Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 036_ཕལ་ཆེན།_ཁ

Văn bản gốc(Tây Tạng)

Trang 17 / 22 (50.000 ký tự/trang)
དཔའ་ཆེན་པོ་ཀུན་ཏུ་བཟང་པོས་དེ་སྐད་ཅེས་སྨྲས་པ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡིད་དགའ་སྟེ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་སྨྲས་པ་ལ་མངོན་པར་དགའོ། །ཀུན་ཏུ་བཟང་པོས་བསྟན་པའི་ལེའུ་ཞེས་བྱ་བ་སྟེ། སུམ་ཅུ་རྩ་གཉིས་པའོ།། །།བཅོམ་ལྡན་

འདས་ཐོག་མ་མངོན་པར་སངས་རྒྱས་པ་ཕོ་བྲང་འོད་ཐམས་ཅད་ཀྱི་སྙིང་པོ་ཅན་ན་དེ་བཞིན་དུ་མཉམ་པར་གཞག་པར་བཅོམ་ལྡན་འདས་བསམ་གཏན་ཁྲག་ཁྲིག་བརྒྱའི་ཏིང་ངེ་འཛིན་དང་། ཐམས་ཅད་ཀྱིས་མྱི་ཕྱེད་
པའི་ལྷག་པའི་བསམ་པས་ཐོབ་པའི་ཐམས་ཅད་མཁྱེན་པའི་སྟོབས་དང་དེ་བཞིན་གཤེགས་པའི་སྐུ་ཤིན་ཏུ་དག་པ་དང་། གནས་མེད་པ་ལ་རྟེན་པའི་སངས་རྒྱས་ཀྱི་སྐུ་དང་མི་གཉིས་པའི་ཞི་གནས་དང་ཡང་དག་པར་ལྡན་པ་དང་། ཚད་
མྱེད་པར་ཁྱབ་པའི་སངས་རྒྱས་ཀྱི་ཆེ་བ་ཉིད་དང་མི་གནས་པའི་བསམ་གཏན་གྱི་རྒྱུད་དང་འགྲོ་བ་ཐམས་ཅད་ཀྱིས་རྣམ་པར་དམིགས་པའི་དེ་བཞིན་གཤེགས་པ་ལྟ་བ་དང་དུས་ལ་བབ་པའི་སངས་རྒྱས་འབྱུང་བ་དང་སྐད་ཅིག་གཅིག་
གིས་བྱུང་བའི་མཚན་ཉིད་མེད་པ་ལ་སྤྱོད་པས་བཞུགས་ཏེ། བྱང་ཆུབ་སེམས་དཔའ་དབང་བསྐུར་བ་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་ལ་རབ་ཏུ་གནས་པ་མཐའ་དང་དབུས་མེད་པའི་ཆོས་ཀྱི་དབྱིངས་ཀྱིས་བྱང་ཆུབ་སེམས་དཔའི་ཡོངས་སུ་
དག་པ་དང་ལྡན་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཀུན་ཏུ་ལྟ་བ་རབ་ཏུ་ཐོབ་པ་འགྲོ་བ་ཐམས་ཅད་བདེ་བར་བྱེད་པའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ། བདུད་ཀྱི་དཔུང་ཐམས་ཅད་རབ་ཏུ་འཇོམས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་
དག་པར་བསྒྲུབ་པ་འགྲོ་བ་ཐམས་ཅད་རབ་ཏུ་ཞི་བར་གནས་པས། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་མི་གནས་པ་ལ་གནས་པ། སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་གཅིག་སྟེ། འདི་ལྟར་བྱང་ཆུབ་
སེམས་དཔའ་རྡོ་རྗེའི་གཙུག་དང་གཞལ་དུ་མེད་པའི་བློ་གྲོས་དང་། ཞི་བའི་བློ་གྲོས་དང་གཏོང་བའི་བློ་གྲོས་དང་། ཀླུའི་བློ་གྲོས་དང་ཐོབ་པའི་བློ་གྲོས་དང་། སྦྱིན་པའི་བློ་གྲོས་དང་སྟོབས་ཀྱི་བློ་གྲོས་དང་བསམ་གྱིས་མྱི་ཁྱབ་པའི་བློ་གྲོས་དང་

ཆགས་པ་མེད་པའི་བློ་གྲོས་དང་། མཆོག་གི་བློ་གྲོས་དང་ལྷའི་བློ་གྲོས་དང་། མཆོད་སྦྱིན་བྱས་པའི་བློ་གྲོས་དང་མཐུའི་བློ་གྲོས་དང་། དོན་གྱི་བློ་གྲོས་དང་ཆོས་ལ་དད་པའི་བློ་གྲོས་དང་། ཆོས་ཀྱི་བློ་གྲོས་དང་ཞི་བའི་བློ་གྲོས་དང་།
ནམ་མཁའི་བློ་གྲོས་དང་། སྐད་ཅིག་གཅིག་གི་བློ་གྲོས་དང་། ལེགས་པའི་བློ་གྲོས་དང་། སྡོམ་པའི་བློ་གྲོས་དང་། མཁའི་བློ་གྲོས་དང་། སྟོབས་ཀྱི་བློ་གྲོས་དང་། གླང་པོའི་བློ་གྲོས་དང་། སངས་རྒྱས་ཀྱི་མཐུའི་བློ་གྲོས་དང་།
དོན་རྣམ་པར་དམིགས་པའི་བློ་གྲོས་དང་། དམ་པའི་བློ་གྲོས་དང་། ཡེ་ཤེས་སྣང་བའི་བློ་གྲོས་དང་། འཕགས་པའི་བློ་གྲོས་དང་དྲན་པའི་རྒྱན་དང་། དངོས་པོ་མེད་པའི་མཐར་ཕྱིན་པ་དང་། རང་བཞིན་གྱི་རྒྱན་དང་ཡུལ་ཟབ་མོ་དང་
གནས་དང་གནས་མ་ཡིན་པ་ལ་མཁས་པ་དང་། ཀླུའི་འོད་དང་སྣང་བ་འཛིན་པ་དང་། སངས་རྒྱས་ཀྱི་རིམ་གྲོ་ལ་བརྩོན་པ་དང་། སེམས་ཀྱི་རྒྱལ་པོ་དང་སྤྱོད་པ་གཅིག་པ་དང་མངོན་པར་ཤེས་པ་མཉམས་པ་དང་། ཡེ་ཤེས་ཀྱི་ཚོགས་དང་
ཡོན་ཏན་འབྱུང་གནས་དང་ཆོས་ཀྱི་སྒྲོན་མ་དང་། འགྲོ་བའི་བདག་པོ་དང་། འགྲོ་བ་འཛིན་པ་དང་། བདེ་བ་བྱེད་པ་དང་མཆོག་ཏུ་གྱུར་པ་དང་བླ་ན་མེད་པ་དང་མཉམ་པ་མེད་པ་དང་འདྲ་བ་མེད་པ་དང་། འོད་ཐོགས་པ་མེད་པ་དང་། འོད་རབ་ཏུ་སྣང་བ་དང་། གྲགས་པའི་
འོད་དང་། ཤིན་ཏུ་རྣམ་པར་སྣང་བ་དང་ལག་པ་བརྟན་པ་དང་། ཆོས་ཀྱི་ཆར་པ་དང་ཐིག་ལེ་དམ་པ་དང་། ཡེ་ཤེས་ཀྱི་མིག་དང་ཆོས་གྱི་མིག་དང་། ཤེས་རབ་ཀྱི་སྤྲིན་དང་སའི་རྒྱལ་པོ་དང་སྨོན་ལམ་ཁྱད་པར་དུ་ཐོགས་པ་མེད་པས་འགྲོ་བ་དང་།
ཡེ་ཤེས་ཀྱི་སྙིང་པོ་དང་བསམ་པའི་རྒྱལ་པོ་དང་ནང་གི་བློ་གྲོས་ཡང་དག་པར་གྲུབ་པ་དང་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་དང་། སའི་སྟོབས་ཀྱིས་རྣམ་པར་གནོན་པ་དང་ས་དང་སྟོབས་དང་། མི་འཇིགས་པ་འཛིན་པ་དང་ཟླ་བ་བཟང་པོ་དང་རི་བོ་ཆེན་པོའི་དཔལ་

དང་། རིན་པོ་ཆེ་ཆེན་པོའི་དཔལ་དང་བར་སྣང་གི་རྒྱུད་དང་། ཁམས་ཆེན་པོའི་རྒྱལ་པོ་དང་དཀྱིལ་འཁོར་མཉམ་པ་ཁོང་དུ་ཆུད་པ་དང་། གཟི་བརྗིད་གཞན་གྱིས་མི་འཕམ་པ་དང་། ཀླུ་ཆེན་པོ་ལྟ་བའི་དཔལ་དང་མཉམ་
པ་ཉིད་ཀྱི་ངང་ཚུལ་དང་ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་སངས་རྒྱས་ཀྱི་འཁོར་ལོ་ཡང་དག་པར་འཛིན་པའི་དཔལ་དང་། དྲན་པའི་ཡུལ་ཉམས་པ་མེད་པ་དང་བསམ་གྱིས་མི་ཁྱབ་པའི་བློ་གྲོས་ཀྱིས་རྣམ་པར་རྟོགས་པ་དང་མཐའ་དང་དབུས་མེད་པའི་
བློས་རྣམ་པར་རོལ་པ་དང་། མཛོད་ཟད་མི་ཤེས་པ་དང་། ཡེ་ཤེས་ཉི་མའི་དཔལ་དང་། ཆོས་ཀྱི་ཉི་མ་དང་། ཡེ་ཤེས་ཕུན་སུམ་ཚོགས་པའི་སྙིང་པོ་དང་། བློ་དམ་པའི་ཆར་འབེབས་པ་དང་། ཀུན་ཏུ་ལྟ་བ་དང་། བལྟ་ན་དོན་ཡོད་པ་དང་རྡོ་རྗེ་མངོན་པར་ཤེས་
པ་དང་། ཡེ་ཤེས་རྡོ་རྗེའི་བློ་གྲོས་དང་ཀུན་ཏུ་མིག་གི་དཔལ་དང་། སངས་རྒྱས་ཀྱི་དོན་གྱི་ཉི་མ་དང་སངས་རྒྱས་ཀྱི་རྡོ་རྗེ་ཡང་དག་པར་གཟུང་བའི་བསམ་པ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་གི་ཡུལ་ཀུན་ཏུ་ཡེ་ཤེས་ཀྱི་རྒྱན་དང་། དེ་དག་
ལ་སོགས་པ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀུན་ཀྱང་སྔོན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། དགེ་བའི་རྩ་བ་ལ་གྲོགས་སུ་གྱུར་པ་ཤ་སྟག་དང་
ཐབས་གཅིག་གོ །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་དེའི་ཚེ་སངས་རྒྱས་ཀྱི་མཐུས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོས་
བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བདག་གིས་ཞུས་ནས་ཞུས་པའི་ལུང་བསྟན་པར་བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་བར་གནང་ན། བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་ལ་ཕྱོགས་གཅིག་ཅིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་མིག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་ཏུ་མིག་ཁྱོད་ཀྱིས་དེ་བཞིན་གཤེགས་
པ་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་ངས་དྲིས་པ་དེ་དང་། དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་ཚིམ་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་
ཏོ། །བཙུན་པ་བཅོམ་ལྡན་འདས་ཏིང་ངེ་འཛིན་དང་། རྣམ་པར་ཐར་བ་དུ་མ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྒོ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་དུ་ལྡན་པ་རྣམས་ཏིང་ངེ་འཛིན་དང་རྣམ་པར་ཐར་པ་
ལ་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་བ་ལགས། ཏིང་ངེ་འཛིན་གྱི་ཁྱད་པར་གྱི་གནས་འཐོབ་པ་ལགས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལ་སྙོམས་པར་འཇུག་པ་དང་རྣམ་པར་ལྡང་བ་ལ་མཁས་པ་རྒྱུན་
མི་འཆད་པ་འཐོབ་པ་ལགས། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཁྱུ་མཆོག་གི་མཐུ་དང་རྣམ་པར་འཕྲུལ་པ་དང་ལྡན་པ་ལགས་དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་ལ་འདི་སྐད་ཅེས་བཀའ་
སྩལ་ཏོ། །ཀུན་ཏུ་མིག་ཁྱོད་ཀྱིས་དེ་ལྟར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཐམས་ཅད་དང་། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་དོན་དུ་དེ་བཞིན་གཤེགས་པ་ལ་དོན་
འདི་འདྲི་བར་བསམ་པ་ལེགས་སོ་ལེགས་སོ། །ཀུན་ཏུ་མིག་དེ་བས་ན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་བསམ་གྱིས་མི་ཁྱབ་པའི་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་དང་ལྡན་པ། བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གི་མཐུ་བསྒྲུབ་པར་

དཀའ་བ་དང་ལྡན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཚད་མེད་པས་མངོན་པར་བྱུང་བ། བྱང་ཆུབ་སེམས་དཔའི་ཆོ་འཕྲུལ་དང་། རྣམ་པར་འཕྲུལ་པ་ལ་ཤིན་ཏུ་བསླབས་པ་བྱང་ཆུབ་སེམས་དཔའི་སྨོན་ལམ་
བསྒྲུབ་པར་དཀའ་བས་རྣམ་པར་སྦྱངས་བ་བྱང་ཆུབ་སེམས་དཔའི་འབྱུང་བ་ཕྱིར་མི་ལྡོག་པ་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པའི་ཚུལ་མཐའ་ཡས་པས་རྣམ་པར་སྦྱངས་པ། གཟུངས་འཐོབ་པར་བྱ་བ་མུ་མེད་པ་དང་ལྡན་པ་ཐ་དད་པ་ཡང་དག་པར་ཤེས་
པ། ཟད་མི་ཤེས་པས་ཐོགས་པ་མྱེད་པར་རྣམ་པར་དག་པ། འགྲོ་བ་ཐམས་ཅད་ལ་སྐྱོ་བ་མྱེད་པ་ཐོབ་པའི་སྙིང་རྗེ་ཆེན་པོས་ཕྱི་མའི་མཐའི་མུར་ཐུག་པའི་སྨོན་ལམ་དང་ལྡན་པ། འདི་འཁོར་འདིར་འདུས་ཏེ། འདུག་པ་ཡིན་གྱིས་དེ་ལ་དྲིས་ཤིག་
དང་། ཏིང་ངེ་འཛིན་དང་རྣམ་པར་འཕྲུལ་པ་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེ་དག་གིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མིང་ཐོས་མ་ཐག་ཏུ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་མངོན་དུ་གྱུར་ཏོ། །
ཆགས་པ་མེད་པའི་སེམས་རྣམ་པར་ཕྱེ་བས་ཀྱང་བྱིན་གྱིས་བརླབས་པར་གྱུར་ཏོ། །ཡེ་ཤེས་བསམ་གྱིས་མི་ཁྱབ་པར་འཇུག་པར་བྱ་བ་ལ་འང་རབ་ཏུ་གཞོལ་བར་གྱུར་ཏོ། །ཡེ་ཤེས་མི་འཕྲོགས་པའི་སྤྱོད་ཡུལ་ཡང་རབ་ཏུ་བྱུང་ངོ་། །དེ་བཞིན་
གཤེགས་པ་གྲངས་མེད་པ་མཐོང་ཞིང་རྣམ་པར་དམྱིགས་པ་ཡང་མངོན་དུ་གྱུར་ཏོ། །དེ་བཞིན་གཤེགས་པའི་སྟོབས་ཚད་མེད་པ་ཡང་ཁོང་དུ་ཆུད་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དང་རྒྱུད་ཀྱི་ཚུལ་གཅིག་པ་ཡང་རྗེས་སུ་རྟོགས་པར་གྱུར་
ཏོ། །དུས་གསུམ་མཐའ་ཡས་པ་ལ་འཇུག་པ་ཡང་ཁོང་དུ་ཆུད་པར་གྱུར་ཏོ། །བསོད་ནམས་ཟད་མི་ཤེས་པའི་བྱིན་ཡང་ཐོབ་པར་གྱུར་ཏོ། །རྣམ་པར་འཕྲུལ་པ་བཟང་པོ་ཡོངས་སུ་རྫོགས་པར་བྱ་བའང་ཁོང་དུ་ཆུད་པར་གྱུར་

ནས། དེ་དག་ཐམས་ཅད་ཀྱིས་རིམ་གྲོ་དང་བཅས་ཤིང་རྗེས་དང་བཅས་པས་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་ལྟ་བར་གྱུར་ན། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང་། བྱང་ཆུབ་སེམས་དཔའ་
ཀུན་ཏུ་བཟང་པོའི་རྫུ་འཕྲུལ་གྱི་ཁྱུ་མཆོག་གི་མཐུས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཡང་མ་མཐོང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལུས་ཀྱང་མ་མཐོང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་གང་ན་གནས་
པའི་སྟན་ཡང་མ་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ད་ལྟ་ག་ལ་མཆིས། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་མིག་འཁོར་འདི་ཉིད་ན་ངའི་ཞབས་ཀྱི་དྲུང་ན་འདུག་གོ །ངའི་ཞབས་ཀྱི་དྲུང་ན་སྤྱོད་དོ། །ངའི་ཞབས་ཀྱི་དྲུང་ནས་མ་གཡོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་དང་། བྱང་ཆུབ་
སེམས་དཔའི་འཁོར་དེ་དག་ཐམས་ཅད་ཀྱིས། ཡང་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀུན་ཏུ་བཟང་པོ་དེ་མ་
མཐོང་ངོ་། །དེའི་ལུས་ཀྱང་མ་མཐོང་དེའི་སྟན་ཡང་མ་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལུས་མ་མཐོང་ཞིང་སྟན་མ་མཐོང་བ་ནི། དེ་དེ་བཞིན་
ཏེ་ཡུས་སོ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་ནི་བརྗོད་དུ་མེད་ཅིང་ཟབ་པ་ལ་གནས་པ་སྟེ། འདི་ལྟར་ཡེ་ཤེས་ཀྱི་དབྱིངས་མཐའ་ཡས་པ་ལ་འཇུག་པ་ལ་ཞུགས་པའོ། །སེང་གེ་རྣམ་པར་བསྒྱིངས་པའི་ཏིང་

ངེ་འཛིན་རབ་ཏུ་ཐོབ་པའོ། །སངས་རྒྱས་ཀྱི་ཆོ་འཕྲུལ་བླ་ན་མེད་པ་རབ་ཏུ་ཐོབ་པའོ། །ཆགས་པ་མེད་པའི་མཐས་རྣམ་པར་དག་པའི་དེ་བཞིན་གཤེགས་པའི་སྟོབས་བཅུས་གྲུབ་པའོ། །ཆོས་ཀྱི་
དབྱིངས་དམ་པའི་ལུས་དང་ལྡན་པའོ། །སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ལ་གནས་པའོ། །འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་ཡེ་ཤེས་ཐ་མི་དད་པའི་རྒྱུན་དང་ལྡན་པའོ། །འདི་ལྟ་སྟེ།
བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་འདི་ནི་སེམས་སྐད་ཅིག་གི་མཐའི་རྗེས་སུ་འབྲང་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་གིས་དེ་བཞིན་གཤེགས་པ་ལས་ཀུན་ཏུ་བཟང་པོའི་ཡོན་ཏན་རྣམ་པར་དག་པ་ཐོས་མ་
ཐག་ཏུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ལ་མཉམ་པར་གཞག་སྟེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མངོན་པར་འདོད་ཅིང་མཐོང་བར་བྱ་བ་དང་། གསོལ་བ་གདབ་པའི་བསམ་པས་ཚོལ་
ལོ། །ཡོངས་སུ་ཚོལ་ལོ་རབ་ཏུ་རྟོག་གོ །ཤིན་ཏུ་ཞིབ་ཅིང་བརྟགས་པར་རྣམ་པར་དཔྱོད་དོ། །རྗེས་སུ་རྟོག་གོ །རྣམ་པར་ལྟའོ། འོན་ཀྱང་བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་གིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མ་
མཐོང་ངོ་། །བྱང་ཆུབ་སེམས་དཔའི་འཁོར་དེ་དག་ཐམས་ཅད་ཀྱིས་ཀྱང་མཐོང་བར་མ་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་ཏིང་ངེ་འཛིན་དེ་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་
ཏོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་གྲངས་མ་མཆིས་པ་སྟོང་ཕྲག་བཅུ་ལ་མཉམ་པར་གཞག་སྟེ། རྣམ་པར་བལྟས་ཀྱང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མ་མཐོང་ངོ་། །དེའི་ལུས་ཀྱི་ལས་ཀྱང་མ་མཐོང་ངོ་། །དེའི་ངག་

དང་ངག་གི་ལས་ཀྱང་མ་མཐོང་ངོ་། །དེའི་ཡིད་དང་ཡིད་ཀྱི་ལས་ཀྱང་མ་མཐོང་ངོ་། །དེའི་སྟན་ཡང་མ་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དེ་གང་ན་མཆིས་པ་དང་སྤྱོད་པའི་ཕྱོགས་དེ་ཡང་མ་མཐོང་ངོ་
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་མིག་དོན་དེ་བཞིན་ཏེ། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་ཤིན་ཏུ་
བསླབས་པ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའོ། །ཀུན་ཏུ་མིག་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་གཟུགས་ཀྱི་རྣམ་པ་སྣ་ཚོགས་མང་པོ་སྒྱུ་མའི་སྔགས་ཀྱི་ཡི་གེ་གང་ལ་གནས་པ་དམྱིགས་པར་ནུས་སམ། བཙུན་པ་བཅོམ་
ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་མིག་རྒྱུ་མའི་སྔགས་ཀྱི་གཟུགས་ཀྱི། རྣམ་པ་དེ་དག་ཀྱང་དམིགས་ཤིང་བསྟན་པར་མི་ནུས་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལུས་ཀྱི་སྤྱོད་ཡུལ་
གསང་བ་དང་། ངག་གི་སྤྱོད་ཡུལ་གསང་བ་དང་། ཡིད་ཀྱི་སྤྱོད་ཡུལ་གསང་བ་ལ་འཇུག་པར་མི་ནུས་པ་དང་། མཐོང་བར་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་ཟབ་ཅིང་།
བསམ་གྱིས་མི་ཁྱབ་པར་རྣམ་པར་སྤྱོད་པའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་ཚད་མེད་ཅིང་ཚད་ལས་འདས་པ་སྟེ། ཡེ་ཤེས་རྡོ་རྗེའི་བློ་དང་ལྡན་པའོ། །ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ལ་ཡང་དག་པར་གནས་པའོ། །
འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གནས་མེད་པར་སྤྱོད་ཅིང་། སེམས་ཅན་ཐམས་ཅད་ཀྱི་ལུས་དང་གཟུགས་ཀྱི་རྗེས་སུ་ཞུགས་པའོ། །བླང་བ་མེད་པའི་ཆོས་ཀྱི་ཚུལ་དང་ལྡན་པའོ། །མི་ཟད་ཅིང་ཐ་མི་དད་པའི་རྫུ་འཕྲུལ་དང་ཁྱུ་མཆོག་གི་

མཐུ་ལ་ལྷུན་གྱིས་གྲུབ་པར་གནས་པའི་མཐར་ཕྱིན་པའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པ་དང་ལྡན་པའོ། །དེ་ལྟར་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་
བལྟ་ན་དོན་ཡོད་པའོ། །མཉན་ན་དོན་ཡོད་པའོ་བསྙེན་བཀུར་བྱེད་པ་དོན་ཡོད་པའོ། །བསམ་པ་དོན་ཡོད་པའོ་རྗེས་སུ་དྲན་པ་དོན་ཡོད་པའོ། །དེ་ལ་དད་པར་བྱས་པ་དོན་ཡོད་པའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་ནི་མཐོང་བ་དོན་ཡོད་པའོ། །
ཐོས་པ་དོན་ཡོད་པའོ། །བསྙེན་བཀུར་བ་དོན་ཡོད་པའོ། །ཁམས་པ་དོན་ཡོད་པའོ། །རྗེས་སུ་དྲན་པར་བྱས་པ་དོན་ཡོད་པའོ། །དེ་ལ་མོས་པར་བྱས་པ་དོན་ཡོད་པའོ། །བལྟ་བ་དོན་ཡོད་པའོ། །བརྟགས་པ་དོན་ཡོད་པའོ། །བཙལ་བ་དོན་ཡོད་
པའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་རྗེས་སུ་སྨོན་ལམ་གདབ་པ་དོན་ཡོད་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱིག་དང་། བྱང་ཆུབ་སེམས་དཔའི་འཁོར་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་
མཐོང་བར་འདོད་ཅིང་། ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ཞིང་ཚིག་འདི་སྐད་བརྗོད་དོ། །སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་
བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐམས་ཅད་ལ་བཏུད་དེ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་བཏུད་དེ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་དང་
བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚོལ་ལ་གསོལ་བ་ཐོབ་ཤིག །ཕྱོགས་ཐམས་ཅད་དུ་མངོན་དུ་གྱིས་ལ་ཀུན་ཏུ་མིག་གི་ལས་སུ་བྱིན་གྱིས་རློབ་

སྟེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་དམིགས་པ་གྱིས་ལ། ཆོས་ཀྱི་དབྱིངས་ཐམས་ཅད་མངོན་ཏུ་བྱ་བའི་སེམས་ཀྱིས་བྱིན་གྱིས་བརླབ་པ་གྱིས་ཏེ། ཆོས་ཐམས་ཅད་འདོད་ཆགས་དང་བྲལ་བར་ཁོང་དུ་ཆུད་པར་གྱིས་ལ་བྱང་
ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་སྨོན་ལམ་གཅིག་པར་བྱུང་སྟེ། གཉིས་སུ་མེད་པ་ལ་མཉམ་པར་ཞོག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ལུས་ལས་མངོན་པར་བྱུང་བར་བྱིན་གྱིས་རློབ་སྟེ། དབང་པོ་ཐ་མི་དད་པའི་རྗེས་སུ་འབྲང་བར་གྱིས་ལ།
ཀུན་ཏུ་བཟང་པོའི་སྨོན་ལམ་ཀུན་ཏུ་འགྲོ་བ་ཡོངས་སུ་སྦྱང་བར་གྱིས་ཤིག་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མཐོང་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་གིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་སྐད་ཐོས་
ནས། བྱང་ཆུབ་སེམས་དཔའི་འཁོར་དེ་དག་དང་བཅས་པས་སྤྱི་བོས་གཏུགས་ཏེ་ཕྱག་འཚལ་ནས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་གསོལ་བ་གཏབ་བོ། བྱང་ཆུབ་སེམས་དཔའ་དེ་དག་གིས་གསོལ་བ་གཏབ་མ་ཐག་ཏུ།
དེའི་ཚེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་རྣམ་པར་ཐར་པའི་རྣམ་པར་འཕྲུལ་པ་གང་གིས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་ན་གནས་ཤིང་
པད་མོའི་སྟན་ལ་འདུག་པར་མཐོང་བར་འགྱུར་བ་དང་། འཁོར་དེའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ལས་ཀྱང་འབྱུང་བར་སྣང་བ་དང་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་འབྱམ་ཀླས་པ་དག་ནས་ཀྱང་འོང་བར་སྣང་བ་དང་། སངས་
རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཡང་དག་པར་སྟོན་པ་དང་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རབ་ཏུ་བརྗོད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རབ་ཏུ་སྟོན་པ་དང་། ཐམས་

ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལམ་སྣང་བར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཐམས་ཅད་ཡང་དག་པར་སྟོན་པ་དང་། བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གི་མཐུ་ཕྱུང་བ་ཐམས་ཅད་ཡང་དག་པར་བརྗོད་
པ་དང་། དེ་བཞིན་གཤེགས་པ་ཚད་མེད་པའི་དུས་གསུམ་རབ་ཏུ་སྟོན་པ་དེ་ལྟ་བུའི་རྣམ་པར་ཐར་པའི་རྣམ་པར་འཕྲུལ་པ་ཀུན་ཏུ་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱིག་དང་བྱང་ཆུབ་སེམས་དཔའི་འཁོར་དེ་དག་ཐམས་ཅད་ཀྱིས་
རྣམ་པར་འཕྲུལ་པ་དེ་དག་མཐོང་ནས་དགའ་ཞིང་མགུ་སྟེ། རངས་ནས་རབ་ཏུ་དགའ་ཞིང་བདེ་བ་དང་ཡིད་དགའ་བ་སྐྱེས་ནས་དམིགས་པ་ཐམས་ཅད་ཀྱིས་བཏུད་པའི་རྗེས་ས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ཏོ། །
དེའི་ཚེ། སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། བྱང་ཆུབ་སེམས་དཔའ། དེ་དག་མོས་པ་དང་། བྱང་ཆུབ་སེམས་དཔའ། ཀུན་ཏུ་བཟང་པོའི་སྔོན་གྱི་དགེ་བའི་རྩ་བས་སྤྲིན་གྱི་ཆར་སྟོང་ཕྲག་བཅུ་མངོན་པར་བབ་པར་གྱུར་
པ་འདི་ལྟ་སྟེ། མེ་ཏོག་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ཕྲེང་བ་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་པོ། །སྤོས་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །སྤོས་ཀྱི་ཕྱེ་མ་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །
གདུགས་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ན་བཟའ་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །རྒྱན་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །སྤོས་སྣ་ཚོགས་
ཀྱི་སྤྲིན་གྱི་ཆར་མངོན་པར་བབ་པོ། །སྣམ་བུ་རིན་པོ་ཆེའི་སྤྲིན་གྱི་ཆར་མངོན་པར་བབ་པོ། །འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་རྣམ་པ་དྲུག་ཏུ་གཡོས་སོ་རོལ་མོ་བརྡུང་བ་དང་། དཀྲོལ་བ་ཐམས་ཅད་ཀྱི་སྒྲ་མང་པོ་བྱུང་ངོ་། ལྷའི་ང་

རོ་སྙན་པ་མང་པོ་རབ་ཏུ་བྱུང་ངོ་། །འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སྣང་བ་ཆེན་པོས་ཁྱབ་པར་སྣང་ངོ་། །འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སེམས་ཅན་རྣམས་རྣམ་པར་དག་པར་གྱུར་ཏོ། །
ངན་སོང་གི་ལམ་གྱི་རྒྱུད་གསུམ་རྣམ་པར་ཞི་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རྣམ་པར་དག་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱང་ཆུབ་སེམས་དཔའ་ཀུན་
ཏུ་བཟང་པོའི་སྤྱོད་པ་ལ་ཞུགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་ཡོངས་སུ་གྲུབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་ཡང་
བརྗོད་དུ་མེད་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་སྨོན་ལམ་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་
མིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི། བདག་ཉིད་ཆེ་བ་ལ་མངོན་པར་སྤྱོད་པའོ། །མཚུངས་པ་མ་མཆིས་པ་ལ་རྣམ་པར་སྤྱོད་པའོ། །ཡོངས་
སུ་མི་ཆོད་པ་ལ་རྣམ་པར་སྤྱོད་པའོ། །སླར་མི་ལྡོག་པ་ལ་རྣམ་པར་སྤྱོད་པའོ། །མཉམ་པ་ཉིད་རྗེས་སུ་རྟོགས་པ་ལ་རྣམ་པར་སྤྱོད་པའོ། །གཞན་གྱིས་མི་ཟློག་པ་ལ་རྣམ་པར་སྤྱོད་པའོ། །ཆོས་ཐམས་ཅད་ཐ་མི་དད་པ་ལ་རྣམ་པར་
སྤྱོད་པའོ། །ཆོས་ཐམས་ཅད་མ་འདྲེས་པར་རྣམ་པར་སྤྱོད་པའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བྱིན་གྱི་རླབས་མཁས་པ་ལ་རྣམ་པར་སྤྱོད་པའོ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་ཆོས་ཐམས་ཅད་ཀྱི་དབང་དང་།

ཏིང་ངེ་འཛིན་དང་རྣམ་པར་ཐར་པ་ལ་རྣམ་པར་སྤྱོད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་མིག་དེ་ཁྱོད་ཀྱིས་ཇི་སྐད་དུ་སྨྲས་པ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་ཡོན་ཏན་
གྲངས་མེད་པས་རྣམ་པར་དག་པའོ། །ཡོན་ཏན་མཚུངས་པ་མེད་པས་རྣམ་པར་བརྒྱན་པའོ། །ཡོན་ཏན་ཚད་མེད་པ་རིན་པོ་ཆེ་དང་ལྡན་པའོ། །ཡོན་ཏན་བསམ་གྱིས་མི་ཁྱབ་པའི་འབྱུང་གནས་རྒྱ་མཚོའོ། །ཡོན་ཏན་དཔག་
ཏུ་མེད་པའི་མཚན་ཉིད་དོ། །ཡོན་ཏན་མུ་མེད་པའི་སྤྲིན་ཏོ། །ཡོན་ཏན་ས་མཚམས་མེད་པས་བསྔགས་ཤིང་བསྟོད་པའོ། །ཆོས་རིན་པོ་ཆེ་ཟད་མི་ཤེས་པའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་སངས་རྒྱས་ཐམས་
ཅད་ཀྱིས་ཡོན་ཏན་བརྗོད་ཅིང་བསྔགས་པ་མི་ཟད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་ཏུ་བཟང་པོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་
དང་། བྱང་ཆུབ་སེམས་དཔའི་འཁོར་ཐམས་ཅད་ལ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་
ཤིན་ཏུ་བསྟན་པ་གང་གིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱུང་བ་དང་། འབྱུང་བ་དང་འབྱུང་བར་འགྱུར་བའི་ཏིང་ངེ་འཛིན་བཅུ་ཤིན་ཏུ་བསྟན་པ་ལ་མཁས་པས་ཏིང་ངེ་འཛིན་རྒྱ་ཆེན་
པོ་བཅུ་ཤིན་ཏུ་བསྟན་པ་སྤོབས་པར་གྱིས་ཤིག །བཅུ་གང་ཞེ་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་མཁས་པ་རབ་ཏུ་ཐོབ་པ་དང་། རྗེས་སུ་འགྲོ་བ་སྣང་བ་ཞེས་བྱ་བ་དང་། འདི་ལྟ་སྟེ། བྱང་ཆུབ་སེམས་

པས་ཏིང་ངེ་འཛིན་རྒྱ་ཆེན་པོ་རབ་ཏུ་ཐོབ་པ་ཡིད་དུ་འོང་བ་ཞེས་བྱ་བ་དང་། འདི་ལྟ་སྟེ། ཞིང་འབྱམ་ཀླས་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྗེས་སུ་སོང་བ་དང་། འདི་ལྟ་སྟེ། ལྷག་པའི་བསམ་པ་གཙང་མས་སྤྱོད་པ་ཞེས་བྱ་བ་
དང་། འདི་ལྟ་སྟེ་འདས་པའི་རྒྱན་གྱི་སྙིང་པོ་ཞེས་བྱ་བ་དང་། འདི་ལྟ་སྟེ། ཡེ་ཤེས་རྣམ་པར་སྣང་བའི་སྙིང་པོ་ཞེས་བྱ་བ་དང་། འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་རྣམ་པར་བཀོད་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱན་ཅེས་བྱ་བ་
དང་། འདི་ལྟ་སྟེ། སེམས་ཅན་གྱི་ལུས་ཐ་མི་དད་པ་ཞེས་བྱ་བ་དང་། འདི་ལྟ་སྟེ། སེམས་ཅན་གྱི་ཁམས་ལ་དབང་བ་ཞེས་བྱ་བ་དང་། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་མཁས་པ་རབ་ཏུ་ཐོབ་པ་བཅུ་པ་
ཆགས་པ་མེད་པའི་དཀྱིལ་འཁོར་ཅེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་རྒྱ་ཆེན་པོ་འདི་བཅུ་ནི། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་
ཀྱིས་གསུངས་སོ། །གསུང་ངོ་གསུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་གང་གིས་ཏིང་ངེ་འཛིན་བཅུ་པོ་འདི་དག་ལ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། དངོས་པོར་བྱས་པ་དང་། ཤེས་པར་བྱས་པ་དང་། མངོན་
དུ་བྱས་པ་དང་མདུན་དུ་བྱས་པ་དང་། མཉམ་པར་གཞག་པ་དང་། ཤིན་ཏུ་བརྩམས་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བཅུ་པོ་འདི་དག་དང་ལྡན་པས། བྱང་ཆུབ་སེམས་དཔའ་ཡིན་ཡང་སངས་རྒྱས་ཞེས་བྱའོ།
དེ་བཞིན་གཤེགས་པ་ཞེས་བྱའོ། །སྟོབས་བཅུ་པ་ཞེས་བྱའོ། །འདྲེན་པ་ཞེས་བྱའོ། །རྣམ་པར་འདྲེན་པ་ཞེས་བྱའོ། །ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཐམས་ཅད་གཟིགས་པ་ཞེས་བྱའོ། །ཆགས་པ་མེད་པ་ལ་

གནས་པ་ཞེས་བྱའོ། །བསྒྲིབས་པ་མྱེད་པའི་སྤྱོད་ཡུལ་ཅན་ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་གང་གིས་ཏིང་ངེ་འཛིན་འདི་དག་ཐོབ་པ་དེ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྗེས་སུ་སོང་བ་ཡང་ཡིན་ལ། འཇིག་རྟེན་གྱི་ཁམས་
ཐམས་ཅད་ནས་ཕྱིར་ལོག་པ་འང་ཡིན། སེམས་ཅན་ཐམས་ཅད་ཀྱི་ཁམས་སུ་རབ་ཏུ་སོང་བ་འང་ཡིན་ལ་སེམས་ཅན་མེད་པའི་མཐའ་ཡང་ཁོང་དུ་ཆུད་པ་ཡིན། ཆགས་པ་མེད་པའི་ལུས་ཀྱི་སྙིང་པོའི་རྗེས་སུ་སོང་བ་འང་ཡིན་ལ། ཆོས་ཀྱི་དབྱིངས་
ཐམས་ཅད་ལ་འཇུག་པར་སྤྱོད་པ་ཡིན་ནོ། །ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པས་ཀྱང་རྣམ་པར་དག་ལ་འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་རྗེས་སུ་འབྲང་བ་ཡིན། དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་ཆོས་རྣམ་པར་མཐོང་བ་ཡང་ཡིན་ལ། སྤྱོད་པ་ཐམས་ཅད་ཀྱི་ཡང་རྗེས་སུ་སོང་བ་ཡིན། དབྱངས་ཀྱི་ཡན་ལག་དང་ཡི་གེ་ལ་རབ་ཏུ་སྤོབས་ཤིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པས་རྣམ་པར་དག་པ་ཡིན་
ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་ཕྱེ་བ་ཡོངས་སུ་རྫོགས་པར་བྱ་བ་ལ་འང་རབ་ཏུ་གནས་པ་ཡིན། རྟག་པར་དུས་གསུམ་སྐད་ཅིག་ཏུ། ཞུགས་པ་འང་ཡིན་ལ་དུས་གསུམ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཡང་ཡང་
དག་པར་གཞོལ་བ་འང་ཡིན། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྟོན་པ་ཡང་ཡིན་ལ། ཐབས་ཀྱིས་ཆོས་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་ལས་ཕྱིར་མི་ལྡོག་པའི་ལུས་དང་ཡང་ལྡན་པ་ཡིན། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་
བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་རྣམ་པར་འཚང་རྒྱ་བར་བྱ་བའི་ཚུལ་ལ་ཡང་རབ་ཏུ་ཞུགས་ལ་སངས་རྒྱས་གཅིག་མངོན་པར་སངས་རྒྱས་པས། སངས་རྒྱས་ཐམས་ཅད་དུ་འང་ཤིན་ཏུ་སྟོན་པ་ཡིན་ཏེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་རྣམ་

པའི་ཚུལ་ལོ། །འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི། ཡེ་ཤེས་རྣམ་པར་སྦྱངས་པའི་ཚུལ་ལོ། །ཐམས་ཅད་མཁྱེན་པའི་རྒྱལ་མཚན་གཞན་གྱིས་མི་ཕམ་པའི་ཚུལ་ལོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་
དང་སྨོན་ལམ་གྱི་ཚུལ་ལོ། །བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་རྣོན་པོ་དང་། འགྲོགས་པའི་ཚུལ་ལོ། །གཟུངས་དང་སྤོབས་པ་ཐམས་ཅད་ཀྱི་ཚུལ་ལོ། །དུས་གསུམ་ཐ་མི་དད་པའི་ཚུལ་ལོ། །འདས་པ་དང་། མ་བྱོན་པ་དང་ད་
ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ལོ། །སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ལ་རབ་ཏུ་དགོད་པའི་ཚུལ་ལོ། །འདི་དག་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་དག་པར་
བྱ་བའི་ཁྱུ་མཆོག་གི་མཐུ་བསྟན་པའི་ཚུལ་ལོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་དག་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་མཐུ་མི་ཟད་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་སྟོབས་ཐོབ་པ་ཡིན་ནོ། །འཕོ་བ་མེད་པའི་མཐར་ཐུག་པར་འགྱུར་
བའི་ཕྱིར་ནམ་མཁའི་དབྱིངས་ལྟར་ཚད་མེད་པ་ཡིན། ཆོས་ཀྱི་རྒྱལ་སྲིད་ལ་འགྲོ་བ་དབང་བསྐུར་བའི་ཕྱིར་དབང་མཐའ་ཡས་པར་བསྒྱུར་བ་ཡིན། སྟོབས་བཅུ་ཤིན་ཏུ་ཡངས་པའི་ཚུལ་ཐོབ་པའི་ཕྱིར། འགྲོ་བ་ཐམས་ཅད་དུ་ཚད་མེད་པའི་ཡེ་
ཤེས་ཐོབ་པ་ཡིན། རབ་ཏུ་ཞི་བའི་མཐའ་ལ་ཞུགས་པས། ཉོན་མོངས་པ་མེད་པའི་སེམས་རབ་ཏུ་བསྒོམས་པ་ཡིན། ཤུགས་དང་ལྡན་པའི་རྩལ་བདོག་པས་སྙིང་རྗེ་ཆེན་པོའི་སེང་གེ་ཡིན། ཡོན་ཏན་དང་བསྔགས་པ་ཐམས་ཅད་དང་ལྡན་པས་
ཆོས་ཀྱི་སྒྲོན་མ་ལ་ཡང་དག་པར་གཞོལ་ཞིང་མི་ཟད་པ་ཡིན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བསམ་གྱིས་མི་ཁྱབ་པ་ཡིན། ཆོས་ཤེས་ཤིང་ཁོང་དུ་ཆུད་པས་གནས་ཀྱི་མཐར་ཕྱིན་པ་ཡིན། སྤྱོད་པ་དང་རྣམ་པར་གདགས་པ་དང་། བརྡ་ཐམས་

ཅད་ལ་སྣ་ཚོགས་སུ་ཤིན་ཏུ་བསྟན་པ་བྱེད་པར་མཁས་པ་ཡིན། ཆོས་ཐམས་ཅད་མཚན་མ་མེད་པ་ལམ་ཁས་པ་ལ་ཞུགས་པས། མཚན་མ་མེད་པ་ལ་མོས་པ་ཡིན། དེ་བཞིན་གཤེགས་པའི་མངའ་ཆེན་པོས་རྣམ་པར་དག་
པས་རིགས་དང་། རྒྱུད་རྣམ་པར་དག་པ་ཡིན། གཞི་མེད་པ་ལ་འཇུག་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་གཞི་རབ་ཏུ་དབྱེ་བའི་སྙིང་པོའི་རྗེས་སུ་སོང་བ་ཡིན། ཆོས་ཡོངས་སུ་གཏོང་བ་ལ་བརྩོན་པས་དུས་ཐམས་ཅད་དུ་མཁས་པ་དང་ལྡན་པ་ཡིན།
ཤེས་པར་བྱ་བ་ཐམས་ཅད་ཁོང་དུ་ཆུད་པས་སེམས་ཅན་གྱི་ནང་ན་མཁས་པ་ཡིན། སྐྱེ་དགུ་ཐམས་ཅད་ཤིན་ཏུ་དག་པར་བྱེད་པས་མཐའ་ཡས་པ་རྣམ་པར་སྦྱོང་བ་ཡིན། སངས་རྒྱས་ཀྱི་བྱང་ཆུབ་རྣམ་པར་སངས་རྒྱས་པ་དང་། འཚང་
རྒྱ་བར་བྱ་བའི་སྤྱོད་པ་ཡང་དག་པར་སྟོན་པས་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་གྱི་ཐབས་ལ་མཁས་པ་ཡིན། བྱང་ཆུབ་སེམས་དཔའི་སྤྱོད་པའི་བྱིན་གྱི་རླབས་ཀྱིས་ཟད་མི་ཤེས་པ་ཡིན། ཐམས་ཅད་མཁྱེན་པའི་ཡུལ་རྣམ་
པར་འཚང་རྒྱ་བར་བྱ་བ་ལ་མཁས་པས། ཆོ་འཕྲུལ་ཆེན་པོ་སྟོན་པ་ཡིན་གྱིས་དེ་བས་ན་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བཅུ་པོ་འདི་དག་རྒྱ་ཆེར་སྤྲོས་ཏེ། བཤད་པས་བསྟན་པར་གྱིས་ཤིག །བྱང་ཆུབ་སེམས་དཔའི་
འཁོར་འདི་དག་ཐམས་ཅད་མཉན་པར་འདོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་གསོལ་བ་བཏབ་པར་ཤེས་ནས། བྱང་ཆུབ་
སེམས་དཔའ་ཀུན་ཏུ་མྱིག་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །བཅུ་པོ་འདི་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཆོས་མ་ལུས་པར་

མཐར་ཐུག་པ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། སངས་རྒྱས་སྐྱེ་བ་ཁོང་དུ་ཆུད་པའི་ཡེ་ཤེས་དང་། སེམས་ཅན་དྲི་མ་མེད་པར་མངོན་པར་བསྒྲུབ་པར་བྱ་བའི་ཡེ་ཤེས་དང་། འཇིག་རྟེན་གྱི་ཁམས་མིག་ཡོར་ལྟ་བུར་ཤེས་པའི་ཡེ་ཤེས་དང་། ཆོས་ཀྱི་
དབྱིངས་ཀྱི་རྗེས་སུ་འཇུག་པའི་ཡེ་ཤེས་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་གཟུང་བ་ལ་མཁས་པའི་ཡེ་ཤེས་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཐབས་ཡོངས་སུ་གནན་པའི་ཡེ་ཤེས་དང་། དོན་ཐམས་ཅད་དང་ལྡན་པའི་ཆོས་
ཀྱི་ལྷག་མཐོང་ལ་མཁས་པའི་ཡེ་ཤེས་དང་། བྱང་ཆུབ་ཀྱི་སེམས་ཀྱི་མཐུའི་རྗེས་སུ་སོང་བའི་ཡེ་ཤེས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། ཐམས་ཅད་མཁྱེན་པའི་སྨོན་ལམ་དང་བྱིན་གྱི་རླབས་ཀྱི་ཡེ་ཤེས་ཏེ།
ཀྱེ་རྒྱལ་བའི་སྲས་དག །དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཆོས་མ་ལུས་པར་མཐར་ཐུག་པའོ། །ཀྱེ་རྒྱལ་བའི་སྲས་དག །བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་
བསྐྱེད་པ་མཐའ་དང་དབུས་མེད་པ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཉེ་བར་གཟུང་བ་དང་། ཡོངས་སུ་དགྲོལ་བའི་ཕྱིར། སེམས་བསྐྱེད་པ་མཐའ་དང་དབུས་མེད་པ་དང་། འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་ཐམས་
ཅད་ཡོངས་སུ་བསྒྲུབ་པའི་ཕྱིར། སེམས་བསྐྱེད་པ་མཐའ་དང་དབུས་མེད་པ་དང་། འདི་ལྟ་སྟེ་སངས་རྒྱས་ཐམས་ཅད་བསྙེན་བཀུར་ཞིང་མཆོད་པའི་ཕྱིར་སེམས་བསྐྱེད་པ་མཐའ་དང་དབུས་མེད་པ་དང་། འདི་ལྟ་སྟེ། སངས་
རྒྱས་ཐམས་ཅད་མཐོང་བར་བྱ་བའི་མིག་ཚད་མེད་པ་ཡང་དག་པར་བསྒྲུབ་པའི་ཕྱིར་སེམས་བསྐྱེད་པ་མཐའ་དང་དབུས་མེད་པ་དང་། འདི་ལྟ་སྟེ་སངས་རྒྱས་ཐམས་ཅད་ཀྱི་གསུང་དང་དབྱངས་དང་བཀའ་ཡང་དག་པར་བཟུང་ཞིང་

ཉམས་པ་མེད་པར་བྱ་བའི་ཕྱིར། སེམས་བསྐྱེད་པ་མཐའ་དང་དབུས་མེད་པ་དང་། འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའི་བྱེ་བྲག་ཐ་དད་པ་རྣམ་པར་དབྱེ་བ་ལ་མཁས་པར་ཁོང་དུ་ཆུད་
པ་བསྐྱེད་པའི་ཕྱིར་སེམས་བསྐྱེད་པ་མཐའ་དང་དབུས་མེད་པ་དང་། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཀྱི་མཚམས་སྦྱར་བའི་སྟོབས་ལ་འཇུག་པར་བྱ་བའི་ཕྱིར། སེམས་བསྐྱེད་པ་མཐའ་དང་དབུས་མེད་པ་
དང་། འདི་ལྟ་སྟེ་ཐམས་ཅད་མཁྱེན་པའི་སྟོབས་མཐའ་ཡས་པས་ཤིན་ཏུ་ཕྲ་བར་དམིགས་ཤིང་། ཡོངས་སུ་མནན་པའི་སངས་རྒྱས་ཀྱི་ཆོས་རབ་ཏུ་བསྟན་པའི་ཕྱིར་སེམས་བསྐྱེད་པ་མཐའ་དང་དབུས་མེད་པ་དང་། འདི་ལྟ་
སྟེ། སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་བསམ་གྱིས་མི་ཁྱབ་ཅིང་འབྱམ་ཀླས་པ་ལ་འཇུག་པ་དང་ཁོང་དུ་ཆུད་པར་བྱ་བའི་ཕྱིར། སེམས་བསྐྱེད་པ་མཐའ་དང་དབུས་མེད་པ་དང་། འདི་ལྟ་སྟེ་སངས་རྒྱས་ཀྱི་ཐ་དད་པ་ཡང་དག་
པར་མཁྱེན་པ་མངོན་དུ་བྱ་བར་ལྷག་པའི་བསམ་པ་ཡང་དག་པར་གཏང་ཞིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བླང་བའི་ཕྱིར། སེམས་བསྐྱེད་པ་མཐའ་དང་དབུས་མེད་པ་དང་། འདི་ལྟ་སྟེ། དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འཇུག་ཅིང་། ལུས་སྣ་ཚོགས་ཀྱི་བྱིན་གྱི་རླབས་ཡང་དག་པར་བསྟན་པའི་ཕྱིར། སེམས་བསྐྱེད་པ་མཐའ་དང་དབུས་མེད་པ་སྟེ། ཀྱེ་རྒྱལ་བའི་སྲས་དག །བཅུ་པོ་དེ་དག་ནི་བྱང་
ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་མཐའ་དང་དབུས་མེད་པའོ། །ཀྱེ་རྒྱལ་བའི་སྲས་དག །བཅུ་པོ་འདི་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་གྱི་བྱེ་བྲག་ལ་འཇུག་པའི་

ཡེ་ཤེས་ཏེ། བཅུ་གང་ཞེ་ན་འདི་ལྟར་ཤར་ཕྱོགས་སུ་སྙོམས་པར་ཞུགས་ཏེ། ནུབ་ཕྱོགས་ནས་རྣམ་པར་ལྡང་བ་དང་། ནུབ་ཕྱོགས་སུ་སྙོམས་པར་ཞུགས་ཏེ། ཤར་ཕྱོགས་ནས་རྣམ་པར་ལྡང་བ་དང་ཤར་དང་བྱང་གི་མཚམས་སུ་སྙོམས་
པར་ཞུགས་ཏེ། ལྷོ་དང་ནུབ་ཀྱི་མཚམས་ནས་རྣམ་པར་ལྡང་བ་དང་། ལྷོ་དང་ནུབ་ཀྱི་མཚམས་སུ་སྙོམས་པར་ཞུགས་ཏེ། ཤར་དང་བྱང་གི་མཚམས་ནས་རྣམ་པར་ལྡང་བ་དང་། ལྷོ་ཕྱོགས་སུ་སྙོམས་པར་ཞུགས་ཏེ།
བྱང་ཕྱོགས་ནས་རྣམ་པར་ལྡང་བ་དང་། བྱང་ཕྱོགས་སུ་སྙོམས་པར་ཞུགས་ཏེ། ལྷོ་ཕྱོགས་ནས་རྣམ་པར་ལྡང་བ་དང་། ནུབ་དང་བྱང་གི་མཚམས་སུ་སྙོམས་པར་ཞུགས་ཏེ། ཤར་དང་ལྷོའི་མཚམས་ནས་རྣམ་པར་ལྡང་བ་དང་།
ཤར་དང་ལྷོའི་མཚམས་སུ་སྙོམས་པར་ཞུགས་ཏེ། ནུབ་དང་བྱང་གི་མཚམས་ནས་རྣམ་པར་ལྡང་བ་དང་། འོག་གི་ཕྱོགས་སུ་སྙོམས་པར་ཞུགས་ཏེ། སྟེང་གི་ཕྱོགས་ནས་རྣམ་པར་ལྡང་བ་དང་། སྟེང་གི་ཕྱོགས་སུ་སྙོམས་པར་ཞུགས་ཤིང་
འོག་གི་ཕྱོགས་ནས་རྣམ་པར་ལྡང་བ་སྟེ། ཀྱེ་རྒྱལ་བའི་སྲས་དག་བཅུ་པོ་འདི་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གི་ཏིང་ངེ་འཛིན་གྱི་བྱེ་བྲག་ལ་འཇུག་པའི་ཡེ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་བཅུ་པོ་འདི་རྣམས་ནི། བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་རྒྱ་ཆེན་པོར་བྱ་བ་ལ་མཁས་པ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་
འཇིག་རྟེན་གྱི་ཁམས་པད་མོ་གཅིག་ཏུ་བྱིན་གྱིས་བརླབས་ཏེ། པདྨོ་གཅིག་པོ་དེ་རང་གི་སྐྱིལ་མོ་ཀྲུང་གིས་རྒྱས་པར་ཁྱབ་པར་བྱིན་གྱིས་རློབ་བོ། །རང་གི་ལུས་དེ་ལས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྟོན་ཏོ། །སྟོང་

གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེར་ཡང་གླིང་བཞི་པ་ཁྲག་ཁྲིག་ཕྲག་བརྒྱ་སྟོན་ཏོ། །གླིང་བཞི་པ་ཁྲག་ཁྲིག་བརྒྱ་པོ་རེ་རེ་ཞིང་ཡང་བདག་གི་ལུས་རེ་རེ་བྱིན་གྱིས་རློབ་སྟེ། ལུས་དེ་དག་རེ་རེ་ལའང་སྟོང་གསུམ་
གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་བརྒྱ་བརྒྱ་སྟོན་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་གི་གླིང་བཞི་བ་རེ་རེར་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཁྲག་ཁྲིག་བརྒྱ་བརྒྱ་ཡང་དག་པར་སྟོན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་དག་རེ་རེ་
ལ་ཡང་མོས་པ་བྱེ་བ་ཁྲག་ཁྲིག་བརྒྱ་བརྒྱ་མངོན་པར་སྒྲུབ་བོ། །མོས་པ་དེ་དག་རེ་རེ་ལ་ཡང་དབང་པོ་སྣ་ཚོགས་རྣམ་པར་ཕྱེ་བ་ཁྲག་ཁྲིག་བརྒྱ་བརྒྱ་ཡོངས་སུ་རྫོགས་པ་རབ་ཏུ་ཐོབ་པར་བྱ་བ་ཡོངས་སུ་རྫོགས་པར་བྱེད་དོ། །དབང་པོ་སྣ་ཚོགས་
རྣམ་པར་ཕྱེ་བ་དེ་དག་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་བརྒྱ་བརྒྱ་ཕྱིར་མི་ལྡོག་པའི་ལས་ཀྱིས་བྱང་ཆུབ་སེམས་དཔའི་ཆོས་ལ་རབ་ཏུ་གཞོག་གོ །འོན་ཀྱང་ལུས་མང་པོ་འམ་ལྷག་པར་འཕེལ་བར་མི་བྱེད་དོ། །མཉམ་པར་གཞག་
པའང་ཉམས་པར་འགྱུར་བ་མེད་དོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ཞེས་བྱ་བ་ཡོད་དེ། དེའི་རང་བཞིན་གྱི་ལུས་ནི་དཔག་ཚད་བདུན་བརྒྱའོ། །དེའི་སྤྲུལ་པའི་ལུས་ནི་དཔག་ཚད་བརྒྱ་སྟོང་ཕྲག་
དྲུག་ཅུ་རྩ་བརྒྱད་དེ། དེའི་ལུས་ཕྱེད་རྒྱ་མཚོ་ཆེན་པོའི་ནང་ན། འདུག་ཀྱང་ལུས་ཀྱི་སྟོད་གྱེན་དུ་འཕགས་པ་རི་རབ་ཀྱི་རྩེ་མོ་དང་མཉམ་ཡང་། ཀྱེ་རྒྱལ་བའི་སྲས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ད་སྤྲུལ་པའི་ལུས་ཚད་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་
པ་དེས་སྔོན་གྱི་ལུས་འཇིག་པར་མི་བྱེད་དོ། །སྔོན་སྐྱེས་པའི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ། །ལུས་ཆེན་པོ་དེ་ཡོད་པས་ཀྱང་སྤྲུལ་པའི་ལུས་ལ་གཞན་དུ་འདུ་ཤེས་པར་མི་འགྱུར་ཏེ། ལུས་སྔ་

མ་ཤི་འཕོས་པའི་འདུ་ཤེས་ཀྱང་མེད་ལ་གསར་དུ་སྐྱེས་པའི་ལུས་ཀྱིས་ཀྱང་ཉམས་དགའ་བ་རབ་ཏུ་ཐོབ་པ་ཡིན་ཏེ། སྤྲུལ་པའི་ལུས་དེས་མཐུ་དང་དབང་བྱེད་པར་དབང་སྒྱུར་བར་ཡང་ཡང་དག་པར་སྟོན་ན། རྨོངས་ཤིང་འཁྲུལ་བར་འགྱུར་བ་འང་
མེད་དེ། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དེ་ནི་འདོད་ཆགས་ཅན་ཞེ་སྡང་ཅན་གཏི་མུག་ཅན་ཏེ། ང་རྒྱལ་དང་དྲེགས་པ་དང་ལྡན་ཡང་རྒྱ་མཚོའི་ནང་ན་གནས་ཤིང་རྒྱ་མཚོའི་ནང་གི་ཁྱིམ་ན་འདུག་བཞིན་དུ་རྣམ་པ་དེ་ལྟ་བུའི་སྤྲུལ་པའི་ལུས་
ཀྱིས་མངོན་པར་འཕགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་སྒྱུ་མའི་རྣམ་པར་རབ་ཏུ་རྟོགས་པ། འཇིག་རྟེན་ཐམས་ཅད་ན་དཔེ་མེད་པ། མིག་ཡོར་དང་མཉམ་པར་རབ་ཏུ་ཞུགས་པ། འཇིག་རྟེན་གྱི་
ཁམས་ཐམས་ཅད་སངས་རྒྱས་སྐྱེས་པའི་སྤྲུལ་པ་རྣམ་པར་དམིགས་པ་ལྟ་བུར་ཁོང་དུ་ཆུད་པ། སྒྲ་དབྱངས་རྣམ་པར་དམིགས་པ་ཐམས་ཅད་རིའི་བྲག་ཅ་ལྟ་བུར་ཤེས་པ། ཡང་དག་པའི་ཆོས་རབ་ཏུ་མཐོང་བ། ཆོས་ཇི་ལྟ་བ་བཞིན་གྱི་ལུས་དང་ལྡན་
པ། རང་བཞིན་གྱིས་འོད་གསལ་ཞིང་དང་བའི་ཆོས་ལ་ཞུགས་པ། སེམས་ཀྱི་རང་བཞིན་དངོས་པོ་མྱེད་པར་རབ་ཏུ་རྟོགས་པ། ལུས་ཀྱི་ཡུལ་ཚད་མེད་པ་ལ་གནས་པ། སངས་རྒྱས་ཀྱི་ཡེ་ཤེས་སྣང་བས་བྱང་ཆུབ་ཀྱི་སྤྱོད་པ་རྣམ་པར་སྦྱངས་
པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ཏིང་ངེ་འཛིན་ཆེན་པོ་དེ་ལ་གནས་པས་ཆུད་ཟད་དུ་འཁྲུལ་པ་འང་མེད་ན་བློང་ཞིང་རྨོངས་པར་འགྱུར་བ་མེད་པ་ལྟ་ཅི་སྨོས། དེ་ལུས་ཀྱི་སྟོད་ལྷའི་འཇིག་རྟེན་དུ་འཕགས་པར་བྱིན་གྱིས་རློབ་ཅིང་ལུས་ཀྱི་སྨད་འདོད་པའི་
ཁམས་ན་འདུག་པར་བྱིན་གྱིས་རློབ་ཀྱང་ཤིན་ཏུ་མཉམ་པར་བཞག་པས་རབ་ཏུ་སྦྱར་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆེན་པོ་དེས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དེ་ཡང་རང་གི་ལུས་ཀྱི་ནང་དུ་རླག་པ་དེ་ལུས་ཆེན་པོ་སྟོན་ཅིང་སྤྱོམས་པའི་སྐྱེ་

བ་དང་རྫུ་འཕྲུལ་ཐམས་ཅད་ཀྱང་ལུས་ཀྱི་ནང་དུ་རླག་པར་བྱིན་གྱིས་རློབ་བོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན། མི་སྡུག་པ་སྒོམ་པ་ལ་གནས་པའི་དགེ་སློང་ནི། མི་སྡུག་པའི་མཚན་མར་རྣམ་པར་ལྟ་ཞིང་
ནང་གི་ལུས་ལ་རྟོག་པ་ལ་མངོན་པར་བརྩོན་པ་ཡིན། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལུས་སུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཆུད་པར་བྱ་བའི་ཕྱིར་ཆོས་ཀྱི་ལུས་ལ་བརྟག་པར་མངོན་པར་བརྩོན་པ་ཡིན་ཏེ།
ལུས་དེ་ལ་འཇིག་རྟེན་དང་། འཇིག་རྟེན་གྱི་ཆོས་མཐོང་བ་ཡང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གི་མཐུ་དང་། རྣམ་པར་འཕྲུལ་པ་དང་། ཏིང་ངེ་འཛིན་རབ་ཏུ་ཐོབ་པས་ལུས་ལ་འཇིག་རྟེན་དང་འཇིག་རྟེན་གྱི་
ཆོས་ཀྱིས་ཆགས་པ་མེད་དོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་མཁས་པའི་ཡེ་ཤེས་རྗེས་སུ་འགྲོ་བ་སྣང་བ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གཞན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས། སྟོང་གི་འཇིག་རྟེན་གྱི་ཁམས་རེ་རེ་ལ་བྱིན་གྱིས་
རློབ་སྟེ། འཇིག་རྟེན་གྱི་ཁམས་དེ་དག་རེ་རེ་ཡང་ལུས་རྣམ་པར་དམིགས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡང་དག་པར་སྟོན་ཏོ། །ལུས་དེ་དག་རེ་རེ་ལས་ཀྱང་འོད་གཟེར་གྱི་དཀྱིལ་
འཁོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འགྱེད་དོ། །འོད་གཟེར་རེ་རེ་ལ་ཡང་ཁ་དོག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡང་དག་པར་སྟོན་ཏེ། ཁ་དོག་

དེ་དག་རེ་རེས་ཀྱང་འཇིག་རྟེན་གྱི་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་སྣང་བར་བྱེད་དོ། །སྣང་བ་དེ་དག་རེ་རེས་ཀྱང་སེམས་ཅན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོངས་སུ་སྨིན་པར་བྱེད་དོ། །
དེ་ལ་ཡང་བྱང་ཆུབ་སེམས་དཔའ་དེས་འཇིག་རྟེན་གྱི་ཁམས་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བ་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་སུ་འགྲོ་བ་
རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་བྱིན་གྱིས་བརླབ་པ་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་སུ་གནས་པར་བྱ་བ་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་སྣང་བར་བྱ་བ་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་ནས་འགྲོ་བའང་རབ་ཏུ་ཤེས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་འཇིག་
རྟེན་གྱི་ཁམས་ལ་དེ་ལྟར་འཇུག་ཀྱང་འཇིག་རྟེན་གྱི་ཁམས་ཇི་ལྟ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་འཇུག་སྟེ། འཇིག་རྟེན་གྱི་ཁམས་རྣམ་པར་དམིགས་པས། འཇིག་རྟེན་གྱི་ཁམས་སྤྲོ་བར་ཡང་མྱི་བྱེད་དེ། ཆོས་ཀྱི་རང་བཞིན་ལས་ཀྱང་འཇིག་རྟེན་གྱི་ཁམས་འཇིག་པར་མྱི་བྱེད་དོ།། །།
སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་གསུམ་པ། ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན་ལྷའི་བུ་ཉི་མ་འཆར་བའི་ཚེ་རི་རབ་རིའི་རྒྱལ་པོ་འཁོར་བར་གནས་པའི་རིན་པོ་ཆེའི་རི་བདུན་ལ་འཆར་བར་འགྱུར་ཏེ། རི་བདུན་པོ་དེ་དག་ལ་ཤར་ནས་རི་
མཚམས་ཀྱི་གནས་བདུན་པོ་ཤིན་ཏུ་རུབ་པ་དེ་དག་ཏུ་འང་སྣང་བའི་ཚུལ་གྱིས་ཀུན་ཏུ་འཆར་རོ། །དེ་ཡང་རིན་པོ་ཆེའི་རི་བདུན་པོ་གསེར་གྱི་མདོག་ཅན་དེ་དག་ལ་ཉི་མའི་གཟུགས་བརྙན་སྣང་བས་རི་བདུན་གྱི་ཉི་མའི་གཟུགས་བརྙན་རི་མཚམས་བདུན་པོ་དེ་དག་ཏུ་སྣང་བའི་ཚུལ་གྱིས་འཆར་
བར་འགྱུར་ཏེ། རི་མཚམས་བདུན་པོ་དེ་དག་ཀྱང་གསེར་གྱི་མདོག་ཏུ་འདུག་པས། དེ་དག་ལས་ཀྱང་རི་བདུན་པོ་དེ་དག་ལ་གཟུགས་བརྙན་གྱི་ཚུལ་དུ་ཉི་མའི་འོད་འཆར་ཤིང་རྣམ་པར་དམིགས་པར་འགྱུར་རོ། །དེ་ལྟར་ན་གཅིག་གིས་གཅིག་སྣང་བར་

བྱ་བའི་ཚུལ་དུ་རི་མཚམས་དེ་དག་ཏུ་ཉི་མའི་གཟུགས་བརྙན་ཤར་ཅིང་རིན་པོ་ཆེའི་རི་དེ་དག་ལ་ཉི་མའི་གཟུགས་བརྙན་འབྱུང་བས་དེའི་ཕྱིར་རིན་པོ་ཆེའི་རི་རྣམས་ལས་ཉི་མ་འཆར་ཞེས་བྱའོ། །དེ་ལྟར་གཅིག་ནས་གཅིག་ཏུ་སྣང་
བ་རྣམ་པར་དམིགས་པར་བརྒྱུད་པས་ཉི་མའི་དཀྱིལ་འཁོར་གྱི་མཐར་ཐུག་པ་མེད་དེ། དེ་ལྟར་སྣང་བ་ཡང་དངོས་པོ་ཡང་མ་ཡིན། དངོས་པོ་མ་ཡིན་པའང་མ་ཡིན། ཡོད་པའང་མ་ཡིན། མེད་པའང་མ་ཡིན། རི་རྣམས་ལ་གནས་པའང་མ་ཡིན་
ནང་དུ་ཕྱིན་པ་འང་མ་ཡིན། ཕྱི་རོལ་ན་གནས་པ་འང་མ་ཡིན། དེ་དག་དང་བྲལ་བར་གནས་པ་འང་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ལ་
གནས་པ་ཡང་འཇིག་རྟེན་གྱི་ཁམས་རྣམ་པར་དམིགས་པ་འཇིག་པར་ཡང་མི་བྱེད་དོ། །ཆོས་རྣམས་ཀྱི་རང་བཞིན་ཡང་ཡོངས་སུ་མི་སྤོང་ངོ་། །བྱང་ཆུབ་སེམས་དཔའ་དེ་ཉིད་འཇིག་རྟེན་གྱི་ཁམས་ཀྱི་ནང་དུ་ཕྱིན་པ་འང་མ་ཡིན་ནོ། །བྱང་ཆུབ་སེམས་
དཔའ་དེ་འཇིག་རྟེན་གྱི་ཁམས་རྣམ་པར་དམིགས་པའི་ཕྱི་རོལ་ན་འདུག་པ་འང་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་འཇིག་རྟེན་གྱི་ཁམས་ལ་ཡང་མི་རྟོག་སྟེ། བྱང་ཆུབ་སེམས་དཔའ་དེ་འཇིག་རྟེན་གྱི་ཁམས་ལ་རྣམ་པར་རྟོག་པ་འང་མ་ཡིན་ནོ། །བྱང་ཆུབ་སེམས་
དཔའ་དེ་འཇིག་རྟེན་གྱི་ཁམས་ཀྱི་མཚན་མ་རྣམ་པར་འཇིག་པར་བྱེད་པ་ཡང་མ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་གཅིག་པོ་ཡང་མཚན་ཉིད་མེད་པ་ལས་རྣམ་པར་མི་ཟློག་སྟེ། བྱང་ཆུབ་སེམས་དཔའ་དེ་ཡང་ཆོས་རྣམ་པར་དབྱེ་བ་འཁྲུག་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་
དེ་དེ་བཞིན་ཉིད་ཀྱི་རང་བཞིན་གནས་པ་དེ་ལས་ཀྱང་ཕྱིར་མི་ལྡོག་གོ །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་གཙུག་ལག་མིག་འཕྲུལ་ཞེས་བྱ་བ་འཇིག་རྟེན་ན་ཡོད་དེ། སྒྱུ་མའི་མཁན་པོ་སྒྱུ་མའི་གཙུག་ལག་དེ་ལ་ཤིན་ཏུ་བསླབས་ཤིང་

ནན་ཏན་ཏུ་བྱེད་བྱེད་པ་རྣམས་ལམ་པོ་ཆེའི་བཞི་མདོ་དག་ཏུ་འཁོད་ཅིང་འགྲོ་བའི་ཚོགས་ཆེན་པོ་འདུས་པ་དག་གི་མདུན་དུ་སྐད་ཅིག་ཡུད་ཙམ་དུ་ཉི་མ་གཅིག་དང་། ཉིན་ཞག་བདུན་དང་ཟླ་བ་ཕྱེད་དང་། ཟླ་བ་གཅིག་དང་ཟླ་བ་གཅིག་ཀྱང་སྟོན་ཏོ། །ལོ་གཅིག་ཀྱང་
སྟོན་ཏོ། །ལོ་བརྒྱ་ཡང་སྟོན་ཏོ། །གྲོང་ཡང་སྟོན་ཏོ། །ཡུལ་ཡང་སྟོན་ཏོ། ཆུ་ཀླུང་གི་རྒྱུན་ཀྱང་སྟོན་ཏོ། །རྒྱ་མཚོ་ཡང་སྟོན་ཏོ། །སྤྲིན་ཡོངས་སུ་སྡུད་པ་ཡང་སྟོན་ཏོ། །སྤྲིན་ཆེན་པོ་ལས་ཆར་འབབ་པ་ཡང་སྟོན་ཏོ། །གནམ་སྟོང་པ་ལས་ཆར་འབབ་པ་ཡང་
སྟོན་ཏོ། །འཇིག་རྟེན་གྱི་གནས་རྣམ་པ་སྣ་ཚོགས་ཡང་སྟོན་ཏེ། དེ་ལྟར་བསྟན་པས་ཉི་མ་གཅིག་པོ་འཇིག་པར་མི་འགྱུར་རོ། །ཉི་མ་གཅིག་པོས་ཀྱང་ཉིན་ཞག་དང་ཟླ་བ་དང་ལོ་དེ་དག་འཇིག་པར་མི་འགྱུར་རོ། །ཡུན་རིང་པོས་ཀྱང་སྒྱུ་མ་སྟོན་ཅིང་བསྒྲུབ་པ་ཟད་
པར་མི་འགྱུར་ཏེ། སྒྱུ་མ་བསྟན་པའི་དུས་ཀྱིས་ཀྱང་ཡུན་རིང་པོ་རྣམ་པར་དམིགས་པ་ཟད་པར་མི་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་ལ་མཉམ་པར་གཞག་པ་ཡང་འཇིག་རྟེན་གྱི་ཁམས་
གཅིག་ཏུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ལ་འཇུག་པ་རབ་ཏུ་སྟོན་ཏོ། །རླུང་གི་ཕུང་པོ་དང་། མེའི་ཕུང་པོ་དང་། ཆུའི་ཕུང་པོ་དང་། སའི་ཕུང་པོར་བཅས་པ་དང་། རྒྱ་མཚོ་དང་གླིང་དུ་བཅས་པ་དང་། རིན་པོ་ཆེའི་རི་དང་རི་རབ་དང་ཁོར་
ཡུག་དང་། བཏང་བཟུང་དང་ཁོར་ཡུག་ཆེན་པོས་ཡོངས་སུ་བསྐོར་བར་བཅས་པ་དང་། མིའི་འཇིག་རྟེན་དང་གྲོང་རྡལ་དང་ཡུལ་གྲུ་དང་། གྲོང་གི་གང་པར་བཅས་པ་དང་། བཟའ་ཤིང་གི་ར་བ་དང་། ཆུ་ཀླུང་དང་། མཚོ་དང་ལྟེང་ཀར་བཅས་པ་དང་།
ལྷའི་གནས་དང་། རྒྱན་དུ་བཅས་པ་དང་། ཀླུའི་གནས་སུ་བཅས་པ་དང་། གནོད་སྦྱིན་གྱི་གནས་སུ་བཅས་པ་དང་། དྲི་ཟའི་གནས་སུ་བཅས་པ་དང་། ལྷ་མ་ཡིན་གྱི་གནས་སུ་བཅས་པ་དང་ནམ་མཁའ་ལྡིང་གི་གནས་སུ་བཅས་པ་དང་། མི་འམ་ཅིའི་

གནས་སུ་བཅས་པ་དང་། མིའི་རྒྱན་དང་གནས་སུ་བཅས་པ་དང་། འདོད་པའི་ཁམས་ཀྱི་ཡུལ་དང་བཅས་པ་དང་། གཟུགས་ཀྱི་ཁམས་ཀྱི་ཡུལ་དང་བཅས་པ་དང་། གཟུགས་མེད་པའི་ཁམས་ཀྱི་ཡུལ་དང་བཅས་པ་
དང་། འཇིག་རྟེན་གྱི་ཁམས་བྱུར་བུར་བཅས་པ་དང་། འཇིག་རྟེན་གྱི་ཁམས་སྟོང་དུ་བཅས་པ་དང་། འཇིག་རྟེན་གྱི་ཁམས་སྟོང་གསུམ་དུ་བཅས་པ་དང་། ལས་དང་རྣམ་པར་སྨིན་པར་བཅས་པ་དང་། ཤི་འཕོ་དང་སྐྱེ་བར་བཅས་པ་དང་། སེམས་
ཅན་དུ་བཅས་པ་དང་ཡུན་རིང་པོར་བཅས་པ་དང་། ཡུད་ཙམ་ཐང་ཅིག་ཏུ་བཅས་པ་དང་། ཉི་མར་བཅས་པ་དང་། དུས་མཚམས་སུ་བཅས་པ་དང་། ཟླ་བ་དང་ལོ་དང་ལོ་བརྒྱར་བཅས་པ་དང་བསྐལ་པ་དང་། འཇིག་པ་དང་འདུ་བར་བཅས་པ་དང་།
ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པ་དང་། ཡངས་པ་དང་ཕྲ་བ་དང་རྒྱ་ཆེ་བ་དང་ཚད་མེད་པར་བཅས་པ་དང་། སངས་རྒྱས་སྐྱེ་བར་བཅས་པ་དང་། བྱང་ཆུབ་སེམས་དཔའི་འཁོར་དུ་བཅས་པ་དང་། འདུལ་བའི་སེམས་ཅན་དུ་བཅས་
པ་དང་། སངས་རྒྱས་རྣམ་པར་འཕྲུལ་པའི་ཡུལ་དང་ཐམས་ཅད་དུ་བྱིན་གྱིས་བརླབ་པ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་བཅས་པ་དང་། ཡུལ་དང་ཕྱོགས་དང་། གཞི་སྣ་ཚོགས་དང་། གནས་སྣོད་དུ་མས་གང་བ་དང་། འགྲོ་བའི་རྒྱུད་སྣ་
ཚོགས་དང་། སེམས་ཅན་གྱི་རིས་བསམ་གྱིས་མི་ཁྱབ་པར་བཅས་པ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་། ད་ལྟར་བྱུང་བ་དང་། རིན་པོ་ཆེ་སྣ་ཚོགས་དང་། རིན་པོ་ཆེ་དུ་མ་དང་། ལས་དང་རྣམ་པར་སྨིན་པ་སྣ་ཚོགས་རྣམ་པར་
དག་པར་བཅས་པ་དང་། འཇིག་རྟེན་གྱི་ཁམས་དེ་དག་ལ་འཇིག་རྟེན་གྱི་ཁམས་གཅིག་ཏུ་འཇུག་པའི་ཚེ། འཇིག་རྟེན་ན་ཡོད་པ་དང་། འཇིག་རྟེན་དུ་གཏོགས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་སྟོན་ཏོ། མཐོང་བར་བྱེད་དོ། །ཤེས་པར་བྱེད་

དོ། །རྣམ་པར་དཔྱོད་དོ། །རྟོགས་པར་བྱེད་དོ། །རབ་ཏུ་ཤེས་པར་བྱེད་དོ། །ཁོང་དུ་ཆུད་པར་བྱེད་དོ། །དེ་ལ་ཡང་དག་པར་འཇུག་པ་ཡང་མི་ཟད་པའི་ཡེ་ཤེས་ཀྱིས་ཐོབ་པར་གྱུར་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ནོར་བར་ལྟའོ། །འཇིག་རྟེན་
གྱི་ཁམས་ཀྱི་གྲངས་དེ་དག་གིས་ཀྱང་འཇིག་རྟེན་གྱི་ཁམས་འདི་དག་རྣམ་པར་འཇིག་པར་མི་བྱེད་དེ་འཇིག་རྟེན་གྱི་ཁམས་འདི་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་རྣམ་པར་འཇིག་པར་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཆོས་
ཐམས་ཅད་ལ་སྲོག་མེད་པའི་ཆོས་ལ་ཡོངས་སུ་རབ་ཏུ་ཞུགས་པ་སྟེ། བྱང་ཆུབ་སེམས་དཔའ་ནི་བྱེད་པ་མེད་པའི་ཆོས་ལ་རབ་ཏུ་ཞུགས་པས་སྤྱོད་པ་ཐམས་ཅད་ལ་རློམ་སེམས་མེད་དོ། །བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་ཐམས་ཅད་ཉོན་མོངས་པ་
མེད་པའི་ཆོས་ལ་བརྩོན་པས་བདག་མེད་པ་ལ་སྤྱོད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་ལུས་ཐམས་ཅད་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལྟ་བས་སེམས་ཅན་མེད་པ་ལ་སྤྱོད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་
སྐྱེ་བ་དང་འཇིག་པ་ཐམས་ཅད་ཆོས་ཀྱི་རྒྱུད་ཀྱི་རྒྱུ་ལས་བྱུང་བའི་ཆོས་སུ་རྟོགས་པས་གང་ཟག་མེད་པ་ལ་སྤྱོད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་རང་བཞིན་ཡང་དག་པར་བླང་བ་ལ་ཞུགས་པས་ཤེད་ཅན་དང་ཤེད་ལས་སྐྱེས་པ་མེད་པ་ལ་
གནས་པ་ཡིན། བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པས་བྱེད་པ་པོ་མེད་པ་ལ་སྤྱོད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྤྱོད་པ་རྣམ་པར་ཕྱེ་བ་གཅིག་གིས་སྤྱོད་པས་རྣམ་པར་
མི་རྟོག་པ་ལ་སྤྱོད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཆོས་ཉིད་ཀྱིས་བསམ་གྱིས་མི་ཁྱབ་པ་ལ་གནས་པ་ཡིན། བྱང་ཆུབ་སེམས་དཔའ་ནི་ཐབས་ཀྱི་རྣམ་གྲངས་ལ་མཁས་ཤིང་སེམས་ཅན་གདུལ་བ་ལ་བརྩོན་

པས་སྙིང་རྗེ་ཆེན་པོ་ལ་སྤྱོད་པ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཁམས་གཅིག་རྣམ་པར་གཞོག་པས་འཇིག་རྟེན་གྱི་ཁམས་རྣམ་པར་དགོད་པ་གྲངས་མེད་པ་ལ་འཇུག་གོ །བསྐལ་པ་
གྲངས་མེད་པའི་རྒྱུད་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་འཇུག་པ་གྲངས་མེད་པ་ཡང་དག་པར་མཐོང་ངོ་། །སངས་རྒྱས་གྲངས་མེད་པའི་རྗེས་སུ་ཡང་དག་པར་འབྲང་ངོ་། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་དེ་དག་གིས་ཆོས་བསྟན་པ་ཡང་དག་པར་འཛིན་ཏོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ལ་བདག་ཡང་དག་པར་སྤྱོད་པར་མཐོང་སྟེ། འདི་ནས་ཀྱང་བདག་གུད་དུ་གཡོ་བ་མྱེད་དོ། །དེ་དག་དང་བདག་ཏུ་ཐ་དད་པ་
མེད་པར་ཡང་རབ་ཏུ་ཤེས་ཏེ། ཆོས་ཀྱི་དབྱིངས་ལ་འཇུག་པས་ཀྱང་རྒྱུན་ཆད་པ་མེད་པར་རབ་ཏུ་འཇུག་གོ །ཡེ་ཤེས་ཀྱི་རྗེས་སུ་འཇུག་ཅིང་། ཕྱིར་མི་ལྡོག་པ་འང་རབ་ཏུ་ཤེས་ཏེ། དཔེར་ན་སྒྱུ་མའི་མཁན་པོ་དེས་འདི་ལ་གནས་ཤིང་སྒྱུ་
མ་ཐམས་ཅད་སྟོན་ཀྱང་སྒྱུ་མའི་སྤྲུལ་པ་དེས་ས་འདི་སྐྱོན་ཅན་དུའང་མི་འགྱུར་ལ། སྒྱུ་མའི་སྤྲིན་དེ་དག་གིས་ཀྱང་ས་འདི་རླན་པར་མི་འགྱུར་ཏེ། སྒྱུ་མའི་ཉི་མ་དེས་མུན་པའི་གྲངས་སུ་བྱ་བ་འདི་དག་བསྩལ་བར་ཡང་མི་འགྱུར་རོ། །དེ་བཞིན་དུ་བྱང་
ཆུབ་སེམས་དཔའ་ཡང་སངས་རྒྱས་ཀྱི་ཞིང་གི་ཡུལ་ལ་ཞིང་དུ་འཇུག་པའང་བྱེད། འཇིག་རྟེན་མ་ཡིན་པའི་ཡུལ་ལ་འཇིག་རྟེན་ཡང་རབ་ཏུ་ཤེས། གཟུགས་མེད་པའི་ཡུལ་ལ་གཟུགས་སུ་བྱིན་གྱིས་རློབ་པའང་ཤིན་ཏུ་སྟོན་ཏེ། གཅིག་གིས་
གཉིས་པ་ཡང་འཇིག་པར་མི་བྱེད་དོ། །གཉིས་པས་ཀྱང་གཅིག་འཇིག་པར་མི་བྱེད་དོ། །དེ་ནི་དེས་འཇིག་རྟེན་གྱི་ཆོས་ཐམས་ཅད་སྒྱུ་མའི་དྲ་བར་ཆོས་ཀྱི་རང་བཞིན་ལ་འཇུག་པས་རབ་ཏུ་ཤེས་ཤིང་ཁོང་དུ་ཆུད་པ་དང་། ཡེ་ཤེས་

ཀྱི་རང་བཞིན་ལ་འཇུག་པ་དང་། ལས་ཀྱི་རང་བཞིན་ལ་འཇུག་པས་ཁོང་དུ་ཆུད་པ་དང་། ལས་ཀྱི་རང་བཞིན་ཡེ་ཤེས་ཀྱི་རང་བཞིན་དུ་རབ་ཏུ་བསྒྲུབ་པ་དང་། ཡེ་ཤེས་ཀྱི་རང་བཞིན་དུ་ལས་ཐམས་ཅད་རབ་ཏུ་སྤྱོད་པས་དེའི་ཕྱིར་རབ་ཏུ་
ཤེས་སོ། །འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་དེ་ནི་སྒྱུ་མའི་རྣམ་པར་སྟོན་ན་ས་མེད་པར་ཡོངས་སུ་སྟོན་པ་མ་ཡིན། སྐྱེ་བོའི་ཚོགས་སྣ་ཚོགས་མེད་པར་ཡོངས་སུ་སྟོན་པའང་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་
དཔའ་ཡང་ནམ་མཁའི་རང་བཞིན་མེད་པར་འཇིག་རྟེན་ཐམས་ཅད་ལ་ཡོངས་སུ་འཇུག་པ་འང་མ་ཡིན། འཇིག་རྟེན་གྱི་ཁམས་རྣམ་པ་མེད་པར་ནམ་མཁའི་རང་བཞིན་ལ་འཇུག་པའང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་རང་
བཞིན་ཡང་འཇིག་རྟེན་དང་ཐ་མི་དད། འཇིག་རྟེན་གྱི་རྣམ་པ་ཡང་ནམ་མཁའི་རང་བཞིན་དང་ཐ་མི་དད་དེ། བྱང་ཆུབ་སེམས་དཔའ་དེ་ནི་ནམ་མཁའི་རང་བཞིན་དེ་ལ་འཇིག་རྟེན་གྱི་ཡུལ་དང་ལས་སྣ་ཚོགས་ཀྱི་རྒྱན་རྣམ་པ་སྣ་ཚོགས་ལ་
རབ་ཏུ་འཇུག་གོ །མངོན་པར་སྒྲུབ་བོ། །ཡང་དག་པར་ལྟའོ། །རྣམ་པར་ལྟའོ། །ཁོང་དུ་ཆུད་པར་བྱེད་དོ། །རྟོག་པར་བྱེད་དོ། །གོམས་པར་བྱེད་དོ། །རྗེས་སུ་སྒོམ་མོ། །རབ་ཏུ་རྟོག་གོ །རྣམ་པར་དཔྱོད་དོ། །སེམས་སྐད་
ཅིག་གིས་འཇིག་རྟེན་གྱི་ཁམས་གྲངས་མེད་པའི་འཇིག་པ་དང་། འདུ་བའི་རྣམ་པ་ཡང་རབ་ཏུ་ཤེས་སོ། །བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྣམ་པ་ལ་བརྩོན་པར་བྱ་བ་ཡང་རབ་ཏུ་ཤེས་སོ། །སྐད་ཅིག་གཅིག་གིས་
བསྐལ་པ་དེ་དག་གཅིག་ནས་གཅིག་ཏུ་བརྒྱུད་པའི་དུས་ཐམས་ཅད་དབང་དུ་བྱེད་དོ། །སེམས་སྐད་ཅིག་རེ་རེ་ལ་བསྐལ་པ་དང་དུས་རྣམ་པར་དམིགས་པས་མང་དུ་བྱེད་པ་དེ་ཡང་ལུས་ལས་གཞན་དུ་མི་བྱེད་དེ། དེ་ཡང་དེ་བཞིན་

གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་སྒྱུ་མ་ལ་བྱང་ཆུབ་སེམས་དཔའ་རབ་ཏུ་སློབ་ཅིང་ཡོངས་སུ་གྲུབ་པའི་ཕ་རོལ་ཏུ་ཕྱིན་པས་ཡེ་ཤེས་སྒྱུ་མའི་མཐར་ཕྱིན་པ་དང་། འཇིག་རྟེན་སྒྱུ་མའི་གྲངས་
ཀྱི་རྗེས་སུ་ཞུགས་པ་དང་། ཆོས་ཐམས་ཅད་སྒྱུ་མའི་རང་བཞིན་དུ་རྟོགས་པ་དང་། འཇིག་རྟེན་དང་འགལ་བ་མེད་པའི་ཡེ་ཤེས་སྒྱུ་མའི་མཐར་ཕྱིན་པ་དང་། དུས་གསུམ་སྒྱུ་མ་ཐ་མི་དད་པར་ཁོང་དུ་ཆུད་པ་དང་། མངོན་པར་ཤེས་པ་སྒྱུ་
མ་ངེས་པར་རྟོགས་པ་དང་། སེམས་སྒྱུ་མ་མཐའ་ཡས་ཤིང་མུ་མེད་པ་ལ་རབ་ཏུ་ཞུགས་པ་དང་། སངས་རྒྱས་ཐམས་ཅད་སྒྱུ་མའི་རང་བཞིན་དུ་ཡང་དག་པར་མོས་པར་བྱས་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་འཇིག་རྟེན་
གྱི་ཁམས་ཐམས་ཅད་ལ་རབ་ཏུ་འཇུག་ཅིང་རྣམ་པར་སྤྱོད་ཀྱང་ཐམས་ཅད་དུ་ཆགས་པ་མེད་དེ། ཀུན་ལ་འང་རློམ་སེམས་མེད་དོ། །འདི་ལྟ་སྟེ་དཔེར་ན། སྒྱུ་མ་བྱེད་པ་ནི་མིག་འཕྲུལ་དང་སྒྱུ་མ་ཐམས་ཅད་སྟོན་ཀྱང་ཡོངས་སུ་སྟོན་པ་ཡང་མེད་དེ།
དེ་ལ་རྨོངས་པར་ཡང་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཆོས་ཐམས་ཅད་ལ་འཇུག་པའི་ཕ་རོལ་ཏུ་འང་ཕྱིན་ལ་ཆོས་ལ་ཞུགས་པས་རློམ་པ་ཡང་མེད་དོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་མཁས་པའི་ཡེ་ཤེས་ཡིད་དུ་འོང་བ་ཞེས་བྱ་བ་སྟེ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས་དག །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཤར་ཕྱོགས་
ལོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འདས་ཤིང་། དེར་སངས་རྒྱས་ཀྱི་ཞིང་འབྱམ་ཀླས་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །འཇིག་རྟེན་གྱི་ཁམས་དེ་དག་ཇི་སྙེད་

འདས་པ་དེ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་ནས། འཇིག་རྟེན་གྱི་ཁམས་དེ་དག་ཏུའང་འཇིག་རྟེན་གྱི་ཁམས་ལ་ལར་ཉི་མ་རངས་པར་སྙོམས་པར་འཇུག་གོ །ལ་ལར་སྔ་དྲོའི་དུས་ལ་ལར་ཉི་མ་གུང་
གི་དུས་ལ་ལར་ཕྱི་དྲོའི་དུས་ལ་ལར་སྔ་དྲོའི་ཐུན་གྱི་དུས། ལ་ལར་ཉི་མ་གུང་གི་ཐུན་གྱི་དུས། ལ་ལར་ཕྱི་དྲོའི་ཐུན་གྱི་དུས། ལ་ལར་སྐད་ཅིག་གཅིག་གི་དུས། ལ་ལར་ཡུད་ཙམ་ཅིག་གི་དུས། ལ་ལར་ཐང་ཅིག་གི་དུས། ལ་ལར་སྲོད་ཀྱི་དུས་
ལ་ལར་ཡུད་དུ་ཡན་མན་གྱི་དུས། ལ་ལར་ཟླ་བ་གཅིག་གི་དུས། ལ་ལར་ལོའི་དུས། ལ་ལར་ལོ་བརྒྱ་སྟོང་གི་དུས། ལ་ལར་ལོ་བྱེ་བ་བརྒྱ་སྟོང་གི་དུས། ལ་ལར་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་དུས། ལ་ལར་བསྐལ་པ་གཅིག་གི་དུས།
ལ་ལར་བསྐལ་པ་བརྒྱའི་དུས། ལ་ལར་བསྐལ་པ་སྟོང་གི་དུས། ལ་ལར་བསྐལ་པ་བརྒྱ་ཕྲག་སྟོང་གི་དུས། ལ་ལར་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་དུས། ལ་ལར་བསྐལ་པ་ཚད་མེད་པའི་དུས། ལ་ལར་བསྐལ་པ་དཔག་ཏུ་མེད་
པའི་དུས། ལ་ལར་བསྐལ་པ་མུ་མེད་པའི་དུས། ལ་ལར་བསྐལ་པ་མཐའ་ཡས་པའི་དུས། ལ་ལར་བསྐལ་པ་གྲངས་མེད་པའི་དུས། ལ་ལར་བསྐལ་པ་བསམ་གྱིས་མི་ཁྱབ་པའི་དུས། ལ་ལར་བསྐལ་པ་གཞལ་དུ་མེད་པའི་དུས།
ལ་ལར་བསྐལ་པ་བགྲང་དུ་མེད་པའི་དུས། ལ་ལར་བསྐལ་པས་མཚམས་མེད་པའི་དུས། ལ་ལར་བསྐལ་པ་བརྗོད་དུ་མེད་པའི་དུས་སུ་སྙོམས་པར་འཇུག་ཀྱང་། བྱང་ཆུབ་སེམས་དཔའ་དེས་ཆོས་སྒྱུ་མ་དེ་དག་རིང་དུ་གནས་པར་སེམས་པར་
མི་འགྱུར་རོ། །དུས་གཞན་དུ་རྗེས་སུ་འབྲང་བར་ཡང་མི་སེམས་ཏེ། །བྱང་ཆུབ་སེམས་དཔའ་དེ་དུས་རྣམ་པ་ཐ་དད་པ་སྣ་ཚོགས་དེ་དག་ལ་མངོན་པར་ཆགས་པར་ཡང་མྱི་བྱེད་དོ། །མངོན་པར་ཞེན་པ་ཡང་མི་བྱེད་དོ། །དབང་དུ་ཡང་མི་བྱེད་དོ། །

མི་རྟོག་གོ །རྣམ་པར་མི་རྟོག་གོ །ཆོས་ཐམས་ཅད་ལ་ཉམས་པ་མེད་པར་གཞོལ་བས་བྱམས་པའི་མངོན་པར་ཤེས་པ་དང་ལྡན་པ་ཡིན། ཏིང་ངེ་འཛིན་གྱི་མངོན་པར་ཤེས་པ་དང་ལྡན་པ་ཡིན། ཀྱེ་རྒྱལ་བའི་སྲས་དག །
འདི་ལྟ་སྟེ་དཔེར་ན། ལྷའི་བུ་ཉི་མ་ནི་ཉིན་པར་སྣང་བར་བྱེད་ཅིང་འགྲོ་ཡང་། ཉིན་པར་དང་ཡང་འགྲོགས་པ་མེད། མཚན་མོ་དང་ཡང་མི་འགྲོགས་སོ། །འགྲོ་བའི་ཚེ་འང་ཉིན་མོར་སྣང་ལ། ནུབ་ནས་
ཀྱང་མཚན་མོར་སྣང་ངོ་། །འོན་ཀྱང་ཉིན་པར་ཡང་སྐྱེད་པ་མེད་ལ་མཚན་མོ་ཡང་གཤིག་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་ཏུ་སྙོམས་པར་ཞུགས་ཤིང་།
གྲངས་སུ་བརྗོད་པས་རྣམ་པར་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་མཁས་པའི་ཡེ་ཤེས་ཞིང་འབྱམ་ཀླས་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྗེས་སུ་སོང་བ་
ཞེས་བྱ་བ་སྟེ་གསུམ་པའོ། །ཀྱེ་རྒྱལ་བའི་སྲས་དག །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སེམས་ཅན་གྱི་ལུས་སངས་རྒྱས་ཀྱི་སྐུར་མངོན་པར་མོས་པར་བྱེད་དེ། དེས་དེ་བཞིན་གཤེགས་པ་ཤིན་ཏུ་མང་
པོ་མཐོང་བས་འཇིག་རྟེན་གྱི་ཁམས་གྲངས་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་དེ་བཞིན་གཤེགས་པ་དེ་དག་ལ་སྤོས་ཀྱི་རྣམ་པའི་མཆོག་ཐམས་ཅད་ཀྱིས་མཆོད་པ་བྱེད་དོ། །མེ་ཏོག་སྣ་ཚོགས་ཡིད་དུ་འོང་བ་ཐམས་ཅད་ཀྱིས་མཆོད་པ་བྱེད་དོ། །ཞིང་ཡངས་
པའི་རྣམ་པ་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་མཆོད་པ་བྱེད་དོ། །རྒྱན་གྱི་རྣམ་པར་འགྲོ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཐམས་ཅད་ཀྱིས་མཆོད་པ་བྱེད་དོ། །འགྲོ་བ་ཐམས་ཅད་ཀྱི་རིན་པོ་ཆེ་སྣ་ཚོགས་ཚད་མེད་པས་ཀུན་ཏུ་

ཡོག་པའི་རྣམ་པ་ཐམས་ཅད་ཀྱིས་མཆོད་པ་བྱེད་དོ། །རྒྱན་རྣམ་པར་ཕྱེ་བའི་ཚོགས་ཀྱི་རྣམ་པ་ཐམས་ཅད་ཀྱིས་མཆོད་པ་བྱེད་དོ། །ནོར་བུ་རིན་པོ་ཆེ་སྣ་ཚོགས་དམ་པའི་གཙུག་ལག་ཁང་གི་རྣམ་པ་གྲངས་མེད་པ་ཐམས་ཅད་ཀྱིས་མཆོད་པ་བྱེད་དོ། །ལྷ་རྫས་ལས་
ཀྱང་འདས་པའི་མན་བསྩལ་དང་། ཞལ་ཟས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་རྣམ་པ་དམ་པ་ཐམས་ཅད་ཀྱིས་མཆོད་པ་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་རྣམ་པར་དག་པར་བྱ་བའི་རྒྱན་སྣ་ཚོགས་རྣམ་པ་ཐ་དད་པ་
མ་ལུས་པ་སངས་རྒྱས་བསྙེན་བཀུར་བ་དང་། མཆོད་པའི་རྣམ་པར་གཏོགས་པས་སངས་རྒྱས་ཐམས་ཅད་ལ་རིམ་གྲོ་བྱ་བའི་ཚུལ་དང་ལྡན་པར་མཆོད་པ་བྱེད་དོ། །དེ་བཞིན་གཤེགས་པ་དེ་དག་གི་ཞབས་ལའང་ཕྱག་འཚལ་ཞིང་ལུས་
ཐམས་ཅད་ཀྱིས་རབ་ཏུ་འབེབས་སོ། །རྗེ་སར་ཞུ་བ་རྣམས་ཀྱང་བྱེད་དེ། སངས་རྒྱས་ཀྱི་ཆོས་ཀྱང་ཤིན་ཏུ་རྟོགས་པར་བྱེད་དོ། །སངས་རྒྱས་ཀྱི་བསྟན་པ་ཡང་རབ་ཏུ་འཛིན་ཏོ། །སངས་རྒྱས་ཀྱི་ཆེ་བ་ཉིད་ཀྱང་ཁོང་དུ་ཆུད་པར་བྱེད་
དོ། །དེ་བཞིན་ཉིད་ལ་ཡང་ཡང་དག་པར་འཇུག་པས་རབ་ཏུ་འཇུག་གོ །སྙིང་རྗེ་ཆེན་པོའི་རྗེས་སུ་འབྲང་བ་འང་རབ་ཏུ་བྱེད་དོ། །ཆགས་པ་མེད་པའི་སྟོབས་རབ་ཏུ་སྤེལ་བ་ལའང་མངོན་པར་མོས་ཤིང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་
སུ་འཐོབ་པར་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་གཙོ་བོའི་རྗེས་སུ་ཡང་རབ་ཏུ་འབྲང་སྟེ། སྐད་ཅིག་གཅིག་གིས་མཐར་ཡང་རབ་ཏུ་འཇུག་གོ །དེ་བཞིན་གཤེགས་པ་དེ་དག་འབྱུང་བའི་ཚེའང་སྐྱེ་བ་མི་དམིགས་སོ། །དེ་བཞིན་གཤེགས་པ་
དེ་དག་མྱ་ངན་ལས་འདའ་བའི་ཚེའང་འཇིག་པ་མི་དམིགས་སོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། གཡེང་བའི་སེམས་ཀྱིས་ཡུལ་རྣམ་པར་དམིགས་པ་ནི་གཟུགས་ལས་ཀྱང་མ་བྱུང་དམིགས་པ་ལས་ཀྱང་མ་བྱུང་

ངོ་། །སེམས་རྣམ་པར་མི་དམིགས་པའི་ཚེའང་མི་དམིགས་པ་གང་ལས་ཀྱང་འགག་པར་མི་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་གཤེགས་པ་དེ་དག་འབྱུང་བའི་
ཚེ་འབྱུང་བ་མི་དམིགས་སོ། །དེ་བཞིན་གཤེགས་པ་དེ་དག་མྱ་ངན་ལས་འདའ་པའི་ཚེའང་འཇིག་པར་མི་དམིགས་སོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། ཉི་མའི་གུང་ལ་སྨིག་རྒྱུ་བ་སྣང་བ་ནི་སྤྲིན་ལས་བྱུང་བའང་མ་ཡིན། རྒྱ་མཚོ་ལས་
བྱུང་བ་འང་མ་ཡིན། སྤྲིན་ལ་གནས་པ་ཡང་མ་ཡིན། ས་ལ་གནས་པ་ཡང་མ་ཡིན། ཕྱོགས་ནས་བྱུང་བ་ཡང་མ་ཡིན། དགེ་བ་ཡང་མ་ཡིན། མི་དགེ་བ་ཡང་མ་ཡིན། དད་པ་ཡང་མ་ཡིན། རྙོག་པ་ཅན་ཡང་མ་ཡིན། བཏུང་བ་
ཡང་མ་ཡིན། བདོ་བ་ཡང་མ་ཡིན། དངོས་པོ་ཡོད་པ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན། རོ་དང་ལྡན་པ་ཡང་མ་ཡིན། རྣམ་པར་དམིགས་པ་དང་རྣམ་པར་མི་དམིགས་པའི་གྲངས་སུ་ཡང་མི་ཆུད་ན། དེའི་རྐྱེན་གྱིས་རྣམ་པར་ཤེས་
པར་གདགས་པ་འང་ཡོད་དེ། སྨིག་རྒྱུ་པའི་རྒྱུད་ཇི་ལྟ་བ་དེ་བཞིན་དུ་ཆུ་ཀླུང་གི་འདུ་ཤེས་སྐྱེ་སྟེ། རྒྱང་རིང་པོ་ནས་འདུ་ཤེས་དང་རྣམ་པར་ཤེས་པ་སྐྱེའོ། །ཉེ་བར་བསྙེན་ན་འཇིག་ཅིང་སྨིག་རྒྱུ་བར་རྣམ་པར་དམིགས་པ་ཡང་མེད་དོ། །ཀྱེ་རྒྱལ་
བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་གཤེགས་པ་དེ་དག་སྐྱེ་བའི་ཚེའང་སྐྱེ་བར་མི་དམིགས་སོ། །དེ་བཞིན་གཤེགས་པ་དེ་དག་མྱ་ངན་ལས་འདའ་བའི་ཚེ་འང་འཇིག་པར་མི་དམིགས་ཀྱང་མཚན་ཡོད་པས་སངས་
རྒྱས་ལ་སངས་རྒྱས་ཀྱི་འདུ་ཤེས་ཀྱིས་རྣམ་པར་དམིགས་སོ། །མཚན་མྱེད་པས་མཚན་མེད་པའི་མཚན་མས་མི་དམིགས་ཏེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་

འཛིན་ལྷག་པའི་བསམ་པ་གཙང་མས་སྤྱོད་པ་ཞེས་བྱ་བ་སྟེ། དེ་ལ་སྙོམས་པར་ཞུགས་ཤིང་རྣམ་པར་ལངས་ཀྱང་དེ་ནི་འཇིག་པ་མེད་དོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། མི་གཉིད་ཀྱིས་ལོག་པ་རྨི་ལམ་རྨིས་ནས་སད་དེ་
མཚན་མ་ཡིད་ཀྱིས་ཟིན་ལ་དྲན་ཞིང་རྨི་ལམ་བསྒྲིབས་པ་མེད་པ་རྣམ་པར་དམིགས་པ་ནི་སད་ཀྱང་རྨི་ལམ་རྗེས་སུ་དྲན་པས་ཡོངས་སུ་དྲན་ནོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་
ཀྱང་སངས་རྒྱས་མཐོང་བའི་མཚན་མ་ཡང་ཡོངས་སུ་འཇིག་པར་མི་བྱེད་དོ། །སངས་རྒྱས་ཀྱི་ཆོས་བླངས་པ་རྣམས་ཀྱང་ཡང་དག་པར་འཛིན་ཏོ། །དེ་བཞིན་གཤེགས་པ་དེ་དག་གིས་འཁོར་གྱི་དཀྱིལ་འཁོར་རྣམ་པར་དག་པར་ཡང་བསམ་
པ་ཇི་ལྟ་བ་བཞིན་དུ་རྣམ་པར་དམིགས་སོ། །སངས་རྒྱས་ཀྱི་ཞིང་གི་རྒྱན་ཀྱང་རྗེས་སུ་འཐོབ་པར་བྱེད་དོ། །དོན་གྱི་ཚུལ་ཡང་རྣམ་པར་འཕེལ་བར་བྱེད་དོ། །ཆོས་ཐམས་ཅད་ཀྱི་ཚུལ་ཡང་རྣམ་པ་དུ་མར་ཡོངས་སུ་སྦྱོང་ངོ་། །ཡེ་ཤེས་ཀྱི་སྒྲོན་
མ་ཡང་ཤིན་ཏུ་ཡངས་པར་བྱེད་དོ། །སངས་རྒྱས་ཀྱི་རིགས་ཀྱང་རྣམ་པར་འཕེལ་བར་བྱེད་དོ། །མི་འཇིགས་པ་ཡོངས་སུ་དག་པ་ཡང་རབ་ཏུ་བརྗོད་དོ། །ཐ་དད་པ་ཡང་དག་པར་ཤེས་པ་མི་ཟད་པའང་རབ་ཏུ་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་
དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་མཁས་པའི་ཡེ་ཤེས་བཞི་པའོ། །ཀྱེ་རྒྱལ་བའི་སྲས་དག །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་
རྣམས་ཀྱི་འོད་ལ་རབ་ཏུ་འཇུག་གོ། བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད་པས། ཞིང་གཅིག་ནས་གཅིག་ཏུ་བརྒྱུད་པ་ཁོང་དུ་ཆུད་པར་བྱེད་དོ། །ཞིང་གཅིག་ནས་གཅིག་ཏུ་བརྒྱུད་པས་སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་རབ་ཏུ་ཤེས་སོ། །

སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པས་ཆོས་བསྟན་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་རབ་ཏུ་ཤེས་སོ། །ཆོས་གཅིག་ནས་གཅིག་ཏུ་བརྒྱུད་པས། བསམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་རབ་ཏུ་ཤེས་སོ། །
བསམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པས། དབང་པོ་གཅིག་ནས་གཅིག་ཏུ་བརྒྱུད་པ་རབ་ཏུ་ཤེས་སོ། །དབང་པོ་གཅིག་ནས་གཅིག་ཏུ་བརྒྱུད་པས། འདུལ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་རབ་ཏུ་ཤེས་སོ། །འདུལ་བ་གཅིག་ནས་གཅིག་ཏུ་
བརྒྱུད་པས། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ཚེ་གཅིག་ནས་གཅིག་ཏུ་བརྒྱུད་པ་རབ་ཏུ་ཤེས་སོ། །སྐུ་ཚེ་གཅིག་ནས་གཅིག་ཏུ་བརྒྱུད་པས། ལོ་གྲངས་བྱེ་བ་ཁྲག་ཁྲིག་གཅིག་ནས་གཅིག་ཏུ་བརྒྱུད་པ་རབ་ཏུ་ཤེས་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པ་
རྣམས་ཀྱི་ཡེ་ཤེས་མཐའ་ཡས་པ་འདབ་ཆགས་པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདས་པའི་ཞིང་རྣམས་འདབ་ཆགས་པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདས་པའི་ཆོས་ཀྱི་རྣམ་གྲངས་རྣམས་འདབ་ཆགས་པར་རབ་ཏུ་ཤེས་སོ། །དེ་
བཞིན་དུ་འདས་པའི་བསྐལ་པ་རྣམས་འདབ་ཆགས་པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདས་པའི་ཆོས་རྣམས་འདབ་ཆགས་པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདས་པའི་སེམས་ཅན་རྣམས་འདབ་ཆགས་པར་རབ་ཏུ་ཤེས་སོ། །དེ་བཞིན་
དུ་འདས་པའི་མོས་པ་རྣམས་འདབ་ཆགས་པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདས་པའི་སེམས་ཅན་གྱི་སྤྱོད་པ་རྣམས་འདབ་ཆགས་པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདས་པའི་ཉོན་མོངས་པ་རྣམས་འདབ་ཆགས་པར་རབ་ཏུ་ཤེས་སོ། །དེ་བཞིན་
དུ་འདས་པའི་བག་ཆགས་རྣམས་འདབ་ཆགས་པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདས་པའི་རྣམ་པར་བྱང་བ་རྣམ་པར་དག་པ་རྣམས་འདབ་ཆགས་པར་རབ་ཏུ་ཤེས་སོ། །དེ་དག་ཏིང་ངེ་འཛིན་འདས་པ་རྣམ་པར་དག་པའི་སྙིང་པོ་ཞེས་བྱ་བ་ལ་སྙོམས་

པར་འཇུག་སྟེ། སེམས་བསྐྱེད་པ་གཅིག་གིས་བསྐལ་པ་བརྒྱ་ཕྲག་སྟོང་ལ་འཇུག་གོ །དེ་དང་འདབ་ཆགས་པའི་སེམས་མཐའ་ཡས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ལ་འཇུག་གོ །བསྐལ་པ་ཚད་མེད་པ་ལ་འཇུག་གོ །བསྐལ་པ་དཔག་ཏུ་མེད་
པ་ལ་འཇུག་གོ །བསྐལ་པ་གཞལ་དུ་མེད་པ་ལ་འཇུག་གོ །བསྐལ་པ་མུ་མེད་པ་ལ་འཇུག་གོ །བསྐལ་པས་མཚམས་མེད་པ་ལ་འཇུག་གོ །བསྐལ་པ་གྲངས་མེད་པ་ལ་འཇུག་གོ །བསྐལ་པ་བསམ་གྱིས་མི་ཁྱབ་པ་ལ་འཇུག་གོ །བསྐལ་པ་
དཔག་གིས་མི་ཁྱབ་པ་ལ་འཇུག་གོ །བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལ་འཇུག་གོ །དེ་དག་ཏིང་ངེ་འཛིན་ད་ལྟར་བྱུང་བ་འགག་པ་མེད་པ་ལ་འདས་པ་མ་སྐྱེས་ཤིང་བསྒྲིབས་པ་མེད་པ་ཞེས་བྱ་བ་ལ་སྙོམས་པར་འཇུག་སྟེ། ཏིང་ངེ་འཛིན་དེ་ལ་
དེ་དག་ཆོས་བཅུས་དབང་བསྐུར་བ་ཡིན། དེ་དག་དེ་ལས་ལངས་ནས་ཀྱང་དེ་བཞིན་གཤེགས་པ་རྣམས་ལ་དབང་བསྐུར་བའི་ཆོས་བཅུ་པོ་དེ་དག་ལ་བསམ་གྱིས་མི་ཁ