Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 095_རྒྱུད་འབུམ།_ཛ

Văn bản gốc(Tây Tạng)

Trang 9 / 19 (50.000 ký tự/trang)
བའང་བཤད་པར་བྱ་སྟེ། །དྲི་ཀུན་དང་ནི་མེ་ཏོག་ཕྲེང་། །དེ་བཞིན་རོལ་མོའི་སྤྱད་
ཀུན་དང་། །འབྲས་ཆན་དྲི་ཞིམ་གཙང་མ་དང་། །འོ་ཐུག་འབྲུ་ཆང་སྦྱར་བའི་ཆང་། །དེ་ལྟར་གཏོར་མ་རྣམས་བསོགས་ལ། །ལམ་གྱི་བཞི་མདོར་སྦྱིན་པར་བྱ། །གཏོར་མའི་ལས་ནི་འདི་དག་གིས། །གདོན་དེ་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །
གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །མར་རྙིང་ལོ་ནི་སུམ་ཅུ་གཉིས། །ལོན་པའི་མར་དེ་ཕུལ་བཞི་དང་། །འོ་མ་ཕུལ་བཞི་དག་དང་ནི། །སྦྲང་རྩི་ཕུལ་བཞིར་ལྡན་པར་བྱ། །བ་ལང་ཀོ་བ་བསྲེགས་པ་ཡི། །ཕྱེ་མ་ཕུལ་བཞི་གཞུག་
པར་བྱ། །སྒོག་སྐྱ་བརྒྱ་ཡང་གཞུག་པར་བྱ། །སྲང་གྲངས་སུམ་ཅུ་ཨ་རུ་ར། །སྲང་གྲངས་ཉིས་འགྱུར་ཚ་བ་གསུམ། །གསོ་བ་པོས་ནི་གཞུག་བྱ་སྟེ། །ལྷན་ཅིག་ཕྱེ་མ་ཞིབ་མོར་བྱ། །གང་ཚེ་ཐམས་ཅད་ཆོས་གྱུར་ནས། །དེ་བཞིན་དུ་ནི་ཐམས་ཅད་ཀྱི། །ཕྱི་རུ་ཡང་ནི་

དབྱུང་བར་བྱ། །མི་ཡི་འཇིག་རྟེན་གནས་པ་ཡི། །གདོན་རྣམས་ཐམས་ཅད་ཇི་སྙེད་པ། །རླུང་ཅན་དང་ནི་མཁྲིས་པ་ཅན། །བད་ཀན་ཅན་དང་འདུས་པ་ཅན། །གདོན་གྱི་གཟུགས་ནི་ཐམས་ཅད་དང་། །སྨན་རྣམས་ཀྱང་ནི་འདི་ཡིན་ཏེ། །རྡོ་རྗེ་ལྷ་ཡི་མར་
ཞེས་བྱ། །གདོན་ཀུན་གཏོང་བར་འགྱུར་བ་དང་། །གདོན་ཀུན་ཞི་བར་བྱེད་པ་དང་། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ང་ཡིས་སུ་ནི་བཤད་པ་ཡིན། །གང་ཞིག་སྨན་གྱི་རྒྱལ་པོ་ཡི། །མིང་ནི་ལེགས་པར་དྲན་བྱེད་པ། །དེ་
ལ་གདོན་རྣམས་ཐམས་ཅད་ཀྱིས། །གླགས་བཙལ་ཕྱིར་ནི་བརྩོན་མི་བྱེད། །དེ་ཕྱིར་དེ་ལ་བླུད་པར་བྱ། །དེ་བཞིན་སྣར་ཡང་བླུག་པར་བྱ། །ཆོ་ག་འདི་དག་གིས་ཀྱང་ནི། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་
བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །དཀྱིལ་འཁོར་བྲིས་ལ་དེར་གཞུག་པར་བྱ་སྟེ། །དཀྱིལ་འཁོར་དེར་རིག་སྔགས་ཀྱི་རྒྱལ་པོའམ། །ཚོགས་ལྕགས་ཅན་ནམ། །རྨུགས་བྱེད་ཀྱིས་སྦྱིན་སྲེག་བྱའོ། །ལྷ་རྣམས་འདི་ནི་ལག་ན་རྡོ་རྗེའི་མཚམས་རླུང་ཡིན་ཏེ། །གསོར་མི་
རུང་བ་རྣམས་ཀྱང་ཚར་གཅོད་པར་བྱེད་དོ། །གདོན་གང་ངའི་མིང་ཐོས་ནས་མི་འབྲོས་པ་དེ་ལ་རྡོ་རྗེ་དྲག་པོས་སྤྱི་བོ་གཤག་པར་བྱའོ། །ལྷ་རྣམས་དེ་བཞིན་གཤེགས་པའི་བཀས་མ་རུངས་པ་རྣམས་གཞོམ་པ་བཟང་པོ་རྣམས་ངས་བཤད་ཟིན་ཏོ། །སྨྱོ་བྱེད་ཀྱི་གདོན་གྱི་སྐབས་
རྫོགས་སོ།། །།སྔར་བཤད་པ་ནི་གང་ཡིན་གདོན། །ལྷ་མ་ཡིན་གདོན་ཤེས་པར་བྱ། །གཏུམ་ཞིང་གཟུ་ལུམས་ཆེ་བ་དང་། །འཇིག་རྟེན་འཚེ་བར་བྱེད་པའི་སྟེ། །གཟི་བརྗིད་ཅན་དང་ལུས་ཆེ་དང་། །གཟུགས་བཟང་ཡོན་ཏན་ལྡན་པ་ལ། །ལྷ་མ་ཡིན་ནི་འཇུག་
པར་བྱེད། །དེ་ཡི་མཚན་མ་ཚུལ་བཞིན་ཉོན། །རིག་སྔགས་འཆང་ལ་བརྙས་པར་བྱེད། །རིག་བྱེད་ཀྱང་ནི་སྨྲ་བར་བྱེད། །སྐེམ་བྱེད་ང་ཡིན་ཁྱབ་འཇུག་ང་། །ཞེས་ནི་བརྫུན་ཡང་སྨྲ་བར་བྱེད། །གདོན་ཀུན་གྱི་ནི་ཚུལ་དག་དང་། །རྣམ་པ་མང་པོར་སྒྱུར་བར་བྱེད། །ངུ་ཞིང་

རེས་འགས་སོས་ཀྱང་འཛིན། །རེས་འགའ་ཟས་ཀྱང་ཟ་བར་བྱེད། །ལག་པས་རྩྭ་དག་བླངས་ནས་ཀྱང་། །སྐད་ཅིག་གིས་ནི་མི་ལ་འཚེ། །ཚིག་ངན་དག་ཀྱང་སྨྲ་བར་བྱེད། །ཤིན་ཏུ་ཡང་ནི་དགོད་པར་བྱེད། །ལྷ་མ་ཡིན་གྱི་གདོན་རྣམས་ཀྱི། །མཚན་མ་ཡང་ནི་དེ་ཡིན་
ཏེ། །ཆོ་ག་ཡང་ནི་དེ་བཞིན་དུ། །དེ་ཡི་ངོ་ལོན་གང་དག་གིས། །གདོན་དེ་གཏོང་བར་འགྱུར་བར་བྱ། །མེ་ཏོག་ཀུན་དང་དྲི་དག་དང་། །མེ་ཏོག་ཕྲེང་བ་སྣ་ཚོགས་དང་། །པདྨ་ཨུཏྤལ་པུ་ཤེལ་ཙི། །ཨུཏྤལ་དམར་པོའི་འདབ་མ་དང་། །ཤ་བཙོས་དང་ནི་རྗེན་པ་ཡིན། །
ངོ་ལོན་དག་ནི་འཇམ་པོར་བྱ། །དེ་ནས་རིག་སྔགས་འཆང་དག་གིས། །གཙང་སྦྲ་བྱ་སྟེ་ནུབ་ཕྱོགས་སྦྱིན། །གཏོར་མ་ལས་ནི་འདི་ཉིད་ཀྱིས། །གདོན་དེ་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་
འདི་ནི་སྦྱར་བར་བྱ། །འབྲས་བུ་གསུམ་དང་ཚ་བ་དང་། །བ་ལ་ཨ་ཏི་བ་ལ་དང་། །ཐལ་ཏྲེས་དང་ནི་བུ་ཤེལ་ཙི། །རྩ་བ་ལྔ་རྣམས་བསོགས་ནས་ནི། །མར་ནི་ཕུལ་ཏག་བཞི་དག་དང་། །བ་གཅིན་ཕུལ་བཞིའི་ནང་དུ་བཙོ། །མེ་ནི་ཆུང་དུས་དལ་ནས་བཙོ། །དེ་ནས་དེ་ལ་
བླུད་པར་བྱ། །དེ་བཞིན་དུ་ནི་སྣར་ཡང་བླུགས། །མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར། །སྣར་བླུགས་འཇིགས་པས་གཟིར་བ་དང་། །མར་འཐུངས་པས་ཀྱང་འཇིགས་གྱུར་ནས། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་
གཞན་འདི་ནི་སྦྱར་བར་བྱ། །རྡོ་རྗེ་སེར་སྐྱས་སྦྱིན་སྲེག་བྱ། །རྡོ་རྗེ་སྒྲོག་གིས་བཅིང་བར་བྱ། །དེ་དག་སྔགས་ཀྱིས་ཚར་ཡང་བཅད། །ལྷ་མ་ཡིན་གྱི་གདོན་གྱི་སྐབས་རྫོགས་སོ།། །།དེ་ནས་ངས་ནི་སྔར་བཤད་གང་། །གཞོན་ནུའི་གདོན་བཞིན་ཤེས་པར་བྱ། །གཏུམ་
ཞིང་ཁྲོ་ལ་གཟུ་ལུམས་ཅན། །འགྲོ་བའི་གནས་དང་མི་གནས་འཇོམས། །ཚེས་གཉིས་དང་ནི་བཅུ་གཅིག་དང་། །མར་གྱི་ངོ་ཡི་ཞག་ལྔ་དང་། །ཕལ་ཆེར་ཚེས་བཅུ་དག་ལ་རྒྱུ། །གཞོན་ནུའི་སྲོག་ནི་གཅོད་བྱེད་པ། །རྟག་ཏུ་གསུམ་ཞིང་རྒྱུ་བར་བྱེད། །བྱིས་པས་གསོད་ཅིང་

མི་སྲུན་ན། །རིགས་བཞི་ལྡན་ཞིང་རྟག་ཏུ་རྒྱུ། །གཏོར་མ་འདོད་པའི་གདོན་ཆེན་ཡིན། །དེ་ལས་གཞན་པ་གང་དག་གིས། །རིགས་རྣམས་ཅི་འདྲ་བཤད་པར་གྱིས། །ནམ་གྲུ་བྲམ་ཟེར་ཤེས་པར་བྱ། །བྱ་ནི་རྒྱལ་རིགས་ཡིན་པར་བསྟན། །སྐེམ་
བྱེད་རྗེའུ་རིགས་ཤེས་པར་བྱ། །གཞོན་ནུ་དམངས་རིགས་ཤེས་པར་བྱ། །གྱེན་དུ་ལྟ་བ་གང་ཡིན་དང་། །སྐད་ཅིག་སྐད་ཅིག་འཁོར་བར་བྱེད། །རིམས་དང་ལུད་པ་དབུགས་མི་བདེ། །དེ་ནི་ནམ་གྲུའི་གདོན་ཡིན་ནོ། །མིག་ཕབ་པ་ནི་གང་ཡིན་དང་། །སོ་ཡང་འཆའ་བར་བྱེད་པ་དང་། །
རྔམ་པ་ཅན་དང་རིམས་བཏབ་གང་། །དེ་ནི་བྱ་ཉིད་ཡིན་པར་བསྟན། །གློ་བུར་དུ་ནི་ངུ་བ་གང་། །རིམས་ཀྱིས་བཏབ་ཅིང་རབ་ཏུ་རྒྱུག། །དངངས་ཞིང་དགོད་པར་བྱེད་པ་དང་། །དེ་བཞིན་འདར་ཞིང་གླལ་བར་བྱེད། །བྱིས་པ་གང་གིས་ཁ་དག་ནས། །དྲི་ང་བ་ནི་འབྱུང་བ་དང་། །
ལུས་ལ་རྨ་དང་འབྲུམ་བུ་འབྱུང་། །ཚ་ཞིང་མེ་ཡི་མདོག་དང་འདྲ། །མཚན་མོ་དུས་མཚམས་ལྡང་བར་འགྱུར། །དུས་མཚམས་དག་ཏུ་བབ་པ་ན། །འཁྲུ་ཞིང་རིམས་འདེབས་སྐྱུག་པ་དང་། །ལུས་ཀྱང་སྔོན་པོར་གྱུར་པ་དང་། །གང་ཞིག་ལུས་ནི་རྡེབ་པར་བྱེད། །རིམས་ཀྱིས་
ཀྱང་ནི་འཚེ་བ་དང་། །ནུ་མ་ཤིན་ཏུ་སོས་ཀྱང་འདེབས། །ལན་གྲངས་མང་དུ་ངུ་ཞིང་འདར། །མིག་ཀྱང་དམར་པོར་གྱུར་པ་དང་། །མི་དགའ་མཆུ་ཡང་མུར་བར་བྱེད། །བྱིས་པ་སྐེམ་བྱེད་ཟིན་པ་ཡིན། །ལག་པ་དང་ནི་རྐང་པ་གཅིག །ལས་བྱས་པས་ནི་ཚིགས་ཀྱང་
ན། །མིག་ནི་འཁོར་ཞིང་ལྟ་བར་བྱེད། །མིག་གཅིག་ཀྱང་ནི་འཛུམས་པར་བྱེད། །རྣག་དང་ཁྲག་གི་དྲི་ཡང་མནམ། །སྨིན་མ་ཡ་གཅིག་འདེགས་པར་བྱེད། །སྐེམ་བྱེད་བརྗེད་བྱེད་གདོན་རྣམས་ཀྱི། །མཚན་མ་དག་ཏུ་བསྟན་པ་ཡིན། །གཞོན་ནུའི་གདོན་ལ་གཏོར་མ་
བྱ། །ལེགས་པར་ཁྲུས་བྱས་གཙང་མས་སྒྲིམས། །དབྱིག་རྣམས་དང་ནི་གསེར་རྣམས་དང་། །གོས་ཀྱང་དེ་ལ་སྦྱིན་པར་བྱ། །སྣུམ་ཁུར་བཀྲ་ཤིས་འབྲས་ཡོས་དང་། །འབྲས་ཆན་དང་ནི་ཟན་དྲོན་དང་། །ཤ་བཙོས་དང་ནི་རྗེན་པ་དང་། །ཆང་དང་ཏིལ་

ཟན་རྣམས་དང་ནི། །ཏིལ་དང་འབྲས་ཆན་པུ་ཤེལ་ཙི། །འབྲས་ཀྱི་འོ་ཐུག་ཡུངས་ཀར་ལྡན། །བ་ལང་གི་ནི་ཆུ་ཀ་འམ། །ཤིང་སྐམ་མ་མོའི་གནས་དག་ཏུ། །གཏོར་མ་མེ་མར་བཅས་པ་འདི། །སྲོད་ལ་ཡང་ནི་སྦྱིན་པར་བྱ། །གཏོར་མའི་
ལས་ནི་འདི་ཉིད་ཀྱིས། །གདོན་དེ་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་བ་ཡི། །ཐབས་གཞན་དག་ནི་སྦྱར་བར་བྱ། །བུ་ཚང་རྡོ་དང་རམ་ཉེ་བ། །གསེར་ཕྲོམ་དང་ནི་སྐྱེར་བ་ཡུང་། །ཀ་པིད་ཏ་ཡི་ཁུ་བ་དང་། །པ་ལ་ཤ་ཡི་
ལོ་མ་དང་། །སྦྲང་རྩི་རན་ཙམ་གཞུག་པར་བྱ། །སེང་ལྡེང་སྙིང་པོ་ཚ་བ་གསུམ། །བཙོད་དང་ཤིང་མངར་ཐམས་ཅད་དང་། །དེ་དག་ཆ་ནི་མཉམ་བྱས་ལ། །ར་གཅིན་དང་ནི་བཏག་པར་བྱ། །མར་ནི་ཕུལ་བཞི་གཞུག་པར་བྱ། །བ་གཅིན་ཡང་ནི་བཞི་འགྱུར་བླུགས། །གོ་
ཕྱེའི་ལོ་མ་དག་དང་ནི། །བར་བ་ར་ཀ་རུལ་པ་དང་། །ཏིལ་རུལ་ནས་ཀྱི་ལོ་མ་ཡིན། །བླུགས་པའི་སྨན་ནི་བྱ་བ་ཡིན། །མར་ནི་ཕུལ་ཏག་ཕྱེད་ཀྱིས་ཀྱང་། །གོང་བུའི་སྨན་མཆོག་གཙོ་བོར་བྱ། །དུས་མཚམས་གཉིས་སུ་མཁས་པ་ཡིས། །དེ་ནི་ཁྲུས་ཀྱང་བྱེད་དུ་
གཞུག །གཞོན་ནུའི་གདོན་ནི་ཐམས་ཅད་ལས། །གསོ་བའི་ཐབས་ནི་དམ་པ་ཡིན། །ཀུན་ནས་གསོ་བའི་ཐབས་ཡོད་དེ། །ཐམས་ཅད་ཀྱང་ནི་འཚོ་བ་ཡོད། །ཆོ་ག་འདི་དག་གིས་ཀྱང་ནི། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་
གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱོར་བར་བྱ། །དགའ་བྱེད་གདོང་གིས་ཁྲུས་བྱ་ཞིང་། །གཏོར་མ་ཡང་ནི་དེ་ལ་སྦྱིན། །ཡང་ན་རིག་པ་མཆོག་གིས་བྱ། །དེས་ན་གདོན་དེ་གཏོང་བར་འགྱུར། །གཞོན་ནུའི་གདོན་གྱི་སྐབས་རྫོགས་སོ།། །།
སྔར་བཤད་པ་ནི་གང་ཡིན་པའི། །གནོད་སྦྱིན་གདོན་ཡང་ཤེས་པར་བྱ། །གཏུམ་ཞིང་གཟུ་ལུམས་ཆེ་བ་སྟེ། །འཇིག་རྟེན་དག་ལའང་འཚེ་བར་བྱེད། །ངོ་གཉིས་ཚེས་ནི་བཅུ་གསུམ་དང་། །ཡར་གྱི་ཚེས་ལྔ་དག་ལ་རྒྱུ། །སྐྱེད་མོས་ཚལ་དང་ལྷ་གནས་སུ། །གཙང་

ཞིང་སྤྱོད་པ་གཙང་བ་དང་། །མི་རྣམས་གཟུགས་ནི་བཟང་བ་དང་། །རྒྱན་པོས་རྩེ་ལ་རབ་ཆགས་དང་། །བཞི་མདོར་གང་དུ་རྩེ་བ་ན། །བྲམ་ཟེ་རྒྱལ་རིགས་རྟག་ཏུ་འཛིན། །གནོད་སྦྱིན་གདོན་གྱིས་ཟིན་གྱུར་པ། །དེ་ཡི་མཚན་མ་ཤེས་པར་བྱ། །
དྲི་དང་མེ་ཏོག་ཕྲེང་ལ་དགའ། །ཟས་དང་སྐོམ་ལའང་དེ་བཞིན་དགའ། །ཁྲོ་བ་མེད་ཅིང་མི་དུ་ལ། །ཡང་དང་ཡང་དུ་ཟས་ཀྱང་ཟ། །དབང་ཡང་ཆེ་ཞིང་ནོར་མང་ལ། །དེ་བཞིན་རྟག་ཏུ་སྦྱིན་ལ་དགའ། །རྟག་ཏུ་ཤིན་ཏུ་གཙང་སྦྲར་ལྡན། །དེ་ནི་གསོ་བའི་ཐབས་ཀྱང་
བཤད། །ཟས་ཀུན་དང་ནི་དྲི་ཀུན་དང་། །དེ་བཞིན་མེ་ཏོག་ཐམས་ཅད་དང་། །ཤིང་ཏོག་ཀུན་དང་སྦྱར་ཐུག་དང་། །དེ་བཞིན་འབྲས་ཀྱི་འོ་ཐུག་དང་། །ཤ་བཙོས་དང་ནི་རྗེན་པ་དང་། །ཏིལ་ཟན་དང་ནི་འབྱུང་པོའི་ཟས། །གདུགས་སེར་དང་ནི་མཆོད་ཕྱིར་ཐོགས། །
དེ་བཞིན་སྐུད་པ་སེར་པོ་དང་། །དབྱིག་རྣམས་དང་ནི་གསེར་དག་དང་། །རིན་ཆེན་རྣམ་པ་སྣ་ཚོགས་རྣམས། །ཚུལ་བཞིན་དུ་ནི་སྦྱིན་པར་བྱ། །གཏོར་མ་དེ་དག་བསོགས་ནས་ཀྱང་། །བྱང་ཕྱོགས་སུ་ནི་སྦྱིན་པར་བྱ། །གཏོར་མའི་ལས་ནི་འདི་ཉིད་ཀྱིས། །གདོན་དེས་
མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །གྲོ་རྣམས་དང་ནི་ནས་རྣམས་དང་། །མོན་སྲན་གྲེའུ་དང་རྒྱ་སྲན་དང་། །འབྲས་བུ་གསུམ་དང་ཚབ་གསུམ། །དེ་བཞིན་ཡུངས་
ཀར་པྲི་ཡངྐུ། །ཤུ་དག་དང་ནི་ཤིང་ཀུན་དང་། །དེ་བཞིན་རྩ་བ་ལྔ་པ་གཉིས། །ཏིལ་རྣམས་སྒོག་སྐྱ་ལྡན་པར་གཞུག །མར་ནི་ཕུལ་བཞི་ནང་དུ་བཙོ། །འོ་མ་ཕུལ་བཞི་སྦྲང་རྩི་བཞི། །བ་གཅིན་ཕུལ་བཞི་བླུག་པར་བྱ། །བ་ལང་ཀོ་བ་བསྲེགས་པ་ཡི། །
ཕྱེ་མ་ཕུལ་བཞི་གཞུག་པར་བྱ། །མེ་ནི་ཆུང་དུས་དལ་ནས་བཙོ། །དེ་ནས་དེ་ལ་བླུད་པར་བྱ། །དེ་བཞིན་དུ་ནི་སྣར་ཡང་བླུགས། །མིག་བསྐུས་ལུས་བྱུགས་འཇིགས་པ་དང་། །སྣར་བླུགས་འཇིགས་པས་གཟིར་བར་གྱུར། །ཆོ་ག་འདི་དག་གིས་ཀྱང་ནི། །གདོན་དེ་

རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ཡང་སྦྱར་བར་བྱ། །དཀྱིལ་འཁོར་བྲིས་ཏེ་དེར་བཅུག་ལ། །སྦྱིན་སྲེག་གི་ལས་མི་བཟད་པས་མེའི་ནང་དུ་རིག་པ་མཆོག་གིས་གཞོམ་པར་བྱའོ། །
ཡང་ན་རྡོ་རྗེ་ནག་མོས་གཞོམ་པར་བྱ་སྟེ། །དེས་ནི་གདོན་འབྲོས་པར་འགྱུར་རོ། །གནོད་སྦྱིན་གྱི་གདོན་གྱི་སྐབས་རྫོགས་སོ།། །།དེ་ལས་གཞན་ཡང་གདོན་རྣམས་ཀྱི། །མཚན་མའི་བྱེ་བྲག་བཤད་པར་བྱ། །གདོན་རྣམས་དག་ནི་ཐམས་ཅད་ལ། །རིགས་
བཞི་དག་ནི་ཡོད་པར་བཤད། །དེ་དག་ཀྱང་ནི་མིང་གཅིག་དང་། །མཚན་མ་གཅིག་པུ་འཁྲུལ་བར་བྱེད། །གདོན་རྣམས་གང་དག་གང་དུ་འཛིན། །དེ་ཡང་བདག་གིས་བཤད་པར་བྱ། །ལྷ་དང་འབྱུང་པོ་གནོད་སྦྱིན་དང་། །དེ་བཞིན་དྲི་ཟ་ཚངས་པའི་སྲིན། །གདོན་
རྣམས་ལྔ་པོར་ཤེས་པ་ནི། །བྲམ་ཟེ་རྒྱལ་རིགས་སྤྱོད་པར་བཤད། །ཀླུ་ཡི་གདོན་དུ་ཤེས་པ་དང་། །སྲིན་པོ་ཡི་ནི་གདོན་ཉིད་དང་། །གདོན་དེ་གཉིས་སུ་ཤེས་པ་ནི། །རྗེའུ་རིགས་དམངས་རིགས་འཚེ་བ་ཡིན། །ལྷ་མིན་གདོན་ནི་རྒྱལ་རིགས་ཀྱིས། །ལྷག་མའི་
རིགས་རྣམས་འཚེ་བ་ཡིན། །ཤ་ཟའི་གདོན་ནི་དམངས་རིགས་ཀྱིས། །ལྷག་མའི་རིགས་རྣམས་འཚེ་བ་ཡིན། །སྨྱོ་བྱེད་དང་ནི་ལོག་འདྲེན་དང་། །བྱིས་པའི་གདོན་ནི་གང་ཡིན་པ། །གདོན་རྣམས་འདི་གསུམ་ཤེས་པ་ནི། །རིགས་བཞི་དག་ལ་སྤྱོད་པར་བཤད། །
གདོན་གང་རིགས་མཐུན་གང་ལ་སྤྱོད། །དེ་ནི་གསོ་བར་སླ་བ་ཡིན། །ཅི་སྟེ་གདོན་གང་འགའ་བཙལ་ཞིང་། །གཞན་ལ་སྟོན་པར་འགྱུར་ན་ནི། །ལག་ན་རྡོ་རྗེས་བཤད་པ་བཞིན། །དེ་ལ་གསོན་དུ་རེ་བའམ་མེད། །ཉི་མ་ནུབ་མོ་སྣང་མི་བྱེད། །ཟླ་བ་ཉིན་མོ་སྣང་མི་བྱེད། །
བསྟན་པ་དེ་ཡི་ཚུལ་གྱིས་ན། །གདོན་ནི་རང་གི་རིགས་ལ་སྤྱོད། །གདོན་རྣམས་བཅྭ་བརྒྱད་གང་ཡིན་པ། །ཐམས་ཅད་དུས་ཚིགས་རྣམས་སུ་རྒྱུ། །ལོ་གྲངས་བཅུ་གཉིས་ཚུན་ཆད་ཀྱི། །གདོན་རྣམས་གསོ་བའི་ཐབས་བཤད་དེ། །དེ་ལས་འདས་པའི་གདོན་རྣམས་ཀྱིས། །

གསོ་བའི་ཐབས་ནི་ཡོང་མེད་དོ། །མཚན་གཅིག་གནས་དང་ཆུ་ཡི་ནང་། །མེ་འགྲམ་དང་ནི་ཁྲོན་པའི་དྲུང་། །དེ་བཞིན་མ་མོ་རྣམས་ཀྱི་གནས། །བ་ལང་དབུས་དང་རྟ་ཞོན་དང་། །གླང་ཆེན་ཞོན་དང་གཡུལ་དུ་ཕམ། །རི་བོ་དང་ནི་དུར་ཁྲོད་དང་། །ཤིང་དྲུང་དང་ནི་འདྲེག་
མཁན་ཁྱིམ། །གནས་འདི་དག་ནི་ཐམས་ཅད་དུ། །གདོན་ནི་གང་ཞིག་འཇུག་འགྱུར་ན། །ལག་ན་རོད་རྗེས་བཤད་པ་བཞིན། །དེ་ལ་གསོན་དུ་རེ་བ་མེད། །དེ་ལས་གཞན་ཡང་མི་བཟད་གདོན། །གསོ་བའི་ཐབས་ཀྱང་བཤད་པར་བྱ། །གྲིབ་གནོན་གདོན་ནི་གཉིས་
ཡོད་དེ། །མཐོང་བ་ཙམ་གྱི་འབྲང་བར་བཤད། །དེ་ཡི་མཚན་མའང་ང་ལས་ཉོན། །གྲིབ་གནོན་གདོན་གཉིས་གང་ཡིན་དེ། །ཐམས་ཅད་དུ་ནི་འཇུག་པར་བྱེད། །གདོན་རྣམས་དང་ནི་ཐམས་ཅད་ཀྱང་། །གྲིབ་གནོན་གྱིས་ནི་ཉེ་བར་མཚོན། །སཽ་གནྡྷི་དང་ཨུཏྤལ་
གྱི། །མཚན་མ་རྣམས་ཀྱང་ང་ལས་ཉོན། །དེ་ལས་སཽ་གནྡྷི་ཀ་ནི། །གཟུ་ལུམས་ཆེ་ཞིང་དྲག་པ་སྟེ། །ཚེས་གྲངས་ཉིན་ཞག་ངེས་པ་མེད། །ཤིང་དྲུང་དང་ནི་སྐྱེད་མོས་ཚལ། །ལམ་གྱི་བཞི་མདོར་འཇུག་པར་བྱེད། །གདོན་དེ་ཁུས་འདེབས་ངུ་བ་དང་། །ལུས་རྣམས་ཀྱང་
ནི་འཇོམས་པར་བྱེད། །ཉིན་མོ་ཐུན་གཅིག་འདས་པ་ན། །གསོད་པར་ཡག་ནི་བྱེད་པ་སྟེ། །སཽ་གནྡྷི་ཀས་ཟིན་འགྱུར་བ། །དེ་ཡི་མཚན་མ་དེ་དག་ཡིན། །བདུད་རྩི་ཐབ་སྦྱོར་རམ། །དགའ་བྱེད་གདོང་གིས་ཆུ་ལ་བསྔགས་ཏེ་ཁྲུས་བྱེད་དུ་བཅུག་ལ་བདུག་པས་བདུགས་ན་གཏོང་
བར་འགྱུར་རོ། །ཨུཏྤ་ལ་ཡང་ང་ལས་ཉོན། །ངུ་ཞིང་དགོད་པར་བྱེད་པ་དང་། །སོ་རྣམས་ཀྱང་ནི་གཙིགས་པར་བྱེད། །ནུ་མ་ཡང་ནི་མི་ཤེས་དེ། །དུས་ཚིགས་མེད་པར་རྒྱུ་བར་བྱེད། །ཨུཏྤལ་ལས་ནི་ཟིན་གྱུར་བ། །དེ་ཡི་མཚན་མ་དེ་དག་ཡིན། །གང་གིས་གདོན་དེ་གཏོང་
འགྱུར་བའི། །གཏོར་མ་ཡང་ནི་དེ་ལ་སྦྱིན། །འབྲས་ཀྱི་འོ་ཐུག་སྦྱར་ཐུག་དང་། །ལག་པན་འབྲས་ཆན་བུ་རམ་ཆན། །ཤ་བཙོས་པ་དང་རྗེན་པ་དང་། །ཆང་དང་ཏིལ་གྱི་ཟན་དག་དང་། །འབྲས་ཆན་ཤ་དང་སྦྱར་བ་སྦྱིན། །ཏིལ་དག་དང་ནི་དེ་བཞིན་དབྱིག །ཆང་དང་སྦྱར་

བའི་ཆང་སྦྱིན་ཞིང་། །ལམ་གྱི་བཞི་མདོར་གཏོར་མ་སྦྱིན། །གཏོར་མ་ལས་ནི་འདི་ཉིད་ཀྱིས། །གདོན་དེ་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །ཡུངས་ཀར་ཤུ་དག་ཤིང་
ཀུན་དང་། །པི་པི་ལིང་དང་ན་ལེ་ཤམ། །འབྲས་བུ་གསུམ་ནི་ཆ་མཉམ་དང་། །གི་རི་ཀར་ནི་དཀར་པོ་དང་། །རུ་རྟ་དང་ནི་བྲི་ཡངྐུ། །དེ་བཞིན་བཅའ་སྒ་དག་དང་ནི། །ཐང་ཤིང་དང་ནི་པུ་ཤེལ་ཙི། །ནག་ཏ་མ་ལའི་འབྲས་བུ་དང་། །ཚོགས་རྣམས་འདི་དག་བསོགས་
ནས་ནི། །བ་གཅིན་དག་དང་བཏག་པར་བྱ། །མར་གྱི་ནང་དུ་བཙོ་བྱ་ཞིང་། །བ་གཅིན་བཞི་འགྱུར་བླུག་པར་བྱ། །མིག་ཀྱང་བསྐུ་ཞིང་སྣར་ཡང་བླུགས། །བཏུང་བར་བྱ་ཞིང་ལུས་ཀྱང་བྱུག །འདི་ནི་གདོན་རྣམས་ཐམས་ཅད་ཀྱི། །སྨན་རྣམས་ཀྱི་ནི་དམ་པ་ཡིན། །གང་
ན་སྦྱར་སྨན་འདི་གནས་པ། །དེ་ནི་ཀི་ཏ་ལུ་ཏ་དང་། །བྱིས་པ་ཡང་ནི་དེ་བཞིན་ཏེ། །དེ་དག་གིས་ནི་འཇིགས་པ་མེད། །ཆོ་ག་འདི་དག་གིས་ཀྱང་ནི། །གདོན་དེ་རབ་ཏུ་འབྲོས་པར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །
ཐབས་གཞན་འདི་ནི་སྦྱར་བར་བྱ། །བདུད་རྩི་ཐབ་སྦྱོར་རམ། །དགའ་བྱེད་གདོང་ངམ། །གོས་དཀར་ཅན་གྱི་དཀྱིལ་འཁོར་དུ་བཞག་ན་གདོན་ཐམས་ཅད་མ་རུངས་པར་འགྱུར་རོ། །སཽ་གནྡྷི་དང་ཨུཏྤལ་གཉིས་ཀ་ཡང་ལས་གཅིག་ཡིན་པར་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་
སེམས་དཔའ་བདུད་རྩི་ཐབ་སྦྱོར་གྱིས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་དྲིས་པ། །མ་རུངས་གདོན་ལས་གསོ་བའི་ཐབས། །བཅོམ་ལྡན་ཤེས་པར་བགྱི་བར་འཚལ། །གང་ལ་ཤིང་བུ་བབ་པ་དང་། །གང་དག་དཀྱིལ་འཁོར་སྤོང་བ་དང་། །གོས་ཤིང་ཞེན་པ་གྱུར་པ་དང་། །
ཕྱིར་ཡང་ལྡོག་བྱེད་གང་ཡིན་དང་། །ནམས་ཀྱང་གཏོང་བར་མི་བྱེད་ལ། །གསང་སྔགས་དང་ནི་རྩི་སྨན་དང་། །སྦྱིན་སྲེག་ལས་ཀྱིས་གཞིག་པ་ནི། །གདོན་རྣམས་གཞིག་པའི་དམ་པ་སྟེ། །མར་བཏུང་བ་ཡི་ཆོ་ག་དང་། །ཆོ་ག་ཅི་འདྲ་གཏོར་མའི་ལས། །གསང་བ་

ཡི་ནི་ཐེ་ཚོམ་དང་། །གང་གིས་གནོད་སྦྱིན་གཏོང་འགྱུར་དང་། །བསྲེག་པ་དང་ནི་བཅད་པ་དང་། །བསད་ཅིང་རུས་པ་གཞོམ་པ་དང་། །དེ་དག་ཆོ་ག་རབ་བཤད་པ། །དེ་ནི་སྟོབས་ཆེན་བདག་ལ་གསུངས། །དེ་ལྟར་བློ་ཅན་ཆེ་བ་ཉིད། །བདུད་རྩི་ཐབ་
སྦྱོར་གྱིས་དྲིས་ནས། །ལག་ན་རྡོ་རྗེ་སྐལ་ཆེན་གྱིས། །འདི་སྐད་ཅེས་ནི་ཚིག་ཀྱང་སྨྲས། །བདུད་རྩི་ཐབ་སྦྱོར་ཁྱོད་ཀྱིས་སུ། །ང་ལ་གང་དྲིས་བཤད་པར་བྱ། །ལྷ་རྣམས་འཁོད་པའི་ནང་དུ་ཉོན། །མ་རུངས་པ་ཡི་གདོན་ཉིད་ནི། །གཡོ་དང་མི་གཡོ་ཞེས་བྱ་བ། །སེམས་
ཅན་ཀུན་ལ་འཚེ་བ་ཡོད། །སྦྱིན་སྲེག་ལས་ནི་དུ་མས་ཀྱང་། །གཡོ་དང་མི་གཡོའི་འབྲོས་མི་འགྱུར། །དེ་ཡི་མཚན་མ་ངས་བཤད་ཀྱིས། །གོ་རིམས་བཞིན་དུ་ལྷ་རྣམས་ཉོན། །དྲིས་པ་ཡི་ནི་དོན་རྣམས་ཀྱང་། །རབ་ཏུ་ཡང་ནི་སྨྲ་བར་བྱེད། །ངུ་བར་བྱེད་ཅིང་རབ་ཏུ་ཁྲོ། །
དེ་ནི་མ་རུངས་མཚན་མར་ཤེས། །འདུས་ཤིང་འཚོགས་པའི་ནང་དག་ཏུ། །ཤིན་ཏུ་ཡོངས་སུ་སྲུང་བ་གང་། །ཁང་སྟོང་དག་ཏུ་དགའ་བར་བྱེད། །དེ་ནི་མ་རུངས་མཚན་མར་ཤེས། །གང་གིས་རྟག་ཏུ་ཕྱག་འཚལ་དང་། །སྙན་པར་ཡང་ནི་སྨྲ་བར་བྱེད། །སྟན་དག་ཀྱང་ནི་
སྟོབས་པར་བྱེད། །དེ་ནི་མ་རུངས་མཚན་མར་ཤེས། །སྟན་དག་ལས་ནི་སྟན་དག་ལ། །ཅི་སྟེ་འཕོ་ཞིང་ལྡང་བར་བྱེད། །དེ་ནི་མ་རུངས་མཚན་མར་ཤེས། །ང་ནི་ལྷ་ཡིན་ཁྱབ་འཇུག་ང་། །ཚངས་པ་ང་ཡིན་དབང་ཕྱུག་ང་། །སྐྱེ་དགུའི་བདག་པོ་ང་ཡིན་ཞེས། །
དེ་སྐད་ཀྱི་ནི་ཚིག་སྨྲ་ཞིང་། །གདོན་ཀུན་གྱི་ནི་ཚུལ་ཡང་བྱེད། །གང་གིས་གདོན་ཏེ་གཏོར་འགྱུར་བ། །དེ་ཡི་གསོ་བའི་ཐབས་ཀྱང་བཤད། །ཨ་ཤྭ་གནྡྷ་ཤུ་དག་དང་། །འབྲས་བུ་གསུམ་དང་པུ་ཙེ་ཤེལ། །ཀནྟ་ཀ་རི་བྲི་ཧ་ཏི། །ཀི་རི་ཀར་ནི་དཀར་པོ་དང་། །ནག་ཏ་
མ་ལའི་འབྲས་བུ་དང་། །ཤི་རི་ཤ་ཡི་མེ་ཏོག་དང་། །དེ་བཞིན་གསོ་མ་པ་ཏ་ལི། །པ་ལ་ཤ་ཡི་ལོ་མ་དང་། །བུ་ཚང་རྡོ་དང་རམ་ཉེ་བ། །བ་ལ་ཨ་ཏི་བ་ལ་དང་། །བིལ་བ་ཨརྒ་གཉིས་ཀྱི་རྩ། །དེ་བཞིན་རྩ་བ་ལྔ་པ་གཉིས། །ལོ་ནི་སུམ་ཅུ་ལོན་པ་ཡི། །མར་ནི་

རྙིང་བ་གང་ཡིན་པའི། །མར་ནི་ཕུལ་བཞི་ལྡན་པར་བྱ། །འོ་མ་ཕུལ་བཞི་སྦྲང་རྩི་བཞི། །བ་ལང་ཀོ་བ་བསྲེགས་པ་ཡི། །ཕྱེ་མ་ཕུལ་པ་ཞི་གཞུག་པར་བྱ། །སྒོག་སྐྱ་བརྒྱ་ཡང་གཞུག་པར་བྱ། །སྲང་གྲངས་སུམ་ཅུའི་ཨ་རུ་ར། །ཚ་བ་གསུམ་ཡང་དེ་བཞིན་ཏེ། །དེ་བཞིན་
འབྲུ་མར་བླུག་པར་བྱ། །ཤིང་ཀུན་ཡང་ནི་སྲང་གཅིག་དང་། །ལྷན་ཅིག་ཕྱེ་མ་ཞིབ་མོར་བྱ། །གང་ཚེ་ཐམས་ཅད་ཚོགས་གྱུར་ནས། །བ་གཅིན་ཕུལ་བཞི་བླུག་པར་བྱ། །དེ་ནས་མེ་ནི་ཆུང་ངུས་བཙོ། །རླུང་ཅན་དང་ནི་མཁྲིས་པ་ཅན། །བད་ཀན་ཅན་དང་འདུས་པ་ཅན། །
གདོན་གྱི་གཟུགས་ནི་ཐམས་ཅད་ཀྱི། །སྨན་རྣམས་ཀྱང་ནི་འདི་ཡིན་ཏེ། །ཆོ་ག་དང་ནི་འདི་ཉིད་ཀྱིས། །གདོན་དེས་མྱུར་དུ་གཏོང་བར་འགྱུར། །ཅི་སྟེ་དེས་ཀྱང་མ་བཏང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །ལྕགས་སྒྲོག་གིས་
ནི་བཅིང་བྱ་ཞིང་། །སྐྲ་ཡི་ཐག་པས་བཅིང་བར་བྱ། བདུག་པ་སྣ་ཚོགས་ཀྱིས་ཀྱང་བདུག །ལུས་ཀྱང་བསྐུ་ཞིང་བྱུག་པར་བྱ། །དེ་ནས་ཆོ་ག་སྦྱར་བྱ་ཞིང་། །དུས་ལས་ཀྱང་ནི་བཤོལ་མི་བྱ། །དཀྱིལ་འཁོར་ཡངས་ལ་བཞག་ནས་ནི། །ཁོར་ཡུག་ནས་ནི་གཟིར་བར་བྱ། །
གདོན་གྱིས་ཟིན་པ་དབུས་བཞག་སྟེ། །ལྕགས་ཐག་གིས་ནི་གདགས་པར་བྱ། །དེ་ནི་བརྟན་པོས་འཁོར་དུ་གཞུག །བདུག་པས་ལེགས་པར་བདུག་བྱ་ཞིང་། །ལན་གྲངས་བརྒྱར་ནི་ཚང་བར་བྱ། །དེ་བཞིན་ཀོ་བ་ཆུ་དྲོན་དང་། །ཤིང་ཀུན་དང་ནི་སྒོག་སྐྱ་དང་། །བུན་པ་དང་
ནི་བཅའ་བ་དང་། །འདི་དག་ཆུ་དང་སྦྱར་བྱ་ཞིང་། །ཆུ་ཡི་ནང་དུ་ནུབ་པར་བྱ། །མིས་ནི་གདོན་ཟིན་ངལ་ཡང་བསོ། །དེ་ལྟར་ནུབ་པར་བྱས་པ་ཡི། །ཆོ་ག་འདི་དག་གིས་ཀྱང་ནི། །ཅི་སྟེ་གདོན་དེས་མི་གཏོང་ན། །ལས་ལ་མཁས་པས་རབ་བསྒྲིམས་ཏེ། །ཆོ་ག་འདི་ནི་སྦྱར་བར་
བྱ། །བདུག་པ་སྦྱར་བ་འདི་དག་གིས། །མྱོས་པ་ཉིད་དུ་བྱ་བ་སྟེ། །འདིར་ནི་དྲེད་སྤུ་སེན་མོ་དང་། །དེ་བཞིན་སྟག་གི་སེན་མོ་བླང་། །ཤ་ལྱ་ཀ་ཡི་འབྲས་བུ་དང་། །ཁྱི་དང་དོམ་གྱི་རྟུག་པ་དང་། །བ་ལང་བྱི་བའི་པགས་པ་དང་། །བ་ཏུ་ན་ཡི་རྟུག་པ་དང་། །རྔ་མོ་བོང་བུའི་

རྟུག་པ་དང་། །སྤུ་དང་རྟ་ཡི་རྨིག་པ་དང་། །དེ་བཞིན་བ་ལང་རྭ་དག་དང་། །སྤྲེའུའི་རུས་པ་སྒོག་སྐྱ་དང་། །དེ་བཞིན་དུ་ནི་སྤེན་མ་རྣམས། །དེ་དག་ཆ་ནི་མཉམ་བྱས་ལ། །ཆུ་དང་ལྷན་ཅིག་བཏག་པར་བྱ། །ལག་ན་རྡོ་རྗེ་ཕྱག་བྱས་ལ། །བདུག་པ་
འདི་ནི་སྦྱར་བྱས་ཏེ། །ཡུད་ཙམ་ངལ་ཡང་བསོ་བྱ་ཞིང་། །བདུག་པས་ཡང་དང་ཡང་དུ་བདུག །དུང་དང་འོ་མ་ཤིང་ཀུན་དང་། །དེ་བཞིན་ཀུ་ཤ་ན་ས་དང་། །ཨ་ནན་ཐལ་ཏྲེས་པུ་ཤེལ་ཙེ། །ངལ་བསོ་དེ་ལ་ཕན་པ་སྟེ། །སྣར་ཡང་བླུགས་ཤིང་འཐུང་དུ་གཞུག། །ལེགས་
པར་ཡང་ནི་བླུག་པར་བྱ། །ཕན་པར་འདོད་པས་གདོན་ཟིན་གྱི། །ལུས་ལ་ཡང་ནི་བསྐུ་བར་བྱ། །རྒྱམ་ཚ་དང་ནི་བཅའ་སྒ་དང་། །བྱི་ཏང་ཀ་དང་ཚ་བ་གསུམ། །བ་བླ་དང་ནི་རུ་རྟ་རྣམས། །ཆ་མཉམ་པར་ནི་བསྲེག་པར་བྱ། །ར་ཡི་གཅིན་དང་བཏག་བྱ་སྟེ། །
མིག་བསྐུས་ནས་ནི་གདོན་ཀུན་སེལ། །སྣར་བླུགས་ན་ཡང་གདོན་ཀུན་སེལ། །ནིར་གུན་ད་དང་བྱེའུ་རུག་དང་། །ལུང་ཏང་ཡུངས་ཀར་པི་པི་ལིང་། །དེ་དག་མི་བཟད་གདོན་རྣམས་ཀྱིས། །ཟིན་པ་ལ་ནི་སྣར་ཡང་བླུགས། །བཀྲུ་སྨན་ཡང་ནི་གཏང་བྱ་ཞིང་། །སྨན་གྱིས་མིག་
བསྐུས་ལུས་ཀྱང་བྱུག །དེ་ལྟ་བུ་ནི་བྱས་ན་ཡང་། །ཅི་སྟེ་གདོན་ནི་མི་གཏོང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །ཐབས་གཞན་འདི་ནི་སྦྱར་བར་བྱ། །སྡོང་ཆེན་ལ་ནི་གདགས་བྱ་ཞིང་། །སྒྲེན་མོར་ཤིན་ཏུ་སྐྲག་པར་བྱ། །ཐག་པ་སྦོམ་པོས་བཅིང་བྱ་ཞིང་། །ལུས་
ནི་ཤིན་ཏུ་བསྒྲིམ་པར་བྱ། །ཁྲོན་པ་ནས་ནི་བཅུས་པའི་ཆུ། །རབ་ཏུ་ཡང་ནི་གཏོང་བར་བྱ། །གདོན་པ་དེས་ནི་རབ་ཟིན་ནས། །མི་བཟད་པས་ནི་ལུས་ཀྱང་བསྐུ། །བདུག་པ་སྦྱར་བའི་ལུས་རིམས་ཀྱིས། །གདོན་དེ་མྱུར་དུ་མེད་པར་འགྱུར། །ངལ་བསོ་བ་ཡང་བྱ་བ་སྟེ། །
ཤུ་དག་ནིམ་པའི་ལོ་མ་དང་། །པ་དག་དང་ནི་པུ་ཙེ་ཤེལ། །ཀ་པིད་ཏ་ཡི་ལོ་མ་དང་། །སྒོག་སྐྱ་སྦྲུལ་ལྤགས་རྗེས་པས་བསྲེ། །འདི་ནི་ཞི་བར་བྱེད་པར་བཤད། །ཆོ་ག་འདི་དག་གིས་ཀྱང་ནི། །གདོན་དེས་ཅི་སྟེ་མི་གཏོང་ན། །གང་གིས་གདོན་དེ་གཏོང་འགྱུར་བའི། །

ཐབས་གཞན་འདི་ནི་སྦྱར་བར་བྱ། །འདི་ལ་ཐེ་ཚོམ་མེད་པར་ནི། །མི་བཟད་གསང་སྔགས་སྦྱར་བར་བྱ། །རྨུགས་བྱེད་ལྕགས་ཅན་སོ་ཅན་དང་། །མཚན་སྦྱིན་བདུད་རྩི་ཐབ་སྦྱོར་སོགས། །ཚོགས་རྣམས་སོ་སོའི་ལས་ཀྱིས་གཞོམ། །བཅིངས་ནས་ཀརྐ་ཏ་ཀ་ཡི། །
བདུག་པ་མི་བཟད་བདུག་བྱ་སྟེ། །མགོ་དང་ལྐོག་མ་དེ་བཞིན་དབུས། །ཕྲག་པ་གཉིས་ཀྱང་ངེས་པར་བདུག །དྲག་པོའི་ལས་ཀྱིས་དྲག་པོ་རྣམས། །སྐྲག་པར་བྱས་ནས་གཏོང་བར་འགྱུར། །ཡིད་ནི་འབྱུང་བར་བྱེད་པ་ཡི། །གསང་སྔགས་སྦྱར་སྨན་ལྡན་དེ་བཞིན། །ཡུངས་
ཀར་རེག་བདུག་དྲག་པོ་ཡིས། །བློ་ངན་དེ་ནི་སྐྲག་པར་བྱ། །བློ་ཅན་རྒྱུད་ལ་འཇིགས་མེད་ཅིང་། །དེ་ཉིད་རྟོགས་པས་གཏོང་དུ་གཞུག །ཆོ་ག་འདི་དག་ཉིད་ཀྱིས་ཀྱང་། །ཅི་སྟེ་གདོན་དེས་མི་གཏོང་ན། །གདོན་རྣམས་རབ་ཏུ་ཚར་གཅོད་པའི། །ཐབས་གཞན་འདི་ནི་སྦྱར་བར་
བྱ། །ངེས་པར་ཡང་ནི་ཁྱད་པར་དུ། །གསང་སྔགས་ཀྱི་ནི་སྦྱོར་བར་བྱ། །ལག་ན་རྡོ་རྗེས་བྱས་པ་ཡིས། །གཞིག་པའི་ཐབས་ཀྱང་རབ་ཏུ་བྱ། །གཙང་སྦྲ་བྱ་ཞིང་ཞག་ལྔའི་བར། །གསོ་སྦྱོང་དག་ནི་ལྡན་པར་བྱ། །གཙང་མས་དུར་ཁྲོད་གཙང་མའི་དབུས། །དཀྱིལ་འཁོར་
ཡང་ནི་བྲི་བར་བྱ། །རྫས་བཞི་སྦྱར་བ་གང་ཡིན་པ། །དེ་ཡང་ལེགས་པར་བཤད་པར་བྱ། །ལུང་ཏང་ཕྲེང་ཡང་དེ་བཞིན་དུ། །ཤིང་ཤ་པ་དང་སེང་ལྡེང་དང་། །བ་རུ་ར་དང་རྒྱ་སྲན་དང་། །ཀ་ཀུ་བྷ་དང་ཨརྫུ་ན། །ཐང་ཤིང་ཡམ་སྲེག་ཤིང་རྣམས་བསྡུ། །ཆུ་ཡི་བུམ་པ་
བཞི་དག་ཀྱང་། །ཁྲག་གིས་སུ་ནི་གཏོར་བར་བྱ། །ཤ་བཙོས་པ་དང་རྗེན་པ་དང་། །ཏིལ་ཟན་ལ་ཕུག་སྦྲང་རྩི་དང་། །མར་རྙིང་དག་གི་ཚོགས་རྣམས་དང་། །ཡུངས་ཀར་དག་ནི་བྲེ་བཞི་ཡི། །ཚོགས་རྣམས་དང་ནི་བ་བླ་དང་། །ཨ་ཏི་པ་ལའང་དེ་བཞིན་ནོ། །
དྲི་ཀུན་ཡང་ནི་དེ་བཞིན་ཏེ། །སིདྷ་དང་སྟྲའི་མེ་ཏོག་དང་། །ས་ཧ་དེ་བའང་གཞུག་པར་བྱ། །གསེར་དག་དང་ནི་དངུལ་རྣམས་དང་། །འབྲུ་ཀུན་ཡང་ནི་གཞུག་པར་བྱ། །ཁ་དོག་དག་ཀྱང་ངན་པར་བྱ། །ཁྲག་གིས་ཀྱང་ནི་བསྲེག་པར་བྱ། །དྲི་དང་འབྲས་བུ་མེ་ཏོག་

ཕྲེང་། །ཚོན་རྩི་བཏགས་དང་མ་བཏགས་དང་། །ཨ་ཀ་རུ་ནི་མཉམས་སྤོས། །ཏ་མེ་རུ་དང་གུ་གུལ་མར། །པི་ཙུ་མ་རྔའི་ལི་མ་དང་། །དེ་བཞིན་སྐུད་པ་ཤུས་པ་སྟེ། །མིག་སྨན་གྱི་ནི་རིལ་བུ་དང་། །དེ་བཞིན་སྣར་ཡང་བླུག་པར་བྱ། །ལུས་ལ་ཡང་
ནི་བསྐུ་བར་བྱ། །དེ་ནས་ཁྲུས་ཀྱང་བྱ་བ་སྟེ། །ཞི་བའི་ལས་ཀྱི་ཆོ་གས་ཀྱང་། །གདོན་རྣམས་དྲག་ཏུ་ཚར་གཅོད་པ། །དངོས་གྲུབ་མཆོག་འདོད་གང་ཡིན་པས། །རབ་ཏུ་བསྒྲིམས་ཏེ་བྱ་བ་ཡིན། །འབྱུང་པོའི་བདག་དང་འབྱུང་པོ་ཡི། །གོ་ཆ་དེ་ལ་བཤད་པར་བྱ། །
དཀྱིལ་འཁོར་ཕུན་སུམ་ཚོགས་པ་དེར། །ས་བོན་ཐམས་ཅད་བཀོད་པ་ཡི། །དཀྱིལ་འཁོར་ཤེས་རབ་ཅན་གྱིས་བྲིས། །འབྱུང་པོའི་བདག་པོ་ཆུང་མར་བྱས། །མཁས་པ་ཡིས་ནི་གཞག་པར་བྱ། །སོ་ཅན་དང་ནི་ལྕགས་ཅན་དང་། །དེ་བཞིན་རྨུགས་བྱེད་རྫོགས་ལྡན་
རྣམས། །དེ་དག་ཕྱོགས་རྣམས་གཞག་པར་བྱ། །ཀུན་ནས་ལག་ན་བདུག་པ་ཐོགས། །ལྷོ་ཕྱོགས་ཀྱི་ནི་ངོས་སུ་ཡང་། །དགའ་བྱེད་གྲོང་ཁྱེར་འོད་དང་བཅས། །དམ་པ་བརྒྱད་པོ་གང་བཤད་བྲིས། །ཁོ་ར་ཁོར་ཡུག་དག་ནས་ཀྱང་། །ཡམ་སྲེག་ཤིང་ནི་དགྲམ་པར་
བྱ། །ནང་དུ་བཀོད་པ་དེ་དག་ཀྱང་། །བསམ་པར་བྱ་ཞིང་ཤེས་པར་བྱ། །ངོས་རྣམས་བཀྲ་ཤིས་འབར་བ་དང་། །མ་རུངས་གདོན་ནི་མཁས་པས་བྲི། །ངེས་པར་ཡང་ནི་མཆོད་བྱས་ནས། །མེ་ཏོག་ཕྲེང་དང་དྲིས་རྒྱས་པས། །ལག་ན་རྡོ་རྗེས་ལེགས་བཤད་པའི། །ལས་
རྣམས་ཀྱང་ནི་སྦྱར་བྱ་ཞིང་། །རྒྱུད་མཐོང་བ་ཡི་ལས་ཀྱིས་ནི། །མ་རུངས་གདོན་རྣམས་དགུག་པར་བྱ། །དཀྱིལ་འཁོར་འདི་ནི་འབྱུང་རྣམས་ཀྱི། །འབྱུང་པོའི་རིགས་ནི་བརླག་པར་འགྱུར། །དྲག་པོ་ཆེན་པོ་མི་བཟད་པ། །ཆོས་ལུགས་མི་བཟད་གང་ཡིན་པ། །དེ་དག་
ང་ཡི་དཀྱིལ་འཁོར་གཞུག །དྲག་པོ་གཡོ་དང་མི་གཡོ་བ། །དྲག་ཏུ་འཁྲུལ་ཅིང་སེམས་ཅན་རྣམས། །ང་ཡི་དཀྱིལ་འཁོར་ནང་དུ་གཞུག །དེ་མཐོང་སེམས་ཅན་འཆི་བར་འགྱུར། །གདོན་རྣམས་ཀྱི་ནི་དཀྱིལ་འཁོར་དུ། །འཐབ་པ་དྲག་པ་དེར་གཞུག་ཅིང་། །ཤིན་

ཏུ་ཚར་ཡང་གཅད་པར་བྱ། །རིག་པའི་མཆོག་གམ་སྤྱན་གྱིས་ནི། །འཇིག་རྟེན་དཀྱིལ་འཁོར་བྲི་བར་བྱ། །གདོན་གྱི་དཀྱིལ་འཁོར་རྫོགས་སོ།། །།དེ་ནས་གདོན་སྐྲག་པའི་མཚན་མ་རྣམས་དང་། མེད་པར་འགྱུར་བའི་མཚན་མ་རྣམས་བལྟ་བར་བྱ་སྟེ།
འདི་ནི་བཏང་བར་མ་གྱུར་ཅིང་། །སྐྲག་པའི་མཚན་མར་ཤེས་པར་བྱ། །ལུས་ཀུན་ཡང་ནི་འདར་བ་དང་། །མགོ་བོ་ཡང་ནི་འདར་བར་བྱེད། །དབུགས་ཀྱི་ཤུགས་ཀྱང་འབྱིན་པར་བྱེད། །དེ་ནི་སྐྲག་པའི་མཚན་མར་ཤེས། །ཤིན་ཏུ་དགོད་པར་བྱེད་པ་དང་། །ཡང་དང་
ཡང་དུ་ཁྲོ་བར་བྱེད། །ཚིག་ཀྱང་ཤིན་ཏུ་འཛིན་པར་བྱེད། །དེ་ནི་སྐྲག་པའི་མཚན་མར་ཤེས། །མཐོང་ན་ཡང་ནི་ཞི་བར་འགྱུར། །ཞི་བའི་ཚུལ་གྱིས་བལྟ་བ་དང་། །བདུག་པ་ཡང་ནི་སྣོམ་པར་བྱེད། །ཧཱུྃ་ཞེས་བྱ་བས་སྡོད་པར་འགྱུར། །དེ་ནི་སྐྲག་པའི་མཚན་མར་ཤེས། །
ངལ་ཞིང་རིམས་ནད་འདེབས་གྱུར་པ། །དེ་ནི་མེད་པའི་མཚན་མར་ཤེས། །སྨྲས་པས་རྟོགས་པ་གང་ཡིན་དང་། །ཐམས་ཅད་མྱུར་དུ་འཛིན་པ་དང་། །ཡང་ན་ཤིན་ཏུ་འདར་བར་འགྱུར། །དེ་ནི་མེད་པའི་མཚན་མར་ཤེས། །གང་ཞིག་མཐོང་ན་རང་དབང་དང་། །སླར་ནི་
རང་དགར་འགྱུར་བ་དང་། །མི་ཡི་ཚུལ་ནི་སྤྱོད་གྱུར་པ། །དེ་ནི་མེད་པའི་མཚན་མར་ཤེས། །འཇིགས་བཞིན་འདྲེན་པ་གང་ཡིན་དང་། །ཞི་བའི་ཚུལ་གྱིས་བལྟ་བ་དང་། །མི་ནི་ངོ་མཚར་ལྡན་གྱུར་པ། །དེ་ནི་མེད་པའི་མཚན་མར་ཤེས། །དེ་བཞིན་འདུན་གྱིས་མི་ཕྱོགས་
ལ། །དྲིས་ན་ཡང་ནི་སྨྲ་མི་བྱེད། །རིམས་ནད་བྱང་ཞིང་རྨོངས་མེད་པ། །དེ་ནི་མེད་པའི་མཚན་མར་ཤེས། །ཁྱོད་ཀྱིས་ང་ལ་གང་དྲིས་པ། །དེ་ཀུན་ཁྱོད་ལ་བཤད་པར་བྱ། །བཅོམ་ལྡན་ཇི་ལྟར་གདོན་འབྲོས་དང་། །མི་ནི་འབྲོས་ཚུལ་
ཅི་འདྲ་དང་། །གནས་པའི་ཚུལ་ནི་ཅི་འདྲ་དང་། །བྱ་བ་བསྒྲུབ་པར་ཇི་ལྟར་འགྱུར། །ཇི་ལྟར་མི་འཇོམས་མཉན་པར་འཚལ། །ལག་ན་རྡོ་རྗེ་སྟོབས་ཆེན་གྱིས། །དེ་ཡི་ཚིག་དེ་ཐོས་གྱུར་ནས། །བདུད་རྩི་ཐབ་སྦྱོར་ཁྱོད་ཀྱིས་སུ། །ང་ལ་དྲིས་པ་གང་ཡིན་པ། །གདོན་རྣམས་ཉན་པར་འགྱུར་པ་ཡི། །

ལས་དེ་སོ་སོར་ཅི་རིགས་ཉོན། །དཀྱིལ་འཁོར་དག་ནི་བཞི་མདོ་དང་། །དེ་བཞིན་ཁྱིམ་དང་བ་ལང་ལྷས། །དུར་ཁྲོད་དང་ནི་ཤིང་གཅིག་དྲུང་། །དེ་ནི་མཁས་ཤིང་འཇིགས་མེད་པས། །གདོན་དེ་གཏོང་དུ་གཞུག་པར་བྱ། །ཐོག་མར་ཆོ་གར་བྱ་བ་ནི། །
ཞག་གསུམ་ཡང་ན་ཞག་ལྔའམ། །ཞག་བདུན་བར་དུ་ཅུང་ཟད་བསྟེན། །ཡང་ན་ཟླ་བ་ཕྱེད་ཀྱི་བར། །དེ་བཞིན་ཞག་ནི་ཉི་ཤུ་གཅིག། །རིག་སྔགས་སྟོབས་ནི་ཆེ་བ་དང་། །བདག་ཉིད་རིག་སྔགས་གསང་བ་ཡི། །རིག་སྔགས་དེ་བཞིན་ཤེས་ནས་ནི། །ཅི་ནས་དེ་ནི་དབང་
འགྱུར་ཞིང་། །ཉན་དུ་ཡང་ནི་གཞུག་པར་བྱ། །ཕྱེ་མ་རེད་ཀྱི་ནི་དུས་མཚམས་སུ། །བབ་ན་བདུད་རྩི་ཐབ་སྦྱོར་གྱིས། །འབྱུང་པོ་རྣམས་ཀྱི་དཀྱིལ་འཁོར་ནི། །ཁྲུ་གསུམ་གྲུ་བཞི་མཛེས་པ་བྲི། །དེས་ནི་ཐེ་ཚོམ་མེད་པར་ཡང་། །གསང་བ་བདག་ནི་ཉན་པར་འགྱུར། །བདག་
ཉིད་འབྱོར་བར་གང་འདོད་པས། །གསང་བ་ཡང་ནི་འདིས་བྱ་ཞིང་། །གསང་སྔགས་འདི་ཡིས་འབྱུང་པོ་རྣམས། །ཉན་པར་འགྱུར་བ་ཞེས་བྱ་བ། །འདི་ནི་མཁས་པས་བྱེད་དུ་གཞུག །ལོ་ནི་བཅུ་གཉིས་དག་ཏུ་ཡང་། །མ་བསྙེན་པ་ལ་སྦྱིན་མི་བྱ། །སྟོང་སྙེད་མ་བྱིན་སྦྱིན་མི་བྱ། །
སྡིག་པའི་ཚུལ་ཅན་སྦྱིན་མི་བྱ། །གང་གིས་གདོན་ནི་ཉན་པར་འགྱུར། །གང་གིས་གསང་སྔགས་དབང་འགྱུར་བ། །ཕྱག་རྒྱའི་ཆོ་ག་ངེས་པ་ཡིས། །གསང་སྔགས་དཀྱིལ་འཁོར་འདི་ཡང་བཤད། །ཕྱག་རྒྱ་ཚོགས་དང་བཅས་བཏང་ཞིང་། །གསང་བའི་ཕྱག་རྒྱས་བཏང་བྱས་ནས། །བརྟགས་ནས་
རྟག་ཏུ་འཛིན་པར་བྱེད། །གསོད་པ་བྱས་པའི་ཕྱག་རྒྱ་ཡི། །དཀྱིལ་འཁོར་མཆོག་ཏུ་གསང་བ་འདི། །གསང་བ་པ་རྣམས་གཞིག་པ་དང་། །ཆོ་ག་བསྒྲུབ་ཕྱིར་བཤད་པར་བྱ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་རྣལ་འབྱོར་དམ་པ་ལ་གནས་ནས་གདོན་ཉན་པར་འགྱུར་
བའི་ཕྱག་རྒྱའི་དཀྱིལ་འཁོར་འདི་བཤད་དེ། ཁྲུ་གསུམ་པ་ཚོན་སྣ་ལྔའི་ཕྱེ་མས་དབུས་སུ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་བྲིའོ། །དེ་ནས་ཕྱག་རྒྱ་དགོད་པར་བྱ་སྟེ། ཤར་ཕྱོགས་ཀྱི་སྒོ་ལོགས་སུ་ནི་རྒྱལ་བ་ཞེས་བྱ་བའི་ཕྱག་རྒྱ་དང་། རྣམ་པར་རྒྱལ་བ་དང་། རྡོ་རྗེ་མཚན་མ་

དང་། རྡོ་རྗེའི་མཚན་རྟགས་རྣམས་དགོད་དོ། །ལྷོ་ཕྱོགས་སུ་ནི་བཀྲ་ཤིས་དང་། ཤིན་ཏུ་བཀྲ་ཤིས་དང་། ཀླུ་ལག་དང་། པདྨའི་མཚན་རྣམས་དགོད་དོ། །བྱང་ཕྱོགས་སུ་ནི་འཚེ་བ་དང་། པདྨའི་ཕྲེང་བ་དང་། གཡུང་དྲུང་རིས་དང་། མདུང་རྩེ་གསུམ་པ་དགོད་དོ། །
ནུབ་ཕྱོགས་སུ་ནི་མདུང་ཐུང་དང་། རྡོ་རྗེ་དང་། ཞགས་པ་དང་། རལ་གྲི་རྣམས་དགོད་དོ། །གདོན་གྱི་དབྱུག་པ་ཡང་གཡོན་ལོགས་སུ་བཞག་གོ། །འཁོར་ལོ་ནི་གཡས་ཕྱོགས་སུ་བཞག་གོ། །དེ་ནས་རིག་སྔགས་འཆང་གིས་ལྷ་བཤོས་རྣམ་པ་སྣ་ཚོགས་དབུལ་ཞིང་དྲི་དང་།
མེ་ཏོག་རྣམས་ཀྱང་འབུལ་ལོ། །རིགས་སྔགས་ཀྱང་ལན་བརྒྱད་སྟོང་བཟླས་བརྗོད་བྱའོ། །གདོན་གྱིས་ཟིན་པ་ཡང་བུམ་པའི་ཆུས་ཁྲུས་བྱེད་དུ་གཞུག་གོ། །དེ་ནས་གདོན་གྱིས་གཏོང་བར་འགྱུར་བའི་རིག་སྔགས་བཀླག་པར་བྱའོ། །དེས་ན་གདོན་གྱིས་རིག་སྔགས་འཆང་ཇི་སྐད་
ཟེར་བ་བཞིན་བྱེད་པར་འགྱུར་ཏེ། སོང་ཤིག་སོང་ཤིག་ཅེས་བྱས་ན་འགྲོ་བར་འགྱུར་རོ། །དེ་ནས་གདོན་བཀོལ་བར་འདོད་ན་གདོན་གང་དང་གང་དུ་དགོས་པ་དེ་ཐམས་ཅད་བྱེད་པར་འགྱུར་རོ། །ལྷ་རྣམས་གསང་བ་དང་། གསང་ཆེན་དང་། གདོན་ཉན་པར་འགྱུར་བའི་ཕྱག་རྒྱའི་
ཚོགས་ཀྱིས་ཕྱག་རྒྱའི་དཀྱིལ་འཁོར་ཐམས་ཅད་ངས་པ་ཤད་ཟིན་ཏོ། །ཕྱག་རྒྱ་རྣམས་ཀྱི་ཅུང་ཟད་དཔེ་ཙམ་དུ་བྱ་བ་དེ་ངས་བཤད་པར་བྱ་སྟེ། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རྒྱུད་ཕྱི་མ་དང་བཅས་པ། ཕྱག་རྒྱ་རྣམས་ཀྱིས་བཏབ་པ་འདི་འཆང་བ་གང་ཡིན་
པ་དང་། ཀློག་པ་དང་། ཕྱག་འཚལ་བ་གང་ཡིན་པ་དེ་ལའང་ལྷ་རྣམས་ཡིད་དགའ་བར་འགྱུར་ན་བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་སྤྱན་དང་བཅས་པ་འདི་འཆང་བའམ། ཕྱག་འཚལ་བལྟ་ཅི་སྨོས་ཏེ། དེའི་མདུན་དུ་གདོན་ཐམས་ཅད་སྙིང་འདར་ཞིང་མྱུར་དུ་
འཁོད་པར་འགྱུར་རོ། །བཅོམ་ལྡན་འདས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བཅོམ་ལྡན་འདས་མ་སྤྱན་དང་བཅས་པ་གང་ཡིན་པ་ངས་བཤད་ཟིན་ཏོ། །སྙིང་པོའི་རྒྱལ་པོའི་ལས་གང་གིས་ཆོ་ག་རྒྱས་པ་ཐམས་ཅད་འགྲུབ་པར་འགྱུར་བའམ། འཇོམས་པར་བྱེད་པ་ཡང་ངས་

བཤད་པར་བྱ་སྟེ། སྙིང་པོའི་རྒྱལ་པོ་བཅོམ་ལྡན་འདས་མ་དང་བཅས་པ། རྒྱུད་ཕྱི་མ་དང་ལྡན་པ་ལ་གནས་པ་དང་། འཆང་བ་གང་ཡིན་པ་དེ་ལ་ནི་ལག་ན་རྡོ་རྗེས་བཤད་པ་བཞིན་དུ་རིང་པོ་མི་ཐོགས་པར་དངོས་གྲུབ་འགྲུབ་པར་འགྱུར་རོ། །གང་གིས་དངོས་གྲུབ་
འགྲུབ་པར་འགྱུར་བ་དེ་ཡང་བཤད་པར་བྱ་སྟེ། ཚེས་གྲངས་འདམ་མི་དགོས། སྨྱུང་བ་ཡང་བྱ་མི་དགོས་པར་བ་ལང་གི་ལྕི་བས་དཀྱིལ་འཁོར་སྐྱོང་ནུལ་གྱིས་བྱུགས་ལ། དེར་ཙནྡན་དམར་པོ་ལས་བྱས་པའི་རྡོ་རྗེ་བཞག་ནས་དེའི་མདུན་དུ་མིའི་གཟུགས་བྱས་ཏེ་སྙིང་པོའི་རྒྱལ་
པོ་བཟླས་བརྗོད་བྱེད་ཅིང་བ་ཀ་ལའི་མེ་ཏོག་གིས་བསྣུན་ན་ཆོ་ག་རྒྱས་པའི་གདོན་བཅོམ་པར་འགྱུར་རོ། །ཆོ་ག་དེ་ཉིད་ཀྱིས་སྣ་མའི་མེ་ཏོག་གིས་བསྣུན་ན་ཆོ་ག་རྒྱས་པ་འགྲུབ་པར་འགྱུར་ཏེ་དམ་པ་སྦྱིན་པར་འགྱུར་རོ། །ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་སམ། །འོ་མ་དང་ཕྱེ་མའི་
འདག་གུ་ཟ་ཞིང་མཆོད་རྟེན་དྲུང་དུ་སོང་ལ་སྙིང་པོའི་རྒྱལ་པོ་བཟླས་བརྗོད་བྱས་ན་གང་བསྒྲུབ་པ་དེ་ལ་འབྲས་བུ་ཡོད་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། གོས་གཙང་མ་བགོས་ནས་མཆོད་རྟེན་གྱི་ཁུང་བུར་
སོང་ལ་དྲི་དང་། མེ་ཏོག་དང་། བདུག་པས་བརྒྱན་ནས་ཀུ་ཤའི་སྟན་གཉིས་བཞག་སྟེ། རིག་སྔགས་འཆང་ཤར་ཕྱོགས་སུ་ཁ་བལྟ་ཞིང་རིག་སྔགས་འཆང་གཅིག་ནུབ་ཕྱོགས་སུ་ཁ་བལྟས་ཏེ་འདུག་ལ་དེ་ནས་རིག་སྔགས་འཆང་གི་ལག་པས་རིག་སྔགས་འཆང་གི་ལག་པ་
བཟུང་ནས། རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱད་སྟོང་བཟླས་བརྗོད་བྱའོ། །དེ་ནས་འཕགས་པ་ལག་པ་སྦྱར་བའི་ནང་ནས་འོད་ཟེར་འབྱུང་བར་འགྱུར་རོ། །འོད་ཟེར་དེ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། རིག་སྔགས་འཆང་ལ་གཡས་ཕྱོགས་སུ་བསྐོར་ནས་མི་སྣང་བར་གྱུར་
པ་དང་། རིག་སྔགས་འཆང་གི་མགོ་བོ་ལ་གཙུག་གི་ནོར་བུར་འགྱུར་ཏེ། དེ་མགོ་ལ་འདུག་པས་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་གྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་ལ་འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྱུར་ཞིང་བསྐལ་པར་གནས་

པ་དང་། སྲེད་མེད་ཀྱི་བུའི་སྟོབས་ཕྱེད་དང་ལྡན་པར་འགྱུར་ཏེ། དེ་གཉིས་ཀ་ཡང་སྲེད་མེད་ཀྱི་བུའི་སྟོབས་ཕྱེད་དང་ལྡན་པར་འགྱུར་ཞིང་དཔག་ཚད་ཉིས་སྟོང་དུ་གྱེན་དུ་འཕགས་པར་འགྱུར་རོ། །ཟླ་བ་ཕྱེད་ཀྱི་བར་དུ་ཟས་སུ་འོ་མ་དང་ཕྱེ་མའི་འདག་གུ་ལ་རིག་སྔགས་བཟླས་བརྗོད་
བྱས་ལ་དེ་ནས་མར་གྱི་ངོ་ཞག་བཅུ་བཞི་ལ་ལྷ་ཆེན་པོའི་གནས་སུ་སོང་སྟེ། རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱའོ། །དེ་ནས་རིག་སྔགས་འཆང་ཟླ་བ་ཉ་ལ་ནྱ་གྲོ་དྷའི་ཤིང་གཅིག་འགྲེང་གི་དྲུང་དུ་སོང་ལ་དེའི་དྲུང་དུ་ཁྲུ་ལྔ་ཙམ་བྱི་དོར་བྱས་ནས་ཕོའི་མིང་དང་ལྡན་པའི་ཤིང་
ལས་མདུང་བྱས་ཏེ། དྲི་དང་། མེ་ཏོག་དང་བདུག་པོས་བརྒྱན་ལ། བཅོམ་ལྡན་འདས་མ་དང་རིག་སྔགས་ཀྱི་རྒྱལ་པོས་ལས་བྱས་ཏེ། དེ་ནས་རིག་སྔགས་འཆང་དེ་ནྱ་གྲོ་དྷའི་ཤིང་ལ་འཛེགས་ལ། རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ། བཟླས་བརྗོད་བྱེད་བཞིན་དུ་མདུང་
གི་སྟེང་དུ་བདག་ཉིད་མཆོངས་ནས་དེས་རེག་མ་ཐག་ཏུ་ལྕང་ལོ་འཁྱིལ་ཞིང་ལོ་བཅུ་དྲུག་ལོན་པའི་གཟུགས་ཅན་དུ་འགྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་ལ། ཚེ་ལོ་ཁྲི་ཉིས་སྟོང་ཐུབ་པར་འགྱུར་ཏེ། ལུས་ཞིག་པའི་ཚེ་ཡང་འཕགས་པ་ལག་ན་རྡོ་རྗེ་མཐོང་བར་འགྱུར་
རོ། །ཡུམ་དང་སྙིང་པོའི་རྒྱལ་པོ་འཆང་བ་གང་ཡིན་པ་དེ་ལ་ནི་ལྷ་རྣམས་ཡིད་དགའ་བས་དངོས་གྲུབ་སྦྱིན་པར་འགྱུར་རོ། །ཆོ་ག་རྒྱས་པ་རྒྱུད་ཕྱི་མ་དང་བཅས་པ་འདི་འཆང་བའམ། ཀློག་པ་གང་ཡིན་པ་དེ་དག་ལ་ནི་ལྷ་ཐམས་ཅད་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་འགྱུར་ཏེ།
སྡིག་པ་ཐམས་ཅད་ལས་ཀྱང་གྲོལ་བར་འགྱུར་རོ། །སྙིང་པོའི་རྒྱལ་པོ་འཆང་བ་གང་ཡིན་པས་ནི་ལག་ན་རྡོ་རྗེས་བཤད་པ་བཞིན་དུ་རིང་པོ་མི་ཐོགས་པར་དངོས་གྲུབ་ཐོབ་པར་འགྱུར་རོ། །གདོན་ཐམས་ཅད་ཀྱང་འདི་ཉིད་ཀྱིས་དབང་དུ་བྱའོ། །གདོན་འཁྲུགས་པར་བྱ་འདོད་ན་ན་ལེ་ཤམ་
བླངས་ལ་ཀ་ན་ཀའི་འབྲས་བུའི་ནང་དུ་བཙོས་ནས་ན་ལེ་ཤམ་དེས་གདོན་ལ་བདུགས་ན་སྨྱོ་བར་འགྱུར་རོ། །གུ་གུལ་གྱི་བདུག་པའམ་གཏོར་མས་གཏོང་བར་འགྱུར་རོ། །མིག་འཁྲུལ་བར་བྱ་བར་འདོད་ན་བ་བླ་བླངས་ཏེ་རྩངས་པ་ཟར་བཅུག་སྟེ། བ་བླ་རྩངས་པའི་ཁ་ནས་བྱུང་བ་

བླངས་ནས་མིག་སྔར་བསྟན་ན་མིག་འཁྲུལ་བར་འགྱུར་ཏེ། །མར་དང་སྦྲང་རྩིས་བསྐུས་ན་སླར་འཚོ་བར་འགྱུར་རོ། །གདོན་གྱི་ཀླད་པ་ན་བར་བྱ་ན་བ་ལ་ཏ་ཀའི་འབྲས་བུ་བླངས་ལ་ཕྱེ་མར་བཏགས་ཏེ་མེ་ཏོག་དང་ལྷན་ཅིག་ཏུ་སྣོམ་དུ་བཅུག་ན་བསྣམས་མ་ཐག་ཏུ་ཀླད་
པའི་ནད་ཀྱིས་འདེབས་པར་འགྱུར་རོ། །གུ་གུལ་གྱི་བདུག་པའམ་གཏོར་མས་གཏོང་བར་འགྱུར་རོ། །དེ་ནས་གདོན་མཁྲིས་པའི་རིམས་ཀྱིས་འདེབས་པར་འདོད་ན་ཨ་ག་ནི་མ་སྡུ་བ་གཅིན་བགོས་ལ། བགོས་ནས་ཕྱེ་མ་ཞིབ་མོར་བཏགས་ཏེ་མེ་ཏོག་དང་ལྷན་ཅིག་ཏུ་སྣོམ་དུ་བཅུག་ན་
བསྣམས་མ་ཐག་ཏུ་མཁྲིས་པའི་རིམས་གྱིས་འདེབས་པར་འགྱུར་ཏེ། གུ་གུལ་གྱི་བདུག་པ་དང་། གཏོར་མས་གཏོང་བར་འགྱུར་རོ། །པྲི་ཏི་པི་པི་ཏ་དང་། ཙནྡན་དམར་པོ་དང་། མིའི་ཐོད་པ་ལྷན་ཅིག་ཏུ་སྦྱར་ཏེ་འཐུང་དུ་བཅུག་ན་གདོན་མྱོས་པར་འགྱུར་ཏེ། མར་དང་། སྦྲང་
རྩིའམ་གཏོར་མས་གཏོང་བར་འགྱུར་རོ། །ཏུ་མ་པའི་རྩ་བ་དང་། ཀ་ཤ་ཏ་ཀི་དང་། ཀ་ན་ཀའི་འབྲས་བུ་ལྷན་ཅིག་ཏུ་བཏགས་ཏེ་བླུད་ན་ཡང་མྱོས་པར་འགྱུར་རོ། །བུ་རམ་དང་རྩ་བས་སམ་གཏོར་མས་གཏོང་བར་འགྱུར་རོ། །གདོན་ནི་ཆོ་གས་གཏོང་བར་འགྱུར་བའི་བདུག་པ་
བཤད་པར་བྱ་སྟེ། གཞོན་ནུ་ལ་ནི་ལྷག་པར་ཡང་། །རྨ་བྱའི་སྒྲོ་དང་དྷ་ཏ་ཀི། །གསེར་ཕྲོམ་ལུག་རུ་བ་ལང་རྭ། །དེ་བཞིན་མ་ཧཱ་ས་གནྡྷ། །སྦྲུལ་ལྤགས་རྗེན་པ་དག་དང་ནི། །རྒྱ་སྐྱེགས་བྱི་ལའི་པགས་པ་དང་། །མོན་སྲན་སྡེའུ་མ་རུའི་རྩ་བ་དང་། །ན་ལེ་ཤམ་དཀར་འབྲུ་
བཞི་དང་། །རས་བལ་ཚི་གུ་བིལ་བའི་རྩ། །ཐང་ཤིང་ཙནྡན་དམར་པོར་བཅས། །ཐེ་ཚོམ་མེད་པར་གནོད་སྦྱིན་མོ། །བདུག་པ་འདི་དག་སྦྱིན་བྱ་ཞིང་། །བྱིས་པ་རྣམས་ལ་ཕན་འདོགས་པས། །བདུག་པ་འདི་ནི་སྦྱར་བར་བྱ། །གདོན་རྣམས་ཀྱི་ནི་ངོ་ལོན་དང་། །
གཏོང་བར་བྱེད་པ་དང་། །འཁྲུལ་བར་བྱེད་པ་དེ་ངས་བཤད་ཟིན་ཏོ། །སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་རིག་སྔགས་ཀྱིས་གདོན་རྣམས་བཅད་པ་དང་། གཞོམ་པ་དང་། ཕྱིར་བསླང་བར་བྱ་བ་ངས་བསྟན་པ་དེ་ཡང་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ་

ཧུ་རུ་ཧུ་རུ་པ་ཧུ་མེ། ཨུཏྟིཥྛ། ཨི་མེ་སྭཱ་ཧཱ། ཕྱིར་བསླང་བ་ནི་ཆུས་བྱའོ། །ལྷ་རྣམས་གདོན་རྣམས་ཀྱི་མཚན་མ་དང་། གསོ་བའི་ཐབས་ངས་བཤད་ཟིན་ཏོ། །རིག་པ་མཆོག་གི་ཆོ་ག་རྒྱས་པ་མ་ལུས་པའི་དབང་དུ་བྱས་ཏེ། ལས་བྱེད་པ་གང་ཡིན་པའམ་ཡང་ན་བཅོམ་
ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་སྤྱན་དང་བཅས་པར་འཆང་བ་གང་ཡིན་པ་དེས་ཀྱང་གདོན་རྣམས་མ་རུང་བར་བྱ་བ་དང་བསད་པར་ནུས་སོ། །གང་ཞིག་བཟོད་ལྡན་ཁྲོ་ཐུལ་བ། །ཚངས་པར་སྤྱོད་ཅིང་དབང་པོ་ཐུལ། །གཙང་ཞིང་སྤྱོད་པ་གཙང་བ་དང་། །བྱང་ཆུབ་ཏུ་ནི་ངེས་
བྱས་དང་། །རིག་པ་མཆོག་གི་དེ་ཉིད་རྟོགས། །ཆོ་གའི་ལྷ་རྣམས་མཆོད་བྱེད་པ། །དེ་འདྲར་སྤྱོད་པ་མཁས་པ་ཡིས། །གསང་བ་པ་རྣམས་གཞིག་པར་བྱ། །གདོན་ཐམས་ཅད་ཀྱི་ངོ་ལོན་རྫོགས་སོ།། །།དེ་ནས་སའི་ལྷ་མོས་ལག་ན་རྡོ་རྗེའི་ཞབས་གཉིས་
ལ་གཏུགས་ནས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཆོ་ག་རྒྱས་པ་ལེགས་པར་གསུངས་སོ། །བདག་གིས་ཀྱང་རིག་སྔགས་འཆང་རྣམས་ཀྱི་དོན་གྱི་ཕྱིར་བཅོམ་ལྡན་འདས་རིག་སྔགས་འཆང་གིས་རིག་སྔགས་ནི་ཇི་ལྟར་བསྒྲུབ་པར་བགྱི། ཇི་ལྟར་ནི་
འཇུག་པར་བགྱི། ནོར་བསྒྲུབ་པའི་ལས་ཀྱི་དུས་ནི་གང་། དྲག་ཤུལ་བྱ་བའམ། ཞི་བའམ། རྒྱས་པའི་ལས་ཀྱི་དུས་ནི་གང་། རིག་སྔགས་ནི་གང་དུ་བསྒྲུབ་པར་བགྱི། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་སའི་ལྷ་མོ་ལ་འདི་སྐད་ཅེས་སྨྲས་སོ། །སའི་ལྷ་མོ་ཁྱོད་
སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་ཏེ། ང་ལ་དྲིས་པ་གང་ཡིན་པ་དེ་ལེགས་སོ་ལེགས་སོ། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ལྷ་མོ་ཁྱོད་ལ་བཤད་པར་བྱ་སྟེ། རིག་སྔགས་འཆང་རིག་སྔགས་བསྒྲུབ་པ་ཟླ་བ་ཕྱེད་དམ། ཞག་ཉི་ཤུའི་བར་དུ་རིག་སྔགས་བསྟེན་
པར་བྱ་སྟེ། དེ་ཡང་དོར་བར་བྱའོ། །གསུམ་པ་ནི་རོ་སྨད་དཀྲིས་ནས་ལྷའི་ཐད་དུ་འགྲོ་བར་བྱའོ། །རིག་སྔགས་འཆང་རིག་སྔགས་གང་དེ་ཉིད་ཀྱིས་ཆུ་ལ་སྔགས་ཏེ་ཁྲུས་བྱ་ཞིང་། ཁྲུས་བྱེད་པའི་ཚེ་སུ་ལ་ཡང་སྨྲ་བར་མི་བྱ་སྟེ། རིག་སྔགས་ལ་ཕྱག་བྱས་ནས་ཁྲུས་བྱའོ། །

རིག་སྔགས་བསྒྲུབ་པ་ན་སྐྱིལ་མོ་ཀྲུང་བརྟན་པོར་འདུག་པར་བྱ་སྟེ། རྒྱས་པའམ་རིག་སྔགས་བསྒྲུབ་པ་ལ་ནི་སྐྱིལ་མོ་ཀྲུང་གིས་འདུག་པར་བྱའོ། །དྲག་ཤུལ་ལ་ནི་རྐང་པས་རྐང་པ་མནན་ཏེ་འདུག་པར་བྱའོ། །རྒྱས་པའི་ལས་དང་ནོར་བསྒྲུབ་པ་དང་། བསྒྲུབ་པ་ཆེན་
པོ་རྣམས་ལ་ནི་ནང་པར་ལས་བྱ་སྟེ། དེའི་ཚེ་ལྷ་ཐམས་ཅད་མངོན་དུ་ཕྱོགས་པར་འགྱུར་བས་ན་དེའི་ཕྱིར་ལས་འགྲུབ་པར་འགྱུར་རོ། །དྲག་ཤུལ་གྱི་ལས་རྣམས་ལ་ནི་ཉི་མ་གུང་ངམ་ནམ་ཕྱེད་ན་ལས་བྱ་སྟེ། དེའི་ཚེ་ཡི་དགས་ཐམས་ཅད་མངོན་དུ་ཕྱོགས་པར་འགྱུར་བས་ན་དེ་ཕྱིར་
དེ་དག་མ་རུང་བར་བྱེད་པ་ལ་འཇུག་པར་འགྱུར་རོ། །ཞི་བ་དང་རིག་སྔགས་བསྒྲུབ་པ་ནི་སྲོད་ཀྱི་དུས་སུ་བྱ་སྟེ། དེའི་ཚེ་གནས་གཙང་མའི་རིགས་ཀྱི་ལྷ་རྣམས་རིག་སྔགས་འཆང་ལ་ལྟ་བར་བྱེད་པས་ན་དེའི་ཕྱིར་དེ་ལ་ཞི་བ་འགྲུབ་པར་འགྱུར་རོ། །ནུབ་མོ་ཡང་ཆོ་ག་འདི་བཞིན་དུ་
ལས་བྱའོ། །ལྷ་མོ་གཞན་ཡང་བཤད་པར་བྱ་སྟེ། རིག་སྔགས་གང་གི་སྦྱིན་སྲེག་ནུབ་མོ་བྱ་བར་བཤད་པ་དེའི་སྦྱིན་སྲེག་ནི་ནུབ་མོ་བྱ་སྟེ། བཟླས་པ་ཉིད་ནི་ཉིན་མོ་བྱའོ། །ལྷ་མོ་གང་གི་སྦྱིན་སྲེག་ཉིན་པར་བྱ་བ་དེའི་བཟླས་བརྗོད་ནི་ནུབ་མོ་བྱའོ། །ལྷ་མོ་ཆོ་ག་དེས་ན་རིག་
སྔགས་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །དེ་ནས་སའི་ལྷ་མོ་དེ་མགུ་ཞིང་རབ་ཏུ་དགའ་ནས། རིག་པ་མཆོག་གི་ཆོ་ག་རྒྱས་པ་མངོན་པར་འཕེལ་བར་བྱ་བའི་ཕྱིར་ལག་ན་རྡོ་རྗེའི་ཞབས་ལ་ཕྱག་བྱ་བའི་གསང་སྔགས་སྨྲས་པ། ན་མོ་བཛྲ་པཱ་ཎི་སྱ། །བལ་གུ་བལ་གུ་
ཧུ་ལུ་ཧུ་ལུ། ཏཾ་གི་ནི་སྭཱ་ཧཱ། །དེ་ནས་སའི་ལྷ་མོ་དེས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་རིག་སྔགས་ཀྱི་ལས་རྣམས་ཤོད་ཅིག་ཤོད་ཅིག །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་རིག་སྔགས་ཀྱི་ལས་རྣམས་བཤད་པ། རིག་སྔགས་བསྒྲུབ་པ་ན་རིག་
སྔགས་འཆང་གིས་ཟླ་བ་ཕྱེད་ཀྱི་བར་དུ་ཟས་སུ་འོ་མ་དང་འདག་གུ་ཟ་ཞིང་རིག་སྔགས་བཟླས་བརྗོད་བྱའོ། །དེ་ནས་ཡར་གྱི་ངོ་ཚེས་བརྒྱད་ལ་ཙནྡན་དཀར་པོ་ལས་སའི་ལྷ་མོའི་གཟུགས་བྱས་ལ། ཙནྡན་དམར་པོ་ལས་ལག་ན་རྡོ་རྗེའི་གཟུགས་བྱས་ཏེ། དཀྱིལ་འཁོར་སྐྱོང་ནུལ་གྱིས་

བྱུགས་ནས་དཀྱིལ་འཁོར་གྱི་དབུས་སུ་ལག་ན་རྡོ་རྗེའི་གཟུགས་བཞག་ལ། དབུས་དེར་སའི་ལྷ་མོ་ཡང་བཞག་སྟེ། ལག་ན་རྡོ་རྗེ་དང་སའི་ལྷ་མོ་ལ་མཆོད་པ་བྱས་ལ་ལྷ་བཤོས་རྒྱས་པར་ཕུལ་ནས་ལག་ན་རྡོ་རྗེའི་དྲུང་དུ་ནི་བ་དན་དམར་པོ་གཞག་གོ། །སའི་ལྷ་མོའི་དྲུང་དུ་ནི་བ་དན་དཀར་པོ་
གཞག་གོ། །ཕྱོགས་བཞིར་ཡང་གོས་དམར་པོ་གྱོན་པའི་མི་རྣམས་གཞག་གོ། །རིག་སྔགས་འཆང་གིས་ཀྱང་གོས་དམར་པོ་བགོས་ལ་ངེས་པར་གནས་པར་བྱ་སྟེ། རིག་སྔགས་བསྒྲུབ་པ་བྱའོ། །དེ་ནས་ཉི་མའི་འོད་ལས་བྱུང་བའི་མེས་བིལ་བའི་ཤིང་སྦྱར་ཏེ། བིལ་
བའི་མེ་ཏོག་ཞོ་དང་། སྦྲང་རྩི་དང་། མར་གྱི་ནང་དུ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་སའི་ལྷ་མོ་འགུལ་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་སའི་ལྷ་མོ་དེ་ལག་ན་རྡོ་རྗེའི་ཞབས་ཀྱི་དྲུང་དུ་གཞག་གོ། །དེ་ནས་རིག་སྔགས་འཆང་གིས་ལག་ན་རྡོ་རྗེ་ལ་
ཙནྡྲན་དམར་པོའི་མཆོད་ཡོན་ཕུལ་བ་ལ་ཙི་ར་ཀནྡ་ཀའི་ཕྱེ་མ་ཡུངས་མར་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིའོ། །དེ་ནས་ནམ་མཁའ་ལས་སའི་ལྷ་མོ་འགྲུབ་པོ་ཞེས་སྒྲ་འབྱུང་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་སའི་ལྷ་མོ་དེ་བླངས་ལ། བླངས་ནས་ཕྱེ་
མ་ཞིབ་མོར་བཏགས་ན་ཕྱེ་མས་གང་ལ་རེག་པ་དེ་ལས་གྲུབ་ནས་ས་ལ་གནས་པའི་རིག་སྔགས་འཆང་རིགས་སྔགས་འཆང་ཐམས་ཅད་མངོན་དུ་ཕྱོགས་པར་འགྱུར་ཞིང་། རིན་པོ་ཆེ་ཐམས་ཅད་དང་། སྨན་ཐམས་ཅད་མངོན་དུ་ཕྱོགས་པར་འགྱུར་རོ། །ས་ཡང་དེ་ལས་གནས་སྦྱིན་
པར་འགྱུར་ཞིང་། འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྱུར་ཏེ། ཚེ་ལོ་བདུན་སྟོང་ཐུབ་པར་འགྱུར་རོ། །ལས་ཐམས་ཅད་ལ་ལན་གསུམ་བཟླས་བརྗོད་བྱས་པའི་ཐལ་བས་བསྲུང་བར་བྱའོ། །བསྐྲད་པ་ནི་མར་གྱི་ངོ་ཞག་བཅུ་བཞི་ལ་ཟ་མ་གཅིག་པར་བྱ་སྟེ། ལམ་གྱི་སུམ་
མདོའམ། བཞི་མདོའམ། དུར་ཁྲོད་ཀྱི་ཐལ་བས་སའི་ལྷ་མོའི་གཟུགས་བྱས་ལ་དེའི་སྟེང་དུ་ཙནྡན་དམར་པོས་གཏོར་བར་བྱ་སྟེ། ཐལ་བར་བླངས་ལ་དུར་ཁྲོད་ཀྱི་ཤིང་གིས་མེ་སྦར་ལ་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཞག་གསུམ་གྱིས་འབྲོས་པར་འགྱུར་རོ། །གཟེར་ཐབས་

ཀྱིས་གདབ་པར་འདོད་ན། མར་གྱི་ངོ་ཞག་བརྒྱད་ལ་རྫ་མཁན་གྱི་འཇིམ་པ་ལ་གཟུགས་བྱས་ཏོ། །མདུང་རྩེ་གསུམ་པའམ། མ་ད་ནའི་ཚེར་མ་དབུས་ནས་བླངས་པའི་མ་ད་ནའི་ཚེར་མ་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་པས་བཙུགས་
ན་གང་དུ་བཙུགས་པ་དེར་གཟིར་བར་འགྱུར་ཏེ། ཕྱུང་ན་གཏོང་བར་འགྱུར་རོ། །ཐིག་ལེ་བསྒྲུབ་པར་འདོད་ན་ཞག་གསུམ་སྨྱུང་བར་བྱས་པས་མར་གྱི་ངོ་ཞག་བརྒྱད་དམ་ཞག་བཅུ་བཞི་ལ་ལམ་གྱི་བཞི་མདོའམ། དུར་ཁྲོད་དུ་བ་ལང་གི་ལྕི་བས་དཀྱིལ་འཁོར་སྐྱོང་ནུལ་གྱིས་བྱུགས་ཏེ། ལྷ་བཤོས་
རྣམ་པ་སྣ་ཚོགས་ཕུལ་ནས་ཙནྡན་དམར་པོའི་ཆུས་དཀྱིལ་འཁོར་བསང་གཏོར་བྱས་ལ། དཀྱིལ་འཁོར་གྱི་དབུས་སུ་དུར་ཁྲོད་ཀྱི་ཐལ་བ་བཞག་སྟེ། རིག་སྔགས་འཆང་ཀུ་ཤའི་སྟན་ལ་འདུག་པས་ཐལ་བ་ལག་པས་མནན་ནས་ལྷ་མོའི་གཟུགས་སྣང་བར་འགྱུར་གྱི་བར་དུ་རིག་སྔགས་
བཟླས་བརྗོད་བྱའོ། །དེ་ནས་འགྲུབ་པར་འགྱུར་ཏེ། ལྷ་ཐམས་ཅད་ལ་ཕྱག་བྱས་ནས་སའི་ལྷ་མོ་སྤྱན་དྲངས་ན་དེར་འདུག་པར་འགྱུར་ཏེ། དེ་འདུག་པས་བགེགས་རྣམས་འབྱུང་བར་མི་འགྱུར་ཞིང་དངོས་གྲུབ་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ། །སའི་སྟེང་ན་སྡང་བར་སེམས་པ་གང་ཡིན་པ་
དེ་དག་གིས་ཀྱང་གླགས་མི་རྙེད་དོ། །ལྷ་ཐམས་ཅད་ཀྱང་མངོན་དུ་ཕྱོགས་པར་མི་འགྱུར་ཏེ། དེ་ནས་དངོས་གྲུབ་ཐོབ་པར་འགྱུར་རོ། །དགུན་ཟླ་ཐ་ཆུང་ས་ལ་ཟས་སུ་འོ་མ་དང་ཕྱེའི་ལྡེ་གུ་ཟ་ཞིང་ཤིང་ཨ་ཤོ་ཀའི་དྲུང་དུ་ལན་འབུམ་བཟླས་བརྗོད་བྱས་ཏེ། ཞག་གསུམ་སྨྱུང་བ་བྱས་པས་
ཡར་གྱི་ངོ་ཟླ་བ་ཉ་ལ་ཤིང་དེ་ཉིད་ཀྱི་དྲུང་དུ་ཨ་ཤོ་ཀའི་ཤིང་གིས་མེ་སྦར་ལ་གུ་གུལ་གྱི་རིལ་བུ་བརྒྱད་སྟོང་གིས་སྦྱིན་སྲེག་བྱས་ན་ཤིང་མི་སྣང་བར་གྱུར་ན་ལས་དེ་འགྲུབ་པ་ཡིན་ནོ། །དེ་ནས་ནམ་མཁའ་ལ་འཕགས་པར་འགྱུར་ཏེ། འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྱུར་ཞིང་ཚེ་ལོ་ལྔ་
སྟོང་ཐུབ་པར་འགྱུར་རོ། །ལྷ་བཤོས་ཀྱང་རྒྱས་པར་འབུལ་ལོ། །ལྷ་མོ་ཁྱོད་ཀྱི་རིག་སྔགས་ཀྱི་ལས་རྣམས་ངས་བཤད་ཟིན་ཏོ། །ངས་ཀྱང་ལྷ་མོ་ཁྱོད་ལ་དྲག་ཏུ་བསྐུལ་བའི་རིག་སྔགས་གང་བརྗོད་ན་ཁྱོད་ཀྱི་མདུན་དུ་གནས་པར་འགྱུར་བ་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། ཨོྃ་

སིདྡྷི་རྀ་ཥི་ནི་སྭཱ་ཧཱ། བསྒྲུབ་པའི་ཚེ་རིག་སྔགས་འདིས་མ་ད་ནའི་ཚེར་མ་ཁྲག་གི་ནང་དུ་སྨྱུགས་པ་བརྒྱད་སྟོང་གིས་སྦྱིན་སྲེག་བྱས་ན་བགེགས་ཐམས་ཅད་འབྱུང་བར་མི་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཙནྡན་དམར་པོས་
དཀྱིལ་འཁོར་བྱས་ནས་རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་སའི་ལྷ་མོ་འགྲུབ་པར་འགྱུར་ཏེ། །དེ་ཕྱིན་ཅད་ལས་ཐམས་ཅད་བྱེད་ནུས་པར་འགྱུར་རོ། །སའི་ལྷ་མོའི་ཆོ་ག་རྫོགས་སོ།། །།དེ་ནས་ལྷའི་དྲང་སྲོང་མེས་སའི་ལྷ་མོའི་ཚམ་བརླང་མཐོང་ནས་
ལག་ན་རྡོ་རྗེའི་ཐད་དུ་སོང་སྟེ་སྨྲས་པ། རྡོ་རྗེ་འཛིན་ཆེན་པོ་བདག་གིས་ཀྱང་རིག་སྔགས་འཆང་ཐམས་ཅད་གང་གིས་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་བའི་དངོས་གྲུབ་བསྟན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་སྟན་ལས་ལངས་ནས་ལྷའི་དྲང་
སྲོང་མེ་ལ་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཆེན་པོ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་གང་ཡིན་པ་ནི་ལེགས་སོ་ལེགས་སོ། །དྲང་སྲོང་ཆེན་པོ་ཁྱོད་ནི་ལྷ་ཐམས་ཅད་ཀྱི་ཞལ་ཡིན་ནོ། །དྲང་སྲོང་ཆེན་པོ་ཁྱོད་
ནི་ལྷ་ཐམས་ཅད་ཀྱི་རྗེ་ཡིན་གྱིས་དྲང་སྲོང་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་དངོས་གྲུབ་ཀྱི་རྒྱུ་ཤོད་ཅིག་ཤོད་ཅིག །དེ་ནས་ལྷའི་དྲང་སྲོང་མེ་ལག་ན་རྡོ་རྗེས་བསྟོད་པས་ཡིད་དགའ་བར་གྱུར་ནས་ལག་ན་རྡོ་རྗེ་སྟོབས་པོ་ཆེ་ལ་འདི་སྐད་ཅེས་སྨྲས་སོ། །གནོད་སྦྱིན་གྱི་བདག་པོ་བདག་འོང་བ་ནི་
དངོས་གྲུབ་འགྲུབ་པའི་རྒྱུར་འགྱུར་ཏེ། གང་གི་བདག་འོང་བར་འགྱུར་བའི་བདག་སྤྱན་དྲང་བའི་གསང་སྔགས་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་སྱ། །ཨོྃ་ཨགྣི་དེ་བ་ཏཱ་ཡ། དྷུ་པ་ཏ་ཡེ་ཛྭ་ལི་ནི་སྭཱ་ཧཱ། རིག་སྔགས་འདི་སྤྱན་དྲང་བའི་སྔགས་སོ། །ན་མོ་བཛྲ་པཱ་ཎི་སྱ། ན་མོ་ཨགྣ་
ཡེ། ཀུ་ཏི་ཀུ་ཏི། །ག་ཏི་ཡེ་གཙྪ་གཙྪ། ཤོ་ཥནྟི་ལ་ལི་པུ་ཏྲ་སྭཱ་ཧཱ། རིག་སྔགས་དེ་སླར་བཏང་བའི་སྔགས་སོ། །རིག་སྔགས་འཆང་གང་དག་བདག་ལ་ལྟ་བ་དེ་དག་གིས་ནི་དངོས་གྲུབ་ངེས་པར་ཐོབ་པར་འགྱུར་རོ། །བདག་འོང་བའི་མཚན་མ་ལྟ་བ་ནི་སྒྲུབ་པ་ཐམས་ཅད་ལ་ཡང་

བདག་མདུན་དུ་བཞག་ལ་པ་ལ་ཤའི་ཤིང་གིས་མེ་སྦར་ནས་འབྲས་ཡོས་མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱའོ། །དེ་ནས་མེའི་དབུས་སྔོ་བྲེ་ངེར་འདུག་པ་དང་། མཐའ་སྔོ་བ་དང་། མེའི་རྩེ་མོ་རྒྱས་པ་དང་། དྲུང་སྔོ་ཞིང་མགྱོགས་པ་ལས་བརྟག་སྟེ། དེ་ནས་
རྟགས་བཤད་པ་དེ་དག་གིས་འོང་བར་ཤེས་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་ལྷ་བཤོས་ཕུལ་ཏེ། མར་གྱི་སྲེག་བླུགས་བདུན་གྱིས་སྦྱིན་སྲེག་བྱའོ། །བདག་འདུག་པ་དང་བགེགས་ཐམས་ཅད་མི་འབྱུང་ཞིང་རིག་སྔགས་ཀྱང་འགྲུབ་པར་འགྱུར་རོ། །དེ་ནས་ལྷའི་དྲང་སྲོང་
མེས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རིག་སྔགས་ཀྱི་ལས་རྣམས་ཤོད་ཅིག་ཤོད་ཅིག །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཡིད་དགའ་བར་གྱུར་ནས་རིག་སྔགས་ཀྱི་ཚོགས་རྣམས་ལ་བལྟས་ཏེ། རིག་སྔགས་ཀྱི་ལས་རྣམས་བཤད་པ་ལས་ཐམས་
ཅད་ལ་ཡང་པ་ལ་ཤའི་ཤིང་གིས་མེ་སྦར་ལ། འབྲས་ཡོས་ཞོ་དང་། སྦྲང་རྩི་དང་། མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ལས་འགྲུབ་པར་འགྱུར་ཏེ། མེ་ཡང་དམ་པ་སྦྱིན་པར་བྱེད་ཅིང་གང་འབར་བ་སྣང་བ་དེར་བསྲུང་བར་འགྱུར་རོ། །ལྷ་དབབ་ན་བྱེའུ་རུག་པའི་ལོ་མའམ་ཆུས་
བྱའོ། །སྐྱེས་པ་དབང་དུ་བྱ་ན་ཡར་གྱི་ངོ་ཚེས་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། སྦྱིན་སྲེག་གི་གནས་སམ། ཁང་སྟོང་དབེན་པའི་ཕྱོགས་སུ་མེའི་སྦྱིན་སྲེག་བྱས་པའི་མེས་བིལ་བའི་ཤིང་གིས་མེ་སྦར་ཏེ། ཀུནྡའི་མེ་ཏོག་ཁ་མ་བྱེ་བ་མར་གྱི་ནང་དུ་སྨྱུགས་པ་སུམ་སྟོང་གིས་སྦྱིན་སྲེག་
བྱས་ན་སྐྱེས་པ་དབང་དུ་འགྱུར་རོ། །དེ་ནས་མེ་བསྒྲུབ་པར་འདོད་ན་ཞག་བདུན་གྱི་བར་དུ་ཟས་འོ་མ་དང་ཕྱེའི་ལྡེ་གུ་ཟ་ཞིང་རིག་སྔགས་བཟླས་བརྗོད་བྱས་ན་དེ་ནས་ཡར་གྱི་ངོ་ཚེས་བཅུ་གཉིས་ལ་ཞག་གཅིག་སྨྱུང་བར་བྱས་ཏེ། ཁང་སྟོང་དུ་སོང་ལ་ནང་དུ་ཞུགས་ནས་གཙང་མར་བྱས་ཏེ། ཕྱོགས་
བཞིར་གཏོར་མ་བྱིན་ལ་དཀྱིལ་འཁོར་གྱི་དབུས་སུ་ལག་ན་རྡོ་རྗེའི་གཟུགས་བཞག་ནས། དེའི་མདུན་དུ་མེའི་སྦྱིན་སྲེག་བྱས་པའི་མེས་བིལ་བའི་ཤིང་གིས་མེ་སྦར་ལ། དེ་ནས་མེ་ཏོག་དཀར་པོ་དང་། གུ་གུལ་གྱིས་བདུག་པས་མེ་ལྷ་སྤྱན་དྲང་ངོ་། །དེ་ནས་རིག་སྔགས་འཆང་གིས་

རྩྭ་དཱུར་བའི་སྟན་བྱས་ཏེ་རྩྭ་དཱུར་བའི་སྟན་ལ་འདུག་ལ། སྣ་མའི་ཡམ་སྲེག་ཤིང་ཞོ་དང་། སྦྲང་རྩི་དང་མར་གྱི་ནང་དུ་སྨྱུགས་པ་བརྒྱད་སྟོང་གིས་སྦྱིན་སྲེག་བྱའོ། །དེ་ནས་མེ་སྟག་གང་གིས་རྩྭ་རོལ་བར་བྱེད་ན་རིག་སྔགས་འཆང་གིས་རིག་པ་མཆོག་དྲན་པར་བྱ་ཞིང་རིག་པ་མཆོག་
ཉིད་ཀྱིས་སྲེག་བླུགས་ལན་བདུན་དུ་སྦྱིན་སྲེག་བྱས་ན་དེས་ཞི་བར་འགྱུར་རོ། །དེ་ནས་འོད་ཟེར་ཅིག་བྱུང་སྟེ། རིག་སྔགས་འཆང་ལ་གཡས་ཕྱོགས་ནས་བསྐོར་ནས་སླར་དེ་ཉིད་དུ་ཞུགས་ན་འགྲུབ་པར་འགྱུར་ཏེ། གྲུབ་ནས་ལག་སྟངས་ཙམ་བྱས་པས་ཀྱང་སྦྱིན་སྲེག་གི་ལས་ཐམས་ཅད་
འགྲུབ་པར་འགྱུར་རོ། །དེ་ནས་རིག་སྔགས་བསྒྲུབ་པར་འདོད་ན་མེའི་ཐབ་ཁུང་དེ་ཉིད་ནས་སོལ་བ་བླངས་ཏེ། ཆོ་ག་འདི་ཉིད་ཀྱིས་ལག་ན་རྡོ་རྗེའི་མདུན་དུ་བཟླས་བརྗོད་བྱས་ནས་དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་རོ། །དེ་ནས་མེ་འབྱུང་བར་འདོད་ན་མར་གྱི་ངོ་ཞག་གཅིག་སྨྱུང་བ་
བྱས་ཏེ། སྦྱིན་སྲེག་གི་གནས་སུ་སོང་ནས་ཨ་མྲ་ར་ཏེ་ཀའི་རུས་པས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་མེའི་ཁ་ནས་མེ་སྟག་འབྱུང་བར་འགྱུར་ཏེ། ཆེ་གེ་མོ་ཞིག་བསྲེག་ཅིང་ཡུལ་དེ་ཚིག་པར་གྱིས་ཤིག་ཅེས་ཡིད་ཀྱིས་བཟླས་ན་ཡིད་ལ་བསམས་མ་ཐག་ཏུ་ལས་ཐམས་ཅད་བྱེད་པར་འགྱུར་
རོ། །དགྲ་བསད་པར་འདོད་ན་མར་གྱི་ངོ་ཞག་བརྒྱད་དམ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། དུར་ཁྲོད་ཀྱི་ཤིང་བླངས་ནས། འབྱུང་པོའི་གཏེར་མ་ཡང་བྱིན་ལ་ཤིང་བླངས་པ་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ་ཆེ་གེ་མོ་ཞིག་ཆོམས་ཤིག་ཅེས་སྨྲས་ན་
རིམས་ཚ་བས་བཏབ་སྟེ་ཞག་བདུན་གྱིས་འཆི་བར་འགྱུར་རོ། །ནོར་འདོད་ན་རྟག་ཏུ་མར་དང་འབྲས་ཀྱི་སྦྱིན་སྲེག་བྱས་ན་ནོར་འཕེལ་བར་འགྱུར་རོ། །ལྷ་བསྒྲུབ་པར་འདོད་ན་གང་གི་ཉིན་མོ་ཡང་རུང་སྟེ། གློ་བུར་དུ་མེ་འབར་བ་མཐོང་ན་དེ་བླངས་ལ་མར་གྱི་ངོ་ཞག་བཅུ་བཞིའི་བར་དུ་བཞག་
སྟེ་དུས་གསུམ་དུ་ཁྲུས་བྱེད་ཅིང་ཞག་བདུན་དུ་བཟླས་བརྗོད་བྱའོ། །དེ་ནས་ཞག་གསུམ་སྨྱུང་བ་བྱས་ཏེ། མར་གྱི་ངོ་ཞག་བཅུ་བཞི་ལ་ལག་ན་རྡོ་རྗེའི་མདུན་དུ་ལྷ་བཤོས་རྣམ་པ་སྣ་ཚོགས་ཕུལ་ཏེ། ཀུ་ཤའི་སྟན་ལ་འདུག་ཅིང་མེ་དེ་ཉིད་ཀྱིས་ཤ་མེའི་ཤིང་གིས་མེ་སྦར་ནས་མེ་དེའི་ནང་

ནས་པདྨ་འདབ་མ་སྟོང་པ་དཔག་ཚད་བརྒྱད་དྲི་བསུང་གིས་ཁྱབ་པ་བྱུང་གི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་རིག་སྔགས་འཆང་གིས་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་བླངས་ན་དེ་བླངས་མ་ཐག་ཏུ་མཐུ་སྟོབས་ཆེ་ཞིང་ཉི་མ་ཤར་བའི་མདོག་དང་ལྡན་ལ། དཔག་ཚད་བརྒྱད་
དྲི་བསུང་གིས་ཁྱབ་པ་དང་། གཞན་གྱིས་མི་ཚུགས་པའི་འདོད་པའི་ལོངས་སྤྱོད་དང་ལྡན་ལ་སྲེག་པའི་རང་བཞིན་ཅན་འདོད་དགུར་སྒྱུར་བའི་གཟུགས་དང་ལྡན་པ་དང་བསྐལ་པར་གནས་པར་འགྱུར་རོ། །ལྷ་རྣམས་དྲང་སྲོང་ཆེན་པོའི་ལས་རྣམས་ངས་བཤད་ཟིན་ཏོ། །དེ་ལ་དྲག་ཏུ་བསྐུལ་
བའི་གསང་སྔགས་ཀྱང་བཤད་པར་བྱ་སྟེ། ན་མོ་བཛྲ་པཱ་ཎི་སྱ། ཧུ་ཏཱ་ཤ་ཎ། ཨི་ཧ་ཨཱ་གཙྪ། པྲ་ཏི་གྲྀཧྞ་ཨི་མ་མཱ་ཧཱུ་ཏ་ནི། པྲ་ཏི་བུདྡྷ། མ་ཧཱ་བྷ་ག །ཛྱེཥྛ་སྟྭཾ། པྲ་པཱུ་ར་བ་བྷ་ཡ། ཨ་ཧཱ་དུཥྚ་གྲ་ཧ་སརྦ་བུ་ན་ར། ཨཱ་བརྟི་ཏཤྩ་ཡེ། ནི་རུན་ཏི་ནི་རུན་ཏི། བཛྲ་པཱ་ཎི་སྟྭཾ། དེ་བ་དེ་བ་
ན་མཿསྭཱ་ཧཱ། བསྒྲུབ་པ་ཐམས་ཅད་ལ་རིག་སྔགས་འདིས་མར་དང་། འབྲས་ཡོས་ཀྱིས་སྲེག་བླུགས་ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་དེས་ཐམས་ཅད་བྱེད་ནུས་པར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བར་བྱས་ཏེ་མཆོད་པ་
བྱ་ཞིང་ལྷ་བཤོས་ཀྱང་ལྷག་པར་ཕུལ་ལ་དེ་ནས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་མེས་དམ་པ་སྦྱིན་པར་འགྱུར་རོ། །མེའི་ཆོ་ག་རྫོགས་སོ།། །།དེ་ནས་ལྷ་མོ་ཚིག་ལྡན་མས་རབ་ཏུ་རོལ་པ་མཐོང་ནས་ལག་ན་རྡོ་རྗེའི་གཡས་ཕྱོགས་ནས་བསྐོར་བ་བྱས་ཏེ། དྲི་ཟའི་འཁོར་
གྱིས་བསྐོར་ནས་འཁོར་དེ་ཉིད་ཀྱི་ནང་དུ་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ལག་ན་རྡོ་རྗེ་བདག་ནི་ལྷ་ཐམས་ཅད་དང་། རིག་སྔགས་འཆང་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དང་། སྒྲུབ་པར་བྱེད་པ་དང་།
རབ་ཏུ་སྟོན་པར་བྱེད་པ་ཡིན་ནོ། །སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི་རྒྱགས་པས་མྱོས་པ་སྟེ། བདག་མེད་དུ་ཟིན་ན་དེ་དག་མ་རུང་བར་འགྱུར་རོ། །དེ་བས་ན་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་རིག་པ་མཆོག་གི་ཆོ་ག་རྒྱས་པའི་དངོས་གྲུབ་སྦྱིན་པར་བྱ་སྟེ།

བཅོམ་ལྡན་འདས་བདག་གི་གསང་སྔགས་འཆང་བ་གང་ཡིན་པ་དེ་དག་ལ་ནི་བདག་རྟག་ཏུ་འགྲུབ་ཅིང་དེའི་མདུན་དུ་རྟག་ཏུ་རབ་ཏུ་དགའ་བའི་སེམས་ཀྱིས་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་ལྷ་མོ་ཆིག་ལྡན་མ་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ་ལེགས་སོ། །
ལྷ་མོ་ཚིག་ལྡན་མ་ལེགས་སོ། །ལྷ་མོ་འཇིག་རྟེན་གྱི་མ་ཁྱོད་ངས་ཤེས་ཏེ་མཆོག་ཏུ་གྱུར་པ་དང་། སྒྲུབ་པར་བྱེད་པ་དང་། དངོས་གྲུབ་སྦྱིན་པ་ཡིན་ནོ། །ལྷ་མོ་འཇིག་རྟེན་གྱི་མ་ཁྱོད་ལེགས་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆོ་ག་ཆེན་པོའི་གསང་སྔགས་ཤོད་ཅིག་ཤོད་ཅིག །དེ་ནས་
ལྷ་མོ་ཚིག་ལྡན་མ་དེ་ལག་ན་རྡོ་རྗེས་བསྟོད་པས་དགའ་ཞིང་མགུ་ལ་ཡིད་རབ་ཏུ་དགའ་ནས་རིག་སྔགས་ཀྱི་ཚོགས་ལ་ཡང་བལྟས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་ཡང་བལྟས་ཏེ། ཕྱག་འཚལ་ནས་རིག་སྔགས་བཤད་པ། ན་མོ་བཛྲ་པཱ་ཎི་སྱ། ན་མཿས་
ར་སྭ་ཏྱཻ། ལོ་ཀ་ཏཱ་ཡ། ལོ་ཀ་ཨུཾ་མི་ལི་ཀ་ལ། དཱ་མ་ཡནྟི་ཀཱ་ཡ། ཙཎྜི་ཀཱ་ཡ། ས་ཀཱ་ཡ། བ་དྱཱི་ཡ། དི་བྱ་རཱུ་པཱ་ཡ། དེ་བྱ་སྭཱ་ཧཱ། ནུ་མ་དཱ་ཡ་སྭཱ་ཧཱ། ཀུ་རུ་ཀུ་རུ། ཀརྨི་ཀཱ་ཡ། མརྡ་ནཱི་ཡ། ལོ་ཀ་དཱ་ཡི་ཀཱ་ཡ། སར་སྭ་ཏྱཻ་སྭཱ་ཧཱ། དེ་ནས་ལྷ་མོ་ཚིག་ལྡན་མ་ཡིད་
རབ་ཏུ་དགའ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རིག་པ་མཆོག་འདིའི་ལས་རྣམས་ཤོད་ཅིག་ཤོད་ཅིག །དེ་ནས་བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་གཟི་བརྗིད་དྲག་པོས་འཇིག་རྟེན་གྱི་མ་ཚིག་
ལྡན་མའི་ལས་ཐམས་ཅད་བཤད་པ། རས་མ་ཉམས་པ་ལ་རི་མོ་མཁན་གསོ་སྦྱོང་དང་ལྡན་པས་འཕགས་པ་ལག་ན་རྡོ་རྗེའི་གཟུགས་འདྲིར་བཅུག་སྟེ། དེའི་གཡས་ལོགས་སུ་འཇིག་རྟེན་གྱི་མ་ཚིག་ལྡན་མདོག་སྔོ་བསངས་ལ་ལག་ན་བི་བང་ཐོགས་ཤིང་གླུ་ལེན་ཏེ། བྱང་ཆུབ་སེམས་དཔའ་
ལག་ན་རྡོ་རྗེ་ལ་བསྟོད་ཅིང་འདུག་པའི་ཚུལ་དུ་འདྲིར་གཞུག་གོ། །ལྷ་བཤོས་ཀྱང་རྒྱས་པར་འབུལ་ལོ། །དེ་ནས་རིག་སྔགས་འཆང་ཞག་གསུམ་སྨྱུང་བར་བྱས་པས་ཡར་གྱི་ངོ་ཚེས་ལྔ་ལ་སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་རྒྱས་པར་བྱས་ཏེ་ཀུ་ཤའི་སྟན་ལ་འདུག་ཅིང་ལྷ་ལ་མཆོད་པར་བྱའོ། །

ལྷ་བཤོས་ཀྱང་རྒྱས་པར་དབུལ་ལོ། །དེ་ནས་རིག་སྔགས་འཆང་གིས་ཙནྡན་དཀར་པོས་མེ་སྦར་ལ། ཨ་ག་རུའི་ཡམ་སྲེག་ཤིང་བརྒྱད་སྟོང་གིས་སྦྱིན་སྲེག་བྱས་ན་དངོས་གྲུབ་ཀྱི་མཆོག་མཚན་མར་མེ་ཏོག་གི་ཕྲེང་བ་འགུལ་བར་འགྱུར་རོ། །གྲུབ་ནས་ཀྱང་ཚིག་གྲུབ་
པ་དང་། རིག་སྔགས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་ཏེ། ལས་རྣམ་པ་སྣ་ཚོགས་སྟོང་ཡང་བྱེད་ནུས་པར་འགྱུར་རོ། །འཇིག་རྟེན་གྱི་མ་རྣམས་དབབ་ན་ཡང་ལན་བདུན་བཟླས་བརྗོད་བྱས་པའི་བྱེའུ་རུག་པའི་ལོ་མའམ་ཐལ་བས་བྱའོ། །བསྲུང་བ་ནི་ལན་གསུམ་དུ་བཟླས་བརྗོད་བྱས་པའི་
སྐུད་པས་བྱའོ། །མཚམས་བཅད་པ་ནི་ཆུའམ་ཡིད་ཀྱིས་བྱའོ། །སྦྲུལ་གསོད་ན་ལན་ཚྭ་དང་སྐེ་ཚེས་སྦྱིན་སྲེག་བྱའོ། །ཕྱིར་གསོ་བ་ནི་ཡིད་ཀྱིས་བྱའོ། །དུག་ལས་གསོ་བ་ནི་ཡལ་གས་བྱའོ། །མོ་མཚན་འཛག་པར་བྱ་ན་སྲེད་མེད་ཀྱི་བུའི་ཆུང་མ་ལ་ཕུལ་བའི་རས་བལ་གྱི་འདབ་མ་རྒྱ་
སྐྱེགས་ཀྱི་ཁུ་བས་ཁ་དོག་བསྒྱུར་བ་ལས་གཟུགས་བྱ་སྟེ། མིའི་རུས་པའི་ཕུར་བུ་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་པས་མོ་མཚན་དུ་བཙུགས་ན་ཁྲག་འཛག་པར་འགྱུར་ཏེ། ཕྱུང་ན་གཏོང་བར་འགྱུར་རོ། །གྲོང་ཁྱེར་བཤིག་པར་བྱ་ན་བེ་ཀངྐ་ཏའི་ཕུར་བུ་མིའི་མཁྲིས་པས་བགོས་ཏེ་དུག་དང་
ཁྲག་གི་ནང་དུ་སྨྱུགས་པ་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ། སྒོའི་ཐེམ་པ་ལ་བཙུགས་ན་ཞག་གསུམ་གྱི་གྲོང་ཁྱེར་བ་རྣམས་འབྲོས་པར་འགྱུར་རོ། །ཕུར་བུ་ཕྱུང་སྟེ་མར་དང་སྦྲང་རྩི་བསྐུས་ན་དེས་ཞི་བར་འགྱུར་རོ། །ཕྱིར་ཡང་སྔ་མ་ཁོ་ན་བཞིན་དུ་གནས་པར་འགྱུར་རོ། །ཆང་མ་
རུང་བར་བྱ་འདོད་ན་ཀ་ལ་ཧ་ཀ་རི་ཀ་བླངས་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་ཁྱིམ་དུ་བཙུགས་ན་ཆང་མ་རུང་བར་འགྱུར་རོ། །དེ་ནས་ལྡོང་རོས་བསྒྲུབ་པར་འདོད་ན་རྒྱུ་སྐར་རྒྱལ་ལ་བབ་པའི་ཚེ་ལྡོང་རོས་ཚོང་པའི་ཁ་ཐབས་བཞིན་དུ་ཉོས་ལ་ཕག་གི་མཁྲིས་པས་བགོས་ཏེ་ཕྱུང་ནས་ལག་ན་རྡོ་རྗེའི་
ཞབས་ཀྱི་དྲུང་དུ་བཞག་ལ། དེ་ནས་ཟས་སུ་འོ་མ་དང་ཕྱེའི་ལྡེ་གུ་ཟ་ཞིང་ཞག་བཅུ་བདུན་གྱི་བར་དུ་དུས་གསུམ་དུ་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ནས་མར་གྱི་ངོ་ཞག་བརྒྱད་ལ་ཁ་ཟས་མི་བཟའ་བར་ལྡོང་རོས་ལག་པ་གཡོན་པས་བཟུང་སྟེ། ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་འགྲུབ་པར་

འགྱུར་ཏེ། ཐིག་ལེ་བྱས་ན་ལུས་མི་སྣང་བར་འགྱུར་ཞིང་སྒྱུ་འཕྲུལ་ཐམས་ཅད་བྱེད་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྱུར་ཏེ། ཚེ་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །དེ་ནས་ལྷ་མོ་ཚིག་ལྡན་མ་མཐོང་བར་འདོད་ན་ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་ཟ་ཞིང་དགོན་
པར་རིག་སྔགས་བཟླས་བརྗོད་བྱས་ལ་ཞག་གསུམ་སྨྱུང་བ་བྱས་པས་ཟླ་བ་ཉ་ལ་ཤིང་སཱ་ལའི་དྲུང་དུ་ཅི་འབྱོར་པས་མཆོད་པ་བྱ་ཞིང་། ལྷ་བཤོས་ཀྱང་པུ་ལ་ནས་རིག་སྔགས་བཟླས་བརྗོད་བྱའོ། །དེ་ནས་ནམ་ཕྱེད་ཀྱི་དུས་སུ་གཅིག་པུ་རང་འོང་བར་འགྱུར་ཏེ། དེ་ལ་མེ་ཏོག་དཀར་པོ་དང་
ལྡན་པའི་མཆོད་ཡོན་ཕུལ་ཞིང་བཅོམ་ལྡན་འདས་མ་བྱོན་པ་ལེགས་སོ་ལེགས་སོ་ཞེས་སྨྲོས་ཤིག །དེ་ནས་ལྷ་མོ་དེ་དགོད་པ་དང་། རིག་སྔགས་འཆང་གིས་དེ་ལ་འཇིགས་པར་མི་བྱ་བར་རིག་པ་མཆོག་དྲན་པར་བྱའོ། །དེ་ནས་ལྷ་མོ་དེ་ན་རེ་བུ་ཁྱོད་ལ་དམ་པ་ཅི་ཞིག་སྦྱིན་ཟེར་བ་དང་། དམ་
པ་གང་འདོད་པ་དེ་བླང་བར་བྱ་སྟེ། རྒྱལ་རིགས་དང་། རིག་སྔགས་འཆང་དང་། ལུས་མི་སྣང་བ་དང་། གཏེར་མཐོང་བ་དང་། རིན་པོ་ཆེ་མཐོང་བ་དང་། རྒྱ་མཚོ་ཆེན་པོ་མཐོང་བ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་དང་། ཡིད་གཞུངས་པ་དང་། འདི་རྣམས་ལས་
གཅིག་བླང་བར་བྱ་ཞིང་སྔ་ནས་བསམས་ཏེ་ལས་བསྒྲུབ་པར་བྱའོ། །གང་ཡིད་ལ་བསམས་ཏེ་ལས་སྒྲུབ་པ་དེ་ཉིད་དེ་ལ་བླང་བར་བྱའོ། །དེ་ལྟར་མ་བྱས་ན་མ་རུང་བར་འགྱུར་རོ། །དེ་ལ་རྒྱལ་སྲིད་གྲུབ་པ་ནི་དགྲ་མེད་པར་འགྱུར་རོ། །རིག་སྔགས་འཆང་དུ་གྲུབ་པ་ནི་གཞན་གྱིས་མི་ཚུགས་
པའི་གནས་ཐོབ་ཅིང་ཉི་མ་ཤར་བའི་མདོག་དང་ལྡན་ལ། རིག་སྔགས་འཆང་གི་རྒྱལ་པོ་དཔག་ཚད་བརྒྱད་དྲི་བསུང་གིས་ཁྱབ་པ་ཞེས་བྱ་བར་འགྱུར་ཏེ། ཡིད་ལ་ཅི་བསམས་པ་དེ་ཐམས་ཅད་འགྲུབ་པར་འགྱུར་རོ། །ལུས་མི་སྣང་ན་ནི་བསམས་པ་ཙམ་གྱིས་འདོད་དགུར་སྒྱུར་བའི་
གཟུགས་ཅན་དུ་འགྱུར་ཞིང་ཚེ་ལོ་དགུ་སྟོང་ཐུབ་པར་འགྱུར་རོ། །གཏེར་མཐོང་བ་གྲུབ་པ་ནི་གཏེར་མི་ཟད་པར་འགྱུར་རོ། །རིན་པོ་ཆེ་མཐོང་བ་གྲུབ་ནི་ནི་ཡིད་ལ་ཅི་བསམས་པ་དེ་ཐམས་ཅད་འགྲུབ་པར་འགྱུར་ཞིང་མགོ་བོ་ལ་གཙུག་གི་ནོར་བུར་འགྱུར་ཏེ། གཙུག་གི་ནོར་བུ་མཐོང་བ་

གང་ཡིན་པ་དེ་དག་ཀྱང་ནད་མེད་ཅིང་ཚེ་ལོ་ཉིས་སྟོང་ཐུབ་པར་འགྱུར་རོ། །རིག་སྔགས་འཆང་ཉིད་ནི་ཚེ་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །རྒྱ་མཚོ་ཆེན་པོ་མཐོང་བ་གྲུབ་ན་ནི་ཇི་ལྟར་འདོད་པ་བཞིན་དུ་དེ་ཉིད་དུ་གནས་པར་འགྱུར་རོ། །མི་འདོད་ན་ཡང་རིན་པོ་ཆེ་རྣམས་ལེན་ནུས་
པར་འགྱུར་རོ། །ཡང་ན་ལྷ་མ་ཡིན་གྱི་བུ་མོ་དང་ལྷན་ཅིག་ཏུ་གནས་ཤིང་ལྷ་མ་ཡིན་རྣམས་ཀྱི་ལོངས་སྤྱོད་ལ་ལོངས་སྤྱོད་པར་འགྱུར་རོ། །འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་འགྲུབ་ན་ནི་ཡིད་ཀྱིས་ཇི་ལྟར་འདོད་པ་དེ་ཐམས་ཅད་དུ་འགྱུར་རོ། །ཡིད་གཞུགས་པ་གྲུབ་ན་ནི་ཐོས་པ་
འཛིན་པར་འགྱུར་ཏེ། གང་ཅི་ཐོས་པ་དེ་ཐམས་ཅད་འཛིན་ནུས་པར་འགྱུར་རོ། །དེ་ནས་ཚིག་འགྲུབ་པ་བསྒྲུབ་པ་འདོད་ན་མར་གྱི་ངོ་ཞག་བརྒྱད་ལ་ཕ་བོང་གཅིག་པུ་གནས་པར་སོང་ལ། མཚན་ཐམས་ཅད་རྫོགས་པར་མཐོང་བ་དང་མཆོད་པ་རྒྱས་པར་བྱ་ཞིང་། །ལྷ་བཤོས་རྒྱས་
པར་ཕུལ་ནས་དེའི་སྟ་ཟུར་ཕྱོགས་སུ་མར་དང་སྦྲང་རྩི་བྱུགས་ལ། རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ་ལྕེས་དྲུད་པར་བྱའོ། །དེ་ནས་བུད་མེད་ལ་རེག་པའི་ཉམས་འདྲ་བར་གྱུར་ནས་ལས་གྲུབ་པར་ཤེས་པར་བྱ་སྟེ། དེ་ཕྱིན་ཅད་ཐོས་པ་འཛིན་པར་འགྱུར་ཞིང་། སུ་དང་
གཏམ་བྱས་པ་དེ་དབང་དུ་འགྱུར་བ་དང་། ཡིད་ལ་ཅི་བསམས་པ་དེ་དེ་བཞིན་དུ་འགྱུར་བ་དང་། གླུ་མཆོག་ཏུ་སྙན་པ་ལེན་པར་འགྱུར་བ་དང་། དུག་ཀྱང་ཟ་ནུས་པར་འགྱུར་རོ། །རིག་པ་མཆོག་སྒྲུབ་པའི་རིག་སྔགས་འཆང་གིས་ཚུལ་བསྔགས་ཏེ་གདོང་བཀྲུས་ལ་ཉེ་རེག་བྱས་ན་དེས་
རིག་སྔགས་ཀྱི་ལྷ་ཐམས་ཅད་དྲན་མ་ཐག་ཏུ་འོང་བར་འགྱུར་རོ། །སྒྲུབ་པའི་ཚེ་ཡང་ཚིག་ལྡན་མ་སྤྱན་དྲང་བར་བྱ་སྟེ། མ་དང་ཡནྟི་ཀའི་ཤིང་གིས་མེ་སྦར་ལ་ཤི་ཀྲུའི་མེ་ཏོག་གི་སྲེག་བླུགས་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་གནས་གར་བཏབ་པ་དེར་གནས་པར་འགྱུར་རོ། །དེ་འོངས་པས་རིག་
སྔགས་འཆང་གི་སྔོན་གྱི་བསོད་ནམས་མ་ཡིན་པ་རྣམས་བྱེད་པར་འགྱུར་རོ། །མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཙནྡན་དམར་པོས་དཀྱིལ་འཁོར་བྱས་ནས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་དེས་ཆོ་ག་རྒྱས་པའི་ལྷ་ཐམས་ཅད་དམ་པ་སྦྱིན་པར་བྱེད་

དོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་འཇིག་རྟེན་གྱི་མའི་ལས་རྣམས་ངས་བཤད་ཟིན་ཏོ། །ངས་ཀྱང་དྲན་པར་བྱེད་དུ་གཞུག་པ་དང་། དམ་ཚིག་འཛིན་དུ་གཞུག་པའི་གསང་སྔགས་བཤད་པར་བྱའོ། །ན་མོ་བཛྲ་པཱ་ཎི་
སྱ། ན་མཿས་ར་སྭ་ཏྱཻ། ཨོྃ་ས་ར་སྭ་ཏྱཻ་སྭཱ་ཧཱ། ལྷ་རྣམས་རིག་སྔགས་འདིའི་ལས་རྣམས་ཀྱང་འབྱུང་སྟེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། རིག་སྔགས་འདིས་འོད་མའི་ཤིང་གིས་མེ་སྦར་ལ། ཡུངས་ཀར་ཞོ་དང་།
སྦྲང་རྩི་དང་མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཚིག་ལྡན་མ་འགྲུབ་པར་འགྱུར་ཏེ། ལས་ཀྱི་མཆོག་སྟོང་བྱེད་ནུས་པར་འགྱུར་རོ། །སྒྲུབ་པའི་ཚེ་ཡང་མདུན་དུ་གུ་གུལ་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ལྷ་མོ་ཡོངས་སུ་གཟིར་ཅིང་ཚིག་བཞིན་དུ་མྱུར་དུ་འོང་བར་འགྱུར་ཏེ་སྡིག་
པའི་ལས་བྱེད་པར་མི་བྱའོ། །ཚིག་ལྡན་མའི་ཆོ་ག་རྫོགས་སོ།། །།དེ་ནས་རྫོང་རིའི་ལྷ་མོས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེའི་གཟུགས་སུ་སྤྲུལ་ནས་ནམ་མཁའི་དཀྱིལ་འཁོར་ན་རྩེ་ཞིང་གར་བྱེད་དེ་རབ་ཏུ་འཇོམས་པའི་ཚོགས་ཀྱིས་བསྐོར་ལ་ལྷ་མོ་རྫོང་གི་འཕགས་པ་མ་རྔ་འབུམ་རྡུང་
ཞིང་གར་བྱེད་དེ་ལྷ་མོ་རྩེ་ཞིང་ང་ནི་ལག་ན་རྡོ་རྗེ་ཡིན་ནོ། །ང་ནི་ལག་ན་རྡོ་རྗེ་ཡིན་ནོ། །ཞེས་སྐད་ཆེན་པོས་སྨྲ་ཞིང་གར་བྱེད་དེ། ལྷ་མོ་རྫོང་གི་འཕགས་མ་ཆ་ལུགས་མི་བཟད་ཅིང་སྟོབས་དང་ཕ་རོལ་གནོན་པ། གཞན་གྱིས་མི་ཚུགས་པའི་ལྷ་མོ་རབ་ཏུ་འཇོམས་མའི་ཚོགས་
ཀྱིས་བསྐོར་ཏེ་རྩེ་བར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་མིག་ཡིད་ཙམ་བཏེག་སྟེ་བལྟས་ནས་བགད་དོ། །དེ་ནས་ལྷ་མོ་རྫོང་གི་འཕགས་མ་ཆ་ལུགས་མི་བཟད་ཅིང་སྟོབས་དང་ཕ་རོལ་གནོན་པ་གཞན་གྱིས་མི་ཚུགས་པའི་ལྷ་མོ་རབ་ཏུ་འཇོམས་པའི་ཚོགས་ཀྱིས་
བསྐོར་བ་དེ་སའི་སྟེང་དུ་ལྷུང་ངོ་དེ་ནས་ལྷ་མོ་དེས་ལག་ན་རྡོ་རྗེའི་རྐང་པ་གཉིས་ལ་གཏུགས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་བརྩོན་འགྲུས་དང་ཕ་རོལ་གནོན་པ་ཆེན་པོ་ཁྱོད་ཀྱི་བདག་སའི་སྟེང་དུ་ལྟུང་བར་བྱེད་ནུས་ཀྱི་ལྷར་བཅས་

པའི་འཇིག་རྟེན་དང་། བདུད་དུ་བཅས་པ་དང་། ཚངས་པར་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ནང་ན་བདག་ལ་བལྟ་ནུས་པ་ཡང་གཞན་སུ་ཞིག་ཡོད་ན་ལྟུ