Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 095_རྒྱུད་འབུམ།_ཛ

Văn bản gốc(Tây Tạng)

Trang 3 / 19 (50.000 ký tự/trang)
་བསྒྲུབ་

ཏུ་མཆིས་སོ། །ཀམ་པོ་ཛའི་རིགས་ཀྱི་སྒྲུབ་པ་ནི་མར་གྱི་ངོ་ཞག་ལྔ་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེ་དང་དབང་ཕྱུག་ཆེན་པོ་ལ་མཆོད་པ་བགྱིས་ནས་ལག་ན་རྡོ་རྗེའི་མདུན་དུ་ཨརྐའི་ཤིང་གིས་ཞུགས་བུས་ལ་མོན་སྲན་གྲེའུ་དང་མར་
བསྲེས་པ་ལ་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན། ལག་ན་རྡོ་རྗེའི་གཟུགས་འགུལ་ཏེ་དེ་ནས་གྲུབ་པར་འགྱུར་རོ། །གྲུབ་ནས་ཀྱང་དབང་ཕྱུག་ཆེན་པོའི་ཆོ་ག་རྒྱས་པ་བཀླགས་པ་ཙམ་གྱིས་རིག་པ་ཐམས་ཅད་འགྲུབ་བོ། །རྣམ་པར་འཇོམས་པའི་རིགས་ཀྱི་སྒྲུབ་
པ་ནི་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། མཚན་གཅིག་མཆིས་པར་མཆིས་ལ་མཚན་གཅིག་པ་ལ་མཆོད་པ་ཆེན་པོ་བགྱིས་ལ་ལོག་འདྲེན་རྣམས་ལ་ཡང་གཏོར་མ་བགྱིའོ། །དེའི་མདུན་དུ་བེ་ཀངྐ་ཏའི་ཞུགས་ཞུས་ལ་ཁྲག་དང་བསྲེས་པའི་
ཡུངས་ཀར་གྱིས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ནི་དེའི་འོག་ཏུ་གྲིབ་མ་གདའ་ཞིང་གྲུབ་པར་འགྱུར་རོ། །རྣམ་པར་འཇོམས་པའི་རིགས་གྲུབ་ན་ལོག་འདྲེན་རྣམས་དབང་དུ་འགྱུར་རོ། །གང་དང་གང་དུ་དགོས་པ་དེ་ཐམས་ཅད་བགྱིད་དོ། །པུང་བྱེད་ཀྱི་རིགས་ཀྱི་སྒྲུབ་
པ་ནི་ཟླ་བ་ཕྱེད་ཟས་སུ་འོ་སྐྱོ་འཚལ་ཞིང་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་རྒྱ་ཆེར་བགྱིས་ལ་ཞུགས་མར་གཉིས་བུས་ལ། གཅིག་ནི་ལག་ན་རྡོ་རྗེ་ལ་དབུལ་ལོ། །གཅིག་ནི་མུརྡ་ཏ་ཀ་ལ་དབུལ་ལོ། །དེ་ནས་
རིག་སྔགས་འཆང་གིས་བསྲུང་བ་བགྱིས་ལ་ལག་ན་རྡོ་རྗེའི་མདུན་དུ་སེང་ལྡེང་གི་ཤིང་གིས་ཞུགས་བུས་ཏེ་ན་ལེ་ཤམ་དཀར་པོ་བདག་གི་ཁྲག་དང་བསྲེས་པས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ལག་ན་རྡོ་རྗེའི་རྐང་པ་གཡས་པའི་མཐེ་བོང་ལས་འོད་ཟེར་བྱུང་སྟེ་དེ་ནས་གྲུབ་
པར་འགྱུར་རོ། །ཕུང་བྱེད་ཀྱི་རིགས་སྒྲུབ་ན་རིག་པའི་ཆོ་ག་ཐམས་ཅད་བདེ་བར་སྒྲུབ་ཏུ་མཆིས་ཏེ། བགེགས་མ་མཆིས་པའོ། །ལོག་འདྲེན་དེ་དག་ཀྱང་ཕྱག་བརྙན་དུ་འགྱུར་རོ། །ལོག་འདྲེན་རྣམས་ཀྱང་རིག་སྔགས་འཆང་ལ་གསང་སྔགས་སྩོལ་ཏེ། དེས་

ལོ་སྟོང་ཐུབ་པར་འགྱུར་རོ། །ཟས་སུ་འོ་ཐུག་འཚལ་ཞིང་ལག་ན་རྡོ་རྗེའི་མདུན་དུ་ལན་འབུམ་བཟླས་བརྗོད་བགྱིས་ན་མེ་ཁ་ལ་གྲུབ་པར་འགྱུར་ཏེ། །གདུགས་གཅིག་བཞིན་ཀཱར་ཥཱ་པ་ཎ་བརྒྱ་སྟོང་སྩོལ་ཏོ། །རྟག་ཏུ་བཟླས་བརྗོད་བགྱིས་ན་དགྲ་ལས་རྒྱལ་ལོ། །
མར་གྱི་ངོ་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་པདྨ་བརྒྱ་སྟོང་ཕུལ་ན་རིག་པའི་རྒྱལ་པོ་དམ་པ་སྩོལ་བར་འགྱུར་རོ། །མེ་ཁ་ལའི་ཆོ་ག་རྫོགས་སོ།། །།གདོན་དཀར་མོའི་ལས་རྣམས་ལགས་ཏེ། རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་
པའི་རས་ལ་སྦྱིན་དང་མ་འདྲེས་པའི་ཚོན་གྱིས་ལག་ན་རྡོ་རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕོ་ཉ་མོ་བཅུ་གཉིས་ཀྱིས་བསྐོར་བ་བྲི་བར་བགྱི་སྟེ། ཁ་དོག་ཇི་ལྟ་བ་བཞིན་དུ་བྲི་བར་བགྱིའོ། །ཕོ་ཉ་མོ་ཐམས་ཅད་ཀྱང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲི་བར་
བྱའོ། །ཐ་མར་རིའི་རྩེ་མོ་རྣམས་བྲི་བར་བྱའོ། །དེ་ནས་རིག་སྔགས་འཆང་གིས་ཡར་གྱི་ངོ་ཚེས་གཅིག་ནས་བརྩམས་ཏེ་ཟས་སུ་ཆུ་གྲོག་འཚལ་ཞིང་མར་གྱི་ངོ་ཞག་བརྒྱད་ལ་ཐུག་གི་བར་དུ་བཟླས་བརྗོད་བགྱིའོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་
ཏེ་ལག་ན་རྡོ་རྗེ་ལ་མཆོད་པ་རྒྱ་ཆེར་བགྱིས་ལ་འབྱུང་པོ་ལ་གཏོར་མ་བཟང་དུ་ཡང་བགྱིའོ། །དེའི་འོག་ཏུ་རིག་སྔགས་འཆང་གིས་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་བྱང་ཆུབ་ཀྱི་ཤིང་གིས་ཞུགས་བུས་ལ་པདྨ་ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱིའོ། །
དེ་ནས་ཅ་ཅོའི་སྒྲ་ཆེན་པོ་གྲག་པར་འགྱུར་ཏེ། དེ་ལ་ཡང་མི་འཇིགས་པར་བགྱིའོ། །དེ་ནས་གདོན་དཀར་མོ་གཟུགས་མི་སྡུག་པར་གྱུར་ནས་མཆི་སྟེ། དེ་ལ་ཡང་མི་འཇིགས་པར་བགྱིའོ། །རྡོ་རྗེ་བཞད་མའི་བཟླས་བརྗོད་བགྱིས་ལ་དེ་ལ་འདི་སྐད་ཅེས་ལག་ན་རྡོ་རྗེའི་
གནང་ཆེན་མ་བཅོམ་ལྡན་འདས་མ་ཁྱོད་ལེགས་པར་བྱོན་ཏམ་ཞེས་བརྗོད་པར་བགྱིའོ། །དེ་དེ་སྐད་ཐོས་ནས་དགའ་བར་འགྱུར་ཏེ། དེས་འདི་སྐད་དུ་ཅི་བྱ་ཞེས་བརྗོད་པ་དང་། བཅོམ་ལྡན་འདས་མ་ལོ་ལྔ་སྟོང་ཐུབ་པར་འཚལ་ལོ་ཞེས་བརྗོད་པར་བགྱི་སྟེ། དེ་བཞིན་དུ་གྱུར་

ཅིག་ཅེས་བརྗོད་ནས་དགའ་བའི་ཡིད་ཀྱིས་རལ་གྲི་སྩོལ་ཏེ། དེ་ནས་མི་གདའ་བར་འགྱུར་རོ། །རལ་གྲི་དེ་བླངས་ནས་སྐྲ་ལྕང་ལོར་འཁྱིལ་བར་འགྱུར། གདུགས་ཤར་བ་ལྟ་བུའི་མདོག་ཅན་དུ་འགྱུར། རིག་སྔགས་འཆང་ཐམས་ཅད་ཀྱི་སྙིང་དུ་སྡུག་
པར་འགྱུར་རོ། །མ་བསྒྲུབས་པར་ལས་རྣམས་འགྲུབ་པར་འགྱུར་རོ། །དབབ་པར་བགྱི་ན་གདོན་གྱིས་ཟིན་པའི་རྐང་པ་ལ་རྐང་པས་མནན་ཏེ་དབབ་པར་བགྱིའོ། །འབྱུང་པོ་དང་། ཤ་ཟ་རྣམས་དགའ་བར་བགྱི་ན་ལན་བདུན་བཟླས་བརྗོད་བྱས་པའི་ཡུངས་ཀར་གྱིས་
བགྱིའོ། །དུག་ལས་གསོ་ན་ཡལ་གས་བགྱིའོ། །གདོན་བཟའ་བར་བགྱི་ན་ལན་གསུམ་བཟླས་བརྗོད་བགྱིས་པའི་མེ་ཏོག་དམར་པོས་བགྱིའོ། །གདོན་འཁུམས་པར་བགྱི་ན་ཡིད་ཀྱིས་བཟླས་བརྗོད་བགྱིས་པས་བགྱིའོ། །དབྱེ་བར་བགྱི་ན་མར་གྱི་ངོ་ཞག་བརྒྱད་ནས་
བརྩམས་ཏེ་ལག་ན་རྡོ་རྗེའི་མདུན་དུ་གདུགས་བདུན་དུ་དུས་གསུམ་དུ་བ་རུ་རའི་ཤིང་གིས་ཞུགས་བུས་ལ་སྦྲུལ་ཁོག་པ་བརྗེས་པའི་སྲེག་བླུགས་གསུམ་སྦྱིན་སྲེག་བགྱིའོ། །ལོང་བར་བགྱི་ན་དབང་ཕྱུག་ཆེན་པོའི་གནས་སུ་མཆིས་ལ་ནེའུ་ལེའི་ལྕེས་ལན་བརྒྱད་བརྒྱ་སྦྱིན་
སྲེག་བགྱི་ཞིང་མིང་ནས་ཕྱུང་ན་ལོང་བར་འགྱུར་རོ། །ལག་ན་རྡོ་རྗེའི་མདུན་དུ་ཤུ་དག་བརྒྱད་བརྒྱ་སྦྱིན་སྲེག་བགྱིས་ན་སྔ་མཁོ་བཞིན་དུ་འགྱུར་རོ། །གདོན་དཀར་མོའི་ཆོ་ག་རྫོགས་སོ།། །།རྡོ་རྗེ་སེར་མོའི་ལས་རྣམས་ལགས་ཏེ། ཡར་གྱི་ངོ་ཚེས་བརྒྱད་
ནས་བརྩམས་ཏེ་དུར་ཁྲོད་དུ་ཟླ་བ་དྲུག་བཟླས་བརྗོད་བགྱིས་ན་རྒྱལ་པོ་ཉིད་དུ་སྩོལ་ཏོ། །ཟླ་བ་གསུམ་བཟླས་བརྗོད་བགྱིས་ན་ཉི་ཚེ་བའི་ལོངས་སྤྱོད་རྣམས་སྩོལ་ཏོ། །ཟླ་བ་གཅིག་བཟླས་བརྗོད་བགྱིས་ན་ཏི་ན་ར་ཁྲི་ཉིས་སྟོང་སྩོལ་ཏོ། །ཟས་སུ་ནི་སློང་མོའི་ཟས་རྣམས་
བཟའ་བར་བགྱིའོ། །དགྲ་བསྐྲད་པར་འཚལ་ན་བྱ་ནག་བཀྲའི་འདབ་མ་བླངས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ལ་དགྲའི་ཁྱིམ་དུ་བཞག་ན་དགྲ་འཕྲལ་དུ་འབྲོས་སོ། །གཞན་ནད་ཀྱིས་འདེབས་པར་འཚལ་ན་མར་གྱི་ངོ་ཞག་བརྒྱད་ལ་ལག་ན་

རྡོ་རྗེའི་མདུན་དུ་ཤིང་བཛྲའི་རྩ་བས་རྡོ་རྗེ་ལ་བདུག་པར་བགྱི་ཞིང་། རིག་པ་ཡང་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་གང་ཡིད་ལ་བསམས་པ་དེ་ནད་ཀྱིས་ཐེབས་པར་འགྱུར་རོ། །ལག་ན་རྡོ་རྗེའི་མདུན་དུ་ཅེ་པོག་གིས་བདུག་ཅིང་རིག་པ་ཡང་ལན་བརྒྱ་སྟོང་
བཟླས་བརྗོད་བགྱིས་ན་གསོས་པ་བགྱིས་པར་འགྱུར་རོ། །འབྱུང་པོ་དང་ཤ་ཟ་རྣམས་རེངས་པར་བགྱི་ན་ཡིད་ཀྱིས་བགྱིའོ། །དབབ་པ་ནི་མེ་ལོང་གིས་བགྱིས་ཏེ་མེའི་སྦྱིན་སྲེག་བགྱིས་པའི་ཐལ་བས་དག་པར་ཕྱིས་ལ། ཁྱེའུ་དག་ལ་བསྟན་ན་བདེན་པ་བརྗོད་
དོ། །གདོན་བསྐྲད་ནས་ཡུངས་ཀར་གཏུན་དུ་བརྡུངས་ན་ངུ་ཞིང་གཏོང་བར་འགྱུར་རོ། །དུར་ཁྲོད་ཀྱི་སོལ་བས་ས་ལ་གཟུགས་བྲིས་ལ་དེའི་ལག་པའམ་མགུལ་པར་ལག་ན་རྡོ་རྗེ་བྲིས་ཏེ་མནན་ན་གཏོང་བར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བྱས་ཏེ་
ལག་ན་རྡོ་རྗེའི་མདུན་དུ་ཡུངས་ཀར་ཟ་མ་ཏོག་ཏུ་སྩལ་ལ་བཟླས་བརྗོད་བགྱིས་ན་དེས་རེག་པ་ཙམ་གྱིས་གདོན་ངུ་ཞིང་གཏོང་བར་འགྱུར་རོ། །དགྲ་གསད་པར་འཚལ་ན་དུར་ཁྲོད་ཀྱི་སོལ་བ་བླངས་ལ་གཟུགས་བྲིས་ཏེ་སྙིང་གར་མནན་ལ་བཟླས་བརྗོད་བགྱིས་ན་འཕྲལ་དུ་
དགྲ་མ་ལགས་པར་འགྱུར་རོ། །ཚེས་གྲངས་དང་སྐར་མ་འདམ་མི་འཚལ་སྨྱུང་བ་བགྱི་མི་འཚལ་ཏེ་དགྲ་སྐམ་པར་བགྱི་ན་མར་གྱི་ངོ་ཞག་བརྒྱད་ལ་ཤིང་མ་དཱ་ན་ལས་གཟུགས་བགྱིས་ལ་སེང་ལྡེང་གི་ཕུར་བུ་སྙིང་གར་བཙུགས་ཏེ། རིག་པ་གང་ལན་བརྒྱ་སྟོང་བཟླས་བརྗོད་
བགྱིས་ན་ནད་དྲག་པོས་འདེབས་ཤིང་སྐམ་པར་ཡང་འགྱུར་རོ། །ཕྱུང་ན་སོས་པར་ཡང་འགྱུར་རོ། །རྡོ་རྗེ་སེར་མོའི་ཆོ་ག་རྫོགས་སོ།། །།ནག་སེར་གྱི་ལས་རྣམས་ལགས་ཏེ། ཡུལ་གྲུ་བསྲུང་ན་ཆབ་ཀྱིས་བགྱིའོ། །མཚམས་བཅད་ན་ལན་ཉི་ཤུ་རྩ་གཅིག་
པའི་བཟླས་བརྗོད་བགྱིས་པའི་ཕུར་བུས་བགྱིའོ། །སྨད་བསྲུང་ན་ཡིད་ཀྱིས་བགྱིའོ། །རྐང་གཉིས་པ་དང་རྐང་བཞི་པ་རྣམས་དགར་ན་ཐལ་མོས་བརྡབས་པར་བགྱིའོ། །རིག་སྔགས་བཅད་ན་མཚོན་རྣོན་པོས་ས་ལ་ཤུབ་རེར་དྲས་ན་རིག་སྔགས་བཅད་པར་འགྱུར་

རོ། །གདོན་དབབ་ན་ཡིད་ཀྱིས་བགྱིའོ། །གདོན་སྤོ་ན་ལན་བདུན་བཟླས་བརྗོད་བགྱིས་པའི་མེ་ཏོག་གིས་བགྱིའོ། །ཡར་གྱི་ངོ་ཚེས་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་རིག་པ་ལན་བརྒྱ་སྟོང་
བཟླས་བརྗོད་བགྱིས་ན་འགྲུབ་པར་འགྱུར་རོ། །གྲུབ་ནས་ལས་སུ་གྱུར་ཏེ། གླང་པོ་ཆེ་རེངས་པར་བགྱི་བ་དང་། རྟ་རེངས་པར་བགྱི་བ་དང་། ཕ་རོལ་གྱི་དམག་ཚོགས་རེངས་པར་བགྱི་བ་དང་། གང་ཡིད་ལ་བསམས་པ་དེ་དག་ཐམས་ཅད་རེངས་པར་བགྱིད་དོ། །མར་
གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ནག་མོའི་མདུན་དུ་ཨརྐའི་ཤིང་གིས་ཞུགས་བུས་ལ་འབྲས་སཱ་ལུ་མར་དང་བསྲེས་པས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ལྷ་མོ་མཆིས་པར་འགྱུར་ཏེ། དེ་ལ་ཕོ་ཉ་མོའི་གསང་སྔགས་ཀྱིས་མཆོད་ཡོན་ཕུལ་ན་དེ་
ཁྱོད་ཉིད་ལ་དམ་པ་གང་སྦྱིན་པར་བྱ་ཞེས་སྨྲ་བར་འགྱུར་རོ། །དེ་ལ་འདི་སྐད་དུ་སའི་བདག་པོར་གྱུར་པ་སྩོལ་ཅིག་ཅེས་བརྗོད་པར་བགྱིའོ། །དེས་འདི་སྐད་དུ་ཡུལ་གཅིག་གི་རྒྱལ་པོར་གྱུར་ཅིག་བརྗོད་ན་དེ་བཞིན་དུ་གྱུར་ཅིག་ཅེས་བརྗོད་པར་བགྱི་སྟེ། སླར་བཏང་བའི་
གསང་སྔགས་ཀྱིས་ཀྱང་སླར་བཏང་ཞིང་། མེ་ཏོག་དཀར་པོས་ཀྱང་སླར་བཏང་ན་དེ་ནས་མི་གདའ་བར་འགྱུར་རོ། །ལུང་ཐང་གི་ཤིང་དྲུང་ན་གཏུམ་པོ་ཁ་ཤར་ཕྱོགས་སུ་བསྟན་པ་མཆིས་པ་དེའི་མདུན་དུ་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། དུ་བ་མ་
མཆིས་པའི་མདག་མར་མར་མེའི་སྙིང་པོ་བརྒྱ་སྟོང་བོར་ན་ཏི་ན་ར་སྟོང་སྩོལ་ཏོ། །ནག་སེར་གྱི་ཆོ་ག་རྫོགས་སོ།། །།རྡོ་རྗེ་བསྟོད་དེ་འཛིན་པའི་ལས་རྣམས་ལགས་ཏེ། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་མེ་ཏོག་དཀར་
པོ་བརྒྱ་སྟོང་ཕུལ་ན་མཚན་མས་བཏབ་པ་སྟོང་སྩོལ་ཏོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་རྐང་པ་གཡས་པའི་མཐེ་བོ་ནས་བཟུང་ལ་གཟུགས་འགུལ་གྱི་བར་དུ་བཟླས་བརྗོད་བགྱིས་ན་ཡིད་ཀྱིས་བསམས་པས་རེངས་པར་བགྱིད་དེ་

དུད་འགྲོའི་སྐྱེ་གནས་སུ་མཆིས་པའི་སེམས་ཅན་དེ་དག་ཐམས་ཅད་རེངས་པར་བགྱིད་དོ། །ཡིད་ཀྱིས་གྲོལ་བར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། །ལག་ན་རྡོ་རྗེའི་མདུན་དུ་ལག་ན་རྡོ་རྗེ་ལ་མཆོད་པ་བགྱིས་ལ་ཤིང་ཤླེ་ཤྨེ་ཏ་ཀའི་
ཕུར་བུ་བླངས་ཏེ། སྐུད་པ་དམར་པོས་དཀྲིས་ལ་དེ་ནས་རིག་སྔགས་འཆང་གིས་པ་ལ་ཤའི་ཤིང་གིས་ཞུགས་བུས་ཏེ། ཕུར་བུ་ལ་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ལ་དེ་ནས་དུམ་བུ་གསུམ་དུ་བཅད་དེ། དུམ་བུ་རེ་རེ་ལ་ལན་ཉི་ཤུ་རྩ་རེ་རེ་བཟླས་བརྗོད་བགྱིས་
ལ་ཞུགས་སུ་བོར་ན་ནང་པར་ཏི་ན་ར་སུམ་སྟོང་སྩོལ་ཏོ། །ཡར་གྱི་ངོ་ཚེས་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་པདྨ་འབུམ་ཕུལ་ན་རྒྱལ་པོ་ཉིད་སྩོལ་ཏོ། །སྐྱེས་པ་དབང་དུ་བགྱི་ན་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ་
ལག་ན་རྡོ་རྗེའི་མདུན་དུ་བྱང་ཆུབ་ཀྱི་ཤིང་གིས་ཞུགས་བུས་ལ་ཀུ་མུ་དའི་མེ་ཏོག་ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་པ་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་སྐྱེས་པ་དབང་དུ་འགྱུར་རོ། །བུད་མེད་དབང་དུ་བགྱི་ན་མར་གྱི་ངོ་ཞག་བཅུ་གཉིས་ལ་ལག་ན་རྡོ་རྗེའི་མདུན་དུ་དྲི་མཆོག་གི་མེ་ཏོག་
བརྒྱ་སྟོང་གིས་ལག་ན་རྡོ་རྗེ་ལ་བསྣུན་ན་བུད་མེད་དབང་དུ་འགྱུར་རོ། །རྡོ་རྗེ་བསྟོད་དེ་འཛིན་གྱི་ཆོ་ག་རྫོགས་སོ།། །།རྡོ་རྗེ་སེང་གེའི་ཁྲིའི་ལས་རྣམས་ལགས་ཏེ། དབབ་ན་གདོན་གྱིས་ཟིན་པའམ། མ་ཟིན་པ་ཡང་རུང་གུ་གུལ་གྱིས་དབབ་བོ། །གདོན་
བཅིངས་ན་ཡིད་ཀྱིས་བགྱིའོ། །གདོན་སྐྲག་པར་བགྱི་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཐལ་མོས་བརྡབས་པར་བགྱིའོ། །གདོན་འབྲོས་པར་བགྱི་ན་སོལ་བས་གཟུགས་བྲིས་ལ་ལྕུག་མས་བསྣུན་ན་གཏོང་བར་འགྱུར་རོ། །གདོན་སྐམ་ན་གུ་གུལ་གྱིས་བདུག་པས་
བགྱིའོ། །གདོན་བཟའ་བར་བགྱི་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཤས་བགྱིའོ། །གདོན་གཅོད་ན་མཚོན་རྣོན་པོས་རྩྭ་ཀུ་ཤ་བཅད་ན་གདོན་བཅད་པར་འགྱུར་རོ། །དུག་སྤོ་ན་ཆབ་བམ་ཡལ་གས་བགྱིའོ། །བྱིས་པ་གདོན་གྱིས་ཟིན་པ་རྣམས་ལ་ཡལ་གས་

བྱ་བ་པར་བགྱིའོ། །ཆུར་མི་འབྱིང་བར་བགྱི་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཡུངས་ཀར་གྱིས་བགྱིའོ། །མཚོན་གྱིས་མི་ཚུགས་པར་བགྱི་ན་ཡིད་ཀྱིས་བགྱིའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ལག་ན་རྡོ་རྗེའི་མདུན་དུ་ཙན་དན་དམར་པོས་གདོང་
དམར་བྲིས་ནས། དེ་ལ་གཏོར་མ་སྣ་ཚོགས་སྩལ་ཅིང་གྲོག་མཁར་གྱི་ས་ལ་མདུང་རྩེ་གསུམ་པ་བགྱིས་ཏེ་ལག་པ་གཡོན་ན་རྡོ་རྗེ་ཐོགས་པ་མདུང་རྩེ་གསུམ་པའི་སྟེང་དུ་མཆིས་ཏེ་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་གཏེར་མཐོང་བར་འགྱུར་རོ། །ཡར་གྱི་ངོ་ཚེས་ལྔ་ནས་
བརྩམས་ཏེ་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་ལན་འབུམ་བཟླས་བརྗོད་བགྱིས་ན་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར། རིག་སྔགས་འཆང་དགུ་སྟོང་གི་གཡོག་འཁོར་དང་ལྡན་པར་འགྱུར་རོ། །བསྐལ་པར་གནས་པར་ཡང་འགྱུར་རོ། །ཟླ་བ་
གཅིག་ཟས་སུ་འོ་སྐྱོ་འཚལ་ཞིང་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་སྨྱུང་བ་བགྱིས་ཏེ། །དབང་ཕྱུག་ཆེན་པོའི་གནས་སུ་མཆིས་ལ་གློ་གཡས་ལོགས་སུ་མཆོད་པར་བགྱིས་ཏེ། །ཕག་རྒོད་ཀྱི་མཆེ་བ་ལ་གི་ཝང་གིས་བསྐུས་ལ་རས་དཀར་པོའི་སྟེང་དུ་བཞག་སྟེ། རིག་པ་
བཟླས་བརྗོད་བགྱིས་ན་བགེགས་རྣམ་པ་སྣ་ཚོགས་འབྱུང་སྟེ། རིག་པའི་རྒྱལ་པོས་བསྣུན་པར་བགྱིའོ། །དེ་ནས་མཆེ་བ་དེ་འབར་བར་འགྱུར་ཏེ། འབར་ནས་བླང་བར་བགྱིའོ། །བླངས་མ་ཐག་ཏུ་མདུང་རྩེ་གསུམ་པར་འགྱུར་ཏེ་རིག་སྔགས་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མི་
འགྱུར། དཔག་ཚད་སྟོང་གྱེན་དུ་འཕག་པར་འགྱུར་རོ། །ལོ་དགུ་སྟོང་ཐུབ་པར་འགྱུར་རོ། །རྡོ་རྗེ་སེང་གེའི་ཁྲིའི་ཆོ་ག་རྫོགས་སོ།། །།རྡོ་རྗེ་ལྡན་མའི་ལས་རྣམས་ལགས་ཏེ། རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སྦྱིན་དང་མ་འདྲེས་པའི་
ཚོན་གྱིས་འཕགས་པ་ཕྱག་ན་རྡོ་རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲི་བར་བྱའོ། །དེའི་གཡས་རོལ་ཏུ་རྡོ་རྗེ་དང་ལག་བཟངས་ཀྱང་བྲི་བར་བགྱི་སྟེ། གཉིས་ཀ་ཡང་གསེར་གྱི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བགྱིའོ། །གཡོན་རོལ་ཏུ་རྡོ་རྗེ་

ལྡན་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲིའོ། །ཐ་མར་རིའི་རྩེ་མོ་རྣམས་བྲི་བར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་ཚེས་གཅིག་ནས་བརྩམས་ཏེ། ཟས་སུ་འོ་སྐྱོ་འཚལ་ཞིང་ཟླ་བ་ཉའི་བར་དུ་བཟླས་བརྗོད་བགྱིའོ། །དེ་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ། བཅོམ་
ལྡན་འདས་ལ་མཆོད་པ་རྒྱ་ཆེར་བགྱིས་ལ་བིལ་བའི་ཤིང་གིས་ཞུགས་བུས་ལ། བིལ་བའི་མེ་ཏོག་ཞོ་དང་། སྦྲང་རྩི་མར་ལ་སྨྱུགས་པ་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དེ་ནས་རྡོ་རྗེ་འགུལ་ནས་གྲུབ་པར་འགྱུར་ཏེ། ཉིན་གཅིག་བཞིན་ཏི་ན་ར་ལྔ་ལྔ་སྩོལ་ཏོ། །དེ་བཞིན་དུ་
དགོད་པར་བགྱིའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། རི་མོའི་གཟུགས་ཀྱི་མདུན་དུ་དུ་བ་མ་མཆིས་པའི་མདག་མེ་ལ་ཨ་ག་རུ་སྟོང་སྦྱིན་སྲེག་བགྱིས་ན་རི་མོའི་གཟུགས་ཀྱི་མེ་ཏོག་གི་ཕྲེང་བ་འགུལ་ནས་གྲུབ་པར་འགྱུར་ཏེ། གྲུབ་ནས་ཡུལ་གྲུ་
སྩོལ་ཏོ། །བུད་མེད་དབང་དུ་བགྱི་ན་གདུགས་བདུན་དུས་གསུམ་དུ་ཀ་ར་བཱི་རའི་ཤིང་གིས་ཞུགས་བུས་ལ་མར་དང་བསྲེས་པའི་ཡུངས་ཀར་གྱིས་སྦྱིན་སྲེག་ལན་བརྒྱ་སྟོང་བགྱིའོ། །ཡུགས་ས་མོ་དབང་དུ་བགྱི་ནས་ཕྱོགས་གཙང་མར་ལུང་ཐང་གི་ཤིང་གིས་ཞུགས་བུས་ལ་ཏིལ་
ལ་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ཡུགས་ས་མོ་དབང་དུ་འགྱུར་རོ། །སྐྱེས་པ་དབང་དུ་བགྱི་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཨརྐའི་ཤིང་གིས་ཞུགས་བུས་ལ་སྐེ་ཚེའི་འབྲུ་ལ་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་
རོ། །རྡོ་རྗེ་ལྡན་མའི་ཆོ་ག་རྫོགས་སོ།། །།རྡོ་རྗེ་བཞད་མའི་ལས་རྣམས་ལགས་ཏེ། དབབ་ན་མེ་ཏོག་དཀར་པོ་དག་གིས་བགྱིའོ། །བཅིང་ན་ཡིད་ཀྱིས་བགྱིའོ། །སྨྲར་སྩལ་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཆབ་ཀྱིས་བགྱིའོ། །གང་བགྱིད་དུ་སྩལ་ན་
གུ་གུལ་གྱི་བདུག་པས་བགྱིའོ། །ཟས་སྩལ་ན་ཀ་ར་བཱི་རའི་མེ་ཏོག་ལ་ལན་བདུན་བཟླས་བརྗོད་བགྱིས་པར་བགྱིའོ། །བརྗོད་དུ་སྩལ་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཡུངས་ཀར་གྱིས་བསྣུན་ན་འདས་པ་དང་མ་འོངས་པ་བརྗོད་དོ། །གདོན་དགོད་དུ་སྩལ་ན་ལན་བདུན་བཟླས་

བརྗོད་བགྱིས་པའི་མེ་ཏོག་གཏོར་རོ། །བཅིངས་ན་ཆབ་ཀྱིས་བགྱིའོ། །བརྡེག་ན་སེ་གོལ་གཏོགས་པར་བགྱིའོ། །ཚར་བཅད་ན་རྩྭ་ལ་ལན་བདུན་སྔགས་ཀྱིས་བཏབ་ལ་མགོ་ལ་བཞག་ན་མྱོས་པར་འགྱུར་ཏེ་གདོན་འབྲོས་སོ། །གཅོད་ན་བ་ལང་གི་
ལྕི་བ་ལས་གཟུགས་བགྱིས་ལ་ས་ལ་མཚོན་རྣོན་པོས་བཅད་ན་བཅད་པར་འགྱུར་རོ། །གདོན་བསྡིགས་པ་དང་རྒྱུག་ཏུ་གཞུག་ན་མཛུབ་མོས་བསྡིགས་པར་བགྱིའོ། །གདོན་དཀྱིལ་འཁོར་དུ་གཞུག་ན་རྡོ་རྗེའི་ཕྱག་རྒྱས་བསྣུན་ན་དཀྱིལ་འཁོར་དུ་གཞུག་གོ། །གདོན་
འབྲོས་པར་བགྱི་ན་གདོན་གྱི་མདུན་དུ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བགྱིས་ན་གདོན་ངུ་ཞིང་འབྲོས་སོ། །གདོན་སྤོ་ན་ཡིད་ཀྱིས་གར་འཚལ་བ་དེར་རྦད་དོ། །དུག་དབབ་ན་སྲ་རྩི་པོག་གི་བདུག་པས་བགྱིའོ། །ཕུར་བུ་དབབ་ན་ལུང་ཏང་གི་ལོ་མའི་བདུག་པས་བགྱིའོ། །
རིམས་དབབ་ན་ཀ་ར་བཱི་རའི་མེ་ཏོག་གི་བདུག་པས་བགྱིའོ། །རིམས་ཞག་བཞི་པ་དབབ་ན་མདས་བགྱིའོ། །བསྲུང་བ་བགྱི་ན་ལན་བདུན་བཟླས་བརྗོད་བགྱིས་པའི་སྲད་བུས་བགྱིའོ། །ཆང་མ་རུང་བར་བགྱི་ན་གསེག་མ་ལ་ལན་བདུན་བཟླས་བརྗོད་བགྱིས་ལ་ཁང་སྟེངས་སུ་
བོར་ན་ཆང་མ་རུང་བར་བགྱིས་པར་འགྱུར་རོ། །གདོན་གྱིས་བཏབ་པར་བགྱི་ན་ཡིད་ཀྱིས་བགྱིའོ། །སྐྱེས་པ་དང་བུད་མེད་དབང་དུ་བགྱི་ན་མར་གྱི་ངོ་ཞག་བརྒྱད་ནས་བརྩམས་ཏེ་གདུགས་བདུན་དུས་གསུམ་དུ་ཕྲུ་མ་ལས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། །
དབྱེ་བར་བགྱི་ན་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་སྐྱེས་པའི་སྐྲ་ལས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབྱེ་བ་བགྱིས་པར་འགྱུར་རོ། །རོ་ལངས་སྒྲུབ་པར་འཚལ་བས་ཚེས་གྲངས་དང་སྐར་མ་འདམ་མི་འཚལ། སྨྱུང་བ་
བགྱི་མི་འཚལ་བར་བུད་མེད་ཀྱི་རོ་ལངས་ལ་སྤོས་དང་བདུག་པས་མཆོད་དེ་མགོ་ཤར་ཕྱོགས་སུ་བསྟན་ལ། དེ་ནས་རིག་སྔགས་འཆང་གིས་རྡོ་རྗེ་བཞད་མ་བརྗོད་པར་བགྱིས་ན་བུད་མེད་དེ་དགོད་ཅིང་ལྡང་བར་འགྱུར་ཏེ་དེ་ལ་ཉལ་པོ་བགྱིའོ། །གལ་ཏེ་མ་ནུས་ན་རིག་སྔགས་

འཆང་གིས་ལ་གོར་དུ་རིག་པ་མཆོག་དྲན་པར་བགྱི་ཞིང་སྙིང་པོ་གཉིས་ཀ་བཟླས་བརྗོད་བགྱིས་པའི་ཡུངས་ཀར་གྱིས་བསྣུན་པར་བགྱིའོ། །དེ་ནས་བུད་མེད་དེ་དགོད་ཅིང་མཆི་སྟེ། དེ་ལ་བརྩད་པར་བགྱིའོ། །དེ་ནས་བུད་མེད་དེ་སྦྲུམ་མར་འགྱུར་ཏེ། དེ་ནས་
རིག་སྔགས་འཆང་གིས་རྡོ་རྗེ་བཞད་མ་བཟླས་བརྗོད་བགྱིས་པའི་ཡུངས་ཀར་གྱིས་བསྣུན་པར་བགྱིའོ། །དེ་ནས་དེ་མི་འགུལ་བར་འགྱུར་རོ། །ཡང་རིག་པ་མཆོག་གིས་ཡུངས་ཀར་གྱིས་བསྣུན་པར་བགྱིའོ། །དེ་ནས་ལྟོ་འགས་ཏེ་རྡོ་རྗེ་བཞད་མ་བཟླས་བརྗོད་བགྱིས་ལ་
མངལ་བླང་བར་བགྱིའོ། །མངལ་བླངས་ནས་ཀྱང་ཡུངས་ཀར་གྱིས་བསྣུན་ན་དུམ་བུ་བརྒྱར་འགྱུར་ཏེ་ཕྲུ་མའི་ནང་དུ་སྩལ་ལ་མི་ཐོད་གསུམ་གྱི་སྟེང་དུ་མཆིས་ལ་ཡོངས་སུ་སྨིན་པར་འགྱུར་གྱི་བར་དུ་རྡོ་རྗེ་བཞད་མ་བཟླས་བརྗོད་བགྱིས་ལ་བླངས་ཏེ་གྲོགས་རྣམས་ལ་ཡང་
སྩལ་ཅིང་འཚལ་ན་སྐྲ་ལྕང་ལོ་འཁྱིལ་བར་འགྱུར། །གདུགས་ཤར་བ་ལྟ་བུའི་མདོག་ཏུ་འགྱུར། །ལོ་བཅུ་དྲུག་ལོན་པ་ལྟ་བུར་འགྱུར། །ནམ་མཁའ་ལ་མཆི་བར་འགྱུར། །རིག་སྔགས་འཆང་ཐམས་ཅད་བྲན་དུ་འགྱུར། །རྡོ་རྗེ་འཁོར་ལོས་སྒྱུར་བར་འགྱུར། དཔག་ཚད་
སྟོང་གྱེན་དུ་འཕག་པར་འགྱུར། དཔག་ཚད་སྟོང་ཚུན་ཆད་ཀྱིས་ཐོས་པར་འགྱུར། ལོ་བརྒྱད་ཁྲི་ཐུབ་པར་འགྱུར། མཚོན་ཆས་ལུས་ལ་མི་ཚུགས་པར་འགྱུར། རྡོ་རྗེ་ཉིད་དུ་འགྱུར། བདག་མཆི་བར་འཚལ་བར་འགྱུར་རོ། །ལྷའི་བསྒྲུབ་པ་ནི་ཟླ་བ་གཅིག་ཟས་
སུ་ཆུ་གྲོག་འཚལ་ཞིང་དེའི་འོག་ཏུ་མར་གྱི་ངོ་ཞག་བརྒྱད་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེ་མཆོད་ཅིང་ལྷ་ཐམས་ཅད་ཀྱང་མཆོད་པར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་ལག་ན་རྡོ་རྗེའི་མདུན་དུ་ལྡོང་རོས་ཤིང་ཨ་ཤྭཏྠའི་ལོ་མ་བདུན་གྱི་སྟེང་དུ་བཞག་
སྟེ་དངོས་གྲུབ་གསུམ་བྱུང་གི་བར་དུ་བཟླས་བརྗོད་བགྱིའོ། །འབར་བར་གྱུར་ན་ནམ་མཁའ་ལ་མཆི་བར་འགྱུར་རོ། །དུ་བ་འཐུལ་ན་མི་གདའ་བར་འགྱུར། ལོ་ལྔ་སྟོང་ཐུབ་པའི་རིག་སྔགས་འཆང་ཉིད་དུ་འགྱུར། ལོ་ལྔ་སྟོང་ཐུབ་པའི་རྐང་གིས་འགྲོ་བར་འགྱུར་རོ། །ས་

ཕྱོགས་གང་ན་གནོད་སྦྱིན་མོ་མཆིས་པ་དེར་མར་གྱི་དོ་ཞག་བརྒྱད་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ། གནས་དབེན་པར་མཆིས་ལ་དུར་ཁྲོད་ཀྱི་ཤིང་གིས་ཞུགས་བུས་ལ་སེང་ལྡེང་གི་ཡམ་སྲེག་ཤིང་ཁྲག་དང་དུག་ལ་སྨྱུགས་པ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་
ན་གནོད་སྦྱིན་མོ་དེ་མཆི་བར་འགྱུར་ཏེ། མཆིས་ནས་འདི་སྐད་དུ་ཅི་བྱ་ཞེས་མཆི་བ་དང་། དེས་འདི་སྐད་དུ་གང་བསམས་པ་དེ་གྱིས་ཤིག་ཅེས་བརྗོད་པར་བགྱིའོ། །གལ་ཏེ་བཏུབ་ན་འདི་སྐད་ཅེས་དཔག་ཚད་བརྒྱ་ནས་བུད་མེད་ངའི་གན་དུ་ཁྲིད་དེ་ཤོག།།གྲོགས་པོ་བརྒྱད་
ཅུ་ལ་ཟན་བྱིན་ཅིག །ཉིན་གཅིག་བཞིན་རས་ཟུང་བརྒྱད་དང་ཀཱར་ཥཱ་པ་ཎ་བརྒྱད་བརྒྱད་ཕུལ་ཅིག་ཅེས་བརྗོད་དང་དེ་ལྟར་བགྱིའོ་ཞེས་མཆི་བར་འགྱུར་ཏེ། དེའི་འོག་ཏུ་བུད་མེད་དེ་ཁྲིད་དེ་མཆིའོ། །ཡིད་ཀྱིས་བཟླས་བརྗོད་བགྱིའོ། །ཡིད་ཀྱིས་སླར་གཏང་བར་བགྱིའོ། །རྡོ་རྗེ་
བཞད་མའི་ཆོ་ག་རྫོགས་སོ།། །།ཕོ་ཉ་མོ་ཐམས་ཅད་ཀྱི་ལས་ནི་འདི་ལགས་ཏེ། རིག་པ་མཆོག་གི་ཕོ་ཉ་མོ་ནི་ལས་ཐམས་ཅད་དུ་ཡང་སྦྱར་བར་བགྱིའོ། །ལས་ཐམས་ཅད་དུ་ཡང་རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་སྦྱར་བར་བགྱི་སྟེ། སྒྲུབ་པ་མ་
ལགས་པའི་རིག་པ་ཡང་སྒྲུབ་པར་བགྱིད་དོ། །སྲིན་བུ་ཀ་ཏའི་དུག་གིས་གནོད་པར་གྱུར་པ་རྣམས་ལ་ནི་ཡི་གེ་བྲི་བའི་གཞི་དང་སྣག་ཚ་དང་སྨྱུག་གུ་ཡང་སྔགས་ལན་བདུན་བདུན་གྱིས་སྔགས་ལ་གང་འདོད་པ་བྲིས་ཏེ་བསྐུར་ན་སོས་པར་འགྱུར་རོ། །དེ་ནས་ཡང་བཅོམ་ལྡན་
འདས་ལ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཞན་ཡང་གང་གིས་རིག་པ་ཐམས་ཅད་དངོས་གྲུབ་ཏུ་འགྱུར་བ་སྩོལ་བའི་རིག་པའི་ལྷ་ཐམས་ཅད་ཀྱི་གསང་བ་བརྗོད་པར་བགྱིའོ། །གལ་ཏེ་རིག་སྔགས་འཆང་གི་རིག་པ་བསྒྲུབ་པར་འཚལ་ན་རིག་
པའི་ལྷ་དེ་ལ་འདིས་མགུ་བར་བགྱིའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ངོས་གཉིས་ཀའི་ས་བླངས་ལ་ལྷའི་གཟུགས་བགྱིས་ཏེ་སྦྱིན་དང་མ་འདྲེས་པའི་ཚོན་གྱིས་ལྷའི་ཁ་དོག་ཅི་འདྲ་དེ་འདྲ་བར་བྲི་བར་བགྱིའོ། །

མར་དང་སྦྲང་རྩིས་ལྟོ་དགང་བར་བགྱིའོ། །མེ་ཏོག་པདྨའི་དབུས་སུ་ལྷ་དེ་གཞག་པར་བགྱིའོ། །པདྨའི་ཟེ་བ་ནི་ཨ་ཀ་རུ་དང་ཙན་དན་གྱིས་བསྐུ་བར་བགྱིའོ། །དུས་གསུམ་དུ་བདུག་པས་ཀྱང་བདུག་པར་བགྱི་སྟེ། གུ་གུལ་དང་། དུ་རུ་སྐ་དང་། ག་བུར་དང་།
ཤིང་ཤ་ཨ་མྲའི་མེ་ཏོག་དང་དེ་རྣམས་བསྲེས་པའི་བདུག་པས་བདུག་པར་བགྱིའོ། །གདུགས་གསུམ་གྱི་བར་དུ་བགྱིའོ། །དེ་ནས་གཟུགས་དེ་འོ་མའི་ནང་དུ་སྩལ་ཏེ་ཞིག་པར་མ་གྱུར་གྱི་བར་དུ་བཞག་ལ་ཞིག་ནས་འོ་མ་རྒྱ་མཚོར་འབབ་པའི་ཆབ་ཀྱི་ནང་དུ་སྩོལ་ཏོ། །
དེ་ནས་སྦྱོར་བ་འདིས་ལྷ་དེ་མགུ་བར་འགྱུར་ཞིང་དགའ་བ་མཐོང་སྟེ་མྱུར་དུ་དངོས་གྲུབ་ཀྱང་སྩོལ་ཏོ། །བཅོམ་ལྡན་འདས་འདི་ནི་རིག་པའི་རིགས་ཐམས་ཅད་ཀྱི་གསང་བ་ལགས་ཏེ་འདིས་ལྷ་ཐམས་ཅད་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་གསང་བ་འདི་ནི་བདག་
གིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་བརྗོད་དོ། །བཅོམ་ལྡན་འདས་རིག་པའི་རྒྱལ་པོ་བདག་གིས་བཤད་པ་འདི་ནི་རིག་སྔགས་ཐམས་ཅད་ཀྱི་རྒྱལ་པོ་སྟེ། རིག་པ་ཐམས་ཅད་སྒྲུབ་ཏུ་སྩལ་བ། མཚུངས་པ་མ་མཆིས་པ། མི་མཉམ་པ་དང་མཉམ་པ། ཟླ་
མ་མཆིས་པ་ལགས་སོ། །འདི་ནི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་བཤད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དད་ལྡན་པའི་འཁོར་འདུས་པ་ལ་བཀའ་སྩལ་པ། གྲོགས་པོ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོབས་ཆེན་
པོ་ལག་ན་རྡོ་རྗེ་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་གང་གིས་འདི་
ལྟར་ཡིད་ཀྱིས་ཕྱག་འཚལ་ན་ཡང་དེས་དེ་བཞིན་གཤེགས་པ་སྟོང་ཕྲག་དགུ་ལ་ཕྱག་བྱས་པར་འགྱུར་རོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་ལག་ན་རྡོ་རྗེའི་རྐང་པ་གཉིས་ལ་གཏུགས་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱོད་དེ་བཞིན་

གཤེགས་པས་བསྟོད་ཅིང་བཀུར་ཏེ་བསྔགས་ལ་ལེགས་སོ་ལེགས་སོ། །བརྩོན་འགྲུས་དང་བརྟུལ་བ་ཆེན་པོ་དང་ལྡན་པ་ལེགས་སོ་ཞེས་བྱ་བ་སྨྲས་སོ། །དེ་ནས་གཞོན་ནུ་རྡོ་རྗེ་སྡེས་བཅོམ་ལྡན་འདས་ཀྱི་ཞབས་དང་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ཏེ། བྱང་
ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་བདག་ཀྱང་རིག་པ་མཆོག་ལ་དགའ་བས་གང་གིས་རིག་པ་མཆོག་བསྒྲུབ་པའི་རིག་སྔགས་འཆང་དེ་ལ་གནོད་སྦྱིན་ཐམས་ཅད་དང་། ལོག་འདྲེན་ཐམས་ཅད་དང་། རིག་སྔགས་འཆང་ཐམས་ཅད་
དང་། གྲུབ་པ་ཐམས་ཅད་དང་། ཀླུ་ཐམས་ཅད་དང་། ཡི་དགས་ཐམས་ཅད་དང་། གྲུལ་བུམ་ཐམས་ཅད་བགེགས་བགྱིད་པར་མི་འགྱུར་བར་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་གསང་སྔགས་སྩལ་བར་བགྱིའོ། །དེ་ནས་གནོད་སྦྱིན་གྱི་དབང་པོ་ལག་ན་རྡོ་རྗེས་གཞོན་ནུ་རྡོ་
རྗེ་སྡེ་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟངས་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པར་བརྩོན་པ་ལེགས་སོ། །བཞིན་བཟངས་ཁྱོད་རིག་པ་མཆོག་གི་དོན་གྱི་ཕྱིར་གསང་སྔགས་སྨྲོས་ཤིག །དེ་ནས་ཕས་གནང་བས་གཞོན་ནུ་རྡོ་
རྗེ་སྡེ་དགའ་མགུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས་ལོག་འདྲེན་ངེས་པར་གཞིག་པའི་གསང་སྔགས་སྨྲས་པ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨ་ཡ། ནམཿསཾ་གྷ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་སྱ་ནཱ་ཡ། ཀུ་མཱ་
ར་རཱུ་པ་དྷཱ་ར་ཎི། ཨ་པྲ་ཏི་ཧ་ཏཱ་ཡ། མ་ཧཱ་བ་ལ་པ་རཱ་ཀྲ་མཱ་ཡ། ཙ་ལ་ཙ་ལ། ཀུ་ལ་ཀུ་ལ། མ་ཐ་མ་ཐ། ནཱ་ཤ་ཡ་སརྦ་བིགྷྣཱན། བི་ནཱ་ཡ་ཀཱཾ། བནྡྷ་བནྡྷ། སྥོ་ཊ་ཡ་སྥོ་ཊ་ཡ། མ་ར་མ་ར། བྷིནྡ་བྷིནྡ། ཡེ་མ་མ་དུཥྚ། ཙིནྟ་སྟྭཾ་མྱ་ཀྲིནྟ་ཛམྦྷ་མོ་ཧ་མ་ཡ་
ནི། སུམྦྷ་ཡ་སྟམྦཱ་ཡ་སྭཱ་ཧཱ། སྒྲུབ་པའི་དུས་ན་གྲོག་མཁར་གྱི་ས་ལས་རྡོ་རྗེ་བགྱིས་ཏེ་བསྲུང་བར་བགྱིའོ། །བསྲུང་བའི་དུས་ན་ཏིལ་ནག་པོས་སྦྱིན་སྲེག་བརྒྱ་སྟོང་བགྱིས་ན་བགེགས་ཐམས་ཅད་བཅོམ་པར་འགྱུར་རོ། །སྒྲུབ་པའི་དུས་ན་ལན་བདུན་བཟླས་བརྗོད་བགྱིས་

པའི་ཡུངས་ཀར་གྱིས་མཚམས་བཅད་དོ། །རྐང་རྗེས་ཀྱི་སའམ་ཐལ་བ་ལ་ལན་གསུམ་བཟླས་བརྗོད་བགྱིས་ཏེ་བསྲུང་བ་བགྱིའོ། །སྒྲུབ་པའི་དུས་ན་འཇིམ་པ་ལས་རྡོ་རྗེ་སྡེའི་གཟུགས་བགྱིས་ཏེ། སྦོས་དང་མེ་ཏོག་དང་བདུག་པས་མཆོད་ལ་རིག་པ་ལན་བརྒྱ་སྟོང་བཟླས་
བརྗོད་བགྱིས་ན་བསྒྲུབ་པའི་ཚེ་བྱིན་གྱིས་རློབ་པར་བགྱིད་ཅིང་དངོས་གྲུབ་ཏུ་འགྱུར་རོ། །ལྷ་རྣམས་དབབ་ན་གུ་གུལ་གྱི་བདུག་པས་བགྱིའོ། །ཀླུ་དཀྲུགས་པར་བགྱི་ན་རྡོ་རྗེའི་ཕྱག་རྒྱ་བགྱིས་ལ་ལག་ན་རྡོ་རྗེའི་མདུན་དུ་བཟླས་བརྗོད་ལན་བརྒྱད་བརྒྱ་བགྱིས་ཏེ། གང་ན་ཀླུ་གནས་
པའི་མཚོ་དེར་བོར་ན་ཀླུ་ཐམས་ཅད་སྐྲག་པར་འགྱུར་རོ། །དྲི་ཟ་རྣམས་གཡོས་པར་བགྱི་ན་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་དུར་ཁྲོད་ཀྱི་སོལ་བས་དྲི་ཟའི་གཟུགས་བྲིས་ལ་དེའི་ལྟོ་བར་སྲིན་ལག་བཞག་སྟེ། རིག་པ་ལན་
བརྒྱ་སྟོང་བརྗོད་ན་སྙིང་པོ་བརྗོད་པས་མཆི་བར་འགྱུར་རོ། །མཆིས་ནས་བར་སྣང་ལས་སྨན་འདོར་ཏེ། དེ་འཚལ་ན་ཐོས་པ་འཛིན་པར་འགྱུར། དྲི་ཟ་ཐམས་ཅད་ཀྱང་བསྲུང་བར་འགྱུར་རོ། །གནོད་སྦྱིན་རྣམས་བརླག་པར་བགྱི་ན་ཕྱོགས་གང་ན་གནོད་སྦྱིན་ནམ། གནོད་
སྦྱིན་མོ་གནས་པའི་ཕྱོགས་དེར་མཆིས་ལ་ལྕགས་ཕུར་སོར་བཞི་པ་བླངས་ཏེ། ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ་བཙུགས་ན་གནོད་སྦྱིན་འབྲོས་པར་འགྱུར་རོ། །ཅི་སྟེ་བསྒྲུབ་པར་འཚལ་ན་རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སངས་རྒྱས་ཀྱི་
གཟུགས་གསེར་གྱི་མདོག་ཅན་བྲི་བར་བགྱིའོ། །དེའི་གཡོན་རོལ་ཏུ་ལག་ན་རྡོ་རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲིའོ། །དེ་བཞིན་གཤེགས་པའི་གཡས་རོལ་དུ་རྡོ་རྗེ་སྡེ་གཞོན་ནུའི་གཟུགས་འཛིན་པ་གསེར་གྱི་མདོག་ཅན་ལག་པ་གཡོན་པ་ན་པདྨ་
གཡས་པས་དམ་པ་སྦྱིན་པར་བྲིའོ། །དེའི་འོག་རོལ་ཏུ་སྒྲུབ་པ་པོ་ལག་ན་པོག་ཕོར་ཐོགས་པ་བྲིའོ། །དེ་ནས་རིག་སྔགས་འཆང་གིས་ཟླ་བ་ཕྱེད་ཟས་སུ་འོ་སྐྱོ་འཐུང་ཞིང་རིག་པ་བཟླས་བརྗོད་བགྱིའོ། །དེ་ནས་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། །རྒྱ་

ཆེར་མཆོད་ལ་གཏོར་མ་ཡང་རྒྱ་ཆེར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་སྣ་མའི་མེ་ཏོག་བརྒྱ་སྟོང་གིས་དེ་བཞིན་གཤེགས་པ་ལ་ཕོག་པར་བགྱིའོ། །དངོས་གྲུབ་ཀྱི་མཚན་མར་ནི་མར་མེའི་མེ་ལྕེ་གྱེན་དུ་མཆི་ལ་སྤུ་ཟིང་ཞེས་བགྱིད་ན་དངོས་གྲུབ་ཏུ་
འགྱུར་རོ། །ཡིད་ཀྱིས་གང་བསམས་པ་དེ་སྩོལ་ཏེ་རིག་སྔགས་འཆང་ཉིད་དང་འདོད་པ་དང་ལྡན་པ་ནི་མ་གཏོགས་སོ། །ལས་ཐམས་ཅད་དུ་ཡང་སྦྱར་བར་བགྱི་སྟེ་ཡིད་ཀྱིས་ལས་བགྱིའོ། །རྡོ་རྗེ་སྡེའི་ཆོ་ག་རྫོགས་སོ།། །།དེ་ནས་མུ་དྷ་ད་ཀས་ལག་ན་
རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་བདག་ནི་ཁྱོད་ཀྱི་རིག་སྔགས་ཀྱི་ཆོ་ག་རྒྱས་པ་ཐམས་ཅད་ལ་བགེགས་བགྱིད་པ་ལགས་མོད་ཀྱི། གང་དག་རིག་པ་མཆོག་བསྒྲུབ་པ་དེ་དག་ལ་བདག་སླར་བཅིང་བ་སྩལ་བར་བགྱིའོ། །བདག་བཅིངས་ན་རིག་སྔགས་འཆང་བ་དེ་ལ་
སུ་ཡང་བགེགས་བགྱིད་པར་མི་འགྱུར་རོ། །བཞིན་བཟངས་དེ་དེ་བཞིན་ཏེ། བདག་བཅིང་བ་སྨྲོས་ཤིག་སྨྲོས་ཤིག །དེ་ནས་མུ་དྷ་ད་ཀས་ལག་ན་རྡོ་རྗེའི་རྐང་པ་གཉིས་ལ་གཏུགས་ཏེ། བདག་བཅིང་བའི་གསང་སྔགས་སྨྲས་པ། ན་མོ་རཏྣ་ཏྲ་ཡ་སྱ། ན་མ་ཤྩཎྜ་
བཛྲ་པཱ་ཎི་སྱ། ཏ་དྱ་ཐ། རྫི་རྫི་རུ་རུ་ཁ་རི་བི་ཁ་རི། ཏིཥྛ་ཏིཥྛ། ཙ་ལ་ཡ་ཙ་ལ་ཡ། བཛྲ་པཱ་ཎི་སྱ། ཨ་ཀྲོ་དྷ་བྷ་ཤ་དྷཾ། སྨ་ར་སྨ་ར། བྷནྡྷ་བྷནྡྷ་སྭཱ་ཧཱ། ལག་ན་རྡོ་རྗེ་དང་མུ་དྷ་དཀའི་མདུན་དུ་མེ་ཏོག་དམར་པོ་དང་བདུག་པས་མཆོད་ལ། དེ་ནས་སྒྲུབ་པའི་དུས་ན་སྲད་
བུ་དཀར་པོ་ལ་མདུད་པ་གསུམ་དོར་རོ། །སུ་ཞིག་རྟག་ཏུ་འཆང་བ་དེ་ལ་ཐམས་ཅད་དངོས་གྲུབ་ཏུ་འགྱུར་རོ། །སྒྲུབ་པ་ཐམས་ཅད་དང་ལས་ཐམས་ཅད་དུ་ཡང་སྤྲ་ཚིལ་ལས་མུ་དྷ་དཀའི་གཟུགས་བགྱིས་ཏེ། ལག་པ་གཡོན་ན་མདུང་རྩེ་གསུམ་པ་ཐོགས་པར་བགྱིའོ། །
དེ་ནས་རིག་སྔགས་འཆང་གིས་ཙན་དན་དམར་པོའི་མདུང་རྩེ་གསུམ་པས་སྙིང་གར་བཙུགས་པ་དེའི་འོག་ཏུ་རྡེའུ་ནག་པོས་བཀང་སྟེ། དངོས་གྲུབ་སྩལ་གྱི་བར་དུ་གཞག་པར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་མདུང་རྩེ་གསུམ་པ་ཕྱུང་ལ་འོ་མས་བཀྲུས་ཏེ། རིག་

པ་ཡང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་ཐམས་ཅད་བགྱིའོ། །གལ་ཏེ་ལས་དེ་ལྟར་མ་བགྱིས་ན་དངོས་གྲུབ་ཏུ་མི་འགྱུར་རོ། །མུ་དྷ་ད་ཀའི་བསྒྲུབ་པ་ལགས་ཏེ། རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སངས་རྒྱས་ཀྱི་གཟུགས་གསེར་གྱི་
ཁ་དོག་ཅན་བྲི་བར་བྱའོ། །དེ་བཞིན་གཤེགས་པའི་གཡོན་རོལ་དུ་ལག་ན་རྡོ་རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲིའོ། །དེ་བཞིན་གཤེགས་པའི་གཡས་རོལ་དུ་ནི་འཕགས་པ་ཀུན་དགའ་བོ་གསེར་གྱི་མདོག་ཅན་ལག་ན་རྔ་ཡབ་ཐོགས་པ་བྲིའོ། །
ལག་ན་རྡོ་རྗེའི་འོག་ལོགས་སུ་མུ་དྷ་ད་ཀ་མདོག་དམར་ལ་མིག་གསུམ་པ་འདོད་པའི་གཟུགས་འཛིན་པ་གད་མོ་རྟ་སྐད་འབྱིན་ཅིང་། ལག་པ་གཡས་པ་ཁ་འགྲམ་དུ་བཞག་པ་བྲིའོ། །དེ་ནས་རིག་སྔགས་འཆང་གིས་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་
བ་བགྱིས་ལ་རི་མོའི་གཟུགས་ལ་མཆོད་པ་རྒྱ་ཆེར་བགྱིས་ལ་དེའི་མདུན་དུ་ཨ་ཀརྵའི་ཤིང་གིས་ཞུགས་བུས་ལ་ཡུངས་ཀར་དང་། ཏིལ་ནག་པོ་དང་། འབྲས་ཡོས་དང་། འདི་རྣམས་མར་དང་བསྲེས་ལ་ལན་བརྒྱ་སྟོང་བགྱིས་ན་རི་མོའི་གཟུགས་ཀྱི་མེ་ཏོག་གི་ཕྲེང་བ་
འགུལ་བར་འགྱུར་ཏེ་དངོས་གྲུབ་ཏུ་འགྱུར་རོ། །དངོས་གྲུབ་ཏུ་གྱུར་ན་རྡོ་རྗེའི་རིགས་ཐམས་ཅད་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །ལས་གཞན་དག་ཀྱང་བགྱིས་ཏེ། སྦྲུལ་གྱིས་ཟིན་པ་དབབ་ན་སྲ་རྩི་པོག་གི་བདུག་པས་བགྱིའོ། །གདོན་བསྐྲད་ན་རྐང་རྗེས་ཀྱིས་ལག་མཐིལ་ཏུ་
མདུང་རྩེ་གསུམ་པ་བྲིས་ལ་བསྟན་ན་གདོན་ངུ་ཞིང་འབྲོས་སོ། །སྐྱེས་པ་དང་བུད་མེད་དབང་དུ་བགྱི་ན་མུ་དྷ་ད་ཀ་ལ་ཕྱག་བགྱིས་ལ་གདུགས་གང་ཡང་རུང་སྟེ། ཤླེ་སྨེ་ཏ་ཀའི་ཤིང་གིས་ཞུགས་བུས་ལ་བ་རུ་རའི་མེ་ཏོག་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། །
མོ་མཚན་བཅིང་བར་འཚལ་ན་དུར་ཁྲོད་ཀྱི་ཐལ་བ་དུར་ཁྲོད་ཀྱི་རས་ཀྱིས་བཅིངས་ལ་རིག་པ་ཡང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན་མོ་མཚན་བཅིངས་པར་འགྱུར་རོ། །དགྲོལ་ན་དབྱེའོ། །བྱིས་པ་གདོན་སྐེམ་བྱེད་ཀྱིས་ཟིན་པ་རྣམས་ནི་ཆབ་ལ་ལན་བརྒྱ་རྩ་

བརྒྱད་བཟླས་བརྗོད་བགྱིས་ཏེ་བཀྲུས་ན་སོས་པར་འགྱུར་རོ། །འབྱུང་པོ་དང་འདྲེ་དང་ཀླུ་རྣམས་བསྐྲད་ན་ཐལ་མོ་བརྡབས་པས་བགྱིའོ། །ཨཱརྱ་མུ་དྷ་ད་ཀའི་ཆོ་ག་རྫོགས་སོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་བླ་གོས་
ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ལག་ན་རྡོ་རྗེ་ལ་གསང་སྔགས་སྩལ་བར་བགྱིའོ། །ལག་ན་རྡོ་རྗེ་འདི་ནི་ཁྲོ་བོ་གོས་དཀར་མོའི་སྙིང་པོ་
བཏོན་པ་ཙམ་གྱིས་འགྲུབ་པ་སྟེ། འདི་ནི་ཁོ་བོས་བརྗོད་པར་བགྱིའོ། །འདི་བཏོན་པ་ཙམ་གྱིས་སེམས་ཅན་ཐམས་ཅད་རེངས་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བྷ་ག་བ་ཏེ། ཨོྃ་བྷ་ཡ་ནཱ་ཤ་ནེ་ཏྲཱ་ས་ནེ་ཏྲཱ་ས་ཡ། བྷྲྀ་ཀུ་ཊཱི་ཏ་ཏི་བེ་ཏ་ཏི་སྭཱ་ཧཱ། རིག་པ་
འདི་བཏོན་པ་ཙམ་གྱིས་བགེགས་ཐམས་ཅད་བཅོམ་པར་འགྱུར་རོ། །བདག་བསྲུང་ན་ཐལ་བ་ལ་ལན་བདུན་བཟླས་བརྗོད་བགྱིས་པས་བགྱིའོ། །གཞན་བསྲུང་ན་སྤྱི་བོར་ལན་གསུམ་བཟླས་བརྗོད་བགྱིས་ཏེ་སྐྲ་མདུད་པར་བགྱིའོ། །སེམས་ཅན་ཐམས་ཅད་རེངས་པར་བགྱི་ན་
ཡིད་ཀྱིས་བགྱིའོ། །དབང་དུ་བགྱི་ན་ཡར་གྱི་ངོ་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བགྱིས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་བྱང་ཆུབ་ཀྱི་ཤིང་གིས་ཞུགས་བུས་ལ་ཏིལ་གྱིས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། །མ་རུངས་པར་བགྱི་
འཚལ་ན་མི་རུས་ཀྱི་ཕུར་བུ་བླངས་ལ་ལན་བརྒྱ་སྟོང་སྔགས་ཀྱིས་བཏབ་སྟེ། །དགྲའི་ཁྱིམ་དུ་བཙུགས་ན་དགྲ་མ་རུངས་པར་འགྱུར་རོ། །དགྲ་དགུམ་ན་མར་གྱི་ངོ་ཞག་བརྒྱད་ལ་དུར་ཁྲོད་ཀྱི་ཐལ་བ་བླངས་ཏེ་དུར་ཁྲོད་ཀྱི་ཞུགས་སུ་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་འགུམ་མོ། །
སྐམ་པར་འདོད་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ཆབ་ལྟེ་བ་ནུབ་ཙམ་དུ་ཞུགས་ལ་དགྲའི་སྲོག་བསྐམས་ཀྱི་བར་དུ་བཟླས་བརྗོད་བགྱིའོ། །མཚམས་བཅད་པར་འཚལ་ན་སེང་ལྡེང་གི་ཕུར་པ་སོར་བཞི་པ་བླངས་ཏེ་ཕུར་བུ་རེ་རེ་ལ་ཡང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་ཕྱོགས་

བཞིར་བཙུགས་ན་མཚམས་བཅད་པར་འགྱུར་རོ། །ཡུལ་འཁོར་བཅིང་ན་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་པའི་ཆབ་ཀྱིས་བགྱིའོ། །སེམས་ཅན་རྣམས་བསྐྲད་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཡུངས་ཀར་གྱིས་བགྱིའོ། །ལིག་བུ་མིག་དང་ལྡོང་
རོས་བསྒྲུབ་ན་ཟླ་བ་གཅིག་ཟས་སུ་འོ་སྐྱོ་འཚལ་ཞིང་ཡར་གྱི་ངོ་ཚེས་བརྒྱད་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་ཤིང་ཨ་ཤྭཏྠའི་ལོ་མ་བདུན་གྱི་སྟེང་དུ་ལིག་བུ་མིག་དང་ལྡོང་རོས་བཞག་པ་
དངོས་གྲུབ་གསུམ་བྱུང་གི་བར་དུ་བཟླས་བརྗོད་བགྱིའོ། །འབར་ན་ནི་ལོ་སྟོང་ཐུབ་པར་འགྱུར་རོ། །རིག་སྔགས་འཆང་སྐྲ་ལྕང་ལོ་འཁྱིལ་པ་ཅན་དུ་འགྱུར་རོ། །དུ་བ་འཐུལ་ན་ནི་མི་གདའ་བར་འགྱུར་རོ། །ལོ་དགུ་སྟོང་ཐུབ་པར་འགྱུར་རོ། །ཡུལ་འཁོར་མ་རུངས་པར་
བགྱིད་པར་འཚལ་བས་མར་གྱི་ངོ་ཞག་བརྒྱད་ལ་དུར་ཁྲོད་ཀྱི་ཤིང་གིས་ཞུགས་བུས་ལ་ཡུངས་ཀར་དང་དུག་དང་། ཁྲག་དང་བསྲེས་ལ་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ཡུལ་འཁོར་མ་རུངས་པར་འགྱུར་རོ། །མར་གྱིས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ཞི་བར་འགྱུར་རོ། །
དགྲ་དགུམ་ན་ཚེས་གྲངས་དང་སྐར་མ་འདམ་མི་འཚལ་ཏེ་ལུང་ཐང་གི་ཤིང་གིས་ཞུགས་བུས་ལ་ཤིང་ཨརྐའི་ལོ་མ་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ཞག་གསུམ་ན་འགུམ་མོ། །ཤགས་འགྱེད་ན་རིག་པ་བཟླས་བརྗོད་བགྱིས་ལ་གདོང་ལ་བྱུགས་ན་རྒྱལ་བར་འགྱུར་རོ། །ཁྲོས་
པའི་མདུན་དུ་བཟླས་བརྗོད་བགྱིས་ན་དགའ་བར་འགྱུར་རོ། །ཡུགས་ས་མོ་དབང་དུ་བགྱི་བར་འཚལ་བས་ཡར་གྱི་ངོ་ཞག་བརྒྱད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་མེ་ཏོག་དཀར་པོ་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། །དགྲ་ཚར་བཅད་
ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་དུ་བ་མ་མཆིས་པའི་མེ་མདག་ལ་རྒྱ་སྐྱེགས་ཀྱིས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིའོ། །བཟླས་བརྗོད་བགྱིས་ན་གང་འདོད་པ་དེ་རྙེད་པར་འགྱུར་རོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་དཀྱིལ་འཁོར་བཅིང་ན་ཡུངས་ཀར་

ལ་ལན་བདུན་བཟླས་བརྗོད་བགྱིས་པས་བགྱིའོ། །ཆུ་སྲིན་ཀུམ་བྷི་རའི་ཁ་བཅིང་ན་གསེག་མ་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ་ཆབ་ཏུ་བོར་ན་ཁ་བཅིང་བར་འགྱུར་རོ། །སེང་གེ་དང་། སྟག་དང་། མ་ཧེ་དང་། གླང་པོ་ཆེ་དང་། རྒྱལ་པོ་དང་
ཆོམ་རྐུན་གྱི་ནང་དུ་ཆུད་ན་བསམ་པར་བྱའོ། །རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སངས་རྒྱས་ཀྱི་སྐུ་གཟུགས་བྲི་བར་བྱ་སྟེ། གཡོན་རོལ་དུ་ནི་ལག་ན་རྡོ་རྗེ། གཡས་རོལ་དུ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། །དེ་བཞིན་
གཤེགས་པ་ནི་གསེར་གྱི་མདོག་ཅན་དུ་བྲིའོ། །ལག་ན་རྡོ་རྗེ་ནི་ལོ་བཅུ་དྲུག་ཙམ་ལོན་པའི་གཟུགས་འདྲ་བ། ཁ་དོག་སྔོ་བ་སངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྲིའོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་གཡས་རོལ་དུ་ནི་ལྷ་མོ་བྲི། དེ་ཡང་འདམ་བུ་
མདའ་རྒྱུ་ལྟར་དཀར་བའོ། །འཕགས་པ་སྤྱན་རས་གཟིགས་ཀྱང་དེ་དང་འདྲའོ། །ལྷ་མོ་ནི་པདྨོའི་ཕྲེང་བས་བརྒྱན་པར་བྲིའོ། །དེའི་འོག་རོལ་ཏུ་སྒྲུབ་པ་པོ་པོག་ཕོར་ཐོགས་པ་བྲིའོ། །སྒྲུབ་པ་པོ་ཟླ་བ་གཅིག་གི་བར་དུ་ཟས་སུ་འོ་སྐྱོ་འཚལ་ཞིང་ཡར་གྱི་ངོ་ཚེས་བརྒྱད་
ལ་མཆོད་པ་རྒྱ་ཆེན་པོ་བགྱིས་ཏེ། །ལྷ་མོ་ལ་འོད་ཟེར་བྱུང་གི་བར་དུ་བཟླས་བརྗོད་བགྱིའོ། །འོད་ཟེར་དེ་དེ་བཞིན་གཤེགས་པའི་ཞབས་ཀྱི་མཐེ་བོར་ནུབ་པར་འགྱུར་རོ། །དེ་ནས་དངོས་གྲུབ་ཏུ་འགྱུར་ཏེ་རྒྱལ་པོ་ཉིད་སྩོལ་ཏོ། །ཡིད་ཀྱིས་གང་བསམས་པ་དེ་དག་
ཐམས་ཅད་འབྱོར་ཏོ། །ཡར་གྱི་ངོ་ཟླ་བ་ཉ་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་པདྨ་འབུམ་བོར་ན་ལྷ་མོ་ཉིད་མཐོང་ངོ་། །དམ་པ་གང་བླངས་པ་དེ་སྙེད་དེ་རྒྱལ་པོ་ཉིད་དམ། རིག་སྔགས་འཆང་ཉིད་དུ་འགྱུར་རོ། །ཐ་མར་
ཞག་གསུམ་སྨྱུང་བ་བགྱིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཆོ་ག་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་ངས་ཀྱང་གང་གིས་རྡོ་རྗེའི་རིགས་དང་། ཆོ་ག་རྒྱས་པ་

ཆེན་པོ་གཞན་དག་ཀྱང་འགྲུབ་པར་འགྱུར་བའི་གསང་སྔགས་ཀྱི་ཆོ་ག་རྒྱས་པ་འདིར་སྦྱིན་པར་བགྱིའོ། །དེ་ལྟ་བས་ན་ཆོ་ག་རྒྱས་པ་ཐམས་ཅད་དུ་འདི་གཅིག་པུ་སྦྱར་བར་བགྱིའོ། །ལག་ན་རྡོ་རྗེ་འདི་དྲན་པ་ཙམ་གྱིས་རིག་པའི་ལྷ་ཐམས་ཅད་མངོན་དུ་འགྱུར་རོ། །ན་མཿ
སརྦ་ཏ་ཐཱ་ག་ཏེ་བྷྱོ་བྷ་ག་བདྡྷྱཿ ཨོྃ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྚ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ལག་ན་རྡོ་རྗེ་སྤྱན་འདི་ནི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བཅུས་དགོངས་ཏེ། ངས་ཀྱང་དེ་ལྟར་སེམས་ཅན་རྣམས་ཀྱི་དོན་དང་ཁྲོ་
བོ་རྣམས་དགའ་བར་བྱ་བ་དང་གདུལ་དཀའ་བ་རྣམས་གདུལ་བའི་ཕྱིར་བཤད་དོ། །རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སྦྱིན་དང་མ་འདྲེས་པའི་ཚོན་གྱིས་སངས་རྒྱས་ཀྱི་སྐུ་གཟུགས་གསེར་གྱི་མདོག་ཅན་ཆོས་སྟོན་པ་བྲི་བར་བྱའོ། །དེའི་གཡས་
རོལ་དུ་འཕགས་པ་ལག་ན་རྡོ་རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཆོས་ཉན་པ་བྲིའོ། །དེ་བཞིན་གཤེགས་པའི་གཡོན་རོལ་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་འདམ་བུ་མདའ་རྒྱུ་ལྟར་དཀར་བ། སྐྲའི་ཐོར་གཙུག་དང་ཅོད་པན་ཅན་
སྟག་ལྤགས་ཀྱི་ཤམ་ཐབས་གྱོན་པ་ལག་ན་རྔ་ཡབ་ཐོགས་པ་བྲི་བར་བྱའོ། །དེ་ནས་ཟླ་བ་ཕྱེད་ཟས་སུ་འོ་སྐྱོ་འཐུང་ཞིང་རིག་པ་བཟླས་བརྗོད་བྱའོ། །དེ་ནས་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། རི་མོའི་གཟུགས་ལ་མཆོད་པ་རྒྱ་ཆེར་
བྱས་ལ་རིག་པ་ལན་བརྒྱ་སྟོང་བཟླས་བརྗོད་བྱའོ། །དེ་བཞིན་གཤེགས་པའི་གློ་གཡས་ནས་འོད་ཟེར་བྱུང་སྟེ། ལག་ན་རྡོ་རྗེ་ལ་ནུབ་ན་གྲུབ་པར་འགྱུར་རོ། །རྒྱལ་པོ་ཉིད་དམ་རིག་སྔགས་འཆང་ཉིད་དེ་དམ་པ་གཉིས་སྦྱིན་པར་བྱེད་དོ། །རྒྱལ་པོ་ཉིད་དུ་གྱུར་
ན་རིག་སྔགས་འཆང་རྣམས་ཀྱི་འཁོར་ལོས་སྒྱུར་བར་འགྱུར་རོ། །རིག་སྔགས་འཆང་ཉིད་དུ་གྱུར་ན་ནི་རིག་སྔགས་འཆང་དྲུག་ཁྲིའི་བདག་པོ་ཉི་མ་ཤར་བ་ལྟ་བུའི་མདོག་ཅན་ལོ་བཅུ་དྲུག་ལོན་པ་ལྟ་བུའི་ལུས་སུ་འགྱུར་རོ། །ལོ་ཁྲི་བཞི་སྟོང་ཐུབ་པར་འགྱུར་རོ། །

སེམས་ཅན་ཐམས་ཅད་ཀྱི་སྐད་ཅེས་པར་འགྱུར་རོ། །སློངས་མོའི་ཟས་བཟའ་ཞིང་རི་བོའི་རྩེ་མོར་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་མེ་ཏོག་དཀར་པོ་ཞོ་དང་སྦྲང་རྩི་དང་མར་ལ་སྨྱུགས་པ་འབུམ་སྦྱིན་སྲེག་བྱ་ཞིང་ལན་འབུམ་བཟླས་བརྗོད་
བྱས་ན། དེ་བཞིན་གཤེགས་པའི་གཟུགས་མངོན་སུམ་དུ་འགྱུར་ཏེ། མཐོང་ནས་གང་བསྒྲུབ་པ་དེ་འགྲུབ་བོ། །སུ་ཞིག་རྟག་ཏུ་ལན་གསུམ་བརྗོད་ཅིང་ཕྱག་ཀྱང་འཚལ་ན་དེས་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བཅུ་ལ་བསྟི་སྟང་བྱས་པ་དང་བླ་མར་བྱས་པ་དང་རི་མོ་
བྱས་པ་དང་མཆོད་པ་བྱས་པར་འགྱུར་རོ། །གང་གི་ཚེ་ཤི་བ་དེའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བྱས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ལ་ཙན་དན་དཀར་པོས་དཀྱིལ་འཁོར་བྱུགས་ཏེ། རིག་པ་ལན་
བརྒྱ་སྟོང་བཟླས་བརྗོད་བྱས་ན་དེ་ནས་དངོས་གྲུབ་ཏུ་འགྱུར་རོ། །དེའི་འོག་ཏུ་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །མིག་ལ་ལན་བདུན་བསྔགས་ན་གང་མཐོང་བ་དེ་དབང་དུ་འགྱུར་རོ། །ལག་ན་རྡོ་རྗེའི་མདུན་དུ་ལྡོང་རོས་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ནས་མིག་
ལ་བསྐུས་ན་གང་མཐོང་བ་དེ་དབང་དུ་འགྱུར་རོ། །རྐང་རྗེས་ཀྱིས་བླངས་ལ་ལན་བདུན་སྔགས་ཀྱིས་བཏབ་ནས་བུད་མེད་གང་གི་མགོ་བོར་གཏོར་ན་དེ་དབང་དུ་འགྱུར་རོ། །བདག་གི་མཆིལ་མ་ལ་ལན་བདུན་བསྔགས་ཏེ་ཐིག་ལེ་བྱས་ན་གང་མཐོང་བ་དེ་དབང་དུ་
འགྱུར་རོ། །གང་གི་མིང་ནས་བརྗོད་དེ་ཡུངས་ཀར་ལ་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་པས་དེ་དབང་དུ་འགྱུར་རོ། །བུད་མེད་དབང་དུ་བྱ་ན་ཏིལ་ནག་པོ་ལས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱ་ཞིང་མིང་ནས་ཀྱང་བརྗོད་ན་དབང་དུ་འགྱུར་རོ། །ཀྲྀཥྞ་ཙ་ཏུར་ད་ཤྱེ་ན་ཤྭེ་ཏ། ཕུཥྞན་
མ་ཨཥྚ་ས་ཧ་སྲེ་ན། བཛྲ་པཱ་ཎི་ར་ཧ་ན་ཏ་བ་སྱ། རཱ་ཛ་པ་ད་ནི་ཡ་ཤྭ་བ་ཏི། ལྡོང་རོས་ཀྱིས་ལག་མཐིལ་དུ་གཟུགས་བྲིས་ལ་མིང་ནས་བརྗོད་ཅིང་ཉི་མ་ལ་བལྟས་ཏེ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་དབང་དུ་འགྱུར་རོ། །དུར་ཁྲོད་ཀྱི་སོལ་བ་བླངས་ཏེ་རྩིག་

ངོས་ལ་གཟུགས་བྲིས་ལ་མོ་མཚན་གྱི་སྟེང་དུ་མཛུབ་མོ་བཞག་སྟེ། ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་དབང་དུ་འགྱུར་རོ། །སྤྲ་ཚིལ་ལས་གཟུགས་བྱས་ཏེ་ལྡེན་པ་གཡས་པར་བཞག་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་དབང་དུ་འགྱུར་རོ། །གིའུ་ཝང་
དང་ཤུ་དག་དང་དུང་གི་ལྟེ་བ་དང་རྒྱ་སྤོས་རྣམས་བསྲེས་ཏེ་བཏགས་ལ་རིག་པ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ཏེ་ཟས་དང་སྐོམ་དང་བཟའ་བའི་ནང་དུ་བཏབ་ན་དབང་དུ་འགྱུར་རོ། །དུར་ཁྲོད་ཀྱི་ཐལ་བ་བླངས་ལ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་
གང་ལ་གཏོར་བ་དེ་དབང་དུ་འགྱུར་རོ། །ལག་ན་རྡོ་རྗེའི་མདུན་དུ་མེ་ཏོག་དཀར་པོ་བརྒྱད་བརྒྱ་གཏོར་ན་དབང་དུ་འགྱུར་རོ། །དུར་ཁྲོད་ཀྱི་སོལ་བ་བླངས་ཏེ་རྩིག་ངོས་ལ་གཟུགས་བྲིས་ལ་ཤིང་ཀར་བཱི་རའི་མེ་ཏོག་བརྒྱ་རྩ་བརྒྱད་མོ་མཚན་དུ་ཕོག་པར་བྱས་ན་དབང་དུ་འགྱུར་རོ། །
བ་ལང་གི་ལྕི་བ་ས་ལ་མ་ལྷུང་བ་བླངས་ཏེ་ཞི་བའི་མཚན་གཅིག་བྱས་ལ་དེའི་མདུན་དུ་རྩྭ་ཀུ་ཤ་ལས་མདུང་རྩེ་གསུམ་བྱས་པས་ཉི་མ་གསུམ་དུ་ཡུངས་ཀར་དང་ཞོ་དང་སྦྲང་རྩི་བསྲེས་པའི་སྲེག་བླུགས་ལན་བདུན་བདུན་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །ལག་ན་རྡོ་རྗེའི་
མདུན་དུ་ལྡུམ་བུ་བ་ཤ་ཀའི་ཡམ་སྲེག་ཤིང་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །གཞོན་ནུ་མ་དབང་དུ་བྱ་ན་ཨ་རང་ག་ནི་མེ་ཏོག་བརྒྱ་སྟོང་གིས་ལག་ན་རྡོ་རྗེ་ལ་ཕོག་པར་བྱས་ན་གཞོན་ནུ་མ་དབང་དུ་འགྱུར་རོ། །ཡུགས་ས་མོ་དབང་དུ་བྱ་ན་ལག་ན་རྡོ་རྗེའི་
མདུན་དུ་མོན་སྲན་གྲེའུ་སྦྱིན་སྲེག་བྱ་ཞིང་མིང་ནས་ཀྱང་བརྗོད་ན་དབང་དུ་འགྱུར་རོ། །ཐལ་བ་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ་བུད་མེད་ལ་གཏོར་ན་དབང་དུ་འགྱུར་རོ། །བུད་མེད་ཀྱི་མདུན་དུ་རིག་པ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་དབང་དུ་འགྱུར་རོ། །ཤིང་
བུ་སོར་བཞི་པ་བླངས་ཏེ་གཡབས་ན་འོང་ཞིང་དབང་དུ་འགྱུར་རོ། །མེ་ཏོག་དཀར་པོ་བླངས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ལ་བུད་མེད་མཐོང་བར་གཡབས་ན་འོང་ཞིང་དབང་དུ་འགྱུར་རོ། །གཞན་ཡང་ལས་བྱེད་འདོད་ན་བུ་མོ་གཙང་མས་

བཀལ་བའི་སྐུད་པ་བརྐྱང་ནས་བླངས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ཉིས་ཁུགས་དང་བཞི་ཁུགས་བྱས་པ་བཞག་ལ་བཟླས་བརྗོད་བྱས་ཏེ་གཅིག་ལ་གཅིག་འཁྲིལ་ན་དགོངས་པ་འགྲུབ་པར་འགྱུར་རོ། །གི་ཝང་སྒྲུབ་པར་འདོད་པས་ཉི་མ་བདུན་དུ་ཟས་སུ་འོ་སྐྱོ་
འཐུང་ཞིང་ཡར་གྱི་ངོ་ཚེས་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེ་ལ་མཆོད་པ་རྒྱ་ཆེར་བྱས་ལ་གི་ཝང་པདྨའི་སྟེང་དུ་བཞག་སྟེ་འབར་གྱི་བར་དུ་བཟླས་བརྗོད་བྱའོ། །འབར་ནས་བླང་བར་བྱ་སྟེ་བླངས་པ་ཙམ་གྱིས་ཉི་མ་ཤར་བ་ལྟ་བུའི་མདོག་དང་ལྡན་
པར་འགྱུར་རོ། །དགོས་པ་ཐམས་ཅད་ཡིད་ཀྱིས་བསམས་པ་ཙམ་གྱིས་འབྱུང་བར་འགྱུར། རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་པར་འགྱུར་རོ། །ལོ་དགུ་སྟོང་ཐུབ་པར་འགྱུར་རོ། །ཟླ་བ་ཕྱེད་ཟས་སུ་འོ་སྐྱོ་འཐུང་ཞིང་དེ་ནས་རིག་སྔགས་འཆང་གིས་གྲོག་
མཁར་གྱི་ས་ལས་ནོར་རྒྱས་ཀྱི་གཟུགས་བྱས་ལ་དེའི་སྟེང་དུ་འདུག་ལ། ནམ་འགུལ་བར་གྱུར་གྱི་བར་དུ་རིག་སྔགས་ལན་འབུམ་བཟླས་བརྗོད་བྱས་ན་ལོངས་སྤྱོད་སྟེར་རོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་སྟོན་པར་འགྱུར་རོ། །ལོ་ལྔ་
བརྒྱ་ཐུབ་པར་འགྱུར་རོ། །བདེ་བ་ཅན་དུ་སྐྱེ་བར་འགྱུར། ཟས་སུ་འོ་སྐྱོ་འཐུང་ཞིང་ལག་ན་རྡོ་རྗེའི་མདུན་དུ་ལན་འབུམ་བཟླས་བརྗོད་བྱས་ན་ལོངས་སྤྱོད་སྟེར་ཏེ། ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་བཟའ་ཞིང་ཡར་གྱི་ངོ་ཚེས་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་
བྱས་ཏེ། ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ནས་བཅོམ་ལྡན་འདས་ལ་ཡང་ལྷག་པར་མཆོད་དེ་ལག་ན་རྡོ་རྗེའི་རྐང་པ་ནས་བཟུང་ལ་རིག་སྔགས་འཆང་བཟླས་བརྗོད་བྱས་ཏེ། ལག་ན་རྡོ་རྗེའི་གཟུགས་འགུལ་བར་གྱུར་གྱི་བར་དུ་བཟླས་བརྗོད་བྱའོ། །འགུལ་བར་གྱུར་
ན་གྲུབ་པ་ཐམས་ཅད་ཀྱིས་མཐོང་བར་འགྱུར་རོ། །ཡིད་ཀྱིས་བསམས་པས་ཁ་ཟས་འབྱུང་བར་འགྱུར། ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །དེ་ནས་གནོད་སྦྱིན་གྱི་དབང་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་

འདས་གང་དག་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་གསང་སྔགས་འདི་ལྟ་བུ་གསུངས་པ་ནི་ངོ་མཚར་ཏོ་ཞེས་གསོལ་ནས་འཁོར་ཐམས་ཅད་ངོ་མཚར་དུ་གྱུར་ཏོ། །སངས་རྒྱས་ཀྱི་སྤྱན་གྱི་ཆོ་ག་རྫོགས་སོ།། །།དེ་ནས་འབྱུང་པོའི་བདག་པོ་དབང་ལྡན་
གྱིས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་མིང་འདི་ནི་རིག་པ་ཐམས་
ཅད་ཀྱི་གཙོ་མོ་ལགས་ཏེ། འདི་དྲན་པ་ཙམ་གྱིས་བདག་གིས་དངོས་གྲུབ་སྩལ་བར་བགྱིའོ། །བཅོམ་ལྡན་འདས་བདག་གིས་ཀྱང་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་མིང་དབུལ་བར་འཚལ་ལོ། །འབྱུང་པོའི་
བདག་པོ་དེ་བཞིན་དུ་གྱིས་ཤིག །དེ་ནས་འབྱུང་པོའི་བདག་པོ་དབང་ལྡན་གྱིས་ལག་ན་རྡོ་རྗེའི་ཞབས་གཉིས་ལ་གཏུགས་ནས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །གསང་བའི་བདག་པོ་ཁྱོད་ཀྱིས་རིག་སྔགས་ཆེན་མོའི་མིང་འདི་བཞེས་སུ་གསོལ། ན་མོ་རུ་
ཏྲཱ་ཡ་ལེ་ལེ། ལི་ལི་ལི་ལི། ཀ་མུ་ཀཱ་ཡ་སྭཱ་ཧཱ། ལིག་བུ་མིག་བུད་མེད་ཀྱི་སྐྲས་བཅིངས་ལ་རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ངོས་གཉིས་ཀའི་འཇིམ་པ་བླངས་པའི་ནང་དུ་བཅུག་སྟེ། བསྲེགས་ལ་དབང་ཕྱུག་ཆེན་པོའི་གནས་སུ་སོང་ནས་མར་གྱི་ངོ་ཞག་བརྒྱད་དམ་
བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལིག་བུ་མིག་བླངས་ལ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ནས་སྦྱང་བར་བྱ་སྟེ། མིག་ལ་བསྐུས་ན་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་དུར་ཁྲོད་ཀྱི་སོལ་བ་བླངས་ཏེ་མིའི་ཐོད་པ་ལ་བདར་ནས་ལན་
བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པས་ཐིག་ལེ་བྱས་ན་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། །སོལ་བ་ཡང་བསྒྲུབ་པར་བྱ་སྟེ། ཞག་བདུན་གྱི་བར་དུ་ཟས་སུ་ཆུ་དང་ཕྱེའི་འདག་གུ་ཟ་ཞིང་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ་དུར་ཁྲོད་དུ་སོང་ལ་དེ་

ནས་ཐག་བུ་ལ་སྐྱོང་ནུ་ལ་བ་ཀོ་ཙམ་བྱས་ཏེ། མཆོད་པ་ཆེན་པོ་བྱས་ནས་དུར་ཁྲོད་ཀྱི་སོལ་བ་བླངས་ཏེ། དེ་ནས་རིག་སྔགས་འཆང་གིས་སོལ་བ་མིའི་ཐོད་པའི་ནང་དུ་བཞག་ལ་ལག་པས་མནན་ཏེ་དུད་པར་འཐུལ་བར་གྱུར་གྱི་བར་དུ་རིག་སྔགས་བཟླས་བརྗོད་
བྱས་ནས་བླངས་ཏེ་ཐིག་ལེ་བྱས་ན་ལུས་མི་སྣང་བར་འགྱུར་ཞིང་། བསམས་པས་ཀྱང་ཁ་ཟས་འབྱུང་བར་བྱེད་དེ་ཚེ་ལོ་སྟོང་ཐུབ་པར་འགྱུར་ལ་དབང་ཕྱུག་ཆེན་པོའི་ལས་རྣམས་བཀླགས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །ཚེས་གྲངས་དང་སྐར་མ་ཡང་འདམ་མི་འཚལ།
སྨྱུང་བ་ཡང་བགྱི་མི་འཚལ་བར་བུད་མེད་ཤི་བའི་རོ་བླངས་ལ་དྲི་དང་མེ་ཏོག་གིས་བརྒྱན་ཏེ། །དེའི་མོ་མཚན་དུ་ཏིལ་གྱི་ལོ་མ་བཞག་ནས་དེའི་སྟེང་དུ་ལྡོང་རོས་སྲང་གཅིག་གམ་སྲང་ཕྱེད་བཞག་ལ་འབར་བར་གྱུར་གྱི་བར་དུ་རིག་སྔགས་བཟླས་བརྗོད་བྱས་ཏེ། འབར་བར་གྱུར་ན་དབང་ཕྱུག་
ཆེན་པོའི་གཟུགས་དང་ལྡན་པར་འགྱུར་ཞིང་རབ་ཏུ་འཇོམས་པའི་ཚོགས་ཀྱིས་བསྐོར་ལ། ལོ་དགུ་སྟོང་ཐུབ་ཅིང་དབང་ཕྱུག་ཆེན་པོའི་ཚོགས་རྣམས་དབང་དུ་འགྱུར་རོ། །དུར་ཁྲོད་ཀྱི་ཐལ་བ་བླངས་ཏེ་མིའི་ཐོད་པའི་སྣོད་དུ་བཞག་ལ། མཚན་གཅིག་འདུག་པའི་གནས་སུ་སོང་
ནས་ཞག་གསུམ་སྨྱུང་བ་བྱས་ཏེ། མར་གྱི་ངོ་ཞག་བཅུ་བཞི་ལ་འབྱུང་པོའི་གཏོར་མ་ཡང་བྱས་ལ། དེ་ནས་ཐོད་པའི་སྣོད་ལག་ཏུ་བླངས་ཏེ་དངོས་གྲུབ་རྣམ་གསུམ་དུ་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ན་དུད་པ་འཐུལ་བས་ནི་ལུས་མི་སྣང་བར་འགྱུར་ཞིང་ཚེ་ལོ་ལྔ་སྟོང་ཐུབ་པར་འགྱུར་
རོ། །འབར་བར་འགྱུར་ཏེ་ཐིག་ལེ་བྱས་པས་ནི་སྐྲ་ལྕང་ལོ་འཁྱིལ་བར་འགྱུར་ཞིང་ནམ་མཁའ་ལ་འགྲོ་བ་དང་། ཚེ་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །གི་ཝང་བསྒྲུབ་པར་འདོད་པས་ནི་མར་གྱི་ངོ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ལ་ལག་ན་རྡོ་རྗེའི་
ལག་ཏུ་གི་ཝང་བཞག་ནས་འབར་བར་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ཏེ་འབར་བར་གྱུར་ན་བླངས་པ་ཙམ་གྱིས་སྟོབས་གླང་པོ་ཆེ་དང་མཉམ་ཞིང་ཕ་རོལ་གྱི་མཚོན་གྱིས་ཀྱང་མི་ཚུགས་ལ་ཚེ་ལོ་སུམ་སྟོང་ཐུབ་པར་འགྱུར་བ་དང་། གང་གཏམ་བྱས་པ་དེ་དབང་དུ་འགྱུར་ཞིང་དབང་ཕྱུག་ཆེན་

པོའི་གཡོག་རྣམས་ཀྱིས་ཉིན་གཅིག་བཞིན་ཏི་ན་ར་བཅུ་གཉིས་དང་གོས་ཕྲུགས་བཅུ་གཉིས་སྦྱིན་པར་བགྱིད་ཅིང་། སྔོན་མ་བྱུང་བའི་བུད་མེད་ཀྱང་ཁྲིད་དེ་འོང་བར་འགྱུར་རོ། །དབང་ཕྱུག་ཆེན་པོའི་ཆོ་ག་རྫོགས་སོ།། །།དེ་ནས་མ་ཐང་གི་རྒྱལ་པོ་ཕུར་བུ་
གསུམ་པས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ལག་ན་རྡོ་རྗེ་བདག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་མིག་དབུལ་བར་བགྱིས་ཏེ། འདི་དྲན་པ་ཙམ་གྱིས་བདག་གིས་ཆོ་ག་རྒྱས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་མ་ཐང་གི་རྒྱལ་པོ་ཕུར་བུ་
གསུམ་པས་བཅོམ་ལྡན་འདས་དང་། ལག་ན་རྡོ་རྗེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་གསང་སྔགས་སྨྲས་པ། ན་མོ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ནམཿ ནམཿ ཏྲི་ཤངྐརྨྨ་ཏཾ་གརྫྫསྱ། ཨ་ཏེ་བ་ཊ། ཨུ་པུ་རི་ཎི། གཽ་རི་གཾ་ད་རི། ཧ་ན་ད་ཧ། པ་ཙ་པ་ཙ།
སནྟར་པ་ཡ། ཏུ་རུ་ཏུ་རུ། ཀམྤཱ་ཡ་སྭཱ་ཧཱ། ཡར་གྱི་ངོ་ཚེས་བརྒྱད་ཀྱི་སྲོད་ལ་དཀྱིལ་འཁོར་སྐྱོང་ནུལ་གྱིས་བྱུགས་ནས། ཕུར་བུ་གསུམ་བ་ལ་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ཏེ། བཅོམ་ལྡན་འདས་དང་ལག་ན་རྡོ་རྗེ་ལ་ཡང་བདུག་པ་གསོལ་ནས་ཞག་
གཅིག་སྨྱུང་བ་བྱས་ཏེ། རིག་སྔགས་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་ཏེ། དེའི་འོག་ཏུ་ལས་བརྩམ་པར་བྱའོ། །བུད་མེད་དབང་དུ་བྱ་ན་ཚེས་གྲངས་དང་རྒྱུ་སྐར་ཡང་འདམ་མི་དགོས། སྨྱུང་བ་ཡང་བྱ་མི་དགོས་པར་ཀ་ར་བཱི་རའི་ཡམ་སྲེག་ཤིང་གིས་
བརྒྱ་སྟོང་གིས་མིང་ནས་སྨོས་ཤིང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །དཀྱིལ་འཁོར་སྐྱོང་ནུལ་གྱིས་བྱུགས་ལ་ལན་ཚྭ་ལས་གཟུགས་བྱས་ནས་མཚོན་རྣོན་པོས་རྐང་པ་ནས་བརྩམས་ཏེ། བཅད་ཅིང་དུད་པ་མེད་པའི་མདག་མ་ལ་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་ཡང་དབང་དུ་
འགྱུར་རོ། །ཡར་གྱི་ངོ་ཚེས་ལྔ་ལ་ཡང་མིའི་རུས་པའི་ཕུར་བུ་ས་ལ་བཏབ་སྟེ་དེའི་སྟེང་དུ་མར་མེ་སྤར་ལ་མར་མེ་དེའི་མེ་ལྕེ་འབར་བ་ལ་ནིམ་པའི་ལོ་མ་ཁབ་ཀྱིས་བཙུགས་ཏེ་མིང་ནས་སྨོས་ཤིང་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །ཡར་གྱི་ངོ་ཚེས་བཅུ་གསུམ་ལ་རས་བལ་

གྱི་འདབ་མ་རྒྱ་སྐྱེགས་ཀྱིས་ཁ་དོག་བསྒྱུར་བ་སྲེད་མེད་ཀྱི་བུའི་ཆུང་མ་ལ་ཕུལ་བ་ལས་མར་མེའི་སྙིང་པོ་བྱས་ཏེ་མར་མེ་སྦར་ལ་ཀ་ར་བཱི་རའི་མེ་ཏོག་ཁབ་ཀྱིས་བཙུགས་ཏེ་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཡང་དབང་དུ་འགྱུར་རོ། །ཡར་གྱི་ངོ་ཚེས་བརྒྱད་ལ་ཞག་
གཅིག་སྨྱུང་བ་བྱས་ཏེ་ཨ་ཏི་མུཀྟ་ཀའི་མེ་ཏོག་བརྒྱ་སྟོང་གིས་དཀའ་བཟློག་མའི་མོ་མཚན་ལ་བསྣུན་ན་ཡང་གྲོང་དང་ལོངས་སྤྱོད་ཀྱི་གཞི་སྦྱིན་པར་བྱེད་དོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ཨ་རང་ག་ནའི་མེ་ཏོག་གིས་དཀའ་བཟློག་མའི་རྐང་པ་ལ་བསྣུན་ན་བུ་མོ་
ཐོབ་པར་འགྱུར་རོ། །བུད་མེད་དབང་དུ་བྱ་ན་ལག་ན་རྡོ་རྗེའི་མདུན་དུ་མེ་ཏོག་དཀར་པོ་བརྒྱད་བརྒྱ་ཕུལ་ན་དབང་དུ་འགྱུར་རོ། །ཡར་གྱི་ངོ་ཚེས་ལྔ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ཀམ་པོ་རྩའི་ཤིང་གིས་མེ་སྦར་ལ་ཀོ་ཤ་ཏ་ཀའི་མེ་ཏོག་བརྒྱ་སྟོང་གིས་མིང་ནས་སྨོས་ཤིང་སྦྱིན་སྲེག་བྱས་
ན་མོ་མཚན་རུལ་བར་འགྱུར་རོ། །དཀའ་ཟློག་མའི་འོ་མས་བཀྲུས་ལ་རིག་སྔགས་ཀྱང་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་སོས་པར་འགྱུར་རོ། །ཕུར་བུ་གསུམ་པའི་ཆོ་ག་རྫོགས་སོ།། །།དེ་ནས་ནམ་མཁའ་ལ་རྒྱུ་བའི་མ་མོ་བདུན་གྱིས་ཅ་ཅོ་དང་ག་ཞའི་སྒྲ་
བཏོན་ནས་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། །འཁོར་འདུས་པ་དེ་དག་ཐམས་ཅད་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་བྱང་ཆུབ་
སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་གསང་སྔགས་ཀྱི་ཤས་འབུལ་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་མོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྲིང་མོ་དག་གང་ཁྱེད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ནི་ལེགས་སོ་ལེགས་སོ། །དེ་
ནས་མ་མོ་དེ་དག་གིས་ཚིག་མཐུན་པར་ལག་ན་རྡོ་རྗེ་ལ་གསང་སྔགས་ཕུལ་བ། ན་མོ་བུདྡྷཱ་ཡ། ན་མོ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏད་ཡ་ཐཱ། ཧུ་ལུ་ཧུ་ལུ། ལ་ཧུ་ལ་ཧུ། ཧ་ཧ། ཏིཥྛ་ཏིཥྛ། བྷྲ་མ་བྷྲ་མ། བནྡྷ་བནྡྷ། ཁཱ་ད་ཁཱ་ད། མ་ཙ་མེ་ཀཤྩིད་

བིགྷྣཱཾ་ཀ་རི་ཤྱ་ཏེ། མོ་ཧ་ནི་མོ་ཧ་ནི། ན་ཡ་ཏི་ན་ཡ། མཱ་ལི་ནི་བི་ཤྭེ་ཤྭ་རེ། ཨ་མོ་གྷེ་ན་མ་སྭཱ་ཧཱ། རིག་སྔགས་འདི་དྲན་པ་ཙམ་གྱིས་རིག་པ་མཆོག་སྒྲུབ་པའི་རིག་སྔགས་འཆང་དེ་ལ་བདག་ཅག་མ་མོ་བདུན་གྱིས་དཔག་ཚད་གཅིག་གི་བར་དུ་བསྲུང་བར་བགྱི། ཡང་དག་
པར་སོ་སོར་བསྐྱབ་པར་བགྱིའོ། །རིག་སྔགས་ཀྱི་ལས་རྣམས་འབྱུང་སྟེ་རས་སར་པ་ལ་སྦྱིན་དང་མ་འདྲེས་པའི་ཚོན་རྩིས་ལག་ན་རྡོ་རྗེ་མདོག་སྔོ་བསངས་ལ་ལོ་བཅུ་དྲུག་ལོན་པའི་ཤ་གཟུགས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མ་མོ་བདུན་གྱིས་བསྐོར་བར་བྲིའོ། །མ་མོ་
བདུན་ནི་འཇིགས་པའི་ཚུལ་དུ་བསྒྲུབ་པར་བྱའོ། །དེ་ནས་ཞག་གསུམ་སྨྱུང་བ་བྱས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་ཅི་ནུས་ཀྱི་མཆོད་པ་བྱས་ཏེ། ཆང་དང་ཤའི་གཏོར་མ་ཡང་སྦྱིན་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་སེང་ལྡེང་
གི་ཤིང་གིས་མེ་སྦར་ལ་ཡུངས་ཀར་ཁྲག་གིས་བསྒོས་པས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ཏེ། དེ་ནས་རི་མོའི་སྐུ་གཟུགས་འགུལ་བར་མཐོང་ན་རིག་སྔགས་འཆང་གིས་རིག་པ་མཆོག་དྲན་པར་བྱའོ། །བུད་མེད་མཆེ་བ་གཙིགས་པ་ཡང་འོང་བར་འགྱུར་ཏེ་དེས་འཇིགས་
པར་མི་བྱ་བར་སྲིང་མོ་ཁྱོད་འོངས་པ་ལེགས་སོ། །རྡོ་རྗེ་འཛིན་གྱིས་དམ་ཚིག་བྱིན་པ་གང་ཡིན་པ་དེ་དྲན་པར་གྱིས་ཤིག་ཅེས་སྨྲོས་ཤིག །དེ་སྐད་ཐོས་ནས་ཅ་ཅོའི་སྒྲ་ཕྱུང་སྟེ་དེ་བཞིན་དུ་བྱའོ་ཞེས་ནས་མི་སྣང་བར་འགྱུར་རོ། །དེ་ནས་ཉིན་གཅིག་བཞིན་དུ་ཏི་ན་ར་རེ་
སྦྱིན་པར་བྱེད་ཅིང་དོན་ཐམས་ཅད་བསྒྲུབས་ཏེ་རིག་སྔགས་ཀྱི་དངོས་གྲུབ་ཀྱང་སྦྱིན་པར་བྱེད་དོ། །ལས་གཞན་དག་ཀྱང་འབྱུང་སྟེ། ལོག་འདྲེན་ཕུང་བར་བྱ་བ་ལ་ནི་སྐེ་ཚེ་དང་ལན་ཚྭ་སྦྱིན་སྲེག་ལན་བརྒྱད་བརྒྱ་བྱའོ། །གདོན་གཞིག་པ་ནི་སྐྲ་གཏུབས་པའི་བདུག་པས་བདུགས་
ན་གདོན་ཐམས་ཅད་འཇིགས་པར་འགྱུར་རོ། །གདོན་གཞོམ་པ་ནི་མཛུབ་མོས་བྱའོ། །ལོ་ཐོག་མ་རུང་བར་བྱ་བ་ནི་མར་གྱི་ངོ་ཞག་བཅུ་བཞི་ལ་ནི་ཨ་འབྲའི་ཤིང་གིས་ཕུར་བུ་སོར་བརྒྱད་པ་བླངས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ནས་ཞིང་ལ་

བཏབ་ན་ལོ་ཐོག་མེད་པར་འགྱུར་རོ། །ཆང་མ་རུང་བར་བགྱི་ན་འོ་མའི་སྲེག་བླུགས་ལ་ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་ཆང་མ་རུང་བར་འགྱུར་རོ། །དགྲ་ལུས་མི་སྡུག་པར་བྱ་ན་ལམ་གྱི་སུམ་མདོར་སྐྱུ་རུ་རའི་ཤིང་གིས་མེ་སྦར་ཏེ། དགྲའི་མིང་
ནས་སྨོས་ཤིང་དུག་གིས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་དགྲའི་ལུས་ལ་མི་གཙང་བའི་དྲི་མནམ་པར་འགྱུར་རོ། །ཕྱིར་གསོ་བ་ནི་ལག་ན་རྡོ་རྗེ་ལ་མཆོད་པ་རྒྱས་པར་བྱས་ཏེ། མར་དང་གུ་གུལ་གྱིས་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཕྱིར་འཚོ་བར་འགྱུར་རོ། །དབྱེ་
བར་བྱ་བ་ནི་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་སྤེན་མའི་ཤིང་གིས་མེ་སྤར་ལ་ཕུབ་མས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་དབྱེ་བར་འགྱུར་རོ། །དགྲ་བསྐྲད་པར་འདོད་པས་ནི་མར་གྱི་ངོ་ཞག་བརྒྱད་ལ་ནེའུ་ལེའི་རུས་པ་བླངས་ནས་དགྲའི་
མིང་ནས་སྨོས་ཏེ། སྦྲུལ་གྱི་ཁུང་བུར་བཙུགས་ན་དེ་མ་ཐག་ཏུ་དགྲ་འབྲོས་པར་འགྱུར་རོ། །རིག་པ་མཆོག་སྒྲུབ་པའི་རིག་སྔགས་འཆང་གི་ཆོ་ག་རྒྱས་པ་ལས་འབྱུང་བའི་ལྷ་རྣམས་ལ་མཆོད་པ་བྱས་ལ་བཙུགས་ནས་བྱུང་ན་ཡང་རྟག་ཏུ་བཅིང་བར་བྱའོ། །དེ་
བཅིངས་ན་ཆོ་ག་རྒྱས་པར་འགྲུབ་པར་འགྱུར་ཏེ། རིག་སྔགས་ཀྱི་དངོས་གྲུབ་ལ་སུ་ཡང་གླགས་ཚོལ་བར་མི་འགྱུར་རོ། །གང་ལ་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཐམས་ཅད་རྫོགས་པ་ཡོད་པ་དེ་ཐམས་ཅད་ལ་ནི་ལྷ་རྣམས་ཡིད་དགའ་བར་འགྱུར་ཏེ། རིག་སྔགས་ཀྱང་སྦྱིན་
པར་བྱེད་དོ། །དེ་མ་ཡིན་ན་ལག་ན་རྡོ་རྗེའི་བྱ་བ་སྒྲུབ་པ་རྣམས་གླགས་ཚོལ་བའི་ཕྱིར་འཁོད་དོ། །ཆོ་ག་རྒྱས་པ་བསྒྲུབས་པས་ཆོ་ག་རྒྱས་པ་ལས་བཤད་པ་བཞིན་དུ་འགལ་བ་རྣམས་བསྲུང་བར་བྱ་སྟེ། ཉ་དང་ཤ་སྤང་བར་བྱའོ། །རྟག་ཏུ་སངས་རྒྱས་དང་ཆོས་དང་དགེ་
འདུན་ལ་མངོན་པར་དགའ་བར་བྱའོ། །གང་དག་ངའི་རྡོ་རྗེའི་རིགས་ལ་མཆོད་པ་བྱེད་ཅིང་དང་བར་བྱེད་པ་དང་རིག་པའི་མཆོག་འདོན་ཅིང་མཆོད་པ་དེ་དག་ནི་ངའི་དམ་ཚིག་ཤེས་པ་ཡིན་ནོ། །དེ་དག་ནི་ང་ལ་ཤས་ཆེར་དང་སྟེ་དེ་དག་ལ་ང་ཞི་བར་སེམས་སོ། །ལྷ་ཐམས་ཅད་ཀྱང་ཞི་

པར་སེམས་པར་འགྱུར་རོ། །གང་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ལས་ཕྱི་རོལ་ཏུ་གྱུར་ཅིང་འདོད་དོ་ཅོག་ཟ་བ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པར་ཆོ་ག་རྒྱས་པ་འདི་སྒྲུབ་པ་དེ་དག་ནི་ལག་ན་རྡོ་རྗེ་འཛིན་གྱི་རྡོ་རྗེས་བཤིག་པར་འགྱུར་རོ། །
ལྷ་ཐམས་ཅད་ཀྱང་མ་དད་པའི་སེམས་སུ་འགྱུར་རོ། །ལོག་འདྲེན་རྣམས་ཀྱང་གླགས་བལྟ་ཞིང་ཀླན་ཀ་ཚོལ་བའི་ཕྱིར་འཁོད་དེ། དེ་མ་ཐག་ཏུ་ནད་ཀྱིས་འདེབས་ཤིང་ལོག་འདྲེན་རྣམས་ཀྱིས་ནོན་པར་འགྱུར་རོ། །མ་མོ་རྣམས་ཀྱི་ཆོ་ག་རྫོགས་སོ།། །།
དེ་ནས་རྡོ་རྗེ་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱིས་འཁོར་འདུས་པ་ཐམས་ཅད་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་འདིའི་སེམས་ཅན་རྣམས་ནི་བསོད་ནམས་དམན་པ་དང་། ཚུལ་ལ་མི་གནས་པ་དང་།
ཕ་ལ་མ་གུས་པ་དང་། མ་ལ་མ་གུས་པ་དང་། བསོད་ནམས་ཆུང་བ་དང་། དད་པ་མེད་པ་དང་། གླགས་ཚོལ་བ་དང་། འཆལ་བ་དང་། རྟག་ཏུ་ཟང་ཟིང་ལ་བརྐམ་པ་དང་། རྟག་ཏུ་ལོག་འདྲེན་དང་། མཆེ་བ་ཅན་དང་། ཤ་ཟ་རྣམས་ཀྱིས་ཟིན་པ་ལགས་
ཏེ་བགེགས་དང་ལོག་འདྲེན་དེ་དག་གཞིག་པ་དང་མཐར་གཏུག་པའི་སླད་དུ་གསང་སྔགས་བཤད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཁྲོ་བོ་ལ་བཀའ་སྩལ་ཏོ། །བདུད་རྩི་ཐབ་སྦྱོར་གང་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུས་པ་ལེགས་སོ་
ལེགས་སོ། །ཁྱོད་ལ་དེ་བཞིན་གཤེགས་པས་གནང་གིས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་གསང་སྔགས་ཤོད་ཅིག །དེ་ནས་རྡོ་རྗེ་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱིས་བཅོམ་ལྡན་འདས་དང་ལག་ན་རྡོ་རྗེའི་ཞབས་ལ་གཏུགས་ནས་གསང་སྔགས་བཤད་པ། ན་མོ་རཏྣ་ཏྲ་ཡཱ་
ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། པྲ་ཛྭ་ལི་ཏ་དཱིཔྟ། དཾཥྚྭོཏ་ཀ་ཊ་བྷཻ་བཱ་ར་ཡ། ཨ་སི་མུ་ས་ལ། བཛྲ་པ་ར་ཤུ་པཱ་ཤ་ཧ་སྟཱ་ཡ། ཏདྱ་ཐཱ། ཨོྃ་ཧུ་ལུ་ཧུ་ལུ། ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁ་ཁ་ཁཱ་ན། ཁཱ་ན་ཁཱ་ན།

ཁཱ་ན། ཁཱ་ད་ཁཱ་ད་ཁཱ་ད་ཁཱ་ད། ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྲྀཧྞ་གྲིཧྞ། བནྡྷ་བནྡྷ། གརྫྫ་གརྫྫ། ཏརྫྫ་རརྫྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། བྷ་ག་བཱ་ན་ཨ་མྲྀ་ཏ་ཀུཎྜ་ལི། མཱུརྟཱནྟཱ་ཌ་ཡ།
བཛྲེ་ཎ་སརྦ་བིགྷྣཱཾ་བི་ནཱ་ཡཱ་ཀནྣི་བཱ་ར་ཡ་མ་ཧཱ་ག་ཎ་པ་ཏི། ཛཱི་བི་ཏཱནྟ་ཀཱ་རཱ་ཡ། ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཨོྃ་ཀྲོ་དྷ་གཱ་ཎ་ཡེ་སྭཱ་ཧཱ། བདུད་རྩི་ཐབ་སྦྱོར་གྱི་གསང་སྔགས་དང་པོའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་མ་ཧཱ་བཛྲ་ཀྲོ་
དྷཱ་ཡ། དཾ་ཥྚྲོཏ་ཀ་ཊ་བྷཻ་ར་བཱ་ཡ་ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧསྟྭ་ཡ། ཧེ་ཧེ་པ་ཏ་པ་ཏ། དྷ་བ་དྷ་བ། ཁ་ཁ། ཁཱ་ཧི་ཁཱ་ཧི། ཨ་མྲྀ་ཏ་ཀུཎྜ་ལི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། གརྫྫ་གརྫྫ། ག་ཎ་པ་ཏི། ཛཱི་བི་ཏཱནྟ་ཀ་རཱ་ཡ་སྭཱ་ཧཱ། གསང་སྔགས་
གཉིས་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡཻ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། བི་མ་ལ་ཀ་ན་ཀ་ཛྭ་པུ་ཤ་ནཱ་ཡ་ག་ག་ན། ཨ་མྲྀ་ཏ། སཾ་བྷ་བཱ་ཡ། གརྟ་རག་ཏ་མཱ་ལེ་ཨ་ནུ་ལེ། པ་ན་པྲི་ཡཱ་ཡ། བཛྲ་པཱ་ཎི་པྲི་ཡཱ་ཡ། བཛྲ་པཱ་ཎི་ཏུ་
ལྱ། བྷ་གཱ་ཡ་དེ་བ་ནཱ་ག་ཡ་ག་ཡཀྵ་རཱཀྵ་ས་པྲ་མརྡ་ན་ཡ། ཏྲཻ་ལོ་ཀྱ། གོ་ཙརཱ་ཡ། ཤ་ཏ་སཻ་ནྱ་བི་ཏྲ་ཀ་ར་ཡ་ཧྲྀ་ད་ནན། གདྦྷོ་ཏྟ་མཱ་ཡ། ཨ་མྲྀ་ཏ་ཀུཎྜ་ལི། ཨེ་ཧྱེ་ཧི་དཾཥྚོ་ཏ་ཀ་ཊ་བྷཻ་ར་བ་གྷི་བི་ཏུདྫྭ་ལ་སྤུ་ལིཾ་ག་ཤ་ནི་དུ་ལེ་རུ་ཕོ་ཏི་ཏི་སཾ་བྷུདྡྷ། ཨོྃ་ཁ་ཁ་ཁ་ཁ།
གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། གརྫྫ་གརྫྫ། བི་སྤོ་ཊ་ལ། བི་སྥོ་ཊ་ཡ། དྷ་ཀ་དྷ་ཀ །ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། གྲ་ས་གྲ་ས། སརྦ་བིགྷྣཱཾ་བི་ནཱ་ཡ་ཀཱ་ནཱཾ་ཧྲྀ་ད་ཡཾ་སྤཏ། གནྡྷ་རྦ་ཧྲྀ་ད་ཡཾ་སྤ་ཏ། རཱཀྵ་ས་ཧྲྀ་ད་ཡཾ་སྤ་ཏ། སརྦ་ཛྭ་ར་ཧྲྀ་ད་ཡཾ་སྤ་ཏ། སརྦ་ཙ་ཏུ་ར་ཀ་ཧྲྀ་ད་ཡཾ་སྤ་ཏ། སརྦ་ནཱ་ག་ནཱཾ་ཧྲྀ་
ད་ཡེ་སྤ་ཏ། ཧཱུྃ་ཧཱུྃ་སྤ་ཏ། ད་ཧ་ད་ཧ། པ་ཙ་པ་ཙ། ཨཱ་བི་ཤཱ་ཨཱ་བི་ཤ། ཨི་དན་ཙ་མེ་ཀརྱཾ་ཀུ་རུ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། གསང་སྔགས་གསུམ་པའོ། །ན་མོ་བཛྲ་ཀྲོ་དྷཱ་ཡ། དཾཥྚོཏ་ཀ་ཊ་བྷཻ་ར་བཱ་ཡ། ཏདྱ་ཐཱ། ཧུ་ལུ་ཧུ་ལུ། ཁ་ག་ག་ག །ཁཱ་ཧི་ཁཱ་ཧི།

ཏིཥྛ་ཏིཥྛ། བནྡྷ་བནྡྷ་སྭཱ་ཧཱ། ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱི་གསང་སྔགས་བཞི་པའོ། །དེ་ནས་འདི་དག་གི་སྙིང་པོ་དོན་ཡོད་པ་གང་འདོན་པ་དང་། བཟླས་བརྗོད་བྱས་ཤིང་བསྒྲུབས་ན་བདག་གི་གསང་སྔགས་ཐམས་ཅད་བཏོན་ཅིང་བཟླས་བརྗོད་བགྱིས་པ་དང་བསྒྲུབས་
པར་གྱུར་པ་དེ་བཤད་པར་འཚལ་ལོ། །དེ་ལ་འདི་ནི་བདག་གི་སྙིང་པོ་ལགས་སོ། །ཨོྃ་ཨ་མྲྀ་ཏེ་ཧཱུྃ་ཕཊ། བདུད་རྩི་ཐབ་སྦྱོར་གྱི་སྙིང་པོ་རྡོ་རྗེ་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱི་གསང་སྔགས་རྣམས་བཤད་མ་ཐག་ཏུ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་སོ། །ལོག་འདྲེན་
རྣམས་ཀྱང་སྐྲག་སྟེ། སྐྱབས་མེད་ཅིང་རྟེན་མེད་པར་གྱུར་ནས་དེ་བཞིན་གཤེགས་པའི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་བདག་ཅག་གི་སྐྱབས་མཛད་དུ་གསོལ། བདེ་བར་གཤེགས་པ་བདག་ཅག་གི་སྐྱབས་མཛད་དུ་གསོལ་ཞེས་དེ་སྐད་དུ་སྨྲ་ཞིང་མགོ་བོ་ཐུར་དུ་
གཏུགས་ཏེ། ཀྱེ་ཀྱེ་ལོག་འདྲེན་མ་རུངས་པ་རྣམས་ལོངས་ལ་ངའི་ངག་ཉོན་ཅིག་རྡོ་རྗེ་ཀུན་ཏུ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་བས་ཁྱེད་ཀྱི་སྤྱི་བོ་གཤགས་ས་རེ། ངས་རལ་པ་སེར་པོ་ཅན་རྣམས་ཀྱི་གསང་སྔགས་ཀྱིས་ལྷའི་ལོ་སྟོང་གི་བར་དུ་ལོག་འདྲེན་རྣམས་
བཅོམ་པ་དང་། གཏུབས་པ་དང་། བརྡུངས་པ་དང་། གཟིར་བ་དང་། བསྐམས་པ་གང་ཡིན་པ་དེ་དྲན་པར་གྱིས་ཤིག །ངའི་མཐུ་དང་བརྩོན་འགྲུས་དང་ཕ་རོལ་གནོན་པ་ཆེན་པོ་དྲན་པར་གྱིས་ཤིག །གང་ངའི་གསང་སྔགས་འཛིན་ཅིང་འདོན་པ་དང་། བསྒྲུབ་
པ་དང་དེས་སྲུང་བར་བྱེད་པ་དེ་ལ་གླགས་མ་ཚོལ་ཅིག །ཏིལ་སྦྲུས་པའམ་ཟས་ངན་པ་ཟ་ཡང་རུང་ཤ་ཟ་ཡང་རུང་གྲོང་གི་ཆོམ་རྐུན་སྤྱོད་ཀྱང་རུང་སྟེ། རིག་པའི་མཆོག་ལ་སོགས་པ་རིག་པ་ཐམས་ཅད་སྒྲུབ་པ་ལ་གླགས་མ་ཚོལ་ཅིག །ཟན་ཟ་བའི་ཚེ་ཡང་ཁམ་དང་པོ་ལ་
སྔགས་ཀྱིས་བཏབ་སྟེ་དབུལ་བར་བྱའོ། །ཉི་མ་ཤར་བའི་ཚེ་ལན་བདུན་བརྗོད་ན་དེའི་ཕྱི་བཞིན་དུ་རྟག་ཏུ་འབྲང་ངོ་། །ལོག་འདྲེན་རྣམས་ཀྱང་གླགས་མི་ཚོལ་ལོ། །ཉ་དང་ཤ་དང་ཏིལ་དང་སྲན་ཆན་དང་པེན་ཚེ་ཡང་རུང་སྣུམ་ཁུར་བརྤ་ཏ་དང་ལ་ཕུག་ཀྱང་རུང་སྟེ་ཐམས་ཅད་ཟར་

ཟིན་ཀྱང་རིག་སྔགས་འཛིན་ན་དེ་ལ་ཐམས་ཅད་འགྲུབ་པར་འགྱུར་རོ། །གང་ངའི་གསང་སྔགས་འཛིན་པ་ནི་བཟའ་བ་མ་ཡིན་པ་ཟ་ཞིང་བྱ་བ་མ་ཡིན་པ་བྱེད་དུ་ཟིན་ཀྱང་དེ་ལ་གང་གིས་ལོག་འདྲེན་རྣམས་གླགས་ཚོལ་བ་བརྟུན་ཏེ་འཁོད་པར་མི་འགྱུར་བའི་
གསང་སྔགས་བདེ་བ་བསྟན་པར་བྱའོ། །རིག་སྔགས་འཆང་གྲུབ་པ་ན་གང་དུ་ལོག་འདྲེན་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་བའི་གནས་ཀྱང་བསྟན་པར་བྱ་སྟེ། །ངེས་པར་བྱས་པ་ལ་ནི་གླགས་ཚོལ་བ་ལ་བརྟུན་པར་མི་འགྱུར་རོ། །ངེས་པར་གནས་པ་ལ་
ཡང་གནས་ནས་གནས་སུ་འགྲོ་བ་ན་གོམ་པ་རེ་རེ་ལ་ལོག་འདྲེན་རྣམས་གླགས་ཚོལ་བའི་ཕྱིར་འཁོད་པ་ཡོད་དོ། །ལོག་འདྲེན་སའི་སྤྱི་ཕུད་ཅེས་བྱ་བ་གང་དག་ས་བརྟོལ་ནས་འབྱུང་བ་ཡང་ཡོད་དོ། །དེ་ལ་བགེགས་ཀྱི་མཚན་མ་ཡང་བཤད་པར་བྱ་སྟེ། དེ་དག་ནི་
གོམ་པ་རེ་རེ་འཛིན་པར་བྱེད་དོ། །དེ་དག་གིས་ཟིན་ན་བགེགས་སུ་འགྱུར་ཏེ་ལེ་ལོ་སྐྱེ་བར་འགྱུར་ཞིང་བརྒྱལ་བ་དང་སྐྱུག་པ་དང་མགོ་འཁོར་བར་འགྱུར་རོ། །ལོག་འདྲེན་དེ་དག་ནི་བསོད་ནམས་ཀྱང་ཟད་པར་བྱེད་དེ། ལོག་འདྲེན་རྣམས་ཀྱིས་རེག་པ་ཙམ་གྱིས་ལྷའི་ལོ་
སྟོང་གི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་བསགས་པའི་བསོད་ནམས་ཀྱི་ཕུང་པོ་ཡང་ཐལ་བར་རློག་པར་བྱེད་ཅིང་རིག་སྔགས་འཆང་རིག་སྔགས་བསྒྲུབ་པའི་བསོད་ནམས་ཟད་པར་བྱེད་དེ། དེ་ནས་རིག་སྔགས་རྣམས་འགྲུབ་པར་མི་འགྱུར་རོ། །དེ་བས་ན་རིག་སྔགས་འཆང་གིས་
ལུས་ཀྱི་ཅི་ཡང་ལས་ཤེས་པར་བྱ་སྟེ། མར་དང་སྲ་རྩི་པོག་གིས་བདག་ཉིད་བདུག་པར་བྱའོ། །དེ་ནས་ལོག་འདྲེན་དེ་དག་གིས་གཏོང་བར་འགྱུར་རོ། །གང་ངའི་གསང་སྔགས་འཛིན་པ་དེ་ལ་ནི་གླགས་ཚོལ་བས་བརྟུན་པར་མི་འགྱུར་ཏེ། དེ་བས་ནི་རིག་སྔགས་འཆང་
གིས་རིག་པའི་མཆོག་དྲན་པར་བྱས་ན་དེ་མཉེས་པར་གྱུར་པས་འཛུམ་པའི་བཞིན་གྱིས་དངོས་གྲུབ་མྱུར་དུ་འབྱིན་པར་བྱེད་དེ། ལོག་འདྲེན་རྣམས་ཀྱིས་མ་མཐོང་བར་གྲུབ་པར་འགྱུར་རོ། །ལོག་འདྲེན་སའི་སྤྱི་ཕུད་ཅེས་བྱ་བ་རྣམས་ཀྱི་མཚན་ཉིད་རྫོགས་སོ།། །།

ལོག་འདྲེན་ཆུ་ལྟར་གཡོ་བ