་གདོང་དཀར་མ། །རྡོ་རྗེ་མིག་སེར་འོག་བག་ཅན། །རྡོ་རྗེ་ནག་མོ་ཕོ་ཉ་ཆེ། །དབང་ཕྱུག་ཆེན་པོ་གནམ་ངོ་མ། །དྲག་མོ་རྡོ་རྗེ་སེང་གེའི་ཁྲི། །ཤུགས་ལྡན་མ་དང་རྡོ་རྗེ་ཅན། །དེ་བཞིན་བཞད་མ་རྡོ་རྗེ་ཅན། །གཏུམ་མོ་རང་གི་ཐུགས་དང་ནི། །ཉེ་བའི་ སྙིང་པོ་ལས་ཀུན་བྱེད། །འབྱུང་པོ་སྲིན་པོ་ཕོ་ཉ་མ། །རྣམ་པ་སྣ་ཚོགས་མིང་གྲགས་པ། །མ་རུངས་གདོན་རྣམས་བཟློག་པ་དང་། །བགེགས་རྣམས་བརླག་ཕྱིར་སྤྲུལ་པར་གྱུར། །དེ་ནས་དཔུང་དེ་དགའ་གྱུར་ནས། །དཔལ་གྱིས་སུ་ནི་འཁྱུད་པ་བཞིན། ། ལག་ན་རྡོ་རྗེའི་ཕོ་ཉ་དེ། །ཀུན་ནས་བསྐོར་ཏེ་འཁོད་པར་གྱུར། །དེ་ནས་རབ་འབར་མི་བཟད་ཅིང་། །འབྱུང་པོ་ཐམས་ཅད་རླག་བྱེད་ཅིང་། །ལག་ན་རྡོ་རྗེའི་རྡོ་རྗེ་དེ། །ཕྱོགས་བརྒྱད་དག་ཏུ་འཕྲོས་པར་འགྱུར། །དེ་ནས་སྟོབས་ཆེན་བརྩོན་ཆེན་མོ། །ཕོ་ཉ་མོ་ དག་སོང་བར་གྱུར། །དེ་ནས་སྐྲག་ནས་གདོན་དེ་དག །ཐམས་ཅད་བརྡུངས་ཏེ་སེམས་སྟོར་ཅིང་། །རྡོ་རྗེ་ནག་མོས་འཇིགས་གཟིར་བས། །སྐྱབས་ཀྱང་རྙེད་པར་མ་གྱུར་ཏེ། །རྡོ་རྗེ་སྒྲོགས་ཀྱིས་འཕམ་བྱས་ཤིང་། །རྡོ་རྗེ་ཅན་གྱི་ཡུལ་དུ་ བཅོམ། །དེ་ནས་དེ་དག་ཡིད་ཀྱིས་སུ། །དེ་བཞིན་གཤེགས་ལ་སྐྱབས་སུ་སོང་། །དཀོན་མཆོག་གསུམ་གྱིས་མཛེས་བྱས་ཤིང་། །ཐམས་ཅད་དགེ་ལ་ངེས་པར་གྱུར། །དེ་ནས་མེ་ནི་འདྲ་བ་དེ། །རྡོ་རྗེ་ལྟ་བུའི་མཚོན་ཐོགས་པ། །ཞི་ནས་རྡོ་རྗེ་ལ་སོགས་ ཚོགས། །ཡིད་མ་ཞི་ལ་སྨྲས་པ་ནི། །ཀྱེ་ཀྱེ་ཚོགས་རྣམས་ཞི་བར་གྱིས། །སྐལ་བ་ཆེ་རྣམས་ལྡོག་པར་གྱིས། །གདོན་ཀུན་དགེ་ལ་ངེས་བྱས་ཤིང་། །ཞི་བར་གྱུར་གྱིས་མ་གཞོམ་ཤིག །ལག་ན་རྡོ་རྗེ་ལྟས་བསྟན་པའི། །ཐད་དུ་ཡང་ནི་ཁྲིད་པར་གྱིས། ། མི་བཟད་ཚོགས་ཀྱིས་དེ་མཉན་ནས། །གདོན་རྣམས་དེ་དག་ཐམས་ཅད་ནི། །རྣལ་འབྱོར་བསྟན་བཅོས་མཐུས་བཏུལ་ནས། །ལག་ན་རྡོ་རྗེས་ཐད་དུ་ཁྲིད། །བཅོམ་ལྡན་རྡོ་རྗེ་ལྡན་པ་དེས། །མཐོང་ནས་ཅི་སྟེ་གསོན་འདོད་ན། །རིག་པའི་མཆོག་ལ་ཕྱག་ བྱོས་ལ། །ཕྱག་རྒྱ་མཐོང་ནས་བསྟན་ལ་མ་ནོས། །གནས་ནས་མི་རྣམས་ཐོང་ཤིག་ཅེས། །གདོན་རྣམས་ལ་ནི་བགད་དེ་སྨྲས། །དེ་སྐད་སྨྲས་ནས་གདོན་དེ་དག །ཀུན་གྱིས་དེ་ཚེ་བསྟན་སྨྲས་པ། །ཁྱོད་ཀྱིས་ལས་འདི་མཆོག་ཡིན་ཏེ། །གཞན་གྱིས་མི་ཐུབ་ དྲག་ཅིང་དགེ། །མངའ་བདག་ཁྱོད་ཀྱིས་བཀའ་སྩལ་པ། །དེ་བཞིན་དུ་ནི་བགྱི་བར་འཚལ། །སངས་རྒྱས་ལ་ནི་སྐྱབས་སུ་མཆི། །ཆོས་དང་དགེ་འདུན་དེ་བཞིན་ཏེ། །ཞི་ལ་མ་རུངས་འདུལ་བ་པོ། །ཁྱོད་ལ་རྟག་ཏུ་སྐྱབས་སུ་མཆི། །སེམས་ཅན་ཀུན་ལ་ཕན་ པའི་ཕྱིར། །སྟོབས་ཆེན་དེ་ནི་སྐྱེས་པ་ལེགས། །བདག་ཅག་གི་ནི་འཚོ་བ་ཡི། །ཐབས་ཀྱི་ཕྱིར་ཡང་བཀའ་སྩོལ་ཅིག །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །བགད་ནས་ཚོགས་ལ་སྨྲས་པ་ནི། །ཁྱོད་ཀྱིས་བླང་བར་བྱ་བ་དང་། །མི་བླང་བ་ཡང་བསྟན་པར་བྱ། ། གང་དག་རྟག་ཏུ་བརྫུན་སྨྲ་དང་། །དྲིན་དུ་མི་གཟོ་གཙང་སྦྲ་མེད། །བྱང་ཆུབ་སེམས་ནི་རབ་ཉམས་པ། །སྐྱེ་བོ་དེ་དག་རྟག་ཏུ་ལོང་། །ཉ་དང་ཤ་སོགས་ཟ་བ་དང་། །མི་བྱ་བ་དག་བྱེད་པ་དང་། །རྐང་པས་ཕྱག་རྒྱ་རྫི་བྱེད་པ། །སྐྱེ་བོ་དེ་དག་བླང་བར་གྱིས། ། ཅི་སྟེ་གསོན་པར་འདོད་ན་ནི། །གང་དག་བདེན་པའི་ཚིག་སྨྲ་དང་། །དྲིན་དུ་གཟོ་ཞིང་ངེས་པར་གནས། །སྲོག་གི་ཕྱིར་ཡང་བྱང་ཆུབ་སེམས། །གཏོང་བར་མི་བྱེད་རབ་བསྡམས་དང་། །རྟག་ཏུ་ང་ལ་དད་པ་དང་། །དེ་བཞིན་རིགས་མཆོག་རིགས་ལ་གནས། ། གང་རྣམས་ཀྱི་ནི་ཁྱིམ་དག་ཏུ། །རིག་རྒྱལ་དམ་པ་རྟག་མཆོད་དང་། །ང་རིག་པ་ཡི་རྒྱལ་པོ་མཆོག །སྒྲུབ་ང་དང་ནི་བཟླས་བརྗོད་བྱེད། །དེ་དག་ལ་ནི་ཞི་བར་གྱིས། །ཡི་གེ་བཞི་པ་ཞེས་བྱ་བའི། །རྡོ་རྗེ་དོན་ཡོད་ཆེན་པོ་དེས། །གདོན་གང་ང་ལ་དད་མི་འཛིན། ། དེ་ཡི་སྤྱི་བོ་འགེམས་པར་བྱེད། །རྟག་ཏུ་ང་དང་རིག་མཆོག་ལ། །དེ་བཞིན་དད་པ་ལྷུར་བྱེད་དང་། །དམ་ཚིག་ཤེས་པ་གང་ཡིན་ཏེ། །ཁྱེད་ཀྱིས་རྟག་ཏུ་མཆོད་པ་བགྱི། །ལག་ན་རྡོ་རྗེའི་ཚིག་འདི་དག །ཐོས་ནས་ཀྱང་ནི་ལོག་འདྲེན་རྣམས། །དགའ་ཞིང་ཅ་ཅོའི་སྒྲ་ འབྱིན་ནས། །སྐད་ཅིག་གིས་ནི་མི་སྣང་འགྱུར། །རིག་པ་མཆོག་གི་རྒྱུད་ཕྱི་མ་ལས་ལོག་འདྲེན་འབྱུང་པོ་རྫོགས་སོ།། །།ལས་འདི་ནི་དམ་པར་འགྱུར་བ་དང་། །དྲག་ཅིང་དོན་ཡོད་ལ་གཞན་གྱིས་མི་ཐུབ་ཅིང་དགེ་བ་ཡིན་ཏེ། །དངོས་གྲུབ་སྒྲུབ་པའི་ཚེ་ དུད་པ་མེད་པའི་མེ་མདག་ལ་རིག་སྔགས་ཀྱི་རྒྱལ་པོས་ཏིལ་ནག་པོའི་སྦྱིན་སྲེག་ལན་བརྒྱད་བརྒྱ་བྱས་ན་བགེགས་ཐམས་ཅད་འབྱུང་བར་མི་འགྱུར་རོ། །ལས་འདི་དག་ནི་མཆོག་ཡིན་ཏེ། །འཇིག་རྟེན་རྣམས་ཀྱི་དངོས་གྲུབ་ཕྱིར། །རིག་མཆོག་མགོ་བོར་བཞག་ན་ནི། །སྤྱན་ རྣམས་དངོས་གྲུབ་སྟོན་པར་འགྱུར། །སངས་རྒྱས་ཡུམ་དང་ཆོས་སྤྱན་ལ། །གང་ཞིག་ཕྱག་འཚལ་དེ་ལ་ནི། །བཅོམ་ལྡན་གསུངས་པའི་ལས་ལ་སོགས། །ལག་ན་རྡོ་རྗེས་བཤད་པ་ཡི། །ཆོ་ག་འདི་དང་རྡོ་རྗེའི་རིགས། །དེ་དག་ཐམས་ཅད་འགྲུབ་འགྱུར་ཏེ། ། ཡུམ་ཡང་ཡིད་ལ་བཞག་ནས་ནི། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །ལས་འདི་དག་ཀྱང་བྱས་ནས་ནི། །དངོས་གྲུབ་མཆོག་འགྱུར་ཤེས་པར་བྱ། །གང་གིས་ཉིན་མོ་ཡང་རུང་སྟེ། ཞག་གཅིག་སྨྱུང་བ་བྱས་ཏེ་ལག་ན་རྡོ་རྗེའི་མདུན་དུ་དྲི་དང་ མེ་ཏོག་དང་། །བདུག་པ་ཕུལ་ནས། །བ་སེར་མོའི་ལྕི་བ་ས་ལ་མ་ལྷུང་བས་ལྷ་མོའི་གཟུགས་བྱས་ཏེ། ལག་པ་གཡས་པར་རྡོ་རྗེ་ཐོགས་པར་བྱ། དེའི་འོག་ལོགས་སུ་སྒྲུབ་པ་པོ་སྙིམ་པ་ཟེད་ཅིང་འདུག་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་ཡིད་ལ་བསམས་ ཏེ། རིག་སྔགས་བརྗོད་ནས་ཅི་སྟེ། །གཟུགས་འགུལ་བར་འགྱུར་ན་དེ་མ་ཐག་ཏུ་ལས་འགྲུབ་ཅིང་། རིག་སྔགས་ཀྱང་བདེ་བླག་ཏུ་འགྲུབ་སྟེ་བགེགས་ཐམས་ཅད་ཀྱང་བསམས་པ་ཙམ་གྱིས་འཇིགས་པར་འགྱུར་རོ། །ཡང་ན་སྒྲུབ་པ་པོའི་ལག་ཏུ་རྡོ་རྗེ་བྱིན་ན་སའི་ བདག་པོར་འགྱུར་རོ། །ཡང་ན་བཅོམ་ལྡན་འདས་མ་ལས་འོད་ཟེར་འབྱུང་སྟེ། འོད་ཟེར་དེས་ཕོག་པར་གྱུར་ན་ནི་རིག་སྔགས་འཆང་དུ་འགྱུར་ཞིང་གླང་པོ་ཆེའི་སྟོབས་དང་ལྡན་ལ་སྐྲ་ལྕང་ལོ་འཁྱིལ་བ་དང་། ཉི་མ་ཤར་བའི་ཁ་དོག་ཅན་དུ་འགྱུར་ཞིང་ལག་ཏུ་རལ་གྲི་འོང་བར་ འགྱུར་ཏེ། དེ་ཐོགས་ནས་རིག་སྔགས་འཆད་ཐམས་ཅད་ཀྱིས་མི་སོད་ལ་སྒྱུ་འཕྲུལ་དག་ཀྱང་བྱེད་པར་འགྱུར་རོ། །གང་གི་ཚེ་གཉིད་ཀྱིས་ལོག་པ་དེ་ན་རལ་གྲི་དེ་དཔག་ཚད་གཅིག་ཙམ་ནས་མགལ་མེའི་འཁོར་ལོ་བཞིན་དུ་ཀུན་ནས་འཁོར་བར་བྱེད་ཅིང་སད་པ་ན་ཤུགས་སུ་ འགྲོ་སྟེ། ཚེ་ལོ་ཁྲི་བཞི་སྟོང་ཐུབ་ཅིང་ནམ་འཆི་བ་དེའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ལས་འདི་བྱས་ཏེ་དངོས་གྲུབ་ཀྱི་མཆོག་བསྒྲུབས་ན་ཆོ་ག་རྒྱས་པའི་དངོས་གྲུབ་སྦྱིན་པར་བྱེད་དེ། མས་བུ་ལ་བྱ་བ་བཞིན་ནོ། །དངོས་གྲུབ་བསྒྲུབ་པའི་ཕྱིར་དབང་ཕྱུག་ཆེན་པོ་ བསྒྲུབ་པའི་མདོར་བསྟན་ཏེ། དེ་ལ་འདི་ནི་ཆོ་ག་རྒྱས་པའི་དངོས་གྲུབ་མཆོག་བསྒྲུབ་པ་བསྟན་པ་སྟེ། ལག་ན་རྡོ་རྗེའི་མདུན་དུ་བྱང་ཆུབ་ཀྱི་ཤིང་གིས་མེ་སྦར་ལ་ཡུངས་མར་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཁྲུ་དོའམ་ཁྲུ་གསུམ་ཙམ་དུ་དུད་པའི་ཁྲི་ཞིང་འབྱུང་སྟེ། དེ་ནས་རིག་སྔགས་འཆང་གིས་རིག་སྔགས་ཀྱི་རིགས་འགྲུབ་པ་དང་། ཆོ་ག་རྒྱས་པ་འགྲུབ་པར་ཤེས་པར་བྱ་སྟེ། དེ་ནས་ལས་བརྩམ་པར་བྱའོ། །ཡིད་ལ་བསམས་ཏེ་ཕུར་བུ་གསུམ་པས་བཤད་པའི་ཆོ་ག་རྒྱས་པ་དང་། ལག་ན་རྡོ་རྗེས་བཤད་པ་བསྒྲུབ་པར་བྱའོ། ། རྣ་བར་བཤིབས་ཏེ་བཟླས་བརྗོད་བྱས་ན་དངོས་གྲུབ་ཀྱི་མཆོག་སྟོན་པར་འགྱུར་ཏེ། ནུབ་ཀར་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ལ་ལག་ན་རྡོ་རྗེའི་རྣ་བ་གཡས་པར་རིག་སྔགས་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ནས་ཅི་སྟེ་རྨི་ལམ་དུ་བྲམ་ཟེ་མཐོང་ན་ལས་འགྲུབ་པར་ འགྱུར་རོ། །འདྲེག་མཁན་མཐོང་ན་ནི་འགྲུབ་པར་མི་འགྱུར་ཏེ། དེ་ལ་བལྟ་ཞིང་ལས་བསྒྲུབ་པར་བྱའོ། །རི་མོའི་གཟུགས་གང་གིས་མཐོང་བ་དེས་ནི་རྡོ་རྗེའི་རིགས་མཐོང་བ་ཡིན་ནོ། །རྡོ་རྗེའི་རིགས་མཐོང་ན་ལས་འབྱང་བར་འགྱུར་རོ། །ལས་བྱང་ན་དངོས་གྲུབ་ཀྱི་མཆོག་ ཐོབ་པར་འགྱུར་ཏེ། རས་མཉམས་པ་ལ་རི་མོ་མཁན་གསོ་སྦྱོང་དང་ལྡན་པ་ཚོན་རྩི་སྦྱིན་མེད་པས་སངས་རྒྱས་ཀྱི་སྐུ་གཟུགས་གསེར་གྱི་ཁ་དོག་ཅན་ཆོས་སྟོན་པའི་ཚུལ་དུ་འདྲིར་གཞུག་གོ། །དེ་བཞིན་གཤེགས་པའི་གཡས་ལོགས་སུ་ལྷ་མོ་གསེར་གྱི་ཁ་དོག་ ཅན་ཆོས་ཉན་པར་བྲིའོ། །དེའི་འོག་ལོགས་སུ་ལག་ན་རྡོ་རྗེ་མདོག་སྔོ་བསངས་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཆོས་ཉན་པར་བྲི། དེ་བཞིན་གཤེགས་པའི་གཡོན་ལོགས་སུ་དབང་ཕྱུག་ཆེན་པོ་འདམ་བུ་མདའ་རྒྱུའི་མདོག་ཅན་ཐོར་ཚུགས་དང་ཅོད་པན་ཐོགས་པར་བྲི། དེའི་གཡོན་ལོགས་སུ་ཕུར་བུ་གསུམ་པའི་མ། མ་ཏང་གི་ཆ་ལུགས་ཅན་ཆོས་ཉན་པའི་ཚུལ་དེའི་འོག་ལོགས་སུ་དབང་ཕྱུག་ཆེན་པོ་འདམ་བུ་མདའ་རྒྱུའི་ཁ་དོག་ཅན། །ཐོར་ཚུགས་འཆང་བའི་མགོ་ལ་ཟླ་བའི་མཚན་མ་ཡོད་ལ་མིག་གསུམ་དང་ལྡན་པར་བྲིའོ། ། དེའི་དྲུང་དུ་མ་ཏང་གི་རྒྱལ་པོ་ཕུར་བུ་གསུམ་པ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མ་ཏང་གི་ཆ་ལུགས་སུ་བྲིའོ། །དེའི་ལོགས་སུ་འཇིག་རྟེན་སྐྱོང་བ་བཞི་ཁ་དོག་ཐ་དད་པ་དང་། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཆོས་ཉན་པའི་ཚུལ་དུ་བྲི། ལག་ན་རྡོ་རྗེའི་ ལོགས་སུ་རྡོ་རྗེ་སྡེ་དང་གཙུག་ནས་བྱུང་རྩེ་ཞིང་འདུག་པར་བྲི་སྟེ། རྡོ་རྗེ་སྡེ་ནི་གསེར་གྱི་མདོག་ཅན་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱའོ། །གཙུག་ནས་བྱུང་གི་མདོག་དམར་ལ་མིག་གསུམ་ཡོད་པ་གླང་པོ་ཆེའི་པགས་པའི་སྨད་གཡོགས་ཅན་ཀླུའི་ རྒྱལ་པོ་ནོར་རྒྱས་ཀྱི་སེ་རལ་ཀར་ཐོགས་ལ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་བྱའོ། །ཁྱད་པར་དུ་རྡོ་རྗེ་སྡེའི་དྲུང་དུ་རྡོ་རྗེ་ཁྲོ་བོ་འབར་ལ་ལོག་འདྲེན་རྣམས་འཇོམས་ཤིང་འཐོར་བར་བྲི། རིག་པའི་མཆོག་འདོད་དགུར་སྒྱུར་བའི་གཟུགས་ཅན་ལན་ཅིག་མཐོང་བ་ཙམ་གྱིས་ངོ་ཤེས་ པ་ཙམ་དུ་གསལ་བ་ལག་ན་རྡོ་རྗེའི་ཁ་ནས་འབྱུང་བར་བྲིའོ། །གཟུགས་དེ་མཐོང་ན་སྔོན་གྱི་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ། ལོག་འདྲེན་རྣམས་ཀྱིས་ཀྱང་མི་ཚུགས་སོ། །གང་རི་མོའི་གཟུགས་འདི་སྒྲུབ་པ་དེས་ནི་དངོས་གྲུབ་ཀྱི་མཆོག་ངེས་པར་འགྲུབ་པར་ འགྱུར་རོ། །སྒྲུབ་པར་འདོད་པའི་རིག་སྔགས་འཆང་གིས་ཞག་གསུམ་སྨྱུང་བ་བྱས་ཏེ་ཟླ་བ་ཉ་ལ་རི་མོའི་གཟུགས་ལ་མཆོད་པ་རྒྱས་པར་བྱས་ནས་གསང་སྔགས་སྔ་མ་དག་གིས་ལས་རྣམས་བྱའོ། །འོ་མས་བཀང་བའི་སྣོད་བཞི་དང་། ཞོས་བཀང་བ་བཞི་དང་། དེ་བཞིན་དུ་བཏུང་ བ་དང་། སྦྱར་ཐུག་གིས་བཀང་བ་བཞི་བཞི་དབུལ་ཞིང་འབྱུང་པོའི་གཏོར་མ་ཡང་སྦྱིན་ནོ། །དེ་ནས་རིག་སྔགས་འཆང་གིས་དངོས་གྲུབ་ཀྱི་མཚན་མ་བྱུང་གི་བར་དུ་ནམ་ཕྱེད་ཀྱི་དུས་སུ་མེ་ཏོག་དྲི་ཞིམ་པོ་སྟོང་རྩ་བརྒྱད་བཟླས་བརྗོད་ལན་རེ་རེ་སྦྱར་ཞིང་བཅོམ་ལྡན་འདས་མ་སངས་རྒྱས་ ཀྱི་ཡུམ་ལ་བསྣུན་ན་རི་མོའི་གཟུགས་འགུལ་བ་དང་། མེ་ཏོག་གི་ཕྲེང་བ་གཡོ་བ་དང་། ལྷ་མོ་ལས་འོད་ཟེར་འབྱུང་བར་འགྱུར་ཏེ་རི་མོའི་གཟུགས་འགུལ་ན་ནི་དབབ་པའི་ལས་དང་། ཞི་བ་དང་། རྒྱས་པའི་ཆོ་ག་འགྲུབ་པར་འགྱུར་རོ། །མེ་ཏོག་ཕྲེང་བ་གཡོ་ན་ནི་དབབ་པའི་ རིག་སྔགས་ཀྱི་ཆོ་ག་འགྲུབ་པར་འགྱུར་རོ། །འོད་ཟེར་བྱུང་ན་ནི་ཆོ་ག་རྒྱས་པའི་དངོས་གྲུབ་མཆོག་ཏུ་འགྱུར་ཏེ། སྒྲུབ་པར་གྱུར་ན་རྡོ་རྗེའི་རིགས་ཐམས་ཅད་འགྲུབ་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཔལ་ཆེན་མོའི་རིག་སྔགས་ཀྱི་ཆོ་ག་རྒྱས་པ་ ལྷག་མ་དག་ཀྱང་འགྲུབ་པར་འགྱུར་རོ། །ཅི་སྟེ་དབང་ཕྱུག་ཆེན་པོའི་ཆོ་ག་རྒྱས་པར་བསྒྲུབ་པར་འདོད་ན་རིག་སྔགས་འཆང་དེས་མེ་ཏོག་དམར་པོ་སྟོང་རྩ་བརྒྱད་བཟླས་བརྗོད་ལན་རེ་རེ་དང་སྦྱར་ཏེ། དབང་ཕྱུག་ཆེན་པོ་ལ་བསྣུན་ན་དེའི་ཡང་དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་ ཏེ། དབང་ཕྱུག་ཆེན་པོའི་ཆོ་ག་རྒྱས་པ་ཡང་འགྲུབ་པར་འགྱུར་རོ། །ཅི་སྟེ་ཕུར་བུ་གསུམ་པའི་ཆོ་ག་རྒྱས་པར་བསྒྲུབ་པར་འདོད་ན་རིག་སྔགས་འཆང་དེས་མེ་ཏོག་ནག་པོ་སྟོང་རྩ་བརྒྱད་རྩ་བརྒྱད་བཟླས་བརྗོད་ལན་རེ་དང་སྦྱར་ཏེ། ཕུར་བུ་གསུམ་པའི་རི་མོ་ལ་བསྣུན་ན་དེ་ ཡང་དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་ཏེ། ཕུར་བུ་གསུམ་པས་བྱས་པའི་མ་ཏང་གི་ཆོ་ག་རྒྱས་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། ཆོ་ག་འདི་ནི་བདག་གིས་བཤད། ཁྱེད་རྣམས་ཡིད་ནི་དགའ་བཞིན་པས། ། དངོས་གྲུབ་དམ་པ་སྦྱིན་པར་གྱིས། གང་སངས་རྒྱས་ཀྱི་ཡུམ་དྲན་པ་ཙམ་གྱིས་འོང་བར་མི་བྱེད་ན་དངོས་གྲུབ་ཀྱང་སྦྱིན་པར་མི་བྱེད་པ་ནི་དེ་བཞིན་གཤེགས་པ་ལ་སྙིང་རིངས་པ་ཡིན་ཏེ། ངས་ཀྱང་རྡོ་རྗེས་སྤྱི་བོ་བཀས་པར་བྱའོ། །གང་ཆོ་ག་རྒྱས་པ་འདི་འཆང་བ་དེ་ལ་གདོན་ ཐམས་ཅད་དང་། ལོག་འདྲེན་ཐམས་ཅད་དང་། ཤ་ཟ་ཐམས་ཅད་ཀྱང་འབྱེར་ཞིང་སྐྲག་པར་འགྱུར་རོ། །གང་ཞིག་ཆོ་ག་འདིས་མཆོད་པ། །དེ་ལ་ལྷ་མཆོག་རྣམས་ཀྱིས་མཆོད། །གང་ཞིག་དངོས་གྲུབ་མཆོད་པ་ལ། །དེ་ཡིས་ཆོ་ག་ལྷ་མཆོད་བྱ། །གང་ཞིག་ཆོ་ག་ འདི་མཆོད་དང་། །ཐམས་ཅད་རྫོགས་པར་མཆོད་བྱེད་པ། །དེ་ཡི་ལག་ན་རྡོ་རྗེ་ཡིས། །བཤད་པ་བཞིན་དུ་ངེས་པར་འགྲུབ། །གང་ཞིག་ཆོ་ག་འདི་འཆང་བ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །ལག་ན་རྡོ་རྗེ་དཔལ་ལྡན་པ། །དེ་ཡི་ལུས་ཀྱི་སྤྱི་བོར་ གནས། །ཡི་གེ་བཞི་པ་ཞེས་བྱ་བ། །རིག་སྔགས་ཀྱི་རྒྱལ་པོའི་ཆོ་ག་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྐྱེ་བོ་ཕྱི་མ་རྣམས་དང་། །སེམས་ཅན་བསོད་ནམས་ཆུང་ངུ་རྣམས་ཀྱི་སླད་དུ་རིག་སྔགས་ཀྱི་རྒྱལ་པོ་དང་། །ལྷ་ཐམས་ཅད་ཀྱི་ཆོ་ག་ཕྱི་མ་རྒྱས་པར་བཤད་པར་འཚལ་ན་དེ་བཞིན་ གཤེགས་པས་གནང་བར་མཛད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་འཛིན་རིག་སྔགས་ཀྱི་རྒྱལ་པོའི་ལས་ཕྱི་མ་རྣམས་ཤོད་ཅིག །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་རིག་ སྔགས་ཀྱི་རྒྱལ་པོ་ཆེན་པོ་ལ་བསམས་ནས་ལས་ཕྱི་མ་རྣམས་བཤད་དོ། །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་མཆོག་གི་ལས་འབྱུང་སྟེ། དགོན་པའམ། རིའི་རྩེ་མོའམ། དབེན་པའི་ཕྱོགས་སུ་སྐྱོང་ནུལ་བྱ་སྟེ། ཐབ་དབྱིབས་གྲུ་བཞིར་བྱས་ལ་ལྷ་བཤོས་སུ་ཞོ་དབུལ་ བར་བྱའོ། །གཡོག་བྱེད་པ་རྣམས་ལ་ཡང་ཞོ་བླུད་དོ། །ཡང་ན་ངོས་ཀུན་དུ་ཁྲུ་བཅུ་པའི་དཀྱིལ་འཁོར་སྐྱོང་ནུལ་གྱིས་བྱུགས་ཏེ་དེར་མེ་སྦར་ལ་ཤར་ཕྱོགས་སུ་ཁ་བལྟས་ཏེ་འདུག་ནས་བེ་ཀང་ཀ་ཏའི་ཡམ་སྲེག་ཤིང་སྲིད་དུ་ཁྲུ་གང་སྦོམས་སུ་ཆང་བར་འཁྱུད་པ། འཕན་མེད་ པ་སྟོང་རྩ་བརྒྱད་ཞོ་དང་། སྦྲང་རྩི་དང་། མར་གྱི་ནང་དུ་སྨྱུགས་ཏེ་དུས་གསུམ་དུ་སྦྱིན་སྲེག་བྱའོ། །ཟས་སུ་ཕྱེའམ་འོ་མའི་འདག་གུའམ། སློང་མོའི་ཟས་བཟའ་ཞིང་ལས་བྱ་སྟེ། མི་སྨྲ་བར་འདུག་ཅིང་དུས་གསུམ་དུ་ཁྲུས་བྱའོ། །ཁང་པའི་ཤར་ཕྱོགས་ཀྱི་གློར་གྲོག་ མཁར་གྱི་ས་ལས་ལག་ན་རྡོ་རྗེའི་སྟེགས་བུ་ཁྲི་འཕང་ཅན་བྱས་ལ་དྲི་དང་། མེ་ཏོག་དང་། བདུག་པ་དང་། ལྷ་བཤོས་དབུལ་ཞིང་ཕོ་ཉ་མོའི་སྔགས་ཐམས་ཅད་ཀྱི་ལས་བྱ་ཞིང་ཅི་འབྱོར་པས་མཆོད་པ་བྱས་ནས་རིག་སྔགས་འཆང་གིས་བཅོམ་ལྡན་འདས་མ་སྔགས་ཀྱིས་བཏབ་ པའི་ཆུས་ཁ་ཟས་བསང་གཏོར་བྱས་ཏེ་བཟའ་བར་བྱའོ། །ཅི་དགའ་བའི་འདོད་པ་ཡང་གསོལ་བར་བྱའོ། །སྦྱིན་སྲེག་དེ་ཡང་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བྱའོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་མེ་ཐབ་དེའི་ནང་ནས་འབྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ ཀྱིས་དམ་པའམ་རྡོ་རྗེ་སྩོལ་བར་མཛད་དེ། རྡོ་རྗེ་དེ་ལག་ན་ཐོགས་པས་ལག་ན་རྡོ་རྗེ་དང་མཐུ་སྟོབས་མཉམ་པར་འགྱུར་ཏེ། ཐམས་ཅད་དུ་ཡང་ཐོགས་པ་མེད་པར་འགྲོ་བར་འགྱུར་རོ། །མིག་བཙུམས་པའི་ཡུད་ཙམ་གྱིས་ཀྱང་འོག་མིན་གྱི་གནས་སུ་འགྲོ་བར་ འགྱུར་ཞིང་བསྐལ་པར་གནས་པར་འགྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱང་དེས་བསྒོ་བ་བཞིན་བྱེད་པར་འགྱུར་རོ། །རིག་སྔགས་འཆང་ལ་ཆོ་ག་རྒྱས་པའི་དངོས་གྲུབ་ཀྱང་སྦྱིན་པར་མཛད་དེ། ཆོ་ག་རྒྱས་པ་བསྒྲུབས་ན་ལས་ཐམས་ཅད་རྡོ་རྗེ་བསྒྱུར་བ་ཙམ་ གྱིས་འགྲུབ་པ་དང་བྱེད་པར་འགྱུར་ཏེ་བསྐལ་པར་གནས་པར་འགྱུར་རོ། །དབང་དུ་བྱ་ན་གཙང་སྦྲར་བྱས་ཏེ་མཆོད་རྟེན་ལ་མེ་ཏོག་དང་། དྲི་དང་། བདུག་པ་ཕུལ་ཞིང་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་ཡང་མཆོད་པར་བྱས་ལ་དེའི་མདུན་དུ་དཀྱིལ་འཁོར་སྐྱོང་ནུལ་གྱིས་ བྱུགས་ནས་ཞག་བདུན་གྱི་བར་དུ་དུས་གསུམ་དུ་མེ་ཏོག་དཀར་པོ་སྙིམ་པར་བཅུག་སྟེ། མིང་ནས་སྨོས་ཤིང་ལན་སྟོང་རྩ་བརྒྱད་རྩ་བརྒྱད་བཟླས་བརྗོད་བྱས་ལ་ཕྱོགས་མཚམས་མ་ནོར་བར་མཆོད་རྟེན་ལ་བོར་ན་དབང་དུ་འགྱུར་རོ། །གཏེར་དང་ལྷ་མ་ཡིན་གྱི་ཕུག་ གང་ན་ཡོད་པར་ཡུངས་ཀར་གྱིས་བསྣུན་ན་ལྷ་མ་ཡིན་གྱི་ཕུག་གི་འཁྲུལ་འཁོར་ཚོགས་པར་འགྱུར་ཞིང་གཏེར་གྱི་འཁོར་ཐམས་ཅད་ཆོམས་པར་འགྱུར་ཏེ་ཕྱིན་པར་ཡང་འགྱུར་རོ། །ཐམས་ཅད་དུ་སྐུད་པས་བསྲུང་བར་བྱའོ། །གཏེར་དང་ལྷ་མ་ཡིན་གྱི་ ཕུག་གི་གནས་བསྒྲུབ་པ་ཐམས་ཅད་ལ་བགེགས་དང་། ལོག་འདྲེན་ཐམས་ཅད་མེད་པར་བྱ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དང་། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་དཀྱིལ་འཁོར་སྐྱོང་ནུལ་གྱིས་བྱུགས་ཏེ་ཞག་གཅིག་སྨྱུང་བ་བྱས་ཏེ་ནིམ་པའི་ཤིང་དང་ ཨརྒའི་བུད་ཤིང་གིས་མེ་སྦར་ནས་ཡུངས་ཀར་དང་ལན་ཚྭ་ཡུངས་མར་གྱིས་བསྒོས་པའམ། ཡང་ན་མར་དང་འབྲས་ཡོས་ཀྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་མེ་ཏོག་དྲི་ཞིམ་པོ་དང་། བདུག་པ་དང་། ལྷ་བཤོས་དབུལ་ ཤིང་ལག་ན་རྡོ་རྗེ་ལ་ཡང་མཆོད་པ་བྱས་ན་དེའི་འོག་ཏུ་ལས་བརྩམ་པར་བྱའོ། །དེ་ནས་མིའི་གཙོ་བོ་དབང་དུ་བྱ་བར་འདོད་ན་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་དཀྱིལ་འཁོར་སྐྱོང་ནུལ་གྱིས་བྱུགས་ལ་ཞག་བདུན་གྱི་བར་དུ་དུས་གསུམ་དུ་དྲི་དང་། མེ་ཏོག་དང་། ལྷ་བཤོས་ཕུལ་ནས་བྱང་ཆུབ་ཀྱི་ཤིང་གི་བུད་ཤིང་གིས་མེ་སྦར་ལ་འབྲས་ཡོས་ཀྱི་འོ་ཐུག་གིས་སྦྱིན་སྲེག་སྟོང་རྩ་བརྒྱད་རྩ་བརྒྱད་བྱས་ན་དབང་དུ་འགྱུར་ཏེ། ཇི་སྐད་སྨྲས་པ་བཞིན་བྱེད་ཅིང་ནོར་སྦྱིན་པར་འགྱུར་རོ། །བྲམ་ཟེ་དབང་དུ་བྱ་ན་ ཆོ་ག་དེ་ཉིད་ཀྱིས་ཏིལ་གྱི་སྦྱིན་སྲེག་བརྒྱ་སྟོང་བྱའོ། །རྒྱལ་རིགས་ལ་ནི་ནས་ཀྱི་སྦྱིན་སྲེག་བྱའོ། །རྗེའུ་རིགས་ལ་ནི་ནས་དང་ལན་ཚྭའི་སྦྱིན་སྲེག་བྱའོ། །དམངས་རིངས་ལ་ནི་སྦྱར་ཐུག་གི་སྦྱིན་སྲེག་བྱའོ། །ཡུགས་ས་མོ་དབང་དུ་བྱ་ན་ཡུངས་ཀར་གྱི་སྦྱིན་སྲེག་ བྱའོ། །བུ་མོ་དབང་དུ་བྱ་ན་ཡུངས་ཀར་གྱི་སྦྱིན་སྲེག་བྱའོ། །འདི་དག་ལ་ཡང་དེ་བཞིན་དུ་དྲི་དང་། མེ་ཏོག་དང་། ལྷ་བཤོས་དབུལ་ཞིང་སྦྱིན་སྲེག་ལན་སྟོང་སྟོང་བྱས་ན་དབང་དུ་འགྱུར་ཏེ་ཟ་གཅིག་པར་བྱའོ། །དགྲ་ཕུང་བར་བྱ་ན་མར་གྱི་ངོ་ཞག་བཅུ་བཞིའམ་ མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་དཀྱིལ་འཁོར་གྲུ་གསུམ་པ་སྐྱོང་ནུལ་གྱིས་བྱུགས་ནས་སེང་ལྡེང་གི་བུད་ཤིང་གིས་མེ་སྦར་ལ་སྐེ་ཚེའི་སྦྱིན་སྲེག་ལན་བརྒྱ་སྟོང་བྱས་ན་དེ་མ་ཐག་ཏུ་མེད་པར་འགྱུར་རོ། །དགྲ་བསད་ན་ཞག་བདུན་གྱི་བར་དུ་དུས་གསུམ་ དུ་དུག་དང་ཁྲག་གི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་འཆི་བར་འགྱུར་རོ། །གནོད་སྦྱིན་དང་། །གནོད་སྦྱིན་མོ་དབང་དུ་བྱ་ན་གནོད་སྦྱིན་དང་། གནོད་སྦྱིན་མོ་ཕྱོགས་གང་ན་གནས་པ་དེར་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། དཀྱིལ་འཁོར་སྐྱོང་ནུལ་གྱིས་བྱུགས་ ནས་དྲི་དང་། མེ་ཏོག་དང་། བདུག་སྤོས་དང་། མར་མེ་ཕུལ་ཏེ་མངར་གསུམ་གྱི་ལྷ་བཤོས་ཀྱང་དབུལ་ལོ། །དེ་ནས་ཨ་ཤོ་ཀའི་བུད་ཤིང་གིས་མེ་སྦར་ལ་ཨ་ཤོ་ཀའི་མེ་ཏོག་བརྒྱ་སྟོང་གིས་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །བཅོམ་ལྡན་འདས་གང་ཞིག་གིས་རྡོ་རྗེའི་ རིགས་གཙོ་བོ་མཆོག་གི་མིང་ཙམ་འཛིན་པ་དེ་ལ་ཡང་ལྷ་ཐམས་ཅད་ཀྱིས་ཟིལ་གྱིས་གནོན་པར་མི་ནུས་ན་གང་མདོ་ཉིད་འཆང་བ་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་འཇིགས་པ་ཐམས་ཅད་ལ་ནི་སྐུད་པ་ལ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པས་བསྲུང་བ་བྱས་པར་འགྱུར་ རོ། །དུག་གོ་ཅོག་ལ་ནི་ཆུའམ་རྨ་བྱའི་མདོངས་ཀྱིས་བྱ་བས་ན་མེད་པར་འགྱུར་རོ། །ཞག་གཅིག་སྨྱུང་བ་བྱས་ཏེ་ཉི་མ་བཟང་བ་ལ་འབབ་ཆུའི་འགྲམ་དུ་སོང་སྟེ་མེ་ཏོག་བརྒྱ་སྟོང་ཕུལ་ན་མེ་ཏོག་གི་ཁ་དོག་ཇི་ལྟ་བུ་ཕུལ་བ་དེ་ལྟ་བུའི་གོས་རྣམས་ཞག་བདུན་ཚུན་ཆད་ ཀྱི་ཐོབ་པར་འགྱུར་རོ། །གཞོན་ནུའི་གདོན་གྱིས་བྱིས་པ་ཟིན་པ་ལ་ནི་དཀྱིལ་འཁོར་སྐྱོང་ནུལ་གྱིས་བྱུགས་པ་ལ་དྲི་དང་། མེ་ཏོག་དང་། ལྷ་བཤོས་ཕུལ་ནས་བྱིས་པ་ཤར་ཕྱོགས་སུ་ཁ་བསྟན་ཏེ་བཞག་ལ་བདུག་པས་བདུག་སྟེ་བྱ་བ་པ་ཡང་བྱས་ནས་ལག་པ་ལ་ཡང་སྐུད་ པ་བཏགས་ན་སོས་པར་འགྱུར་རོ། །རིག་སྔགས་སྒྲུབ་པ་ཐམས་ཅད་དང་། རོ་ལངས་བསྒྲུབ་པ་དང་བདག་ཉིད་བསྲུང་བ་དང་། ཕྱོགས་བཅིང་བ་དང་། །ཕ་རོལ་བསྲུང་བ་དང་། མཚམས་བཅད་པ་དང་། བསྒྲུབ་པ་ཐམས་ཅད་ལ་རིག་སྔགས་ཀྱི་རྒྱལ་པོ་འདི་གཅིག་པུས་ བྱའོ། །ཆར་དབབ་པར་འདོད་ན་ཆུ་ཀླུང་གི་སར་འགྲམ་གཉི་གའི་སས་རྡོ་རྗེ་བྱས་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ཆུ་ཀླུང་རྒྱ་མཚོར་འབབ་པའི་འགྲམ་དུ་སོང་ལ་ས་དེ་ལྟ་བུ་ལ་ནོར་རྒྱས་ཀྱི་བུའི་གཟུགས་བྱས་ཏེ། དེ་ལ་དྲི་དམར་པོ་དང་། མེ་ཏོག་ དམར་པོ་དང་། བདུག་པ་དང་། མར་མེ་ཕུལ་ནས་དེའི་མདུན་དུ་རྡོ་རྗེ་ལ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ཏེ། བཟླས་བརྗོད་ཟིན་ན་དུས་མ་ཡིན་པར་ཆར་འབབ་པར་འགྱུར་རོ། །བཅད་ན་ལག་ན་རྡོ་རྗེའི་མདུན་དུ་ལག་ན་རྡོ་རྗེ་ལ་ཕུལ་བའི་མེ་ཏོག་རྙིང་པ་བརྒྱད་བརྒྱས་སྦྱིན་ སྲེག་བྱས་ན་འཆད་པར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་རྒྱ་ཤུག་དང་བནྡ་ཀའི་ཤིང་བླངས་ལ་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ནས་དུར་ཁྲོད་དུ་སོང་ལ་དཀྱིལ་འཁོར་སྐྱོང་ནུལ་དུ་བྱུགས་ཏེ། དྲི་དང་། མེ་ཏོག་དང་། བདུག་ པ་ཕུལ་ནས་ནམ་དྲོ་བར་གྱུར་གྱི་བར་དུ་རིག་སྔགས་ཀྱི་རྒྱལ་པོ་ལན་སྟོང་རྩ་བརྒྱད་རྩ་བརྒྱད་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་ཏེ། གྲུབ་ནས་དེ་འཆང་ན་རྒྱལ་པོ་ལ་བཞག་ན་གཞན་གྱིས་མི་ཐུབ་པར་འགྱུར་ཏེ་ཅི་རྙེད་པ་ཡང་འཕྲལ་དུ་ཟད་པར་འགྱུར་རོ། ། རི་བོང་གི་ཁྲག་དང་། མིག་གཉིས་དང་། དེ་བཞིན་དུ་སྦལ་པའི་མིག་གཉིས་དང་། རི་དགས་ཀྲིཥྞ་ས་རིའི་མིག་གཉིས་བླངས་ལ་སྐར་མ་རྒྱལ་དང་སྦྱར་ཞིང་ཞག་གཅིག་སྨྱུང་བ་བྱས་ཏེ། བཏགས་ལ་ལག་ན་རྡོ་རྗེའི་མདུན་དུ་ཏིལ་གྱི་ལོ་མའི་བར་དུ་བཞག་ནས་དྲོ་བར་ གྱུར་གྱི་བར་དུ་བཟླས་བརྗོད་བྱས་ན་གྲུབ་པར་འགྱུར་ཏེ། རྐང་པས་མགྱོགས་པའི་སྨན་དུ་འགྱུར་རོ། །དེས་མིག་ལ་བསྐུས་ན་ལོ་བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པར་འགྱུར་ཞིང་། གཏེར་ཐམས་ཅད་མཐོང་སྟེ། །ཚེ་ལོ་ལྔ་བརྒྱ་ཐུབ་པར་འགྱུར་ལ་ཚན་པོ་ཆེའི་སྟོབས་ དང་ལྡན་པར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། དུར་ཁྲོད་དུ་སོང་ལ་དཀྱིལ་འཁོར་སྐྱོང་ནུལ་དུ་བྱུགས་ནས་དེའི་དབུས་སུ་འབྲས་ཕྱེ་ལས་མིའི་གཟུགས་བྱས་ཏེ་དེ་ལ་གཏོར་མ་རྒྱས་པ་དང་། དྲི་དང་། མེ་ཏོག་དང་། བདུག་པ་ཡང་ བྱིན་ལ་ཏ་ལའི་ལོ་མའི་སྤུ་གྲི་སྐྲ་ལ་སོགས་པ་བྲེག་པ་ལྟར་བྱ། དེའི་གཡས་ལོགས་སུ་མིའི་ཐོད་པ་དྲི་དང་། མེ་ཏོག་དང་། བདུག་པས་བརྒྱན་ཏེ་བཞག་ལ་ཐོད་པའི་སྟེང་ན་འདུག་པ་བཞིན་དུ་རིག་སྔགས་འཆང་གིས་རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱད་བརྒྱ་བཟླས་བརྗོད་ བྱས་ཏེ། དེ་ནས་ཐོད་པ་བླངས་ཏེ་དུར་ཁྲོད་ཀྱི་མེས་བསྲེགས་ན་ཐོད་པ་ཆག་པ་དེའི་དུམ་གྲུགས་བླངས་ཏེ། གཟུགས་བྱས་ཏེ་དེའི་ལྟེ་བའི་སྟེང་དུ་བཞག་སྟེ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱའོ། །དེ་ནས་ཐོད་པའི་དུ་མ་གྲུགས་བླངས་ཏེ་ལག་ན་རྡོ་རྗེའི་མདུན་དུ་བཏགས་ལ། ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་པས་ལུས་བསྐུས་ན་འདོད་དགུར་བསྒྱུར་བའི་གཟུགས་ཅན་དུ་འགྱུར་ཏེ། གང་དྲི་མི་ཞིམ་པ་དེ་དག་ཀྱང་དྲི་ཞིམ་པར་བྱེད་ཅིང་ཆུ་ཀླུང་གྱེན་དུ་འབབ་པར་བྱེད་ལ་ཚེ་ལོ་བདུན་བརྒྱ་ཐུབ་པར་འགྱུར་ཏེ་བསྲུང་བའི་ཆོ་ག་བྱེད་པས་བྱའོ། །ཆུ་སྲིན་ ན་ཀྲ་དང་། སྦལ་པའི་ཚིལ་བླངས་ལ་ཏིལ་མར་དང་སྦྱར་ཏེ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་བཟླས་བརྗོད་བྱས་ནས་ཏིལ་མར་དེས་གདོང་བསྐུས་ན་ཆུའི་ནང་དུ་ཟླ་བ་དྲུག་གི་བར་དུ་འདུག་ནུས་པར་འགྱུར་རོ། །མིག་སྨན་བསྒྲུབ་པར་འདོད་ན་ཚེས་གྲངས་དང་རྒྱུ་སྐར་ཡང་འདམ་ མི་དགོས། སྨྱུང་བ་བྱ་མི་དགོས་པར་ཕག་གི་མིག་གཉིས་དང་། གླང་པོ་ཆེའི་མིག་གཉིས་དང་། ལིག་བུ་མིག་དང་། ཕ་ཝང་ལོང་བུ་དང་། སྟང་ཟིལ་དང་། པུ་ཏྲ་འཛི་བ་དང་། འདི་རྣམས་བླངས་ནས་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ལག་ན་ རྡོ་རྗེའི་མདུན་དུ་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་དེས་མིག་བསྐུས་ན་ལུས་ལ་ནད་ཡོད་པ་རྣམས་མེད་པར་འགྱུར་རོ། །མི་གདོན་གྱིས་ཟིན་པ་ཡང་གདོན་གྱིས་དེ་མཐོང་བར་འགྱུར་ ཏེ་མཐོང་ནས་འབྲོས་པར་འགྱུར་རོ། །ཀླུ་དབང་དུ་བྱ་ན་བ་ལང་གི་ལྷས་སམ། ཀུན་དགའི་ར་བར་དཀྱིལ་འཁོར་སྐྱོང་ནུལ་དུ་བྱུགས་ལ་སིད་ཏྱའི་ཤིང་གིས་མེ་སྦར་ཏེ་རིག་སྔགས་ཀྱི་རྒྱལ་པོས་སྣ་མའི་མེ་ཏོག་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཧ་ཧ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །དེ་ནས་ལས་དེ་འགྲུབ་པར་ འགྱུར་ཏེ། ཀླུ་མཐོང་ན་ཚུར་ཤོག་ཅེས་བརྗོད་ན་སའི་སྟེང་ན་གནས་པའི་ཀླུའམ། ཀླུའི་བུ་མོ་རྣམས་འོངས་ཏེ་ཡིད་ལ་བསམས་པ་ཙམ་གྱིས་ཐམས་ཅད་འོང་བར་འགྱུར་རོ། །བསྒྲུབ་པ་ཐམས་ཅད་ལ་རྒྱལ་པོ་ཆེན་པོ་བཞི་རྣམས་ཤེས་པར་བྱ་བའི་ལས་འདི་བྱས་ན་ བགེགས་ཐམས་ཅད་མེད་པར་འགྱུར་རོ། །རིག་སྔགས་འཆང་གིས་བསྒྲུབ་པར་འདོད་ན་ལག་ན་རྡོ་རྗེའི་མདུན་དུ་སོ་མ་ར་ཛའི་ཁུ་བས་ལོག་འདྲེན་གྱི་གདོང་བྲིས་ལ་དེའི་སྟེང་དུ་སེང་ལྡེང་གི་ཤིང་གིས་མེ་སྦར་ཏེ། ལེ་བརྒན་རྩིའི་མེ་ཏོག་རྒྱ་སྐྱེགས་ཀྱི་ཁུ་བས་ཁ་དོག་བསྒྱུར་ བ་བརྒྱ་སྟོང་སྦྱིན་སྲེག་བྱས་ན་བགེགས་ཐམས་ཅད་བཅོམ་ཞིང་བརྟགས་པར་འགྱུར་རོ། །དེ་ཕྱིན་ཆད་བསྒྲུབ་པ་རྣམས་ཅི་འདོད་པ་བཞིན་འགྲུབ་པར་འགྱུར་རོ། །གང་ཞིག་སོ་མ་ར་ཛའི་ཁུ་བས་ལོག་འདྲེན་གྱི་གདོང་འདྲི་ན་ཡང་སྒྲུབ་པ་ཐམས་ཅད་ལ་བགེགས་མེད་ པར་འགྱུར་རོ། །གཏུམ་པོ་ནུབ་ཕྱོགས་སུ་ཁ་བསྟན་པའི་མདུན་དུ་མར་གྱི་ངོ་ཞག་དགུ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་མཆོད་པ་རྒྱས་པར་བྱས་ནས་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་བེ་ཀངྐ་ཏའི་བུད་ཤིང་གིས་མེ་སྦར་ཏེ་འབྲས་ལས་བྱས་པའི་ཁུ་བ་ ལན་བརྒྱ་སྟོང་བླངས་ནས་སྦྱིན་སྲེག་བྱས་ན་ལྷ་མོའི་དཔྲལ་བ་ནས་འོད་ཟེར་འབྱུང་སྟེ་དེ་ནས་འགྲུབ་པར་འགྱུར་རོ། །གྲུབ་ནས་ཀྱང་ཏི་ན་ར་ལྔ་བརྒྱ་འམ། ཡང་ན་ལོངས་སྤྱོད་ཀྱི་གཞི་སྦྱིན་པར་འགྱུར་རོ། །དགྲ་ལ་གཙེ་བར་འདོད་ན་མར་གྱི་ངོ་ཞག་ལྔ་ལ་ཞག་གཅིག་ སྨྱུང་བ་བྱས་ཏེ། དུར་ཁྲོད་དུ་སོང་ལ་འབྲས་ཕྱེ་ལས་གཟུགས་བྱས་ནས་སེང་ལྡེང་གི་ཕུར་བུ་དུག་གི་དུད་པས་བདུགས་པས་ཚིགས་རྣམས་སུ་བཏབ་ལ། རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་དགྲའི་ཡན་ལག་ཐམས་ཅད་དུ་ཟུག་པར་འགྱུར་རོ། ། ཕྱུང་སྟེ་འོ་མས་བཀྲུས་ན་སོས་པར་འགྱུར་རོ། །དཔྱིད་ཟླ་འབྲིང་པོའི་ཚེས་གསུམ་ལ་འདོད་པའི་གཟུགས་བྱས་ལ་དེའི་མདུན་དུ་སེང་ལྡེང་གི་ཕུར་བུ་སོར་བཞི་པ་བཞག་སྟེ་ཞག་གཅིག་སྨྱུང་བ་བྱས་ལ་མཆོད་པར་བྱས་ཏེ་རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱ་སྟོང་བཟླས་བརྗོད་ བྱས་ན་འགྲུབ་པར་འགྱུར་ཏེ། དེ་ནས་སྲེད་མེད་ཀྱི་བུའི་ཆུང་མ་ལ་ཕུལ་བའི་རས་བལ་གྱི་འདབ་མ་རྒྱ་སྐྱེགས་ཀྱི་ཁུ་བས་ཁ་དོག་བསྒྱུར་བ་དུག་གིས་བསྒོས་པས་མོ་མཚན་གྱི་གཟུགས་བྱས་ཏེ་བུད་མེད་ཀྱི་མིང་ནས་སྨོས་ཤིང་ཕུར་བུ་དེས་ཕུག་ན་བུད་མེད་ཀྱི་མོ་མཚན་ན་ཞིང་ཁྲག་ འཛག་པར་འགྱུར་ཏེ་ཕྱུང་ན་སོས་པར་འགྱུར་རོ། །སྨིགས་བུའི་སྐད་དམ། ཅེ་སྤྱང་གི་སྐད་དམ། ཝའི་སྐད་ཤེས་པར་འདོད་ན་དུར་ཁྲོད་དམ། ཁྱིམ་གཙང་མའམ། ལྷ་ཁང་དུ་ཡར་གྱི་ངོ་ཚེས་དགུ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། དཀྱིལ་འཁོར་སྐྱོང་ནུལ་ གྱིས་བྱུགས་ལ་ལག་ན་རྡོ་རྗེའི་གཟུགས་བཞག་ནས་དེའི་གཡས་ཕྱོགས་སུ་ལྷ་ཆེན་པོ་བཞག་སྟེ། ལྷ་ཆེན་པོའི་མདུན་དུ་འབྲས་ཕྱེ་ལས་སྨིགས་བུའི་གཟུགས་སམ། ཅེ་སྤྱང་གི་གཟུགས་སམ། ཝའི་གཟུགས་བྱས་ལ་བཞག་ནས་འཕགས་པ་ལག་ན་རྡོ་རྗེ་ལ་མཆོད་ པ་བྱས་ལ། ལྷ་ཆེན་པོ་ལ་ཡང་ལྷ་བཤོས་ཅི་འབྱོར་པ་ཕུལ་ནས་སྨིགས་བུ་ལ་འབྲས་ཆན་ཞོ་དང་སྦྱར་བ་སྦྱིན་ནོ། །ཅེ་སྤྱང་ལ་ནི་ཤ་སྦྱིན་ནོ། །ཝ་ལ་ནི་ཅི་འདོད་པ་སྦྱིན་ནོ། །དེ་ནས་རིག་སྔགས་འཆང་གིས་ཡིད་ལ་བསམས་ཏེ་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱས་ན་ཅི་ སྟེ་སྨིགས་བུ་ཡིད་ལ་བསམས་ན་ནི་སྨིགས་བུ་སྨྲ་བར་འགྱུར་རོ། །ཅེ་སྤྱང་ཡིད་ལ་བསམས་ན་ནི་ཅེ་སྤྱང་སྨྲ་བར་འགྱུར་རོ། །ཝ་ཡིད་ལ་བསམས་ན་ནི་ཝ་སྨྲ་བར་འགྱུར་རོ། །ཡང་ན་དེ་དག་ཐམས་ཅད་ཡིད་ལ་བསམས་ན་ཐམས་ཅད་སྨྲ་བར་འགྱུར་ཏེ་སྨྲས་ན་འགྲུབ་ པར་འགྱུར་རོ། །གྲུབ་ནས་ཀྱང་འཛམ་བུའི་གླིང་ན་ཡོད་པའི་དོན་ཐམས་ཅད་སྟོན་པར་འགྱུར་རོ། །ནམ་འཆི་བ་ཡང་སྟོན་པར་འགྱུར་རོ། །ནོར་ཡང་སྟོན་པར་འགྱུར་རོ། །རིག་སྔགས་གང་ཞིག་ལས་འགྲུབ་པར་མི་བྱེད་ན་རིག་སྔགས་དེའི་མིང་ནས་སྨོས་ཤིང་ལག་ན་རྡོ་རྗེའི་ མདུན་དུ་ཨུ་དུམ་བཱ་རའི་ཡམ་སྲེག་ཤིང་བརྒྱ་སྟོང་སྦྱིན་སྲེག་བྱས་ན་རིག་སྔགས་མཐུ་དང་ལྡན་པར་འགྱུར་ཞིང་དངོས་གྲུབ་ཀྱང་མྱུར་དུ་སྦྱིན་པར་བྱེད་དོ། །འབྱུང་པོ་དབང་དུ་བྱ་བར་འདོད་ན་ཞག་གསུམ་སྨྱུང་བ་བྱས་ཏེ། མར་གྱི་ངོ་ཞག་བརྒྱད་ལ་དཀྱིལ་འཁོར་སྐྱོང་ནུལ་གྱིས་བྱུགས་ ནས་དེའི་དབུས་སུ་ཚོན་རྩི་སྣ་གསུམ་གྱིས་ཕྱེ་མས་ལག་ན་རྡོ་རྗེའི་གཟུགས་བྱས་ཏེ་དེའི་གཡས་ཕྱོགས་སུ་འབྱུང་པོའི་བདག་པོ་བཞག་གོ། །དེ་ནས་ལག་ན་རྡོ་རྗེ་ལ་མཆོད་པ་བྱ་སྟེ། འབྱུང་པོའི་བདག་པོ་ལ་ལྷ་བཤོས་རྒྱས་པར་དབུལ་ཞིང་འབྱུང་པོའི་ཁ་ཟས་ཀྱང་སྦྱིན་པར་ བྱ་སྟེ། སངས་རྒྱས་ཀྱི་སྤྱན་སྔར་སྤྱན་དྲང་བར་བྱས་ལ་རིག་སྔགས་ཀྱི་རྒྱལ་པོ་དང་བཅས་ཏེ། ལན་བརྒྱ་སྟོང་བཟླས་བརྗོད་བྱས་ནས་བ་རུ་རའི་ཤིང་གིས་མེ་སྦར་ལ། བ་རུ་རའི་ས་བོན་ཉེ་བའི་སྙིང་པོས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱའོ། །དེ་ནས་འབྱུང་པོའི་བུ་ནག་པོ་ཞེས་བྱ་བ་ འོང་བར་འགྱུར་ཏེ། འོངས་ནས་ཅི་བྱ་ཞེས་ཟེར་བ་དང་། དེས་ཡིད་ལ་ཅི་དང་ཅི་བསམས་པ་ཐམས་ཅད་གྱིས་ཤིག་ཅེས་སྨྲོས་ཤིག །དེ་ནས་དེ་ལྟར་བྱའོ་ཞེས་སྨྲས་ནས་མི་སྣང་བར་གྱུར་ཏེ། བསམས་པ་ཙམ་གྱིས་དཔག་ཚད་བརྒྱར་ཡང་འགྲོ་ཞིང་དེ་བཞིན་དུ་ཕྱིར་ཡང་འོང་ ངོ་། །དཔག་ཚད་བརྒྱ་ནས་བུད་མེད་ཁྲིད་དེ་འོང་ཞིང་ཕྱིར་ཡང་སྐྱེལ་ལོ། །ཀུན་དགའ་ར་བ་དང་། སྐྱེད་མོས་ཚལ་དང་། ཁང་ཁྱིམ་དང་། མལ་སྟན་དག་ཀྱང་སྤྲུལ་པར་བྱེད་དོ། །གཡོག་ཀྱང་བྱེད་པར་འགྱུར་རོ། །བཟའ་བ་དང་། གཞིབ་པ་དང་། བལྡག་པ་དང་། བཏུང་བ་ལ་སོགས་པ་ཡང་སྤྲུལ་པར་བྱེད་དོ། །ཚེ་ལོ་སུམ་བརྒྱ་ཐུབ་པར་འགྱུར་ཏེ། ལུས་ཞིག་ནས་ལྕང་ལོ་ཅན་དུ་སྐྱེ་བར་འགྱུར་རོ། །ཞག་གསུམ་སྨྱུང་བ་བྱས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་མ་མོའི་ནང་དུ་སོང་ནས་མཆོད་པ་རྒྱས་པར་བྱ་སྟེ་གཏོར་ མ་ཡང་རྒྱས་པར་བྱས་ནས་བཅོམ་ལྡན་འདས་མས་བསྲུང་བ་བྱ་ཞིང་