Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 095_རྒྱུད་འབུམ།_ཛ

Văn bản gốc(Tây Tạng)

Trang 8 / 19 (50.000 ký tự/trang)
མར་དང་སྦྲང་རྩིའི་ནང་དུ་སྨྱུགས་པ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་པས་སྦྱིན་སྲེག་བྱའོ། །ཕྱི་རོལ་གྱི་གཏོར་མ་ཡང་ཅི་འབྱོར་པས་བྱའོ། །ནང་གི་ལྷ་བཤོས་ཀྱང་ཞོ་དང་འབྲས་ཆན་སྦྱར་བའམ། འབྲས་ཀྱི་འོ་ཐུག་འབུལ་བར་བྱས་ན་ཟླ་བ་ཕྱེད་ཚུན་ཆད་ཀྱིས་འདོད་པ་ཐམས་
ཅད་སྦྱིན་པར་འགྱུར་རོ། །ཡང་ན་ཨ་པ་མརྒའི་ཡམ་སྲེག་ཤིང་འབུམ་སྦྱིན་སྲེག་བྱའོ། །གྲོང་དང་གྲོང་ཁྱེར་དང་མི་ཉེ་བའི་བྱང་ཤར་གྱི་ཕྱོགས་མཚམས་ན་ཙ་པ་ཏའི་ཤིང་ངམ། ཡང་ན་ཤིང་འོ་མ་ཅན་གྱི་དྲུང་དུ་སོང་ལ་ཉི་མ་གུང་གི་དུས་སུ་གྲིབ་མས་ཇི་ཙམ་ཁེབས་པ་དེ་ཙམ་གྱི་
ཕྱོགས་བྱི་དོར་བྱ་སྟེ། གྲོག་མཁར་གྱི་སས་སྐྱོང་ནུལ་བྱུགས་ལ། ས་དེ་ཉིད་ཀྱིས་སྟེགས་བུ་གསུམ་བྱ་སྟེ། གཅིག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི། གཅིག་ནི་རྡོ་རྗེ་འཛིན་གྱི། གཅིག་ནི་རྡོ་རྗེ་ཁུ་ཚུར་མའི་བྱའོ། །མདུན་ལོགས་དེར་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བར་བྱས་
ལ་གྲོག་མཁར་གྱི་སས་རྡོ་རྗེ་བྱས་ནས་ས་དེ་ཉིད་ཀྱིས་སྐྱོང་ནུལ་བྱུགས་ཏེ། ཙནྡན་དམར་པོས་མཆོད་ལ་ཀ་ར་བཱི་ར་དམར་པོས་མཆོད་པ་བྱའོ། །ལྷ་བཤོས་ཀྱང་ཅི་འབྱོར་པས་འབྲས་ཆན་བུ་རམ་དང་སྦྱར་བ་དང་འབྲས་ཆན་ཞོ་དང་སྦྱར་བ་དབུལ་ལོ། །དེའི་ནང་དུ་རྩྭ་དཱུར་བ་རྩེ་མོ་མ་
ཉམས་པའི་སྟན་བཏིང་ལ་ཁ་ཤར་ཕྱོགས་སུ་བལྟ་སྟེ། གཏོར་མ་རྣམ་གསུམ་ལ་སོགས་པ་སྦྱིན་ཞིང་། བཅོམ་ལྡན་འདས་དེའི་མདུན་ལོགས་ཀྱི་དཀྱིལ་འཁོར་ལ་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བར་བ་ཤར་ནུབ་ཏུ་དཀྱུས་རིང་བར་བྱས་པའི་ནང་དུ་ཤིང་འོ་མ་ཅན་ཚེར་མ་མེད་ཅིང་རྩ་བ་དང་བཅས་
པ་བཅད་དེ། སྦྱིན་སྲེག་བྱས་ན་རྒྱལ་སྲིད་དམ་ནོར་སྦྱིན་པར་འགྱུར་ཏེ། མིའི་གཙོ་བོ་དབང་དུ་བྱ་བར་འདོད་ན་སྦྱིན་སྲེག་བྱས་ན་མིའི་གཙོ་བོ་དེ་ཡང་དེ་ཉིད་དུ་འོང་བར་འགྱུར་ཏེ། རྒྱལ་རིགས་ནི་ཞག་གསུམ་གྱིས་དབང་དུ་འགྱུར་རོ། །རྗེའུ་རིགས་ནི་ཞག་གཉིས་ཀྱིས་དབང་དུ་འགྱུར་

རོ། །དམངས་རིགས་ནི་ཞག་གཅིག་གིས་དབང་དུ་འགྱུར་རོ། །ལས་བྱེད་པའི་ཚེ་ཅི་སྟེ་ལ་ལ་ཞིག་འོངས་ཏེ་ནོར་གྱིས་འདྲིད་པར་བྱེད་ན་ཡང་ལས་ཡོངས་སུ་མ་རྫོགས་ཀྱི་བར་དུ་ནོར་དེ་བླང་བར་མི་བྱའོ། །གཡོག་བྱེད་པ་མ་གཏོགས་པར་གཞན་དང་ལྷན་ཅིག་ཏུ་
གཏམ་ཡང་མི་བྱའོ། །ཅི་སྟེ་རྨི་ལམ་དུ་ལྷ་མོ་ལས་འོད་ཟེར་འབྱུང་བར་རྨིས་ན་དེ་ཡང་དེའི་དངོས་གྲུབ་ཀྱི་མཚན་མ་ཡིན་ནོ། །བསྒྲུབ་པར་འདོད་པ་ནི་ཅི་སྟེ་བུད་མེད་ཀུན་འོངས་ཏེ་མེ་ཏོག་གམ། འབྲས་བུ་སྦྱིན་པར་བྱེད་ན་དེས་ན་དངོས་གྲུབ་འགྲུབ་པར་ཤེས་པར་བྱོས་ཤིག །ལོ་ཏོག་མ་རུངས་པར་འདོད་
ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ནས་འབྲུ་མ་རུངས་པར་བྱ་བ་གང་ཡིན་པའི་འབྲུ་དེ་ཉིད་ཀྱི་སྦྱིན་སྲེག་བྱ་སྟེ། མཆོད་པ་ཡང་ཅི་འབྱོར་པས་བྱའོ། །གསོ་སྦྱོང་དང་ལྡན་པས་པ་ལ་ཤའི་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། །ཉ་པ་རྣམས་ཀྱི་ཉ་མི་
སོད་པར་བྱ་ན་ཉ་པ་ཉིད་ཀྱི་ཁྱིམ་ནས་མེའམ་ཤིང་བླངས་ལ་ཉ་པ་དེ་ཉིད་ཀྱི་ཁྱིམ་ནས་ཉ་བླངས་ནས་མར་གྱི་ནང་དུ་སྨྱུགས་ཏེ། ཉ་པ་དེ་དག་ཉིད་ཀྱི་ཁྱིམ་གྱི་གྲྭར་སྦྱིན་སྲེག་བྱས་ན་ཉ་མི་སོད་པར་འགྱུར་རོ། །དེ་བཞིན་དུ་རི་དགས་དང་ཕག་དང་མ་ཧེ་དང་རི་བོང་ལ་སོགས་པའི་ཆོ་ག་དེ་དང་འདྲ་སྟེ། ལམ་
གྱི་བཞི་མདོར་སྦྱིན་སྲེག་བྱས་ཀྱང་རུང་གཏོར་མ་ཡང་སྦྱིན་པར་བྱའོ། །གསོད་པ་དང་འཆིང་བར་བྱེད་པ་ལ་ནི་རྩིག་ངོས་ལ་རྡོ་རྗེ་ཁུ་ཚུར་མ་བྲིས་ཏེ། དེའི་མགོ་བོར་ཡང་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་བྲིས་ལ་ཟས་སུ་དཀར་གསུམ་ཟ་བ་དང་། གསོ་སྦྱོང་གི་ཡན་ལག་དང་ལྡན་པས་བྱ་ཞིང་
བཅོམ་ལྡན་འདས་ལ་དྲི་ལ་སོགས་པས་མཆོད་པར་བྱའོ། །རྡོ་རྗེ་ཁུ་ཚུར་མ་ནི་མདོག་དཀར་པོར་བྱ་སྟེ། ལག་པ་གཡོན་པ་ཁུ་ཚུར་བཅངས་ལ། ལག་པ་གཡས་པས་དབུགས་འབྱིན་པར་བྱའོ། །སྒྲུབ་པ་པོ་ཡང་པུས་མོ་གཡས་པ་ས་ལ་བཙུགས་ཏེ་སྙིམ་པར་མེ་ཏོག་ཐོགས་པར་བྱའོ། །དེ་
ནས་ཡམ་སྲེག་ཤིང་གང་འདོད་པ་དང་གུ་གུལ་ཡུངས་མར་གྱི་ནང་དུ་སྨྱུགས་པས་ནུབ་མོ་སྦྱིན་སྲེག་བྱས་ན་དེས་འགྲུབ་པར་འགྱུར་རོ། །ལས་ཐམས་ཅད་ལ་ཡང་སྤྱན་དང་ལྷན་ཅིག་སྦྱར་བར་བྱའོ། །ལྷ་རྣམས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྡོ་རྗེ་ཁུ་ཚུར་མའི་ལས་རྣམས་ནི་ངས་བཤད་ཟིན་ཏེ་དེ་ལ་

དྲག་ཏུ་བསྐུལ་བའི་རིག་སྔགས་དྲན་པ་ཙམ་གྱིས་མདུན་དུ་གནས་པར་འགྱུར་བ་ཡང་ངས་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། རུ་ཏུ་རུ་ཏུ་མ་ཏ་སྭཱ་ཧཱ། དེ་ནས་ལྷ་དེ་དག་འཇིགས་པའི་སེམས་ཀྱིས་ལག་ན་རྡོ་རྗེའི་ཞལ་དུ་ལྟ་ཞིང་ཚིག་འདི་སྐད་དུ་རིག་སྔགས་འཆང་གི་རྒྱལ་པོ་ཆེན་པོ་རིག་སྔགས་
ཀྱི་རྒྱལ་མོ་ཆེན་མོ་རྡོ་རྗེ་ཁུ་ཚུར་མའི་སྙིང་པོའི་ལས་རྣམས་ཤོད་ཅིག་ཤོད་ཅིག་ཅེས་ཀྱང་སྨོས་སོ། །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ལག་ན་རྡོ་རྗེ་སྙིང་པོའི་ལས་རྣམས་བཤད་པ། རས་མ་ཉམས་པ་ཁ་ཚར་མ་བཅད་པ་ལ་ཚོན་རྩི་སྦྱིན་དང་མ་སྦྱར་བས་སངས་རྒྱས་ཀྱི་སྐུ་གཟུགས་སེང་གེའི་ཁྲི་
ལ་བཞུགས་ཤིང་ཆོས་སྟོན་ཅིང་བཞུགས་པ་འདྲིར་གཞུག་གོ། །གློ་གཡོན་ལོགས་སུ་ལག་ན་རྡོ་རྗེ་ཨུཏྤལ་སྔོན་པོའི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ་ཚིག་གུའི་ཤམ་ཐབས་གྱོན་ཞིང་ལག་ན་རྔ་ཡབ་ཐོགས་པ་བྲིའོ། །གཡས་ལོགས་སུ་ནི་རྡོ་རྗེ་ཁུ་ཚུར་མ་མདོག་སྔོ་བསངས་མ་
རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། ལག་པ་གཡོན་པ་ན་རྡོ་རྗེ་ཐོགས། གཡས་ན་ཤིང་ཐོག་ཐོགས་པ་བྲིའོ། །དེ་ནས་རིག་སྔགས་འཆང་གིས་འོ་མའི་ལྡེ་གུའམ། སློང་མོའི་ཟས་ཟ་ཞིང་ཕྱོགས་གཙང་མར་ལན་དྲུག་འབུམ་བཟླས་བརྗོད་བྱའོ། །དེའི་འོག་ཏུ་རི་མོའི་སྐུ་གཟུགས་ཕྱོགས་
གཙང་མར་བཀྲམ་སྟེ། ཟས་དཀར་གསུམ་བཟའ་ཞིང་དུས་གསུམ་དུ་ཁྲུས་བྱས་ལ། ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ཏེ་ཞག་གསུམ་སྨྱུང་བ་བྱས་ཏེ་མེ་སྦར་ནས་གུ་གུལ་གྱི་རིལ་བུ་མོན་སྲན་རྩྭའི་འབྲུ་ཙམ་ལ་དུ་རུ་སྐའི་མར་གྱི་ནང་དུ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན། དེ་ནས་སྐུ་
གཟུགས་འགྲུབ་པར་འགྱུར་ཏེ། ལྷ་མོ་འོངས་ནས་དམ་པ་གང་སྩོལ་བར་ཐོབ་པར་འགྱུར་རོ། །མཆོད་པའང་ཅི་འབྱོར་བར་བྱའོ། །དགེ་སློང་དག་ལ་ཡང་མཆོད་སྟོན་གསོལ་བར་བྱ་སྟེ། འདི་ནི་གཞན་གྱིས་མི་ཐུབ་པའི་དངོས་གྲུབ་ཡིན་ནོ། །སྐུ་གཟུགས་དེ་ཉིད་ཀྱི་མདུན་དུ་ལག་པ་གཡོན་
པ་ཁུ་ཚུར་བཅངས་ཏེ་ལན་སུམ་འབུམ་བཟླས་བརྗོད་བྱས་ན་ཁུ་ཚུར་བཅངས་པས་ལུས་མི་སྣང་བར་འགྱུར་ཞིང་ཕྱེ་ནས་སྣང་བར་འགྱུར་རོ། །ཆོ་ག་སྔ་མ་བཞིན་དུ་ས་ཕྱོགས་གཙང་མར་ཧཱུྃ་དང་ལྡན་པར་ལན་ཉི་ཁྲི་བཟླས་བརྗོད་བྱས་ན་གླང་པོ་ཆེ་རྒྱགས་པ་དག་ཀྱང་སྒྱེལ་བར་བྱེད་ཅིང་འདྲེན་པར་བྱེད།

དབང་དུ་འགུགས་པར་བྱེད། འཆིང་བར་བྱེད་དོ། །འགྲོལ་བར་བྱེད་དོ། །ཁུ་ཚུར་བཅངས་པས་གང་ལ་བསྡིགས་པ་དེ་སྲོག་དང་འབྲལ་བར་འགྱུར་རོ། །ཀླུ་རྣམས་ཀྱང་རེངས་པར་བྱེད། འཁྲུལ་འཁོར་རྣམས་ཀྱང་སྒྱེལ་བར་བྱེད་དོ། །གདོན་རྣམས་ཀྱང་རེངས་པར་
བྱེད་ཅིང་སྒྱེལ་བར་བྱེད་དོ། །དེ་བཞིན་གདོན་དང་ཡི་དགས་ཐམས་ཅད་བརླག་པར་བྱེད་དོ། །ནམ་མཁའ་ལ་གྱེན་དུ་བསྡིགས་ན་རིག་སྔགས་འཆང་ཐམས་ཅད་ལྟུང་བར་བྱེད་ཅིང་འཆིང་བར་བྱེད་དོ། །ཀླུ་རྣམས་རེངས་པར་བྱེད། གྲུ་རྣམས་ཐོགས་པར་བྱེད། མེ་དབལ་གསོད་པར་
བྱེད། དམག་གི་དཔུང་རེངས་པར་བྱེད། ཆུ་བརྟན་པར་བྱེད། རྒྱ་མཚོ་སྐེམས་པར་བྱེད། མཆེ་བ་ཅན་ཐམས་ཅད་ཁ་བཅིངས་པར་བྱེད། མོ་མཚན་བཅིངས་པར་བྱེད། ཁ་བཅིངས་པར་བྱེད། བྲག་བརྙིལ་བར་བྱེད་ཅིང་ཕྱེ་མར་རློག་པར་བྱེད་དེ། ལས་གང་དང་གང་བྱེད་ན་བཅོམ་ལྡན་འདས་
མ་དྲན་པར་བྱ་སྟེ། ཁུ་ཚུར་ཡང་བཅངས་ན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཕུག་གི་འཁྲུལ་འཁོར་རྣམས་ཕྱེ་མར་རློག་པར་བྱེད། འཇིག་པར་བྱེད། གནས་པར་བྱེད་དོ། །གཏེར་གྱི་འཁྲུལ་འཁོར་རྣམས་གཅོད་པར་བྱེད་དེ། དེ་བཞིན་དུ་ལས་ཐམས་ཅད་ལ་བཅོམ་ལྡན་འདས་ལ་
སྦྱར་བར་བྱའོ། །མིའི་གཙོ་བོ་དང་མི་ཆེན་པོ་འང་དབང་དུ་འགུགས་པར་བྱེད་དོ། །སེམས་ཅན་ཐམས་ཅད་སྨྲར་འཇུག་ཅིང་འཛིན་དུ་འཇུག་ལ། རྒྱས་པར་བྱེད། འཆིང་བར་བྱེད་དོ། །དུས་གསུམ་གདུག་པས་ཟིན་པས་སྨྲར་འཇུག་སྟེ་ཁུ་ཚུར་གྱིས་ལས་བྱའོ། །བསྲུང་བའི་ཆོ་ག་ལ་ནི་
བཅོམ་ལྡན་འདས་མ་ལ་མཆོད་པ་བྱ་སྟེ། ལན་ཁྲི་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་རོ། །སྒྲུབ་པའི་ཚེའང་འདིས་དཀྱིལ་འཁོར་གྱི་མཚམས་བཅད་པར་བྱ་སྟེ། ཐལ་བའམ། ཡུངས་ཀར་རམ། ཆུའམ། བོང་པའམ། སྐུད་པའམ། ཕུར་བུའམ། རྡོ་རྗེས་བསྐོར་བར་བྱའོ། །
ཁང་བཟངས་སུ་ལན་འབུམ་བཟླས་བརྗོད་བྱས་པའི་ཡུངས་ཀར་གྱིས་རྡོ་རྗེ་བྲིས་ན་དག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་བསྲུང་བ་བྱས་པར་འགྱུར་རོ། །གསོ་སྦྱོང་དང་ལྡན་པས་ལན་སུམ་འབུམ་བཟླས་བརྗོད་བྱས་ལ་ཧཱུྃ་དང་ལྡན་པས་སྐེ་ཚེའི་སྦྱིན་སྲེག་སུམ་འབུམ་བྱས་

ན་མིའི་གཙོ་བོ་དང་བུད་མེད་ཀྱི་གཙོ་མོར་ཡང་དབང་དུ་ཁུགས་པར་འགྱུར་རོ། །ལན་འབུམ་སྦྱིན་སྲེག་བྱས་ན་བྲམ་ཟེ་དང་རྒྱལ་རིགས་དབང་དུ་ཁུགས་པར་འགྱུར་རོ། །དེའི་འོག་ཏུ་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་མི་ཆེན་པོ་རྣམས་དབང་དུ་ཁུགས་པར་འགྱུར་རོ། །ལན་ཅིག་བརྗོད་པས་
གསང་སྔགས་རེངས་པར་བྱེད་ཅིང་བཅིངས་པ་གྲོལ་བར་བྱེད་དོ། །ལན་གསུམ་པས་ནི་ཕ་རོལ་གྱི་རིག་སྔགས་གཅོད་པར་བྱེད་དོ། །ཁྱེའུ་དང་བུ་མོ་ཁྲུས་བྱེད་དུ་གཞུག་པར་འདོད་ན་བུམ་པ་མི་ནག་ཅིང་རྩ་བ་མེད་པ་བཞིའམ། བཅུ་གཉིས་སམ། བཅུ་དྲུག་ཀྱང་རུང་སྟེ། དཀྱིལ་འཁོར་
གྱི་སྟེང་དུ་བཞག་ལ། ས་བོན་དང་སྨན་ཐམས་ཅད་བླུགས་ཏེ་མཆོད་པ་བྱས་ཏེ་ལྷ་བཤོས་ཀྱང་དབུལ་ལ། ལན་བརྒྱད་སྟོང་སྦྱིན་སྲེག་བཟླས་བརྗོད་བྱས་ཏེ་ཁྲུས་བྱེད་དུ་བཅུག་ན་ཐམས་ཅད་ཀྱི་ཡིད་དུ་འོང་བར་འགྱུར་རོ། །བུད་མེད་བུ་ཚོལ་བ་ཡང་བུ་ཡོད་པར་འགྱུར་རོ། །དེ་ནས་རལ་གྲི་
དང་དགྲ་སྟ་དང་གསལ་ཤིང་དང་དབྱུག་པ་དང་མདུང་ཐུང་དང་། ཆུང་ངུ་ན་ཤིང་ལྷམ་དང་གོས་དང་སྐ་རགས་དང་སོར་གདུབ་ལ་སོགས་པ་འགྲུབ་པར་འདོད་ན་ཆོ་ག་སྔར་བཤད་པ་བཞིན་དུ་བྱས་ཏེ། ལྷ་མོའི་མདུན་དུ་ཀུ་ཤའི་སྟན་ལ་འདུག་ནས་འབར་བར་གྱུར་གྱི་བར་བཟླས་བརྗོད་བྱས་ན་དེ་ནས་
འགྲུབ་པར་འགྱུར་ཏེ། དེ་བླངས་པས་ནམ་མཁའ་ལ་འགྲོ་ཞིང་གྲུབ་པ་རྣམས་ཀྱིས་མི་སོད་པར་འགྱུར་རོ། །ལུས་མི་སྣང་བར་སྒྲུབ་པ་ནི་ལུས་མི་སྣང་བ་གྲུབ་པ་རྣམས་ཀྱི་རྒྱལ་པོར་འགྱུར་རོ། །དྲོ་བར་གྱུར་ན་ནི་རྐང་པས་འགྲོ་བ་རྣམས་ཀྱི་བདག་པོར་འགྱུར་རོ། །ལྷ་རྣམས་རིག་སྔགས་
ཀྱི་རྒྱལ་མོ་རྡོ་རྗེ་ཁུ་ཚུར་མའི་སྙིང་པོ་མཆོག་གི་ལས་རྣམས་ངས་བཤད་ཟིན་ཏོ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་རྡོ་རྗེ་སྤྱན་གྱི་སྤྱི་བོ་ལ་དབང་བསྐུར་ནས་རྡོ་རྗེ་འབར་བའི་ཏིག་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ལག་ན་རྡོ་རྗེ་རྡོ་རྗེ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་
པར་ཞུགས་མ་ཐག་ཏུ་དེ་ནས་ལྷ་འདུས་པ་ཐམས་ཅད་ཡིད་འཇིགས་པར་གྱུར་ནས། ལྷ་ཆེན་པོ་ནི་བཅོམ་ལྡན་འདས་ཀྱི་གློ་གཡོན་ཕྱོགས་སུ་འདུག་གོ། །སྤྱན་གྱི་གཡས་ཕྱོགས་སུ་འདུག་གོ། །དྲུག་མ་དང་དཀའ་ཟློག་མ་ནི་རྒྱབ་ལོགས་སུ་འདུག་སྟེ། ལྷ་ཐམས་ཅད་གཅིག་ལ་གཅིག་

ལྟ་ཞིང་། ལག་ན་རྡོ་རྗེ་སྟོབས་པོ་ཆེ་ལ་བསྐུལ་བ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་སྤྱན་གྱི་ལས་རྣམས་ཤོད་ཅིག་ཤོད་ཅིག །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་སྤྱན་གྱི་ལས་གང་དག་མཐོང་བས་ལག་ན་རྡོ་རྗེས་བཤད་པ་བཞིན་དུ་དངོས་གྲུབ་དམ་པ་ཐོབ་པར་
འགྱུར་བ་བཤད་དེ། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ལ་ལག་ན་རྡོ་རྗེའི་མདུན་དུ་ཏ་གར་དཀར་པོའི་མེ་ཏོག་བརྒྱད་སྟོང་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་རོ། །ཟླ་བ་གཅིག་གི་བར་དུ་ཟས་སུ་འོ་མ་དང་ཕྱེའི་འདག་གུ་ཟོས་ལ་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ལག་
ན་རྡོ་རྗེའི་མདུན་དུ་རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན། དེ་ནས་རིག་སྔགས་འཆང་གིས་ནང་པར་དགེ་སློང་མཆོད་སྟོན་བྱིན་ཏེ་ཅི་འབྱོར་པས་མཆོད་པ་ཡང་བྱའོ། །དེའི་འོག་ཏུ་རིག་སྔགས་འཆང་གིས་རས་མ་ཉམས་པ་ལ་རི་མོ་མཁན་གསོ་སྦྱོང་དང་ལྡན་པ་དེ་བཞིན་གཤེགས་
པའི་སྐུ་གཟུགས་འདྲིར་འཇུག་སྟེ། དེ་བཞིན་གཤེགས་པའི་གཡས་ཕྱོགས་སུ་ནི་སངས་རྒྱས་ཀྱི་སྤྱན་བྲིའོ། །གཡོན་ཕྱོགས་སུ་ནི་འཕགས་པ་ལག་ན་རྡོ་རྗེ་བྲིའོ། །དེ་བཞིན་གཤེགས་པ་ནི་གསེར་གྱི་མདོག་ཅན་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པར་བྱའོ། །
བཅོམ་ལྡན་འདས་མ་དེ་ཡང་གསེར་གྱི་མདོག་ཅན་ལ་ཡིད་ཙམ་གྱིས་འདུད་དེ་ལོ་བཅུ་དྲུག་ལོན་པའི་གཟུགས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། ལག་པ་གཉིས་པདྨ་འཛིན་པར་བྱ་སྟེ་པདྨ་ཡང་རྡོ་རྗེའི་མཚན་མ་དང་ལྡན་པར་བྱའོ། །ལག་ན་རྡོ་རྗེ་མདོག་སྔོ་བསངས་ལ་རྒྱན་ཐམས་ཅད་
ཀྱིས་བརྒྱན་པ་དར་ལའི་གོས་གྱོན་ཅིང་པདྨ་ལ་འདུག་པ་བྲིའོ། །དེ་ནས་རིག་སྔགས་འཆང་གིས་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་སྐུ་གཟུགས་ལ་མཆོད་པ་རྒྱས་པར་བྱ་ཞིང་། ལྷ་བཤོས་ཀྱང་རྒྱས་པར་ཕུལ་ནས་རིག་སྔགས་ཀྱི་རྒྱལ་པོ་དང་བཅས་པར་ལྷ་སྤྱན་དྲང་
བར་བྱའོ། །སྤྱན་གྱིས་ནི་ལས་ཐམས་ཅད་ལ་བསྲུང་བར་བྱའོ། །དེའི་མདུན་དུ་ཕོ་དང་མོའི་མིང་དང་ལྡན་པའི་རྫས་མར་གྱི་ནང་དུ་སྨྱུགས་པས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་བཅོམ་ལྡན་འདས་མའི་གཟུགས་འགུལ་བར་འགྱུར་རོ། །ཡང་ན་མེ་ཏོག་གི་ཕྲེང་བ་འགུལ་བར་འགྱུར་ན་ལས་

དེ་འགྲུབ་པ་ཡིན་ཏེ། འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྱུར་ཞིང་ལུས་མི་སྣང་བར་འགྱུར་ལ། ཚེ་ལོ་དགུ་སྟོང་ཐུབ་པར་འགྱུར་རོ། །གང་གི་ཚེ་བུད་མེད་ཀྱི་གཟུགས་སྤྲུལ་པར་བྱ་ན་དེའི་ཚེ་མོའི་མིང་དང་ལྡན་པའི་ས་བོན་རྣམས་བླངས་ལ། ལག་ན་རྡོ་རྗེའི་མདུན་དུ་ཆུའི་བུམ་པ་
བཞག་པ་དེའི་ནང་དུ་བླུགས་ཏེ། དེ་ནས་རིག་སྔགས་བརྗོད་ན་དེ་དེས་བུད་མེད་དུ་འགྱུར་ཏེ། བུད་མེད་དེ་ཡང་བུད་མེད་རིན་པོ་ཆེའི་ཡོན་ཏན་དང་ལྡན་པར་འགྱུར་ལ། ཡིད་ལ་ཅི་བསམས་པ་དེ་སྤྲུལ་པར་བྱེད་དོ། །གང་གི་ཚེ་སྐྱེས་པའི་གཟུགས་སྤྲུལ་པར་བྱེད་ན་དེའི་ཚེ་ཕོའི་མིང་དང་ལྡན་པའི་
ས་བོན་རྣམས་བླངས་ཏེ། བླུགས་ནས་ཡིད་ཀྱིས་བསྔགས་ན་སྐྱེས་པའི་གཟུགས་སུ་གནས་པར་འགྱུར་ཏེ། སྐྱེས་པ་དེ་ཡང་བསྒོ་བ་བཞིན་དུ་བྱེད་ཅིང་ཡིད་ལ་ཅི་བསམས་པ་དེ་བྱེད་པར་འགྱུར་རོ། །འཇིམ་པས་བསྐུས་ན་མི་གཙང་བ་དང་གླང་པོ་ཆེའི་རྟུག་པ་དང་རྟ་རྟུག་ཀྱང་བཟའ་རུ་རུང་བར་
བྱེད་དོ། །ཆུ་ཡང་འོ་མར་འགྱུར་ལ་འོ་མ་ཡང་ཆུར་འགྱུར་རོ། །ཉིན་མོ་ཡང་མཚན་མོར་སྒྱུར་ལ། མཚན་མོ་ཡང་ཉིན་མོར་འགྱུར་རོ། །བྱེ་མ་ཡང་ཀ་རར་འགྱུར་རོ། །ལུས་ཀྱང་སྐད་ཅིག་གིས་མི་སྣང་བར་འགྱུར་རོ། །ཚེ་ལོ་བརྒྱད་ཁྲི་ཐུབ་པར་འགྱུར་རོ། །ཤི་ན་ཡང་བདེ་བ་ཅན་དུ་
སྐྱེ་བར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཡུངས་ཀར་གྱིས་རྡོ་རྗེའི་དབྱིབས་བྲིས་ལ་སྤྱན་གྱི་རིག་སྔགས་ཀྱི་རྒྱལ་པོ་དང་ལྡན་པར་བཟླས་བརྗོད་བྱེད་བཞིན་དུ་ཁམ་ཕོར་རམ་ལོ་མས་བཀབ་ལ། དེ་ནས་རིག་སྔགས་ལན་བརྒྱད་བརྒྱ་བརྒྱད་བརྒྱ་བཟླས་བརྗོད་བྱ། ཞག་
བདུན་གྱི་ཐ་མར་གོས་ཕྲུགས་གཅིག་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་གསང་བ་པ་རྣམས་ཀྱི་ཆོ་ག་རྒྱས་པར་བསྒྲུབ་པ་དང་། ཆོ་ག་རྒྱས་པ་རྣམས་མ་རུང་བར་བགྱི་བའི་ལས་འདི་ནི་ཤིན་ཏུ་ངོ་མཚར་ཆེ་བ་ལགས་སོ། །ལས་དམ་པ་འདིས་འཕགས་པ་ལག་ན་རྡོ་རྗེའི་མདུན་
དུ་རྡོ་རྗེའི་རིགས་སྤྱན་དང་བཅས་པའམ། གདོང་དྲུག་པ་རྡོ་རྗེ་གསུམ་པ་འདུག་པར་ཡིད་ཀྱིས་བསམས་ལ། བཅོམ་ལྡན་འདས་མ་རིགས་ཀྱི་རྒྱལ་པོ་དང་ལྡན་པར་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་མིང་འགྲུབ་པར་བྱེད་དེ། བཅོམ་ལྡན་འདས་མ་མིང་དེ་ཉིད་ཀྱིས་སྨན་ལ་བསང་གཏོར་

བྱས་ན་གྲོལ་བར་འགྱུར་རོ། །ཆོ་ག་རྒྱས་པར་མ་རུང་བར་བྱེད་པར་བཤད་པར་བྱ་སྟེ། མ་རུང་བར་བྱེད་པ་ལག་ན་རྡོ་རྗེས་རྣམ་པར་བསྒྱིངས་པའི་ལས་དམ་པ་འདིས་ཕྱོགས་གཙང་མར་ཆོ་ག་རྒྱས་པའི་ལྷ་བྲིས་ལ། རིག་སྔགས་ཀྱི་ལྷའི་བ་སྤུ་རྣམས་སུ་ཡང་རྡོ་
རྗེ་ཕྱེད་ནུབ་པ་རྣམས་བྲི་སྟེ། རིག་སྔགས་ཀྱང་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་རིག་སྔགས་ཀྱི་ལྷ་ཐམས་ཅད་དང་། ཆོ་ག་རྒྱས་པ་ཐམས་ཅད་ཕུར་བུས་བཏབ་པ་དང་མ་རུང་བར་བྱས་པར་འགྱུར་རོ། །ཞི་བར་བྱ་ན་སོལ་བས་རྡོ་རྗེ་བྲིས་ལ་དེ་ཉིད་ཀྱིས་སྨན་ལ་བསང་གཏོར་བྱས་
ན་གྲོལ་བར་འགྱུར་རོ། །རིག་སྔགས་བསྒྲུབ་པར་འདོད་པ་ལ་རིག་སྔགས་གང་ཡིན་པ་དེ་ལས་སྒྲུབ་པར་མི་བྱེད་ན་འཕགས་པ་ལག་ན་རྡོ་རྗེའམ། ལྷ་ཆེན་པོའི་མདུན་དུ་མེ་ཐ་མལ་པའི་ནང་དུ་སྤྱན་གྱིས་མོན་སྲན་གྲེའུ་ཡིས་སྦྱིན་སྲེག་ལན་བརྒྱད་སྟོང་བྱས་ན་རིག་སྔགས་ལ་ཡང་ལན་
བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་དེས་དངོས་གྲུབ་མྱུར་དུ་སྦྱིན་པར་བྱེད་དོ། །བུད་མེད་དབང་དུ་བྱ་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ཕུབ་མའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་དབང་དུ་འགྱུར་རོ། །ལྷ་རྣམས་དེ་ལ་ནི་རིག་སྔགས་དང་། ཆོ་ག་རྒྱས་པ་གྲུབ་པ་དང་མ་རུང་བར་བྱ་བ་དང་། རིག་
སྔགས་འཆང་རྣམས་ལ་དངོས་གྲུབ་སྦྱིན་དུ་གཞུག་པར་དེ་བཞིན་གཤེགས་པས་གནང་གི་དེ་ལ་ཕྱག་བྱས་ལ་དེ་བཞིན་གཤེགས་པའི་བཀས་ངས་བཤད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ནས་འཁོར་རྣམས་ལ་བལྟས་ཏེ་སྙིང་པོ་མཆོག་བཤད་པ། ན་མཿ
སརྦ་བྷཱུ་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ། ཨེ་ཧྱེ་ཧི་བྷ་ག་བ་ཏེ། ཨོྃ་ཀུ་རུཾ་གི་ནི་སྭཱ་ཧཱ། ཨོྃ་ལོ་ཙ་ནི་པྲ་བ་རི་བྷྲ་མ་རི་ནི་སུམྦྷ། ཨོྃ་ཛྭ་ལི་ཏི་སྭཱ་ཧཱ། སྙིང་པོའོ། །ཨོྃ་བི་ད་དཱུ་ཏེ་ཧཱུྃ་བ་རི་ནི་ཕཊ། བཅོམ་ལྡན་འདས་མ་སྤྱན་གྱི་ཉེ་བའི་སྙིང་པོའོ། །གསང་སྔགས་བཤད་པ་ནས་རྣམ་པ་དྲུག་ཏུ་གཡོས་
སོ། །རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱང་སྙིང་འདར་ཞིང་མདུན་དུ་འཁོད་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་བདག་ཅག་གིས་ཅི་བགྱིས་པ་གསུངས་ཤིག་གསུངས་ཤིག་ཅེས་སྨྲས་སོ། །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །

ལྷ་རྣམས་ཉོན་ཅིག །རིག་སྔགས་འཆང་གང་བཅོམ་ལྡན་འདས་མ་མཆོག་ལ་དྲག་ཏུ་བསྐུལ་བའི་སྙིང་པོ་དམ་པ་འཆང་བ་དེ་ལ་ཁྱོད་ཀྱིས་དངོས་གྲུབ་དམ་པ་བྱིན་ཅིག །ཅི་སྟེ་མ་བྱིན་ན་ངས་རྡོ་རྗེ་ཀུན་ཏུ་འབར་བས་སྤྱི་བོར་གཞག་གོ། །དེ་ནས་ལྷ་དེ་དག་རྟབ་རྟབ་པོར་གྱུར་
ཏེ་ལག་ན་རྡོ་རྗེའི་རྐང་པ་ལ་གཏུགས་ནས་བཅོམ་ལྡན་འདས་དྲག་ཏུ་བསྐུལ་བའི་བཅོམ་ལྡན་འདས་མའི་སྙིང་པོ་འཆང་བའམ། ཕྱག་འཚལ་བ་གང་ཡིན་པ་དེ་དབང་ཕྱུག་ཆེན་པོ་ལ་སོགས་པ་བདག་ཅག་ལྷ་རྣམས་ཀྱིས་རྟག་ཏུ་བསྲུང་བར་བགྱིའོ། །བཅོམ་ལྡན་འདས་མ་རྟག་ཏུ་རྗོད་
པར་བྱེད་པའམ། སྒྲུབ་པར་བྱེད་པའམ། མཆོད་པར་བྱེད་པ་གང་ཡིན་པ་དེའི་མདུན་དུ་ཡང་འཁོད་པར་བྱ་སྟེ། དངོས་གྲུབ་ཀྱང་སྦྱིན་པར་བྱའོ། །རིག་སྔགས་མཆོག་འདི་ནི་བཟླས་བརྗོད་བྱས་པ་ཙམ་གྱིས་དངོས་གྲུབ་འགྲུབ་པར་བྱེད་ཅིང་མ་གྲུབ་པ་ཡང་གྲུབ་པར་བྱེད་པ་ཡིན་ཏེ།
འདི་ནི་ཆོ་ག་རྒྱས་པ་རྣམས་ཀྱི་ས་བོན་ལྟ་བུར་གྱུར་པ་དངོས་གྲུབ་སྦྱིན་པར་བྱེད་པ་ཡིན་ནོ། །བཅོམ་ལྡན་འདས་མའི་སྙིང་པོ་མཆོག་ལ་དྲག་ཏུ་བསྐུལ་བ་ཆོ་ག་རྒྱས་པ་འདི་འཆང་བ་གང་ཡིན་པ་དེ་ལ་ནི་ལག་ན་རྡོ་རྗེའི་བཀས་ཆོ་ག་རྒྱས་པ་འགྲུབ་པར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེའི་
མདུན་དུ་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་འཕགས་པ་ལག་ན་རྡོ་རྗེའི་རྐང་པ་གཡས་པའི་མཐེ་བོང་བཟུང་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ནས་རྐང་པའི་མཐེ་བོང་མི་ལ་རེག་པའི་ཉམས་འདྲ་བར་གྱུར་ན་དེས་གྲུབ་པར་ཤེས་པར་གྱིས་ཤིག །དེ་ནས་བགེགས་བསླང་བར་འདོད་ན་
འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཀོ་ཤ་ཏའི་མེ་ཏོག་གིས་མཆོད་པ་བྱས་ཏེ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་བགེགས་ལྡང་བར་འགྱུར་རོ། །ལྷ་རྣམས་བཅོམ་ལྡན་འདས་མ་སྤྱན་གྱི་རྒྱུད་ཕྱི་མ་ངས་བཤད་དོ། །དབང་ཕྱུག་ཆེན་པོ་དང་ཕུར་བུ་གསུམ་པས་བཤད་པའི་མ་མོ་རྣམས་ཀྱི་
རྒྱུད་ཕྱི་མ་ཡང་ངས་བཤད་པར་བྱ་སྟེ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ནས་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་བགེགས་ལྡང་བར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་པ་ལ་ཤའི་ཤིང་གིས་མེ་སྦར་

ནས་བཻ་ཀངྐ་ཏའི་འབྲས་བུ་མར་གྱི་ནང་དུ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་རིག་སྔགས་ཀྱི་ལྷ་ཐམས་ཅད་དམ་པ་སྦྱིན་པར་བྱེད་དོ། །ཡར་གྱི་ངོ་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ས་གཞི་བ་ཀོ་ཙམ་སྐྱོང་ནུལ་གྱིས་བྱུགས་ནས་དྲི་དང་།
མེ་ཏོག་དང་བདུག་པས་བརྒྱན་ཏེ་ལྷ་བཤོས་ཀྱང་རྒྱས་པར་ཕུལ་ལ་ལས་ཐམས་ཅད་བཅོམ་ལྡན་འདས་མས་བྱའོ། །དེ་ནས་རིག་སྔགས་འཆང་གིས་བྱིས་པ་གཞོན་ནུ་ཟླ་བ་དྲུག་ལོན་པ་བླངས་ཏེ། དྲི་དང་། མེ་ཏོག་བདུག་པས་བརྒྱན་ནས་དཀྱིལ་འཁོར་གྱི་དབུས་སུ་བཞག་ལ། དེ་
ནས་རིག་སྔགས་འཆང་གིས་བྱིས་པའི་རྐང་པ་གཡས་པ་ནས་བཟུང་སྟེ་རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱའོ། །དེ་ནས་དེ་ན་རེ་ཅི་བགྱི་ཞེས་ཟེར་བ་དང་ཡིད་ལ་གང་འདོད་པ་དེ་སྨྲོས་ལ་ཚེ་རིང་བའམ། རྒྱལ་པོའམ། རིག་སྔགས་འཆང་རྣམས་ལས་གཅིག་ཡིད་ལ་བསམས་
ཏེ་བསྒྲུབ་པར་བྱའོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མེ་ཏོག་དང་དྲི་དང་བདུག་པ་ཕུལ་ནས་ནི་མ་པའི་ཤིང་གིས་མེ་སྦར་ཏེ། མེ་ཏོག་དཀར་པོ་ཡུངས་མར་གྱི་ནང་དུ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱའོ། །དེ་ནས་རིག་སྔགས་
འཆང་གིས་སྦྱིན་སྲེག་བྱས་པའི་ཐལ་བ་བླངས་ལ། རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ནས་དྲོ་བར་གྱུར་ན་གྲུབ་པ་ཡིན་ཏེ། མཁའ་འགྲོ་མ་མཐོང་ན་ནི་བཅིངས་པར་འགྱུར་རོ། །ཞི་བར་བྱ་ན་རིག་སྔགས་ཀྱི་རྒྱལ་པོས་ཡུངས་ཀར་ལ་བསྔགས་ཏེ་བསྣུན་ན་གྲོལ་བར་འགྱུར་རོ། །
ཡར་གྱི་ངོ་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སོང་ནས་མཆོད་པ་རྒྱས་པར་བྱས་ལ་ལྷ་བཤོས་ཀྱང་རྒྱས་པར་ཕུལ་ཏེ། རིག་སྔགས་ཀྱི་རྒྱལ་པོ་དང་བཅས་པས་ལས་ཐམས་ཅད་བྱའོ། །དེ་ནས་རིག་སྔགས་འཆང་གིས་བྱང་ཆུབ་ཀྱི་ཤིང་ལག་པ་གཉིས་ཀྱིས་བཟུང་སྟེ།
རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་བྱང་ཆུབ་ཀྱི་ཤིང་ལས་ལག་པ་རྐྱོང་བར་འགྱུར་ཞིང་རིག་སྔགས་འཆང་གི་མགོ་ལ་རེག་པར་བྱེད་དེ། རེག་མ་ཐག་ཏུ་སྐྲ་ལྕང་ལོ་འཁྱིལ་ཞིང་ཉི་མ་ཤར་བའི་མདོག་དང་ལྡན་ལ་ལོ་བཅུ་དྲུག་ལོན་པའི་གཟུགས་དང་ལྡན་པར་འགྱུར་ཏེ། ཅི་འདོད་པའི་

ཟས་ལ་ལོངས་སྤྱོད་ཅིང་ཚེ་ལོ་དགུ་སྟོང་ཐུབ་པར་འགྱུར་རོ། །བསྲུང་བ་ནི་ལན་བདུན་བཟླས་བརྗོད་བྱས་པའི་སྐུད་པས་བྱའོ། །གནས་བསྲུང་བ་ནི་ལན་གསུམ་བཟླས་བརྗོད་བྱས་པའི་ཆུས་བྱ་སྟེ། བཅོམ་ལྡན་འདས་མ་སྤྱན་གྱི་སྙིང་པོ་ངས་བཤད་པའི་བཅོམ་ལྡན་འདས་མ་གང་ཡིན་པ་
དང་ལྡན་པ་རྟག་ཏུ་སྦྱར་བར་བྱའོ། །དེ་དང་མ་སྦྱར་བ་ཤས་ཆེར་རྨོངས་པར་འགྱུར་རོ། །བཅོམ་ལྡན་འདས་མ་སྤྱན་གྱི་རྒྱུད་ཕྱི་མ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་རྣམས་ཉོན་ཅིག་གཟི་བརྗིད་དྲག་པོ་ངས་
བཅོམ་ལྡན་འདས་མ་མ་མོ་རྣམས་ཀྱི་ཆོ་ག་རྒྱས་པའི་གསང་སྔགས་བཤད་པར་བྱའོ། །དེ་ནས་ལྷ་དེ་དག་སྙིང་འདར་བཞིན་དུ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རྡོ་རྗེ་འཛིན་སྙིང་པོ་ལ་དྲག་ཏུ་སྐུལ་བར་བྱེད་པའི་གསང་སྔགས་འདི་བརྗོད་ན་བཅོམ་ལྡན་འདས་མ་རྣམས་
བདག་ཅག་ལ་གནོད་ཀྱིས་ཐོང་ཤིག་ཐོང་ཤིག །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་སྨྲས་པ། བཟོད་ལྡན་དག་རིག་སྔགས་འདི་ནི་གང་ཚེ་ཁྱེད་རྣམས་ཀྱིས་ཅི་སྟེ་དངོས་གྲུབ་སྐྱོང་བར་བྱེད་ན་དེའི་ཚེ་བརྗོད་དགོས་སོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེའི་གཟི་
བརྗིད་དྲག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས། །བཅོམ་ལྡན་འདས་མ་རྣམས་ཀྱི་སྙིང་པོ་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་བཤད་པ། ན་མོ་བཛྲ་པཱ་ཎི་སྱ། ཨོྃ་བ་ཧི་པྲོ་ཏ་རི་ཎི་སྭཱ་ཧཱ། བཅོམ་ལྡན་འདས་མ་རྣམས་ཀྱི་སྙིང་པོ་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་
བཤད་མ་ཐག་ཏུ་དེ་ཐོས་པས་ལྷ་རྣམས་སྙིང་འདར་ཞིང་ལག་ན་རྡོ་རྗེའི་ཞལ་དུ་ལྟ་བར་འགྱུར་རོ། །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་རྡོ་རྗེ་ཕྲེང་བ་མའི་སྙིང་པོ་གནོད་པར་བྱེད་པ་ནི་དམ་ཚིག་ལས་འགལ་བར་བྱེད་པ་དང་།
བཅོམ་ལྡན་འདས་མ་རྣམས་ཀྱི་དངོས་གྲུབ་སྦྱིན་པར་བྱེད་པ་དེ་དག་ལ་རྡོ་རྗེ་ཕྲེང་བ་མས་ཁྲག་འཐུང་བར་བྱེད་པའམ། ཡང་ན་རྡོ་རྗེས་གཤག་པར་བྱེད་པར་ཟད་ཀྱིས་མ་འཇིགས་ཤིག །དེའི་ལས་ཀྱང་བཤད་པར་བྱ་སྟེ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ།

འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་དྲི་དང་མེ་ཏོག་དང་བདུག་པ་ཕུལ་ནས་དེའི་མདུན་དུ་བཅོམ་ལྡན་འདས་མ་ཨུཏྤལ་དང་ལྡན་པ་སྨན་ཆེན་མོ་སྟོབས་པོ་ཆེ་ངས་བཤད་པ་གང་ཡིན་པ་དེས་དཀྱིལ་འཁོར་བྱའོ། །དེ་ནས་རྡོ་རྗེ་ཕྲེང་བ་མ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་བཅོམ་ལྡན་
འདས་མ་རྣམས་འགྲུབ་པར་འགྱུར་རོ། །རྡོ་རྗེ་ཕྲེང་བ་མ་ཆོ་ག་རྒྱས་པ་ལ་དྲག་ཏུ་བསྐུལ་བ་འདི་ནི་དམ་ཚིག་མི་ཤེས་པ་དང་། ཤིན་ཏུ་མི་གཟོ་བ་དང་ལོ་གཅིག་གི་བར་དུ་མ་བསྟེན་པ་དང་སྟོང་སྙེད་མ་བྱིན་པ་ལ་སྦྱིན་པར་མི་བྱའོ། །ལྷ་རྣམས་མ་མོ་རྣམས་ཀྱི་ཆོ་ག་རྒྱས་པའི་ལས་
ངས་བཤད་ཟིན་ཏོ། །མ་མོ་འཇིག་རྟེན་གྱི་མ་རྣམས་ཀྱི་ཡང་མདོ་ཅུང་ཟད་ཙམ་བཤད་པར་བྱ་སྟེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་མ་མོའི་གནས་སུ་སོང་ནས་དྲི་དང་མེ་ཏོག་དང་བདུག་པ་ཕུལ་ལ་ལྷ་བཤོས་ཀྱང་རྒྱས་པར་ཕུལ་
ཏེ། དེ་ཉིད་ཀྱི་སྔགས་ཀྱིས་ལས་ཐམས་ཅད་བྱའོ། །དེ་ནས་རིག་སྔགས་འཆང་གིས་ལས་གཅིག་བསམས་ལ་བསྒྲུབ་པར་བྱ་སྟེ། རིག་སྔགས་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་དེ་ནས་འཇིག་རྟེན་གྱི་མ་མོ་རྣམས་དམ་པ་སྦྱིན་པར་འགྱུར་རོ། །ཧཱུྃ་ཞེས་བྱ་བས་འབེབས་པར་
བྱེད་དོ། །དུག་ལ་ནི་བལྟས་པས་དུག་མེད་པར་བྱེད་དོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ཕག་མོ་གཅིག་པུ་གནས་པར་སོང་ནས་དྲི་དང་། མེ་ཏོག་དང་བདུག་པས་བརྒྱན་ལ། རིག་སྔགས་ལན་བརྒྱད་སྟོང་བཟླས་ན་བཅོམ་ལྡན་འདས་མ་ཕག་མོ་ཆེན་མོ་དེ་
འགུལ་ཏེ་གྲུབ་པར་འགྱུར་ཞིང་ལོངས་སྤྱོད་ཀྱི་གཞི་སྦྱིན་པར་བྱེད་དོ། །ལྷ་རྣམས་འཇིག་རྟེན་གྱི་མ་མོ་རྣམས་ཀྱི་ལས་ངས་བཤད་ཟིན་ནོ། །སྙིང་པོ་ལ་དྲག་ཏུ་བསྐུལ་བའི་རིག་སྔགས་ཀྱང་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། ཏ་ཀི་ཏ་ཀི་པུ་ཏ་ཀི་སྭཱ་ཧཱ། རིག་སྔགས་འདིས་འཕགས་
པ་ལག་ན་རྡོ་རྗེའི་མདུན་དུ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། དྲི་དང་མེ་ཏོག་དང་བདུག་པ་ཕུལ་ནས་དྲི་ཆུ་སེར་པོ་དང་། དཀར་པོ་དང་། དམར་པོ་དང་ནག་པོ་ལ་སོགས་པས་དཀྱིལ་འཁོར་བྱས་ཏེ་མཆོད་པ་ཡང་ཅི་རིགས་པར་བྱའོ། །དེ་ནས་རིག་སྔགས་ལན་བརྒྱད་

སྟོང་བཟླས་བརྗོད་བྱས་ན་འཇིག་རྟེན་གྱི་མ་མོ་རྣམས་དམ་པ་སྦྱིན་པར་འགྱུར་རོ། །འཇིག་རྟེན་གྱི་མ་མོ་རྣམས་ཀྱི་ཆོ་ག་རྫོགས་སོ།། །།ལྷ་རྣམས་འཇིག་རྟེན་གྱི་མ་མོ་རྣམས་ཀྱི་ལས་རྣམས་ངས་བཤད་དོ། །རྡོ་རྗེ་ཁྲོ་བོ་ཆེན་པོ་བདུད་རྩི་ཐབ་སྦྱོར་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་
མེད་པ་ལས་ཕྱི་མ་ཡང་བཤད་པར་བྱའོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཁྲོ་བོ་བཞག་ནས་མཆོད་པ་རྒྱས་པར་བྱས་ལ་བཅོམ་ལྡན་འདས་མས་ལས་ཐམས་ཅད་བྱ་ཞིང་མེ་ཏོག་དཀར་པོ་རེ་རེ་ལ་ལན་རེ་རེ་བཟླས་བརྗོད་བྱེ་བ་བརྒྱད་
སྟོང་གིས་འཕགས་པ་རྡོ་རྗེ་ཁྲོ་བོའི་བྲང་དུ་བསྣུན་ན་དམ་པ་སྦྱིན་པར་འགྱུར་རོ། །ལན་བདུན་བཟླས་བརྗོད་བྱས་པའི་གུ་གུལ་བདུག་པས་ནི་འབེབས་པར་བྱེད་དོ། །ཆུའམ་ཡང་ན་རྣམ་པར་བཟླས་བརྗོད་བྱས་པས་ནི་རྒྱ་འཇོམས་པར་བྱེད་དོ། །ལོ་མས་ནི་དུག་སེལ་བར་བྱེད་དོ། །
བསྲུང་བ་ནི་སྐུད་པའམ། གོས་ཀྱི་གྲྭར་མདུད་པ་བྱ་སྟེ། དེ་དག་ཐམས་ཅད་ཀྱང་ལན་བདུན་བདུན་བཟླས་བརྗོད་བྱས་པས་ནི་ལོངས་སྤྱོད་ཀྱི་གཞི་འདོད་ན་རས་མ་ཉམས་པ་ལ་རི་མོ་མཁན་གསོ་སྦྱོང་དང་ལྡན་པས་འཕགས་པ་རྡོ་རྗེ་ཁྲོ་བོ་མདོག་གནག་ལ་མིག་དམར་བ་ཤམ་ཐབས་
སེར་པོ་གྱོན་ཞིང་སྐྲ་ཁམ་པར་འདུག་ལ། སྦྲུལ་གྱི་ཕྲེང་བས་བརྒྱན་ཏེ་པདྨ་ལ་འདུག་པ་འདྲིར་གཞུག་གོ། །དེ་ནས་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། སྐུ་གཟུགས་ཀྱི་མདུན་དུ་བྱང་ཆུབ་ཀྱི་ཤིང་བུད་ཤིང་གིས་མེ་སྦར་ནས་པདྨ་དཀར་པོ་ཞོ་དང་སྦྲང་རྩི་དང་མར་གྱི་
ནང་དུ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དངོས་གྲུབ་པའི་མཚན་མར་མེ་ཏོག་གི་ཕྲེང་བ་འགུལ་པར་འགྱུར་ཏེ། གྲུབ་ནས་ཀྱང་ཁམས་གཅིག་གི་རྒྱལ་པོར་འགྱུར་རོ། །མཆོད་པའང་ཅི་འབྱོར་པས་བྱའོ། །བཟླས་བརྗོད་བྱས་པ་ཙམ་གྱིས་གདོན་ཐམས་ཅད་འཇོམས་པར་བྱེད་
དོ། །ལོ་མའམ་ཆུས་ནི་དུག་སེལ་བར་བྱེད་དོ། །སས་ནི་ཁམ་ཕོར་ལག་པ་ལ་འབེབས་པར་བྱེད་དོ། །མིའི་ཐོད་པ་དང་བུམ་པ་ལའང་འབེབས་པར་བྱེད་དོ། །ཡན་ལག་ཀྱང་མ་རུངས་བར་བྱེད་ནུས་སོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ལི་ཁྲི་བླངས་ལ་ཐོད་

པའི་ནང་དུ་བཞག་སྟེ་ལྷ་ཆེན་པོའི་གནས་སུ་སོང་ལ་གཟུགས་ཀྱི་གཡས་ལོགས་སུ་དུར་ཁྲོད་ཀྱི་ཤིང་གིས་མེ་སྦར་ཏེ། ལི་ཁྲི་བཙོ་བར་བྱ་ཞིང་རིག་སྔགས་ཀྱི་རྒྱལ་པོས་བསྲུང་བར་བྱའོ། །དེ་ནས་རིག་སྔགས་འཆང་གིས་ལི་ཁྲི་བླངས་ཏེ་ཁྱིམ་དུ་ཁྱེར་ལ་དྲི་དང་།
མེ་ཏོག་དང་བདུག་པས་བརྒྱན་ནས་མར་གྱི་ངོ་ཞག་བརྒྱད་ཀྱི་བར་དུ་དུས་གསུམ་དུ་བཟླས་བརྗོད་ལན་བརྒྱད་བརྒྱ་བརྒྱད་བརྒྱ་བྱའོ། །དེ་ནས་རིག་སྔགས་འཆང་གིས་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ལ། དྲི་དང་མེ་ཏོག་དང་བདུག་
པ་རྣམས་ཀྱང་བཅོམ་ལྡན་འདས་མའི་སྔགས་ཀྱིས་དབུལ་ལོ། །རིག་སྔགས་ཀྱི་རྒྱལ་པོས་ནི་བསྲུང་བར་བྱའོ། །དེ་ནས་རིག་སྔགས་འཆང་གིས་ལི་ཁྲི་བླངས་ཏེ། ཨ་ཤྭཏྠའི་ལོ་མ་བདུན་གྱི་སྟེང་དུ་བཞག་ལ་དྲོ་བར་གྱུར་གྱི་བར་དུ་རིག་སྔགས་བརྗོད་ན་འགྲུབ་པར་འགྱུར་ཏེ། གྲུབ་
ནས་ཀྱང་ཐིག་ལེ་བྱས་ན་ལུས་མི་སྣང་བ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྱུར་ལ་རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་ལ་ཅི་འདོད་པའི་ཁ་ཟས་རྣམས་ལོངས་སྤྱོད་ཅིང་ཚེ་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་
སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་མཆོད་པ་རྒྱས་པར་བྱས་ལ་ལྷ་བཤོས་ཀྱང་རབ་ཏུ་རྒྱས་པར་ཕུལ་ཏེ། བཅོམ་ལྡན་འདས་མས་ལས་ཐམས་ཅད་བྱའོ། །དེ་ནས་རིག་སྔགས་འཆང་གི་མཆོད་རྟེན་གྱི་མདུན་དུ་ལྡོང་རོས་ཀྱི་རལ་གྲི་བྲིས་ལ་ལག་མཐིལ་དུ་རྡོ་རྗེ་བྲིས་ཏེ། ལག་
པས་རལ་གྲི་བཟུང་ནས་འཕར་ཞིང་ཀུ་ཅོའི་སྒྲ་ཐོས་པར་འགྱུར་གྱི་བར་དུ་རིག་སྔགས་ཀྱི་རྒྱལ་པོ་བརྗོད་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་བཅོམ་ལྡན་འདས་མ་དང་རིག་སྔགས་ཀྱི་རྒྱལ་པོ་དང་བཅས་པར་དྲན་པར་བྱའོ། །དེ་ནས་ལག་ཏུ་འོང་བར་འགྱུར་ཏེ། དེ་ལག་ན་འོངས་
པས་ཉི་མ་ཤར་བའི་མདོག་དང་ལྡན་ཞིང་སྐྲ་ལྕང་ལོ་འཁྱིལ་ལ་ལོ་བཅུ་དྲུག་ལོན་པའི་གཟུགས་དང་ལྡན་པར་འགྱུར་ཏེ། འཁོར་ལོས་སྒྱུར་བ་མ་གཏོགས་པར་རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་པ་དང་། བུད་མེད་བདུན་གྱིས་བསྐོར་ནས་ནམ་མཁའ་ལ་འགྲོ་བར་འགྱུར་བ་དང་

སྡད་བར་སེམས་གང་ཡིན་པ་དེ་དག་ཐམས་ཅད་བསམས་པ་ཙམ་གྱིས་ཆོམས་པར་འགྱུར་ཏེ་ཚེ་ལོ་ཁྲི་སུམ་སྟོང་ཐུབ་པར་འགྱུར་རོ། །ལྷ་རྣམས་རྡོ་རྗེ་ཁྲོ་བོ་ཆེན་པོ་བདུད་རྩི་ཐབ་སྦྱོར་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པའི་ལས་རྣམས་ངས་བཤད་ཟིན་ཏོ། །འདི་ལ་དྲག་
ཏུ་བསྐུལ་བའི་སྙིང་པོ་མཆོག་གི་རིག་སྔགས་ཀྱང་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། ཧཱུྃ་ཛྭ་ལཱ་ན་ཡ་ཕཊ་སྭཱ་ཧཱ། གསང་སྔགས་འདི་ནི་ཆོ་ག་རྒྱས་པ་ཐམས་ཅད་ལ་དྲག་ཏུ་བསྐུལ་བ་ཡིན་ཏེ། རིག་སྔགས་ཐམས་ཅད་ཀྱང་འགྲུབ་པར་བྱེད་དོ། །མར་གྱི་ངོ་ཞག་བཅུ་བཞི་
ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་དཀྱིལ་འཁོར་ཙནྡན་དམར་པོས་སྐྱོང་ནུལ་བྱུགས་ལ་ཀ་ར་བཱི་རའི་མེ་ཏོག་བརྒྱད་བརྒྱས་འཕགས་པ་ལག་ན་རྡོ་རྗེ་ལ་བསྣུན་ནས་འཕགས་པ་བདུད་རྩི་ཐབ་སྦྱོར་
འགྲུབ་པར་འགྱུར་རོ། །དེ་ཕྱིན་ཅད་ལས་ཐམས་ཅད་བྱེད་ནུས་པར་འགྱུར་རོ། །ལྷ་རྣམས་རྡོ་རྗེ་ཁྲོ་བོ་ཆེན་པོ་བདུད་རྩི་ཐབ་སྦྱོར་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པའི་ལས་རྣམས་ངས་བཤད་ཟིན་ཏོ། །ཚངས་པས་བཤད་པའི་ལས་ཀྱང་བསྟན་པར་བྱ་སྟེ། སྲུང་
བ་ནི་ལན་བདུན་བཟླས་བརྗོད་བྱས་པའི་ཐལ་བས་བྱའོ། །གདོན་བསྐྱོད་པ་ནི་མཐེ་བོས་བྱའོ། །ལོ་ཏོག་མ་རུང་བར་བྱ་བ་ན་ཡིད་ཀྱིས་བྱའོ། །ཆུ་མ་རུང་བར་བྱ་བ་ནི་ལན་གསུམ་བཟླས་བརྗོད་བྱས་པའི་གསེག་མས་བྱའོ། །དགྲ་བསད་པར་འདོད་ན་དགྲ་གང་ན་འདུག་པ་དེ་
ལོགས་སུ་ཁ་བལྟས་ཏེ་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ལན་བརྒྱད་བརྒྱ་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་ཞག་བདུན་གྱི་ཉིན་པར་དགྲ་འཆི་བར་འགྱུར་རོ། །བུད་མེད་དབང་དུ་བྱ་བར་འདོད་ན་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཀ་ར་བཱི་རའི་མེ་ཏོག་བརྒྱད་བརྒྱས་འཕགས་པ་ལག་ན་
རྡོ་རྗེ་ལ་བསྣུན་ན་དབང་དུ་འགྱུར་རོ། །ཁྲག་འཛག་པར་བྱ་ན་ཞག་གསུམ་གྱི་བར་དུ་རྒྱ་སྐྱེགས་ཀྱིས་སྦྱིན་སྲེག་བརྒྱད་བརྒྱ་བརྒྱད་བརྒྱ་བྱས་ན་ཁྲག་མང་དུ་འཛག་པར་འགྱུར་རོ། །འོ་མའི་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། །ཕ་རོལ་གྱི་ཡུལ་འཁོར་གཞོམ་ན་སྔར་ངས་ལས་བཤད་

པའི་ལས་གང་ཡིན་པ་དེས་རྐང་རྗེས་ཀྱི་རྡུལ་གྱིས་ཞག་བདུན་གྱི་བར་དུ་སྦྱིན་སྲེག་བྱའོ། །ལྷ་རྣམས་ཚངས་པའི་སྙིང་པོ་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་ཀྱང་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། ནམཿཔི་ཏམ་ཧཱ་སྱ། ཨོྃ་སྭ་ཡམྦྷུ་བེ་ཛྭ་ལ་ཕཊ་སྭཱ་ཧཱ།
མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་དྲི་དང་མེ་ཏོག་དཀར་པོ་བརྒྱད་སྟོང་གིས་འཕགས་པ་ལག་ན་རྡོ་རྗེ་ལ་བསྣུན་ན་དེ་ནས་ཚངས་པས་དམ་པ་སྦྱིན་པར་འགྱུར་རོ། །ལྷ་རྣམས་ཚངས་པ་ཆེན་པོས་
བཤད་པའི་རིག་སྔགས་ཀྱི་ལས་རྣམས་ངས་བཤད་ཟིན་ཏོ། །འཇིག་རྟེན་སྐྱོང་བ་བཞིས་བཤད་པའི་དགའ་བྱེད་གདོང་གི་ལས་ཀྱང་བཤད་པར་བྱ་སྟེ། སྲུང་བ་ནི་ལན་བདུན་བཟླས་བརྗོད་བྱས་པའི་སྐུད་པས་བྱའོ། །དཀྱིལ་འཁོར་གྱི་ཆོ་ག་ལ་ནི་ལས་ཐམས་ཅད་ལ་ཡང་སྦྱར་བར་
བྱའོ། །བཅོམ་ལྡན་འདས་མས་ནི་ལྷ་རྣམས་སྤྱན་དྲང་བར་བྱའོ། །སྙིང་པོས་ནི་སླར་གཏང་བར་བྱའོ། །གདོན་ཐམས་ཅད་ཀྱི་མཚམས་བཅད་པ་ནི་ཡིད་ཀྱིས་བྱ་སྟེ། །དགྲོལ་བ་ཡང་ཡིད་ལ་བྱའོ། །དགྲ་གཞིག་པར་འདོད་ན་མར་གྱི་ངོ་ཞག་བརྒྱད་ལ་བརྩམས་ཏེ། དུས་
གསུམ་དུ་ཕུབ་མའི་སྦྱིན་སྲེག་ལན་བརྒྱད་བརྒྱ་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་ཞག་བདུན་གྱི་ཉིན་པར་དགྲ་འཇིག་པར་འགྱུར་རོ། །སྐྱེས་པ་དབང་དུ་བྱ་ན་ཡར་གྱི་ངོ་ཚེས་བདུན་ལ་བརྩམས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ནས་ཨརྐའི་ཤིང་གིས་མེ་སྦར་ལ་
ཏིལ་ནག་པོས་སྦྱིན་སྲེག་ལན་བརྒྱད་སྟོང་བྱས་ན་དབང་དུ་འགྱུར་རོ། །བུད་མེད་དབང་དུ་བྱ་ན་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་འབྲས་ཡོས་ཀྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་བུད་མེད་དབང་དུ་འགྱུར་རོ། །གདོན་གྱིས་ཟིན་པ་རྣམས་ལ་ནི་ལན་བདུན་བཟླས་བརྗོད་བྱས་པའི་
ཡུངས་ཀར་གྱིས་གཏོར་བས་ཞི་བར་འགྱུར་རོ། །བཟླས་བརྗོད་བྱས་པ་ཙམ་གྱིས་ནི་གདོན་ཐམས་ཅད་སྐྲག་པར་འགྱུར་རོ། །མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ནས་བྱང་ཆུབ་ཀྱི་ཤིང་གིས་མེ་སྦར་ནས་

ཨ་པ་ར་ཛི་ཏེ་དཀར་པོའི་མེ་ཏོག་གི་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དགའ་བྱེད་གདོང་གིས་དམ་པ་བྱིན་པར་འགྱུར་རོ། །གདོན་གྱིས་ཟིན་པ་རྣམས་ལ་ཨ་པ་ར་ཛི་ཏའི་མེ་ཏོག་ལན་བདུན་བཟླས་བརྗོད་བྱས་ཏེ་གདོན་གྱི་ཁ་ཟས་ཀྱི་ནང་དུ་བྱིན་ན་གདོན་ལག་པ་ཕན་ཚུན་འཆིང་བར་བྱེད་
ཅིང་ཀུན་ཏུ་རྒྱུགས་ཏེ་ཅི་བསྒོ་བ་བཞིན་བྱེད་པར་འགྱུར་རོ། །ཆོ་ག་རྒྱས་པའི་རྒྱུད་ཕྱི་མ་དང་བཅས་པར་མཐོང་ཞིང་ལྡན་པར་དེ་ལ་ནི་གདོན་རྣམས་ཀྱང་ཡིད་དགའ་བར་འགྱུར་རོ། །གདོན་རྣམས་ཀྱིས་ཀྱང་མི་འདོད་ཅིང་མཐོང་ན་འབྱེར་བར་འགྱུར་རོ། །
ལྷ་རྣམས་འདི་དག་གི་སྙིང་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་ཀྱང་བཤད་པར་བྱའོ། །ན་མོ་བཛྲ་བཱ་ཎི་སྱ། བཛྲིཾ་བཛྲིཾ་བ་ལོ་ཀ་པཱ་ལཱ་ཡ་སྭཱ་ཧཱ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ནས་
ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དགའ་བྱེད་གདོང་གིས་དམ་པ་སྦྱིན་པར་བྱེད་དོ། །རིག་སྔགས་ཐམས་ཅད་ལ་ཡང་བསྒྲུབ་པའི་ཚེ་ཐོག་མ་ཁོ་ནར་སྙིང་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་ཀྱིས་མར་དང་། གུ་གུལ་གྱིས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ལ་དེ་ནས་རིག་སྔགས་བསྒྲུབ་
པར་བྱའོ། །ལས་ཀྱི་མཇུག་ཏུ་ཡང་ཡུངས་ཀར་མར་དང་སྦྱར་བས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱའོ། །དེ་ནས་བྱས་ན་ལས་དེས་དྲག་ཏུ་བསྐུལ་བའི་རིག་སྔགས་ཐམས་ཅད་ཀྱིས་དངོས་གྲུབ་སྦྱིན་པར་བྱེད་དོ། །དེ་ནས་ལྷ་དག་ལས་འདི་ཐོས་པས་ཡིད་འཇིགས་ཤིང་སྙིང་འདར་ཏེ་ལག་
ན་རྡོ་རྗེའི་ཞལ་དུ་བལྟའོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཟོད་ལྡན་དག་ཁྱེད་སེམས་རྩེ་གཅིག་ཏུ་གྱིས་ལ་ཉོན་ཅིག །ཅི་སྟེ་དམ་ཚིག་འདི་ལས་འགལ་བར་བྱས་ཏེ། དངོས་གྲུབ་སྦྱིན་པར་མི་བྱེད་ན་ངས་རྡོ་རྗེ་ཀུན་ཏུ་འབར་བས་སྤྱི་བོ་
གཤག་གོ། །དེ་ནས་རྡོ་རྗེ་ཁྲོ་བོས་ཅ་ཅོའི་སྒྲ་བཏོན་ཏེ་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་གང་ན་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུས་ཏེ།

ཆོ་ག་རྒྱས་པ་ཆེན་པོ་རིག་པ་མཆོག་གི་རྒྱུད་ཕྱི་མ་དང་བཅས་གསང་བ་དང་བཅས་པར་བཤད་ན་བདག་གིས་ཀྱང་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་དད་གདོན་དང་དྲག་ཤུལ་ཅན་མི་རྣམས་ལ་གང་འཚེ་བ་ཡིན་པའི་གདོན་དེ་དག་ངེས་པར་གཞིག་པའི་ཕྱིར་བཅོམ་
ལྡན་འདས་ལ་འདྲི་བར་བགྱིས། །བཅོམ་ལྡན་འདས་སྙིང་རྗེའི་སེམས་ཀྱིས་གདོན་རྣམས་ཀྱི་རུས་དང་རིགས་མིང་དེ་དག་ཁ་དག་ལ་གསུངས་ཤིག །དེ་སྐད་ཅེས་སྨྲས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཅོམ་ལྡན་འདས་ལག་ན་རྡོ་རྗེས་རྡོ་རྗེ་ཁྲོ་བོ་ལ་འདི་སྐད་ཅེས་སྨྲས་
སོ། །བདུད་རྩི་ཐབ་སྦྱོར་གང་ཁྱོད་སེམས་ཅན་ལ་ཕན་པའི་ཕྱིར་ཞུགས་ཏེ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་གདོན་རྣམས་ཀྱི་རུས་དང་མིང་ང་ལ་དྲིས་པ་ལེགས་སོ་ལེགས་སོ། །དེ་ངས་བཤད་པ་བཞིན་དུ་ཉོན་ཅིག །འཇིག་རྟེན་དག་ན་གདོན་རྣམས་ནི། །དྲག་ཅིང་སྦྱོར་བ་སྣ་
ཚོགས་ཡོད། །གདོན་ཡོད་དེ་དག་ཅི་འདྲ་བ། །གོ་རིམས་བཞིན་དུ་བཤད་པར་བྱ། །གདོན་རྣམས་སྟོང་ཕྲག་བརྒྱད་ཅུ་ནི། །མི་ཡི་འཇིག་རྟེན་དག་ན་གནས། །དེ་ལས་ས་འདིར་རྒྱུ་བ་ཡི། །གདོན་ནི་བཅྭ་བརྒྱད་ཤེས་པར་བྱ། །གདོན་རྣམས་འོང་བར་འཇུག་པ་དང་། །
དེ་བཞིན་མཚན་མ་དག་དང་ནི། །གསོ་རུང་མི་རུང་དཔྱད་པ་དང་། །གསོ་བའི་ཐབས་ནི་ཐ་དད་དང་། །རིགས་རྣམས་ལ་ནི་གང་བསྟེན་དང་། །གང་གིས་རུས་ནི་གང་ཡིན་དང་། །དེ་ལས་གཞན་ཡང་བཤད་བྱ་སྟེ། །ངས་བཤད་དེ་ནི་མཉན་པར་གྱིས། །གཟུགས་ཀྱང་མེད་
ལ་དྲི་ཡང་མེད། །སྒྲ་ཡང་མེད་ཅིང་ཁྱད་པར་དུ། །མཉན་དུ་མེད་ཅིང་བལྟར་མེད་དེ། །མཚན་མ་ཙམ་ལས་ཤེས་པར་བྱ། །མེ་ལོང་དང་ནི་ཆུ་དག་ལས། །གྲིབ་མ་ཇི་ལྟར་སྣང་བ་བཞིན། །དེ་ལྟར་དེ་དག་རྟོགས་བྱ་ཞིང་། །དེ་ལས་གདོན་རྣམས་ཤེས་པར་བྱའོ། །ཐམས་
ཅད་རླུང་དང་འདྲ་བ་སྟེ། །མཐོང་བ་ཙམ་གྱིས་འཛིན་པར་བྱེད། །མཚན་མ་དང་ནི་ཚུལ་རྣམས་དང་། །སྤྱོད་པས་ཀྱང་ནི་རྟོགས་པར་བྱ། །གདོན་རྣམས་ལུས་ལ་ཞུགས་ནས་ནི། །མི་ལས་མི་མ་ཡིན་པར་བྱེད། །གྲིབ་མ་དང་ནི་འགྲོས་དང་མདོག །དེ་བཞིན་ང་རོ་འགྱུར་

བར་བྱེད། །གདོན་རྣམས་རིགས་བཞི་ཡན་ལག་བཞི། །རྣམ་པ་བཞི་ཡོད་ཤེས་པར་བྱ། །རིགས་བཞི་དག་ལ་སྤྱོད་པ་ཡང་། །མདོར་ན་དེ་དག་ཤེས་པར་བྱ། །རླུང་ཅན་གྱིས་ནི་རླུང་ཅན་འཛིན། །དེ་དག་གིས་ནི་མིང་དང་གཟུགས། །སོ་སོར་ཡང་ནི་བཤད་
བྱ་སྟེ། །གཅིག་ནི་ལྷ་གདོན་ཤེས་པར་བྱ། །གཅིག་ནི་འབྱུང་པོའི་གདོན་ཡིན་ཏེ། །དེ་བཞིན་གཅིག་ནི་དྲི་ཟ་ཉིད། །གཅིག་ནི་གནོད་སྦྱིན་གདོན་ཡིན་ཏེ། །གཅིག་ནི་སྲིན་པོར་ཤེས་པར་བྱ། །ཤ་ཟའི་གདོན་ནི་རྣམ་གསུམ་དང་། །ཀླུ་ཡི་གདོན་ནི་ཤེས་པར་བྱ། །
ཚངས་པའི་སྲིན་པོ་ཉིད་དང་ནི། །ལོག་འདྲེན་གདོན་ནི་ཤེས་པར་བྱ། །དེ་བཞིན་བརྗེད་བྱེད་གདོན་དག་དང་། །གཞོན་ནུའི་གདོན་ནི་རྣམ་བཞིར་ཤེས། །གཅིག་ནི་སྨྱོ་བྱེད་ཉིད་ཡིན་ཏེ། །ལྷ་མིན་གདོན་ནི་ཤེས་པར་བྱ། །དེ་ལྟར་གདོན་རྣམས་བཅྭ་བརྒྱད་དེ། །གང་གིས་ཚེ་
ན་གང་རྒྱུ་དང་། །གང་གི་དུས་ནི་གང་ཡིན་དང་། །གང་གི་མདོག་ནི་ཅི་འདྲ་བ། །དེ་ནི་བདག་གིས་བཤད་ཀྱིས་ཉོན། །གདོན་རྣམས་བཅྭ་བརྒྱད་གང་ཡིན་པ། །དུས་ཚིགས་དག་ཏུ་འཛིན་བྱེད་དེ། །ལོ་གྲངས་བཅུ་གཉིས་ལོན་པ་ཡི། །གདོན་རྣམས་གསོ་རུ་རུང་
པར་བཤད། །དེ་ལས་འདས་པར་གནས་པ་ཡི། །གསོ་རུང་རུང་བ་མ་ཡིན་ནོ། །དེ་ལས་གཞན་ཡང་མཚན་རྣམས་ཀྱིས། །ཁྱད་པར་དག་ཀྱང་བཤད་པར་བྱ། །ལྷ་གདོན་ཤེས་པར་བྱ་བ་ལ། །དེ་ནི་གཏོར་མ་འདོད་པ་སྟེ། །རིགས་བཞི་སོ་སོར་རྒྱུ་བར་བྱེད། །
གཙང་ཞིང་གཙང་སྦྲ་སྤྱོད་པ་དང་། །དཀའ་ཐུབ་གནོད་པ་མཐར་ཕྱིན་དང་། །ཚུལ་ཁྲིམས་ལྡན་པའི་མི་དག་ལ། །ལྷ་ཡི་གདོན་ནི་འཛིན་པར་བྱེད། །ལྷ་ཡི་གདོན་གྱིས་ཟིན་པ་ནི། །ཤེས་པས་ལེགས་པར་རྟོགས་བྱ་སྟེ། །དགའ་བར་མི་འགྱུར་འཁྲུག་མི་འགྱུར། །ཁ་
ཟས་ལ་ཡང་མི་སེམས་ལ། །ཅུང་ཟད་ཀྱང་ནི་སྨྲ་མི་བྱེད། །དེ་ནི་གཉིད་ཀྱང་མི་ལོག་སྟེ། །ཕྱི་ས་དང་ནི་གཅིན་དག་ཀྱང་། །རང་དགར་འབྱུང་བར་མི་འགྱུར་ལ། །ཁྲུས་བྱས་ཁྲུས་མ་བྱས་ཀྱང་རུང་། །དྲི་བསུང་མང་པོའི་ངད་ལྡན་ཞིང་། །དེ་ཡི་གདོང་ནི་པདྨ་བཞིན། །

ལེགས་པར་བྱས་པར་འགྱུར་བ་སྟེ། །གང་ལ་ཚུལ་ནི་འདི་དག་ཡོད། །དེ་ནི་ལྷ་ཡི་གདོན་དུ་བཤད། །གང་གིས་བདེ་བར་འགྱུར་བ་ཡི། །གཏོར་མའི་ཆོ་ག་འདི་དག་བྱ། །མེ་ཏོག་དྲི་དང་མེ་ཏོག་ཕྲེང་། །མར་མེ་ཡང་ནི་དེ་ལ་སྦྱིན། །པདྨ་ཨུཏྤལ་
པུ་ཤེལ་ཙི། །ཆང་དང་འབྲས་ཆན་སྦྱིན་དུ་གཞུག །གདུགས་དཀར་དག་བྱེད་སྲང་བུ་དང་། དེ་བཞིན་མེ་ཏོག་ཕྲེང་དཀར་དག །དེ་ནི་ལྷ་ཡི་གནས་ཀྱང་རུང་། །ལམ་གྱི་བཞི་མདོར་སྦྱིན་པར་བྱ། །གཏོར་མའི་ལས་ནི་འདི་ཉིད་ཀྱིས། །གདོན་དེ་མྱུར་དུ་གཏོང་བར་འགྱུར། །
ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བ། །འདི་ནི་དེ་ལ་སྦྱར་བར་བགྱི། །ན་ག་ཏ་མ་ཤྲ་ཤ་ཡི། །མེ་ཏོག་རྩ་བ་འབྲས་བུ་དང་། །ཤུན་ལྤགས་དང་ནི་དེ་བཞིན་དུ། །ཤུ་དག་དཀར་པོ་ཡུངས་ཀར་དང་། །ཚོགས་རྣམས་དེ་དག་སོགས་ནས་
ཀྱང་། །མེ་ནི་ཆུང་དུས་བྱས་པ་ལ། །མར་ནི་ཕུལ་བཞིའི་ནང་དུ་བཙོ། །དེ་ནས་དེ་ལ་བླུད་པར་བྱ། །དེ་བཞིན་དུ་ནི་སྣར་ཡང་བླུགས། །མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར། །སྣར་བླུགས་འཇིགས་པས་གཟིར་བ་དང་། །མར་འཐུངས་པས་ཀྱང་འཇིགས་
འགྱུར་ནས། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །ལས་འདི་ཡང་ནི་ལེགས་པར་བརྩམ། །རྒྱལ་བའི་བློ་གྲོས་མ་སྔགས་ཀྱིས། །དུར་ཁྲོད་ཀྱི་སོལ་བ་ལས་གཟུགས་བརྙན་བྱས་ལ་རྡོ་རྗེ་ལྕགས་སྒྲོག་གིས་བཅིངས་ནས་མདུན་དུ་གཟུགས་
བརྙན་མཚོན་རྣོན་པོས་བཅད་ནས་གདོན་གྱིས་ཀུ་ཅོ་བཏོན་ཏེ་འབྲོས་པར་འགྱུར་རོ། །ཅི་སྟེ་དེ་ལྟར་བྱས་ཀྱང་མ་བྲོས་ན་རྒྱལ་བའི་བློ་གྲོས་མས་ལན་ཚྭ་དང་སྐེ་ཚེ་ལན་བརྒྱད་བརྒྱས་བྱས་ན་ཀུ་ཅོ་བཏོན་ཏེ་འབྲོས་པར་འགྱུར་རོ། །ལྷའི་གདོན་གྱི་སྐབས་རྫོགས་སོ།། །།སྔར་
བཤད་པ་ནི་གང་ཡིན་པའི། །འབྱུང་པོའི་གདོན་ཡང་ཤེས་པར་བྱ། །བྲམ་ཟེ་དང་ནི་རྒྱལ་རིགས་ལ། །འཛིན་པར་བྱེད་དེ་དེ་བཞིན་དུ། །དེ་ནི་གཏོར་མ་འདོད་ཕྱིར་རྒྱུ། །དེ་ཡི་ཚུལ་རྣམས་ང་ལ་ཉོན། །གཙང་ཞིང་གཙང་སྦྲར་སྤྱོད་པ་དང་། །གཟུགས་བཟང་བ་ཡི་མི་རྣམས་

ལ། །འབྱུང་པོའི་གདོན་ནི་འཛིན་པར་བྱེད། །དེ་ཡི་ཚུལ་རྣམས་ང་ལས་ཉོན། །ཚེས་གྲངས་བཅུ་གསུམ་བཅུ་བཞིའང་རུང་། །གཉི་གའི་ཕྱོགས་ལའང་དེ་བཞིན་ཏེ། །བཅུ་བཞི་ལ་ནི་བརྟག་པ་ཡིན། །དགའ་སྟོན་དག་དང་འདུས་པ་དང་། །ལྷ་རྣམས་ཀྱི་ནི་གནས་དག་
དང་། །སྐབས་འདི་དག་ཏུ་གཟུགས་བཟང་བའི། །མི་རྣམས་ལ་ནི་འཛིན་པར་བྱེད། །གཙང་ཞིང་གཙང་སྦྲར་སྤྱོད་པ་དང་། །དཀའ་ཐུབ་གདོན་པ་མཐར་ཕྱིན་དང་། །རྟག་ཏུ་གོས་དཀར་གྱོན་པ་དང་། །སྨྱུང་བ་དགའ་བ་དེ་བཞིན་ནོ། །འབྱུང་པོའི་གདོན་གྱིས་ཟིན་པ་ཡི། །
ཚུལ་འདི་དག་ནི་ང་ལས་ཉོན། །སེམས་པ་དང་ནི་དགོད་པ་དང་། །ནམ་མཁའ་ལ་ནི་ལྟ་བར་བྱེད། །མདོག་ཀྱང་ནམ་མཁའ་འདྲ་བར་འགྱུར། །གསེར་གྱི་མདོག་ལྟར་མཛེས་པ་སྟེ། །ཟས་དང་སྐོམ་ལ་དགའ་བ་དང་། །ལྷ་དང་བྲམ་ཟེ་མཆོད་ལ་དགའ། །འབྱུང་པོའི་གདོན་གྱིས་
ཟིན་པ་ཡི། །མཚན་མ་ཡང་ནི་དེ་དག་ཡིན། །དེ་ནི་གང་གིས་བདེར་འགྱུར་བའི། །གསོ་བའི་ཐབས་ཀྱང་བཤད་པར་བྱ། །ཏིལ་ཟན་དང་ནི་འབྱུང་པོའི་ཟས། །ཤ་བཙོས་རྗེན་པ་དེ་བཞིན་ཏེ། །མེ་ཏོག་དྲི་དང་གཏོར་མ་དང་། །མེ་ཏོག་ཕྲེང་བ་སྣ་ཚོགས་པ། །གཏོར་
མ་དེ་དག་བསྡུས་ནས་ནི། །ལྷོ་ཕྱོགས་སུ་ཡང་སྦྱིན་པར་བྱ། །རྡོ་རྗེ་སེར་སྐྱའི་སྔགས་ཀྱིས་ཀྱང་། །སྲེག་བླུགས་གསུམ་དང་བདུན་པ་དབུལ། །གཏོར་མའི་ལས་ནི་འདི་ཉིད་ཀྱིས། །གདོན་དེ་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་
གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱོར་བར་བྱ། །གནད་མ་ལ་དུ་མ་བི་དང་། །བ་ལ་ཨ་ཏི་བ་ལ་དང་། །པུ་ཤེལ་ཙེ་དང་ཐལ་ཏྲེས་དང་། །ཤུ་ག་ན་ས་སྒོག་པ་དང་། །ཚོགས་རྣམས་དེ་དག་བསགས་ནས་ནི། །མར་ནི་ཕུལ་གང་བཞི་དག་དང་། །བ་གཅིན་
ཕུལ་བཞིའི་ནང་དུ་བཙོ། །མེ་ནི་ཆུང་དུས་བཙོ་བར་བྱ། །དེ་ནས་དེ་དག་བླུད་པར་བྱ། །དེ་བཞིན་དུ་ནི་སྣར་ཡང་བླུགས། །མིག་བསྐུས་ལུས་བྱུགས་འཇིགས་གྱུར་ནས། །འབྱུང་པོ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་

གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །རྡོ་རྗེ་སེར་སྐྱའི་སྔགས་ཀྱིས་ལས་བརྩམས་ཏེ། །དཀྱིལ་འཁོར་བྲིས་ནས་ལན་ཚྭ་དང་། སྐེ་ཚེའི་སྦྱིན་སྲེག་ལན་བརྒྱད་བརྒྱ་བྱས་ན་གདོན་གྱིས་ཀུ་ཅོ་བཏོན་ཏེ་འབྲོས་པར་འགྱུར་རོ། །འབྱུང་པོའི་
གདོན་གྱི་སྐབས་རྫོགས་སོ།། །།སྔར་བཤད་པ་ནི་གང་ཡིན་པའི། །དྲི་ཟའི་གདོན་ཡང་ཤེས་པར་བྱ། །བྲམ་ཟེ་རྒྱལ་རིགས་འཛིན་པར་བྱེད། །ཡར་གྱི་དོ་ཡི་ཚེས་བཅུ་གཉིས། །མར་གྱི་ངོ་ཡང་དེ་བཞིན་ཏེ། །དྲི་ཟ་རྟག་ཏུ་རྒྱུ་བར་བྱེད། །ལྷག་མའི་དུས་སུ་
འཚེ་མི་བྱེད། །གཏོར་མ་འདོད་ཅིང་ཞི་བ་དགའ། །གདོན་དེ་དགའ་བ་འདོད་པ་སྟེ། །གླུ་ལ་དགའ་ཞིང་དགའ་ལ་སྲེད། །གཙང་ཞིང་གཙང་སྦྲར་སྤྱོད་པ་དང་། །གཟུགས་བཟང་པ་ཡི་མི་དག་ལ། །དྲི་ཟ་དག་ནི་སྟེན་པར་བྱེད། །དེ་ཡི་ཚུལ་ནི་ང་ལ་ཉོན། །གླུ་ལེན་
ཅིང་ནི་གར་བྱེད་ཅིང་། །ཁ་ནས་རོལ་མོའི་སྒྲ་ཡང་འབྱིན། །ཟས་དང་སྐོམ་ལ་དགའ་བར་བྱེད། །དེ་བཞིན་ཁྲུས་དང་ཕྲེང་ལ་དགའ། །ཆགས་ཤིང་དྲི་ཞིམ་ངད་ཀྱང་ལྡང་། །དྲི་ཟ་ཡིས་ནི་ཟིན་པ་ཡི། །མཚན་མ་རྣམས་ནི་དེ་དག་ཡིན། །
གང་གིས་དེས་ནི་བདེར་འགྱུར་བ། །གསོ་པའི་ཐབས་ཀྱང་བསྟན་པར་བྱ། །གཙང་ཞིང་གཙང་སྦྲར་སྤྱོད་པ་དང་། །དགའ་བཞིན་པས་ནི་གསོ་བར་བྱ། །མེ་ཏོག་ཕྲེང་དམར་དེ་བཞིན་ཏེ། །འབྲས་ཆན་དམར་པོའང་དེ་བཞིན་ཏེ། །བ་དན་དམར་པོ་སྦྱིན་པར་བྱེད། །ཙནྡན་དམར་པོ་ཉིད་
དག་དང་། །སྐུད་པ་དམར་པོ་དག་དང་ནི། །དེ་དག་ཐམས་ཅད་སྦྱིན་པར་བྱ། །ནད་པ་གོས་དམར་བསྐོན་བྱས་ལ། །མེ་ཏོག་ཕྲེང་མར་བྱུགས་པར་ལྡན། །མེ་ཏོག་ཕྲེང་མར་ལུས་བསྐུས་པའི། །དགེ་སློང་བྲམ་ཟེ་བཀྲ་ཤིས་གདོན། །ཁ་ཟས་དམར་པོ་བྱིན་ནས་ཀྱང་། །
དེ་ནས་ནུབ་མོ་གཏོར་མ་སྦྱིན། །གཏོར་མའི་ལས་ནི་འདི་ཉིད་ཀྱིས། །གདོན་དེ་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །གསོད་དང་ཚ་བ་གསུམ་པོ་དང་། །སེང་

ལྡེང་གི་ནི་སྙིང་པོ་དང་། རྩ་བ་ལྔ་པ་གཉིས་ཀྱང་འཇུག །སྒོག་སྐྱ་བརྒྱ་ཡང་གཞུག་པར་བྱ། །དེ་ནས་ཚོགས་རྣམས་བསོགས་ནས་ཀྱང་། །མར་ནི་ཕུལ་ཏག་བཞི་དག་དང་། །བ་གཅིན་བཞི་ཆས་བཙོ་བྱ་ཞིང་། །མེ་ནི་ཆུང་ངུས་བཙོ་བར་བྱ། །དེ་ནས་དེ་
ལ་བླུད་པར་བྱ། །དེ་བཞིན་དུ་ནི་སྣར་ཡང་བླུགས། །མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར། །སྣར་བླུགས་འཇིགས་པས་གཟིར་བ་དང་། །མར་འཐུངས་པས་ཀྱང་འཇིགས་འགྱུར་ནས། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་
ན། །གང་གིས་གདོན་དེ་གཏོད་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་མའམ། ཡང་ན་བདུད་རྩི་ཐབ་སྦྱོར་གྱིས་ནིམ་པའི་ཡམ་སྲེག་ཤིང་དུག་དང་ཁྲག་གི་ནང་དུ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དེ་ནས་གདོན་ངུ་ཞིང་
འབྲོས་པར་འགྱུར་ཏེ། གདོན་རྣམ་པ་གསུམ་པོ་འདི་དག་གང་གིས་མ་གོགས་ནས་འབྲོས་པར་འགྱུར་བའི་ངོ་ལོན་རྣམ་པ་སྣ་ཚོགས་ཀྱི་གཞིག་པར་བྱའོ། །གདོན་བཅྭ་བརྒྱད་ལས་ཀྱང་དེ་བཞིན་དུ་གསོ་བར་བྱའོ། །དེ་ནས་རྡོ་རྗེ་འཛིན་པའི་སྔགས་ནི། །ཕོ་ཉ་མོ་རྡོ་རྗེ་མའི་
སྔགས་ཏེ། །ན་མཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཏདྱ་ཐཱ། །ཛི་ཛི་རུ་རུ། །ཁུ་རི་བི་ཁུ་རི། ཏིཥྛ་ཏིཥྛ། པཱ་ལ་ཡཱ། ཡཏྟ་ཏ། བཛྲ་པཱ་ཎི་སྱ། ཨ་གྲ་ཏོ་བ་ཤི། ཏ་ན་ཏ་ན། སྨ་ར་སྨ་ར། བནྡྷ་བནྡྷ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿབཛྲ་ཀྲོ་དྷཱ་ཡ། ཧུ་ལུ་
ཧུ་ལུ། ཏིཥྛ་ཏིཥྛ། ཨ་མྲྀ་ཏ་མུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། བནྡྷ་བནྡྷ་སྭཱ་ཧཱ། །དྲི་ཟའི་གདོན་གྱི་སྐབས་རྫོགས་སོ།། །།སྔར་བཤད་གང་ཡིན་ཚངས་པ་ཡི། །སྲིན་པོའི་གདོན་ཡང་ཤེས་པར་བྱ། །གཏུམ་ཞིང་དྲག་ལ་སྟོབས་པོ་ཆེ། །ལྕི་ལ་ཚུགས་པར་དཀའ་
བ་སྟེ། །ཡར་གྱི་ངོ་ཡི་ཚེས་བརྒྱད་དང་། །ཟླ་བ་ཉ་ལ་འཛིན་པར་བྱེད། །གདོན་དང་དཀའ་ཐུབ་ལྡན་པ་དང་། །ཚངས་པར་སྤྱོད་ལ་གནས་པ་ལ། །ཚངས་པའི་སྲིན་པོ་འཛིན་པར་བྱེད། །ལྷ་ལ་འདྲན་ཏོར་བྱེད་པ་དང་། །གང་ཞིག་སྙིང་ནི་སྡང་བ་དང་། །བྲམ་ཟེ་མ་ཡིན་

བྲམ་ཟེར་སྨྲ། །བྲམ་ཟེ་གང་དག་གཙང་སྦྲ་ཉམས། དཔའ་བོ་གང་དག་འདྲན་ཏོར་བྱེད། །ལྷ་གནས་དག་ཏུ་གར་རྩེ་ཞིང་། །ཚངས་པར་སྤྱོད་ལས་ཉམས་གྱུར་པ། །དེ་ལ་ཚངས་པའི་སྲིན་པོ་འཚེ། །དེ་ཡི་ཚུལ་ནི་ང་ལ་ཉོན། །གཤེ་ཞིང་འགྱོད་
པར་བྱེད་པ་དང་། །གར་ཡང་བྱེད་ཅིང་གདོན་པར་བྱེད། །བསྒྲགས་པར་མི་འགྱུར་སྨྲ་མི་བྱེད། །ལྷ་རྣམས་ལ་ཡང་མཆོད་བྱེད་ཅིང་། །བྲམ་ཟེ་མཐོང་ན་མཆོད་པར་བྱེད། །རྡོ་བ་དག་དང་ཤིང་དག་དང་། །དེ་བཞིན་ལག་པ་རྐང་པ་ཡིས། །རང་གི་ལུས་ལ་གནོད་
པར་བྱེད། །ཚངས་པའི་སྲིན་པོས་ཟིན་པ་ནི། །སྙན་ཚིག་རིག་བྱེད་ལྷུར་ལེན་ཅིང་། །དེས་བརྗོད་རིག་བྱེད་རྗོད་པར་བྱེད། །བསྟན་བཅོས་ཀུན་ལ་མཁས་པ་སྟེ། །དྲི་བ་དག་ཀྱང་འདི་བྲ་བྱེད། །སྔགས་འཆང་ལ་ནི་བརྙས་པར་བྱེད། །དགོད་ཅིང་རབ་ཏུ་རྒྱུག་
པར་བྱེད། །ཚངས་པའི་སྲིན་པོས་ཟིན་པ་ཡི། །མཚན་མ་ཡང་ནི་དེ་དག་ཡིན། །གང་གིས་གདོན་དེ་གཏོང་འགྱུར་བ། །དེ་ཡི་གཏོར་མ་བཤད་པར་བྱ། །ནས་ནི་བྲེ་གསུམ་བཙོས་པ་དང་། །དེ་བཞིན་ཁུར་བ་ཏིལ་ཟན་དང་། །མེ་ཏོག་ཕྲེང་དམར་བདུག་པ་དང་། །
ཤིང་ཏོག་རྣམ་པ་སྣ་ཚོགས་དག །ཏིལ་ནག་དེ་བཞིན་འབྲས་ཡོས་དང་། །དེ་བཞིན་ཞོ་དང་འོ་མ་དང་། །གང་བའི་སྣོད་དང་དེ་བཞིན་བདུགས། །དེ་ཡི་བྱུག་པ་ཤུ་དག་སྟེ། །ཁྲུས་བྱས་བསྒྲིམས་ཏེ་གཙང་བྱས་པས། །ལྷོ་ཕྱོགས་སུ་ནི་སྦྱིན་པར་བྱ། །གཏོར་མའི་
ལས་ནི་འདི་ཉིད་ཀྱིས། །གདོན་ནི་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གདོན་དེ་མྱུར་དུ་གཏོང་བ་ཡི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །ནག་ཏ་མ་ལ་ཤྲི་བ་ཡི། །འབྲས་བུ་རྩ་བ་ཤུན་ལྤགས་དང་། །དེ་བཞིན་མེ་ཏོག་ཐམས་ཅད་དང་། །
བ་ཏ་ལི་དང་ཨ་ཤ་ན། །བིལ་པའི་རྩ་བ་གཞུག་པར་བྱ། །དུག་མོ་ཡུངས་ཀྱང་དེ་བཞིན་ཏེ། །ཐང་ཤིང་དང་ནི་བིལ་བ་དང་། དེ་བཞིན་ཚབ་གསུམ་པོ་དང་། །རྩ་བ་ལྔ་པ་གཉིས་ཀྱང་གཞུག །སྒོག་སྐྱ་དང་ནི་ཕུལ་བདུན་མར། །བ་གཅིན་ཀྱང་ནི་ཉི་ཤུ་དང་། སེང་ལྡེང་

ཤུན་ལྤགས་བཤུས་པ་ནི། སྲང་གྲངས་ཉི་ཤུ་རྩ་བཞི་དང་། །འདི་དག་ཐམས་ཅད་བསྲེས་པ་ནི། །མེ་ཆུང་གིས་ནི་དལ་ནས་བཙོ། །དེ་ནས་དེ་ལ་བླུད་པར་བྱ། །དེ་བཞིན་དུ་ནི་སྣར་ཡང་བླུགས། །མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར། །སྣར་བླུགས་འཇིགས་
པར་གཟིར་བ་དང་། །མར་འཐུངས་བས་ཀྱང་འཇིགས་འགྱུར་ནས། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེ་ནས་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །དཀྱིལ་འཁོར་ཟླུམ་པོ་བྲིས་ནས་ཀྱང་། །དེར་ནི་གདོན་ཡང་
དགུག་པར་བྱ། །གང་གིས་གདོན་དེ་གཏོང་འགྱུར་བའི། །ངོ་ལོན་དག་ནི་དེར་བྱ་སྟེ། །རིག་པའི་མཆོག་གམ་ཡང་ན་ནི། །དགའ་བྱེད་གདོན་གྱིས་གཞོམ་པར་བྱ། །གང་གིས་གདོན་ཏེ་གཏོང་འགྱུར་བའི། །སྔགས་གཞན་གྱིས་ཀྱང་ཡང་ན་གཞོམ། །ཚངས་
པའི་སྲིན་པོའི་གདོན་གྱི་སྐབས་རྫོགས་སོ།། །།སྔར་བཤད་པ་ནི་གང་ཡིན་པའི། །སྲིན་པོའི་གདོན་ཡང་ཤེས་པར་བྱ། །གཏུམ་ཞིང་དྲག་ལ་གཟུ་ལུམས་ཅན། །ལྕི་ཞིང་ཚུགས་པར་དཀའ་བ་སྟེ། །མར་གྱི་ངོ་ནི་ཞག་བརྒྱད་དང་། །མར་གྱི་ངོ་ནི་བཅུ་བཞི་
ལ། །མི་ནི་གཏུམ་ཞིང་གཟུ་ལུམས་ཅན། །སྤྱི་བརྟོལ་ཅན་ནི་གང་ཡིན་དང་། བརླང་ཞིང་འཐབ་ལ་སྲེད་པ་དང་། །རྟག་ཏུ་ཚིག་ནི་རྩུབ་པོར་སྨྲ། །དེ་ལ་སྲིན་པོ་སྟེན་པར་བྱེད། །སྲིན་པོས་ཟིན་པ་དེ་ཡི་ནི། །མཚན་མ་རྣམས་ཀྱང་ཤེས་པར་བྱ། །སྐད་ཅིག་གིས་ནི་ངུ་
བར་བྱེད། །དགའ་ཞིང་གླུ་ཡང་ལེན་པར་བྱེད། །དོན་དང་ལྡན་པའི་ཚིག་སྨྲ་ཞིང་། །དོན་མེད་པ་ཡི་ཚིག་ཀྱང་སྨྲ། །ཟས་དང་སྐོམ་ལ་དགའ་བ་དང་། །དེ་བཞིན་མེ་ནི་ཤ་ལ་སྲེད། །གཤེ་བར་བྱེད་ཅིང་རྨུགས་པར་བྱེད། །དེ་བཞིན་ཟན་ཟ་གླུ་ཡང་ལེན། །མི་ནི་གློ་
བུར་དག་ཏུ་ལེན། །ལག་པས་ས་ལ་རྐོ་བར་བྱེད། །སྲིན་པོའི་གདོན་གྱིས་ཟིན་པ་ཡི། །མཚན་མ་རྣམས་ནི་དེ་ཡིན་ཏེ། །གང་གིས་གདོན་དེ་གཏོང་འགྱུར་ཏེ། །དེ་ཡི་ངོ་ལོན་བཤད་པར་བྱ། །ཁུ་བ་ཟས་དང་དེ་བཞིན་དྲི། །དེ་བཞིན་ཤ་བཙོས་རྗེན་པ་དང་། ཟས་དང་སྐོམ་

དང་ཏིལ་ཟན་རྣམས། །སྡིག་མེད་ཁྲག་གིས་གཏོར་བ་དང་། །དྲི་ཞིམ་པ་ཡི་མེ་ཏོག་རྣམས། །ཁ་དོག་སྣ་ཚོགས་རྣམས་ཀྱིས་བསྲེག །དེ་ནས་ཁྲུས་བྱས་གཙང་གྱུར་པའི། །དགེ་སློང་བྲམ་ཟེ་བཀྲ་ཤིས་གདོན། །ལྷོ་ཕྱོགས་དང་ནི་ནུབ་ཕྱོགས་སུ། །
གཏོར་མ་དེ་དག་སྦྱིན་པར་བྱ། །གཏོར་མའི་ལས་ནི་འདི་ཉིད་ཀྱིས། །གདོན་དེ་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་བཤད་པར་བྱ། །དུག་མོ་ཡུངས་དང་ཤ་རི་ཤ། །ནག་ཏ་མ་ལའི་ལོ་
མ་དང་། །རྩ་བ་འབྲས་བུ་ཤུན་ལྤགས་དང་། །མེ་ཏོག་སྐམ་པོ་རྣམས་དང་ནི། །པ་ཏ་ལི་དང་ཀ་ཏ་བི། །ཚ་བ་གསུམ་པོ་རྣམས་དང་ནི། །སྐྱུ་རུ་ར་ཡི་འབྲས་བུ་དང་། །ལང་ཏང་རྩ་བའང་གཞུག་པར་བྱ། །སྒོག་སྐྱ་དང་ནི་ཤིང་ཀུན་དང་། །དེ་བཞིན་རྒྱམ་ཚ་ཡུངས་ཀར་
རྣམས། །དེ་དག་ཆ་ནི་མཉམ་བྱས་ལ། །ར་གཅིན་དང་ནི་བཏག་པར་བྱ། །མར་ནི་ཕུལ་བཞི་ལྡན་པ་དང་། །བ་གཅིན་དག་ནི་བཞི་འགྱུར་དང་། །མེ་ནི་ཆུང་དུས་དལ་ནས་བཙོ། །དེ་ནས་དེ་ལ་བླུད་པར་བྱ། །དེ་བཞིན་དུ་ནི་སྣར་ཡང་བླུགས། །མིག་བསྐུས་ལུས་
བྱུགས་འཇིགས་པར་འགྱུར། །སྣར་བླུགས་འཇིགས་པས་གཟིར་བ་དང་། །མར་འཐུངས་པས་ཀྱང་འཇིགས་གྱུར་ནས། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །
སྔགས་དང་སྦྱིན་སྲེག་སྣ་ཚོགས་ཀྱིས། །དེ་ཡི་ངོ་ལོན་བྱ་བ་སྟེ། །ལྷ་མིན་གཡུལ་དུ་འཇོམས་པ་ལྟར། །རྡོ་རྗེ་མས་ཀྱང་གཞོམ་པར་བྱ། །རྡོ་རྗེ་མས་ནི་འཇིགས་སྐྲག་ནས། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །སྲིན་པོའི་གདོན་གྱི་སྐབས་རྫོགས་སོ།། །།སྔར་
བཤད་པ་ནི་གང་ཡིན་པའི། །ཤ་ཟའི་གདོན་ཡང་ཤེས་པར་བྱ། །གཏུམ་ཞིང་དྲག་ལ་གཟུ་ལུམས་ཅན། །ལྕི་ཞིང་ཚུགས་པར་དཀའ་བ་སྟེ། །མི་རྣམས་ང་རྒྱལ་ཅན་དག་དང་། །ཕྲ་མ་ཅན་དང་བརྐམ་པ་དང་། །བདག་གི་ཕྱོགས་ནི་འཇོམས་བྱེད་དང་། །གཞེན་

ནོར་འཕྲོག་པ་འཛིན་པར་བྱེད། །ཚེས་གཉིས་དང་ནི་ཚེས་གསུམ་དང་། །དེ་བཞིན་བརྒྱད་དང་བཅུ་བཞི་དང་། །ཚེས་གསུམ་ལ་ནི་རྟག་ཏུ་རྒྱུ། །ཤ་ཟ་ཡིས་ནི་ཟིན་པ་ཡི། །མཚན་མ་དག་ཀྱང་ཤེས་པར་བྱ། །ཚེས་གཉིས་ལ་ནི་གང་རྒྱུ་བ། །དེ་ཡི་ཚུལ་རྣམས་ང་ལས་
ཉོན། །སྐྱེས་པ་ཡི་ནི་མདོག་དང་ལྡན། །ཚིལ་དང་རུལ་པའི་དྲི་མནམ་ཞིང་། །སྐྱེ་བོ་མཐོང་ན་དགོད་པར་བྱེད། །དྲག་ཏུ་ཡང་ནི་གཤེ་བ་དང་། །ཕྱི་སའི་དྲི་དང་ལྡན་པ་དང་། །དེ་བཞིན་ཁྲག་གི་དྲི་ཡང་མནམ། །གང་མ་ཤེས་བྱའི་ཤ་ཟ་ཡིན། །གཉིས་པའི་མཚན་ཡང་ང་
ལས་ཉོན། །ལུས་ཀུན་ཡང་ནི་འདར་བ་སྟེ། །སྐད་ཅིག་རེ་རེར་རབ་ཏུ་རྒྱུག །ངུ་ཞིང་གླུ་ཡང་ལེན་པར་བྱེད། །སྐད་ཅིག་རེ་རེར་གར་ཡང་བྱེད། །ཁང་སྟོང་དག་ཏུ་བསྟེན་པ་དང་། །དེ་བཞིན་སྐྱེ་བོ་འཇིགས་པར་བྱེད། །ཟས་དང་སྐོམ་ལ་དགའ་བ་དང་། །དེ་བཞིན་ཤ་
དང་ཆང་ལ་དགའ། །སྤྲུལ་པ་ཞེས་བྱ་ཤ་ཟ་ཡིན། །གསུམ་པའི་མཚན་མའང་ང་ལས་ཉོན། །ནད་པ་དག་གིས་མིག་ཀྱང་ནི། །ནམ་མཁའ་ལ་ཡང་ལྟ་བར་བྱེད། །ཁ་ཟས་བྱིན་པ་རྣམས་དང་ནི། །གནས་དང་གནས་མིན་རྣམས་སུ་འདོར། །དེ་ནི་ཤ་དང་ཆང་དག་གི། །
ཇི་ལྟར་བྱས་ཀྱང་ཆོག་མི་ཤེས། །ཐབ་ཁུང་དག་ཏུ་ཉལ་བར་བྱེད། །ཚུལ་ཡང་མེད་ཅིང་ལྟོ་ཆེ་ལ། །རྟག་ཏུ་ཕྱི་བ་རེག་པར་བྱེད། །བུད་མེད་ལམ་དུ་འགོག་པར་བྱེད། །ཤ་ཟ་གཟུ་ལུམས་ཅན་ཞེས་བྱ། །གསུམ་པ་ཡང་ནི་བཤད་པ་ཡིན། །དེ་ནི་གང་གིས་བདེར་འགྱུར་
བའི། །གསོ་བའི་ཐབས་ཀྱང་ཟ་ཤད་པར་བྱ། །ཏིལ་ཟན་ལ་ཕུག་སྒོག་སྐྱ་དང་། །ཏིལ་གྱི་ཚིགས་མ་ནས་ཀྱི་ཟས། །ཞོ་དང་ཤ་བཙོས་རྗེན་པ་དང་། །བཏུང་བ་དང་ནི་དེ་བཞིན་ཟས། །དེ་ཡི་གཏོར་མ་སྨན་པས་བླངས། །ནུབ་ཕྱོགས་སུ་ནི་རང་བཞིན་སྦྱིན། །གཏོར་མའི་ལས་
ནི་འདི་ཉིད་ཀྱིས། །གདོན་དེ་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གང་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱིན་པར་བྱ། །པྲི་ཡངྐུ་ཡི་མེ་ཏོག་དང་། །ཚ་བ་འདི་ཡང་དེ་བཞིན་ཏེ། །འབྲས་བུ་གསུམ་དང་སྒོག་སྐྱའང་གཞུག །ཤུ་

དག་དང་ནི་ཤིང་ཀུན་དང་། ཕལ་ཏ་དང་བཅས་པར་གཞུག །ཀ་ཏ་བ་ཀའང་དེ་བཞིན་ཏེ། །ཤྲི་རི་ཤ་ཡི་མེ་ཏོག་དང་། །དེ་དག་ཆ་ནི་མཉམ་བྱས་ལ། །ར་གཅིན་དང་ནི་བཏག་པར་བྱ། །མར་ནི་ཕུལ་བཞིར་ལྡན་པ་དང་། །བ་གཅིན་དག་ནི་བཞི་འགྱུར་ནང་།
མེ་ནི་ཆུང་ངུས་དལ་ནས་བཙོ། །མིག་ཀྱང་བསྐུས་ཤིང་སྣར་ཡང་བླུགས། །དེ་བཞིན་དུ་ནི་མར་ཀྱང་བཏུང་། །མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར། །སྣར་བླུགས་འཇིགས་པས་གཟིར་བ་དང་། །མར་འཐུངས་པས་ཀྱང་འཇིགས་འགྱུར་ནས། །གདོན་དེ་རབ་ཏུ་
འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །སེམས་ཅན་རྣམས་ལ་ཕན་འདོད་པས། །དཀྱིལ་འཁོར་དུ་ནི་ལེགས་པར་གཞུག །འཇིགས་པའི་ཕྱག་རྒྱ་སྦྱིན་སྲེག་ལས། །ནག་མོ་ཡིས་
ནི་མྱུར་དུ་གཞོམ། །སྦྱིན་སྲེག་ལས་ཀྱིས་འཇིགས་སྐྲག་ནས། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཤ་ཟའི་གདོན་གྱི་སྐབས་རྫོགས་སོ།། །།སྔར་བཤད་པ་ནི་གང་ཡིན་པའི། །ཀླུ་ཡི་གདོན་ཡང་བཤད་པར་བྱ། །གཏུམ་ཞིང་སྟོབས་ཆེ་ཁྲོ་བ་དང་། །དྲག་
ཅིང་སོས་ཀྱང་འདེབས་པར་བྱེད། །འཇོམས་པར་བྱེད་ཅིག་སེམས་ཅན་འཚེ། །ཡར་ངོ་གཉིས་ཀྱི་ཚེས་ལྔ་དང་། །དེ་བཞིན་མར་གྱི་ཚེས་བདུན་དང་། །དུས་ཚིགས་ཀུན་དང་གུང་གི་ཚེ། །དད་པ་ཅན་གྱི་བྲམ་ཟེ་ལ། །ཀླུ་དབང་གདོན་ནི་རྒྱུ་བར་བྱེད། །གདོན་གྱིས་ཟིན་པ་འདར་
བ་དང་། །འཁོར་ཞིང་ས་ལ་འགྱེལ་བར་འགྱུར། །ཧ་རེར་ཡང་ནི་བལྟ་བ་དང་། །མིག་ཀྱང་དམར་བར་འགྱུར་བ་དང་། །ལྕེ་ཡང་འབྱིན་པར་བྱེད་པ་དང་། །ཡང་དང་ཡང་དུ་དབུགས་ཀྱང་གཏོང་། །འབྲས་བུ་མེ་ཏོག་ཕྲེང་བ་དགའ། །དེ་བཞིན་འོ་མ་མར་ལ་དགའ། །རྟག་
ཏུ་ཡང་ནི་ཁྲོ་བར་འགྱུར། །སོ་ཡང་འཐམས་པར་འགྱུར་བ་སྟེ། །གང་གི་མཚན་མ་དེ་དག་ནི། །ཀླུ་ཡི་གདོན་དུ་བཤད་པ་ཡིན། །དེ་ནི་གང་གི་བདེར་འགྱུར་བའི། །གསོ་བའི་ཐབས་ཀྱང་བསྟན་པར་བྱ། །རིག་སྔགས་འཆང་གིས་ཁྲུས་བྱས་ལ། །གཙང་ཞིང་ཡིད་ནི་དགེ་

བ་ཡིས། །བསྒྲིམས་ཏེ་གཏོར་མ་སྦྱིན་པར་བྱ། །བཀྲ་ཤིས་འབྲས་ཡོས་བུ་རམ་དང་། །སྣུམ་ཁུར་འབྲས་ཆན་བུ་རམ་སྦྱར། །པདྨ་ཨུཏྤལ་པུ་ཤེལ་ཙི། །དེ་བཞིན་ཨུཏྤལ་དམར་པོ་དང་། །ཟས་མཆོག་དག་ནི་འོ་མ་ཞོ། །ས་ནག་ཀྱང་ནི་དེ་བཞིན་ཏེ། །མེ་ཏོག་ཕྲེང་
མང་བདུག་པ་དང་། །ཀླུ་ཡི་མེ་ཏོག་སྦྱིན་པར་བྱ། །དྲི་མར་དག་ནི་དེ་བཞིན་ཏེ། །སྐུད་པ་དམར་པོ་སྦྱིན་པར་བྱ། །གུ་གུལ་དང་ནི་ཤང་ཤིང་གི། །བདུག་པ་དེ་ལ་སྦྱིན་པར་བྱ། །བྱང་ཕྱོགས་དང་ནི་ཤར་ཕྱོགས་སུ། །གཏོར་མ་སྲོད་ལ་སྦྱིན་པར་བྱ། །གཏོར་མའི་ལས་ནི་
འདི་ཉིད་ཀྱིས། །གདོན་དེ་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱིན་པར་བྱ། །ལིག་བུ་མིག་ནི་ཆུ་གྲང་དང་། །བཏགས་ནས་མིག་བསྐུ་ཡང་ན་བླུགས། །ཤྭ་ཏ་བ་ལ་
གསེར་ཕྲོམ་དང་། །རྒྱས་སྤོས་དང་ནི་ཡུངས་ཀར་དང་། །ནག་ཏ་མ་ལ་ཏུམ་ཕྱི་དང་། །ཐང་ཤིང་དང་ནི་རྣམ་པ་བདུན། །ཚོགས་རྣམས་དེ་དག་བསོགས་ནས་ནི། །མེ་ནི་ཆུང་དུས་བཙོ་བྱ་ཞིང་། །མར་ནི་ཕུལ་ཏག་བཞི་དག་དང་། །བ་གཅིན་ཕུལ་བཞིའི་ནང་
དུ་བཙོ། །དེ་ནས་དེ་ལ་བླུད་པར་བྱ། །དེ་བཞིན་དུ་ནི་སྣར་ཡང་བླུགས། །མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར། །སྣར་བླུགས་འཇིགས་པས་གཟིར་བ་དང་། །མར་འཐུངས་པས་ཀྱང་འཇིགས་གྱུར་ནས། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་
མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །གང་གིས་གདོན་དེ་གཏོང་འགྱུར་བའི། །སྦྱིན་སྲེག་ལས་ནི་སྦྱར་བར་བྱ། །སྦྱིན་སྲེག་ལས་ནི་མི་བཟད་དང་། །རྡོ་རྗེ་ལྟེ་བས་བཅོམ་བྱས་ན། །སྦྱིན་སྲེག་ལས་ནི་འཇིགས་
གཟིར་བས། །ཀླུ་ཡིས་མི་ནོ་གཏོང་བྱེད་ཅིང་། །ཀླུ་ནི་མྱུར་དུ་འབྲོས་པར་འགྱུར། །ཀླུ་ཡི་གདོན་གྱིས་ཟིན་པ་ལ། །གང་གིས་གཞན་དུ་འགལ་བར་བྱེད། །རིག་སྔགས་འཆང་དང་མི་དག་ལ། །བརྩེ་བའི་ཕྱིར་ནི་འོང་བྱེད་ན། །གོ་ཆ་བརྟན་པར་བགོ་བྱ་ཞིང་། །རིག་པ་མཆོག་

གི་གོ་བགོས་ལ། །མ་རུངས་དུག་ནི་མི་བཟད་པ། །ཕོ་ཉ་མས་ནི་ངེས་པར་འཇོམས། །ལག་ན་རྡོ་རྗེ་རིགས་མཆོག་མ། །ཕོ་ཉ་སྟོབས་ཆེན་གང་ཡིན་པའི། །སྙིང་པོ་དྲག་ཅིང་འཇིགས་པ་ཡི། །ལས་ཀྱིས་སྤྱི་བོར་འཇོམས་པར་བྱེད། །བཅོམ་པ་དེས་
ན་དབྱེ་བྱེད་ཅིང་། །གདོན་དེ་ངེས་པར་བརླག་པར་འགྱུར། །ཀླུའི་གདོན་གྱི་སྐབས་རྫོགས་སོ།། །།སྔར་བཤད་པ་ནི་གང་ཡིན་པའི། །ལོག་འདྲེན་གདོན་ཡང་ཤེས་པར་བྱ། །གཏུམ་ཞིང་དྲག་ལ་གཟུ་ལུམས་ཅན། །ལྕི་ཞིང་འཇིག་རྟེན་འཇོམས་པ་སྟེ། །མར་
གྱི་ངོ་ཡི་ཚེས་ལྔ་དང་། །ཚེས་གྲངས་བཅུ་བཞི་གནམ་སྟོང་ལ། །སྐྱེ་བོ་གནས་དང་འགྲོ་བ་ལ། །དུས་ཀུན་དུ་ནི་འཚེ་བར་བྱེད། །དྲི་མ་ཅན་ལ་གོས་ངན་ཅན། །དེ་བཞིན་ཁ་ཟས་ཁྱོས་མ་ཟ། །དགའ་བར་འགྱུར་དང་ཁྲོ་བ་དང་། །བུད་མེད་ཀྱིས་སྤངས་གང་ཡིན་དང་། །ཆུ་
ངོགས་བུད་མེད་བལྟས་པ་དང་། །ཤིང་ལ་འཛེག་ཅིང་བཤང་གཅི་བྱེད། །འགྲེང་ཞིང་བཤང་གཅི་བྱེད་པ་དང་། །གཅེར་བུར་རྒྱུག་པ་གང་ཡིན་དང་། །གཞན་གྱི་གོས་དང་འདྲེས་པ་དང་། །གོས་ཀྱི་མཐའ་མས་གཡབ་པ་ཡི། །མི་རྣམས་གང་གིས་ཟིན་པ་ཡི། །ཞུམ་ཞིང་
ངུ་བར་བྱེད་པ་དང་། །ནོར་རྣམས་ཀྱང་ནི་ཆུད་ཟ་ཞིང་། །གཞན་གྱི་ཡིད་དུ་མི་འོང་དང་། །སྐྱེས་པ་ཆུང་མ་རྙེད་མི་འགྱུར། །བུད་མེད་ཀྱི་ནི་ཁྱོ་མི་རྙེད། །ཚོང་བྱེད་ན་ཡང་ཟོང་དག་གིས། །ཁེ་སྤོགས་རྙེད་པར་མི་འགྱུར་ཞིང་། །ཞིང་གཤིན་དག་ལ་རྨོས་བཏབ་
ཀྱང་། །རྨོས་པའི་འབྲས་བུ་ཐོབ་མི་འགྱུར། །མཚན་ནི་ཐམས་ཅད་རྫོགས་པ་ཡི། །ཆུང་མ་ལས་ཀྱང་བུ་མི་འབྱུང་། །དོན་གཞན་བྱ་བར་བརྩམས་ཀྱང་ནི། །ལོག་པའི་བློ་ནི་གཞན་དུ་འགྱུར། །དེ་དག་གང་ལ་སྣང་གྱུར་པའི། །དེ་ཡི་གསོ་བའི་ཐབས་ཀྱང་བཤད། །
ཁང་པ་མཉམ་ཞིང་གསར་བྱས་ལ། །རིན་ཆེན་ཐམས་ཅད་བསགས་པར་བྱ། །བུམ་པ་བཞི་ཡང་དེར་བཞག་ཅིང་། །བཀྲ་ཤིས་རྣམས་ཀྱང་དབུལ་བར་བྱ། །རྫས་རྣམས་དང་ནི་འབྲས་རྣམས་དང་། །བུམ་པ་བ་དན་སྔོན་པོ་དང་། །ཤ་བཙོས་དང་ནི་རྗེན་པ་དང་། །དེ་བཞིན་

ཁུ་བ་ཟས་རྣམས་དང་། །དྲི་དང་མེ་ཏོག་དཀར་པོ་དང་། །འབྲས་ཀྱི་འོ་ཐུག་དེར་སྦྱིན་བྱ། །གཏོར་མའི་ལས་ནི་འདི་ཉིད་ཀྱིས། །དེ་ནི་ཁྲུས་ཀྱང་བྱེད་དུ་གཞུག །པ་ལ་ཨ་ཏི་བ་ལ་དང་། །ཀནྟ་ཀ་རི་འབྲི་ཧ་ཏི། །པ་ཏྲ་དང་ནི་པུ་ཤེལ་ཙི། །བྲི་ཡངྐུ་དང་ཤུ་ཏི་དང་། །ཕྱེ་
མའི་གོང་བུ་འདི་ཡིས་ནི། །རབ་ཏུ་མཉམ་གཞག་ཁྲུས་བྱེད་གཞུག །རིག་སྔགས་འཆང་ནི་ཤར་ཕྱོགས་བལྟ། །ནད་པ་ནུབ་ཕྱོགས་བསྟན་བྱས་ལ། །གོས་དཀར་ཅན་གྱི་སྙིང་པོ་དང་། །ལྡན་པའི་ཆུས་ནི་དབང་ཡང་བསྐུར། །དེ་ནས་བློ་ལྡན་ཡིད་གཞུངས་པས། །
བདུད་རྩི་ཐབ་སྦྱོར་ལྡན་པ་ཡི། །སྦྱར་སྨན་གྱིས་ནི་ལུས་ཀྱང་བསྐུ། །གུ་གུལ་དང་ནི་ཡུངས་ཀར་དང་། །གིའུ་ཝང་ཤུ་དག་རུ་རྟ་དང་། །སུག་སྨེལ་ཡང་ནི་དེ་བཞིན་ཏེ། །སྒྲོན་ཤིང་དང་ནི་ཐང་ཤིང་དང་། །ཙནྡན་དང་ནི་ཨ་ག་རུ། །ཀ་ལེ་ཡ་ཡི་པད་འདྲ་དང་། །གེ་སར་
རྣམས་ནི་ཆ་བསྙམས་ལ། །ཆུ་དང་ལྷན་ཅིག་བཏག་པར་བྱ། །གང་ན་སྦྱར་སྨན་འདི་གནས་པ། །དེར་ནི་འཇིགས་པ་མི་འབྱུང་སྟེ། །ཆོམ་རྐུན་མ་ཡིན་མཚོན་རྣམས་མིན། །སྦྲུལ་རྣམས་མ་ཡིན་ལྷ་མིན་མིན། །ལག་ན་རྡོ་རྗེ་འདིས་བསྐུས་པས། །ས་སྟེངས་དག་ཏུ་རྒྱལ་བར་
འགྱུར། །འདི་ཡིས་ལུས་ལ་བསྐུས་ན་ནི། །ལོག་འདྲེན་རྣམས་ལས་ཐར་བར་འགྱུར། །སྦྱར་སྨན་དོན་ཀུན་སྒྲུབ་པ་ནི། །སྔར་ཡང་ངས་ནི་བཤད་པ་ཡིན། །ལོག་འདྲེན་གྱི་གདོན་གྱི་སྐབས་རྫོགས་སོ།། །།སྔར་བཤད་པ་ནི་གང་ཡིན་པའི། །བརྗེད་བྱེད་
གདོན་ཡང་ཤེས་པར་བྱ། །དྲག་ཅིང་ཁྲོ་ལ་གཏུམ་པ་དང་། །གཟུ་ལུམས་ཅན་དེ་ཚུགས་པར་དཀའ། །ཚེས་གཉིས་དང་ནི་ཚེས་བཞི་དང་། །དེ་བཞིན་དགུ་དང་བཅུ་གཉིས་དང་། །མར་གྱི་བཅུ་བཞི་དེ་བཞིན་ཏེ། །བརྗེད་བྱེད་དག་ནི་འཇུག་པར་འགྱུར། །དང་པོའི་ཐུན་
ནི་འདས་ནས་ཀྱང་། །ལྷག་མ་རྣམས་ལ་དེ་བཞིན་ལྡང་། །ཕྱི་ནས་རླུང་བཞིན་ཡང་དང་ཡང་། །དེ་ནས་ཡུད་ཙམ་ཉིན་ཞག་དང་། །དེ་བཞིན་ཟླ་ཕྱེད་ཟླ་དང་ལོར། །དབུ་བ་སྐྱུག་ཅིང་བརྒྱལ་བར་འགྱུར། །ལུས་ལས་རྡུལ་ཡང་འབྱུང་བར་འགྱུར། །གདོན་གྱིས་ཟིན་པ་

འཁོར་བ་དང་། །ས་ལ་འགྱེལ་ཞིང་འཁོར་བར་འགྱུར། །བརྗེད་བྱེད་གདོན་གྱིས་ཟིན་པ་ཡི། །དེ་ཡི་མཚན་མ་དེ་དག་ཡིན། །གང་གིས་གདོན་དེ་གཏོང་འགྱུར་བའི། །གསོ་བའི་ཐབས་ཀྱང་བཤད་པར་བྱ། །བདུག་པ་དྲི་དང་མེ་ཏོག་ཕྲེང་། །དེ་བཞིན་
ཤ་བཙོས་རྗེན་པ་དང་། །ཏིལ་ཟན་དང་ནི་འབྱུང་པོའི་ཟས། །དེ་བཞིན་ཤུག་པ་བུ་ཤེལ་ཙི། །བྱུག་པ་དང་ནི་མར་ཡང་བླུད། །འབྲས་བུ་གསུམ་ལས་སྲང་གཅིག་དང་། །ཚ་བ་གསུམ་ལས་སྲང་གཅིག་གཞུག །སྒོག་སྐྱ་བརྒྱ་ཡང་གཞུག་པར་བྱ། །ཡུངས་ཀར་སྟོང་ཡང་
དེ་བཞིན་ཏེ། །ནག་ཏ་མ་ལའི་ས་བོན་དང་། །བིལ་བའི་རྩ་བ་དེ་བཞིན་ཏེ། །དེ་དག་ཆ་ནི་མཉམ་བྱས་ལ། །ར་གཅིན་དང་ནི་བཏག་པར་བྱ། །མར་དང་བ་གཅིན་བཞི་འགྱུར་གྱི། །མར་དུ་ཡང་ནི་བཙོ་བར་བྱ། །མིག་ཀྱང་བསྐུ་ཞིང་སྣར་ཡང་བླུགས། །དེ་བཞིན་མར་ཡང་
བཏུང་བར་བྱ། །མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར། །སྣར་བླུགས་འཇིགས་པས་གཟིར་བ་དང་། །ཆོ་ག་འདི་དག་རྣམས་ཀྱིས་ཀྱང་། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་
གཞན་འདི་ཡང་བཤད་པར་བྱ། །དཀྱིལ་འཁོར་བྲིས་ཏེ་གཞུག་པར་བྱས་ལ་སྤྱན་ནམ་ཡང་ན་བདུད་རྩི་ཐབ་སྦྱོར་རམ། །ཚོགས་ཆེན་པོ་ལྕགས་ཅན་གྱིས་བེ་ཀངྐ་ཏའི་ཡམ་སྲེག་ཤིང་གི་སྦྱིན་སྲེག་བྱས་ན་གདོན་དེ་འབྲོས་པར་འགྱུར་རོ། །བརྗེད་བྱེད་ཀྱི་གདོན་གྱི་སྐབས་རྫོགས་སོ།། །།
སྔར་བཤད་པ་ནི་གང་ཡིན་པའི། །སྨྱོ་བྱེད་གདོན་ཡང་ཤེས་པར་བྱ། །དྲག་ཅིང་གཏུམ་ལ་གཟུ་ལུམས་ཅན། །ལྕི་ཞིང་ཚུགས་པར་དཀའ་བ་སྟེ། །མར་གྱི་ངོ་ཡི་ཞག་གཉིས་དང་། །ཞག་དགུ་ལ་ནི་འཚེ་བྱེད་ཅིང་། །རླུང་དང་བད་ཀན་རང་བཞིན་གྱི། །སྨྱོ་བྱེད་གདོན་ནི་འཇུག་
པར་འགྱུར། །དེ་ཡི་ཚུལ་ནི་བཤད་པར་བྱ། །ངས་བཤད་དེ་ནི་མཉན་པར་གྱིས། །གཟུགས་ནི་རབ་ཏུ་མཛེས་པ་ཡིན། །ཤིན་ཏུ་དགའ་ཞིང་སྤྲོ་བར་འགྱུར། །དཔའ་བོ་དང་ནི་གཟུགས་བཟང་དང་། །མི་ནི་གླུ་ལ་སྲེད་པ་ལ། །རྩེད་མོ་ལ་སོགས་གཏམ་དག་ལས། །

སྨྱོ་བྱེད་འཛིན་ཏེ་ཐེ་ཚོམ་མེད། །མཚན་འདི་དག་གིས་ཤེས་པར་བྱ། །ཚུལ་རྣམས་ཀྱང་ནི་འདིར་ཉོན་ཅིག །གླུ་ལེན་ཅིང་ནི་གར་བྱེད་དང་། །དགོད་པར་བྱེད་ཅིང་ངུ་བ་དང་། །དྲི་དང་མེ་ཏོག་ཕྲེང་ལ་དགའ། །རླུང་དང་བད་ཀན་གནས་པ་ཡིན། །རབ་ཏུ་རྒྱུག་གམ་ཡང་
ན་འགྲེང་། །དལ་ནས་ཀྱང་ནི་དགོད་པ་དང་། །གཉིད་ཀྱང་ཆེ་བར་མི་འགྱུར་ལ། །ཅུང་ཟད་ཀྱང་ནི་སྨྲ་མི་བྱེད། །ཁ་ཟས་ལ་ཡང་དགའ་བ་རྣམས། །རླུང་མཁྲིས་བད་ཀན་གནས་པ་ཡིན། །ཤིན་ཏུ་དྲག་ཏུ་སྨྲ་བ་དང་། །མང་དུ་ཡང་ནི་སྨྲ་བ་དང་། །གཏམ་གྱི་
ཚུལ་ལ་དགའ་བའི་རྣམས། །བད་ཀན་གནས་ལ་བརྟེན་པ་དང་། །གནས་གསུམ་ལ་ནི་རྟེན་འགྱུར་ལ། །ཚུལ་ཀུན་ཡང་ནི་བྱེད་གྱུར་ན། །དེ་ནི་གསོར་མེད་ཤེས་པར་བྱ། །དེ་ལ་སྤྱད་པར་བྱ་བ་མེད། །ལྷ་རྣམས་ལག་ན་རྡོ་རྗེ་ངའི་མཚམས་རླུང་འདི་ནི་གསོར་མི་རུང་བ་ལ་
ཚར་གཅོད་པ་ཡིན་ནོ། །གདོན་གང་ངའི་མིང་ཐོས་ཀྱང་མི་འབྲོས་པ་དེ་ལ་ནི་ངས་རྡོ་རྗེ་དྲག་པོས་སྤྱི་བོ་གཤག་པར་བྱའོ། །སྨན་དང་གསང་སྔགས་གང་གིས་སྨྱོ་བྱེད་ཀྱི་གདོན་སྟོབས་པོ་ཆེ་ལ་གསོ་