Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 036_ཕལ་ཆེན།_ཁ

Văn bản gốc(Tây Tạng)

Trang 8 / 22 (50.000 ký tự/trang)
་རེ་ལ་ལས་མངོན་པར་འདུ་བྱ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རྐྱེན་སྣ་ཚོགས་ཀྱིས་མངོན་པར་འདུ་བྱས་པ་རྣམས་ཡང་དག་པར་གཟུང་བ་དང་། ལས་འབྱམ་ཀླས་པ་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་ལས་ཀྱི་མངོན་པར་འདུ་བྱ་བ་ཐམས་
ཅད་ཀྱིས་ལས་ཀྱི་ཡུལ་སྣ་ཚོགས་སུ་དམིགས་པ་ལ་བརྩོན་པར་བྱེད་པ་ཤེས་བར་གྱུར་ཅིག །རབ་ཏུ་ཤེས་པར་གྱུར་ཅིག །ཡེ་ཤེས་ཤིན་ཏུ་ཐོབ་པར་གྱུར་ཅིག །ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་
བཅིངས་པ་མྱེད་པའི་སེམས་སུ་ཆོས་རེ་རེ་ལ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཆོས་ཡང་དག་པར་གཟུང་པ་རབ་ཏུ་ཤེས་པར་གྱུར་ཅིག །ཆོས་གཅིག་པོ་དེ་ཡང་ཆོས་ཐམས་ཅད་དུ་ཡང་དག་པར་གཟུད་པ་རབ་ཏུ་ཤེས་པར་གྱུར་ཅིག །ཆོས་རྣམ་པར་ཕྱེ་
བ་ཡང་རབ་ཏུ་ཤེས་པར་གྱུར་ཅིག །མ་ཆགས་པ་དང་འགལ་བ་མེད་པར་ཡང་ཆུད་པར་གྱུར་ཅིག །དགེ་བའི་རྩ་བ་འདིས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་ཏུ་བཟང་པོའི་ཆགས་པ་མེད་པའི་རྒྱུད་དུ་གྱུར་པ་ལ་གནས་
ཤིང་། ཐམས་ཅད་ཤེས་པས་ཆགས་པ་མེད་པ་དང་། གྲོལ་ཞིང་བཅིངས་པ་མེད་པའི་སེམས་སུ་ཆོས་བསྟན་པ་རེ་རེ་ལ། ཆོས་བསྟན་པ་རྣམ་པར་ཕྱེ་བ་འབྱམ་ཀླས་པ་བརྗོད་དུ་མེད་པའི་ཡང་

བརྗོད་དུ་མེད་པ་གཞན་དང་། གཞན་ཡོངས་སུ་སྨྱིན་པར་བྱ་བས། ཡང་དག་པར་བསྡུས་པ་འདུལ་བ་བསམ་གྱིས་མྱི་ཁྱབ་པས་ཡང་དག་པར་བསྡུས་པ་མཐའ་དང་དབུས་མྱེད་པའི་དུས་སུ་ཡང་དག་པར་བཤད་པ།
དུས་ཐམས་ཅད་དུ་སེམས་ཅན་གྱི་དབང་པོ་དང་མོས་པ་ཇི་ལྟ་བ་བཞིན་དུ་གོ་བར་བྱེད་པ། སེམས་ཅན་གྱི་མཐུ་ཇི་བཞིན་དུ་སངས་རྒྱས་ཀྱི་གསུང་གི་དབྱངས་ཀྱིས་རྣམ་པར་རིག་པར་བྱེད་པ། སངས་རྒྱས་ཀྱི་གསུང་གཅིག་གིས་བརྗོད་དུ་མྱེད་པའི་འཁོར་གྱི་དཀྱིལ་འཁོར་གྱི་སེམས་
ཅན་འབྱམ་ཀླས་པ་རྣམ་པ་ཐ་དད་པ་མངོན་པར་དགའ་བར་བྱེད་པ། ཆོས་ཀྱི་དབྱིངས་ཐམས་ཅད་དེ་བཞིན་གཤེགས་པ་གཅིག་གི་འཁོར་གྱི་དཀྱིལ་འཁོར་དུ་གྱུར་པའི་བྱང་ཆུབ་སེམས་དཔའི་བསམ་པ་རྒྱ་ཆེར་བྱེད་པ། མཐའ་དང་དབུས་མེད་པའི་སྤྱོད་པའི་དཀྱིལ་འཁོར་
ལ་རབ་ཏུ་གནས་ཤིང་ཀུན་ཏུ་བཟང་པོའི་ས་ལ་རབ་ཏུ་ཞུགས་པའི་སེམས་ཀྱིས་ཡོངས་སུ་ཤེས་པར་གྱུར་ཅིག །རབ་ཏུ་ཤེས་པར་གྱུར་ཅིག །ཁོང་དུ་ཆུད་པར་གྱུར་ཅིག །སེམས་སྐད་ཅིག་སེམས་སྐད་ཅིག་ཅིང་ཁོང་དུ་ཆུད་པའི་ཡེ་ཤེས་ཀྱིས་ཇི་སྐད་དུ་བརྗོད་པའི་
ཆོས་འབྱམ་ཀླས་པ་ལ་འཇུག་པས་ཁོང་དུ་ཆུད་པར་གྱུར་ཅིག །སེམས་ཀྱི་སྐད་ཅིག་བརྗོད་དུ་མྱེད་པས་རྣམ་པར་སྤེལ་བའི་ཡེ་ཤེས་ཀྱི་ཕུང་པོ་ཆེན་པོས་ཕྱི་མའི་མཐའི་བསྐལ་པ་མཐའ་དང་དབུས་མྱེད་པའི་མུར་ཕྱིན་པར་ཞིང་འབྱམ་ཀླས་པ་ཐམས་ཅད་སྤྱོད་ཅིང་སྟོན་པར་གྱུར་
ཅིག །ཀུན་ཏུ་བཟང་པོའི་དམྱིགས་པ་ཡེ་ཤེས་ཆེན་པོ་ལ་བརྩོན་པ་དང་། སྤྱོད་པ་བརྩོམས་པ་ཐམས་ཅད་ལ་རབ་ཏུ་འགྲུབ་པར་བྱེད་པའི་ཀུན་ཏུ་བཟང་པོའི་སས་ནམ་མཁའི་དབྱིངས་ཐམས་ཅད་སྤྱོད་པ་ལ་འཇུག་པ་བྲལ་བ་མྱེད་པས་ཡོངས་སུ་རྒྱས་པར་བྱེད་པར་གྱུར་ཅིག །དགེ་བའི་
རྩ་བ་འདིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྒོ་ལ་རབ་ཏུ་བརྩོན་པའི་དབང་པོས་ཆགས་པ་མྱེད་པ་དང་། གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱལ་པོ་རབ་ཏུ་ཐོབ་ཅིང་བསམ་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་རྣམ་པར་

ཕྱེ་བ་ལ་གནས་པ་དང་། དམྱིགས་པ་བསམ་གྱིས་མྱི་ཁྱབ་པ་དང་། སྤྱོད་པ་དགེ་བས་བྱུང་བས་དབང་པོ་རེ་རེ་ལ་དབང་པོ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པར་ཡང་དག་པར་གཟུང་བ་ཡོངས་སུ་ཤེས་པར་གྱུར་ཅིག །རབ་ཏུ་ཤེས་པར་གྱུར་ཅིག །ཤིན་ཏུ་རྟོགས་པར་གྱུར་ཅིག །
ཁོང་དུ་ཆུད་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་དང་། འཇིགས་པ་མྱེད་པའི་སེམས་དང་། རྨོངས་པ་མྱེད་པའི་སེམས་དང་། འཁྲུགས་པ་མྱེད་པའི་སེམས་དང་། རྣམ་པར་འཁྲུགས་པ་མྱེད་པའི་
སེམས་དང་། བསླད་པ་མྱེད་པའི་སེམས་དང་། དབང་པོ་མྱི་དམའ་བའི་སེམས་དང་། རྩེ་གཅིག་པའི་སེམས་དང་། ཤིན་ཏུ་མཉམ་པར་བཞག་པའི་སེམས་དང་། ཆོས་ཤིན་ཏུ་རྣམ་པར་ཕྱེ་བའི་སེམས་དང་། ཡེ་ཤེས་ཤིན་ཏུ་བརྟེན་པའི་
སེམས་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། ཡོངས་སུ་བསྔོ་བའི་རྗེས་སུ་སོང་བའི་སེམས་ཀྱིས་གཟུགས་ཤེས་པ་ཤིན་ཏུ་ཕྲ་བ་དང་། ལུས་ཤེས་པ་ཤིན་ཏུ་ཕྲ་བ་དང་། ཞིང་ཤེས་པ་ཤིན་ཏུ་ཕྲ་བ་དང་། བསྐལ་པ་ཤེས་པ་ཤིན་
ཏུ་ཕྲ་བ་དང་། འཇིག་རྟེན་ཤེས་པ་ཤིན་ཏུ་བྲ་བ་དང་། ཡུལ་ཤེས་པ་ཤིན་ཏུ་ཕྲ་བ་དང་། དུས་ཤེས་པ་ཤིན་ཏུ་ཕྲ་བ་དང་། ཆོས་ཀྱི་གྲངས་ཤེས་པ་ཤིན་ཏུ་ཕྲ་བ་དང་། ལས་ཀྱི་རྣམ་པར་སྨྱིན་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། རྣམ་པར་དག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་།
ཤིན་ཏུ་ཕྲ་བ་འདི་དག་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་ཏུ་བརྐྱང་བའི་ཡེ་ཤེས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་རྗེས་སུ་སོང་བས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་གྱུར་ཅིག །ཤིན་ཏུ་རྟོགས་པར་གྱུར་ཅིག །ཁོང་དུ་ཆུད་པར་གྱུར་ཅིག །དགེ་བའི་
རྩ་བ་འདིས་ཆགས་པ་མྱེད་པ་དང་། གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་རག་ལས་པ་མྱེད་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་གནས་ཤིང་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་བརྩོན་པའི་སྤྱོད་པ་ཆེན་པོ་ལ་དུབ་པ་མྱེད་པར་གནས་ཤིང་སེམས་ཅན་གྱི་རྒྱུད་ཤིན་ཏུ་

ཕྲ་བ་དང་། སེམས་ཅན་གྱི་ཤི་འཕོ་ཤིན་ཏུ་ཕྲ་བ་དང་། སེམས་ཅན་སྐྱེ་བ་ཤིན་ཏུ་ཕྲ་བ་དང་། སེམས་ཅན་གྱི་གནས་ཤིན་ཏུ་ཕྲ་བ་དང་། སེམས་ཅན་གྱི་རྟེན་ཤིན་ཏུ་ཕྲ་བ་དང་། སེམས་ཅན་མཐའ་དང་དབུས་མེད་པའི་རིགས་ཤིན་
ཏུ་ཕྲ་བ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་ཡུལ་ཤིན་ཏུ་ཕྲ་བ་དང་། སེམས་ཅན་གྱི་འདུ་བྱེད་ཤིན་ཏུ་ཕྲ་བ་དང་། སེམས་ཅན་བསྟན་པ་ཤིན་ཏུ་ཕྲ་བ་དང་། སེམས་ཅན་དམྱིགས་པ་ཤིན་ཏུ་ཕྲ་བའི་ཤིན་ཏུ་ཕྲ་བ་འདི་དག་དང་། ཤིན་ཏུ་ཕྲ་བ་
ལ་འཇུག་པ་ཇི་སྙེད་གང་ཡང་རུང་སྟེ། དེ་དག་ཐམས་ཅད་སེམས་གཅིག་བརྐྱང་བའི་སྤྱོད་པའི་ཡེ་ཤེས་ཀྱིས་ཤེས་པར་གྱུར་ཅིག །ཁོང་དུ་ཆུད་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་བྱང་ཆུབ་
སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་རབ་ཏུ་བརྩོན་པའི་ལྷག་པའི་བསམ་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོག་མ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་གནས་ཤིན་ཏུ་ཕྲ་བ་དང་།
བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་ཚད་མྱེད་པར་འགྲོ་བ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་ཆོས་སྣང་བ་རབ་ཏུ་ཐོབ་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་མིག་
རྣམ་པར་དག་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་ཡོངས་སུ་གྲུབ་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འགྲོ་བ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་གཟུངས་
ཀྱི་སྒོ་ཤེས་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་འཇིགས་པ་མྱེད་པའི་ས་མཐའ་དང་དབུས་མྱེད་པ་དང་། ཐ་དད་པ་ཡང་དག་པར་ཤེས་པ་ཐམས་ཅད་ཀྱི་མཛོད་ཀྱི་འོད་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་མཐའ་དང་དབུས་

མྱེད་པའི་མཚན་མ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་སངས་རྒྱས་ཐམས་ཅད་མཐོང་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པའི་ཤེས་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཟབ་མོ་མངོན་པར་བསྒྲུབས་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་ཏིང་
ངེ་འཛིན་རྒྱ་ཆེན་པོའི་རྒྱན་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་ཆོས་ཀྱི་དབྱིངས་ཀྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གི་མཐུ་ཕྱུང་བ་ཆེན་པོའི་རྣམ་པར་འཕྲུལ་བ་དང་། ཏིང་ངེ་འཛིན་མངོན་པར་བསྒྲུབས་པའི་ཡེ་ཤེས་
ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་ཕྱི་མའི་མཐའི་མུར་སྤྱོད་པ་ཡང་དག་པར་གཟུང་བའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམ་པར་དབྱེ་བ་མཐའ་དང་དབུས་མྱེད་པ་ཐམས་ཅད་མངོན་པར་བསྒྲུབས་པའི་ཡེ་ཤེས་ཤིན་
ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་སངས་རྒྱས་ཐམས་ཅད་དང་མངོན་སུམ་དུ་ཞབས་ཀྱི་དྲུང་ན་འདུག་ཀྱང་སངས་རྒྱས་གཅིག་དང་ཡང་བྲལ་བ་མྱེད་པའི་ཏིང་ངེ་འཛིན་མངོན་པར་བསྒྲུབས་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཏིང་ངེ་འཛིན་རྒྱ་ཆེ་ཞིང་།
ཡངས་པ་དང་། ཟབ་ཅིང་བསྒྲིབས་པ་མྱེད་པ་དང་། ཆགས་པ་མྱེད་པ་ལ་རབ་ཏུ་བརྩོན་པས་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པར་སྤྱོད་པ་ཡང་དག་པར་གཟུང་བའི་མཛོད་ཤེས་པའི་ས་ཁོང་དུ་ཆུད་པ་དང་། མངོན་པར་ཤེས་པའི་ས་རབ་ཏུ་ཐོབ་པ་དང་། དོན་གྱིས་
ཤིན་ཏུ་རྟོགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཏིང་ངེ་འཛིན་བསྒྲིབས་པ་མེད་པའི་ཡེ་ཤེས་ཤིན་ཏུ་ཕྲ་བ་ཐམས་ཅད་ཤེས་པར་གྱུར་ཅིག །རབ་ཏུ་རྟོགས་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མེད་པ་དང་། གྲོལ་ཞིང་བཅིངས་པ་མེད་པའི་
སེམས་ཀྱིས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པའི་ཡེ་ཤེས་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་ས་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པ་ཐ་དད་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་

ཡོངས་སུ་བསྔོ་བ་མངོན་པར་བསྒྲུབས་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་སངས་རྒྱས་ཐམས་ཅད་ཀྱི་གཏེར་རབ་ཏུ་ཐོབ་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་རྣམ་པར་དཔྱད་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་
པས་སྨོན་ལམ་རྣམ་པར་འཕྲུལ་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་སྙོམས་པར་འཇུག་པ་བསྟན་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་ཚུལ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་ཕྱག་རྒྱ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་
སེམས་དཔའི་ཚེ་གཅིག་གིས་ཐོབ་པ་ལ་ཡང་དབང་སྒྱུར་བ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་དགའ་ལྡན་གྱི་གནས་སུ་སྐྱེས་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་ལྷའི་ཕོ་བྲང་གི་གནས་ན་འདུག་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་
པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་མྱིའི་འཇིག་རྟེན་ན་དགའ་བར་གནས་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་འོད་གཟེར་གྱི་དྲ་བ་དགྱེ་བ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་རིགས་རྣམ་པར་དབྱེ་བ་ཤིན་
ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྣམ་པར་དབྱེ་བ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱས་པར་སྐྱེ་བ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་ལུས་གཅིག་གིས་ཤི་འཕོ་བ་རྣམ་པ་ཐ་
དད་པ་བསྟན་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའ་མའི་མངལ་ཏུ་འགྲོ་བ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའ་མངལ་ཏུ་སོང་ནས་གནས་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའ་མའི་མངལ་ན་རྣམ་པར་འཕྲུལ་པས་ཆོས་ཀྱི་དབྱིངས་ཐམས་
ཅད་འཁོར་གྱི་དཀྱིལ་འཁོར་གཅིག་པར་མའི་ལྟོར་ཤོང་བའི་ཡེ་ཤེས་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའ་མའི་མངལ་ན་སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་ཐམས་ཅད་ཡང་དག་པར་བསྟན་པའི་ཡེ་ཤེས་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའི་ཚེ་ཤིན་ཏུ་ཕྲ་བ་དང་།

བྱང་ཆུབ་སེམས་དཔའ་གོམ་པ་བདུན་དུ་སེང་གེའི་སྟབས་སུ་འགྲོ་བའི་ཡེ་ཤེས་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའ་བཙུན་མོའི་འཁོར་གྱི་ནང་ན་ཐབས་མཁས་པ་ཡང་དག་པར་སྟོན་པའི་ཡེ་ཤེས་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་བའི་ཚུལ་དང་། སྤྱོད་པ་
རབ་ཏུ་སྦྱོར་བ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་པ་ཤིན་ཏུ་ཕྲ་བ་དང་། བྱང་ཆུབ་སེམས་དཔའ་བདུད་ཀྱི་སྡེ་རབ་ཏུ་ཕམ་པར་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་འཚང་རྒྱ་བ་ཤིན་ཏུ་ཕྲ་བ་དང་། དེ་བཞིན་གཤེགས་
པའི་བྱང་ཆུབ་ཀྱི་གདན་ལ་འདུག་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་གཟེར་གྱི་དྲ་བ་རབ་ཏུ་དགྱེ་བ་ཤིན་ཏུ་ཕྲ་བ་དང་། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཡང་དག་པར་བསྟན་པ་ཤིན་ཏུ་ཕྲ་བ་དང་། དེ་བཞིན་གཤེགས་པའི་སེང་གེའི་ང་རོ་ཕྱུང་བའི་མྱ་ངན་ལས་
འདས་པ་ཆེན་པོ་ཤིན་ཏུ་ཕྲ་བ་དང་། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་གདུལ་བའི་འཁོར་དུ་ཐོགས་པ་མྱེད་པ་ཤིན་ཏུ་ཕྲ་བ་དང་། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་བསམ་གྱིས་མྱི་ཁྱབ་པ་ལ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལྟ་བུ་ཡོངས་སུ་ཤེས་པ་ཤིན་ཏུ་ཕྲ་བ་
དང་། འཇིག་རྟེན་ཐམས་ཅད་རྒྱས་པར་འགེངས་པའི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཡོངས་སུ་བསྟན་པ་ཤིན་ཏུ་ཕྲ་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་འགེངས་པའི་སངས་རྒྱས་ཀྱི་མཛད་པ་ཕྱི་མའི་མཐའི་མུར་ཐུག་པར་རྒྱུན་མྱི་ཆད་པ་ཤིན་ཏུ་
ཕྲ་བ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པར་ཐོགས་པ་མེད་པ་ཤིན་ཏུ་ཕྲ་བ་དང་། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པའི་ཞིང་གི་ཡུལ་ཐམས་ཅད་དུ་སེམས་ཅན་འདུལ་བར་སངས་རྒྱས་སྐྱེ་བ་བསྟན་པ་ཤིན་ཏུ་ཕྲ་བ་དང་།
སངས་རྒྱས་ཀྱི་སྐུ་གཅིག་སངས་རྒྱས་ཀྱི་སྐུ་ཐ་དད་པར་རབ་ཏུ་སྤྲོ་བའི་ཤེས་པ་ཤིན་ཏུ་ཕྲ་བ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་གང་ཇི་སྙེད་པའི་དཀྱིལ་འཁོར་གྱི་ཁྱུ་མཆོག་གི་མཐུ་དབྱུང་བའི་ཡེ་ཤེས་

ཤིན་ཏུ་ཕྲ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་སེམས་ཀྱི་སྐད་ཅིག་རེ་རེ་ཞིང་རྣམ་པར་འཕེལ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་སྦྱོར་བ་ཕྱིར་མྱི་ལྡོག་ཅིང་རྒྱུན་མྱི་འཆད་པ་དང་། ཀུན་ཏུ་བཟང་བོར་རབ་ཏུ་འཕྲོས་པའི་ཡོངས་
སུ་བསྔོ་བའི་ས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཁོང་ན་ཡང་དག་པར་འཛིན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། འདོད་ཆགས་དང་བྲལ་བ་མྱེད་པས་བྱུང་བའི་བྱང་ཆུབ་སེམས་དཔའི་སྒོའི་དཀྱིལ་འཁོར་དང་། སྤྱོད་པ་འབྱམ་ཀླས་བ་ལ་བརྩོན་པ་
ཤིན་ཏུ་རྣམ་པར་སྦྱངས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དམྱིགས་པ་འགྲོ་བ་ཐམས་ཅད་བདེ་བར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སེམས་དང་བསམ་པས་ཆེན་པོར་བསྒྲུབས་པ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་དུ་འདལ་བའི་དམྱིགས་པའི་
མཛོད་ཀྱི་ཡོངས་སུ་བསྔོ་བའི་སྒོ་རྡོ་རྗེའི་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའ་འཇུག་པའི་སྒོ་དེ་བཞིན་གཤེགས་པས་དགོངས་པ་དང་། ཆོས་བསྟན་པ་འགལ་བ་མྱེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ཀྱི་དོན་རབ་ཏུ་བསྟན་པ་དང་། འགྲོ་བ་ཐམས་ཅད་ཀྱིས་མི་སྒུལ་བའི་
དམ་བཅས་པ་ཤིན་ཏུ་རྒྱ་ཆེ་བ་དང་། སེམས་སྐད་ཅིག་གིས་མཐར་ཕྱིན་པའི་འཇུག་པ་དང་། དམྱིགས་པའི་མཛོད་སེམས་དང་སེམས་མ་ཡིན་པའི་ས་ཐམས་ཅད་རབ་ཏུ་རྟོགས་པ་དང་། ཡང་དག་པར་བསྟན་པའི་སྒོ་སེམས་མ་ཡིན་པའི་སེམས་ཀྱིས་མངོན་པར་
བསྒྲུབས་པ་དང་། ཡེ་ཤེས་ཀྱིས་ཚིག་གི་ལམ་ཐམས་ཅད་ལས་གྱེན་དུ་འཕགས་པ་དང་། སྤྱོད་པས་མངོན་པར་འཚང་རྒྱ་བའི་བྱིན་གྱི་རླབས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རྒྱུད་གྱི་ཚུལ་གཅིག་ཏུ་གྱུར་པ་དང་། ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་
ཕྱི་མའི་མཐའི་མུར་རྒྱུན་མི་འཆད་པ་དང་། སྤྱོད་པ་རྒྱུན་མྱི་འཆད་པ་དང་། འཇིག་རྟེན་ཐམས་ཅད་ཀྱི་འགྲོ་བའི་རྟོག་པ་དང་། འདུ་ཤེས་ཀྱི་རྣམ་པ་དང་། ཚིག་གི་ལམ་དུ་གདགས་པས་གཏུགས་པའི་བྱིན་གྱི་རླབས་ཁྱད་པར་གྱི་སྨོན་ལམ་ཆེན་པོས་རྣམ་པར་འཕྲུལ་

པས་ཁོང་དུ་ཆུད་པར་གྱུར་ཅིག །རབ་ཏུ་ཤེས་པར་གྱུར་ཅིག །ཤིན་ཏུ་བསྒྲུབས་པར་གྱུར་ཅིག །རྣམ་པར་སྤྱོད་པར་གྱུར་ཅིག །འགྲོ་བ་ཀུན་ཏུ་ཡང་དག་པར་སྟོན་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་
ཆགས་པ་མེད་པ་དང་གྲོལ་ཞིང་བཅིངས་པ་མེད་པའི་སེམས་སུ་སེམས་ཅན་གྱི་ཁམས་ཐམས་ཅད་ལ་འཇུག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། སེམས་ཅན་གྱི་ཁམས་རྣམ་པར་དབྱེ་བ་ཤེས་པ་ཤིན་ཏུ་ཕྲ་བ་དང་། སེམས་ཅན་གྱི་ཁམས་སྣ་ཚོགས་རྟོགས་པར་བསྟན་པ་ཤེས་
པ་ཤིན་ཏུ་ཕྲ་བ་དང་། སེམས་ཅན་གྱི་ཁམས་དུ་མའི་མངོན་པར་ཞེན་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། སེམས་ཅན་གྱི་ཁམས་ཀྱི་བྱེ་བྲག་ཐ་དད་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། སེམས་ཅན་གྱི་ཁམས་སྐལ་བ་མཉམ་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། སེམས་ཅན་གྱི་ཁམས་
མཐའ་དང་དབུས་མྱེད་པའི་ལམ་གྱི་རྒྱུད་ཤེས་པ་ཤིན་ཏུ་ཕྲ་བ་དང་། སེམས་ཅན་གྱི་ཁམས་བསམ་གྱིས་མྱི་ཁྱབ་པ་མངོན་པར་འདུ་བྱ་བ་སྣ་ཚོགས་རྣམ་པར་རྟོག་པར་གྱུར་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། སེམས་ཅན་མཐའ་ཡས་པའི་ཀུན་ནས་ཉོན་མོངས་པ་ཤེས་
པ་ཤིན་ཏུ་ཕྲ་བ་དང་། སེམས་ཅན་གྲངས་མྱེད་པའི་རྣམ་པར་བྱང་བ་ཤེས་པ་ཤིན་ཏུ་ཕྲ་བ་དང་། སེམས་ཅན་གྱི་ཁམས་ཀྱི་ཡུལ་ཤེས་པ་ཤིན་ཏུ་ཕྲ་བ་འདི་དག་དང་། ཤེས་པ་ཤིན་ཏུ་ཕྲ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་སེམས་སྐད་ཅིག་དང་
ལྡན་པའི་ཡེ་ཤེས་ཀྱི་ཕུང་པོ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་བྱིན་གྱི་རླབས་དང་། དུས་ཇི་ལྟ་བ་བཞིན་དུ་བསྟན་པས་འདུལ་བ་ཡོངས་སུ་བཟུང་བ་དང་། དུས་ཐམས་ཅད་དུ་ཆོས་ཀྱི་སྒོ་བརྗོད་དུ་མྱེད་པ་རབ་ཏུ་བསྟན་ཅིང་ཆོས་ཀྱི་འཁོར་ལོ་
བསྐོར་བའི་བྱིན་གྱི་རླབས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་བརྩོན་པའི་ཡེ་ཤེས་འབྱམ་ཀླས་པ་དང་། འགྲོ་བ་ཐམས་ཅད་རབ་ཏུ་དགའ་བའི་གནས་སུ་གྱུར་པའི་ལུས་བརྗོད་དུ་མྱེད་པའི་བྱིན་གྱི་རླབས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་དང་།

བྱང་ཆུབ་སེམས་དཔའི་སེམས་ལ་ཞུགས་པ་ཡེ་ཤེས་ཀྱི་ཉི་མས་སྣང་བར་བྱས་པ་དང་། བྱང་ཆུབ་སེམས་དཔའི་སེམས་མངོན་པར་རྫོགས་པའི་བྱིན་གྱི་རླབས་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་དང་། ཡེ་
ཤེས་ཆེན་པོ་འབྱམ་ཀླས་པ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་ལ་རབ་ཏུ་བརྩོན་པའི་འཇུག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་གྱུར་ཅིག །རབ་ཏུ་ཤེས་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་ཕའི་
སེམས་སུ་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་མཐས་གཏུགས་པ་ཐམས་ཅད་ཤེས་པ་ཤིན་ཏུ་ཕྲ་བ་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཤེས་པ་ཤིན་ཏུ་ཕྲ་བ་དང་། འཇིག་རྟེན་གྱི་ཁམས་ཆེར་གྱུར་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་།
འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། འཇིག་རྟེན་གྱི་ཁམས་རྒྱ་ཆེན་པོ་ཤེས་པ་ཤིན་ཏུ་ཕྲ་བ་དང་། འཇིག་རྟེན་གྱི་ཁམས་སྣ་ཚོགས་ཤེས་པ་ཤིན་ཏུ་ཕྲ་བ་དང་།
འཇིག་རྟེན་གྱི་ཁམས་ཡངས་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། འཇིག་རྟེན་གྱི་ཁམས་དོག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་བསྒྲིབས་པ་མེད་པའི་རྒྱན་གྱིས་རབ་ཏུ་བརྒྱན་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་མ་
ལུས་པར་སངས་རྒྱས་སྐྱེ་བས་རྒྱས་པར་དགང་བ་ཤེས་པ་ཤིན་ཏུ་ཕྲ་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་རབ་ཏུ་སྣང་བར་བྱ་བ་ཤེས་པ་ཤིན་ཏུ་ཕྲ་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་ལུས་ཀྱིས་རྒྱས་པར་དགང་བ་ཤེས་པ་
ཤིན་ཏུ་ཕྲ་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་འོད་གཟེར་རབ་ཏུ་དགྱེ་བས་སྣང་བར་བྱ་བ་ཤེས་པ་ཤིན་ཏུ་ཕྲ་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་

འཕྲུལ་བ་དང་། ཁྱུ་མཆོག་གི་མཐུ་ཕྱུང་བ་ཡང་དག་པར་བསྟན་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་དབྱངས་གཅིག་གིས་དབྱངས་ཐམས་ཅད་དུ་རྣམ་པར་བསྟན་ཅིང་རྒྱས་པར་དགང་བ་ཤེས་པ་ཤིན་ཏུ་ཕྲ་བ་དང་། འཇིག་རྟེན་གྱི་
ཁམས་ཐམས་ཅད་མ་ལུས་པའི་འཁོར་གྱི་དཀྱིལ་འཁོར་གྱིས་སངས་རྒྱས་ཀྱི་སྐུ་ཀུན་ནས་བསྐོར་བར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་འཇུག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་མ་ལུས་པར་སངས་རྒྱས་ཀྱི་ཞིང་གཅིག་ཏུ་བྱིན་གྱིས་
བརླབས་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་མ་ལུས་པའི་སངས་རྒྱས་ཀྱི་ཞིང་གཅིག་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བྱིན་གྱིས་བརླབས་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་རྨི་ལམ་ལྟ་བུར་འཇུག་པ་ཤེས་པ་ཤིན་ཏུ་ཕྲ་
བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་མྱིག་ཡོར་ལྟ་བུར་རྣམ་པར་དམྱིགས་པས་རྒྱས་པར་དགང་བ་ཤེས་པ་ཤིན་ཏུ་ཕྲ་བ་དང་། འཇིག་རྟེན་གྱི་ཁམས་ཤེས་པ་ཤིན་ཏུ་ཕྲ་བ་འདི་དག་དང་ཤེས་པ་ཤིན་ཏུ་ཕྲ་བ་དེ་དག་ཐམས་ཅད་བྱང་ཆུབ་སེམས་
པས་སྤྱོད་པ་སྒྱུ་མ་ལྟ་བུའི་རྣམ་པ་མངོན་པར་བསྒྲུབ་པ་ལ་ཞུགས་ཤིང་ཁོང་དུ་ཆུད་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། རྣམ་པར་འཕྲུལ་བ་དང་། ཡེ་ཤེས་ཁོང་དུ་ཆུད་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རྒྱུན་མི་
ཆད་པ་ཀུན་ཏུ་བཟང་པོ་སྒྱུ་མ་ལྟ་བུར་མཐོང་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་དང་། རྣམ་པར་འཕྲུལ་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཡང་དག་པར་བསྐྱེད་པ་དང་། ལུས་ལ་ཆགས་པ་མྱེད་པར་བརྩོན་པའི་ཡང་དག་པར་ལྟ་བ་དང་། དགེ་བའི་
རྩ་བ་ཆགས་པ་མྱེད་པའི་ཡེ་ཤེས་དང་མ་བྲལ་བ་དང་། མངོན་པར་ཆགས་པ་མྱེད་པའི་ཆོས་ཉིད་དང་། སེམས་ཀྱི་རྒྱུད་དམྱིགས་པ་མྱེད་པས་ཡང་དག་པར་འཇུག་པ་དང་། མཚན་མ་ལ་འཇུག་པ་མཚན་མ་ཐམས་ཅད་ལས་གྱེན་དུ་འཕགས་པ་དང་། བྱང་ཆུབ་

སེམས་དཔའི་སྤྱོད་པའི་མཚན་མ་ཡོངས་སུ་སྦྱངས་པ་དང་། འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་དང་བྲལ་བའི་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱན་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་དགོད་པ། ཁམས་ཐམས་ཅད་དང་
ཤེས་པ་དང་ལྡན་པས་རབ་ཏུ་ཤེས་པར་གྱུར་ཅིག །ཁོང་དུ་ཆུད་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་ཆོས་ཀྱི་དབྱིངས་མཐའ་ཡས་པ་ལ་འཇུག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། ཆོས་ཀྱི་དབྱིངས་ཤིན་ཏུ་བསྟན་པ་
ཤེས་པ་ཤིན་ཏུ་ཕྲ་བ་དང་། ཆོས་ཀྱི་དབྱིངས་ཡངས་པ་ལ་འཇུག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་རྣམ་པར་དབྱེ་བ་ཤེས་པ་ཤིན་ཏུ་ཕྲ་བ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་རྣམ་པར་དབྱེ་བ་ཤེས་པ་ཤིན་ཏུ་ཕྲ་བ་དང་། ཆོས་
ཀྱི་དབྱིངས་ཐམས་ཅད་སེམས་གཅིག་གིས་རྒྱས་པར་དགང་བ་ཤེས་པ་ཤིན་ཏུ་ཕྲ་བ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་ལ་ཡང་དག་པར་གཞོལ་བ་ཤེས་པ་ཤིན་ཏུ་ཕྲ་བ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་དམྱིགས་སུ་མྱེད་པའི་སྤྱོད་ཡུལ་དུ་ཤེས་པ་ཤིན་ཏུ་ཕྲ་བ་དང་།
ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཆགས་པ་མྱེད་པར་རྣམ་པར་བརྟག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་རིག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་དུ་བྱིན་གྱི་
རླབས་ཀྱི་ལུས་ཀྱི་རྣམ་པར་འཕྲུལ་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། ཆོས་ཀྱི་དབྱིངས་འབྱམ་ཀླས་པ་ཤེས་པ་ཤིན་ཏུ་ཕྲ་བ་འདི་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་བྱིན་གྱི་རླབས་ཀྱིས་ཡེ་ཤེས་དང་།
ཆོས་ལ་དབང་སྒྱུར་བ་རབ་ཏུ་ཐོབ་པ་འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པ་ལ་བརྩོན་པ། དོན་གྱི་ལུས་ཡོངས་སུ་མྱི་གཏོང་ཞིང་ཆོས་ཀྱི་ལུས་བལྟ་བ་ལ་བསྒྲིབས་པ་མེད་པའི་ཡེ་ཤེས་མཉམ་པ་མྱེད་པ་མངོན་པར་བསྒྲུབ་པའི་རྣམ་པ་རབ་ཏུ་ཐོབ་པ།

ཆོས་ཐམས་ཅད་ལ་མྱི་གནས་པའི་རང་བཞིན་ལས་མ་གཡོས་པ། ཡང་དག་པ་ཇི་ལྟ་བ་བཞིན་ནམ་མཁའ་ལྟར་གོས་པ་མྱེད་པའི་ཚིག་གི་ལམ་རྣམ་པར་བརྗོད་པའི་སྤྱོད་པ་དང་ལྡན་པ་རྣམ་པར་བཀོད་པའི་དོན་གྱི་རང་བཞིན་ཤིན་ཏུ་རྟོགས་པ། རང་བཞིན་གྱིས་ཞི་བ་ཡོངས་
སུ་རིག་པའི་ཡེ་ཤེས་ཀྱིས་མྱི་གནས་པའི་ཡིད་ཀྱི་ཡང་དག་པར་རྟོག་པ་དང་ལྡན་པ། དམྱིགས་པའི་ཚུལ་ལ་རྟེན་པ་མྱེད་པར་གནས་པ་ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་ཚུལ་ཡངས་པ་ཁོང་དུ་ཆུད་པ་འཇིག་རྟེན་ཐམས་ཅད་དུ་མྱི་གཉིས་པས་ཡང་དག་པར་རྒྱུ་བ་ཆོས་ཐམས་
ཅད་ལ་མྱི་དམྱིགས་པ། གནས་ཐམས་ཅད་ཡང་དག་པར་བཅོམ་པས་ཀུན་ཏུ་བཟང་པོའི་སྤྱོད་པའི་སྒོ་འདི་དག་ལ་ཞུགས་པའི་ཡེ་ཤེས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་
མྱེད་པའི་སེམས་སུ་བསྐལ་པ་གང་ཇི་སྙེད་པ་ཐམས་ཅད་ཤེས་པ་མངོན་པར་བསྒྲུབ་པ་འདི་ལྟ་སྟེ། བརྗོད་དུ་མྱེད་པའི་བསྐལ་པ་སེམས་ཀྱི་སྐད་ཅིག་གཅིག་ཏུ་བྱིན་གྱིས་རློབ་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། སེམས་ཀྱི་སྐད་ཅིག་གཅིག་ལ་བརྗོད་དུ་མྱེད་པའི་
བསྐལ་པ་ཡང་དག་པར་བསྟན་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། གྲངས་མྱེད་པའི་བསྐལ་པ་ལ་ཡང་དག་པར་འཇུག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། བསྐལ་པ་གཅིག་གྲངས་མྱེད་པའི་བསྐལ་པར་ཡང་དག་པར་འཇུག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། བསྐལ་པ་རིང་
པོ་བསྐལ་པ་ཐུང་ངུར་ཡང་དག་པར་འཇུག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། བསྐལ་པ་ཐུང་ངུ་བསྐལ་པ་རིང་པོར་ཡང་དག་པར་འཇུག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། སངས་རྒྱས་དང་བཅས་པའི་བསྐལ་པ་སངས་རྒྱས་མི་བཞུགས་པའི་བསྐལ་པར་འཇུག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་།
བསྐལ་པ་ཐམས་ཅད་མ་ལུས་པའི་གྲངས་ཤེས་པ་ཤིན་ཏུ་ཕྲ་བ་དང་། བསྐལ་པ་ཐམས་ཅད་མ་ལུས་པར་བསྐལ་པ་མ་ཡིན་པར་ཤིན་ཏུ་བརྟག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། སྔོན་གྱི་མཐའི་མུར་ཐུག་པའི་བསྐལ་པ་དང་། ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པ་དང་།

ད་ལྟར་བྱུང་བའི་མུ་ལ་ཡོད་པའི་བསྐལ་པ་དང་། དུས་གསུམ་གྱི་བསྐལ་པ་ཐམས་ཅད་མ་ལུས་པར་སེམས་ཀྱི་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། བསྐལ་པ་ཤེས་པ་ཤིན་ཏུ་ཕྲ་བ་འདི་དག་
དང་། བསྐལ་པ་མ་ལུས་པའི་གྲངས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པ་ཤེས་པ་ཤིན་ཏུ་ཕྲ་བ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་དཀྱིལ་འཁོར་གྱི་རྒྱལ་པོ་རབ་ཏུ་ཐོབ་པའི་སེམས་དང་ལྡན་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་
རབ་ཏུ་ཞུགས་པའི་སེམས་དང་ལྡན་པ། རྟོག་པ་དང་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་རབ་ཏུ་བསྩལ་བའི་སེམས་དང་ལྡན་པ། སྐྱོ་བ་མྱེད་པའི་སྨོན་ལམ་ཆེན་པོས་རྩོམ་པ་རྒྱུན་མི་ཆད་པའི་སེམས་དང་ལྡན་པ། མཐའ་དང་དབུས་མྱེད་པའི་འཇིག་རྟེན་
མང་པོར་སངས་རྒྱས་མང་པོ་ཡང་དག་པར་བསྟན་པས་ཡོངས་སུ་རྒྱས་པར་འགེངས་པའི་སེམས་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་བྱང་ཆུབ་སེམས་དཔའི་སྤྱོད་པའི་རིགས་ཡང་དག་པར་གཟུང་བའི་སེམས་དང་ལྡན་པ། སེམས་ཅན་
ཐམས་ཅད་ཤིན་ཏུ་བག་དྲོ་བར་བྱེད་པའི་སྤྱོད་པའི་རིགས་དང་རྣམ་པར་འདྲེས་པའི་སེམས་དང་ལྡན་པ། བསྐལ་པའི་གྲངས་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་དག་པར་བསྟན་པའི་སེམས་དང་ལྡན་པ། འཇིག་རྟེན་གྱི་ཁམས་རེ་རེ་ནས་ཕྱི་མའི་མཐའི་མུར་
མྱི་གཡོ་བར་སྤྱོད་པ་རྒྱུན་མི་གཅོད་པའི་སེམས་དང་ལྡན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་སྐུའི་འཕྲིན་ལས་བྱང་ཆུབ་སེམས་དཔའི་ལུས་ཀྱིས་ཡོངས་སུ་རྒྱས་པར་འགེངས་པའི་སེམས་དང་ལྡན་པས་སེམས་ཀྱི་རྒྱུ་བ་གཅིག་
གི་གནས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་གྱུར་ཅིག །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་། གྲོལ་ཞིང་བཅིངས་པ་མེད་པའི་སེམས་སུ་ཆོས་ཤིན་ཏུ་ཕྲ་བ་ཤེས་

པ་འདི་ལྟ་སྟེ། ཟབ་མོའི་ཆོས་ཤིན་ཏུ་ཕྲ་བ་དང་། ཡངས་པའི་ཆོས་ཤིན་ཏུ་ཕྲ་བ་དང་། སྣ་ཚོགས་ཀྱི་ཆོས་ཤིན་ཏུ་ཕྲ་བ་དང་། རྒྱན་རྣམ་པར་དབྱེ་བའི་ཆོས་ཤིན་ཏུ་ཕྲ་བ་དང་། མཐའ་དང་དབུས་མྱེད་པའི་བསྐལ་པ་ཐམས་ཅད་དུ་བསྟན་པ་ཤིན་ཏུ་ཕྲ་བ་དང་།
ཆོས་ཐམས་ཅད་ཆོས་གཅིག་ཏུ་ཡང་དག་པར་འཇུག་པ་ཤིན་ཏུ་ཕྲ་བ་དང་། ཆོས་གཅིག་ཆོས་ཐམས་ཅད་དུ་ཡང་དག་པར་འཇུག་པ་ཤིན་ཏུ་ཕྲ་བ་དང་ཆོས་ཐམས་ཅད་ཆོས་མ་ཡིན་པར་འཇུག་པ་ཤིན་ཏུ་ཕྲ་བ་དང་། ཆོས་མ་ཡིན་པར་ཤེས་པ་ཆོས་རྣམ་པར་དགོད་པ་ཐམས་ཅད་དང་།
མི་འགལ་བ་ཤིན་ཏུ་ཕྲ་བ་དང་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཀྱི་ཚུལ་ཐམས་ཅད་མ་ལུས་པའི་གྲངས་ལ་འཇུག་པ་ཤེས་པ་ཤིན་ཏུ་ཕྲ་བའི་ཤིན་ཏུ་ཕྲ་བ་འདི་དག་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ཐམས་ཅད་ཀྱི་གྲངས་རྣམ་པར་བཀོད་པ་དང་། བསྟན་པ་ཤེས་
པ་ཤིན་ཏུ་ཕྲ་བ་དེ་དག་ཐམས་ཅད་ཆགས་པ་མྱེད་པར་ཤེས་པའི་སེམས་སྤྱོད་པ་གཅིག་གིས་ཁྱུ་མཆོག་གི་མཐུ་ཕྱུང་བས་ཡང་དག་པར་བསྐྱེད་པ་དང་། མཐའ་དང་དབུས་མྱེད་པའི་ཆོས་ཀྱི་དབྱིངས་ལ་ཞུགས་པའི་སེམས་དང་སྤྱོད་པའི་བྱིན་གྱི་རླབས་ཀྱིས་ཆོས་
རྣམ་པ་ཐ་དད་པ་ཐམས་ཅད་ཁོང་དུ་ཆུད་པའི་བསམ་པའི་སྟོབས་དང་། ཤུགས་ཆགས་པ་མྱེད་པས་རབ་ཏུ་རྟོགས་པ་དང་། དབང་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་རབ་ཏུ་བརྟེན་པ་དང་། དྲན་པ་དང་ཤེས་པ་དང་ཆོས་ལ་མཁས་པ་སངས་རྒྱས་ཐམས་ཅད་ཀྱི་
ཡེ་ཤེས་ཀྱི་ཁོང་དུ་ཆུད་པ་དང་། སངས་རྒྱས་མང་པོ་ཆོས་ཀྱི་དབྱིངས་ཐམས་ཅད་ཡོངས་སུ་ཁྱབ་པ་དང་། བྱང་ཆུབ་སེམས་དཔའི་ལུས་ཡང་དག་པར་བསྟན་པའི་ལས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་གཏོགས་པ་དང་། ཚིག་རྣམ་པར་དགོད་ཅིང་ཤིན་ཏུ་བསྟན་པ་འཇིག་རྟེན་གྱི་ཁམས་
ཐམས་ཅད་དུ་གྲགས་པ་དང་། ཡིད་ཀྱི་ལས་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་ཡང་དག་པར་བཟུང་བ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་མངོན་པར་བསྒྲུབས་པའི་ཡེ་ཤེས་ཆོས་མཐའ་དང་དབུས་མྱེད་པ་རྣམ་པ་ཐ་དད་པའི་གྲངས་དང་ཚུལ་ཐམས་ཅད་མ་ལུས་པའི་ཡེ་ཤེས་ལ་མཁས་པའི་ཐམས་

ཅད་མཁྱེན་པ་ཉིད་མངོན་པར་བསྒྲུབས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་གྱུར་ཅིག །ཁོང་དུ་ཆུད་པར་གྱུར་ཅིག། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །བམ་པོ་བཅུ་གཅིག་པ། དགེ་བའི་རྩ་བ་འདིས་ཆགས་པ་མེད་པ་དང་གྲོལ་
ཞིང་བཅིངས་པ་མེད་པའི་སེམས་སུ་ཞིང་ཐམས་ཅད་མ་ལུས་པར་མངོན་པར་བསྒྲུབ་པ་ཤིན་ཏུ་ཕྲ་བ་དང་། སེམས་ཅན་ཐམས་ཅད་མ་ལུས་པའི་ཡེ་ཤེས་དང་མངོན་པར་ཤེས་པ་མངོན་པ་བསྒྲུབ་པ་ཤིན་ཏུ་ཕྲ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ཐམས་ཅད་མ་ལུས་པར་ཤེས་པ་མངོན་པར་
བསྒྲུབ་པ་ཤིན་ཏུ་ཕྲ་བ་དང་། འགྲོ་བ་ཐམས་ཅད་མ་ལུས་པའི་སེམས་ཤེས་པ་མངོན་པར་བསྒྲུབ་པ་ཤིན་ཏུ་ཕྲ་བ་དང་། དུས་ཐམས་ཅད་མ་ལུས་པ་སླེབས་པར་ཆོས་བསྟན་པ་ཤེས་པ་མངོན་པར་བསྒྲུབ་པ་ཤིན་ཏུ་ཕྲ་བ་དང་། ཆོས་ཀྱི་དབྱིངས་མཐའ་དང་དབུས་མྱེད་པ་
ཐམས་ཅད་མ་ལུས་པར་རབ་ཏུ་རྟོགས་པའི་ཡེ་ཤེས་མངོན་པར་བསྒྲུབ་པ་ཤིན་ཏུ་ཕྲ་བ་དང་ནམ་མཁའི་དབྱིངས་ཐམས་ཅད་མ་ལུས་པའི་མཐར་ཐུག་པ་དང་། དུས་གསུམ་ཤེས་པ་མངོན་པར་བསྒྲུབ་པ་ཤིན་ཏུ་ཕྲ་བ་དང་། ཚིག་དང་ངག་གི་ལམ་ཐམས་ཅད་
མ་ལུས་པར་ཤེས་པ་མངོན་པར་བསྒྲུབ་པ་ཤིན་ཏུ་ཕྲ་བ་དང་། འཇིག་རྟེན་པའི་ཆོས་ཐམས་ཅད་མ་ལུས་པར་ཤེས་པ་མངོན་པར་བསྒྲུབ་པ་ཤིན་ཏུ་ཕྲ་བ་དང་། འཇིག་རྟེན་ལས་འདས་པའི་སྤྱོད་པ་ཐམས་ཅད་མ་ལུས་པར་ཤེས་པ་མངོན་པར་བསྒྲུབ་པ་ཤིན་
ཏུ་ཕྲ་བ་དང་། ཤེས་པ་མངོན་པར་བསྒྲུབ་པ་འདི་དག་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལམ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལམ་དང་། འགྲོ་བ་ཐམས་ཅད་ཀྱི་ལམ་ཤེས་པ་མངོན་པར་བསྒྲུབ་པ་ཤིན་ཏུ་ཕྲ་བ་དེ་དག་ཐམས་ཅད་
བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་ཞིང་ཀུན་ཏུ་བཟང་པོའི་བྱིན་གྱི་རླབས་ཡང་དག་པར་འཛིན་པས་ཆོས་ཇི་ལྟ་བ་བཞིན་དང་། ཡི་གེ་ཇི་ལྟ་བ་བཞིན་དུ་མིག་ཡོར་དང་འདྲ་བའི་ཤེས་པ་མངོན་པར་བསྒྲུབ་པ་དང་། རྨི་ལམ་དང་འདྲ་བའི་ཤེས་པ་མངོན་

པར་བསྒྲུབ་པ་དང་། སྒྱུ་མ་དང་འདྲ་བའི་ཤེས་པ་མངོན་པར་བསྒྲུབ་པ་དང་། སྒྲ་བརྙན་དང་འདྲ་བའི་ཤེས་པ་མངོན་པར་བསྒྲུབ་པ་དང་། སྤྲུལ་པ་དང་འདྲ་བའི་ཤེས་པ་མངོན་པར་བསྒྲུབ་པ་དང་། དབེན་པ་དང་མཉམ་པའི་ཤེས་པ་མངོན་པར་བསྒྲུབ་པ་དང་།
ཞི་བ་དང་མཉམ་པའི་ཤེས་པ་མངོན་པར་བསྒྲུབ་པ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་རང་བཞིན་དང་མཉམ་པའི་ཤེས་པ་མངོན་པར་བསྒྲུབ་པ་དང་། གནས་མྱེད་པ་དང་མཉམ་པའི་ཤེས་པ་མངོན་པར་བསྒྲུབ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་
མཉམ་པའི་ཤེས་པ་མངོན་པར་བསྒྲུབ་པ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་ཉེ་བར་བླང་བ་ལ་གནས་པར་བརྩོན་པའི་ཤེས་པ་མངོན་པར་བསྒྲུབ་པ་ཤིན་ཏུ་ཕྲ་བས་རབ་ཏུ་ཤེས་པར་གྱུར་ཅིག །ཁོང་དུ་ཆུད་པར་གྱུར་ཅིག་ཅེས་ཏེ་དེ་ཡང་འཇིག་རྟེན་ནམ་འཇིག་རྟེན་གྱི་ཆོས་
ལ་མི་རྟོག་པ་དང་། དེ་ཡང་བྱང་ཆུབ་འམ་བྱང་ཆུབ་སེམས་དཔའ་ལ་མི་རྟོག་པ་དང་། དེ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་འམ་འབྱུང་བའི་ལམ་ལ་མི་རྟོག་པ་དང་། དེ་ཡང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མི་རྟོག་པ་དང་། དེ་ཡང་སེམས་ཅན་ཐམས་ཅད་གདུལ་
བ་དང་མི་གདུལ་བ་ལ་རྣམ་པར་མི་རྟོག་པ་དང་། དེ་ཡང་དགེ་བའི་རྩ་བ་འམ་ཡོངས་སུ་བསྔོ་བ་ལ་རྣམ་པར་མི་རྟོག་པ་དང་། དེ་ཡང་བདག་གམ་གཞན་ལ་རྣམ་པར་མི་རྟོག་པ་དང་། དེ་ཡང་དངོས་པོ་དང་དམྱིགས་པ་ལ་རྣམ་པར་མྱི་རྟོག་པ་དང་། དེ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་
པ་འམ། མངོན་པར་འཚང་རྒྱ་བ་ལ་རྣམ་པར་མི་རྟོག་པ་དང་། དེ་ཡང་ཆོས་ཉིད་དམ་ཡོངས་སུ་ཤེས་པར་བྱ་བ་ལ་རྣམ་པར་མི་རྟོག་པས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་
པའི་སེམས་དང་། ཆགས་པ་མེད་པ་དང་གྲོལ་ཞིང་བཅིངས་པ་མེད་པའི་ལུས་དང་། ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མེད་པའི་སྒྲ་དང་། ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་ལས་དང་། ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་རྣམ་པར་སྨིན་པ་དང་། ཆགས་པ་མྱེད་པ་དང་གྲོལ་ཞིང་

བཅིངས་པ་མྱེད་པའི་འཇིག་རྟེན་དང་། ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་ཞིང་དང་། ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་ཅན་དང་། ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མེད་པའི་
ཆོས་དང་། ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་ཡེ་ཤེས་ཀྱིས་ཡོངས་སུ་བསྔོ་སྟེ། དེ་དེ་ལྟར་ཡོངས་སུ་བསྔོ་བས་འདས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོངས་སུ་བསྔོ་བ་ཐོབ་པ་ཡིན། མ་བྱོན་པའི་
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོངས་སུ་བསྔོ་བ་འཐོབ་པ་ཡིན། །ད་ལྟར་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོངས་སུ་བསྔོ་བ་འཐོབ་པ་ཡིན། འདས་པའི་སངས་རྒྱས་ཐམས་ཅད་ཀྱི་ཡོངས་སུ་
བསྔོ་བ་ལ་སློབ་པ་ཡིན། མ་བྱོན་པའི་སངས་རྒྱས་ཐམས་ཅད་ཀྱི་ཡོངས་སུ་བསྔོ་བ་འགྲུབ་པར་འགྱུར་བ་ཡིན། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཡོངས་སུ་བསྔོ་བ་ལ་རབ་ཏུ་གནས་པ་ཡིན། འདས་པའི་སངས་
རྒྱས་ཐམས་ཅད་ཀྱི་ཡོངས་སུ་བསྔོ་བའི་ལམ་ལ་གནས་པ་ཡིན། མ་བྱོན་པའི་སངས་རྒྱས་ཐམས་ཅད་ཀྱི་ཡོངས་སུ་བསྔོ་བའི་ལམ་མྱི་གཏོང་བ་ཡིན། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཡོངས་སུ་བསྔོ་བའི་ལམ་དང་འགལ་བར་མྱི་བྱེད་པ་
ཡིན། འདས་པའི་སངས་རྒྱས་ཐམས་ཅད་ཀྱི་གདམས་ངག་ལ་ནན་ཏན་དུ་བྱེད་པ་ཡིན། མ་བྱོན་པའི་སངས་རྒྱས་ཐམས་ཅད་ཀྱི་གདམས་ངག་ལ་ནན་ཏན་བྱེད་པར་འགྱུར་བ་ཡིན། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་གདམས་ངག་ཁོང་དུ་ཆུད་པར་བྱེད་པ་ཡིན། འདས་པའི་སངས་
རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་ཡིན། མ་བྱོན་པའི་སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་བསྒྲུབ་པར་འགྱུར་བ་ཡིན། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་ནན་ཏན་དུ་བྱེད་པ་ཡིན།

འདས་པའི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་ཡོངས་སུ་སྤྱོད་པ་ཡིན། མ་བྱོན་པའི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་རབ་ཏུ་གནས་པ་ཡིན། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་དང་མཉམ་པར་འགྱུར་བ་ཡིན། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་
སངས་རྒྱས་ཐམས་ཅད་དང་དགེ་བའི་རྩ་བའི་མཚན་ཉིད་གཅིག་པ་ཡིན། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་རིགས་ཐམས་ཅད་དང་མཉམ་པ་ཉིད་དུ་གནས་པ་ཐོབ་པ་ཡིན། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དང་། ཚུལ་གྱི་རྒྱུད་གཅིག་ཏུ་གྱུར་པ་ཡིན། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སེམས་ཅན་གྱི་གཙོ་བོ་ཐམས་ཅད་ཀྱི་ཡུལ་དང་མྱི་འགལ་བ་ཐོབ་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་ཆགས་པ་མྱེད་པ་དང་། གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་ཤེས་བྱ་བ་སྟེ་དགུ་པའོ། །ཡོངས་སུ་བསྔོ་བ་དེ་དག་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བ་ཐམས་ཅད་དེ་དེ་ལྟར་ཡོངས་
སུ་བསྔོ་སྟེ། དེ་དེ་ལྟར་ཡོངས་སུ་བསྔོ་བས་འཁོར་ཡུག་རྡོ་རྗེའི་རི་ཐམས་ཅད་ཀྱིས་མྱི་ཆོམས་པའི་སྟོབས་དང་ལྡན་པ་ཡིན། འགྲོ་བ་ཐམས་ཅད་ཀྱི་གཟུགས་ཐམས་ཅད་མ་ལུས་པ་དང་ལྡན་ཞིང་ཟིལ་གྱིས་མྱི་ནོན་པ་ཡིན། བདུད་ཀྱི་སྡེ་དང་བདུད་ཀྱི་དཔུང་དང་།
བདུད་ཀྱི་ལས་ཐམས་ཅད་རབ་ཏུ་འཇོམས་པ་ཡིན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་མ་ལུས་པར་ཡང་དག་པར་བསྟན་པ་ལ་བརྩོན་པ་ཡིན། འགྲོ་བ་ཐམས་ཅད་ལ་གོ་བར་བྱེད་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཚིག་དབྱེ་བ་ལ་མཁས་
པ་དང་ལྡན་པ་ཡིན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་རྨོངས་པ་མྱེད་པའི་ཡེ་ཤེས་འབྱམ་ཀླས་པ་དང་ལྡན་པ་ཡིན། གང་དང་གང་དུ་ཤི་འཕོ་བ་དང་སྐྱེ་བ་དང་འགྲོ་བ་དང་འོང་བ་དང་། གནས་པ་དང་འདུག་པ་ཐམས་ཅད་དུ་མྱི་ཕྱེད་པའི་གཡོག་འཁོར་དང་ལྡན་པ་ཡིན།

འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་བསྟན་པ་དང་། ཆོས་ཀྱི་འབྱུང་གནས་དྲན་པ་ཡང་དག་པར་འཛིན་པ་རྣམ་པར་དག་པ་རབ་ཏུ་ཐོབ་པ་ཡིན། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་གཟུང་
བ་ལ་མྱི་སྐྱོ་བས་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་སྤྱོད་པ་རྒྱུན་མི་ཆད་པ་ཡིན། གནས་ཐམས་ཅད་ཡང་དག་པར་བཅོམ་པ་ཡང་རབ་ཏུ་འཐོབ་པ་ཡིན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་ཡང་དག་པར་བསྐྱེད་པ་ཡང་འཐོབ་པ་ཡིན།
ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་མཛད་པ་དང་བྱིན་གྱི་རླབས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་རྣམ་པར་འཕྲུལ་པ་ཐོབ་པར་བྱ་བ་ཡང་རབ་ཏུ་འཐོབ་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་རྒྱལ་མཚན་གྱིས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་
ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དེ་དག་ཟིལ་གྱིས་མྱི་ནོན་འགྱུར་བྱས་ཤིང་། །འདྲ་མྱེད་དེ་དག་ཕྱོགས་རྣམས་ཐམས་ཅད་དུ། །ལས་རྣམས་ཅི་འདྲར་ཡོངས་སུ་བསགས་བྱས་པ། །དེ་དག་ཀུན་
ལ་བརྙས་པར་ཡོང་མྱི་བྱེད། །བདག་གིས་བྱས་པ་འམ་གཞན་གྱིས་བྱས་པ་ཡི། །དགེ་བ་གང་ལ་འང་བརྙས་པར་མྱི་བྱེད་དེ། །དེ་ལ་ཤིན་ཏུ་མོས་པ་རབ་བསྐྱེད་ཅིང་། །དེ་དག་སེམས་ཅན་ཕན་ཕྱིར་ཡོངས་སུ་བསྔོ། །དེ་དག་སེམས་ལ་མཐོ་བ་
མྱེད་བྱས་ཤིང་། །ཡིད་ལ་དམའ་བའང་འཆང་བ་མྱེད་བྱས་ཏེ། །རྒྱལ་བ་རྣམས་ཀྱི་སྐུ་ཡི་འཕྲིན་ལས་དང་། །གསོལ་བ་གདབ་ལས་ལས་ཡང་གང་འབྱུང་དང་། །གང་ཡང་རྣམ་པ་མང་པོ་བྱེད་གྱུར་ཅིག །སེམས་ཅན་ཀུན་ལ་བདེ་དང་ཕན་སེམས་ཀྱིས། །
བརྟན་པའི་མོས་དང་བསམ་ལས་བྱུང་བ་དག །སྐྱེས་བུ་དབང་པོར་ཅི་ནས་འགྱུར་བར་བསྔོ། །རྣམ་པ་སྣ་ཚོགས་ཇི་སྙེད་གང་ཡོད་ཚུལ། །འགྲོ་བ་འདི་ན་ཐ་དད་མྱི་འདྲ་བ། །རྒྱ་ཆེ་ཡངས་དང་ཕྲ་མོ་ཟབ་མོའི་རྣམས། །དེ་དག་བདག་གི་ཡོངས་བསྩགས་ཤེས་

པར་བྱ། །ཇི་སྙེད་འཇིག་རྟེན་ཡངས་པར་འགྲོ་བ་ཡི། །སྣ་ཚོགས་ལུས་རྣམས་ལུས་སུ་གཞོལ་གཟུད་པ། །དེ་དག་ཤེས་བྱས་སྤྱད་པ་སྤྱོད་པའི་ཚེ། །ཡེ་ཤེས་སྒོ་ལས་ཕྱིར་ལྡོག་མ་གྱུར་ཅིག །གང་ཡང་འཇིག་རྟེན་ཞིང་གི་སྒོ་མངའ་བ། །ཕྲ་དང་རྒྱ་
ཆེ་སྤྱིའུ་ཚུགས་སྣེལ་ཞི་དག །སྒྲའི་སྦུབས་སུ་ཀུན་ཀྱང་བསྡུ་བྱས་ཏེ། །ཡེ་ཤེས་སྒོ་ནས་ཐམས་ཅད་ཤེས་གྱུར་ཅིག །གང་ཡང་སེམས་ཀྱི་ཚུལ་མང་གཅིག་མྱིན་པ། །དེ་དག་སེམས་སུ་ཡང་དག་བསྡུ་བྱས་ཏེ། །ཡེ་ཤེས་སྒོ་ནས་དེ་དག་ཤེས་
བྱས་ནས། །སྤྱོད་ལམ་ལྡོག་པ་མྱེད་པར་སྤྱད་པར་བྱ། །འགྲོ་བ་ཀུན་གྱི་དབང་པོ་བསམ་པ་དག །རྒྱ་ཆེ་དེ་བཞིན་ཤིན་ཏུ་ཕྲ་བ་དང་། །ཟབ་མོ་སྣ་ཚོགས་ཇི་སྙེད་བསྡུ་བྱས་ཤིང་། །ཐམས་ཅད་རང་བཞིན་ཇི་བཞིན་ཤེས་གྱུར་ཅིག །གང་ཡང་ལས་ཀྱི་རྣམ་པ་
སྣ་ཚོགས་པ། །རབ་དང་འབྲིང་དང་དེ་བཞིན་ཐ་མ་རྣམས། །ཐམས་ཅད་ཡེ་ཤེས་སྒོ་ནས་ཤེས་བྱས་ཏེ། །བདེ་གཤེགས་སྟོབས་ལ་རབ་ཏུ་འཇུག་གྱུར་ཅིག །བདག་གིས་ལས་གཙང་ཡོངས་སུ་གང་བསྩགས་པས། །འཇིག་རྟེན་བསྐལ་པ་བསམ་
གྱིས་མི་ཁྱབ་པ། །ཇི་སྙེད་དེ་དག་སྐད་ཅིག་སེམས་བཏུད་ཅིང་། །ཕྱོགས་རྣམས་ཀུན་ཏུ་དེ་དག་ཤེས་གྱུར་ཅིག །དུས་རྣམས་སྣྲེལ་ཞིར་དུས་གསུམ་གཟུང་བྱས་ཤིང་། །བསྐལ་པ་མྱི་མཉམ་ཐ་དད་མཚན་ཤེས་ནས། །དེ་དག་མཉམ་ཉིད་དེ་དང་
འགལ་མྱེད་དུ། །སྤྱོད་ཅིང་ཀུན་ཏུ་རྨོངས་པ་མྱེད་གྱུར་ཅིག །འགྲོ་བའི་སྤྱོད་པ་ཇི་སྙེད་གང་ཡང་རུང་། །འཇིག་རྟེན་དག་ན་བརྐྱང་བསྐུམ་མི་གཡོ་བ། །རྣམ་པ་ཐ་དད་ཐམས་ཅད་ཤེས་གྱུར་ཀྱང་། །མཚན་མྱེད་དངོས་ཀྱི་རློམ་སེམས་མྱེད་གྱུར་ཅིག །
ཕྱོགས་རྣམས་ཀུན་ན་སྐྱེས་དབང་ཇི་སྙེད་པ། །སུ་བཞུགས་དེ་དག་རྣམ་པར་འཕྲུལ་མཛད་པ། །ཚུལ་གྱིས་དཀོན་ཞིང་ཤིན་ཏུ་ཡངས་པ་རྣམས། །དེ་དག་ཐམས་ཅད་ཚུལ་བཞིན་ཤེས་གྱུར་ཅིག །དགའ་ལྡན་གནས་ན་རང་བྱུང་གང་བཞུགས་པ། །

མི་ཡི་སེང་གེ་འདྲ་མྱེད་ཆེན་པོ་དང་། །ཕྲ་དང་ཡངས་དང་རྣམ་དག་རྒྱ་ཆེ་དག །རང་བཞིན་བཞིན་དུ་ཐམས་ཅད་མཐོང་གྱུར་ཅིག །ཡུམ་གྱི་ཕྱལ་ན་དཔེ་ཟླ་མྱེད་པ་རྣམས། །རྣམ་པར་འཕྲུལ་པ་ཇི་སྙེད་མཛད་པ་དང་། །འཚང་རྒྱ་མྱ་
ངན་འདའ་དང་འཁོར་ལོའི་མཆོག །འགྲོ་བ་ཀུན་ཏུ་ལྡོག་པ་མྱེད་པ་དང་། །མི་ཡི་སེང་གེ་བལྟམས་པར་གྱུར་པའི་ཚེ། །ལྷ་ཡི་མཆོག་དང་ཚངས་པའི་མཆོག་རྣམས་དང་། །ཡེ་ཤེས་མཆོག་དང་ཤེས་ལ་གནས་རྣམས་ཀྱིས། །ལག་པའི་དམ་པས་རིམ་
གྲོར་བླངས་པ་དང་། །དེ་བཞིན་ཆོས་དབྱིངས་མ་ལུས་ཇི་སྙེད་པའི། །ཕྱོགས་ན་གང་ཡོད་ཐམས་ཅད་བསྡུ་བྱས་ཤིང་། །སངས་རྒྱས་རྣམ་འཕྲུལ་གཞི་མཐའ་དབུང་མེད་པ། །དེ་དག་ཐམས་ཅད་མཐོང་ཞིང་ཤེས་གྱུར་ཅིག །སྐྱེས་བུ་ཁྱུ་མཆོག་
འཇིག་རྟེན་བྱུང་གྱུར་ཅིང་། །གཤེགས་ཐབས་བདུན་པོར་གཤེགས་པར་གྱུར་པ་དང་། །དཔེ་ཟླ་མེད་པས་རྣམ་པར་གཟིགས་པ་དག །ཐམས་ཅད་ཆགས་མེད་སྒོ་ནས་ཤེས་གྱུར་ཅིག །གང་ཡང་སྐྱེས་དབང་བཞད་མོ་བཞད་པ་དང་། །སྐྱེ་དགུ་འདི་དག་འདོད་
བྱིངས་གཟིགས་གྱུར་ཅིང་། །སེམས་ཅན་འདི་དག་རབ་རིབ་བསྒྲིབས་མདོངས་པ། །སྲིད་པའི་སྡུག་བསྔལ་ཀུན་ལས་དགྲོལ་བྱ་ཞེས། །སེང་གེའི་ང་རོ་རྣམ་པར་སྒྲོག་མཛད་པ། །བདག་ཅག་འཇིག་རྟེན་འཕགས་པའི་གཙོ་ཡིན་གྱིས། །ཡེ་ཤེས་སྒྲོན་མ་
ཤིན་ཏུ་འདིར་བསྟན་ཅིང་། །འགྲོ་བ་ཀུན་གྱི་སྐྱེ་བ་དགག་པར་བྱ། །གང་ཡང་འོད་གཟེར་བརྒྱ་ཕྲག་མཐའ་ཡས་པ། །མི་ཡི་སེང་གེ་སྐྱེ་ཚེ་རབ་འཕྲོ་བས། །ངན་སོང་ཐམས་ཅད་ཞི་བར་གྱུར་པ་དང་། །འགྲོ་བ་ཀུན་གྱི་སྡུག་བསྔལ་ཞི་གྱུར་དང་། །གང་ཡང་
བཙུན་མོའི་འཁོར་གྱི་ཁྲོད་བཞུགས་ཤིང་། །མི་ཡི་སེང་གེ་རྣམ་པར་འཕྲུལ་མཛད་དང་། །འགྲོ་བ་ཀུན་ལ་ཕན་དང་བདེ་ཐུགས་ཀྱིས། །འཇིག་རྟེན་སྒྲོན་མ་མངོན་པར་བྱུང་བ་དང་། །འགྲོ་རྒྱུད་འདི་ལས་ཤིན་ཏུ་བྱུང་གྱུར་ཅིང་། །བྱང་ཆུབ་ཤིང་དྲུང་སྐྱེས་དབང་བཞུགས་

གྱུར་ནས། །ས་རྣམས་བསྐྱོད་བྱས་དཔེ་ཟླ་མེད་པ་ཡི། །འོད་སྣང་ཕྱོགས་བཅུ་ཀུན་ཏུ་བཀྱེ་གྱུར་ཅིང་། །བདུད་ཀྱི་ཁྱིམ་རྣམས་རབ་ཏུ་ལྡེག་མཛད་དེ། །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་སྐུལ་མཛད་དང་། །སྔོན་སྤྱོད་གང་རྣམས་ཡོངས་སུ་སྨིན་མཛད་ཅིང་། །
གང་ནོན་སྐྱེས་དབང་རྣམ་པར་འཚང་རྒྱ་བ། །མ་ལུས་སྐྲ་ཡི་སྦུབས་སུ་བསྡུ་བྱས་ཤིང་། །ཕྱོགས་རྣམས་ཞིང་རྒྱུད་དེ་བཞིན་བསྡུ་བྱས་ཏེ། །སེམས་ཅན་མཐའ་ཡས་རྒྱུད་ཀྱང་ཡོངས་བསྡུས་ཤིང་། །རྒྱལ་བ་རྣམས་ཀྱི་རྣམ་འཕྲུལ་གྲུབ་གྱུར་ཅིག །ཚུལ་རྣམས་འདི་
དག་མ་ལུས་ཤེས་བྱས་ཏེ། །འཇིག་རྟེན་མཁྱེན་པའི་ཡོན་ཏན་བརྗོད་པ་དང་། །ཡེ་ཤེས་མཁྱེན་པའི་ཡོན་ཏན་མ་བརྗོད་པ། །ཐམས་ཅད་སྤྱོད་ལ་གནས་ཏེ་ཤེས་གྱུར་ཅིག །ཇི་སྙེད་བདུད་ཀྱི་དཀྲུགས་མ་མང་པོ་དག །དེ་དག་དཔུང་གིས་སྟོང་གསུམ་ཁྱབ་གྱུར་
ཅིང་། །བདུད་རྣམས་ཕྱིན་ཅི་ལོག་གཏོང་མང་པོ་དག །ཐམས་ཅད་ཆགས་མྱེད་སྒོ་ནས་ཐུལ་གྱུར་ཅིག །ཞིང་ན་མི་ཡི་སེང་གེ་གང་བཞུགས་དང་། །བརྒྱ་བྱིན་གནས་ན་སྐྱེས་དབང་གང་བཞུགས་དང་། །ཚངས་པའི་གནས་ན་རང་བྱུང་གང་བཞུགས་པ། །ཆགས་མྱེད་
ཐམས་ཅད་མ་ལུས་མཐོང་གྱུར་ཅིག །གང་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །མྱི་ཡི་གཙོ་བོའི་སྐུ་ཚུལ་མཐའ་ཡས་པ། །དུས་ཀྱི་དུས་གསུམ་བསྐལ་པ་ཇི་སྙེད་པར། །གང་རྣམས་རྒྱལ་བས་མཐའ་མ་མ་བརྙེས་དང་། །དཔེ་ཟླ་མྱེད་པའི་གདན་དུ་གྱུར་པ་
རྣམས། །མཐའ་ཡས་ཕྱོགས་རྣམས་གང་གིས་ཁྱབ་གྱུར་པ། །མཚན་ཉིད་ཐ་དད་རྒྱན་གྱིས་དག་པ་རྣམས། །ཀུན་ན་རྒྱལ་བ་བསམ་ཡས་བཞུགས་པ་དག །དེ་དག་རྒྱལ་སྲས་མང་པོས་ཡོངས་བསྐོར་ཅིང་། །ཆོས་དབྱིངས་མ་ལུས་ཀུན་ཏུ་ཁྱབ་མཛད་ནས། །
གང་གིས་སངས་རྒྱས་མ་ལུས་བྱུང་གྱུར་པའི། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྟོན་མཛད་ཅིང་། །ཡེ་ཤེས་མཁྱེན་པ་རྣམས་ཀྱི་ཚུལ་གཅིག་གིས། །སངས་རྒྱས་མ་ལུས་ཐམས་ཅད་སྡུད་མཛད་ཅིང་། །རྒྱལ་བའི་རྒྱན་ཚུལ་རྣམ་པ་སྣ་ཚོགས་ཀྱིས། གང་གིས་ཆོས་

ཀྱི་ཆོས་ཉིད་ཡོངས་ཁྱབ་པ། །དཔེ་ཟླ་མྱེད་པའི་རྣམ་འཕྲུལ་ཇི་སྙེད་དང་། །རྒྱལ་བ་རྣམས་ཀྱི་སྐུ་ཚུལ་ཇི་སྙེད་དང་། །གང་ཡང་སྐུ་ཚེ་བཟུང་སྟེ་སྐྱེས་གྱུར་དང་། །གང་ཡང་བཙུན་མོའི་འཁོར་གྱིས་བསྐོར་བ་དང་། །གང་ཡང་མངོན་པར་འབྱུང་བ་
བསྟན་པ་དང་། །མཁས་པས་དབང་པོ་ཤིན་ཏུ་ཕྲ་མཁྱེན་དང་། །མྱ་ངན་འདས་ནས་རིང་བསྲེལ་ཀུན་བསྡུས་ཏེ། །བགོས་ཤིང་རྒྱལ་བའི་མཆོད་རྟེན་བྱས་པའི་བར། །འཇིག་རྟེན་དག་ན་ཚད་མྱེད་མ་ལུས་པའི། །སྤྱོད་པ་མཐའ་ཡས་དེ་དག་རབ་སྤྱོད་ཅིང་། །རྒྱལ་
བའི་སྤྱོད་པ་ཡོངས་སུ་གང་བརྗོད་པ། །དེ་དག་ཀུན་ལ་སྤྱོད་ཡངས་འཇུག་གྱུར་ཅིག །དེ་ལྟར་ཚུལ་རྣམས་ཀུན་ལ་ཡོངས་བསྔོ་སྟེ། །དགེ་བ་དེ་དག་ཡོངས་སུ་བསྔོ་བས་ན། །བྱང་ཆུབ་སྤྱོད་པ་དེ་དག་རབ་ཏུ་ཤེས། །སྤྱོད་པས་སྐྱོ་བར་ནམ་ཡང་མི་འགྱུར་རོ། །
དེ་དག་རྣམ་པར་འཕྲུལ་པ་ཇི་སྙེད་པ། །རྒྱལ་བ་རྣམས་ཀྱི་བརྗོད་པ་གང་ཡང་རུང་། །འགྲོ་བ་འདི་ན་འཇིག་རྟེན་མཁྱེན་པ་ཡི། །གང་ཡོད་ཐམས་ཅད་མ་ལུས་རྟོགས་པར་ཤེས། །དེ་ལྟར་སྐྱེས་དབང་ཐམས་ཅད་མ་ལུས་པར། །རང་འབྱུང་ཡུལ་རྣམས་རྗེས་སུ་ཐོབ་གྱུར་ཏེ།
དེ་དག་སྐད་ཅིག་གཅིག་གིས་རྟོགས་གྱུར་ཀྱང་། །བྱང་ཆུབ་སྤྱོད་ལས་རྣམ་པར་ཕྱིར་མི་ལྡོག །གང་ཡང་རྒྱལ་བའི་སྤྱོད་ཡུལ་ཕྲ་མོ་རྣམས། །ཞིང་དང་ཆོས་ཀྱི་རྒྱུད་རྣམས་ཐམས་ཅད་ཀུན། །དེ་དག་སྤྱོད་པ་མཆོག་གིས་ཤེས་གྱུར་ཏེ། །ཡོངས་སུ་བསྔོ་བའི་ཕ་རོལ་
ཕྱིན་པ་ཐོབ། །བསྐལ་པ་ཤིན་ཏུ་ཕྲ་ལ་འཇུག་པ་གང་། །སྐད་ཅིག་གཅིག་ལ་གྲངས་དང་གྲངས་མྱེད་ཚུལ། །དེ་དག་བྱང་ཆུབ་ཤེས་པས་རྟོགས་གྱུར་ཀྱང་། །སྤྱོད་པའི་དམ་པ་དེ་ལས་ཕྱིར་མྱི་ལྡོག །གང་ཡང་འགྲོ་བ་རྣམས་ཀྱི་ཞིང་ཆེན་དང་། །ཀུན་ནས་ཉོན་
མོངས་དེ་བཞིན་རྣམ་དག་རྣམས། །ཀུན་ཀྱང་ཡེ་ཤེས་སྤྱོད་པས་ཤེས་བྱས་ཤིང་། །དེ་ལ་ཡིད་གཞུངས་སེམས་ཅན་དམ་པ་འཁོད། །དུས་ཀྱི་ཚུལ་རྣམས་རྗེས་སུ་སེམས་བྱེད་ཅིང་། །སྐད་ཅིག་སེམས་ཀྱིས་བསམ་ཡས་བསྐལ་པ་དང་། །དེ་བཞིན་དུས་གསུམ་

མ་ལུས་ཐམས་ཅད་ཀྱང་། །སྤྱོད་པའི་མཆོག་ལ་གནས་ཤིང་རབ་ཏུ་ཤེས། །སེམས་ལ་ཡང་དག་གཞོལ་ཞིང་འཇུག་པ་དང་། །ཆོས་ལ་ཡང་དག་འཇུག་པའི་ཚུལ་རྣམས་དང་། །ཞིང་ལ་ཡང་དག་འཇུག་པ་མཁའ་འདི་ལ། །ཀུན་ཀྱང་སྤྱོད་པ་དམ་པས་རབ་ཏུ་
ཤེས། །ཡེ་ཤེས་མངོན་པར་བསྒྲུབ་པ་གང་ཡོད་དང་། །སེམས་ཅན་བསྒྲུབ་དང་དེ་བཞིན་ཆོས་བསྒྲུབ་དང་། །རྣམ་པར་འཕྲུལ་ཐོབ་བྱང་ཆུབ་བསྒྲུབ་པ་རྣམས། །མཐའ་དབུས་གཞི་མྱེད་ཐམས་ཅད་མ་ལུས་པ། །འཇུག་པ་ཤིན་ཏུ་ཕྲ་བ་མཐའ་དག་བསྡུ་བྱས་
ཤིང་། །རྣམ་པར་ཕྱེ་བ་ཇི་སྙེད་ཡོད་པ་རྣམས། །བསྐལ་པ་མི་མཐུན་ཐ་དད་མཚན་ལྡན་པ། །དེ་དག་ཐམས་ཅད་སྤྱོད་པ་ཡངས་པས་ཤེས། །ཕྱོགས་ཀྱི་རྒྱུད་ན་ཞིང་རྣམས་གཅིག་མྱིན་པ། །འགྲོ་བ་རྣམས་ན་སྣ་ཚོགས་གང་ཡོད་དང་། །སེམས་ཅན་
འགྲོ་རྒྱུད་སྣ་ཚོགས་ཐ་དད་པ། །སྤྱོད་པའི་སྟོབས་ལ་གནས་ཤིང་ཤེས་པར་བྱེད། །གང་གིས་ཡོངས་སུ་བསྔོ་བ་འདི་ཤེས་པ། །དེ་ནི་ཇི་སྙེད་འདས་པའི་སངས་རྒྱས་དང་། །གང་རྣམས་མ་བྱོན་གང་དག་བཞུགས་པ་རྣམས། །དེ་དག་སྤྱོད་དང་མཉམ་པ་ཉིད་
ཐོབ་བོ། །རྒྱལ་བ་ཀུན་གྱི་བསོད་ནམས་ཐོབ་པར་འགྱུར། །རྒྱལ་བ་ཀུན་གྱི་ཡེ་ཤེས་ཐོབ་པར་འགྱུར། །རྒྱལ་བ་ཀུན་གྱི་སྤྱོད་པའི་རྗེས་བསླབས་ཤིང་། །ཡོངས་སུ་བསྔོ་བ་འདི་དག་ཐོབ་པར་འགྱུར། །འགྲོ་བ་ཀུན་གྱིས་ཐུབ་པར་དཀར་གྱུར་ཅིང་། །འཇུག་པ་ཀུན་
ཏུ་བསླབ་བྱ་བསླབས་པ་དག །རྒྱལ་བ་ཀུན་གྱི་རྗེས་སུ་སེམས་པ་རྣམས། །ཐམས་ཅད་འཇིག་རྟེན་སྒྲོན་མ་མཐོང་བར་འགྱུར། །དེ་ཡི་སྤྱོད་ལ་ཚད་གདབ་མི་ནུས་ཏེ། །ཡོན་ཏན་རྣམས་ལ་འང་ཚད་ཀྱིས་གཞལ་མི་ནུས། །དཔེ་མྱེད་དེ་དག་སྤྱོད་ལ་གནས་
བཅས་ཤིང་། །རྒྱལ་བ་ཀུན་གྱི་རྣམ་འཕྲུལ་རབ་ཏུ་ཤེས། །ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་ཤེས་བྱ་བ་སྟེ། །ཡོངས་སུ་བསྔོ་བ་དགུ་པའོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་

སུ་བསྔོ་བ་ཆོས་ཀྱི་དབྱིངས་ཚད་མྱེད་པ་ཞེས་བྱ་བ་བཅུ་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྨྲ་བ་ཆེན་པོར་གྱུར་པས་དྲི་མ་མེད་པའི་གོ་འཕང་ཐོབ་པ། ཆོས་ཀྱི་མཛོད་
ཀྱི་སྦྱིན་པ་རབ་ཏུ་བྱིན་ཞིང་། སྙིང་རྗེ་ཆེན་པོ་དང་ལྡན་པས་བྱམས་པ་ཆེན་པོ་ཐོབ་ཅིང་། བྱང་ཆུབ་ཀྱི་སེམས་ལ་སེམས་ཅན་རབ་ཏུ་དགོད་པར་བརྩོན་པ། སེམས་ཅན་གྱི་དོན་ལ་ཞུགས་པས་བྱང་ཆུབ་ཀྱི་སེམས་རྒྱུན་མི་ཆད་པར་དགེ་བའི་རྩ་བ་ཉེ་བར་སྩོགས་པ་
སེམས་ཅན་ཐམས་ཅད་ཀྱི་ཁ་ལོ་སྒྱུར་བས་འགྲོ་བ་ཐམས་ཅད་ལ་ཐམས་ཅད་མཁྱེན་པའི་ལམ་ཡང་དག་པར་སྟོན་པ། འགྲོ་བ་ཐམས་ཅད་ལ་ཆོས་ཀྱི་ཉི་མ་དམ་པར་གྱུར་པས་དགེ་བའི་རྩ་བ་ཚད་མྱེད་པས་འཇིག་རྟེན་ཐམས་ཅད་སྣང་བར་བྱེད་པ།
འགྲོ་བ་ཐམས་ཅད་ལ་སེམས་རབ་ཏུ་མཉམ་པས་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་རྒྱུན་མི་གཅོད་པ། ཡེ་ཤེས་ལ་དབང་སྒྱུར་ཞིང་སེམས་རྣམ་པར་དག་པས་དགེ་བའི་རྩ་བའི་ལས་ཐམས་ཅད་ཉམས་པ་མེད་པར་སྒྲུབ་
པ། ཡེ་ཤེས་ཆེན་པོས་འགྲོ་བ་ཐམས་ཅད་ཀྱི་དེད་དཔོན་ཏུ་གྱུར་པས། སེམས་ཅན་ཐམས་ཅད་ལ་བདེ་བའི་ལམ་ཡང་དག་པར་སྟོན་པ། དགེ་བའི་རྩ་བའི་ཆོས་བསྐྱེད་པ་ཐམས་ཅད་ལ་སེམས་ཅན་ཐམས་ཅད་ཀྱི་སྔུན་འདྲེན་པ། སེམས་ཅན་ཐམས་ཅད་ཀྱི་དགེ་
བའི་རྩ་བ་དབྱེར་མི་ཕྱེད་པར་གྱུར་པས་འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་སྤེལ་བ་ལ་ཞུགས་པ། །དམ་པའི་ཆོས་སྦྱིན་པ་སྔོན་དུ་གཏོང་བས་ཆོས་དཀར་པོ་ཐམས་ཅད་ཡང་དག་པར་རྩོམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པས་ཡོངས་སུ་བཟུང་བའི་ལྷག་པའི་
བསམ་པས་སྟོབས་དང་ཤུགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ། །ལྷག་པའི་བསམ་པ་ཤིན་ཏུ་བརྟན་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡང་དག་པར་བསྒྲུབ་པས་ཉེ་བར་སྟོན་པའི་སྤྱོད་པ་མཐུ་ཆེན་པོའི་སེམས་དང་ལྡན་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་

མོས་ཤིང་དགེ་བའི་བཤེས་གཉེན་ལ་རྟེན་པའི་སྤྱོད་པ་དང་ལྡན་པ། སྒྱུ་མེད་པར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལྷག་པའི་བསམ་པ་ཡང་དག་པར་བསྒྲུབས་པས། ཐམས་ཅད་མཁྱེན་པའི་སྒོའི་དམྱིགས་པ་མཐའ་དང་དབུས་མེད་པ་ལ་སེམས་པ། དགེ་བའི་རྩ་
བ་ལ་དམྱིགས་ཤིང་ཡོངས་སུ་བསྔོ་བ་རྒྱ་ཆེན་པོས་བསྒྲིབས་པ་མེད་པའི་ཡུལ་ཐམས་ཅད་ཡང་དག་པར་བསྡུ་བ་ལ་ཞུགས་ཤིང་རབ་ཏུ་བསྒྲུབ་པ་དེ་ཆུང་ངུ་ན་སངས་རྒྱས་ཀྱི་གསུང་ལས་ཚིག་དང་། ཡི་གེ་གཅིག་ཐོས་སམ། སྟོན་ཏམ་ཡང་དག་པར་འཛིན་ཀྱང་རུང་སྟེ། སངས་རྒྱས་
ཐམས་ཅད་མངོན་དུ་གྱུར་པའི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་དྲན་པས་དམྱིགས་ཏེ། འདས་པའི་སངས་རྒྱས་རྣམས་ཀྱང་ཡིད་ལ་བྱེད། མ་བྱོན་པའི་སངས་རྒྱས་རྣམས་ཀྱང་ཡིད་ལ་
བྱེད། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱང་ཡིད་ལ་བྱེད། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱང་ཡིད་ལ་བྱེད་ཅིང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་
བསྔོ་སྟེ། དགེ་བའི་རྩ་བ་འདིས་སངས་རྒྱས་དེ་དག་ཐམས་ཅད་ཀྱིས་ཡང་དག་པར་དགོངས་ཏེ། འཇིག་རྟེན་གྱི་ཁམས་གཅིག་ཏུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གཅིག་ཏུ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་
ཀླས་པ། ནམ་མཁའི་མཐས་གཏུགས་པ་མ་ལུས་པ་ཐམས་ཅད་དུ་ཡང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་གྱུར་ཅིག །ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་སེམས་ཅན་གཅིག་གི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་ཡང་དག་པར་སྤྱོད་པར་གྱུར་ཅིག །
སེམས་ཅན་གཅིག་གི་དོན་དུ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་ཀྱི་ཁམས་མཐའ་དག་མ་ལུས་པ་ལྷག་མ་མ་ལུས་པ་ཐམས་ཅད་ཀྱི་དོན་དུ་སེམས་ཅན་གཅིག་གི་ཕྱིར་ཡོང་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་གོ་ཅ་བགོས་ཏེ། སེམས་ཅན་གཅིག་གི་ཕྱིར་ཇི་ལྟ་བ་དེ་བཞིན་དུ་སེམས་

ཅན་ཐམས་ཅད་ཀྱི་ཕྱིར་ཡང་གོ་ཅ་བགོས་ཏེ། བྱང་ཆུབ་སེམས་དཔའི་སྤྱད་པ་ཡང་དག་པར་སྤྱོད་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ནམ་ཡང་སངས་རྒྱས་དང་འབྲལ་བའི་འདུ་ཤེས་དང་དགེ་བའི་བཤེས་གཉེན་དང་འབྲལ་བའི་
འདུ་ཤེས་སྐྱེ་བར་མ་གྱུར་ཅིག །འདི་ལྟར་ཡང་སངས་རྒྱས་ཐམས་ཅད་མངོན་དུ་གྱུར་ཏེ། སངས་རྒྱས་སྐྱེ་བ་གཅིག་དང་ཡང་མི་འབྲལ་ཞིང་སངས་རྒྱས་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་ཚངས་པར་སྤྱོད་པ་ཡང་དག་པར་བསྟན་པ་དང་བརྗོད་པ་དང་བསྔགས་
པ་དེ་ལ་སྤྱོད་པར་གྱུར་ཅིག །དེ་དག་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག །ཚངས་པའི་སྤྱོད་པ་མ་གོད་པར་སྤྱོད་པར་གྱུར་ཅིག །ཚངས་པའི་སྤྱོད་པ་མཉམས་པར་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག །ཚངས་པའི་སྤྱོད་པ་མ་འདྲེས་པར་
ཡོངས་སུ་སྤྱོད་པར་གྱུར་ཅིག །ཚངས་པའི་སྤྱོད་པ་རྙོག་པ་མེད་པ་ལ་གནས་པར་གྱུར་ཅིག །ལྟུང་བ་མེད་པའི་ཚངས་པའི་སྤྱོད་པ་ལ་གནས་པར་གྱུར་ཅིག །ཟིལ་གྱིས་མི་ནོན་པའི་ཚངས་པའི་སྤྱོད་པ་ཡོངས་སུ་སྤྱོད་པར་གྱུར་ཅིག །སངས་
རྒྱས་ཀྱིས་བསྔགས་པའི་ཚངས་པའི་སྤྱོད་པ་ལ་ནན་ཏན་དུ་སྤྱོད་པར་གྱུར་ཅིག །མི་གནས་པའི་ཚངས་པའི་སྤྱོད་པ་རབ་ཏུ་སྒྲུབ་པར་གྱུར་ཅིག །མི་དམྱིགས་ཤིང་བྱང་ཆུབ་ཀྱི་སེམས་ལ་གནས་པའི་ཚངས་པའི་སྤྱོད་པ་རྣམ་པར་སྤྱོད་
པར་གྱུར་ཅིག །འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱིས་སྤྱད་པའི་རྗེས་སུ་སྤྱོད་པའི་ཚངས་པའི་སྤྱོད་པ་ཁོང་དུ་ཆུད་པར་གྱུར་ཅིག །ཇི་ལྟར་བདག་ཚངས་པའི་སྤྱོད་པ་དེ་ལ་ནན་ཏན་དུ་བྱེད་པ་དེ་བཞིན་དུ་ཚངས་
པར་སྤྱོད་པ་ཆགས་པ་མེད་པ་དང་། ཚངས་པར་སྤྱོད་པ་གནས་མེད་པ་དང་། ཚངས་པར་སྤྱོད་པ་ཉོན་མོངས་པ་མེད་པ་དང་། ཚངས་པར་སྤྱོད་པ་ཉམས་པ་མེད་པ་དང་། ཚངས་པར་སྤྱོད་པ་བསྒྲིབས་པ་མེད་པ་དང་། ཚངས་པར་སྤྱོད་པ་བརྟན་པ་དང་།

ཚངས་པར་སྤྱོད་པ་གཞན་གྱི་དྲིང་མི་འཇོག་པ་དང་། ཚངས་པར་སྤྱོད་པ་མི་སྒུལ་བ་དང་། ཚངས་པར་སྤྱོད་པ་མི་གཡོ་བ་དང་། ཚངས་པར་སྤྱོད་པ་མི་འཁྲུགས་པ་དེ་ལ་སེམས་ཅན་ཐམས་ཅད་ཀྱང་རབ་ཏུ་འགོད་དོ། །སེམས་ཅན་ཐམས་ཅད་རབ་ཏུ་
སྦྱོར་རོ། སེམས་ཅན་ཐམས་ཅད་ཤིན་ཏུ་སྒྲུབ་བོ། །སེམས་ཅན་ཐམས་ཅད་རྣམ་པར་སྦྱོང་ངོ་། །སེམས་ཅན་ཐམས་ཅད་དྲི་མ་མེད་པར་བྱའོ། །སེམས་ཅན་ཐམས་ཅད་རྣམ་པར་སྣང་བར་བྱའོ། །སེམས་ཅན་ཐམས་ཅད་
རྡུལ་མེད་པར་བྱའོ། །སེམས་ཅན་ཐམས་ཅད་རབ་རིབ་མེད་པར་བྱའོ། །སེམས་ཅན་ཐམས་ཅད་ཡོངས་སུ་གདུང་བ་མེད་པར་བྱའོ། །སེམས་ཅན་ཐམས་ཅད་འབྱུང་བ་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་
འགྱོད་པ་ཐམས་ཅད་དང་བྲལ་ཞིང་གནོད་སེམས་དང་རྣམ་པར་བྲལ་བའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བྱའོ། །དེ་ཅི་འི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་ཚངས་པར་སྤྱོད་པ་རྣམ་པར་མ་དག་པས་གཞན་གྱི་ཚངས་པར་སྤྱོད་པ་རྣམ་པར་དག་པར་བྱ་བར་མི་ནུས་སོ། །
བྱང་ཆུབ་སེམས་དཔའ་ཚངས་པར་སྤྱོད་པ་ལས་ཕྱིར་ལོག་པས་ཕ་རོལ་བྱང་ཆུབ་སེམས་དཔའི་ཚངས་པར་སྤྱོད་པ་བསྒྲུབ་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ཚངས་པར་སྤྱོད་པ་རྒྱུན་ཆད་པས་གཞན་བྱང་ཆུབ་སེམས་དཔའི་ཚངས་པར་སྤྱོད་པ་ལ་
རྣམ་པར་དག་པར་བྱ་བར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ཚངས་པར་སྤྱོད་པ་དང་བྲལ་བས་གཞན་བྱང་ཆུབ་སེམས་དཔའི་ཚངས་པར་སྤྱོད་པ་ལ་ནན་ཏན་དུ་བྱེད་དུ་གཞུག་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ཚངས་པར་སྤྱོད་པ་ལས་ཉམས་པས་གཞན་བྱང་ཆུབ་
སེམས་དཔའི་ཚངས་པར་སྤྱོད་པ་ལ་སྦྱར་བར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ཚངས་པར་སྤྱོད་པ་ལ་མོས་པ་མེད་པས། གཞན་བྱང་ཆུབ་སེམས་དཔའ་ཚངས་པར་སྤྱོད་པ་ལ་མོས་པར་བྱ་བར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ཚངས་པར་སྤྱོད་པ་ལ་

རྣམ་པར་མི་གནས་པས་གཞན་བྱང་ཆུབ་སེམས་དཔའི་ཚངས་པར་སྤྱོད་པ་ལ་གནས་པར་གཞག་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ཚངས་པར་སྤྱོད་པ་ལ་མ་ཞུགས་པས་གཞན་བྱང་ཆུབ་སེམས་དཔའི་ཚངས་པར་སྤྱོད་པ་ལ་གཞུག་པར་
མི་ནུས་སོ། །བྱང་ཆུབ་སེམས་དཔའ་ཚངས་པར་སྤྱོད་པ་ལས་གཡོས་པས་གཞན་བྱང་ཆུབ་སེམས་དཔའི་ཚངས་པར་སྤྱོད་པ་མྱི་གཡོ་བ་ལ་གཞག་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ཚངས་པར་སྤྱོད་པ་མ་སྤྱད་པས་གཞན་བྱང་ཆུབ་སེམས་དཔའི་ཚངས་པར་སྤྱོད་པས་
ཡང་དག་པར་གཟུང་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཇི་སྐད་སྨྲ་བ་དེ་ལྟར་བྱེད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་མ་ནོར་བ་ལ་གནས་ཤིང་མ་ནོར་བར་སྨྲ་བ་ཡིན། བྱང་ཆུབ་སེམས་དཔའ་ནི་བདེན་པར་སྨྲ་ཞིང་དེ་བཞིན་དུ་བྱེད་པ་ལ་གནས་
པ་ཡིན། བྱང་ཆུབ་སེམས་དཔའ་ནི་ལུས་ཀྱི་ལས་དང་ངག་གི་ལས་དང་། ཡིད་ཀྱི་ལས་ཡོངས་སུ་དག་ཅིང་ཉོན་མོངས་པ་ཐམས་ཅད་བསྩལ་བ་ཡིན། བྱང་ཆུབ་སེམས་དཔའ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་འཐོར་ཞིང་བསྒྲིབས་པ་མེད་པའི་སྤྱོད་ཡུལ་ལ་ཞུགས་པ་ཡིན།
བྱང་ཆུབ་སེམས་དཔའ་ནི་ལྷག་པའི་བསམ་པ་དང་ལྡན་ཞིང་གཞན་ལ་ལྷག་པའི་བསམ་པ་དག་པས་ཆོས་སྟོན་པ་ཡིན། བྱང་ཆུབ་སེམས་དཔའ་ནི་དྲང་པོའི་ཚུལ་གྱིས་དགེ་བའི་རྩ་བ་ལ་འཇམ་པའི་སེམས་དང་ལྡན་ཞིང་གཞན་དྲང་པོ་ལ་བཞག་པ་ཡིན།
བྱང་ཆུབ་སེམས་དཔའ་ནི་འགྱོད་པ་དང་བྲལ་བར་བྱས་ཤིང་གཞན་འགྱོད་པ་ལས་རྣམ་པར་སློང་བ་ཡིན། བྱང་ཆུབ་སེམས་དཔའ་ནི་ཡིད་དང་བར་གྱུར་ཅིང་གཞན་སེམས་དང་བར་དབྱེར་མེད་པ་ཡང་དག་པར་སྒྲུབ་པ་ཡིན། བྱང་ཆུབ་སེམས་དཔའ་ནི་ཆོས་ཡང་དག་པར་
བརྗོད་པར་གྱུར་ཅིང་གཞན་ཆོས་ལ་ཉེ་བར་སྟོབས་པ་ཡིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་སྦྱིན་པ་ལ་བརྩོན་པ་དགེ་བའི་རྩ་བ་

དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་ཆོས་ཐམས་ཅད་ཀྱི་སྒོ་མི་ཟད་པ་རབ་ཏུ་ཐོབ་པར་གྱུར་ཅིག །ཆོས་ཐམས་ཅད་ཤིན་ཏུ་བསྟན་པའི་སྒོ་འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པ། གཞན་གྱིས་བརྒལ་བ་ཐམས་ཅད་ལས་རྣམ་པར་འདས་པ།
དོར་བ་དང་གཞག་པ་རབ་ཏུ་འགག་པ་ཐོབ་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་རྒྱ་མཚོ་ཤིན་ཏུ་སྟོན་པར་གྱུར་ཅིག །ཆོས་ཀྱི་སྐྱེ་གནས་རེ་རེ་དང་ཆོས་ཀྱི་ཚུལ་རེ་རེ་དང་ཆོས་རྣམ་པར་བརྗོད་པ་རེ་རེ་དང་།
ཆོས་སུ་གདགས་པ་རེ་རེ་དང་། ཆོས་སུ་སྨོས་པ་རེ་རེ་དང་། ཆོས་སུ་བརྗོད་པ་རེ་རེ་དང་། ཆོས་ཀྱི་སྒོ་རེ་རེ་དང་། ཆོས་ལ་འཇུག་པ་རེ་རེ་དང་། ཆོས་བསྐྱེད་པ་རེ་རེ་དང་། ཆོས་རྣམ་པར་དགོང་པ་རེ་རེ་ལས་ཆོས་མི་ཟད་པ། མཐའ་དང་དབུས་མེད་
པའི་མི་འཇིགས་པ་ལ་རབ་ཏུ་བརྩོན་པ་ཐོབ་སྟེ། ཐ་དད་པ་ཡང་དག་པར་ཤེས་པ་ལ་ཞུགས་པས་སྟོན་ཅིང་འགྲོ་བ་ཐམས་ཅད་ཀྱིས་ཕྱི་མའི་མཐར་ཐུག་པ་མི་བདེ་བ་དང་ལྡན་པ་དང་། སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པས་བསྟན་པར་ཡང་དག་པར་
བསྒྲུབ་པའི་ཚིག་ཆགས་པ་མེད་པས་བྱུང་བ་དང་། འཁྲུལ་པ་མེད་པའི་སྤོབས་པས་འགྲོ་བ་ཐམས་ཅད་དགའ་བར་བྱེད་པའི་ཆོས་ཤིན་ཏུ་སྟོན་པ་དང་། འགྲོ་བ་ཐམས་ཅད་དུ་རྗེས་སུ་བསྒྲགས་པའི་ཆོས་ཀྱི་ཚིག་གི་ཚུལ་དང་ལྡན་པ་དང་། ཆོས་ཐམས་ཅད་ཀྱི་སྣང་བ་མཐའ་
ཡས་པའི་རྒྱུན་མི་འཆད་པའི་དགའ་བའི་ཤུགས་ཡང་དག་པར་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་དགའ་བ་དང་། མོས་པས་ཐམས་ཅད་མཁྱེན་པ་ཉིད་ལ་རབ་ཏུ་བཞག་པར་རྨོངས་པ་མེད་པ་དང་། ཆོས་སྣང་བའི་སྤོབས་པ་དང་ལྡན་པ་དང་།
ཚིག་ཐམས་ཅད་ཡང་དག་པར་གཟུང་བའི་བྱིན་གྱི་རླབས་ཀྱིས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རབ་ཏུ་བརྩོན་པ་དང་། ཆོས་ཀྱི་དབྱིངས་སུ་ལུས་ཚད་མེད་པས་བྱིན་གྱིས་རློབ་པ་དང་། ཆོས་ཀྱི་དབྱིངས་སེམས་ཡངས་པ་ཚད་མེད་པས་རྒྱས་པར་འགེངས་པ་

དང་། ཆོས་ཀྱི་དབྱིངས་སུ་དབྱངས་ཐམས་ཅད་རྣམ་པར་དག་པ་ཚད་མེད་པས་གྲགས་པར་བྱེད་པ་དང་། ཆོས་ཀྱི་དབྱིངས་སུ་ཚད་མེད་པའི་འཁོར་གྱི་དཀྱིལ་འཁོར་ཡང་དག་པར་སྟོན་པ་དང་། ཆོས་ཀྱི་དབྱིངས་ཀྱི་བྱང་ཆུབ་སེམས་དཔའི་ལས་ཚད་མེད་པ་ལ་
བརྩོན་པ་དང་། ཆོས་ཀྱི་དབྱིངས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚད་མེད་པ་རབ་ཏུ་ཐོབ་པ་དང་། ཆོས་ཀྱི་དབྱིངས་ལ་ཡང་དག་པར་འཇུག་པ་ཚད་མེད་པར་རབ་ཏུ་རྟོགས་པ་དང་། ཆོས་ཀྱི་དབྱིངས་སུ་ཆོས་ཚད་མེད་པར་མངོན་པར་བསྒྲུབ་པ་ལ་བསླབས་པ་དང་།
ཆོས་ཀྱི་དབྱིངས་སུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚད་མེད་པ་ཡང་དག་པར་སྤྱོད་པ་ལ་གནས་པ་དང་། ཆོས་ཀྱི་དབྱིངས་ཚད་མེད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཁོངས་སུ་ཆུད་པས་སེམས་ཅན་ཐམས་ཅད་ཀྱི་གཙོ་བོས་ཡང་དག་པར་བསྟན་པ་རབ་ཏུ་ཐོབ་པར་གྱུར་
ཅིག་ཅེས། དེ་ལྟར་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རབ་ཏུ་དགོད་པ་ཤིན་ཏུ་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་
བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། ཆོས་ཀྱི་དབྱིངས་ཚད་མེད་པའི་སངས་རྒྱས་མཐོང་བ་དང་། ཆོས་ཀྱི་དབྱིངས་ཚད་མེད་པའི་སེམས་ཅན་གདུལ་བ་དང་། ཆོས་ཀྱི་དབྱིངས་ཚད་མེད་པའི་སངས་རྒྱས་ཀྱི་ཞིང་བྱིན་གྱིས་བརླབ་པ་དང་། ཆོས་ཀྱི་
དབྱིངས་ཚད་མེད་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་དང་། ཆོས་ཀྱི་དབྱིངས་ཚད་མེད་པའི་མི་འཇིགས་པ་རབ་ཏུ་ཐོབ་པར་བྱ་བ་དང་། ཆོས་ཀྱི་དབྱིངས་ཚད་མེད་པའི་ཐ་དད་པ་ཡང་དག་པར་ཤེས་པ་རབ་ཏུ་ཐོབ་པར་བྱ་བ་དང་། ཆོས་ཀྱི་
དབྱིངས་ཚད་མེད་པའི་བྱང་ཆུབ་སེམས་དཔའི་གཟུངས་རབ་ཏུ་ཐོབ་པར་བྱ་བ་དང་། ཆོས་ཀྱི་དབྱིངས་ཚད་མེད་པའི་བྱང་ཆུབ་སེམས་དཔའི་གནས་བསམ་གྱིས་མི་ཁྱབ་པ་རབ་ཏུ་ཐོབ་པར་བྱ་བ་དང་། ཆོས་ཀྱི་དབྱིངས་ཚད་མེད་པའི་བསོད་ནམས་བསྩགས་པ་

ཡོངས་སུ་གྲུབ་པར་བྱ་བ་དང་། ཆོས་ཀྱི་དབྱིངས་ཚད་མེད་པའི་སེམས་ཅན་གྱི་དོན་གྱི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱ་བ་ཐོབ་པར་གྱུར་ཅིག །དགེ་བའི་རྩ་བ་དེས་ཆོས་འདི་དག་ཡོངས་སུ་རྫོགས་པར་གྱུར་ཅིག །ཇི་ལྟར་བདག་གིས་ཐོབ་པར་གྱུར་པ་དེ་བཞིན་དུ་སེམས་ཅན་ཐམས་
ཅད་ཀྱིས་ཀྱང་ཐོབ་པར་གྱུར་ཅིག །ཐོབ་པ་འདི་དང་། མཉམ་པ་ཉིད་འདི་དང་། ཡོངས་སུ་རྫོགས་པ་འདིས་སེམས་ཅན་ཐམས་ཅད་བདག་དང་སྤྱོད་པ་མཉམ་པར་གྱུར་ཅིག །བསོད་ནམས་མཉམ་པ་དང་ཡེ་ཤེས་མཉམ་པ་དང་། སྟོབས་མཉམ་པ་དང་།
མི་འཇིགས་པ་མཉམ་པ་དང་། རྣམ་པར་དག་པ་མཉམ་པ་དང་། རྣམ་པར་འཕྲུལ་བ་མཉམ་པ་དང་། མངོན་པར་བྱང་ཆུབ་པ་མཉམ་པ་དང་། ཆོས་བསྟན་པ་མཉམ་པ་དང་། དོན་མཉམ་པ་དང་རྣམ་པར་ངེས་པ་མཉམ་པ་དང་། མངོན་
པར་ཤེས་པ་ཐམས་ཅད་མཉམ་པས་མཉམ་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་
བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། ཇི་ལྟར་ཆོས་ཀྱི་དབྱིངས་ཚད་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཚད་མེད་པའི་ཡེ་ཤེས་ཡོངས་སུ་བསྒྲུབ་པའི་ཕྱིར་ཡོངས་སུ་བསྔོའོ། །ཇི་ལྟར་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་དེ་བཞིན་
དུ་དགེ་བའི་རྩ་བ་དེ་དག་སངས་རྒྱས་མཐའ་དང་དབུས་མེད་པ་ཐམས་ཅད་མཐོང་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཇི་ལྟར་ཆོས་ཀྱི་དབྱིངས་ལ་མུས་གཅད་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་སངས་རྒྱས་ཀྱི་
ཞིང་མུས་གཅད་པ་མེད་པ་ཐམས་ཅད་དུ་འགྲོ་བར་ཡོངས་སུ་བསྔོའོ། །ཇི་ལྟར་ཆོས་ཀྱི་དབྱིངས་ས་མཚམས་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འཇིག་རྟེན་གྱི་ཁམས་ས་མཚམས་མེད་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་

ཡོངས་སུ་བསྔོའོ། །ཇི་ལྟར་ཆོས་ཀྱི་དབྱིངས་ལ་རིས་སུ་ཆད་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རིས་སུ་ཆད་པ་མེད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཇི་ལྟར་ཆོས་
ཀྱི་དབྱིངས་རྒྱུད་ཀྱི་ཚུལ་གཅིག་པར་གྱུར་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་རྒྱུད་ཀྱི་ཚུལ་གཅིག་ཏུ་འགྱུར་བའི་ཕྱིར་ཡོངས་སུ་བསྔོའོ། །ཇི་ལྟར་ཆོས་ཀྱི་དབྱིངས་རང་བཞིན་ཡོངས་སུ་དག་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་
ཐམས་ཅད་ཤིན་ཏུ་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཇི་ལྟར་ཆོས་ཀྱི་དབྱིངས་འགྲོ་བ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ཡང་དག་པར་བསྡུ་བའི་
ཕྱིར་ཡོངས་སུ་བསྔོའོ། །ཇི་ལྟར་ཆོས་ཀྱི་དབྱིངས་འགྲོ་བ་ཐམས་ཅད་ཀྱི་རྒྱན་ཏུ་གྱུར་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་ཀུན་ཏུ་བཟང་པོའི་སྤྱོད་པའི་རྒྱན་རྣམ་པར་དག་པར་ཡོངས་སུ་བསྔོའོ། །ཇི་ལྟར་ཆོས་ཀྱི་དབྱིངས་ལ་འཇིག་པ་མེད་
པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་འཇིག་པ་མེད་པའི་ཕྱིར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། །གང་གིས་ཐམས་ཅད་མཁྱེན་པ་
ཉིད་དུ་འགྱུར་བ་དེར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཐམས་ཅད་མཁྱེན་པ་ཉིད་ནི་ཐམས་ཅད་དུ་འགྲོ་བས་ན་ཐམས་ཅད་དུ་འགྲོ་བའི་ཕྱིར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་འགྲོ་བ་ཐམས་ཅད་དུ་ཤིན་ཏུ་སྣང་བར་གྱུར་པ་དེ་ལྟར་དགེ་བའི་རྩ་བ་དེ་དག་
ཡོངས་སུ་བསྔོའོ། །ཅི་ནས་ཀྱང་སངས་རྒྱས་མཐོང་བ་དང་སངས་རྒྱས་ཀྱི་མཛད་པ་ཡོངས་སུ་ཐོབ་པ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་སངས་རྒྱས་མཐོང་བ་དང་། སངས་རྒྱས་ཀྱི་མཛད་པ་ཐོགས་པ་མེད་པར་འགྱུར་བ་དེ་ལྟར་

དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་སངས་རྒྱས་མཐོང་བ་སེམས་ཅན་ཐམས་ཅད་རྣམ་པར་དག་པར་བྱ་བ་ལས་ཕྱིར་མི་ལྡོག་པ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་སངས་རྒྱས་མཐོང་བ་ཡོངས་སུ་ཤེས་ཤིང་
རབ་ཏུ་འཕེལ་བར་བྱེད་པ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་སངས་རྒྱས་མཐོང་བ་གནས་སུ་མི་འགྱུར་བ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་སངས་རྒྱས་མཐོང་བ་ཆགས་པ་མེད་པར་ཁོང་དུ་ཆུད་པར་འགྱུར་བ་དེ་ལྟར་དགེ་
བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་སངས་རྒྱས་མཐོང་ཞིང་ཀུན་ཏུ་བཟང་པོའི་སྤྱོད་པ་ཡང་དག་པར་འགྲུབ་པར་འགྱུར་བ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་སངས་རྒྱས་མཐོང་ཞིང་མངོན་སུམ་དུ་བལྟ་བ་རྒྱུན་མི་འཆད་པ་དེ་ལྟར་
དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་སངས་རྒྱས་མཐོང་བས་བྱང་ཆུབ་སེམས་དཔའི་སྟོབས་དང་ཤུགས་སྐྱེ་བར་འགྱུར་བ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་སངས་རྒྱས་མཐོང་ཞིང་དངོས་པོ་ཉམས་པར་འགྱུར་བ་
ཐམས་ཅད་ལས་འཕགས་པར་འགྱུར་བ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །འདི་ལྟར་ཡང་ཆོས་ཀྱི་དབྱིངས་བྱེད་པ་མེད་པ་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དང་། ཆོས་ཀྱི་དབྱིངས་གནས་མེད་པ་དང་། ཆོས་
ཀྱི་དབྱིངས་ཉམས་པ་མེད་པ་དང་། ཆོས་ཀྱི་དབྱིངས་དབེན་པ་དང་། ཆོས་ཀྱི་དབྱིངས་ཞི་བ་དང་། ཆོས་ཀྱི་དབྱིངས་གནས་པ་དང་ཆོས་ཀྱི་དབྱིངས་མི་འཕོ་བ་དང་ཆོས་ཀྱི་དབྱིངས་ཐ་དད་པ་མེད་པ་དེ་བཞིན་དུ་འགྱུར་བར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་ཆོས་བསྟན་ཅིང་བརྗོད་པས་ཡང་དག་པར་བཟུང་བ་དང་། ཆོས་བསྟན་པར་བསྐུལ་བ་དང་། དེ་ལ་དམྱིགས་པ་ལ་བརྩོན་པར་བྱས་པའི་དགེ་བའི་རྩ་བ་དང་དེ་དག་ལ་སོགས་

པ་དགེ་བ་བརྩམས་པ་གཞན་དང་གཞན་གྱིས་སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཤིང་བྱང་ཆུབ་སེམས་དཔར་གྱུར་ཏེ། ཆོས་སྨྲ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཐམས་ཅད་མཁྱེན་པའི་
ཡེ་ཤེས་ལ་སེམས་ཅན་ཐམས་ཅད་དགོད་པའི་ཚུལ་གྱིས་བླ་ན་མེད་པའི་ཆོས་སྨྲ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་ཀུན་གྱིས་ཆོས་ཡོངས་སུ་དྲིས་པས་ཟད་པར་མི་འགྱུར་བས་མི་འཕྲོགས་པའི་ཆོས་སྨྲ་བར་གྱུར་ཅིག །སེམ