Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 095_རྒྱུད་འབུམ།_ཛ
Văn bản gốc(Tây Tạng)
Trang 11 / 19 (50.000 ký tự/trang)
ཱིའི་ཕྱག་རྒྱ་བྲི་བར་བྱའོ། །གང་དུ་བཅོམ་ལྡན་འདས་མཱ་མ་ཀཱིའི་དྲག་ཏུ་བསྐུལ་བའི་མཆོག་ སྤངས་པ་དེར་ནི་ལག་ན་རྡོ་རྗེས་བཤད་པ་བཞིན་དུ་དངོས་གྲུབ་མེད་དོ། །མཱ་མ་ཀཱི་བསྟན་པས་ནི་གདོན་རྣམས་ལ་རྒྱས་འདེབས་པར་འགྱུར་ཏེ། སྨྲས་པས་ལས་ཐམས་ཅད་བྱེད་དོ། །བཅོམ་ལྡན་འདས་གང་ལག་ན་རྡོ་རྗེ་གང་དུ་སྤྱན་དྲང་བ་དེར་ནི་མཱ་མ་ཀཱིའི་ཕྱག་རྒྱ་གཞག་པར་བྱ་སྟེ། གང་ ན་མཱ་མ་ཀཱི་གནས་པ་དེ་ན་ང་གནས་སོ། །གང་ན་ཕྱག་རྒྱའི་ཚོགས་གནས་པ་དེ་ན་ང་རིག་སྔགས་ཀྱི་རྒྱལ་པོ་དང་ལྷན་ཅིག་ཏུ་རིག་སྔགས་ཐམས་ཅད་དང་ལྡན་པ་དང་། ཕོ་ཉ་མའི་ཚོགས་ཀྱི་འཁོར་དང་གནས་སོ། །དུས་གསུམ་དུ་ནི་ཕྱག་རྒྱ་ལ། །ཕྱག་བྱས་དངོས་གྲུབ་དམ་པ་ བསྒྲུབ། །ང་ཡི་རྡོ་རྗེ་ཕྱག་རྒྱ་ཡིས། །བཏབ་པས་དེ་ལ་དངོས་གྲུབ་སྦྱིན། །མཱ་མ་ཀཱི་ནི་དེར་གཞག་ན། །རིག་སྔགས་ངེས་པར་འགྲུབ་འགྱུར་ཏེ། །དེ་ལ་ཡིད་གཉིས་མི་བྱའོ། །གང་ཞིག་ཕྱག་རྒྱ་འདི་དག་དང་། །མཱ་མ་ཀཱི་ཡི་ཕྱག་རྒྱར་ལྡན། །དེ་ནི་རིག་མཆོག་ཆོ་ག་ཡི། ། གསང་དང་གསང་ཆེན་ལྡན་པ་ཡིན། །དེ་ལ་ལྷ་རྣམས་མགུ་བ་ཡི། །ཡིད་ཀྱིས་དངོས་གྲུབ་སྦྱིན་པར་བྱེད། །ཕྱག་རྒྱ་འདི་དག་དྲན་བྱེད་དང་། །ལྷག་པར་ཡང་ནི་སྟོན་བྱེད་པ། །དེ་ལ་ལྷ་རྣམས་དགའ་བའོ། །སེམས་ཀྱིས་དངོས་གྲུབ་སྦྱིན་པར་བྱེད། །ལྷ་རྣམས་བྱེ་བས་ བཤད་པ་ཡི། །ཕྱག་རྒྱ་འདི་དག་གར་གནས་པ། །དེར་ནི་དངོས་གྲུབ་སྦྱིན་པའི་ཕྱིར། །ང་ནི་རྟག་ཏུ་གནས་པར་འགྱུར། །མཱ་མ་ཀཱི་ཡི་ཕྱག་རྒྱའི་མཚན། །ཕྱག་རྒྱ་ཀུན་གྱི་མཆོག་ཡིན་ཏེ། །ཕྱག་རྒྱ་ཐམས་ཅད་སྟོན་པ་ན། །མཱ་མ་ཀཱི་ཡི་ཕྱག་རྒྱ་ཡང་། །བསྟན་པར་བྱས་ན་དོན་ ཡོད་འགྱུར། །གང་དུ་ཕྱག་རྒྱའི་ཚོགས་བཤད་ཅིང་། །མཱ་མ་ཀཱི་ཡི་གསང་མཆོག་བསྟན། །དེར་ནི་ང་ཡང་གནས་པར་འགྱུར། ཕྱག་རྒྱ་འདི་དག་ནི་ཆར་ཡང་འབེབས་པར་བྱེད་དོ། །ལྷ་རྣམས་ལ་ཡང་རྒྱས་འདེབས་པར་བྱེད་དོ། །མདོར་ན་ཡིད་ལ་ཇི་ལྟར་འདོད་པ་བཞིན་དུ་ཆོ་ག་སྣ་ཚོགས་ ཀྱིས་ལས་བྱེད་དེ། ཕྱག་རྒྱའི་ཚུལ་བསྟན་པས་ལས་བྱེད་པར་འགྱུར་རོ། །ཕྱག་རྒྱ་ཐམས་ཅད་ལ་ཡང་རྡོ་རྗེ་ལྕགས་ཀྱུ་མ་དང་སྦྱར་བར་བྱ་སྟེ། ཕྱག་རྒྱ་འདི་རྣམས་ནི་གདོན་ལ་བསྟན་པར་མི་བྱའོ། །ཕྱག་རྒྱ་རྣམས་བསྟན་ན་ལྷ་རྣམས་འཇིགས་ཤིང་སྐྲག་པར་འགྱུར་ལ་རིག་སྔགས་འཆང་ ཡང་བརླག་པར་འགྱུར་རོ། །མཱ་མ་ཀཱིས་ཕུར་བུས་བཏབ་ན་རྟག་ཏུ་ཞི་བར་བྱེད་པར་འགྱུར་རོ། །སྐྲག་པས་དངོས་གྲུབ་སྦྱིན་པར་བྱེད་དོ། །ཕྱག་རྒྱའི་ཚུལ་ནི་ལག་པའི་སྟབས་ཀྱིས་བསྟན་པར་མི་བྱའོ། །དཀྱིལ་འཁོར་དུ་ཡང་མིང་དང་ཕྱག་རྒྱའི་ཚུལ་བྲིའོ། །མཱ་མ་ཀཱི་ནི་ལས་ཐམས་ ཅད་ལ་ཡང་བསྟན་པར་བྱའོ། །གང་ན་མཱ་མ་ཀཱི་གནས་པ་དེ་ན་ང་གནས་ལ། གང་ན་མཱ་མ་ཀཱི་གནས་པ་དེ་ན་ལག་པས་ཇི་ལྟར་བསྟན་པར་བྱ་བ་དེ་བཞིན་དུ་ས་ལ་ཡང་བྲིའོ། །ཕྱག་རྒྱ་གང་དག་གི་ཚུལ་གྱིས་བསྐུལ་བས་ཀྱང་མི་རྣམས་དངོས་གྲུབ་འགྲུབ་པར་འགྱུར་བསྟན་ན་དེས་ཆོ་ ག་དང་། ལས་དང་། །གནས་རྣམས་ཀྱིས་ཀྱང་ལས་སུ་རུང་བར་བྱེད་དོ། །དེ་ནས་ཕྱག་རྒྱའི་ཚོགས་བསྟན་ནས་ལས་རྣམས་བྱ་སྟེ། མཐུ་སྟོབས་ཆེན་པོ་སྣ་ཚོགས་རྣམས་བསྟན་པར་བྱའོ། །དཀྱིལ་འཁོར་འདི་ནི་གསང་བའི་མཆོག་ཡིན་ནོ། །ང་ལ་བལྟ་བར་འདོད་པ་གང་ ཡིན་པ་དེས་ནི་མཱ་མ་ཀཱི་ལ་སོགས་པའི་ཕྱག་རྒྱའི་ཚོགས་རྣམས་ཀྱི་ཕྱག་རྒྱའི་ཚོགས་རྣམས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་བལྟ་བར་བྱའོ། །ཕྱག་རྒྱའི་ཚོགས་ཀྱི་མིང་ཐོས་ནས་ཕྱག་འཚལ་བ་གང་ཡིན་པ་དེ་ནི་འཇིགས་པར་བྱ་བ་རྣམས་ཀྱིས་འཇིགས་པར་མི་འགྱུར་རོ། །ཅི་སྟེ་ཕྱག་རྒྱའི་ཚོགས་མ་མཐོང་ན་ དེ་ལ་དམ་ཚིག་གིས་དངོས་གྲུབ་སྦྱིན་པར་མི་འགྱུར་རོ། །གང་གིས་མཱ་མ་ཀཱིའི་ཕྱག་རྒྱ་མཐོང་བ་དེའི་མདུན་དུ་ངས་དངོས་གྲུབ་སྦྱིན་པར་བྱའོ། །ཕྱག་རྒྱའི་ཚོགས་ཀྱིས་བསྐོར་བའི་མཱ་མ་ཀཱིའི་ཕྱག་རྒྱས་བཀོད་ལ་མཱ་མ་ཀཱིའི་གཟུགས་ཀྱང་གཞག་པར་བྱ་སྟེ། དེ་ནས་རིག་སྔགས་ འཆང་གིས་མཱ་མ་ཀཱིའི་ཕྱག་རྒྱ་བལྟ་བར་བྱའོ། །དེ་ནས་མཱ་མ་ཀཱིའི་ལས་ཞི་བ་དང་། རྒྱས་པ་དང་། དྲག་ཤུལ་ལ་སོགས་པའི་ལས་བྱ་སྟེ། མཱ་མ་ཀཱིའི་མདུན་དུ་བཟླས་བརྗོད་བྱས་པ་དེས་བསྲུང་བར་བྱའོ། །མཱ་མ་ཀཱིའི་ཕྱག་རྒྱའི་ཚོགས་བྲིས་པ་གང་ན་འདུག་པ་དེ་ནང་ཕོ་ཉ་ མ་རྣམས་ཀྱི་ཚོགས་ཀྱིས་བསྐོར་བ་ཡང་གནས་སོ། མཆོད་རྟེན་གྱི་དྲུང་ངམ་སྐུ་གཟུགས་ཀྱི་གནས་སུ་ཕྱག་རྒྱའི་ཚོགས་དགོད་པར་བྱའོ། །ཡང་ན་གླེགས་བམ་ལ་བྲིས་ཏེ་གླེགས་བམ་དེ་ཡང་དེ་བཞིན་གཤེགས་པའི་གནས་སུ་གཞག་གོ། །གཞན་དུ་བཞག་ ན་བརྟག་པའམ་གནོད་པ་བྱེད་པར་འགྱུར་རོ། །ཕྱག་རྒྱའི་ཚོགས་ལ་བྲིས་ནས་དེར་སྤྱད་སྤྱད་པ་མཚོར་གནས་པའི་ཆུ་ཀླུང་དུ་དོར་བར་བྱའོ། །ལྕགས་ཀྱུ་མས་ཡོངས་སུ་སྦྱང་བ་བྱས་ལ་གྱོ་མོ་དང་གསེག་མ་མེད་པའི་ས་ཕྱོགས་སུ་ལྕགས་ཀྱུ་མས་ཕྱག་རྒྱའི་ཚོགས་བྲི་བར་བྱའོ། །མཱ་མ་ཀཱིའི་ ཕྱག་རྒྱའི་ཚོགས་ཀྱིས་བསྐོར་བ་ཡང་གཞག་པར་བྱ་སྟེ་གཟུགས་སུ་གཞག་པར་བྱའོ། །ཟུག་རྔུ་ཡོད་པའི་ས་ར་བྲིས་ན་ནི་གནོད་པར་བྱེད་པར་འགྱུར་ཏེ། ཡུལ་དང་། གྲོང་ཁྱེར་དང་། རྒྱལ་པོ་ལ་ཡང་མི་དགེ་བ་བསྐྱེད་པར་འགྱུར་རོ། །མཱ་མ་ཀཱི་ཡང་ངས་རིག་པ་མཆོག་གི་ཆོ་ག་རྒྱལ་ པོ་ཆེན་པོའི་དངོས་གྲུབ་སྟོན་དུ་གཞུག་གོ། །ཕྱག་རྒྱའི་ཚོགས་སྟོབས་ཆེན་མོ་མི་བཟད་པ་འདི་བཤད་ཟིན་ཏོ། །རྟགས་དང་མཚན་མའི་ཚུལ་བསྟན་པ་དེ་དག་ཀྱང་བཤད་ཟིན་ཏོ། །དེ་ནས་མཱ་མ་ཀཱི་བལྟ་བར་འདོད་པས་ནི་ང་ལ་བལྟ་བར་བྱའོ། །ང་བལྟ་བར་འདོད་པས་ནི་མཱ་མ་ཀཱི་ སྨན་བརྒྱད་ཀྱིས་བསྐོར་བ་ཚང་པ་དང་། སྨན་བརྒྱད་དང་བཅས་པའི་ཨུཏྤལ་དང་ལྡན་པའི་ཡིད་དུ་འོང་བ་བལྟ་བར་བྱའོ། །དེ་ནས་རིག་སྔགས་འཆང་ང་ལ་བལྟ་བར་འདོད་པས་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་གསོ་སྦྱོང་ཡན་ལག་བརྒྱད་དང་ལྡན་པ་དང་། ཞག་གཅིག་སྨྱུང་བར་བྱས་ པའི་ཉི་མ་བཟང་བ་ལ་རིག་པའི་རྒྱལ་པོས་བསྲུང་བའི་ཆོ་ག་བྱས་ཏེ། དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་སྨན་གྱིས་ལུས་ཀྱི་ཡན་ལག་རྣམས་དབྱུང་བར་བྱ་སྟེ། དེ་བཞིན་གཤེགས་པས་གསུངས་པའི་སྨན། །ས་མ་ཛི་ནི་དབྱུང་བར་བྱ། །ལྷ་ཆེན་གྱིས་བྱིན་ གཉིས་པ་སྟེ། །འབམ་པོ་ཡང་ནི་དབྱུང་བར་བྱ། །དེ་བཞིན་སྲེད་མེད་བུས་བྱིན་པ། །ནི་ལ་སུ་སྲི་དབྱུང་བར་བྱ། །དེ་བཞིན་ཚངས་པས་བཤད་པ་ཡི། །བྲམ་ཧི་ཡང་ནི་དབྱུང་བར་བྱ། །འཇིག་རྟེན་སྐྱོང་གིས་བཤད་པ་ཡི། །རམ་ཉེ་བ་ཡང་དབྱུང་བར་བྱ། །རྫོང་གི་ འཕགས་མས་བྱིན་པ་ཡི། །ཤེ་ཏྭ་ཛྷ་ཡང་དེ་བཞིན་དབྱུང་། །ཚིག་ལྡན་མས་ནི་བྱིན་པ་ཡི། །ནི་ལ་ཛྭ་ཡང་དབྱུང་བར་བྱ། །ཡན་ལག་ཀུན་གྱི་ཨུཏྤལ་ལྡན། །ལག་ན་རྡོ་རྗེས་བཤད་པ་དགེ། །དེ་ནས་སྨན་གྱི་ལུས་ཐམས་ཅད་ཕྱུང་ནས་ལྷན་ཅིག་ཏུ་གཞག་གོ། །དེ་ ནས་རིག་སྔགས་འཆང་གིས་བསྲུང་བའི་ཆོ་ག་བྱས་ནས་གཏོར་མའི་ཆོ་ག་བྱས་ལ། ཀུ་ཤའི་སྟན་ལ་འདུག་སྟེ་རྡོ་ལེབ་ཤིན་ཏུ་བཀྲུས་པ་ལ་དབྱིག་དང་གསེར་བཀྲམ་ནས། རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་སྨན་རྣམས་བཅོམ་ལྡན་འདས་མ་ཙནྡན་དམར་པོའི་ཆུས་ བཀྲུས་པའི་ཆུ་ལ་སྔགས་ཀྱིས་བཏབ་པ་དེ་དང་བཏགས་ཏེ། སྨན་གྱི་ལུས་ཐམས་ཅད་བླངས་ལ། གསེར་རམ། རྡོའི་སྣོད་དམ། ཁམ་པའི་སྣོད་ཀྱི་ནང་དུ་བཞག་ནས། ཀཱརྵཱ་པཎ་བརྒྱ་རྩ་བརྒྱད་ཀྱིས་རྡོ་རྗེ་རྫོགས་པར་བྱས་ཏེ། ཤིན་ཏུ་མཉམ་པར་བཞག་པས་ཙནྡན་ དམར་པོའི་ཆུས་བསང་གཏོར་བྱས་ལ་ལག་པས་མནན་ནས། རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་ལན་བརྒྱད་བརྒྱད་བཟླས་བརྗོད་བྱས་ཏེ། རྡོ་རྗེའི་དབུས་སུ་ལྷ་མོའི་གཟུགས་རྣམས་བཞག་ལ་གཟུགས་བཟང་མ་ལན་བརྒྱད་བཟླས་བརྗོད་བྱའོ། །དེ་ནས་མཱ་མ་ཀཱིའི་གཟུགས་སུ་ བྱས་ལ། དེ་ནས་རིག་སྔགས་འཆང་གིས་རས་དཀར་པོའི་སྟེང་དུ་བཞག་སྟེ། །མཱ་མ་ཀཱིའི་རིག་སྔགས་ཀྱིས་བརྗོད་པར་བྱའོ། །གདུ་བུ་ལ་ཡང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པར་བྱའོ། །དེར་ཡང་ལས་རྣམས་སྦྱར་བར་བྱ། དེ་རིན་པོ་ཆེ་ཐམས་ཅད་དང་། ས་བོན་ཐམས་ ཅད་ཀྱི་མཆོད་ཡོན་དབུལ་བར་བྱའོ། །གཏོར་མའི་ཆོ་ག་ཡང་རྒྱས་པར་བྱའོ། །རིག་སྔགས་ཀྱི་རྒྱལ་པོ་ཡང་མཱ་མ་ཀཱིའི་དྲུང་དུ་གཞག་པར་བྱའོ། །ལྷ་ཐམས་ཅད་ཀྱི་གཟུགས་ཀྱང་སྤྱན་དྲངས་ལ། མཱ་མ་ཀཱིའི་མདུན་དུ་རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱད་བརྒྱ་བཟླས་བརྗོད་ བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་འགུལ་བ་དང་། མར་མེའི་མེ་ལྕེ་ཆེན་པོར་འགྱུར་བ་དང་། སྤུ་ཟིང་ཞེས་བྱེད་པ་དང་། སེམས་དགའ་བ་འབྱུང་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གི་ཚོགས་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་ནང་པར་བླ་མ་ལ་མཆོད་ པ་བྱ་སྟེ། རིན་ཐང་མེད་པའི་རིན་པོ་ཆེའི་ཡོན་ཕུལ་ལ། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་དངོས་གྲུབ་གསོལ་དུ་བཅུག་ན་ཆོ་ག་རྒྱས་པའི་དངོས་གྲུབ་སྦྱིན་པར་བྱེད་དམ། ཡང་ན་ལས་གཅིག་གི་དངོས་གྲུབ་སྦྱིན་པར་བྱེད་དེ། བླ་མས་ཇི་ སྐད་སྨྲས་པ་དེ་ཡིད་ལ་བཞག་ནས་ཚིག་དེ་ཡང་མཉན་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་བླ་མ་ལ་མཱ་མ་ཀཱི་བསྟན་པར་བྱ་སྟེ། མཐོང་ན་ཇི་སྐད་སྨྲས་པ་དེ་དེ་ལ་འགྲུབ་པར་འགྱུར་ཏེ། །ཅི་སྟེ་ཁྲོ་བའི་སེམས་ཀྱིས་སྨྲས་ན་ནི་ལས་དྲག་པོར་འགྲུབ་པར་འགྱུར་རོ། །ཅི་སྟེ་དགའ་བའི་ སེམས་ཀྱིས་སྨྲས་ན་ནི་དངོས་གྲུབ་མཆོག་འགྲུབ་པར་འགྱུར་ཏེ། བླ་མས་མཱ་མ་ཀཱི་རྒྱ་མཚོར་འབབ་པའི་ཆུ་ཀླུར་གི་ནང་དུ་བཏང་ལ་བླ་མའི་ལས་པས་མཱ་མ་ཀཱི་བཙལ་བར་བྱ་སྟེ། །ལག་ཏུ་ཐོབ་ན་མཱ་མ་ཀཱིའི་ཆོ་ག་རྒྱས་པའི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །རིག་སྔགས་འཆང་ གིས་ཀྱང་ཆོ་གའི་གཟུགས་རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ནང་དུ་གཏང་བར་བྱའོ། །བསྒྲུབ་པའི་ཚེ་སྤྱན་གྱིས་མཱ་མ་ཀཱི་གཞག་པར་བྱའོ། །ཨུཏྤལ་དང་ལྡན་པས་ཀྱང་མཱ་མ་ཀཱི་གཞག་པར་བྱའོ། །ཨོྃ་ཧ་རཾ་ཛྭ་ན་བེ་ཏ་རཉྫ་ན་བེ་སྭཱ་ཧཱ། ཆོ་ག་འདི་ཉིད་ཀྱིས་མར་གྱི་ངོ་ཞག་བརྒྱད་ལ་ མཱ་མ་ཀཱིའི་མདུན་དུ་རྡོ་རྗེ་དབུས་སུ་པདྨ་བརྒྱད་སྟོང་གིས་སྦྱིན་དོར་བྱའོ། །དེ་ནས་ཆོ་ག་རྒྱས་པ་འགྲུབ་པར་འགྱུར་ཏེ། །ནང་བར་གྱི་དུས་སུ་བླ་མ་ལ་མཆོད་པ་བྱས་ནས་དངོས་གྲུབ་གསོལ་དུ་གཞུག་གོ། །དངོས་གྲུབ་བྱིན་ནས་ཀྱང་ཞག་བདུན་པའི་ཉིན་པར་གློ་བུར་དུ་མི་ནག་པོ་མཐོང་བར་འགྱུར་ ཏེ། མཐོང་ན་ཆོ་ག་རྒྱས་པ་འགྲུབ་པར་ཤེས་པར་བྱའོ། །སྡིག་པའི་ལས་ནི་བྱེད་པ་དང་། །བྲམ་ཟེ་གསོད་དང་མི་གསོད་དང་། །ཚུལ་ཁྲིམས་འཆལ་ལ་སྦྱིན་མི་བྱ། །མི་བཟད་པ་ནི་གང་ཡིན་པའི། །མི་རྣམས་ཀྱིས་ནི་ཐོབ་མི་འགྱུར། །རྡོ་རྗེ་རིགས་མཆོག་གང་དད་པ། ། མཱ་མ་ཀཱི་ནི་དེ་མདུན་གནས། །ཚུལ་ཁྲིམས་འཆལ་དང་སྡིག་པ་ཅན། །དེ་དག་གིས་ནི་གཟུགས་མི་མཐོང་། །གང་ན་མི་བཟད་སྡིག་བྱེད་པ། །དེ་ན་བདག་གི་མིང་ཡང་མེད། །དེར་ནི་མི་མཐོང་ཅི་ཞིག་སྨོས། །གང་དང་དགེ་བ་བཅུ་པོ་ཡི། །ལས་ཀྱི་ལམ་དང་ལྡན་པའི་ མི། །དེ་དག་གིས་ནི་ང་ཡང་མཐོང་། །གང་དག་ཚུལ་ཁྲིམས་ལྡན་པ་དང་། །རྡོ་རྗེ་རིགས་ལ་དད་པའི་མི། །དེ་དག་གིས་ནི་ང་མཐོང་ཞིང་། །རེག་འགྱུར་སེམས་ཅན་དེ་དག་ནི། །ང་ཡི་རིགས་སུ་གཏོགས་པ་ཡིན། །མཱ་མ་ཀཱི་ནི་གང་གིས་མཐོང་། །སྟོབས་ཆེན་དེ་དག་ ང་ཡི་གནས། །ཡིད་དུ་འོང་བར་སྐྱེ་བར་འགྱུར། །གང་གི་ཚེ་ཆོ་ག་རྒྱས་པ་དེའི་ཚེ་བླ་མ་ལ་ཡོན་ཕུལ་ནས་མཱ་མ་ཀཱི་བསླང་བར་བྱའོ།། བླ་མས་ཨུཏྤལ་ནི་མཚན་དང་ལྡན་པའི་སྔགས་ཀྱིས་མཱ་མ་ཀཱིའི་གཟུགས་སོར་བཞི་པ་བྱས་ལ། །དེ་ནས་བླ་མས་སྦྱིན་པར་བྱ་སྟེ། དངོས་ གྲུབ་ཀྱང་གསོལ་དུ་གཞུག་གོ། །ཕོ་ཉ་མ་རྣམས་དང་། ཚོགས་རྣམས་ལ་ཡང་གཏོར་མ་སྦྱིན་པར་བྱའོ། །ས་ཡོངས་སུ་སྦྱང་བ་དང་། དཀྱིལ་འཁོར་གྱི་བགེགས་ཀྱི་སྦྱིན་སྲེག་ཀྱང་བྱའོ། །ཕོ་ཉ་མ་རྣམས་ཀྱི་ལས་རྣམས་ལ་ནི་ལན་འབུམ་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་ རོ། །ཞི་བའི་ལས་རྣམས་ལ་ནི་རི་མོ་ལ་ལྷ་མོ་མདོག་གནག་པ་གཅིག་བྲིས་ཏེ། སྤྱི་བོ་ན་དེ་བཞིན་གཤེགས་པ་བཞུགས་པ་ལ་སྐྱབས་སྦྱིན་པའི་ཕྱག་རྒྱ་དང་། ལག་པ་གཡོན་པ་ལ་རྡོ་རྗེ་འབར་བ་ཐོགས་པར་བྲིའོ། །དེ་ནས་མར་གྱི་ངོ་ཞག་བཅུ་བཞི་ལ་བརྩམས་ཏེ་ཞག་བདུན་ གྱི་བར་དུ་གུ་གུལ་ཡུངས་མར་དང་སྦྱར་བའི་སྦྱིན་སྲེག་བྱའོ། །ཚོགས་རྣམས་ལ་ཡང་གཏོར་མའི་ཆོ་ག་བྱའོ། །ཚོགས་རྣམས་ཀྱང་ལས་ལ་ཡང་བདུད་རྩི་ཐབ་སྦྱོར་གྱི་སྐབས་སུ་ངས་ལས་བཤད་པ་གང་ཡིན་པའི་ལས་དེས་སྦྱར་བར་བྱའོ། །ཕྱག་རྒྱ་དེ་དག་གི་སོ་སོའི་རྟགས་ཀྱང་བཤད་པར་ བྱ་སྟེ། མཱ་མ་ཀཱིའི་རྟགས་ནི་སྟེགས་བུ་ལ་རྡོ་རྗེ་རྩེ་གསུམ་པ་ཁ་གཅིག་པ་བྲིའོ། །དེའི་གཡོན་ལོགས་སུ་རྡོ་རྗེ་རྩེ་གསུམ་པ་དབྱུག་པ་ལ་བཙུགས་པར་བྲིའོ། །གཡས་ལོགས་སུ་རྡོ་རྗེ་རྩེ་གསུམ་པ་ཁ་གཉིས་པ་དབུས་ཀྱི་ཆང་ཟུངས་དྲང་པོར་འདུག་ལ་ཆང་ཟུངས་ནས་དགྲ་སྟ་སྲབ་མོའི་ཁ་ཕྱི་ རོལ་དུ་བལྟས་པ་བྲིའོ། །རྒྱལ་བའི་སྟེགས་བུའི་སྟེང་དུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ཀྱི་ཆང་ཟུངས་དྲང་པོར་འདུག་པར་བྱའོ། །རྣམ་པར་རྒྱལ་བའི་ནི་དེ་ཉིད་ལས་དབུས་ནས་འབྲས་བུ་བྱས་ལ་གཡས་ཕྱོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཅིག་པ་མེ་ལྕེ་འབར་བ་གསུམ་དང་ལྡན་པ་དབྱུག་པ་ལ་ བཙུགས་པ་ཡིན་ནོ། །རྡོ་རྗེ་མཚན་གྱི་ནི་སྟེགས་བུའི་སྟེང་དུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་དྲང་པོར་བྱས་པའོ། །རྡོ་རྗེ་རྟགས་ཀྱི་ནི་དེ་ཉིད་ལ་དབུས་ནས་འབྲས་བུ་འདུག་པ་ཡིན་ནོ། །བཀྲ་ཤིས་ཀྱི་སྟེགས་བུའི་སྟེང་དུ་རྡོ་རྗེ་རྩེ་གཅིག་པ་ཁ་གཉིས་པ་རྩེ་མོ་ཀ་ནྱའི་དབྱིབས་ འདྲ་བར་བྱས་པ་དེའི་གཡས་ལོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་དྲང་པོར་འདུག་པར་བྱའོ། །ཤིན་ཏུ་བཀྲ་ཤིས་ཀྱི་ནི་སྟེགས་བུའི་སྟེང་དུ་ཐོར་ཚུགས་ཀྱི་ཕུང་པོ་བཅིངས་པ་བཞག་སྟེ། ཐོར་ཚུགས་ཀྱི་མཐའ་འབར་བའི་ཕྲེང་བས་བསྐོར་ལ། དེའི་གཡས་ལོགས་སུ་རྡོ་རྗེ་རྩེ་ གསུམ་ཁ་གཉིས་པ་དབུས་དྲང་པོར་བྱས་ལ་པདྨའི་སྟེང་ན་འདུག་པར་བྲིའོ། །པདྨ་མཚན་གྱི་ནི་སྟེགས་བུའི་སྟེང་དུ་པདྨ་ཡིད་ཙམ་གྱིས་ཁ་ཕྱེ་བ་རྩ་བ་དང་། སྡོང་བུ་དང་བཅས་པར་འདུག་པར་བྱས་ལ། དེའི་གཡོན་ལོགས་སུ་རྡོ་རྗེ་རྩེ་གསུམ་པ་ཁ་གཉིས་པ་དབུས་དྲང་པོར་འདུག་པར་བྲིའོ། ། གཡས་ལོགས་སུ་རྩེ་གསུམ་ཁ་གདེངས་མདུང་རྩེ་གསུམ་པ་འདྲ་བར་བྱའོ། །པདྨ་ཕྲེང་གི་ནི་པདྨ་ཁ་བྱེ་བ་བཅུ་གཅིག་ལ་གཅིག་འཁྲིལ་བ་བྲིས་ལ་དེའི་དབུས་སུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་སུ་འདུག་པ་གཞག་གོ། །གཡུང་དྲུང་རིས་ཀྱི་སྟེང་དུ་ནི་དཀྱིལ་འཁོར་གྲུ་བཞི་ ལྷམ་པ་ཉི་རིམ་དུ་བྲིས་ཏེ་ངོས་བཞི་ནས་ཤད་བཞི་དྲངས་ལ་ཚིགས་བཅག་སྟེ་གཡས་ཕྱོགས་སུ་འཁྱིལ་པ་བྲིའོ། །ཤད་བཞི་པོ་དེ་དག་ཀྱང་རིན་པོ་ཆེའི་ཕྲེང་བས་བསྐོར་བར་བྱའོ། །དེ་དག་གི་སྟེང་དུ་རྡོ་རྗེ་རྩེ་གཅིག་པ་མར་གྱི་མེ་ལྕེ་འདྲ་བ་རྣམས་བྲི། དེའི་གཡོན་ལོགས་སུ་རྡོ་རྗེ་རྩེ་གསུམ་ པ་ཁ་གདེངས་པ་བྲིའོ། །གཡས་ལོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་དྲང་པོར་བྱའོ། །མདུང་རྩེ་གསུམ་པ་ནི་སྟེགས་བུའི་སྟེང་དུ་མདུང་རྩེ་གསུམ་པ་ཁ་གཉིས་པ་དབུས་དྲང་པོར་བྱས་ལ། དེའི་གཡས་ལོགས་སུ་རྩེ་གསུམ་ཁ་གདེངས་རྡོ་རྗེ་འདྲ་བར་བྱའོ། །རྡོ་རྗེ་ནི་སྟེགས་ བུའི་སྟེང་དུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་རྩེ་མོ་དབུས་མ་ཀ་ན་ཡའི་རྩེ་མོའི་དབྱིབས་ལྟར་འདུག་པར་བྱས་ལ། །དེའི་གཡས་ལོགས་སུ་རྩེ་གསུམ་ཁ་གདེངས་མདུང་རྩེ་གསུམ་པ་འདྲ་བར་བྱའོ། །མཆེ་བའི་སྟེགས་ནི་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ཀྱི་ཆང་ཟུངས་དྲང་པོར་འདུག་པར་བྲིས་ ལ། དེའི་གཡས་ལོགས་སུ་པདྨ་ཁ་མ་བྱེ་བ་ལ་མཆེ་བའི་ཕྱིར་དགུ་བོར་འདུག་པར་བྲིའོ། །མདུང་ཐུང་གི་སྟེགས་བུའི་སྟེང་དུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་བུ་འདུག་པ་བྲིས་ལ། དེའི་གཡས་ལོགས་སུ་མདུང་ཡུ་བ་ཅན་རྩེ་མོ་ཀ་ན་ཡའི་དབྱིབས་འདྲ་བར་བྲིའོ། །ཀླུ་ལག་གི་ ནི་སྦྲུལ་གཉིས་གཅིག་ལ་གཅིག་མཇུག་མ་སྦྲེལ་ཏེ་ཚམ་ངམ་བྱེད་ཅིང་དམིགས་རྩ་བསྒྲིམས་ལ་ལྕེ་འབྱིན་ཅིང་གཅིག་ལ་གཅིག་བལྟ་བར་བྲིས་ཏེ། དེ་གཉིས་ཀྱི་མགོ་བོ་ལ་འབར་བ་གསུམ་དང་ལྡན་པའི་ནོར་བུ་ཐོགས་ལ། དེ་གཉིས་ཀྱི་བར་ན་རྡོ་རྗེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་བུ་ འདུག་པ་སྦྲུལ་གྱི་མཇུག་མའི་སྟེང་ན་འདུག་པར་བྱའོ། །ཞགས་པའི་ནི་སྟེགས་བུའི་སྟེང་དུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་ལྟར་འདུག་པར་བྱའོ། །དེའི་གཡས་ལོགས་སུ་མདུང་རྩེ་གསུམ་པ་ཡུ་བ་ཅན་རྩེ་གསུམ་ཁ་གདེངས་འདྲ་བར་བྲིའོ། །གཡོན་ལོགས་སུ་ཀླུའི་ ཞགས་པ་ཚམ་ངམ་བྱེད་པ་བྲིའོ། །རལ་གྲི་ནི་སྟེགས་བུའི་སྟེང་དུ་རལ་གྲི་བྲིས་ལ་དེའི་གཡོན་ལོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་བུ་འདུག་པར་བྱའོ། །དབྱུག་པའི་སྟེགས་བུའི་སྟེང་དུ་དབྱུག་པ་གླ་གོར་ཞོ་ཤའི་ཤིང་ལྟར་འདུག་ཅིང་། སྙེ་མ་ལྔ་པོ་ཡོད་པར་བྲིས་ལ། མགོར་ནི་ ཆང་ཟུངས་བྱ། དྲུང་དུ་ནི་སྐྱུ་རུ་རའི་འབྲས་བུ་འདྲ་བར་བྱ། དེའི་གཡོན་ལོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་སུ་འདུག་ལེ་རྩེ་མོ་དབུས་མ་ཀ་ན་ཡའི་རྩེ་མོའི་དབྱིབས་ལྟར་བྱ། གཡོན་ལོགས་སུ་མདུང་རྩེ་གསུམ་པ་རྡོ་རྗེ་འདྲ་བ་དབྱུག་པ་ལ་བཙུགས་པ་བྲིའོ། །འཁོར་ ལོའི་སྟེགས་བུའི་སྟེང་དུ་འཁོར་ལོ་རྩིབས་བཅུ་དྲུག་པ་འབར་བས་བསྐོར་བར་བྲིས་ལ། དེའི་གཡས་ལོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་བུ་འདུག་པར་བྱའོ། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །ཕྱག་རྒྱ་འདི་དག་བདག་གིས་བཤད། །ཕྱག་རྒྱ་འདི་ དག་སོ་སོར་མཐོང་བའི་ལས་ཀྱང་བཤད་པར་བྱའོ། །ཕྱག་རྒྱ་སྣ་ཚོགས་དག་གི་ལྷ་རྣམས་ཀྱང་བསྟན་པར་བྱའོ། །རྒྱལ་བའི་ཕྱག་རྒྱ་ནི་ཕོ་ཉ་མ་ཐམས་ཅད་ཀྱིའོ། །རྣམ་པར་རྒྱལ་བའི་ནི་ཚངས་པའིའོ། །རྡོ་རྗེ་མཚན་ནི་ལྷ་ཆེན་པོའིའོ། །རྡོ་རྗེ་རྟགས་ནི་ལོག་འདྲེན་རྣམས་ཀྱིའོ། ། བཀྲ་ཤིས་ནི་རྡོ་རྗེ་སྡེའིའོ། །ཤིན་ཏུ་བཀྲ་ཤིས་ནི་ཕུར་བུ་གསུམ་པའིའོ། །པདྨའི་མཚན་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། །པདྨའི་ཕྲེང་ནི་དཔལ་ཆེན་པོའི་ཡིན་པར་བཤད་དོ། །དེ་བཞིན་དུ་གཡུང་དྲུང་རིས་རྣམས་ནི་ཚོགས་རྣམས་ཀྱིའོ། ། མདུང་རྩེ་གསུམ་པའི་ནི་རྫོང་གི་འཕགས་མའིའོ། །རྡོ་རྗེ་ནི་ཁྲོ་བོ་ཡིན་པར་བཤད་དོ། །མཆེ་བ་ནི་མ་མོ་རྣམས་ཀྱིའོ། །དེ་བཞིན་དུ་མདུང་ཐུང་ནི་དྲུག་པ་རྣམས་ཀྱིའོ། །ཀླུ་ལག་ནི་རྒྱ་མཚོ་ཆེན་པོའིའོ། །དེ་བཞིན་དུ་ཞགས་པ་ནི་འཇིག་རྟེན་སྐྱོང་བ་རྣམས་ཀྱིའོ། །རལ་ གྲི་ནི་མེའི་ཡིན་པར་བཤད་དོ། །དབྱུག་པ་ནི་སའི་ལྷ་མོའིའོ། །འཁོར་ལོ་ནི་ནོར་ལྷའི་བུའིའོ། །ལྷ་རྣམས་ཀུན་གྱི་ཕྱག་རྒྱ་འདི་དག་དང་ལས་སྣ་ཚོགས་བསྟན་པ་རྣམས་ངས་བཤད་ཟིན་ཏེ། ཕྱག་རྒྱ་རྣམས་ནི་ཕྱག་རྒྱའི་མཚན་ཉིད་འདིར་མཆོག་ཏུ་གསང་བ་ཡིན་ནོ། །ཕྱག་ རྒྱ་འདི་དག་བསྒྲུབ་པ་གང་ཡིན་པ་དེས་ནི་མཱ་མ་ཀཱིའི་ཕྱག་རྒྱའི་མཚན་ཉིད་གཟུང་བར་བྱའོ། །གང་གི་ཕྱིར་ང་རྡོ་རྗེ་འཛིན་ཡིན་པས་ན་དེའི་ཕྱིར་ངས་ཕྱག་རྒྱའི་ལས་ཀྱི་མཆོག་བཤད་པར་བྱའོ། །མཱ་མ་ཀཱིའི་ལས་ངས་བཤད་པ་གང་ཡིན་པ་ལ་ཡང་ཞི་བ་དང་། རྒྱས་པ་དང་། དྲག་ ཤུལ་རྣམ་གསུམ་དུ་བཤད་པའི་ལས་གང་ཡིན་པ་དེ་དག་གི་རིམ་པ་སྣ་ཚོགས་ཀྱང་བཤད་པར་བྱའོ། །དྲག་ཤུལ་གྱི་ལས་རྣམས་ལ་ནི་མཱ་མ་ཀཱིའི་མཚན་ཉིད་ཇི་ལྟ་བ་བཞིན་བཞག་ལ་རྡོ་རྗེ་མཚན་དང་། རྡོ་རྗེ་རྟགས་དང་། འཁོར་ལོ་དང་། མཆེ་བ་དང་། གཡུང་དྲུང་རིས་ དང་། མདུང་རྩེ་གསུམ་པ་དང་། ཕྱག་རྒྱ་འདི་དག་གིས་བསྐོར་བར་བྱ་སྟེ། དེའི་མདུན་དུ་སྦྱིན་སྲེག་གི་ཆོ་གར་བསྟན་པ་གང་ཡིན་པ་དེ་ལ་ཡང་དེ་བཞིན་དུ་བྱའོ། །བཟླས་བརྗོད་ཀྱི་བསྒྲུབ་པ་ལ་ཡང་བཟླས་བརྗོད་བྱའོ། །དེ་ནས་རྒྱས་པ་བྱེད་ན་རྒྱལ་བ་དང་། བཀྲ་ཤིས་དང་། ཤིན་ ཏུ་བཀྲ་ཤིས་དང་། ཀླུ་ལག་དང་། པདྨའི་ཕྲེང་དང་། རྡོ་རྗེ་དང་། འདི་རྣམས་གཞག་པར་བྱའོ། །མཱ་མ་ཀཱི་ཡང་མཚན་ཉིད་ཇི་ལྟ་བ་བཞིན་གཞག་པར་བྱ་སྟེ། དེའི་མདུན་དུ་སྦྱིན་སྲེག་གི་ཆོ་གའི་ལས་གང་ཡིན་པ་བ་ཤ་ཀའི་ཡམ་སྲེག་ཤིང་ངམ། །འབྲས་ཆན་གྱིས་བྱའོ། ། མཱ་མ་ཀཱིའི་མདུན་དུ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལས་ཉི་མ་དང་ཟླ་བ་སྟོབས་དང་ཕ་རོལ་གནོན་པ་གཞན་གྱིས་མི་ཐུབ་པ་དང་། གཞོན་ནུ་མཆོག་གི་ཕྱག་རྒྱ་ངས་བཤད་པ་གང་ཡིན་པ་དེ་དག་ཀྱང་གཞག་པར་བྱ་སྟེ། ཉི་མ་དང་ཟླ་བའི་གཡོན་ལོགས་སུ་ནི་གཞུ་གཞག་གོ། །གཡས་ ལོགས་སུ་ནི་གཞོན་ནུའི་མདུང་རྩེ་གསུམ་པ་བཞག་སྟེ། འདི་དག་ཐམས་ཅད་ཀྱང་གཟུགས་སུ་གཞག་པར་བྱའོ། །ཡང་ན་ཡིད་ཀྱིས་གཞག་གོ། །དྲི་ཆབ་ཀྱི་རི་མོས་གཞག་པར་བྱ་སྟེ། དེའི་མདུན་དུ་གཡས་ལོགས་སུ་སྲེག་བླུགས་བདུན་བདུན་སྦྱིན་སྲེག་བྱའོ། །དེ་ནས་ བཟླས་བརྗོད་བྱས་ན་ལས་གྲུབ་པར་འགྱུར་རོ། །ལིག་བུ་མིག་དང་ལྡོང་རོས་ལ་སོགས་པའི་ལས་ཀྱང་དེ་བཞིན་དུ་བྱའོ། །དེ་ནས་ཞི་བའི་ལས་བྱེད་ན་རྣམ་པར་རྒྱལ་བ་དང་། པདྨ་མཚན་དང་། མདུང་ཐུང་དང་། ཞགས་པ་དང་། རལ་གྲི་དང་། དབྱུག་པ་རྣམས་ མཱ་མ་ཀཱི་དང་ལྷན་ཅིག་ཏུ་གཞག་པར་བྱ་སྟེ། མཱ་མ་ཀཱི་ཡང་མཚན་ཉིད་ཇི་ལྟ་བ་བཞིན་དུ་གཞག་པར་བྱའོ། །དེའི་མདུན་དུ་རབ་ཏུ་འགྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་ལྷ་མོ་འཇིག་རྟེན་གྱི་མ་རྣམས་ཀྱི་ཕྱག་རྒྱའི་ཚོགས་ངས་བཤད་པ་གང་ཡིན་པ་རྣམས་ཀྱང་གཞག་པར་བྱའོ། །དེའི་ མདུན་དུ་སྲེག་བླུགས་བདུན་གྱིས་སྦྱིན་སྲེག་བྱའོ། །དེ་ནས་ལས་བརྩམ་པར་བྱའོ། །དེ་ནས་བཟླས་བརྗོད་བྱས་ན་ལས་འགྲུབ་པར་འགྱུར་རོ། །ལྷ་གང་བསྒྲུབ་པར་འདོད་པའི་ལྷ་དེའི་མདུན་དུ་བདག་གི་ཕྱག་རྒྱ་དང་། མཱ་མ་ཀཱིའི་གཟུགས་དྲི་ཆབ་ཀྱི་རི་མོར་བྲིས་ཏེ་གཞག་གོ། ། དེའི་མདུན་དུ་གཏོར་མའི་ཆོ་ག་བྱས་ཏེ་དེ་ནས་ལས་བརྩམ་པར་བྱའོ། །ཕྱག་རྒྱ་འདི་དག་གི་གཏོར་མའི་ཆོ་ག་བཤད་པར་བྱ་སྟེ། རྒྱལ་བ་ལ་ནི་མོན་སྲན་གྲེའུ་དང་པེན་ཙེ་སྦྱིན་པར་བྱའོ། །རྣམ་པར་རྒྱལ་བ་ལ་ནི་མར་དང་འབྲས་ཀྱིའོ། །རྡོ་རྗེ་མཚན་ལ་ནི་འབྱུང་པོའི་ཟས་སྦྱིན་ནོ། །རྡོ་རྗེ་རྟགས་ ལ་ནི་ཏིལ་མར་གྱི་ཚིགས་མ་དང་། །འབྲས་ཆན་བསྲེས་པ་སྦྱིན་ནོ། །བཀྲ་ཤིས་ལ་ནི་གཏོར་མ་སྣ་ཚོགས་སྦྱིན་ནོ། །ཤིན་ཏུ་བཀྲ་ཤིས་ལ་ནི་ཤ་སྦྱིན་ནོ། །པདྨ་མཚན་ལ་ནི་འབྲས་ཅན་འོ་མ་དང་སྦྱར་བ་སྦྱིན་ནོ། །པདྨ་ཕྲེང་ལ་ནི་ཁུ་བ་ལ་སོགས་གཏོར་མ་སྣ་ཚོགས་སྦྱིན་ནོ། ། གཡུང་དྲུང་རིས་ལ་ནི་མོན་སྲན་གྲེའུའི་ཆན་དང་འབྲས་དྲུས་བརྡུངས་པ་ལ་སོགས་པ་སྦྱིན་ནོ། །མདུང་རྩེ་གསུམ་པ་ལ་ནི་འབྲས་ཆན་ཞོ་དང་སྦྱར་བ་སྦྱིན་ནོ། །རྡོ་རྗེ་ལ་ནི་གཏོར་མ་སྣ་ཚོགས་སྦྱིན་ནོ། །མཆེ་བ་ལ་ནི་མོན་སྲན་གྲེའུ་དང་ཟན་དྲོན་སྦྱིན་ནོ། །མདུང་ཐུང་ ལ་ནི་འབྲས་ཀྱི་འོ་ཐུག་སྦྱིན་ནོ། ཀླུ་ལག་ལ་ནི་མངར་གསུམ་གྱི་གཏོར་མ་སྦྱིན་ནོ། །ཞགས་པ་ལ་ནི་མོན་སྲན་གྲེའུའི་ཆན་དང་། འབྲས་དྲུས་བརྡུངས་པ་དང་། སྦྱར་ཐུག་དང་། སྦྲང་རྩི་སྦྱིན་ནོ། །རལ་གྲི་ལ་ནི་མར་དང་། ཞོ་དང་འབྲས་ཡོས་སྦྱིན་ནོ། དབྱུག་པ་ལ་ནི་འབྱུང་ པོའི་ཟས་ཐམས་ཅད་ཀྱི་གཏོར་མ་སྦྱིན་ནོ། །འཁོར་ལོ་ལ་ནི་ཁུ་བ་བཀྲ་ཤིས་ལྡན་དང་པེན་ཙེ་སྦྱིན་ནོ། །ཕྱག་རྒྱ་རྣམས་གསང་སྟེ་བལྟ་བའི་གཏོར་མ་འདི་དག་བདག་གིས་བཤད་ཟིན་ཏོ། །ཕྱག་རྒྱ་ཐམས་ཅད་ཀྱི་གཏོར་མར་བསྟན་པ་གང་ཡིན་པ་འདི་དག་ནི་བཅོམ་ལྡན་འདས་མཱ་མ་ཀཱི་ལ་ ཡང་དབུལ་བར་བྱའོ། །དེ་ནས་ཕྱག་རྒྱ་བསྒྲུབ་ན་ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་བཟའ་ཞིང་མཱ་མ་ཀཱི་ལ་ཡང་བསྙེན་བཀུར་བྱས་ན་ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར་རོ། །རིག་པ་མཆོག་གི་ལས་སྔར་ངས་བཤད་པ་གང་ཡིན་པའི་རིག་སྔགས་ཀྱི་རྒྱལ་པོ་ནི་སྙིང་པོ་དང་ལྷན་ཅིག་ཏུ་སྦྱར་བར་ བྱའོ། །སྙིང་པོ་ཡང་ཉེ་བའི་སྙིང་པོ་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ། །རིག་སྔགས་ཀྱི་རྒྱལ་པོ་ནི་སྤྱན་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ། །སྤྱན་ཡང་སྙིང་པོའི་རྒྱལ་པོ་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ། །ལྷ་རྣམས་འདི་ཡང་ངས་བཤད་པར་བྱའོ། །སེམས་རྩེ་གཅིག་ཏུ་གྱིས་ལ་ ཉོན་ཅིག །ཞི་བའི་ལས་རྣམས་ལ་ནི་སྙིང་པོ་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ། །རྒྱས་པ་རྣམས་ལ་ནི་སྤྱན་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ། །དྲག་ཤུལ་རྣམས་ལ་ནི་ཉེ་བའི་སྙིང་པོ་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ། །བཅོམ་ལྡན་འདས་མའི་དྲག་ཤུལ་ལ་ནི་རིག་སྔགས་ཀྱི་རྒྱལ་པོ་ དང་ལྷན་ཅིག་ཏུ་བཟླས་བརྗོད་བྱའོ། །རྒྱས་པའི་ལས་ལ་ནི་མཱ་མ་ཀཱི་གཞན་ལས་གཟུགས་བཟང་བ་དང་ལྷན་ཅིག་ཏུ་བཟླས་བརྗོད་བྱའོ། །མཱ་མ་ཀཱི་ཉིད་ཀྱི་རྒྱས་པའི་ལས་ལ་ནི་མཱ་མ་ཀཱིའི་སྙིང་པོའི་རྒྱལ་པོ་དང་། །ལྷན་ཅིག་ཏུ་བཟླས་བརྗོད་བྱའོ། །ཕོ་ཉ་མ་རྣམས་ལ་ནི་ལྕགས་ ཅན་དྲན་པར་བྱ་སྟེ་བཟླས་བརྗོད་བྱའོ། །ཡང་ན་ཚོགས་ཀྱི་ཕྱག་རྒྱ་རྣམས་བཀོད་ལ་བསྒྲུབ་པར་བྱའོ། །ཆོ་ག་རྒྱས་པའི་ལྷ་ཐམས་ཅད་ཀྱང་རང་རང་གི་ཕྱག་རྒྱའི་གཟུགས་བཞག་ནས་བསྒྲུབ་པར་བྱའོ། །ཕྱག་རྒྱ་བྲིས་ནས་སྦྱིན་སྲེག་བསྙེན་བཀུར་བྱའོ། །དེ་ནས་ལྷ་རྣམས་ཀྱིས་ བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་བསྟོད་དེ་སྨྲས་པ། རྡོ་རྗེ་འཛིན་ཆེན་པོ་བདག་ཅག་སྙིང་དགའ་བར་བྱེད་པའི་གཟུགས་བཟང་མའི་ཕྱག་རྒྱའི་མཆོག་རྣམས་ཀྱི་ལས་གང་རྗེས་སུ་དྲན་པར་བྱས་ན་མི་རྣམས་ལ་བདག་ཅག་དངོས་གྲུབ་སྩོལ་བར་འགྱུར་བའི་ལས་རྣམས་ཤོད་ཅིག །ལྷ་རྣམས་ དེ་དེ་ལྟར་བྱའོ། །དེ་དེ་ལྟར་བྱ་སྟེ། སྙིང་དགའ་བར་བྱེད་པའི་ལས་རྣམས་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་རྣལ་འབྱོར་དམ་པ་ལ་གནས་ནས་གཟུགས་བཟང་མ་བཤད་པ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཀཱ་ལ་ཏྲི་ཏནྟཱ་རུ་ཏི་ནི་ཤཾ་ཀ་རེ་ཤི་ཀ་རེ། གྷ་ཊ་གྷ་ཊ། གྷུ་ཊི་ནི། པཱ་ཏ་ནི་སྭཱ་ཧཱ། རྣམ་པར་རྒྱལ་བའི་རྒྱུད་ཆེན་པོའི་སྙིང་པོ་བདུན་གྱིས་བརྒྱན་པ། གང་ལས་སངས་རྒྱས་ཀྱི་སྙིང་པོ་དཔའ་བོ་ཆེན་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། སོག་མེད་གཏུམ་པོ་དང་། དེ་བཞིན་དུ་ལུས་དམར་དྲག་པོ་དང་། སྟོབས་ཆེན་རྒྱས་པ་ དང་། དེ་བཞིན་དུ་དཔལ་བྱེད་ཞི་བར་གྲགས་པ་དང་། ལས་སྣ་ཚོགས་ཀྱིས་བརྩེ་བ་དང་། ལྷ་རྣམས་འགྱེལ་བར་བྱེད་པ་དྲག་པོའི་ཕྲེང་བ་འཛིན་པ་རྣམས་ངས་བཤད་པ་གང་ཡིན་པའི་སྙིང་པོ་སྟོབས་པོ་ཆེ་འདི་དག་ནི་རྣམ་པར་རྒྱལ་བ་དེ་ལས་འབྱུང་སྟེ། །སྟོབས་ཆེ་ཞིང་ཕ་རོལ་ གནོན་པ་ཡིན་ནོ། །དེ་ལ་ངས་བཤད་པ་གང་ཡིན་པ་དེ་དག་གི་ནང་ན་ནི་ཕྱག་རྒྱ་སྟོབས་པོ་ཆེ་ཕ་རོལ་གནོན་ཀླུ་མགོ་ཅན་དང་། ཕྲེང་བ་འཛིན་དང་ཕྱག་རྒྱ་འདི་ཉིད་གྲུབ་པ་ཡིན་ཏེ་གྲུབ་པ་ཕ་རོལ་གནོན་པ་ཡིན་ནོ། །རབ་ཏུ་འགྲུབ་པར་བྱེད་པའི་རྒྱུད་ཆེན་པོ་སྙིང་པོ་གསུམ་གྱིས་བརྒྱན་པ་ལས་ འགྲོ་ལྡིང་དང་། རྩེད་མོ་ཅན་དང་། གྲུབ་པ་གཏུམ་མོ་རྩེད་མོ་ཅན་ངས་བཤད་པ་གང་ཡིན་པ་དང་། དེ་བཞིན་དུ་དེ་ལས་ཕྱག་རྒྱ་འཇིག་རྟེན་གྱི་མ་ངས་བཤད་པ་དང་། དེ་ལས་སྙིང་པོའི་རྒྱལ་པོ་སྟོབས་པོ་ཆེ་བཤད་པ་འདི་དག་གི་ནང་ན་ནི་གདོང་དམར་བསྟན་པའི་ཕྱག་རྒྱ་སྟོབས་པོ་ ཆེ་དེ་ཆོ་ག་རྒྱས་པ་དེའི་དངོས་གྲུབ་སྦྱིན་པར་བྱེད་པ་ཡིན་ནོ། །རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བཅོམ་ལྡན་འདས་མ་ལ་དྲག་ཏུ་སྐུལ་བར་བྱེད་པ་ངས་བཤད་པ་གང་ཡིན་པ་དང་། ཆོ་ག་རྒྱས་པ་ཆེན་པོ་འདི་དག་གི་ནང་ན་ནི་རིག་པ་མཆོག་གཙོ་བོ་ཡིན་པར་ངས་བཤད་དོ། ། དེའི་ནང་ནས་ངས་བཤད་པའི་མཱ་མ་ཀཱིའི་ཕྱག་རྒྱའི་མཚན་ཉིད་གདོང་དམར་དང་། ཀླུ་མགོ་ཅན་དང་། ཕྲེང་བ་འཛིན་དང་། མཱ་མ་ཀཱི་ལ་དྲག་ཏུ་བསྐུལ་བའི་མཆོག་གི་ཕྱག་རྒྱ་འདི་རྣམས་དང་ལྡན་པར་མཁས་པ་གང་ཞིག་ཟླ་བ་གཅིག་གི་བར་དུ་འཛིན་པར་བྱེད་ལ་སློང་མོའི་ཟས་ཟ་ཞིང་ཚངས་ པར་སྤྱོད་པ་དེས་ནི་དེ་བཞིན་དུ་དུས་གསུམ་དུ་མཆོད་པ་བྱས་ཏེ། དེར་མཱ་མ་ཀཱིའི་མིང་བསྒྲགས་པ་ཡང་བརྗོད་ན་ཟླ་བ་ཚང་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཕྱག་རྒྱའི་ལྷ་དང་ཐབས་ཅིག་ཏུ་མཐོང་བར་འགྱུར་ཏེ། ཡིད་ལ་སྨོན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནས་ཟླ་ བ་ཕྱེད་ཀྱི་བར་དུ་སློང་མོའི་ཟས་བཟའ་ཞིང་ཁང་པ་སྟོང་པར་དུས་གསུམ་དུ་རིག་སྔགས་ཀྱི་རྒྱལ་པོ་སྟོང་དང་ལྡན་པར་མིང་ཡང་དག་པར་བརྗོད་པར་བྱའོ། །ཡང་ན་ཏ་ལའི་ལོ་མའམ་གྲོ་ག་ལ་བྲིས་ཏེ་མཆོད་ན་ཡང་ཟླ་བ་ཕྱེད་ཀྱིས་ཕྱག་རྒྱའི་ལྷ་མཐོང་བར་འགྱུར་ཏེ། ཅི་འདོད་པ་བཞིན་དུ་ལྷ་དེས་བྱེད་ པར་འགྱུར་རོ། །ཕྱག་རྒྱ་དེ་དག་ལས་གང་ཡང་རུང་བ་བཞག་ནས་བསྙེན་བཀུར་བྱས་ན་ཕྱག་རྒྱ་རྣམས་འགྲུབ་པར་འགྱུར་ཏེ། དེ་ཕྱིན་ཆད་ལས་ཐམས་ཅད་ལ་ཕྱག་རྒྱ་བཞག་ནས་ལས་བསྒྲུབ་པར་བྱའོ། །ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་ཟ་ཞིང་། ཁང་པ་སྟོང་པར་རིག་སྔགས་ཀྱི་ རྒྱལ་པོས་མཱ་མ་ཀཱི་དང་། གདོང་དམར་དང་། ཀླུ་མགོ་ཅན་དང་། ཕྲེང་བ་འཛིན་དང་། ཕྱག་རྒྱའི་རྒྱལ་མོ་འདི་དག་ལ་བསྙེན་བཀུར་བྱས་ཏེ། མཇུག་ཞག་གསུམ་གྱི་བར་དུ་སྨྱུང་བར་བྱས་ནས། དབེན་པའི་ཕྱོགས་སུ་དཀྱིལ་འཁོར་སྐྱོང་ནུལ་གྱིས་བྱུགས་ནས་མར་གྱི་ངོ་ཞག་བཅུ་བཞི་ ལ་རྫས་དེ་དག་གིས་མཱ་མ་ཀཱིའི་གཟུགས་བྱས་ཏེ་གཞག་གོ། །གདོང་དམར་གྱི་གཟུགས་ཙནྡན་དཀར་པོའི་ཕྱེ་མ་ལས་བྱས་ཏེ་གཡས་ཕྱོགས་སུ་གཞག་གོ། །ཀླུ་མགོ་ཅན་དང་། ཕྲེང་བ་འཛིན་ནི་ཙནྡན་དམར་པོའི་ཕྱེ་མ་ལས་བྱས་ཏེ་གཞག་གོ། །དེ་ནས་རིག་སྔགས་འཆང་གི་ ཕྱག་རྒྱ་དེ་དག་གི་མིང་བརྗོད་པར་བྱ་སྟེ། ལྷ་བཤོས་གཙང་མ་སྣ་ཚོགས་ཅི་འདོད་པ་ཡང་དབུལ་ལོ། །དེ་ནས་རིག་སྔགས་འཆང་གིས་གློ་ཕྱོགས་སུ་བུམ་པ་བཞག་ལ་དེའི་ནང་དུ་ལུས་ཀྱི་ཡན་ལག་གི་གཟུགས་གཞུག་པར་བྱའོ། །དེ་ནས་རིག་སྔགས་འཆང་གི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་ ཆུ་སྐྱོར་བ་རེ་རེ་ནས་ལན་བརྒྱད་སྟོང་ཚང་བའི་བར་དུ་ཕྱག་རྒྱ་མཆོག་དེ་དག་ལ་བསྣུན་པར་བྱ། དེ་ནས་ལྷ་དེ་དེར་འོང་བར་འགྱུར་རོ། །དེ་ནས་གང་འདོད་པ་དེ་ཉིད་བླང་བར་བྱའོ། །དེ་ནས་ཡིད་ལ་ཅི་བསམས་པ་དེ་ལྷ་དེས་བྱེད་པར་འགྱུར་རོ། །ཅི་སྟེ་ལས་འདི་བྱས་ཀྱང་མ་འོངས་ན་མཱ་མ་ཀཱིའི་ཕྱག་རྒྱ་རྣམས་ཀྱི་སྦྱིན་ སྲེག་ལན་བརྒྱ་བྱས་ན་ལྷ་དེ་ཚིག་བཞིན་དུ་དེ་ཉིད་དུ་འོང་བར་འགྱུར་རོ། །དེ་ནས་ལྷའི་ཚོགས་དེ་དག་སྐྲག་ཅིང་སྒྱིད་ལུག་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །སྟོབས་པོ་ཆེ་ལས་འདི་ནི་དྲག་ཅིང་མི་བཟད་ལ་གཏུམ་པ་ཡིན་གྱིས་མིང་བརྗོད་པ་ཙམ་གྱིས་ཀྱང་དངོས་ གྲུབ་ཆེན་པོ་སྦྱིན་པར་བྱ་ན་འཆང་བ་དང་མཆོད་པ་བྱེད་པ་གང་ཡིན་པ་ལྟ་ཅི་སྨོས། དུས་གསུམ་དུ་ཁྲུས་བྱེད་ལ་སློང་མོའི་ཟས་ཟ་ཞིང་ཟླ་བ་གཅིག་གི་བར་དུ་བཅོམ་ལྡན་འདས་མ་རྣམས་ཀྱི་མིང་བརྗོད་པར་བྱ་བ་སྙིང་དགའ་བར་བྱེད་པ་སྟོབས་པོ་ཆེས་བཤད་པ་དེས་ནང་པར་ལངས་ནས་དྲན་ པར་བྱེད་ཅིང་ཀློག་པ་གང་ཡིན་པ་དེ་ལ་ནི་ལས་འགྲུབ་པ་སྦྱིན་ཞིང་རྟག་ཏུ་བསྲུང་བར་ཡང་བགྱིའོ། །ལྷ་རྣམས་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། སྙིང་དགའ་བར་བྱེད་པའི་ལས་ཀློག་ཅིང་རྗོད་པར་བྱེད་པ་དང་། མཱ་མ་ཀཱིའི་ལས་ལ་སོགས་པའི་ཕྱག་རྒྱའི་ཚོགས་རྣམས་ཆོ་ག་འདི་བཞིན་དུ་ཏ་ལའི་ ལོ་མ་ལ་བྲིས་ཏེ་མཆོད་ཅིང་རི་མོར་བྱེད་པ་གང་ཡིན་པ་དེ་ལ་ངའི་བཀས་ཁྱོད་ཀྱིས་དངོས་གྲུབ་སྦྱིན་པར་གྱིས་ཤིག །སུ་ངའི་བཀའ་གཅོག་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྙིང་རིངས་པ་ཡིན་ཏེ། དེའི་མགོ་བོ་ངས་རྡོ་རྗེ་ཀུན་ཏུ་འབར་ཞིང་རབ་ཏུ་འབར་བས་གཞོམ་པར་བྱའོ། ། གང་ཞག་བདུན་གྱི་བར་དུ་མཱ་མ་ཀཱི་དང་བཅས་པའི་ཕྱག་རྒྱའི་ཚོགས་ཀྱི་ལས་ནང་པར་ཞིང་ཀློག་པར་བྱེད་པ་དེ་ལ་ནི་དེ་དག་གིས་དགའ་བའི་སེམས་ཀྱིས་མྱུར་དུ་དངོས་གྲུབ་སྩོལ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མངོན་དུ་ཕྱོགས་པར་འགྱུར་ཏེ། རྨི་ལམ་དུའང་སྟོན་པར་མཛད་ དོ། །བཅོམ་ལྡན་འདས་ལག་ན་རྡོ་རྗེའང་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ། །རྡོ་རྗེའི་རིགས་ཀྱང་རྟག་ཏུ་སྟོན་པར་བྱེད་དོ། །ཆོ་ག་འདི་དག་ལྟར་ཕྱག་རྒྱའི་ཚོགས་ཀྱི་མིང་བརྗོད་ན་ཡང་སེམས་ཅན་དམྱལ་བར་འགྲོ་བར་མི་འགྱུར་ན་མཱ་མ་ཀཱི་འཆང་བ་དང་། ཀླུ་མགོ་ཅན་ཆེན་ མོ་དང་། ཕྲེང་བ་འཛིན་དང་། གདོང་དམར་རྣམས་འཆང་བ་དང་། དྲན་པ་དང་མཆོད་པར་བྱེད་པ་ལྟ་ཅི་སྨོས་ཏེ། དེ་ངན་འགྲོ་ལོག་པར་ལྟུང་བ་དག་ཏུ་སྐྱེ་བར་འགྱུར་བ་ནི་གནས་མེད་དོ། །སྐལ་བ་མེད་ཅིང་བསོད་ནམས་མ་བྱས་པ་གང་ཡིན་པ་དེ་དག་གིས་ནི་མིང་ཡང་མི་ཤེས་སོ། །བསོད་ ནམས་བྱས་པ་གང་ཡིན་པ་དེ་ནི་ལག་ན་རྡོ་རྗེས་ཡོངས་སུ་བཟུང་བ་དང་། ལག་ན་རྡོ་རྗེའི་བུ་ཡིན་ཏེ་དེ་དག་གིས་ནི་མཱ་མ་ཀཱི་དང་། ཀླུ་མགོ་ཅན་ཆེན་མོ་དང་། གདོང་དམར་དང་། ཕྲེང་བ་འཛིན་རྣམས་ཀྱི་མིང་ཐོས་པར་འགྱུར་རོ། །རྡོ་རྗེའི་རིགས་གཙོ་བོར་གཏོགས་པ་དེ་ལས་ཤི་འཕོས་ནས་འདིར་ སྐྱེས་པ་གང་ཡིན་པ་དེ་དག་གིས་ནི་དེ་དག་མཐོང་བར་འགྱུར་ཏེ། མིང་བརྗོད་པ་དང་ལྷག་པར་ཡང་བསྒྲུབ་པར་འདོད་པ་གང་ཡིན་པ་ལ་རིག་སྔགས་ཀྱི་རྒྱལ་པོ་ཚོགས་དང་བཅས་པ་དེ་དག་གིས་དངོས་གྲུབ་སྦྱིན་པར་འགྱུར་རོ། །གང་གི་ཉིན་པར་ཡང་རུང་སྟེ། ཟས་སུ་འོ་མ་དང་། འབྲས་ ཆན་བཟའ་ཞིང་བཅོམ་ལྡན་འདས་མ་ལག་ན་རྡོ་རྗེ་དང་བཅས་པ་ལ་མཆོད་པ་ཕྱི་དེ་ཉིན་པར་སྨྱུང་བ་བྱས་ཏེ། དེ་ནས་རིག་སྔགས་འཆང་དུས་གསུམ་དུ་ཁྲུས་བྱས་པས་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་བཅོམ་ལྡན་འདས་མ་ལ་མཆོད་པ་བྱའོ། །དེ་ནས་ཕྱེ་མ་རེད་ལག་ན་པོག་ ཕོར་ཐོགས་ལ་གཙོ་བོ་ལག་ན་རྡོ་རྗེ་དང་བཅོམ་ལྡན་འདས་མ་སྤྱན་དྲང་བར་བྱའོ། །དེ་ནས་ནུབ་མོ་རྨི་ལམ་དུ་ལྷ་མོ་མཐོང་བར་འགྱུར་རོ། །དེ་ནས་ནང་པར་ལངས་ཏེ་ཁྲུས་བྱས་ལ་གཙོ་བོ་ལག་ན་རྡོ་རྗེ་དང་། །བཅོམ་ལྡན་འདས་མ་ལ་མཆོད་པ་བྱས་ནས་བླ་མ་དང་། དགེ་སློང་གང་ཡང་རུང་བ་གཅིག་ དང་། བདག་དང་མི་གསུམ་ལ་མཆོད་སྟོན་བྱས་ཏེ། བླ་མ་ནི་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་བླ་མའི་སྟན་ལ་ལྷོ་ཕྱོགས་སུ་ཁ་བལྟས་ཏེ་འདུག་ཏུ་གཞུག་གོ། །དགེ་སློང་ཅིག་ཤོས་ནི་ཤར་ཕྱོགས་སུ་ཁ་བལྟས་ཏེ་འདུག་ཏུ་གཞུག་ཅིང་གཟུགས་བཟང་མ་བཟླས་བརྗོད་བྱེད་ བཞིན་དུ་གཞུག་པར་བྱའོ། །བདག་ནི་སྤྱན་བཟླས་བརྗོད་བྱེད་བཞིན་དུ་ནུབ་ཕྱོགས་སུ་ཁ་བལྟས་ཏེ་འདུག་ལ་བླ་མའི་མདུན་དུ་དྲི་དང་། མེ་ཏོག་དང་། བདུག་པ་དབུལ་བར་བྱའོ། །དགེ་སློང་དེ་ལ་ཡང་དབུལ་བར་བྱའོ། །བདག་གི་རྐང་པ་ལ་ཡང་དབུལ་བར་བྱའོ། །བླ་མ་ལ་ནི་ས་མ་ ཏའི་ཁུར་བ་ལ་སོགས་པ་ཟས་སྣ་ཚོགས་སྦྱིན་པར་བྱའོ། །དགེ་སློང་དེ་ལ་ནི་འོ་མའི་ཐུག་པ་དང་། ཞོའི་ཐུག་པ་དང་། སྦྱར་ཐུག་གི་ཟས་སྦྱིན་པར་བྱའོ། །བདག་གིས་ཀྱང་དེ་བཞིན་དུ་ཞོ་དང་། འོ་མ་དང་། མར་ལ་སོགས་པ་དང་ལྡན་པའི་ཟས་གནང་བ་གང་ཡིན་པ་རྣམས་བཟའ་བར་ བྱ་སྟེ། མགོ་མཉམ་དུ་ཟས་བཟའ་ཞིང་ཟས་སློང་བ་ལ་གང་གིས་ཀྱང་ཟས་སྦྱིན་པར་མི་བྱའོ། །བླ་མའི་སྣོད་ནི་རིག་སྔགས་ཀྱི་རྒྱལ་པོས་གདབ་པར་བྱའོ། །དགེ་སློང་དེའི་ཡང་གཟུགས་བཟང་མས་གདབ་བོ། །བདག་གི་ནི་བཅོམ་ལྡན་འདས་མ་བཏབ་སྟེ་བཟའ་བར་བྱའོ། །དེ་ནས་ཟོས་ཟིན་ནས་ བླ་མ་ལ་རྡོ་རྗེའི་རིགས་བདག་ལ་དགའ་བར་གྱུར་ཅིག་ཅེས་སྨྲོས་ཤིག །དགེ་སློང་ལ་ཡང་ཕྱག་རྒྱའི་ཚོགས་བདག་ལ་དགའ་བར་གྱུར་ཅིག་ཅེས་སྨྲོས་ཤིག །བདག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་པོ་གཟུགས་བཟང་མ་དང་། སྤྱན་བཟླས་བརྗོད་བྱེད་བཞིན་དུ་ཆོ་ག་རྒྱས་པའི་ལྷ་རྡོ་རྗེའི་རིགས་ དང་བཅས་པ་བདག་ལ་དགའ་བར་གྱུར་ཅིག་ཅེས་སྨྲ་བར་བྱ་སྟེ། བླ་མའི་ལག་པ་གཡས་པ་ནས་བཟུང་ནས་ལན་གསུམ་དུ་སྨྲོས་ཤིག །དེ་ནས་ཆོ་ག་རྒྱས་པའི་ལྷ་ཐམས་ཅད་རྡོ་རྗེ་རིགས་དང་བཅས་པ་རྣམས་གྲུབ་པར་འགྱུར་ཏེ། དེའི་ནུབ་མོ་ནམ་ཕྱེད་ཀྱི་དུས་སུ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ ལྷ་ཐམས་ཅད་ཀྱིས་བསྐོར་བ་མཐོང་བར་འགྱུར་ཏེ་ནང་བར་མཆོད་པ་བྱའོ། །འདི་ནི་ལས་ཐམས་ཅད་ཀྱི་ནང་ནས་ལས་དམ་པ་སྟེ་མཆོག་ཏུ་གསང་བ་ཡིན་ནོ། །ཇི་ལྟར་ཚོགས་ཐམས་ཅད་ཀྱི་ནང་ན་རིག་སྔགས་ཀྱི་རྒྱལ་པོ་མཆོག་ཡིན་པ་བཞིན་དུ་མཱ་མ་ཀཱི་དང་། ཀླུ་མགོ་ཅན་དང་། ཕྲེང་བ་འཛིན་ དང་། གདོང་དམར་རྣམས་ཀྱང་དེ་དང་འདྲ་བར་བསྟན་ཏེ། དེ་ལྟར་ན་འདི་ནི་ལས་ཐམས་ཅད་དུ་ལྷ་ཐམས་ཅད་ལ་དྲག་ཏུ་བསྐུལ་བ་ཞེས་བྱ་བ་དང་། ལྷ་རྣམས་དབང་དུ་བྱེད་པ་ཞེས་བྱ་བ་ཡིན་ཏེ། ཆོ་ག་རྒྱས་པ་འདི་ཁུང་སྟོང་གཙང་མར་འདོན་པར་བྱེད་པ་གང་ཡིན་པ་དེ་ལ་ནི་ལག་ན་རྡོ་རྗེས་ བཤད་པ་བཞིན་དུ་མཱ་མ་ཀཱིའི་ཚོགས་དང་བཅས་པར་ངེས་པར་འགྲུབ་པར་འགྱུར་རོ། །ནང་པར་ལངས་ནས་ཚོགས་རྣམས་དང་། མཱ་མ་ཀཱི་དང་བཅས་པའི་མིང་ཡང་དག་པར་དྲན་པར་བྱེད་པ་གང་ཡིན་པ་དེ་ནི་མཚམས་མེད་པའང་གྲོལ་བར་འགྱུར་ཏེ། དེའི་ཕ་རོལ་ཏུ་ ཕྱིན་པ་རྣམས་འཕེལ་བར་འགྱུར་རོ། །དེ་ནས་མཱ་མ་ཀཱི་བསྒྲུབ་པར་བྱ་སྟེ། ཐོག་མར་གཟུགས་བཟང་མས་ལས་བྱས་ལ་དེ་ནས་མཱ་མ་ཀཱི་བཟླས་བརྗོད་བྱ་སྟེ། དེར་མཱ་མ་ཀཱིས་བསྟན་ན་ལྷ་ཐམས་ཅད་འོང་བར་འགྱུར་ཏེ། དེ་དག་ལ་གཟུགས་བཟང་མས་དྲི་དང་། མེ་ཏོག་དང་། བདུག་ པ་དབུལ་བར་བྱའོ། །ཇི་ལྟར་བསྟན་པ་བཞིན་དུ་རིག་སྔགས་འཆང་གིས་བླ་མ་ལ་མཆོད་པ་བྱས་ནས་མཱ་མ་ཀཱི་བསླང་བར་བྱའོ། །བླ་མས་ཀྱང་སེམས་མཉམ་པར་གཞག་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་སྦྱིན་པར་ བྱའོ། །དེ་ནས་རིག་སྔགས་འཆང་གིས་མཱ་མ་ཀཱི་བསླངས་ནས་དངོས་གྲུབ་བླངས་པར་བྱས་ཏེ་བླ་མས་གང་སྨྲས་པ་དེ་དེ་ལ་འགྲུབ་པར་འགྱུར་རོ། །ལྷ་རྣམས་ངས་ཀྱང་མཱ་མ་ཀཱི་བླངས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་སོ། །རིག་སྔགས་འཆང་མཱ་མ་ཀཱི་མཆོད་དམ་འཆང་བར་བྱེད་ པ་གང་ཡིན་པ་དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་མངོན་དུ་ཕྱོགས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་མངོན་དུ་ཕྱོགས་པར་འགྱུར་བས་རིག་སྔགས་འགྲུབ་པར་འགྱུར་ཏེ། ངན་འགྲོའི་འཇིགས་པ་ཡང་མེད་པར་འགྱུར་རོ། །མཱ་མ་ཀཱི་ལ་ཕྱག་འཚལ་ཞིང་མེ་ཏོག་གིས་མཆོད་པ་བྱེད་པ་དང་ དྲི་དང་། བདུག་པ་དང་། གསེར་གྱིས་མཆོད་པ་གང་ཡིན་པ་དེས་ནི་དེ་བཞིན་གཤེགས་པའི་རང་བཞིན་ལ་བཀུར་སྟི་བྱས་པ་དང་། བླ་མར་བྱས་པ་དང་། བརྗོད་པ་དང་། མཆོད་པ་བྱས་པར་འགྱུར་རོ། །གང་གིས་མཱ་མ་ཀཱིའི་སྐུ་གཟུགས་བྱས་ལ་ཆོ་ག་སྔ་མ་བཞིན་དུ་བཞག་ནས་ཀུ་ ཤའི་སྟན་ལ་འདུག་སྟེ། ཉི་མ་བཟང་བ་ལ་པདྨ་སྟོང་གིས་བསྣུན་ན་མཱ་མ་ཀཱིའི་ཁོང་ནས་འོད་ཟེར་གཅིག་འབྱུང་སྟེ། རིག་སྔགས་འཆང་དེ་ལ་གཡས་ཕྱོགས་སུ་བསྐོར་ནས་རྣ་བ་གཡས་པའི་ནང་དུ་འཇུག་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་མངོན་པར་ཤེས་པ་ཐོབ་པར་འགྱུར་ ཏེ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་མཐོང་བར་འགྱུར། བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཕོ་ཉ་མའི་ཚོགས་ཀྱི་འཁོར་དང་བཅས་པ་ཡང་མཐོང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་རིག་སྔགས་དེ་བླངས་ནས་དགའ་ལྡན་གྱི་གནས་སུ་ འཇོག་པར་བྱེད་དོ། །འཕགས་པ་བྱམས་པ་དང་ལྷན་ཅིག་ཏུ་གནས་པར་འགྱུར་རོ། །མཱ་མ་ཀཱི་སྨན་བརྒྱད་དང་ལྡན་པ་མཐོང་བ་གང་ཡིན་པ་དེ་ནི་མཐོང་བས་ཆོ་ག་རྒྱས་པར་འགྲུབ་པར་འགྱུར་ཏེ། རིག་སྔགས་འགྲུབ་པར་འགྱུར་བའི་མཚན་མ་དག་ཀྱང་འབྱུང་བར་འགྱུར་ཞིང་འདོད་དགུར་ སྒྱུར་བའི་གཟུགས་ཅན་གྱི་བར་དུ་ཡང་འགྱུར་རོ། །བཅོམ་ལྡན་འདས་མའི་ཆོ་ག་ཡང་བཤད་པར་བྱ་སྟེ། བསྒྲུབ་པ་ཐམས་ཅད་ལ་ཕྱག་རྒྱ་གཅིག་གཞག་པར་བྱའོ། །ཕྱག་རྒྱས་བཏབ་ན་བསྒྲུབ་པ་ལ་མྱུར་དུ་དངོས་གྲུབ་ཀྱི་མཚན་མ་འབྱུང་བར་འགྱུར་རོ། །དམ་ཚིག་མི་ཤེས་པ་ ལ་ནི་ཕྱག་རྒྱ་བསྟན་པར་མི་བྱའོ། །གང་གི་ཚེ་རིག་སྔགས་འཆང་གིས་རིག་སྔགས་འཆང་ལ་ཕྱག་རྒྱ་བསྟན་པ་དེའི་ཚེ་བཅོམ་ལྡན་འདས་ལག་ན་རྡོ་རྗེའི་མདུན་དུ་འགྲོན་བུ་བརྒྱད་བརྒྱས་རྡོ་རྗེ་བྱས་ལ་རྡོ་རྗེ་དེའི་མདུན་དུ་ཕྱག་རྒྱ་བསྟན་པར་བྱའོ། །བླ་མ་ལ་དད་པས་ཀྱང་རྡོ་རྗེ་ལ་མཆོད་ ཡོན་ཕུལ་ནས་བླ་མ་ལ་ཡོན་ཕུལ་ཏེ་ཕྱག་རྒྱ་བལྟ་བར་བྱའོ། །མཐོང་ན་ལག་ན་རྡོ་རྗེ་མཐོང་བ་ཡིན་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྣམས་ལ་བསྟན་པར་བྱའོ། །སྡིག་པ་བྱེད་པ་རྣམས་ལ་བསྟན་པར་མི་བྱའོ། །སྡིག་པ་བྱེད་པ་གང་ཡིན་པ་དེ་དག་གིས་ནི་ཕྱག་རྒྱའི་ཚོགས་ཀྱི་མིང་ཡང་མི་ ཤེས་ཏེ། དགེ་བའི་རྩེ་བ་བསགས་པ་གང་ཡིན་པ་དེ་དག་གིས་ནི་ཕྱག་རྒྱ་འདི་ཐོབ་པར་འགྱུར་རོ། །ངའི་ཕྱག་རྒྱའི་ཚོགས་གསང་བ་འདི་ནི་གཙང་བ་དང་། དབེན་པར་བལྟ་བར་བྱ་སྟེ། ཕྱག་རྒྱ་མཐོང་བ་གང་ཡིན་པ་དེ་དག་ལ་ནི་རིག་པ་མཆོག་གི་ཆོ་ག་རྒྱས་པ་གསང་བ་དང་བཅས། གསང་ཆེན་དང་བཅས་པ་ལག་ཏུ་སོན་པ་ཡིན་ནོ། །རིག་སྔགས་འཆང་གིས་ཀྱང་ཕྱག་རྒྱའི་ཚོགས་ཀྱི་དྲུང་དུ་བླ་མ་ལ་དཔག་ཏུ་མེད་པའི་ཡོན་ཕུལ་ལ་བླ་མའི་ལག་ནས་རིག་པ་མཆོག་གི་ཆོ་ག་རྒྱས་པ་མནོད་པར་བྱ་སྟེ། བླ་མ་ལ་དད་པ་དེ་ལ་མངོན་པར་དགའ་བའི་དངོས་གྲུབ་སྦྱིན་པར་ བྱའོ། །དེ་ལྟར་བྱས་ན་བཅོམ་ལྡན་འདས་ལག་ན་རྡོ་རྗེས་བྱིན་པ་ཡིན་ཏེ་ཆོ་ག་རྒྱས་པ་ཡང་འགྲུབ་པར་འགྱུར་རོ། །དེ་ནས་བླ་མའི་ལག་ནས་ཕྱག་རྒྱ་མཐོང་བ་ཙམ་གྱིས་སྦྱོར་བ་བྱས་ན་ནི་ཕྱག་རྒྱ་མ་རུང་བར་བྱེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་གནས་སམ། སྐུ་གདུང་གི་གནས་སུ་ཕྱག་རྒྱའི་ཚོགས་བཀོད་ནས་ཕྱག་རྒྱ་ལ་ལྟ་བ་གང་ཡིན་པ་དེ་དག་ནི་ཕྱིར་མི་ལྡོག་པ་ཡིན་པར་བལྟ་བར་བྱ་སྟེ་དེ་ནི་ལྷ་ཐམས་ཅད་ཀྱིས་ཕྱག་བྱ་བ་ཡིན་ནོ། །ང་གང་ན་འདུག་པ་དེ་ན་ཕྱག་རྒྱ་གནས་ལ། ཕྱག་རྒྱ་གང་ན་གནས་པ་དེ་ན་ང་འདུག་སྟེ། ང་མཐོང་བས་དེ་ དག་ངེས་པར་ཕྱིར་མི་ལྡོག་པའི་འབྲས་བུ་དང་ལྡན་པར་འགྱུར་རོ། །ལུས་ཞིག་པའི་ཚེ་ཡང་ལག་ན་རྡོ་རྗེའི་གནས་ཡིད་དུ་འོང་བའམ། བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །གང་གི་ཕྱིར་ཕྱག་རྒྱ་ལྟ་བར་བྱེད་ན་ཕྱག་རྒྱའི་དབྱིབས་ལག་པའི་ཚུལ་གྱིས་བསྟན་པར་བྱའོ། །དཀྱིལ་འཁོར་དུ་ཡང་ དབྱིབས་སུ་བྲི་བར་བྱ་སྟེ། དེ་མཐོང་ནས་ཆོ་ག་བཞིན་དུ་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འཁོར་གྱི་ནང་ནས་ལངས་ཏེ། །བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་གསང་བ་དང་བཅས་གསང་ཆེན་དང་བཅས་པ་བདག་གིས་བཤད་ལགས་ཀྱིས་བཅོམ་ལྡན་འདས་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་མཆིས་ལ་སེམས་ཅན་རྣམས་ གདུལ་བར་འཚལ་ལོ། །དེ་སྐད་ཅེས་གསོལ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་གང་ཁྱོད་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་འདི་བཤད་པ་ནི་ཁྱོད་གཏུམ་པ་ཡིན། །བསྟེན་པར་དཀའ་བ་ཡིན། །ཤིན་ ཏུ་ཐུབ་པར་དཀའ་བ་ཡིན། །འཕགས་པའི་ཚུལ་མེད་པ་ཡིན་ཏེ། །ལག་ན་རྡོ་རྗེ་ཁྱོད་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་བཤད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་གསང་བ་མེད་པར་ལས་མི་བྱེད་དོ། །ལག་ན་རྡོ་རྗེ་དེ་བས་ན་རྡོ་རྗེའི་རིགས་འདི་དང་། རིག་པ་མཆོག་གི་ཆོ་ག་ རྒྱས་པ་ཆེན་པོ་འདི་བདེ་བླག་ཏུ་འགྲུབ་པར་བྱ་བའི་ཕྱིར་ཁྱོད་ཀྱི་མིང་བརྒྱད་པ་གསང་སྔགས་ཀྱི་འཁོར་དང་བཅས་པ་གང་ཐོས་ནས་མཚམས་མེད་པ་ལྔ་བྱེད་པ་ཡང་སྡིག་པ་འབྱང་པར་འགྱུར་བ་དང་། ལག་ན་རྡོ་རྗེ་ཁྱོད་ཀྱང་མཐོང་བར་འགྱུར་བ་དང་། བགེགས་དང་ལོག་འདྲེན་ཐམས་ ཅད་ཀྱང་འབྱེར་བར་འགྱུར་བ་དང་། ལོག་འདྲེན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་ཀྱང་ཕྱོགས་བཅུར་འབྱེར་བར་འགྱུར་བ་དང་། གང་ཐོས་ན་ཚངས་པར་མ་སྤྱད་པ་ཡང་ཚངས་པར་སྤྱོད་པར་འགྱུར་བ་དང་། ཐུབ་པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར་བ་དང་། སྨྱུང་བར་མ་བྱས་པ་ཡང་སྨྱུང་བར་བྱས་པར་འགྱུར་བ་དང་། དགེ་སྦྱོང་མ་ཡིན་པ་ཡང་དགེ་སྦྱོང་གི་འབྲས་བུ་དང་ལྡན་པར་འགྱུར་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ་ལ་བསྲུང་བ་མཛད་པ་དང་། ལས་ཀྱི་དངོས་གྲུབ་ཀྱང་སྩོལ་བ་བཤད་པར་བྱའོ། །དེ་ནས་ བཅོམ་ལྡན་འདས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་མིང་བརྒྱད་པ་གསང་བ་གསང་སྔགས་ཀྱི་དཀྱིལ་འཁོར་དང་བཅས་པ་རྣམས་གང་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ལག་ན་རྡོ་རྗེ་ངས་བཤད་ཀྱིས་ཉོན་ཅིག །འདི་ལྟ་སྟེ་ཁྱོད་ནི་གླང་པོའི་རྣ་བ་ཅན་ཡིན། ཁྱོད་ནི་རྒྱན་བཟང་པོ་དང་ལྡན་པ་ཡིན། ཁྱོད་ནི་རྣམ་པར་གནོན་པ་ཡིན། ཁྱོད་ནི་ཡོན་ཏན་རིན་པོ་ཆེའི་འབྱུང་ཁུངས་ཡིན། ཁྱོད་ནི་བདེན་པའི་སྤྲིན་ཡིན། ཁྱོད་ནི་གཟུགས་ སྡུག་པའི་རྒྱན་དང་ལྡན་པ་ཡིན། ཁྱོད་ནི་འབར་བའི་མེ་ལྕེ་དང་ལྡན་པ་ཡིན། ཁྱོད་ནི་གཟུགས་མཛེས་པ་ཡིན། ཁྱོད་ཀྱི་མིང་འདི་དག་མཁས་པ་གང་གིས་ཐོས་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བདུན་གྱི་བར་དུ་སེམས་ཅན་དམྱལ་བར་སྐྱེ་བར་མི་འགྱུར་རོ། །སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་འཆི་བའི་དུས་ཀྱི་ཚེ་མདུན་ན་བཞུགས་ཤིང་དེ་དག་དེ་ལ་ཆོས་སྟོན་པར་མཛད་དོ། །ཆོས་བསྟན་པ་དེས་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། །བྱང་ཆུབ་སེམས་དཔའ་རྣམས་དང་ཐབས་ཅིག་ཏུ་གནས་པར་འགྱུར་རོ། ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། །ན་མཿསཾགྷཱ་ཡ། ན་མོ་བཛྲ་པཱ་ཎི་ཡེ། ཏདྱ་ཐཱ། ཨཊྚེ་མཊྚེ་བ་རཊྚེ། སཽ་མེ་ས་མ་མུ་ཁི་ཧི་རི། ཐི་རི་མི་རི་ཀི་རི། །བྷི་བྷི་བྷི། སི་ནི་སིདྡྷྱནྟུ་སརྦ་ཀཱརྱཱ་ནི། མནྟྲ་པ་དཱཿསྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །འདི་ལྟར་གསང་ཆེན་བཀའ་སྩལ་པ། གང་ལགས་པ་ནི་བདག་ལགས་ཏེ་བཅོམ་ལྡན་འདས་དེ་དེ་ལེགས་སོ། །དེ་དེ་ལེགས་ཏེ་བཅོམ་ལྡན་ འདས་རིག་པ་མཆོག་གི་བསྒྲུབ་པས་བཟླས་བརྗོད་བགྱིས་པ་དང་། བསྒྲུབ་པའི་ཚེ་མཆོད་པ་བགྱིས་པ་མིང་བརྒྱད་པ་བཀླག་པར་བགྱིའོ། །བཀླགས་ན་བསྟོད་པར་འགྱུར་ཏེ། དགའ་ནས་དངོས་གྲུབ་སྩལ་བར་འཚལ་ལོ། །བགེགས་ཀྱང་འབྱུང་བར་མི་འགྱུར་ལ་ལྷ་རྣམས་ཀྱང་དགའ་ ནས་མྱུར་དུ་དངོས་གྲུབ་སྩོལ་བར་བགྱིད་དོ། །ཉལ་བའི་ཚེ་བཀླགས་ན་རྨི་ལམ་ངན་པ་མཐོང་བར་མི་འགྱུར་རོ། །སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ལན་འབུམ་བཟླས་བརྗོད་བགྱིས་ན་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །མཚམས་མེད་པ་ལྔ་བགྱིས་པ་ཡང་བསྐལ་ པ་བཟང་པོར་བྱང་ཆུབ་སེམས་དཔར་འགྱུར་ཞེས་བདག་མཆིའོ། །དེ་ནས་ཡང་ལན་འབུམ་བཟླས་བརྗོད་བགྱིས་ན་སློབ་དཔོན་དུ་འགྱུར་ཏེ། དེའི་འོག་ཏུ་རིག་པ་མཆོག་གི་དཀྱིལ་འཁོར་རྣམས་བྲི་བར་བགྱིའོ། །དེ་ནས་ཡང་ལན་འབུམ་བཟླས་བརྗོད་བགྱིས་ན་རིག་སྔགས་འཆང་ གི་ལུས་ཀྱི་དཀྱིལ་འཁོར་ནས་མཚན་རྣམས་འབྱུང་བར་འགྱུར་རོ། །དེའི་འོག་ཏུ་རིག་པ་མཆོག་ཀྱང་ལན་འབུམ་བཟླས་བརྗོད་བགྱིས་ན་ལག་ན་རྡོ་རྗེ་བདག་ཉིད་མཆིས་ནས་ལག་པས་བླངས་ཏེ་གང་དང་གང་དུ་མཆི་བ་དེ་དང་དེར་ཁྲིད་ཅིང་ལག་ན་རྡོ་རྗེ་དང་འདྲ་བར་སེམས་ཅན་རྣམས་ཀྱིས་ བསམས་པ་འཚལ་བར་འགྱུར་ལ་གདུལ་བའི་སེམས་ཅན་རྣམས་ཇི་ལྟ་བུས་དབང་དུ་འགྱུར་བ་དེ་ལྟ་བུས་དབང་དུ་འགྱུར་བ་དེ་ལྟ་བུར་ཆོས་སྟོན་དེ་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་གནས་ཤིང་། བདག་ཉིད་ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བར་འགྱུར་བ་དང་། འཆི་བའི་ཚེའང་བདག་ཉིད་ གཟུགས་སྣ་ཚོགས་སུ་མཐོང་པར་འགྱུར་བ་དང་བསྡུ་བ་རྣམ་བཞིས་སེམས་ཅན་རྣམས་ཡོངས་སུ་འཛིན་པ་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔར་འགྱུར་བ་དང་། དེ་བཞིན་གཤེགས་པ་ལ་བསྐུལ་བ་དང་། ཡོངས་སུ་བསྲུང་བར་བགྱི་བ་དང་། བདུད་བཞི་ ལས་རྣམ་པར་རྒྱལ་བར་འགྱུར་རོ། །དེའི་ལས་རྣམས་འབྱུང་སྟེ། རིག་པ་མཆོག་བསྒྲུབ་པའི་རིག་སྔགས་འཆང་དམ་ཚིག་ཉམས་པས་བག་མེད་པའི་དབང་གིས་མི་བསད་པ་ལ་སོགས་པ་བྱས་སམ། ཉ་དང་ཤ་དང་ཤ་ཟོས་སམ་གྲོང་གི་ཆོས་བྱས་ན་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ ཏེ། འཕགས་པ་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ནས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་དམ་ཚིག་སྐོངས་པར་འགྱུར་རོ། །དཀྱིལ་འཁོར་དུ་མ་ཞུགས་པས་ཀྱང་དེ་ལྟར་བྱས་ན་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་ཏེ། དེའི་འོག་ཏུ་རིག་པ་མཆོག་བསྒྲུབ་པ་ན་རིག་སྔགས་ འཆང་གིས་ཟན་ཟ་བའི་ཚེ་སློང་མོའི་ཟས་ལ་ལན་གསུམ་བཟླས་བརྗོད་བྱས་ནས་མིང་བརྒྱད་པ་ལན་ཅིག་བཏོན་དེ་ཟོས་ན་ཁ་ཟས་ངན་པ་དག་པར་འགྱུར་ལ། སྦྱར་བའི་དུག་གིས་ཀྱང་མི་ཚུགས་པར་འགྱུར་རོ། །དེ་ལྟར་མ་བྱས་ན་ཤ་བསྟེན་པས་ལོག་འདྲེན་རྣམས་ཀྱིས་ཚུགས་པར་འགྱུར་ ཏེ་ལོག་འདྲེན་རྣམས་ཀྱིས་གཙེས་པ་ལ་ནི་རིག་པ་མཆོག་འགྲུབ་པར་མི་འགྱུར་རོ། །ལས་རྣམས་ལ་རིག་པ་མཆོག་གིས་བྱས་ན་ཐམས་ཅད་བྱེད་པར་འགྱུར་རོ། །དེ་ནས་གཞོན་ནུ་རྡོ་རྗེ་སྡེས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེའི་རྐང་པ་གཉིས་ལ་གཏུགས་ནས་འདི་སྐད་ཅེས་ སྨྲས་སོ། །བཅོམ་ལྡན་འདས་བགེགས་རྣམས་དང་། གདོན་རྣམས་ནི་མི་བཟད་པ་སྟེ། སྒྲུབ་པ་པོ་རྣམས་ལ་རྟག་ཏུ་གླགས་ཚོལ་ལོ། །སེམས་ཅན་སྣ་ཚོགས་དང་། སྒྲུབ་པ་པོ་རིག་སྔགས་དང་། གསང་སྔགས་བརྩོན་པ་གང་ཡིན་པ་དེ་དག་གི་ཆོ་ག་ཉམས་པ་ལ་ཡང་གདོན་ རྣམས་དང་། རིམས་ལ་སོགས་པའི་གནོད་པས་འཚེ་བར་བགྱིད་དེ་བཅོམ་ལྡན་འདས་དེ་དག་ལ་ཕན་པའི་ཕྱིར། བདེ་བླག་ཏུ་འགྲུབ་པར་འགྱུར་བའི་ཐབས་གང་གིས་ལོག་འདྲེན་རྣམས་བསལ་ནས་བདེ་བླག་ཏུ་གསང་སྔགས་འགྲུབ་པར་འགྱུར་བ་དང་། ཇི་ལྟར་འདོད་པ་བཞིན་དུ་བདེ་བར་ གནས་པར་འགྱུར་བའི་གསང་ཆེན་བསྡུས་པའི་ཆོ་ག་འབའ་ཞིག་བཤད་པར་གསོལ། །དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས་གཞོན་ནུ་རྡོ་རྗེ་སྡེ་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་གང་ཁྱོད་སྒྲུབ་པ་པོ་རྣམས་ལ་ཕན་པའི་ཕྱིར་བརྩོན་པ་དང་། བྱང་ཆུབ་ སེམས་དཔའི་སྤྱོད་པ་ལ་ཞུགས་པ་ལེགས་སོ་ལེགས་སོ། །དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །རྡོ་རྗེ་སྡེ་ཕྱག་རྒྱ་ཆེན་པོ་འབར་བ་སྟོབས་པོ་ཆེ་དོན་ཐམས་ཅད་འགྲུབ་པ། ཆོ་ག་བཞིན་དུ་ཚུལ་བསྟན་པ་ཙམ་གྱིས་དེ་མ་ཐག་ཏུ་ལས་ཐམས་ཅད་བྱེད་པ་དང་། གདོན་ ཐམས་ཅད་ཀྱང་སྐྲག་པར་བྱེད་པ། བགེགས་རྣམས་ཀྱང་འཇིགས་པར་བྱེད་པ་དང་། ལྷ་རྣམས་ཀྱང་འགྲུབ་པར་བྱེད་པ། ཀླུ་རྣམས་ཀྱང་འདྲེན་པར་བྱེད་པ། འབྱུང་པོ་རྣམས་ཀྱང་སྐྲོད་པར་བྱེད་པ་དང་། སྟག་ལ་སོགས་པ་མཆེ་བ་ཅན་རྣམས་ཀྱང་འབྱེར་བར་བྱེད་པ་དང་། དེ་ལ་སོགས་པའི་ལས་རྣམས་བྱེད་པ་ཡོད་དོ། །དེ་དག་ཀུན་གྱི་མི་རྣམས་དང་། །མཚན་ཉིད་དང་ནི་དབྱིབས་རྣམས་དང་། །སོ་སོ་ཡི་ནི་ལས་རྣམས་ཀྱང་། །མདོ་ཙམ་རབ་ཏུ་བཤད་པར་བྱ། །བགེགས་རྣམས་དང་ནི་གསང་བ་དང་། །འཁྲུལ་འཁོར་གཞོམ་པར་ བསྟན་པ་ལ། །སྔགས་རྣམས་ཕྱག་རྒྱར་སྦྱར་ན་ནི། །མྱུར་དུ་ལས་རྣམས་ངེས་པར་བྱེད། །ལྷ་ལ་སོགས་པ་གཟི་ཆེན་རྣམས། །སྔོན་གྱི་དཀྱིལ་འཁོར་འདུས་པ་ཡི། །ལྷ་རྣམས་ཀུན་ལ་བདག་གིས་ནི། །ཕྱག་རྒྱ་དམ་ཚིག་བཅས་པས་ན། །ཕྱག་རྒྱ་དག་ གིས་ལྷ་རྣམས་ཀུན། །བྱམས་པ་ཡི་ནི་སེམས་སུ་འགྱུར། །འགལ་བར་བྱེད་པ་གང་དེ་དག །རྡོ་རྗེ་འཛིན་པས་གསད་པར་འགྱུར། །སྟོབས་ཆེན་ཕ་རོལ་གནོན་པ་དང་། །རྫུ་འཕྲུལ་ཆེ་བའི་ལྷ་དེ་དག །རིག་མཆོག་རྒྱུད་ཀྱི་གཡོག་འཁོར་དུ། །བྱ་བའི་ཕྱིར་ན་བཤད་པ་ ཡིན། །རིག་སྔགས་ཁྲོ་བོ་ཕོ་ཉ་མ། །རིགས་དང་ཉེ་བའི་རིགས་ཀྱི་ལྷ། །རྣལ་འབྱོར་མ་ནི་གང་བསྟན་པ། །དེ་དག་ཕྱག་རྒྱ་བཤད་པ་ཡིན། །རིག་མཆོག་རྩ་བའི་ཕྱག་རྒྱ་རྣམས། །ཐོག་མར་རབ་ཏུ་བསྟན་པ་ཡིན། །དེ་ནི་སྙིང་པོའི་ཕྱག་རྒྱ་དང་། །ཉེ་བའི་ སྙིང་པོ་རབ་ཏུ་བཤད། །རིག་སྔགས་རྒྱལ་པོ་གནོད་མཛེས་ཀྱི། །ཕྱག་རྒྱ་ལས་ཀུན་བྱེད་པ་དང་། །རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ནི། །བཀུག་པའི་ལས་ལ་སྦྱོར་བར་བྱ། །དེ་བཞིན་ཕྱག་རྒྱ་ཆེན་པོ་བརྒྱད། །བརྩོན་འགྲུས་ཆེ་ཞིང་གཟི་བརྗིད་ཆེ། །རབ་ཏུ་གཏུམ་ཞིང་ ལས་ཀུན་ལ། །ལག་ན་རྡོ་རྗེའི་མཐུ་དང་ལྡན། །རྒྱལ་བ་དང་ནི་རྣམ་པར་རྒྱལ། །མཱ་མ་ཀཱི་དང་གདོང་དམར་དང་། །ཕྲེང་བ་འཛིན་དང་ཀླུ་མགོ་ཅན། །རྣ་ཆ་གདོང་དང་འོད་ཟེར་ཕྲེང་། །ཕྱག་རྒྱ་ཆེན་པོ་བརྒྱད་བཤད་པ། །ལག་ན་རྡོ་རྗེ་གཟི་ཆེན་གྱི། །ཡན་ལག་ཀུན་ལ་ འབྱུང་བ་ཡིན། །བདག་གིས་བཤད་པ་གང་ཡིན་པའི། །གདོན་གྱི་དཀྱིལ་འཁོར་ལས་བཤད་པ། །བཅྭ་བརྒྱད་པོ་ནི་བརྩོན་འགྲུས་ཆེ། །མེ་ལྕེ་འབར་བའི་དེ་དག་དང་། །ཕྱག་རྒྱ་དྲུག་ཅུ་རྩ་བཞི་གང་། །ལས་ཀྱི་དཀྱིལ་འཁོར་ལས་བཤད་དང་། །རྡོ་རྗེ་འཕགས་བྱེད་ དཀྱིལ་འཁོར་ལས། །ཕྱག་རྒྱ་བསྟན་པ་གང་ཡིན་དང་། །དེ་དག་གི་ནི་གཙོ་བོ་ཡི། །ཕྱག་རྒྱ་མདོར་བཤད་གང་ཡིན་པ། །དེ་དག་གི་ནི་ཚུལ་དང་རྟགས། །ལས་རྣམས་ཀྱང་ནི་བསྟན་པར་བྱ། །དེ་ནས་བཅོམ་ལྡན་འདས་རིག་སྔགས་ཐམས་ཅད་ཀྱི་བདག་པོ་རིག་པ་མཆོག་ སྟོབས་དང་ཕ་རོལ་གནོན་པ་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའི་མཚན་ཉིད་འབྱུང་སྟེ། མདུན་དུ་ལག་ངར་ལྷན་ཅིག་ཏུ་སྦྱར་ལ་སོར་མོ་ཕན་ཚུན་བསྣོལ་ཏེ། ཁུ་ཚུར་བཅངས་ཏེ་གུང་མོ་བསྒྲེང་ལ་གཤིབས་ལ། །དེའི་ཕྱི་རོལ་གྱི་གློ་གཉིས་ནས་མཛུབ་མོ་གཉིས་རྡོ་རྗེའི་དབྱིབས་སུ་བྱས་ ནས་མཐེ་བོང་གཉིས་རྡོ་རྗེའི་དབྱིབས་ལྟར་རབ་ཏུ་བཞག་པ་ནི་བཅོམ་ལྡན་འདས་རིག་པ་མཆོག་གི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་གཉིས་སྤྲད་དེ་བཞག་པ་ནི་རིག་སྔགས་ཀྱི་རྒྱལ་མོའི་ཕྱག་རྒྱའོ། །སྤྱན་དྲང་བ་ནི་རིག་སྔགས་ཀྱི་རྒྱལ་པོའི་ཕྱག་རྒྱ་ལས་གུང་མོ་གཉིས་ཀྱི་དབུས་ བཀུག་ལ་གུང་མོ་གཤིབས་པའི་ཕྱི་རོལ་གྱི་ཚིགས་དྲང་པོར་བསྟན་པར་བྱ་སྟེ། རྒྱལ་བའི་བློ་གྲོས་ཀྱི་ཕྱག་རྒྱ་ཡིན་ནོ། །སླར་བཏང་བ་ནི་དེ་ཉིད་ལས་མཛུབ་མོ་གཉིས་ཅུང་ཟད་བརྐྱང་བར་བྱས་ཏེ་ཤུགས་ལྡན་གྱི་ཡིན་ནོ། །རྩ་བའི་ཕྱག་རྒྱ་ལས་གུང་མོ་གཤིབས་པའི་ཕྱི་རོལ་གྱི་ཚིགས་དྲང་པོར་ མཛུབ་མོ་གདུ་བུ་ལྟར་བཀུག་སྟེ་བཞག་པ་ནི་སྙིང་པོའི་ཕྱག་རྒྱའོ། །ཚིགས་དབུ་མར་གཞར་བ་ནི་ཉེ་བའི་སྙིང་པོའི་ཕྱག་རྒྱའོ། །མཛུབ་མོའི་ཐོར་ཏོ་མཉམ་དུ་གཤིབས་པ་ནི་བློ་གྲོས་རྡོ་རྗེའི་ཕྱག་རྒྱའོ། །དེ་ཉིད་ལས་རྒྱབ་ཏུ་བསྙམས་ཏེ་གཞར་བ་ནི་དགའ་བྱེད་གདོང་གི་ ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཀྱི་སེན་མོ་ཕན་ཚུན་སྤྲད་དེ་བཞག་པས་མཐེ་བོང་གཉིས་མནན་པ་ནི་རལ་གྲིའི་ཕྱག་རྒྱའོ། །རལ་གྲིའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཚིགས་རེ་རེ་བཀུག་སྟེ། །མཐེ་བོང་གཉིས་ཀྱི་ཕྱི་རོལ་དུ་བཞག་པ་ནི་རིག་སྔགས་ཀྱི་རྒྱལ་པོ་ རབ་ཏུ་གྲུབ་པར་བྱེད་པའི་རྩ་བའི་ཕྱག་རྒྱའོ། །དེ་ལས་མཛུབ་མོ་གཉིས་བརྐྱང་བ་ནི་དབང་ཕྱུག་ཆེན་པོའིའོ། །དེ་ཉིད་ལས་མཐེ་བོང་ཅུང་ཟད་བཀུག་པ་ནི་ལྷ་མོ་རྩེ་གསུམ་ཀ་གདེང་གི་ཕྱག་རྒྱའོ། །སྙིང་པོའི་ཕྱག་རྒྱ་ལས་གུང་མོ་གཤིབས་པའི་ཚིགས་དང་པོ་བཀུག་པ་ནི་སངས་རྒྱས་ བཅོམ་ལྡན་འདས་ཀྱི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་བཏང་སྟེ་ཚིགས་རེ་རེ་བཀུག་ལ། འོག་ཏུ་ཕན་ཚུན་སྤྲད་པ་ནི་གཙུག་ཏོར་གྱི་ཕྱག་རྒྱའོ། །མཛུབ་མོ་གཉིས་ཕྱི་རོལ་དུ་མ་ཕྲད་པར་བཟུང་བ་ནི་པདྨ་འཛིན་གྱི་ཕྱག་རྒྱའོ། །གཏུམ་སེལ་གྱི་ཕྱག་རྒྱ་ཡང་དེ་ཉིད་ ཡིན་ནོ། །ཅུང་ཟད་བརྐྱང་བ་ནི་དཔལ་ཆེན་མོའི་ཕྱག་རྒྱའོ། །དེ་ཉིད་ལས་ཚིགས་དང་པོའི་སྟེང་དུ་བཞག་པ་ནི་རྡོ་རྗེ་མི་གཡོ་བའི་ཕྱག་རྒྱའོ། །ཚིགས་རེ་རེ་བཀུག་སྟེ་མཐེ་བོང་གཉིས་ཀྱི་ཕྱི་རོལ་དུ་གཞར་བ་ནི་རྟ་མགྲིན་གྱི་ཕྱག་རྒྱའོ། །སེན་མོ་གཉིས་ལ་གཞར་བ་ནི་རྡོ་རྗེ་སྙིང་པོའི་ ཕྱག་རྒྱའོ། །དེ་བཞིན་དུ་རལ་གྲིའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཀྱི་ཚིགས་རེ་རེ་བཀུག་པ་ནི་རྫོང་གི་འཕགས་མའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་གཉིས་སོ་སོར་སྦས་པ་ནི་རལ་པ་གཅིག་པའི་ཕྱག་རྒྱའོ། །རལ་པ་གཅིག་པའི་ཕྱག་རྒྱ་ཉིད་ལས་ཚིགས་གཅིག་བཀུག་པ་ལས་ གཤིབས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱའོ། །རྫོང་གི་འཕགས་མའི་ཕྱག་རྒྱ་ལས་བཀུག་པ་ནི་གནོད་སྦྱིན་ཐམས་ཅད་ཀྱི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ལས་གུང་མོ་གཤིབས་པ་ཡིད་ཙམ་གྱིས་བཀུག་པ་ནི་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ། །རིག་སྔགས་ཀྱི་རྒྱལ་ པོའི་ཕྱག་རྒྱ་ལས་མཐེ་བོང་གཉིས་ཡིད་ཙམ་ཕྱིར་བཀྱེད་པ་ནི་འཇིགས་བྱེད་ཆེན་པོའི་ཕྱག་རྒྱའོ། །རྒྱལ་བའི་བློ་གྲོས་ཀྱི་ཕྱག་རྒྱ་ལས་ཕྱེ་སྟེ་མཐེ་བོང་བསྒྲེང་བ་ནི་རྡོ་རྗེ་སེར་སྐྱའི་ཕྱག་རྒྱའོ། །དེ་བཞིན་དུ་རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་གྱི་ཕྱག་རྒྱ་ནི་ཤུགས་ལྡན་མ་ཡང་ཡིན་ནོ། །སྙིང་པོའི་ ཕྱག་རྒྱ་ལས་མཛུབ་མོ་གཉིས་པ་ཀུག་པ་ནི་ལག་ན་རྡོ་རྗེའི་ཕྱག་རྒྱའོ། །མེ་ཏོག་གི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །ཉེ་བའི་སྙིང་པོའི་ཕྱག་རྒྱ་ལས་དེ་བཞིན་དུ་མཛུབ་མོ་གཉིས་མཐེ་བོང་ལ་རེག་པར་བྱས་པ་ནི་རྡོ་རྗེ་ཁྲོ་བོ་མཛེས་པའི་ཕྱག་རྒྱའོ། །འདོད་པའི་རྡོ་རྗེ་མའི་ཕྱག་རྒྱ་ཡང་དེ་ཉིད་ ཡིན་ནོ། །མཛུབ་མོ་གཉིས་ཅུང་ཟད་ཕྱེ་བ་ནི་ཚངས་པའི་མིག་གི་ཕྱག་རྒྱའོ། །བློ་གྲོས་རྡོ་རྗེ་ཕྱག་རྒྱ་ལས་མཐེ་བོང་གཉིས་སྦས་པ་ནི་རིག་སྔགས་ཀྱི་རྒྱལ་པོ་ཡི་གེ་འབྲུ་བཞི་པའི་ཕྱག་རྒྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དབུ་བཞི་པའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། ། མཛུབ་མོ་ཅུང་ཟད་ཕྱེ་བ་ནི་བརྒྱ་བྱིན་གྱི་ཕྱག་རྒྱའོ། །དགའ་བྱེད་གདོང་གི་ཡང་དེ་ཉིད་ཡིན་ནོ། །མཐེ་བོང་གཉིས་སྦས་པ་ནི་གཙུག་ཏོར་ཐུབ་མེད་ཀྱི་ཕྱག་རྒྱའོ། །མཛུབ་མོ་གཉིས་བཀུག་ལ་གུང་མོ་གཤིབས་པའི་ཕྱི་རོལ་ཚིགས་དྲང་པོར་བསྟན་པ་ནི་རྡོ་རྗེ་འོད་ཟེར་ཕྲེང་གི་ཕྱག་རྒྱའོ། ། ཚིགས་དབུས་མར་བསྟན་པ་ནི་འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱའོ། །ཐུར་དུ་བསྟན་པ་ནི་ཕུར་བུ་གསུམ་པའི་ཕྱག་རྒྱའོ། །རལ་གྲིའི་ཕྱག་རྒྱ་ལས་གཤིབས་པའི་རྩེ་མོ་བཀུག་པ་ནི་དབང་ཕྱུག་ཆེན་པོའི་མཚན་གྱི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་དང་སྦྱར་བ་ནི་ཉི་མའི་ནམ་མཁའི་ ཕྱག་རྒྱའོ། །རབ་ཏུ་འགྲུབ་པར་བྱེད་པའི་མཛུབ་མོའི་ཚིགས་གཉིས་བཀུག་པ་ནི་རིག་སྔགས་འཆང་ཐམས་ཅད་འགྲུབ་པའི་ཕྱག་རྒྱའོ། །རྒྱལ་བའི་རྒྱུད་ལས་དབང་བསྐུར་བའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སྲིན་པོའི་ཕྱག་རྒྱའོ། །རྩེ་ གསུམ་ཀ་གདེང་གི་ཕྱག་རྒྱ་ལས་མཐེ་བོ་སྦྱར་བ་ནི་མ་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་གུང་མོ་གཤིབས་པའི་ཕྱི་རོལ་ནས་གདུ་བུ་ལྟར་དཀྲིས་པ་ནི་རྡོ་རྗེ་སྒྲོགས་ཀྱི་ཕྱག་རྒྱའོ། །དེ་ལྟར་འདུག་བཞིན་དུ་བཀུག་པ་ནི་རྡོ་རྗེ་གདུ་བུའི་ཕྱག་རྒྱའོ། །སངས་རྒྱས་ ཐམས་ཅད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་ཕྱེ་སྟེ་གདུ་བུ་ལྟར་བྱས་ལ་གུང་མོ་གཤིབས་པའི་ཕྱི་རོལ་གྱི་ཚིགས་དང་པོར་བསྟན་པ་ནི་ཀླུ་ཆེན་པོའི་ཕྱག་རྒྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་མདོར་བསྡུས་ཏེ་རིག་པ་མཆོག་གི་ཕྱག་རྒྱའི་ཁྱད་པར་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་། ། ཕྱག་འཚལ་བའི་ཐལ་མོ་སྦྱར་ལ་སྲིན་ལག་བསྣོལ་ཏེ་ནང་དུ་བཅུག་ནས་མཐེ་བོང་གཉིས་ཀྱི་དྲུང་དུ་བཞག་ལ་དེ་གཉིས་ཀྱི་བར་དུ་མཐེ་བོང་གཉིས་དམ་དུ་གཤིབས་ཏེ་གཞག །གུང་མོ་གཤིབས་པའི་གློ་གཉིས་ནས་མཛུབ་མོ་གཉིས་རྡོ་རྗེའི་ཚུལ་དུ་བྱས། མཐེའུ་ཆུང་གཉིས་ ཀྱང་གཤིབས་ཏེ་བཞག་པ་ནི་རིག་སྔགས་ཀྱི་རྒྱལ་པོའི་རྩ་བའི་ཕྱག་རྒྱའོ། །དེ་ལས་མཐེ་བོང་གཉིས་གཤིབས་ཏེ་བསྟོད་པ་ནི་རྡོ་རྗེ་རྩེ་ལྔ་པ་ཡིན་ནོ། །དེ་ཉིད་ལས་གུང་མོ་གཤིབས་པ་ནས་གང་ཙམ་གྱིས་ཕྱེ་བ་ནི་རྡོ་རྗེ་འཇོམས་པའི་ཕྱག་རྒྱའོ། །མཐེ་བོ་དང་མཐེའུ་ཆུང་གཉིས་ གཤིབས་ལ་གུང་མོ་གཤིབས་པ་དང་ལྷན་ཅིག་ཏུ་སྦྱར་བ་ནི་ལག་ན་རྡོ་རྗེའི་སྙིང་པོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་ལས་མཛུབ་མོ་བརྐྱང་བ་ནི་རྡོ་རྗེ་འབར་བའི་ཕྱག་རྒྱའོ། །མཛུབ་མོ་ཚིགས་དབུས་མ་བཀུག་ལ་གུང་མོ་གཤིབས་པའི་ཚིགས་དང་པོར་གཞག་པ་ནི་བློན་མོ་བདུན་གྱི་སྤྱིའི་ ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོ་གཉིས་གཤིབས་ལ་མཐེའུ་ཆུང་གཉིས་གཤིབས་པ་ལས་བསྣོལ་བ་ནི་ཕོ་ཉ་མ་ཐམས་ཅད་ཀྱི་སྤྱིའི་ཕྱག་རྒྱའོ། །རིག་སྔགས་ཀྱི་རྒྱལ་པོའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་རལ་གྲི་ཕྱག་རྒྱ་ལྟར་བྱས་ལ་སྲིན་ལག་གཉིས་ཀྱང་མཐེ་བོང་གཉིས་ཀྱི་རྩེ་མོའི་ གློ་ཕྱོགས་སུ་བསྟོད་དེ་གཞར་བ་ནི་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཕྱག་རྒྱའོ། །རྩེ་ལ་སྲིན་ལག་གཉིས་སྔ་མ་ཁོ་ན་བཞིན་བཞག་པ་ནི་རྡོ་རྗེ་ཁྲོ་བོ་ཆེན་པོ་སུ་རུ་སུ་རུའི་ཕྱག་རྒྱའོ། །དེ་ལ་མཛུབ་མོའི་ཚིགས་གཅིག་བཀུག་པ་ནི་ཁྲོ་བོ་མེའི་ཕྱག་རྒྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་མདོར་ བསྡུས་ཏེ་རིག་སྔགས་ཀྱི་རྒྱལ་པོ་གནོད་མཛེས་ཀྱི་ཕྱག་རྒྱ་ལས་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་། །ཕྱག་འཚལ་བའི་ཐལ་མོ་སྦྱར་ཏེ་སྲིན་ལག་དང་མཛུབ་མོ་གཤིབས་པ་ནང་དུ་སྦས་ལ། སོར་མོ་རྣམས་ཀྱི་བར་ཕྱེ་བ་ནི་ནམ་མཁའི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་སོར་མོ་རྣམས་གཞུམ་ པ་ནི་འཕགས་པ་དོན་ཡོད་པའི་ཞགས་པའི་ཕྱག་རྒྱའོ། །དེ་ཉིད་ལས་ལག་པ་གཡོན་པའི་མཛུབ་མོ་བརྐྱང་བ་ནི་རྟ་མགྲིན་གྱི་ཕྱག་རྒྱའོ། །གཡས་པ་བརྐྱང་པ་ནི་རྡོ་རྗེ་སྙིང་པོའི་ཕྱག་རྒྱའོ། །མཱ་མ་ཀཱིའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་ཚིགས་གཅིག་བཀུག་པ་ནི་མཱ་མ་ཀཱི་སྤྱན་ དྲང་བའི་ཕྱག་རྒྱའོ། །བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །ཁྲོ་བོ་རྣམ་པར་མི་བཟད་པའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །གུང་མོ་གཤིབས་པ་ལས་རྡོ་རྗེའི་ཚུལ་དུ་བྱ་བ་ནི་ཁྲོ་བོ་རྩེ་གཅིག་ལྡན་གྱི་ཕྱག་རྒྱའོ། །གཡས་པའི་མཛུབ་མོ་བཀུག་པ་ནི་རྡོ་རྗེ་དགྲ་སྟའི་ཕྱག་རྒྱའོ། ། དེ་ཉིད་ལས་མཐེ་བོང་གཉིས་རབ་ཏུ་བཞག་སྟེ། ཚིགས་གཅིག་བཀུག་ལ་མཛུབ་མོའི་ངོས་ལ་གཞར་བ་ནི་རྡོ་རྗེ་མི་གཡོ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོའི་ཐོར་ཏོ་སྤྲད་པ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱའོ། །ཚིགས་གཉིས་བཀུག་པ་ནི་ལོག་འདྲེན་གྱི་ཕྱག་རྒྱའོ། །རྡོ་རྗེའི་ཚུལ་དུ་ བྱས་པ་ནི་གཙུག་ནས་བྱུང་བའི་ཕྱག་རྒྱའོ། །མཱ་མ་ཀཱིའི་ཕྱག་རྒྱའི་མཛུབ་མོ་གཉིས་ཕྱེ་སྟེ། གུང་མོ་གཤིབས་པའི་ཚིགས་དང་པོར་བཞག་ལ་མཐེ་བོང་གཉིས་ཀྱང་བཅུམ་པ་ནི་རྡོ་རྗེ་སྡེའི་ཕྱག་རྒྱའོ། །ཚིགས་དབུས་མར་བཞག་པ་ནི་ལག་བཟངས་ཀྱི་ཕྱག་རྒྱའོ། །དྲུང་དུ་ བཞག་པ་ནི་གཙུག་ནས་འབྱུང་གི་ཕྱག་རྒྱའོ། །དེ་གཉིས་གུང་མོ་གཤིབས་པའི་རྒྱབ་ཏུ་གདུ་བུ་ལྟར་སྦྱར་བ་ནི་ལོག་འདྲེན་ཐམས་ཅད་བཅིང་བའི་ཕྱག་རྒྱའོ། །མཱ་མ་ཀཱིའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་ཁ་ཕྱེ་སྟེ་གུང་མོ་གཤིབས་པའི་ཕྱི་རོལ་ནས་རྡོ་རྗེའི་ཚུལ་དུ་བཟུང་། མཐེ་བོང་གཉིས་ གཤིབས་ཏེ་བསྟོད་པ་ནི་རྡོ་རྗེ་རྩེ་ལྔ་པ་སྟེ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཡིན་ནོ། །དེ་བཞིན་དུ་མཛུབ་མོའི་དབུས་བཀུག་སྟེ་ཚིགས་དང་པོར་བཞག་པ་ནི་ཆུ་སྲིན་མ་ཀ་རའི་ཕྱག་རྒྱ་ཡིན་ནོ། །མཱ་མ་ཀཱིའི་ཕྱག་རྒྱ་ཉིད་ལས་མཐེའུ་ཆུང་གཤིབས་པ་མཐེ་བོང་གཤིབས་པ་དང་གུང་མོ་གཤིབས་ པ་རྣམས་བཅུམ་པ་ནི་རྡོ་རྗེ་ནག་མོའི་ཕྱག་རྒྱའོ། །མཐེའུ་ཆུང་དང་མཐེ་བོང་གཤིབས་པ་ཕན་ཚུན་བསྣོལ་ལ་གྱེན་དུ་རྡོ་རྗེ་རྩེ་གསུམ་པར་བྱ་བ་ནི་མཱ་མ་ཀཱིའི་སྙིང་པོའི་ཕྱག་རྒྱ་སྟེ། ལས་ཐམས་ཅད་བྱེད་པ་དང་། །ཤིན་ཏུ་དྲག་པོ་ཡིན་ནོ། །དེ་ཉིད་ལས་སོར་མོ་རྣམས་བཅུམ་པ་ནི་རྡོ་རྗེ་འབྱིན་ མའི་ཕྱག་རྒྱའོ། །མཐེ་བོང་གཤིབས་པ་བཅུམ་སྟེ་བཞག་པ་ནི་རྡོ་རྗེ་ལྟེ་བའི་ཕྱག་རྒྱའོ། །མཐེ་བོང་ནང་དུ་སྦས་ལ་མཐེའུ་ཆུང་གཤིབས་པ་ཕྱེ་བ་ནི་གདེང་དཀར་མའི་ཕྱག་རྒྱའོ། །དེ་ནས་འཕགས་པ་མཱ་མ་ཀཱིའི་ཕྱག་རྒྱ་ཐ་དད་པ་གདོན་ཐམས་ཅད་འཇིགས་པར་ བྱེད་པ་འབྱུང་སྟེ། གཡས་བརྐྱང་ཚུལ་གྱིས་གནས་པར་བྱས་ལ་ལག་པ་གཡོན་པ་ནི་རྡོ་རྗེ་མཚན་མ་བལྟ་བའི་དམིགས་སུ་གཏད་པར་བྱ། གཡས་པ་སྟ་ཟུར་ཕྱོགས་སུ་གཞག །བཅོམ་ལྡན་འདས་མཱ་མ་ཀཱིའི་ལས་ཀུན་བྱེད་པའི་ཕྱག་རྒྱ་གཞན་འདི་ནི་གདོན་རྣམས་ལ་སོགས་པ་དང་། སྣ་ ཚོགས་པའི་བགེགས་ལ་སྦྱར་བར་བྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་། །ལག་པ་གཡས་པའི་སོར་མོ་རྣམས་བཅངས་ཏེ་ཁུ་ཚུར་ཐ་མལ་པར་བྱས་ནས་མཛུབ་མོ་བརྐྱང་བའི་གློར་མཐེ་བོ་གཞར་བ་ནི་རྒྱལ་བའི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་དང་ བཅས་པར་བརྐྱང་བ་ནི་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་རིལ་ནང་དུ་བཅུག་སྟེ། །སོར་མོ་ཐམས་ཅད་ཀྱིས་མནན་པ་ནི་ལག་ན་རྡོ་རྗེའི་ཁུ་ཚུར་གྱི་ཕྱག་རྒྱའོ། །སོར་མོ་ཕན་ཚུན་ཡིད་ཙམ་ལྷག་པར་བྱས་པ་ནི་བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱའོ། །གུང་མོ་དང་སྲིན་ ལག་གཉིས་ཀྱི་བར་དུ་མཐེ་བོའི་ཐོར་ཏོ་ཚིགས་གཅིག་ཙམ་ཕྱི་རོལ་དུ་བྱུང་བར་བྱས་པ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ། །ལག་ན་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་དུ་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་། །སྙིམ་པ་ བཀན་ཏེ་གུང་མོ་གཉིས་ལུ་གུ་རྒྱུད་ཀྱི་ཚུལ་དུ་འཁྱུད་ནས་སོར་མོ་ལྷག་མ་རྣམས་བཀུག་པ་ལ་མཐེ་བོས་མནན་པ་ནི་གདོང་དམར་གྱི་ཕྱག་རྒྱའོ། །དེ་ཉིད་ལས་སྙིམ་པ་ཕྱེ་སྟེ་སྲིན་ལག་གཉིས་འཁྱུད་ལ་མཛུབ་མོ་གུང་མོའི་རྩེ་མོར་གཞར་བ་ནི་འོད་ཟེར་ཕྲེང་གི་ཕྱག་རྒྱའོ། །དེ་ཉིད་ལས་ མཐེའུ་ཆུང་དང་སྲིན་ལག་འཁྱུད་དེ་ལག་པའི་ནང་དུ་བཙུག་ལ་ཕྱི་རོལ་ནས་མཛུབ་མོ་གཉིས་ཀྱི་ཐོར་ཏོའི་སྟེང་ནས་གུང་མོ་བཀུག་པའི་རྩེ་མོ་མཐེ་བོང་གཉིས་ཀྱི་རྩེ་མོ་དང་སྤྲད་པ་ནི་རྣ་ཆ་གདོང་གི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་མཐེ་བོའི་ཐོར་ཏོ་ལ་གཞར་བ་ནི་དགའ་བྱེད་གདོང་གི་ཕྱག་རྒྱའོ། ། དེ་ཉིད་ལས་ལག་པ་གཡོན་པའི་སྲིན་ལག་བརྐྱང་བ་ནི་རྡོ་རྗེ་སྡེའི་ཕྱག་རྒྱའོ། །དེ་ཉིད་ལས་གཡས་པའི་སྲིན་ལག་ཕྱིར་བརྐྱང་བ་ནི་ལག་བཟངས་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་སྙིམ་པ་ཕྱེ་སྟེ་གཉིས་ཀ་ཕན་ཚུན་འཁྱུད་ནས་མཐེའུ་ཆུང་གཉིས་སྲིན་ལག་དང་གུང་མོ་མནན་ལ་མཛུབ་ མོ་གཉིས་ཀྱི་ཐོར་ཏོ་སྤྲད་དེ་མཐེ་བོང་གཉིས་ཀྱིས་སྲིན་ལག་དང་གུང་མོ་མནན་པ་ནི་ཁྲོ་བོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་གཡས་པ་བརྐྱང་བ་ནི་ཁྲོ་བོ་རྡོ་རྗེ་རྩེ་གཅིག་ལྡན་གྱི་ཕྱག་རྒྱའོ། །དེ་ཉིད་ལས་བཟློག་པ་ནི་སྙིང་པོའི་རྒྱལ་པོའི་ཕྱག་རྒྱའོ། །དེ་ལས་སྙིམ་པ་ཕྱེ་ལ་མཐེའུ་ ཆུང་དང་སྲིན་ལག་དང་གུང་མོ་རྣམས་འཁྱུད་ནས་མཛུབ་མོ་གཉིས་བཀུག་སྟེ་སྤྲད་ལ་སྲིན་ལག་གཉིས་ཀྱི་དྲུང་དུ་མཐེ་བོང་གཞག་པ་ནི་ལུས་དམར་གྱི་ཕྱག་རྒྱའོ། །དེ་ཉིད་ལས་སྲིན་ལག་བསྣོལ་བའི་རྩེ་མོར་མཐེ་བོང་གཉིས་བཞག་ལ། །མཐེའུ་ཆུང་དང་གུང་མོ་ཐ་མལ་པར་བཀུག་ པ་ནི་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་སྙིམ་པ་ཕྱེ་སྟེ་སོར་མོ་ཐམས་ཅད་ཀྱི་ཐོར་ཏོ་བསྣོལ་མར་ཕན་ཚུན་འཁྱུད་དེ་མཐེ་བོང་དང་མཛུབ་མོའི་ཐོར་ཏོ་སྤྲད་ལ་མཐེའུ་ཆུང་རང་རང་མཐེ་བོའི་དྲུང་དུ་གཞར་བ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་བཟློག་སྟེ་བཀུག་པ་ནི་ རྡོ་རྗེ་འོག་པག་ཅན་གྱི་ཕྱག་རྒྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པ་འབྱུང་ངོ་། །སྙིམ་པ་བཀན་ལ་མཐེའུ་ཆུང་གཤིབས་ནས་དེའི་རྒྱབ་ནས་སྲིན་ལག་གཤིབས་པར་བྱ། དེ་གཉིས་ཀྱི་བློའི་ཚིགས་དང་པོར་གུང་མོ་གཉིས་བཞག་ལ་མཛུབ་མོ་གཉིས་སོ་སོ་ནས་བཀུག་ སྟེ། མཐེ་བོང་གཉིས་གློ་ལ་གཞར་བ་ནི་ཀླུ་མགོ་ཅན་གྱི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་དང་མཛུབ་མོ་དང་མཐེ་བོང་ཀླུ་མགོ་གདེངས་ཀ་ལྟར་དགུག་པ་ནི་ཀླུ་ཐམས་ཅད་ཀྱི་སྙིང་པོའི་ཕྱག་རྒྱའོ། །མཐེ་བོང་གཉིས་གཅིག་ཏུ་སྦྱར་ཏེ་ཀླུ་མགོ་གདེངས་ཀ་ལྟར་བྱས་པ་ནི་ནམ་མཁའ་ལྡིང་གི་ཕྱག་རྒྱའོ། ། གུང་མོ་དང་མཛུབ་མོ་སྔོན་དུ་སྦྱར་བ་ནི་ལྷ་མ་ཡིན་ཐམས་ཅད་ཀྱི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་ནང་དུ་བཅུག་པ་དེའི་ངོས་སུ་གུང་མོ་གཉིས་ཀྱི་ཚིགས་གཅིག་བཀུག་སྟེ་བཞག་ནས་མཛུབ་མོ་གཉིས་ཕྱི་རོལ་དུ་རྡོ་རྗེ་ལྟར་བཟུང་བ་ནི་རྡོ་རྗེ་ཡངས་པ་ཆེན་པོའི་ཕྱག་ རྒྱའོ། །རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་དང་གུང་མོ་བཀུག་ལ་དེའི་ནང་དུ་མཐེ་བོང་གཞུག་པ་ནི་དེ་ཉིད་ཀྱི་སྤྱན་དྲང་བའི་ཕྱག་རྒྱའོ། །མཛུབ་མོ་བརྐྱང་བ་ནི་སླར་བཏང་བའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་ལས་གུང་མོ་ཅུང་ཟད་ཙམ་ཕྱེ་ལ་མཛུབ་མོའི་ཚིག་དང་པོའི་ངོས་ལ་ བཞག་པ་འདི་ཡང་ཀླུ་མགོ་ཅན་གྱི་ཕྱག་རྒྱ་ཡིན་ནོ། །རྩ་བའི་ཕྱག་རྒྱ་ལས་མཛུབ་མོའི་དབུས་བཀུག་ལ་གུང་མོ་གཉིས་ཀྱི་ཚིགས་དང་པོའི་ངོས་སུ་བཟུང་བ་འདི་ནི་ཀླུ་མགོ་ཅན་གྱི་ཕྱག་རྒྱ་ཐ་དད་པ་ཡིན་ནོ། །དེ་ཉིད་ལས་མཐེ་བོའི་བར་དུ་གདུ་བུ་ལྟར་བཀུག་པ་ནི་ཀླུ་ཆེན་པོའི་ཕྱག་ རྒྱའོ། །དེ་བཞིན་དུ་གཅིག་ཏུ་སྤྲད་དེ། རྩེ་གཅིག་པའི་ཚུལ་དུ་གཞག་པ་ནི་འཕྲོག་མའི་ཕྱག་རྒྱའོ། །དགའ་བོ་དང་ཉེ་དགའ་བོའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །ཚིགས་དང་པོ་གཉིས་བཀུག་པ་ནི་ཁ་འབར་མའི་ཕྱག་རྒྱའོ། །ཚིགས་གཉིས་བཀུག་པ་ནི་ཁྲོ་བོ་ཐུབ་དཀའི་ཕྱག་རྒྱའོ། ། རྩ་བའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་ཚིགས་དང་པོའི་ཕྱི་རོལ་དུ་སྦྱར་ཏེ་བཞག་པ་འདི་ནི་ཀླུ་མགོ་ཅན་གྱི་ཕྱག་རྒྱ་ཐ་དད་པ་ཡིན་ནོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཁྲུས་ཀྱི་ཆོ་ག་ཡང་དེ་ཉིད་ཡིན་ནོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པར་ འབྱུང་ངོ་། །ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་བསྣོལ་ཏེ་མཐེ་བོང་གཉིས་ནང་དུ་བཅུག་ལ་མཛུབ་མོ་གཉིས་གཤིབས་པའི་ཐོར་ཏོ་བཀུག་པ་ནི་ཕྲེང་བ་འཛིན་གྱི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོའི་དབུས་བཀུག་སྟེ་ཕན་ཚུན་ཐོར་ཏོ་སྤྲད་པ་ནི་རྡོ་རྗེ་ཁང་པའི་ཕྱག་རྒྱའོ། ། རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་བཀུག་པ་ནི་འོད་ཟེར་ཕྲེང་གི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་དབུས་བཀུག་ལ་གུང་མོ་གཉིས་བསྣོལ་ལ་བཞག །མཐེ་བོ་གཉིས་བསྟོད་དེ་རྩེ་གཅིག་པའི་ཚུལ་དུ་བྱས་པ་ནི་གདོན་ཐམས་ཅད་སྐྲག་པར་བྱ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་ བོང་གཉིས་ཀྱི་ཐོར་ཏོ་གཤིབས་ཏེ་ནང་དུ་བཅུག་པ་ནི་གདོན་ཐམས་ཅད་བཅིངས་པ་ཡིན་ནོ། །དེ་གདོན་ཐམས་ཅད་སྐྲག་པར་བྱ་བ་དེ་ཉིད་ནི་ལག་ན་རྡོ་རྗེ་དང་དབང་ཕྱུག་ཆེན་པོའི་ཕྱག་རྒྱའོ། །གདོན་བཅིངས་པ་ནི་ཁྲོ་བོ་འགྲོ་བའི་ཕྱག་རྒྱའོ། །རྩ་བའི་ཕྱག་རྒྱ་གུང་མོ་མཐེ་བོའི་ ཐོར་ཏོ་ལ་གཞར་བ་ནི་གནོད་སྦྱིན་མོ་ཐམས་ཅད་ཀྱི་སྙིང་པོའི་ཕྱག་རྒྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པ་འབྱུང་ངོ་། །ཕྱག་འཚལ་བའི་ཐལ་མོ་ལས་སྲིན་ལག་གཉིས་བསྣོལ་བ་མཐེ་བོང་དྲུང་དུ་བཞག་ལ་བར་དུ་མཐེ་བོང་གཉིས་བཞག་སྟེ་མཛུབ་མོ་གཉིས་ཀྱི་དབུས་བཀུག་ནས་གུང་མོ་གཤིབས་ པའི་སྟེང་དུ་བཞག་ལ་མཐེའུ་ཆུང་གཉིས་གཤིབས་པའི་འོད་ཟེར་