Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 036_ཕལ་ཆེན།_ཁ
Văn bản gốc(Tây Tạng)
Trang 6 / 22 (50.000 ký tự/trang)
ང་གི་ཆོས་ཐམས་ཅད་དང་འགལ་བར་བྱས་པ་མེད་པ་ཡིན། ལས་ཀྱི་འབྲས་བུ་ཡང་རྒྱུན་གཅོད་པར་མི་བྱེད་དེ། ཀྱེ་རྒྱལ་བའི་སྲས་ དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་དྲུག་པ། དགེ་བའི་རྩ་བ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་སྟེ། ཡོངས་སུ་བསྔོ་བ་དེས་ཡོངས་སུ་བསྔོ་བའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སངས་རྒྱས་ཚད་མེད་པས་བྱིན་གྱིས་བརླབས་པ་ཡིན་ནོ། །སྙིང་པོ་ཐོབ་པ་ཡིན་ནོ། །ཆོས་ཉིད་ཐོབ་པ་ཡིན་ནོ། །ཐམས་ཅད་མཁྱེན་པ་ལ་བརྩོན་པ་ཡིན་ནོ། །དོན་ཀྱི་ཆོས་དང་ལྡན་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ གྱི་རྗེས་སུ་སོང་བ་ཡིན་ནོ། །དགེ་བའི་རྩ་བ་དམ་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཡིན་ནོ། །སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་རྗེས་སུ་སོང་བ་ཡིན་ནོ། །རྡོ་རྗེ་ལྟར་མི་ཤིགས་པའི་སྙིང་པོའི་རྗེས་སུ་སོང་བ་ཡིན་ ནོ། །ཆོས་ཐམས་ཅད་ཀྱི་དབང་ཕྱུག་ལ་དབང་སྒྱུར་བ་རབ་ཏུ་ཐོབ་པ་དམ་པའི་རྗེས་སུ་སོང་བ་ཡིན་ནོ།། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །བམ་པོ་བརྒྱད་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྡོ་རྗེའི་རྒྱལ་མཚན་གྱིས་ཕྱོགས་བཅུར་བལྟས་ཏེ། འཁོར་ཐམས་ཅད་ལ་བལྟས་ནས་ཆོས་ཀྱི་དབྱིངས་ལ་ལྟ་བ་དང་། དོན་དང་ཡི་གེ་དང་། ཚིག་ལ་འཇུག་པ་དང་། སེམས་མཐའ་དང་དབུས་མེད་པར་ཡངས་པ་ཡོངས་སུ་ བསྒོམ་པ་དང་། འགྲོ་བ་ཐམས་ཅད་སྙིང་རྗེ་ཆེན་པོས་རྒྱས་པར་བྱ་བ་དང་། དུས་གསུམ་གྱི་སངས་རྒྱས་ཀྱི་རིགས་ཀྱི་སེམས་ཡང་དག་པར་འབྲེལ་བར་བྱ་བ་དང་། ཡོན་ཏན་ཐམས་ཅད་ལ་འཇུག་པ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་ བརླབས་པའི་ལུས་སུ་ཡང་དག་པར་ཤེས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་རབ་ཏུ་དབྱེ་བ་དང་། དགེ་བའི་རྩ་བ་ཇི་ལྟར་བསྐྱེད་པ་ཐོབ་པ་ཡང་དག་པར་མཐོང་བ་དང་། ཆོས་ཀྱི་ལུས་ཀྱི་རྗེས་སུ་སོང་བའི་གཟུགས་ཀྱི་ལུས་ཡོངས་སུ་དག་ པ་ཡང་དག་པར་སྟོན་པ་དག་བྱེད་ཅིང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དེ་དག་རྒྱལ་པོའི་རིགས་དང་ལྡན་གྱུར་ཅིང་། །འགྲོ་བ་ཀུན་ན་རྒྱལ་པོ་གང་ཡོད་པ། །དེ་དག་ཟིལ་ནོན་རྒྱལ་པོ་འགྲོ་བའི་མཆོག ། ཕན་པའི་དོན་དུ་རྒྱལ་པོ་མཐུ་ཆེན་འགྱུར། །དེ་དག་དང་བའི་ཡིད་དུ་རབ་གྱུར་ཅིང་། །འགྲོ་བ་ཀུན་ལ་དབང་སྒྱུར་རབ་ཐོབ་སྟེ། །ཆོས་དང་ལྡན་པར་ཆོས་ཀྱི་རྒྱལ་སྲིད་སྐྱོང་། །འགྲོ་བ་རྣམས་ཀྱི་བདེ་བ་རབ་ཏུ་བསྐྱེད། །དེ་དག་རྒྱལ་པོའི་རིགས་རྒྱུད་ རྣམ་དག་པས། །ཆོས་དང་ལྡན་པར་ཆོས་ཀྱི་འཁོར་ལོ་བསྐོར། །དེ་དག་འཁྲུག་མེད་རྒྱལ་སྲིད་སྐྱོང་བ་བྱེད། །ཕྱོགས་རྣམས་ཀུན་ནས་འཁོར་ལོ་ཕྱིར་མི་ལྡོག །དེ་དག་ཡོན་ཏན་གཟུགས་དང་རབ་ཏུ་ལྡན། །མཁས་པའི་བློ་དང་ཤེས་རབ་ཡེ་ཤེས་ ལྡན། །དེ་དག་ཟིལ་ནོན་མཐུ་ལ་ལྡོག་པ་མེད། །བདུད་ཀྱི་དཀྲུགས་མ་ཐམས་ཅད་རབ་ཏུ་འཇོམས། །དེ་དག་ཚུལ་ཁྲིམས་རྣམ་པར་དག་པ་སྟེ། །བཟོད་པའི་སྟོབས་ལ་སྡོམ་པའི་སེམས་ཀྱིས་གནས། །ཁོན་འཛིན་ཁྲོ་བ་རྣམ་དག་ཡིད་བསྩལ་ བས། །རྒྱལ་བ་རྣམས་ཀྱི་ཆོས་འདིར་རྟག་ཏུ་བརྩོན། །དེ་དག་ཟས་དང་སྐོམ་དག་སྦྱིན་བྱེད་ཅིང་། །བཞོན་དང་ཕྲེང་བ་གོས་དང་སྤོས་མང་དང་། །མལ་དང་བྱུག་པ་རྒྱབ་རྟེན་མར་མེ་དག །རྣམ་པ་མཐའ་ཡས་ཇི་སྙེད་གཏོང་བྱེད་ཅིང་། །ཕན་པའི་ སེམས་ཀྱིས་དེ་དག་སྦྱིན་བྱེད་ཚེ། །དེ་ལ་ཤིན་ཏུ་དད་པའི་སེམས་བསྒྱུར་ཅིང་། །བསམ་པ་དག་པས་དགའ་བ་ཡངས་བསྐྱེད་དེ། །འཇིག་རྟེན་བླ་མ་དག་ལ་སྦྱིན་པ་བྱེད། །དེ་དག་དངོས་པོ་ཐམས་ཅད་གཏོང་བྱེད་ཅིང་། །ཕྱི་དང་ནང་དང་གང་རྣམས་ ཇི་སྙེད་པ། །ཀུན་ཀྱང་དང་བའི་ཡིད་ཀྱིས་རབ་ཏུ་གཏོང་། །ཡིད་ལ་ཞུམ་པར་བྱེད་པ་གང་ཡང་མེད། །མགོ་ཡང་གཏོང་ཞིང་མིག་ཀྱང་རབ་ཏུ་གཏོང་། །ལག་པ་གཏོང་ཞིང་དེ་བཞིན་རྐང་པ་གཏོང་། །ཤ་དག་གཏོང་ཞིང་དེ་བཞིན་རྐང་ཡང་གཏོང་། ། ཐམས་ཅད་ལུས་ཀྱང་མི་དགའ་མེད་པར་གཏོང་། །དེ་དག་དབང་ཕྱུག་ཤིན་ཏུ་ཡངས་སྒྱུར་ཅིང་། །རིགས་དང་རུས་ལྡན་འགྲོ་བ་མི་ཡི་རྗེ། །ཁ་ནས་ལྕེ་ཡང་ཤིན་ཏུ་བརྐྱང་བྱས་ཤིང་། །སློང་བ་རྣམས་ལ་མི་དགའ་མེད་པར་གཏོང་། །དེ་དག་དབང་ཕྱུག་ ཤིན་ཏུ་ཡངས་སྒྱུར་ཅིང་། །སློང་བ་རྣམས་ལ་ལྕེ་སྦྱིན་བྱས་ནས་ཀྱང་། །འདི་ན་འགྲོ་བ་ཡོད་པ་མ་ལུས་ཀུན། །རྒྱལ་བའི་ལྗགས་ཡངས་ཇི་བཞིན་ཐོབ་འགྱུར་བསྔོ། །རབ་ཏུ་སྤྲོ་བྱས་བུ་ཡང་སྦྱིན་པར་བྱེད། །མི་དགའ་མེད་བྱས་ཆུང་མ་སྦྱིན་པར་ བྱེད། །རབ་ཏུ་དགའ་བྱས་རྒྱལ་སྲིད་སྦྱིན་པར་བྱེད། །བདག་ཀྱང་གཞན་གྱི་བྲན་དུ་སྦྱིན་པར་བྱེད། །ཅི་འདོད་གཏོང་ཞིང་ཐམས་ཅད་གཏོང་བར་བྱེད། །མི་སྐྱོར་གཏོང་ཞིང་དུས་སུ་གཏོང་བར་བྱེད། །ཅི་འདྲའི་དངོས་པོ་བསླངས་ པར་གྱུར་པ་རྣམས། །ཐམས་ཅད་བསམ་པ་བཞིན་དུ་རབ་ཏུ་གཏོང་། །ཆོས་ཀྱི་དོན་དུ་བདག་ཀྱང་གཏོང་བར་བྱེད། །བྱང་ཆུབ་དོན་དུ་དཀའ་བ་རབ་ཏུ་སྤྱོད། །སེམས་ཅན་དོན་དུ་ཐམས་ཅད་བཟོད་པར་བྱེད། །ཡེ་ཤེས་དོན་དུ་ཕྱིར་ལྡོག་མི་འགྱུར་རོ། ། རྒྱལ་བ་རྣམས་ལས་ཆོས་རྣམས་མཉན་བྱས་ཤིང་། །མངོན་པར་གཡོག་ཕྱིར་འབུལ་བར་བྱེད་པའི་ཚེ། །འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་སེམས་ཀྱིས། །རྒྱལ་བ་རྣམས་ལ་དགའ་བ་ཡངས་པ་བསྐྱེད། །མི་ཡི་གཙོ་བོ་འདྲེན་པ་མཐོང་ནས་ཀྱང་། ། བྱམས་ལྡན་ཕན་པའི་སེམས་ཀྱིས་རིམ་གྲོ་བྱེད། །དགའ་བར་བྱེད་པའི་ཡིད་དང་ལྡན་གྱུར་ཅིང་། །སྣོད་དུ་གྱུར་ཏེ་ཆོས་རྣམས་ལེན་པར་བྱེད། །ཅི་ནས་འཇིག་རྟེན་འདི་དག་བདེར་འགྱུར་ཞིང་། །ཅི་ནས་ཐམས་ཅད་བསྐྱབ་པར་འགྱུར་བ་དང་། །ཅི་ནས་ འགྲོ་བ་ཐམས་ཅད་འགྲོལ་འགྱུར་བར། །དེ་དག་འགྲོ་བ་ཀུན་ལ་ཡོངས་སུ་བསྔོ། །གཟུགས་མཛེས་བཞིན་སྡུག་ངག་སྙན་ལྡན་པ་དག །མེ་ཏོག་སྡུག་བཏགས་སྤོས་ཞིམ་བསྐུས་པ་རྣམས། །ཕྲེང་བ་ལྷབ་ལྷུབ་རྒྱན་དང་ལྡན་པ་ཡི། །འཁོར་དང་ལྡན་ པར་དེ་དག་རབ་གྱུར་ཅིང་། །མཁས་ཤིང་ཤེས་པའི་གཡོག་འཁོར་དེ་དག་ཀྱང་། །ཕན་པར་སེམས་པའི་ཡིད་ཀྱིས་གཏོང་བའི་ཚེ། །བལྟོས་ཤིང་རེ་བའི་སེམས་ཀྱང་མི་འབྱུང་བར། །སེམས་ཅན་ཕན་ཕྱིར་བྱང་ཆུབ་རབ་ཏུ་ཚོལ། །དགེ་བ་དེ་ལ་ རྗེས་སུ་སེམས་བྱེད་ཅིང་། །སྣ་ཚོགས་ཡངས་ཤིང་རྒྱ་ཆེ་སྣྲེལ་ཞི་ལ། །འགྲོ་བ་ཀུན་ལ་བརྟན་པ་ཡོངས་སུ་བསྔོ། །ལས་ལ་གནས་སུ་བྱེད་པ་གང་ཡང་མེད། །དེ་དག་རྒྱལ་སྲིད་ཡངས་པ་སྦྱིན་པར་བྱེད། །ཡུལ་དང་མིར་བཅས་གྲོང་ཁྱེར་དམ་ པ་དང་། །རྒྱལ་པོའི་ཕོ་བྲང་གནས་སུ་གྱུར་པ་དང་། །ཁྱིམ་དང་བཟའ་ཤིང་ར་བ་སྦྱིན་པར་བྱེད། །བསྐལ་པ་བརྒྱར་ཡང་སུས་ཀྱང་མ་བྱིན་པའི། །སྦྱིན་པ་འཇིག་རྟེན་མི་ཡི་གཙོ་ལ་འབུལ། །འཇིག་རྟེན་རྣམས་ཀྱི་ཕ་རོལ་ཕྱིན་བྱས་ཤིང་། ། འགྲོ་བ་ཀུན་ལ་ཕ་རོལ་སྟོན་པར་བྱེད། །དེ་དག་ཕྱོགས་བཅུའི་སློང་བ་མང་པོ་དག །རྣམ་པ་སྣ་ཚོགས་མཐོང་བར་གྱུར་ནས་ཀྱང་། །སློང་བ་ཐམས་ཅད་ཤིན་ཏུ་མགུར་བྱས་ཤིང་། །ཤིན་ཏུ་དགའ་འགྱུར་དེ་བཞིན་སྤྲོ་བར་བྱེད། །དུས་གསུམ་ རྒྱལ་བ་ཀུན་གྱིས་ཅིར་བསྔོས་པ། །སྐྱེས་བུ་འདུལ་བ་དེ་དག་སྤྱོད་ཡུལ་ལ། །རབ་ཏུ་བསླབས་ཏེ་ཕ་རོལ་ཕྱིན་བྱས་ཤིང་། །དེ་དག་ལས་དེ་ཡོངས་སུ་བསྔོ་བར་བྱེད། །ཆོས་རྣམས་འདི་ལ་ཀྱེ་མ་སུ་ཞིག་ཞུགས། །གང་ལ་ཞུགས་གྱུར་ཇི་ལྟར་ ཞུགས་གྱུར་ཅེས། །དེ་དག་ཆོས་དངོས་འདི་ལ་རྣམ་ལྟ་ཡང་། །སྦྱིན་པའི་སེམས་ལ་རྣམ་པར་ཐོགས་པ་མེད། །ཆོས་རྣམས་གང་ལ་ཆོས་ཀྱིས་ཆགས་མེད་པར། །ཡེ་ཤེས་ཚུལ་ཤེས་དེ་དག་ཡོངས་སུ་བསྔོ། །ཆོས་ཀྱི་ཚུལ་ལ་དེ་དག་ཡོངས་སུ་བསྔོ། །དོན་གྱི་ཚུལ་ཤེས་དེ་དག་ ཡོངས་སུ་བསྔོ། །དོན་གྱི་ཚུལ་ཤེས་དེ་དག་ཡོངས་སུ་བསྔོ། །ལས་ལ་ནམ་ཡང་རྣམ་པར་རྟོག་པ་མེད། །རྣམ་པར་སྨིན་ལ་འང་གནས་པར་མི་བྱེད་དེ། །བྱང་ཆུབ་རྟེན་པར་རབ་ཏུ་དེས་ཤེས་ཀྱང་། །ཆོས་ཉིད་དབྱིངས་ལས་འགལ་བར་མི་བྱེད་ དོ། །ལུས་ལ་ཆགས་པར་དེ་དག་མི་བྱེད་དོ། །སེམས་ལ་འང་དེ་དག་གནས་པར་མི་བྱེད་དོ། །ལས་ཀྱིས་དེ་དག་བློ་འཇུག་མི་བྱེད་དོ། །ལས་ཀྱི་ཡེ་ཤེས་རྟེན་ལ་འང་འཇུག་མི་བྱེད། །འདས་པའི་ཆོས་ལ་རྟོག་པར་མི་བྱེད་དེ། །མ་འོངས་ཆོས་ལ་ འང་བློ་ནི་གཏོང་མི་བྱེད། །ད་ལྟར་ཡོད་ལ་འང་གནས་པར་མི་བྱེད་དེ། །དུས་གསུམ་ཀུན་ལས་རྣམ་པར་དབེན་པར་སྐྱེས། །དེ་དག་གཟུགས་ཀྱི་ཕ་རོལ་ཕྱིན་གྱུར་ཅིང་། །ཚོར་བ་འདུ་ཤེས་འདུ་བྱེད་ཡིད་རྣམས་དང་། །འཇིག་རྟེན་ཀུན་གྱི་ཕ་ རོལ་ཕྱིན་གྱུར་ཏེ། །དག་པ་དེ་དག་དམའ་བའི་ཡིད་མི་འགྱུར། །ཕུང་པོ་རྣམས་དང་ཁམས་ལ་ཡོངས་བཙལ་ཅིང་། །སྐྱེ་མཆེད་དེ་བཞིན་ལུས་ཀྱི་རྣམ་པ་དང་། །སེམས་ཀྱི་རྣམ་པ་མ་ལུས་རྣམ་གཞིགས་ཀྱང་། །བྱང་ཆུབ་ དངོས་སུ་གང་ཡང་མི་རྙེད་དོ། །རྟག་ལ་ནམ་ཡང་ཆགས་པར་མི་བྱེད་དོ། །ཆད་པ་ལ་ཡང་དེ་དག་སེམས་མི་འཇུག །ཆོས་ཉིད་ཡོད་དང་མེད་པ་མ་ཡིན་ཏེ། །གཅིག་ནས་གཅིག་བརྒྱུད་ལས་ཀྱང་མ་ལུས་ཤེས། །སེམས་ཀྱི་རྒྱུ་ཡིས་བྱང་ཆུབ་ཐོབ་མི་ བྱེད། །ཆོས་ཉིད་ལ་འང་དེ་དག་མི་གནས་ཏེ། །ཞིང་ལའང་དེ་དག་གནས་པ་མ་ཡིན་ནོ། །དུས་གསུམ་ཆོས་རྣམས་ཀུན་ཀྱང་ཡོད་མ་ཡིན། །དེ་ལྟར་སྤྱོད་པ་ཆོས་འདི་ཀུན་རྟོག་ཅིང་། །ཇི་ལྟར་རྒྱལ་བ་ཀུན་གྱིས་བརྟག་མཛད་པ། །དེ་ལྟར་དེས་བཙལ་ ནམ་ཡང་རྙེད་པ་མེད། །སྤྱོད་པ་རྣམས་ལ་མི་ཤེས་རྨོངས་པ་མེད། །བྱ་བའི་ལམ་དང་འགལ་བར་མི་བྱེད་ཅིང་། །ལས་ཀྱི་ལམ་རྣམས་ཡོངས་སུ་རྗོད་བྱེད་པས། །སེམས་ཅན་ལམ་རྣམས་ཡོངས་སུ་སྤྱོད་བྱེད་ཅིང་། །རྒྱུར་བཅས་རྐྱེན་དང་ བཅས་པར་དེ་ལ་རྟོག །ཡེ་ཤེས་མཁས་པས་གང་རྣམས་རྗོད་མཛད་པའི། །མཁས་པའི་ལམ་ལ་དེ་དག་སྤྱོད་བྱེད་ཅིང་། །ཆོས་ཀྱི་ཚུལ་ལ་རྗེས་སུ་སེམས་བྱེད་པས། །བྱང་ཆུབ་ཚུལ་ནི་མི་ཡི་གཙོ་བོས་རྟོགས། །ཆོས་རྣམས་སྐྱེ་མེད་འཇིག་པ་ མེད་པ་སྟེ། །འགྲོ་བ་ཀུན་ཏུ་གང་ཡང་འཕོ་བ་མེད། །ཆོས་རྣམས་སྐྱེ་དང་འཆི་འཕོ་མེད་པར་ཡང་། །རྒྱལ་བའི་ཆོས་ཀྱི་ཚུལ་རྣམས་རབ་ཏུ་རྟོགས། །ཆོས་རྣམས་གང་གི་རང་བཞིན་རྣམ་ཤེས་པ། །དེ་ནི་རང་བཞིན་དངོས་ཡོད་མི་རྟོག་སྟེ། །དངོས་ མེད་རྟོག་མེད་དེ་དག་རབ་ཏུ་ཤེས། །བདེ་གཤེགས་ཡེ་ཤེས་དེ་དག་རྣམ་པར་མཐོང་། །འགྲོ་བ་ཀུན་དང་ཆོས་ཉིད་ཐམས་ཅད་དང་། །སེམས་ཅན་རྣམ་པ་ཞིང་གི་རྣམ་པ་དང་། །ཆོས་ཀྱི་རྣམ་པ་དུས་རྣམས་མ་ལུས་པའི། །ཆོས་རྣམས་མཁས་པས་ གང་ཡང་བརྗོད་པ་མེད། །ཆོས་རྣམས་མ་ལུས་གཟུང་བར་བྱ་བ་མེད། །ཇི་སྙེད་སེམས་ཅན་རྒྱལ་བས་སངས་རྒྱས་པ། །དེ་ཡི་ཆོས་ལའང་ཆོས་ཀྱི་དངོས་མེད་དེ། །དེ་ཡང་དུས་དང་ཆོས་སུ་བརྗོད་པ་ཡིན། །ཆོས་ཉིད་ཀུན་ཏུ་འགྲོ་བ་ཅི་འདྲ་བ། ། དེ་བཞིན་དེ་དག་ཡོངས་སུ་བསྔོ་བ་བྱེད། །དེས་ཀྱང་འགྲོ་བ་ཀུན་ནས་བསྒྱུར་བྱས་ཏེ། །དེ་ལ་ཀུན་ཏུ་དཔའ་བོ་ཡོངས་སུ་བསྔོ། །དགེ་བའི་རྩ་བ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་སྟེ། །ཡོངས་སུ་བསྔོ་བ་དྲུག་པའོ། ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ། འགྲོ་བ་ཐམས་ཅད་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་བདུན་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཐམས་ཅད་གཏོང་བའི་དམིགས་པ་ལ་བརྩོན་པ། ཚུལ་ཁྲིམས་རྣམ་པར་དག་པ་ལ་རབ་ཏུ་བརྟེན་པ། ལྷག་པའི་བསམ་པས་བྱང་ཆུབ་སེམས་དཔའི་ཡི་དམ་ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་ལྡན་པ། ཐམས་ཅད་གཏོང་བའི་བཟོད་པ་དང་ལྡན་ཞིང་རྣ་ལ་གཟོན་པའི་ངང་ཚུལ་ཅན། བསམ་གཏན་འབྱམ་ཀླས་པ་རྣམ་པ་ཐ་དད་པ་ལ་མཁས་པའི་རྗེས་སུ་ཞུགས་པ། ཤེས་རབ་ཀྱི་ཚུལ་དང་ས་རྣམ་པར་དཔྱོད་པ་ལ་མཁས་པ། འགྲོ་བ་ ཐམས་ཅད་ཀྱི་སེམས་ཀྱིས་རྣམ་པར་ཕྱེ་བའི་དགེ་བའི་རྩ་བ་དང་ལྡན་པ། ཡོན་ཏན་མཐའ་ཡས་པ་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དང་ལྡན་པ། བྱང་ཆུབ་སེམས་དཔའི་ལས་ལ་རབ་ཏུ་བརྩོན་པར་ཡིད་ལ་བྱེད་པ་དང་ལྡན་པ། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཕྱོགས་མངོན་པར་སྐྱོབ་པ་དགེ་བའི་རྩ་བ་ཆུང་ངུ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་ཆེན་པོ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་ཡངས་པ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་ རྩ་བ་རྒྱ་ཆེན་པོ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་ཚད་མེད་པ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་སྣ་ཚོགས་མང་པོ་རྡུལ་ཙམ་ཡན་ཅད་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་གཞལ་དུ་མེད་པ་ཉེ་བར་ སྩོགས་ཀྱང་རུང་། དགེ་བའི་རྩ་བ་བསམ་གྱིས་མི་ཁྱབ་པ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་གྲངས་མེད་པ་ཉེ་བར་སྩོགས་ཀྱང་རུང་། དགེ་བའི་རྩ་བ་མུ་མེད་པ་ཉེ་བར་སྩོགས་ཀྱང་རུང་། སངས་རྒྱས་ལ་དམིགས་པའི་དགེ་བའི་རྩ་བ་ཉེ་བར་ སྩོགས་ཀྱང་རུང་། ཆོས་ལ་དམིགས་པའི་དགེ་བའི་རྩ་བ་ཉེ་བར་སྩོགས་ཀྱང་རུང་། ཚུལ་དེ་བཞིན་དུ་དགེ་འདུན་ལ་དམིགས་པ་དང་། དགེ་བའི་བཤེས་གཉེན་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་ལ་དམིགས་པ་དང་། ཐབས་ མཁས་པ་ལ་དམིགས་པ་དང་། ལེགས་པའི་དགེ་བའི་རྩ་བའི་སེམས་སྒོམ་པ་ལ་དམིགས་པ་དང་། ནང་ལ་དམིགས་པ་དང་། ཕྱི་རོལ་ལ་དམིགས་པ་དང་། དགེ་བའི་རྩ་བ་རྣམ་པ་ཐ་དད་པ་མཐའ་ཡས་པའི་ཚོགས་ལ་དམིགས་པའི་དགེ་ བའི་རྩ་བ་ཉེ་བར་སྩོགས་ཀྱང་རུང་སྟེ། དགེ་བའི་རྩ་བ་དེ་དག་ལ་ཡོངས་སུ་སྤྱོད་པ་དང་། ཉེ་བར་གནས་པ་དང་། འཇུག་པ་དང་། ཡང་དག་པར་བསྒྲུབ་པ་དང་། ཉེ་བར་སྩོགས་པ་དང་། ཚོགས་སུ་བྱ་བ་དང་། མོས་པར་བྱ་བ་དང་། རྣམ་པར་ སྦྱོང་བ་དང་། རྣམ་པར་སྟོན་པ་དང་། རྒྱ་ཆེར་བྱེད་པའི་ཚེ་བཟོད་པ་རབ་ཏུ་ཐོབ་པའི་སེམས་དང་ལྡན་པ། སེམས་ཅན་དམྱལ་བའི་སྒོ་ཤིན་ཏུ་བཅད་པ་དང་། དབང་པོ་རྒྱུ་བ་ཤིན་ཏུ་བསྡམས་པ། བྱ་བའི་ཚུལ་ལ་རབ་ཏུ་ཞུགས་པ། ཕྱིན་ ཅི་ལོག་མེད་པར་འགྲོ་བ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་གྱུར་པ། འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་བྱུང་བ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ། དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་ཐམས་ཅད་ ཀྱིས་ཤིན་ཏུ་གསོས་པ། དགེ་བའི་རྩ་བ་ཐམས་ཅད་ལས་བྱུང་བ། སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་གྱི་རྗེས་སུ་སོང་བ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་སྤྱོད་པའི་སེམས་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རྗེས་སུ་འབྲང་ བ། རང་གི་སེམས་ཀྱི་གོ་སྐབས་རྙེད་པ། འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་དང་འདྲ་བ། སངས་རྒྱས་ཀྱི་འཁོར་ཐམས་ཅད་དུ་ཡང་དག་པར་འབྱུང་བ། སངས་རྒྱས་ཐམས་ཅད་ཀྱི་ཕྱག་གི་སྟོབས་ཀྱིས་ཕྱུང་བ། སངས་རྒྱས་ ཐམས་ཅད་ཀྱི་ཡོན་ཏན་གྱིས་ཡང་དག་པར་འཕགས་པ། མཐོ་རིས་ལ་ཆགས་པ་མེད་པ། སྐྱིད་པ་ལ་ཡོངས་སུ་འཛིན་པ་མེད་པ། མངོན་པར་འདུ་བྱེད་པ་ལ་ཆགས་པ་མེད་པ། དགེ་བའི་རྩ་བའི་དངོས་པོ་ཐམས་ཅད་ཡོངས་སུ་བསྔོ་བར་བྱེད་པ། འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་གཏེར་དུ་གྱུར་པ། ཐམས་ཅད་དང་ལྡན་པའི་ནན་ཏན་ལ་རབ་ཏུ་ཞུགས་པ། འགྲོ་བ་ཐམས་ཅད་དགབ་པའི་གདུགས་སུ་གྱུར་པ། འགྲོ་བ་ཐམས་ཅད་རབ་ཏུ་རྟེན་པའི་ལམ་གྱིས་མངོན་པར་འདོན་པ། སེམས་ ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་བརྟན་པར་བྱེད་པ། ཡུལ་ཐམས་ཅད་དུ་ཡོངས་སུ་བསྔོ་བ། ཐམས་ཅད་མཁྱེན་པའི་བྱང་ཆུབ་ཀྱི་སྒོ་རྒྱུན་མི་འཆད་པར་བྱེད་པ། ཡེ་ཤེས་ཀྱི་རྒྱལ་མཚན་ཡང་དག་པར་གཟུགས་པར་བྱེད་པ། ལམ་ཆེན་ པོ་རྣམ་པར་སྤྱོད་པ་ལ་བརྩོན་པ། འགྲོ་བ་ཐམས་ཅད་ཀྱིས་བལྟ་ན་དོན་ཡོད་པ་ལ་ཞུགས་པ། འཇིག་རྟེན་ཐམས་ཅད་ཀྱི་དྲི་མ་སྦྱོང་བ། རབ་ཏུ་སྦྱིན་པའི་སེམས་དང་ལྡན་པ། དེ་བཞིན་གཤེགས་པའི་རིགས་སུ་རིགས་དང་ལྡན་པར་བྱུང་བ། སངས་རྒྱས་ཀྱི་རིགས་རྣམ་པར་དག་པར་རབ་ཏུ་སྐྱེས་པ། ཡོན་ཏན་གྱི་དཀྱིལ་འཁོར་ཆེན་པོས་སྦྱིན་པའི་གནས་སུ་གྱུར་པ། འཇིག་རྟེན་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། འགྲོ་བ་ཐམས་ཅད་ཀྱི་གནས་སུ་གྱུར་པ། སེམས་ཅན་ཐམས་ཅད་རྣམ་པར་དག་ པ་ལ་ཡང་དག་པར་གཞོག་པ། དགེ་བ་ཡོངས་སུ་བསྡུ་བ་ལ་ཡང་དག་པར་བརྩོན་པ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱིན་གྱི་རླབ་དང་ལྷག་པའི་བསམ་པ་རྡུལ་མེད་པས་ཡོངས་སུ་བཟུང་བ་དེ། དགེ་བའི་རྩ་བ་དེ་དག་ སྤྱོད་པའི་ཚེ། །སེམས་འདི་ལྟར་བསྐྱེད་དེ་དགེ་བའི་རྩ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཡང་དག་པར་བཟུང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པས་བསམ་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པས་བསྟན་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ བསམ་པ་ལས་བྱུང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པས་ཕན་པ་ལ་ཞུགས་པ་དང་། འགྲོ་བ་ཐམས་ཅད་མ་ལུས་པ་ལ་སྙིང་བརྩེ་བར་བྱེད་པ་དང་། ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་དུ་ཡང་དག་པར་བསྒྲུབས་པ་དང་། སྟོབས་བཅུ་ལ་དམིགས་པར་བརྩོན་པ་ དང་། སྟོབས་བཅུའི་དབྱིངས་སུ་ཡང་དག་པར་བསྒྲུབས་པ་དང་། དགེ་བའི་རྩ་བའི་དབྱིངས་སུ་མངོན་པར་བསྒྲུབས་པ་དང་། དགེ་བའི་རྩ་བ་དེ་ལྟར་ཡང་དག་པར་བསྒྲུབས་པ། དེ་དག་ལས་རྣམ་པར་སྨྱིན་པར་གང་བྱུང་བ་དེ་ཕྱི་མའི་མཐའི་བསྐལ་ པའི་མུར་ཐུག་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། འགྲོ་བ་ཐམས་ཅད་ལ་ཡོངས་སུ་གཏང་བར་བྱ་བ་ཡོངས་སུ་གཏང་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་སྟེ། སེམས་ཅན་གྱི་ཁམས་ཐམས་ཅད་ལས་སེམས་ཅན་གཅིག་ཀྱང་ མ་ཆུད་པ་མེད་པར་བྱས་ཏེ། སེམས་ཅན་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་མ་ལུས་པ་ལ་ཡང་ཡོངས་སུ་བསྔོ་བར་བྱེད་དེ། འདི་ལྟར་ཡོངས་སུ་བསྔོའོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པ་རིན་པོ་ཆེས་ཡོངས་སུ་རྒྱས་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱིས་ཆལ་པར་གང་བ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་གོས་ཀྱིས་རྣམ་པར་དག་ཅིང་གོས་ཀྱིས་ཡོངས་སུ་གང་བ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ། སྤོས་ཐམས་ཅད་ཀྱིས་ཡིད་དུ་འོང་ཞིང་དྲི་ཞིམ་པོས་ཡོངས་སུ་རྒྱས་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་མཛེས་ཤིང་ལྷབ་ལྷུབ་ཀྱིས་ཡོངས་སུ་རྒྱས་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་ནོར་བུ་རིན་པོ་ཆེ་མཐའ་ཡས་པ་ཁྱད་པར་དུ་འཕགས་ཤིང་ནོར་བུ་རིན་པོ་ཆེས་ཡོངས་སུ་ རྒྱས་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་མེ་ཏོག་སྣ་ཚོགས་ཀྱི་ཁ་དོག་དུ་མ་དང་ལྡན་པར་གྱུར་ཅིང་། མེ་ཏོག་ཐམས་ཅད་ཀྱིས་ཡོངས་སུ་རྒྱས་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཁ་ཟས་ཞིམ་པོ་སྣ་ཚོགས་རྣམ་པ་ཐ་དད་པ་དང་ལྡན་ ཞིང་ཁ་ཟས་ཞིམ་པོ་ཕུན་སུམ་ཚོགས་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་གསེར་དང་དངུལ་དང་ནོར་གྱི་དབྱིག་གིས་དག་ཅིང་ནོར་གྱི་དབྱིག་གིས་ཡོངས་སུ་རྒྱས་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་རིན་པོ་ཆེའི་བ་དན་སྣ་ཚོགས་ཀྱིས་ བརྒྱན་ཅིང་ལྷ་རྫས་ཀྱི་གོས་ཐམས་ཅད་ཀྱིས་ཀུན་ནས་ཡོག་སྟེ། གྲགས་པས་ཡོངས་སུ་རྒྱས་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ཅོད་པན་གྱིས་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་བརྒྱན་ཅིང་རིན་པོ་ཆེའི་ཅོད་པན་གྱིས་ ཡོངས་སུ་རྒྱས་པ་དག་སློང་བ་རེ་རེ་ལ་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར། སྦྱིན་པས་ངོམས་པར་མ་གྱུར་ཅིག །རྒྱུན་གཅོད་པར་མ་གྱུར་ཅིག །སློང་བ་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་སློང་བ་ཐམས་ཅད་མ་ལུས་པ་ལ་ཡོངས་སུ་གཏོང་ཞིང་ སློང་བ་རེ་རེ་ལ་ཡང་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་ཤིན་ཏུ་ཚིམ་པར་བྱེད་ཀྱང་ཡོངས་སུ་སྐྱོ་བར་མ་གྱུར་ཅིག །ཕྱིར་ལྡོག་པར་མ་གྱུར་ཅིག །དེ་ཡང་འདི་ལྟར་སྒྱུ་མེད་པའི་སེམས་དང་། འདོད་ཅིང་སྲེད་པ་མེད་པའི་སེམས་དང་། གྲགས་པ་འདོད་པ་མེད་པའི་སེམས་དང་། འགྱོད་པ་མེད་པའི་སེམས་དང་། མྱ་ངན་མེད་པའི་སེམས་དང་། ཐམས་ཅད་མཁྱེན་པའི་ལམ་ལ་ཐེ་ཙོམ་མེད་པའི་སེམས་དང་། གཏོང་བཤིན་ཏུ་གཏོང་བའི་སེམས་དང་སྙིང་བརྩེ་བའི་སེམས་དང་ ཡོངས་སུ་སྨིན་པར་བྱ་བའི་སེམས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རབ་ཏུ་དགོད་པའི་སེམས་ཀྱིས་ཡོངས་སུ་གཏོང་བར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་མ་འོངས་ པའི་བསྐལ་པའི་མཐར་གཏོང་བ་དང་། འདོད་པའི་སྦྱིན་པ་གཏང་བའི་ཕྱིར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་སེམས་ཅན་གྱི་ཁམས་ལས་སེམས་ཅན་གཅིག་ཀྱང་མ་ཆུད་པ་མེད་པར་བྱས་ཤིང་ སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། འཇིག་རྟེན་གྱི་ཁམས་གྲངས་མེད་པ་གླང་པོ་ཅང་ཤེས་ཡན་ལག་བདུན་ཤིན་ཏུ་གནས་པ། གསེར་གྱི་རྒྱལ་མཚན་དང་། གསེར་གྱི་རྒྱན་དང་། གསེར་གྱི་དྲ་བས་གཡོགས་པ་དང་། རིན་པོ་ཆེའི་རྒྱན་ ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པས་ཡོངས་སུ་གང་བའི་སྦྱིན་པ་བྱེད་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གྲངས་མེད་པ། རྟའི་རྒྱལ་པོ་སྤྲིན་ཅེས་བྱ་བ་དང་འདྲ་བ་རྟའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེའི་རྒྱན་སྡུག་གུ་ སྣ་ཚོགས་དང་། ཡན་ལག་གི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པས་ཡོངས་སུ་གང་བའི་སྦྱིན་པ་བྱེད་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གྲངས་མེད་པ་བུད་མེད་དང་རོལ་མོ་བརྡུང་བ་དང་། དཀྲོལ་བ་ཡིད་དུ་འོང་བའི་སྒྲ་ དབྱངས་དང་ལྡན་པ་དང་བཅས་པས་ཡོངས་སུ་གང་བའི་སྦྱིན་པ་བྱེད་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གྲངས་མེད་པ་བུ་དང་བུ་མོས་གང་བ་བྱང་ཆུབ་ཀྱི་སེམས་ལ་གནས་ཤིང་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་སློང་བ་རེ་རེ་ལ་ཡང་ ཡོངས་སུ་གཏོང་བར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གྲངས་མེད་པ་རང་གི་ལུས་ཀྱིས་ཡོངས་སུ་བཀང་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཤིན་ཏུ་བདོ་བའི་ཡིད་ཀྱིས་ཡོངས་སུ་གཏོང་བར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གྲངས་མེད་པ་རང་གི་ མགོས་ཡོངས་སུ་བསྐང་སྟེ། བག་ཡོད་པའི་སེམས་ཀྱིས་ཡོངས་སུ་གཏོང་བར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གྲངས་མེད་པར་རང་གི་ལུས་ལས་བྱུང་བའི་མིག་གིས་ཡོངས་སུ་བཀང་སྟེ། མིག་གི་སྦྱིན་པ་བྱེད་པར་གྱུར་ཅིག །འཇིག་རྟེན་གྱི་ ཁམས་གྲངས་མེད་པ་ཤ་དང་རྐང་གིས་ཡོངས་སུ་བཀང་སྟེ། སྡུག་བསྔལ་གྱིས་ཉམས་པ་མེད་པའི་ཡིད་ཀྱི་དབང་པོས་ཡོངས་སུ་གཏོང་བར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གྲངས་མེད་པ་བདག་དབང་བའི་རྒྱལ་པོའི་སྲིད་དང་སྐྱིད་པས་ཡོངས་སུ་བཀང་སྟེ། སྲིད་ཀྱི་སྦྱིན་པ་བྱེད་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གྲངས་མེད་པར་བྲན་དང་ལས་བྱེད་པའི་མིས་ཡོངས་སུ་བཀང་སྟེ། བཏང་བ་ཐམས་ཅད་ཡོངས་སུ་གཏོང་བ་དང་མ་འདྲེས་པར་གཏང་བ་ཆེན་པོའི་སེམས་ལ་གནས་པས་སློང་བ་རེ་རེ་ལ་ཡང་ཡོངས་ སུ་གཏོང་བར་གྱུར་ཅིག །དེ་བཞིན་དུ་སེམས་ཅན་གྱི་ཁམས་ཐམས་ཅད་མ་ལུས་པར་ཡོངས་སུ་བཟུང་སྟེ། སེམས་ཅན་གྱི་ཁམས་ཐམས་ཅད་ལ་གཅིག་ཀྱང་མ་ཆུད་པ་མེད་པར་སློང་བ་གཅིག་ལ་ཇི་ལྟར་སློང་བ་ཐམས་ཅད་ལའང་དེ་བཞིན་དུ་སེམས་ ཅན་རེ་རེ་ཞིང་ཡང་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་ཚིམ་པར་བྱེད་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་གཅིག་ཏུ་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་། འཇིག་རྟེན་གྱི་ཁམས་གཅིག་ཏུ་ཇི་ལྟ་བ་ དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པ་ཐམས་ཅད་དུ་ཡང་སྙིང་རྗེ་ཆེན་པོ་ཡངས་པས་ཡོངས་སུ་རྒྱས་པའི་སེམས་དང་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བས་སེམས་ཅན་ ཐམས་ཅད་ལ་རིམ་གྲོ་བྱེད་པའི་ཚེ། དེའི་རྒྱུས་བདག་གི་སེམས་སྦྱིན་པ་ལས་ཕྱིར་ལྡོག་པར་མ་གྱུར་ཅིག །གཏོང་བའི་སེམས་ཀྱིས་སེ་གོལ་གཏོགས་པ་ཙམ་ཡང་སྐྱོ་བར་མ་གྱུར་ཅིག །དེ་ཡང་འདི་ལྟར་ཆགས་པ་མེད་པའི་སེམས་དང་ ཤིན་ཏུ་གཏོང་བའི་སེམས་དང་། བདག་ཉིད་ཡངས་པའི་སེམས་དང་། ཟབ་པའི་སེམས་དང་། ལེགས་པར་ཡོངས་སུ་སྡུད་པའི་སེམས་དང་། མངོན་པར་མ་ཞེན་པའི་སེམས་དང་། ཆོས་ལ་སྲོག་མེད་པའི་སེམས་ དང་། ཡིད་ཤིན་ཏུ་ཐུལ་བའི་སེམས་དང་། མ་འཁྲུགས་པའི་སེམས་དང་། གཡེང་བ་མེད་པའི་སེམས་དང་། རིན་པོ་ཆེའི་རིགས་སྣ་ཚོགས་ཐོབ་པའི་སེམས་དང་། ལས་ཀྱི་རྣམ་པར་སྨིན་པ་ཐམས་ཅད་ལ་རེ་བ་མེད་པའི་སེམས་དང་། ཆོས་ཐམས་ ཅད་མ་ལུས་པ་མངོན་པར་འཚང་རྒྱ་བར་བྱ་བའི་སེམས་དང་། བསྔོ་བ་ཆེན་པོའི་རྗེས་སུ་འབྲང་བའི་སེམས་དང་། དོན་གྱི་ཆོས་ཤིན་ཏུ་རྟོགས་པའི་སེམས་དང་། ཡེ་ཤེས་ཆེན་པོའི་ས་རབ་ཏུ་ཐོབ་པའི་སེམས་དང་། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་ པའི་ཡེ་ཤེས་ལ་དགོད་པའི་སེམས་དང་། ཆོས་ཀྱི་སྣང་བ་ཆེན་པོ་ཡང་དག་པར་བསྐྱེད་པའི་སེམས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཇུག་པ་ཡང་དག་པར་བསྒྲུབས་པའི་སེམས་ཀྱིས་སྦྱིན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཉེ་བར་བསྩགས་པའི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་སྟེ། སེམས་ཅན་དེ་དག་ལོངས་སྤྱོད་ཀྱིས་ཕོངས་པ་མེད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་དག་གིས་བསོད་ ནམས་མི་ཟད་པ་ཡང་དག་པར་བསྡུ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་དག་གིས་བདེ་བར་གཏོགས་པའི་བདེ་བ་ཐམས་ཅད་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལས་ཀྱི་ཚོགས་ཀྱི་ཕྱིར་ ཡོངས་སུ་བསྔོའོ། །དེ་དག་གིས་ཆོས་ཐམས་ཅད་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་དག་ཐེག་པ་ཐམས་ཅད་ལས་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་དག་གིས་སངས་རྒྱས་ཐམས་ཅད་མཐོང་ཞིང་ མཆོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་དག་སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཉམས་པ་མེད་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་དག་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་རྣམ་པར་དག་པར་འགྱུར་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་དག་ སེམས་ཅན་ཐམས་ཅད་ཀྱི་མི་ཁོམ་པ་རྣམ་པར་སྤོང་ཞིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རབ་ཏུ་དགོད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་ལྟར་ཡོངས་སུ་བསྔོ་བའི་ཚེ། ཡིད་བདེ་ཞིང་སེམས་རབ་ཏུ་དགའ་བས་ཡོངས་སུ་བསྔོ་སྟེ། འདི་ལྟར་ སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་གཏོང་བའི་སེམས་ལས་སུ་རུང་བ་ལ་གནས་ཏེ་ཡོངས་སུ་ བསྔོའོ། །སེམས་ཅན་ཐམས་ཅད་ལ་གཏོང་བས་ཡང་དག་པར་བསྡུ་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་མངོན་པར་མགུ་བར་གཏང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་དབུལ་ བ་བཟློག་པའི་ཕྱིར་གཏོང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ནོར་ཐམས་ཅད་ཀྱིས་བསྡུ་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་ནོར་གྲངས་མེད་པར་གཏང་བའི་སེམས་ལ་ གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་གཏོང་བ་མཐའ་ཡས་པ་ཐམས་ཅད་ཡོངས་སུ་གཏོང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་རྒྱུན་ཆད་པ་མེད་ པར་གཏོང་བའི་སེམས་ལ་རྒྱུན་ཆད་པ་མེད་པར་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་ནོར་ཐམས་ཅད་འགྱོད་པ་མེད་པར་སྦྱིན་པ་དང་། མཛོད་ཐམས་ཅད་སྐྱོ་བ་མེད་པར་གཏོང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ ཅད་ལ་དངོས་པོ་ཐམས་ཅད་སྦྱིན་ཞིང་གཏོང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་གཏོང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་ཕན་གདགས་ པའི་ཕྱིར་གཏོང་བའི་སེམས་ལ་གནས་ཏེ། ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་ནོར་མང་པོ་རྒྱ་ཆེ་བ། ཡངས་པ་གཏོང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་རྒྱན་དུ་མས་རིམ་གྲོ་བྱ་བའི་ཕྱིར་གཏོང་བའི་ སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་ཐོགས་པ་མེད་པར་གཏོང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་ཐ་བ་མེད་པར་གཏོང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་ སྟོབས་ཆེན་པོ་ཤིན་ཏུ་བདོ་བ་རྡོ་རྗེས་གཏོང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་ཉི་མ་ལྟར་སྙོམས་པའི་འོད་གཟེར་གྱིས་གཏོང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ ཡེ་ཤེས་བསྒྲུབ་པའི་ཕྱིར་གཏོང་བའི་སེམས་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་ཐེག་པ་ཆེན་པོའི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཡེ་ ཤེས་བསྒྲུབ་པའི་དགེ་བའི་རྩ་བ་མངོན་དུ་གྱུར་པ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་དང་བསམ་པ་ཐ་དད་པ་མེད་པ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཤིན་ ཏུ་རྣམ་པར་དག་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་ཐམས་ཅད་བསྩལ་ཞིང་དགག་པ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཡེ་ཤེས་དང་། ཡོན་ཏན་མཉམ་པས་རྣམ་པར་དག་པར་འགྱུར་ བར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་མི་འཕྲོགས་པ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་མི་གཡོ་བའི་ཏིང་ངེ་འཛིན་རྣམ་པར་དག་པ་ ཡོངས་སུ་རྫོགས་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐ་དད་པ་མེད་པ་ལ་ཡོངས་སུ་བསྔོ་བར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའི་ སྤྱོད་པ་དང་། རྣམ་པར་འཕྲུལ་པ་མཐའ་ཡས་པ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་གནས་མེད་པ། ཡང་དག་པར་བསྒྲུབ་པ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་ འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་རྗེས་སུ་དྲན་པ་རྣམ་པར་དག་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་དམ་པ་མངོན་པར་སྐྱེས་བས་རྣམ་པར་དག་པར་བྱ་བ་ལ་གནས་ཏེ་ཡོངས་ སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་བདུད་ཀྱི་ལས་དང་སྒྲིབ་པ་དང་། བར་དུ་གཅོད་པའི་ཆོས་ཐམས་ཅད་བསྩལ་ཅིང་དགག་པ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་ཡོན་ཏན་གྱི་སྤྱོད་པ་མཐའ་ཡས་པ་མངོན་པར་སྐྱེས་ པ་མཉམ་ཞིང་རྣམ་པར་དག་པ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རླབས་ཆེན་པོ་ཡིད་ལ་བྱ་བ་དང་མི་འབྲལ་བར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་མཉེས་པར་བྱ་བ་ལ་བརྩོན་པའི་སེམས་དང་མི་འབྲལ་བར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱིས་གོ་སྐབས་རྙེད་ཅིང་དགེ་བའི་རྩ་བ་སྐྱོན་མེད་པ་དང་། ཆོས་དཀར་པོ་ཐམས་ ཅད་ཀྱི་མཉམ་པ་ཉིད་རྣམ་པར་དག་པ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་ཤིན་ཏུ་རྒྱ་ཆེ་ཞིང་མཐའ་ཡས་པའི་སེམས་དང་། བསམ་པ་རླབས་པོ་ཆེ་མཉམ་པ་ཉིད་ཀྱི་རྣམ་ པར་དག་པ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་གཏོང་བའི་སེམས་རྣམ་པར་དག་ཅིང་མཉམ་པ་ཉིད་དུ་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་ནན་ཏན་མཉམ་པ་ཉིད་ ཀྱིས་རྣམ་པར་དག་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་བརྩོན་འགྲུས་ཆེན་པོའི་ཕུང་པོ་བརྩོན་འགྲུས་ཐམས་ཅད་ཀྱིས་མཉམ་པ་ཉིད་དུ་གྱུར་པའི་རྒྱུད་འཚོབ་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ ཐམས་ཅད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་རབ་ཏུ་ཐོབ་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་བསམ་གཏན་མཐའ་ཡས་པས་རྣམ་པར་ཕྱེ་བའི་ཡེ་ཤེས་དང་མངོན་པར་ཤེས་པ་དང་ལྡན་པར་བྱ་བ་ལ་གནས་ཏེ་ཡོངས་སུ་ བསྔོའོ། །སེམས་ཅན་ཐམས་ཅད་ཀྱིས་ཆོས་ཀྱི་སྐུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་མཐའ་ཡས་པ་རྣམ་པར་དག་ཅིང་མཉམ་པ་ཉིད་དུ་ཡོངས་ སུ་རྫོགས་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་མངོན་པར་ཤེས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམ་པར་དག་པར་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་སྤྱོད་ པ་འཐུན་པས་ཡང་དག་པར་འབྱུང་ཞིང་ཆོས་ཡང་དག་པར་བསྒྲུབ་པ་མཉམ་པ་ཉིད་ཀྱིས་ཡོངས་སུ་རྫོགས་པར་འགྱུར་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡོངས་སུ་ རྫོགས་པར་བྱ་བ་ལ་གནས་ཏེ་ཡོངས་སུ་བསྔོའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ལས་མཉམ་ཞིང་རྣམ་པར་དག་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་ དག་གི་ལས་མཉམ་ཞིང་རྣམ་པར་དག་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་ལས་མཉམ་ཞིང་རྣམ་པར་དག་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ལས་རྣམ་པར་སྨིན་པ་མཉམ་ཞིང་རྣམ་པར་དག་པར་འགྱུར་བ་དང་། སེམས་ཅན་ ཐམས་ཅད་ཀྱི་ཆོས་ཁོང་དུ་ཆུད་པ་མཉམ་ཞིང་རྣམ་པར་དག་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་ཁོང་དུ་ཆུད་པ་རྣམ་པར་དག་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཁོང་དུ་ཆུད་པ་རྣམ་པར་དག་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའི་སྨོན་ལམ་ཁོང་དུ་ཆུད་པ་རྣམ་པར་དག་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པའི་ཡེ་ཤེས་ཁོང་དུ་ཆུད་པ་རྣམ་པར་དག་པར་འགྱུར་བ་དང་། སེམས་ཅན་ཐམས་ ཅད་ཀྱི་རྒྱུད་གཅིག་ཏུ་གྱུར་པའི་དགེ་བའི་རྩ་བ་ཐམས་ཅད་ཐམས་ཅད་མཁྱེན་པའི་ཐེག་པ་ལ་བྱུང་བར་ཡོངས་སུ་བསྔོ་བ་མཉམ་པ་ཉིད་ཀྱིས་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཞིང་རྣམ་པར་དག་པ་ཐམས་ཅད་མཐོང་བ་ དང་། འཇུག་པ་དང་ཉམས་སུ་མྱོད་པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་སངས་རྒྱས་ཐམས་ཅད་མཐོང་བ་མཉམ་པ་ཉིད་ཡོངས་སུ་རྫོགས་པ་སྐྱོན་མེད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་མཚན་ དང་དཔེ་བྱད་བཟང་པོ་དང་། བསོད་ནམས་ཀྱི་རྒྱན་རྣམ་པ་སྣ་ཚོགས་ཐམས་ཅད་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཡན་ལག་དྲུག་ཅུ་དང་ལྡན་པའི་དབྱངས་ཀྱི་རྐྱེན་ཕུན་སུམ་ཚོགས་པའི་གསུང་ཡན་ལག་ བརྒྱ་སྟོང་ཕྲག་བརྒྱད་ཀྱིས་བརྒྱན་པ་དང་། གསུང་གི་ཚུལ་མཐའ་ཡས་པའི་ཡོན་ཏན་དང་ལྡན་པའི་སངས་རྒྱས་ཀྱི་དབྱངས་ཡང་དག་པར་བསྒྲུབ་པ། ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་སྟོབས་བཅུའི་ རྒྱན་ཆགས་པ་མེད་པའི་སེམས་ཀྱིས་མཉམ་པར་འགྲུབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཀྱི་རྒྱན་མི་འཕྲོགས་པ་ཐམས་ཅད་དང་། ཐ་དད་པ་ཡང་དག་པར་ཤེས་པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་ པའི་མི་འཇིགས་པས་ཁྱུ་མཆོག་དང་སེང་གེའི་ང་རོ་མཉམ་པ་ཉིད་སྒྲོག་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཆོས་ཀྱི་འཁོར་ལོ་ཐོགས་པ་མེད་ཅིང་ཕྱིར་མི་ལྡོག་པ་རབ་ཏུ་བསྐོར་བས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ ཀྱི་ཆོས་ཐམས་ཅད་མངོན་པར་བསྒྲུབ་པ་ལ་འཇུག་པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བའི་ལས་ཐམས་ཅད་རྣམ་པར་དག་པས་དུས་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ ཐམས་ཅད་ཀྱི་བླ་ན་མེད་པའི་དེད་དཔོན་ཡོངས་སུ་གྲུབ་ཅིང་རྣམ་པར་དག་པས་མཉམ་པ་ཉིད་དུ་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་རྒྱན་གཅིག་དང་། རྒྱན་མཐའ་ཡས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་རྒྱན་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་ དང་། སེམས་ཅན་ཐམས་ཅད་ཀྱི་དུས་ཐམས་ཅད་མཉམ་པས་དུས་གསུམ་གྱི་དཀྱིལ་འཁོར་གྱི་རྗེས་སུ་འགྲོ་བའི་ཡིད་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འདོང་ཞིང་ཆོས་བསྟན་ པ་དོན་དུ་གཉེར་བའི་སྐྱེ་མཆེད་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ལ་ཕན་པའི་རིམ་གྲོ་རྟག་ཏུ་བྱེད་པར་ཤེས་པའི་རྗེས་སུ་འདོང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཆོས་ཐམས་ཅད་རྣམ་ པར་མཐོང་བའི་ཡེ་ཤེས་ཀྱིས་ཐམས་ཅད་མཐོང་བ་དང་ལྡན་པའི་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་མི་གཡོ་བའི་ལས་ཀྱི་ལམ་ཐམས་ཅད་ཀྱི་རྣམ་པར་སྨིན་པ་བསྒྲིབས་པ་མེད་པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་ བྱ་བ་དང་། སེམས་ཅན་ཐམས་ཅད་དབང་པོ་ཐམས་ཅད་ལ་འཇུག་པའི་དབང་པོའི་མངོན་པར་ཤེས་པ་སྣ་ཚོགས་ཀྱིས་འགྲོ་བ་ཐམས་ཅད་ཀྱི་དབང་པོ་ཤེས་པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་རྣམ་པར་དབྱེ་བ་མེད་པའི་ཡེ་ཤེས་ མཉམ་པ་ཉིད་ཀྱིས་མཉམ་པ་ཉིད་གཅིག་ཅིང་རྣམ་པར་དག་པ་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་མི་མཐུན་པ་མེད་ཅིང་མཐུན་པ་ཐམས་ཅད་མཉམ་པ་ཉིད་དུ་རྣམ་པར་ཕྱེ་བ་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ ཅན་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་དང་། ཆོ་འཕྲུལ་ཆེན་པོ་ཅན་གྱི་རྫུ་འཕྲུལ་ཁོང་དུ་ཆུད་པ་རབ་ཏུ་འཐོབ་པའི་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཡོན་ཏན་ཟད་མི་ཤེས་པ་དང་ཐམས་ ཅད་མཁྱེན་པའི་བསོད་ནམས་གཅིག་དུ་མཉམ་པ་ཉིད་རབ་ཏུ་ཐོབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་མཉམ་པ་ཉིད་ཁོང་དུ་ཆུད་པ་དང་མི་འབྲལ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡོངས་སུ་ཤེས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ སྦྱིན་པའི་གནས་གྱི་དམ་པར་གྱུར་ཏེ། དམ་པའི་ཆོས་མཐོང་བ་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་མཐུ་ཆེན་པོས་སྦྱིན་པ་རྣམ་པར་དག་ཅིང་སྙིང་རྗེ་ཆེན་པོ་མཉམ་པ་ཉིད་རབ་ཏུ་ཐོབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཟིལ་ གྱིས་མ་ནོན་ཅིང་བཟོད་པར་དཀའ་བའི་གཟི་བརྗིད་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཐུབ་པར་དཀའ་ཞིང་བལྟ་ན་དོན་ཡོད་པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ ཕམ་པ་མེད་པའི་སེམས་དང་། ཡིད་དང་བསམ་པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཆོས་འབྱམ་ཀླས་པ་ཐམས་ཅད་ལ་དོགས་པ་མེད་པར་ཞུགས་ཏེ་ཁོང་དུ་ཆུད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་དང་འོད་གཟེར་གཅིག་རབ་ཏུ་གཏོང་བ་མཉམ་པ་ཉིད་ལ་འཇུག་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཐོགས་པ་མེད་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བརྩོན་འགྲུས་བརྩམས་པ་མཐར་ ཕྱིན་པར་བྱ་བ་མཉམ་པ་ཉིད་ལ་ནན་ཏན་བྱེད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་གཅིག་པ་དང་། སྨོན་ལམ་འཐུན་པ་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་བརྗོད་པ་གཅིག་དང་། འབྱུང་བ་མཉམ་པ་ཉིད་ཡོངས་ སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལྷག་པའི་བསམ་པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་བཤེས་གཉེན་ཐམས་ཅད་མཐོང་ཞིང་མགུ་བར་ བྱ་བ་མཉམ་པ་ཉིད་རབ་ཏུ་ཐོབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། སེམས་ཅན་གདུལ་བ་རྒྱུན་མི་འཆད་པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཐོགས་ པ་མེད་པར་ཆོས་བསྟན་པ་དབྱངས་ཀྱི་ཡན་ལག་ཐམས་ཅད་དུ་གྲག་པ་མཉམ་པ་ཉིད་ལ་འཇུག་པ་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་ཤེས་པ་ཐམས་ཅད་སེམས་དང་ཤེས་པ་གཅིག་ཏུ་ཡོངས་སུ་བསྔོ་བའི་དགེ་ བའི་རྩ་བ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་རྣམ་པར་བྲལ་བ་མེད་པའི་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྩགས་པ་མཉམ་པ་ཉིད་ལ་སེམས་ཅན་ཐམས་ཅད་རབ་ཏུ་དགོད་པར་བྱ་བ་དང་ལྡན་པའི་ཡེ་ཤེས་ རྣམ་པར་དག་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་བསོད་ནམས་ཀྱི་ལྷུན་མཉམ་པ་ཉིད་རྣམ་པར་དག་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་རྨོངས་པ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ བསམས་ཤིང་ཡོངས་སུ་བསྔོ་བ་ཤིན་ཏུ་གྲུབ་པར་འགྱུར་བའི་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་འཚང་རྒྱ་བ་མཉམ་པ་ཉིད་ཡོངས་སུ་འགྲུབ་ཅིང་ཡོངས་སུ་རྫོགས་པར་བྱ་ བ་དང་། སེམས་ཅན་ཐམས་ཅད་ཀྱི་འབྱུང་བ་ཐམས་ཅད་མི་མཉམ་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཡེ་ཤེས་ཀྱི་འབྱུང་བ་ཐམས་ཅད་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་འཁོར་གཅིག་རྣམ་པར་ དག་པས་འཁོར་ཐམས་ཅད་རྣམ་པར་དག་པར་བྱེད་པའི་ཡེ་ཤེས་མཉམ་པ་ཉིད་ཀྱིས་བརྒྱན་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་སངས་རྒྱས་ཀྱི་ཞིང་གཅིག་དང་། མཉམ་པ་ཉིད་དུ་མཐོང་བ་དང་ ལྡན་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ལྷབ་ལྷུབ་ཐམས་ཅད་དང་། ལྷབ་ལྷུབ་བརྗོད་དུ་མེད་པ་དང་། ལྷབ་ལྷུབ་མཐའ་ཡས་པ་དང་། ལྷབ་ལྷུབ་མུ་མེད་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱན་གྱིས་རབ་ཏུ་བརྒྱན་པར་བྱ་བའི་ལྷབ་ ལྷུབ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཆོས་ཐམས་ཅད་རྣམ་པར་རྟོགས་ཤིང་མཁས་པ་དང་། དོན་རྣམ་པར་རྟོགས་པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ ཅད་ཀྱི་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་རྣམ་པའི་མཆོག་དམ་པ་རྣམ་པ་ཐམས་ཅད་དང་ལྡན་པ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་རྣམ་པ་ཐ་དད་པ་མེད་ཅིང་རྣམ་པ་ཐ་དད་པ་དང་བྲལ་ཞིང་ མངོན་པར་ཤེས་པ་དང་། བསོད་ནམས་དང་ཡོན་ཏན་མཉམ་པ་ཉིད་རབ་ཏུ་ཐོབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཆོས་མི་མཉམ་པ་མེད་པའི་དགེ་བའི་རྩ་བ་མཉམ་པ་དང་ལྡན་པའི་སངས་རྒྱས་ཐམས་ཅད་ ཀྱི་དབང་བསྐུར་བས་དབང་བསྐུར་བ་གཅིག་ཏུ་ལེགས་པར་དབང་བསྐུར་བ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཚུར་ཟིལ་གྱིས་གནོན་ཅིང་ཕར་ཟིལ་གྱིས་མི་ནོན་པའི་སེམས་ཅན་ཐམས་ཅད་ཀྱི་ཡེ་ཤེས་ དང་། ལུས་རྣམ་པར་དག་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་བརྩེ་བ་དང་ལྡན་པ། ཕན་པར་དགའ་བ། སྙིང་རྗེ་ཆེན་པོ་ཅན་སེམས་ཅན་ཐམས་ཅད་རྣམ་པར་དག་ པར་བྱ་བ་ལ་ཡང་དག་པར་ཞུགས་པ། ཕྲག་དོག་མེད་པ་སེར་སྣ་མེད་པ། རིགས་པ་དང་ལྡན་པ། རབ་ཏུ་དགེ་བ་ཆེ་བ་ཉིད་དང་ལྡན་པ། ཡངས་པ་ལ་མོས་པ། འཁྲུག་པ་མེད་པ། ཁྲོ་བ་མེད་པ། རྙོག་པ་མེད་པ། རབ་རིབ་མེད་པ། ཁམས་དང་ བསམ་པ་ཤིན་ཏུ་གསལ་བའི་ཡིད་དང་ལྡན་པ། དྲང་པོ་དྲང་བ་གཡོ་མེད་པ། རྨོངས་པ་མེད་པ། མཆོག་ཏུ་བྱ་བ་མི་ཕྱེད་པ། འདའ་བ་མེད་པར་སྤྱོད་པ། ཕྱིར་མི་ལྡོག་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། ཆོས་དཀར་པོའི་ སྟོབས་ཀྱི་ཤུགས་དང་ལྡན་པ། མདུད་པ་མེད་པ། ཉམས་པ་མེད་པ། ཆོས་དཀར་པོ་ཐམས་ཅད་ཡོངས་སུ་བསྔོ་བ་ལ་མཁས་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་ལ་ཡང་དག་པར་བརྩོན་པ་ལས་ངན་ པ་ཐམས་ཅད་འགགས་པ། དཀའ་ཐུབ་དང་བརྟུལ་ཞུགས་ཆེན་པོའི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བ་ལ་མཁས་པ། བརྟུལ་ཞུགས་དང་། དཀའ་ཐུབ་གྱིས་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཤིན་ ཏུ་སྦྱོང་བ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་རང་གི་ལུས་ཀྱིས་ལེན་པ། ཡེ་ཤེས་ཆེན་པོའི་མིག་གིས་ཡང་དག་པར་ལྟ་བའི་དགེ་བའི་རྩ་བ་དང་ལྡན་པ་ཡེ་ཤེས་ཀྱི་འབྱུང་གནས་དགེ་བའི་རྩ་བ་རབ་ཏུ་ཉན་པ། སེམས་ཅན་ཐམས་ཅད་ལ་ དགེ་བའི་རྩ་བ་ཡོངས་སུ་བསྔོ་བ། སེམས་ཅན་ཐམས་ཅད་ཡོན་ཏན་རྣམ་པར་དག་པ་ལ་རབ་ཏུ་དག་ཕྱིར་དགེ་བའི་རྩ་བ་མཉམ་པར་ཡོངས་སུ་བསྔོ་བ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་དགེ་བའི་རྩ་བ་ཡོངས་སུ་བསྡུ་བ་ལ་མཁས་པ། དོན་གྱི་རྗེས་ སུ་སོང་བའི་ཁམས་ཀྱི་ཡོན་ཏན་མངོན་པར་ཤེས་པ་སེམས་ཅན་ཐམས་ཅད་དང་མཉམ་དུ་དགེ་བའི་རྩ་བ་རྣམ་པར་བྱང་བ་ཡོངས་སུ་བསྔོ་བ། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་གི་རྣམ་པ་ལ་ཆོས་དཀར་པོའི་ས་བོན་ལྟ་བུར་གྱུར་པ། དགེ་ བའི་རྩ་བ་ཐམས་ཅད་འགྱོད་པ་མེད་པར་ཡོངས་སུ་བསྔོ་བ་དང་ལྡན་པ། སེམས་ཅན་ཀྱི་ཁམས་ཐམས་ཅད་ཐམས་ཅད་མཁྱེན་པའི་སྐལ་བ་ཡོངས་སུ་བསྔོ་བས་ཡོངས་སུ་འཛིན་པ་དགེ་བའི་རྩ་བ་ཐམས་ཅད་ཀྱི་སྐལ་བ་དང་། ཆོས་ཀྱིས་ཆར་འབེབས་ པས་དབྱར་གྱི་དུས་སུ་གྱུར་པ། ཡོངས་སུ་བསྔོ་བའི་རིགས་དང་ལྡན་པ་དེ་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཤིན་ཏུ་བདེ་ཞིང་སྐྱིད་པ་དང་ལྡན་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ ཅད་རྣམ་པར་དག་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཤིན་ཏུ་བདེ་བར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཤིན་ཏུ་གྲོལ་བར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་འགྱུར་བ་དང་། ཅི་ ནས་ཀྱང་སེམས་ཅན་ཐམས་ཅད་ཤིན་ཏུ་ཤེས་པ་དང་ལྡན་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཆོས་དཀར་པོ་ལ་ཤིན་ཏུ་བཀོད་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཉམས་པ་མེད་པའི་མིག་དང་ལྡན་པར་ འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཤིན་ཏུ་དུལ་བའི་ཡིད་དང་ལྡན་པར་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་སྟོབས་བཅུའི་འདུལ་བ་དང་ལྡན་པར་འགྱུར་བར་ཡོངས་སུ་བསྔོ་སྟེ། དེ་ལྟར་ ཡོངས་སུ་བསྔོ་བ་ཡང་ལས་ཀྱི་གནས་སུ་ཡོངས་སུ་མི་བསྔོའོ། །རྣམ་པར་སྨིན་པའི་གནས་སུ་མ་ཡིན་ནོ། །ལུས་ཀྱི་གནས་སུ་མ་ཡིན་ནོ། །དངོས་པོའི་གནས་སུ་མ་ཡིན་ནོ། །ཞིང་གི་གནས་སུ་མ་ཡིན་ནོ། །ཕྱོགས་ཀྱི་གནས་སུ་མ་ཡིན་ནོ། །སེམས་ཅན་ ཐམས་ཅད་གྱི་གནས་སུ་ཡོངས་སུ་མི་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་གནས་ལས་གུད་དུ་འཕགས་པར་ཡང་ཡོངས་སུ་མི་བསྔོའོ། །མངོན་པར་ཞེན་པ་ཐམས་ཅད་ལས་གུད་དུ་འཕགས་པར་ཡང་ཡོངས་སུ་མི་བསྔོ་སྟེ། མངོན་པར་ཞེན་པའི་ཆོས་ཡོངས་ སུ་ཤེས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་ལྟར་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་ཞིང་སྟོབས་པ་འཇིག་རྟེན་ཐམས་ཅད་ངེས་པར་བྱེད་པ། སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ། བསམ་པ་མཉམ་པས་སེམས་ ལས་སུ་རུང་བར་བྱས་པ། ཤིན་ཏུ་དག་པ། ཤིན་ཏུ་བརྟགས་པ། ཤེས་རབ་དང་། ཡེ་ཤེས་དང་ལྡན་པ། ནང་མཉམ་པར་གཞག་པ་དང་ལྡན་པ། ཕྱི་རོལ་གྱི་དམིགས་པ་ཤིན་ཏུ་རྟོགས་པ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་ བའི་མཐར་ཕྱིན་པ། སངས་རྒྱས་ཀྱི་རིགས་ཤིན་ཏུ་གསལ་བ་དང་ལྡན་པ་དེ། ཡོངས་སུ་བསྔོ་བ་དེས་དེ་ལྟར་ཡོངས་སུ་བསྔོ་བའི་ཚེ། ཚུར་ཟིལ་གྱིས་གནོན་ལ་ཕས་ཟིལ་གྱིས་མི་གནོན་པ་ཡིན། ཡོན་ཏན་མི་ཟད་པ་ཡིན། འགྲོ་བ་ཐམས་ཅད་ དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་ལ་བརྩོན་པ་ཡིན། ཞིང་ཐམས་ཅད་ན་བཞུགས་པའི་སངས་རྒྱས་ཀྱང་ཚེགས་ཆུང་ངུས་མིག་ལམ་དུ་སྣང་བར་མཐོང་བ་ཡིན། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་བྱང་ཆུབ་སེམས་ པས་སྤྱད་པ་སྤྱོད་པར་སྣང་བ་ཡིན་ཏེ། ཚིག་རབ་ཏུ་ཕྱེ་བ་ཐམས་ཅད་ལ་མཁས་པ་དང་ལྡན་པའི་གཟུངས་ཀྱང་རབ་ཏུ་ཐོབ་ཅིང་ཁོང་དུ་ཆུད་དོ། །ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་རྒྱུན་ཆད་པ་མེད་པའི་ཆོས་བསྟན་པའི་དཀྱིལ་འཁོར་གྱིས་སེམས་ ཅན་ཐམས་ཅད་དགའ་བར་བྱ་བ་ཡོངས་སུ་རྫོགས་པར་བྱེད་པས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ཡོངས་སུ་སྦྱང་བའི་དོན་དུ་སེམས་ཀྱི་སྐད་ཅིག་རེ་རེ་ལ་མིག་ཡོར་སྣང་བའི་ཚུལ་དུ་སྐྱེ་བ་ཡིན། འཇིག་རྟེན་གྱི་ཁམས་ཐམས་ ཅད་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཡོངས་སུ་རྫོགས་པར་བྱེད་ཀྱང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་རྣམ་པར་དཔྱོད་པའི་ཡེ་ཤེས་ཀྱིས་ངོམས་མི་ཤེས་པ་ཡིན། སེམས་ ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་མཉམ་པ་ཉིད་གང་ལ་བདག་ཉིད་གནས་པ་དེ་ལ་ཡོངས་སུ་རྫོགས་པར་བྱེད་པ་ཡིན། ཡོངས་སུ་སྒྲུབ་པ་ཡིན། ཡོངས་སུ་སྦྱོང་བ་ཡིན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་རབ་ཏུ་བརྩོན་ པར་བྱེད་ཅིང་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན། ལས་ཇི་ལྟར་རྣམ་པར་དག་པའི་ཚུལ་བཞིན་དུ་འང་ཡང་དག་པར་འབྱུང་བ་ཡིན། ཐོགས་པ་མེད་པའི་རྣ་བ་མངོན་པར་བསྒྲུབ་པ་ཡང་རབ་ཏུ་འཐོབ་པ་ཡིན། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ ཡང་བརྗོད་དུ་མེད་པར་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། ཆོས་མཐའ་ཡས་པ་བསྟན་ཅིང་། བརྗོད་པ་ཐོས་ནས་དེ་དག་ཐམས་ཅད་འཛིན་པ་ཡིན་ཏེ། ཆོས་བསྟན་པ་དེ་ལ་རིང་བའི་འདུ་ཤེས་ཉེ་བར་མི་གཞོག་གོ །སེམས་སྐད་ཅིག་གིས་བྱུང་བ། དངོས་པོ་ མེད་པ་ལ་རབ་ཏུ་གནས་པ་རྟེན་པ་མེད་ཅིང་། མངོན་པར་འདུ་བྱ་བ་མེད་པ་དང་། གནས་པ་མེད་པའི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ལ་གནས་ཤིང་། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པར་འགྲོ་བ་དང་། སངས་རྒྱས་ཀྱི་ཞིང་མང་པོ་རྣམ་པར་ཕྱེ་བ་ཐམས་ ཅད་དུ་འགྲོ་བར་བྱ་བ་ལ་སེ་གོལ་གཏོགས་པ་ཙམ་ཡང་དུས་གང་དུ་འང་ཐོགས་པ་མེད་པ་ཡིན། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཡང་སྐལ་བ་མཉམ་པའི་བྱང་ཆུབ་སེམས་དཔའ་མཐོང་བ་དང་ལྡན་པ་ཡིན་ཏེ། ཡོན་ཏན་འདི་དག་དང་། གཞན་དག་ཀྱང་རྣམ་པར་དག་ཅིང་མཐའ་དང་དབུས་མེད་པའི་དཀྱིལ་འཁོར་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་འཐུན་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དང་ཟད་མི་ཤེས་པའི་ཡོན་ཏན་དང་ལེགས་པ་འཐོབ་པར་འགྱུར་ན་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་ཚེ། འདི་ལྟ་སྟེ། ཞིང་ཐམས་ཅད་རྣམ་པར་དག་པ་མཉམ་པ་ཉིད་དང་། སེམས་ཅན་ཐམས་ཅད་རྣམ་པར་དག་པ་མཉམ་པ་ཉིད་དང་། ལུས་ཐམས་ཅད་རྣམ་པར་དག་པ་མཉམ་པ་ཉིད་དང་། དབང་པོ་ཐམས་ཅད་རྣམ་པར་དག་པ་མཉམ་པ་ཉིད་དང་། ལས་ཀྱི་རྣམ་པར་སྨིན་པ་ཐམས་ཅད་རྣམ་པར་དག་པ་མཉམ་པ་ཉིད་དང་། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་དག་པ་མཉམ་པ་ཉིད་དང་། སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བ་ ཐམས་ཅད་རྣམ་པར་དག་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་ཀྱི་ཚུལ་ལ་འཇུག་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་རྣམ་པར་དག་པ་མཉམ་པ་ཉིད་དང་། སངས་རྒྱས་ཐམས་ཅད་ཀྱི་ཡུལ་གྱི་རྣམ་པར་འཕྲུལ་པ་ཡང་དག་པར་བསྟན་པ་རྣམ་པར་དག་པ་མཉམ་པ་ཉིད་འཐོབ་པ་ལྟ་ཅི་སྨོས།། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །བམ་པོ་དགུ་པ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བསྔོ་བ་འདིས་ཡོངས་སུ་བསྔོ་བའི་ཚེ། ཡོན་ཏན་གྱི་རྒྱུད་ཀྱིས་ཚུལ་རྣམ་པར་དག་པར་བྱ་བ་དང་། ཡོན་ཏན་ཐམས་ཅད་རབ་ཏུ་བརྒྱན་པར་བྱ་བ་ཡོངས་སུ་རྫོགས་པར་རབ་ཏུ་ འཐོབ་སྟེ། དེ་དེ་ལྟར་ཡོངས་སུ་བསྔོ་བ་འདིས་ཡོངས་སུ་བསྔོ་བའི་ཚེ། སེམས་ཅན་རྣམས་ཞིང་དང་འགལ་བར་མི་བྱེད་དོ། །ཞིང་རྣམས་སེམས་ཅན་དང་འགལ་བར་མི་བྱེད་དོ། །ཞིང་རྣམས་སེམས་ཅན་གྱི་ལས་དང་འགལ་བར་མི་བྱེད་དོ། ། སེམས་ཅན་གྱི་ལས་རྣམས་ཞིང་དང་འགལ་བར་མི་བྱེད་དོ། །བསམ་པ་སེམས་དང་འགལ་བར་མི་བྱེད་དོ། །སེམས་བསམ་པ་དང་འགལ་བར་མི་བྱེད་དོ། །བསམ་པ་དང་སེམས་དམིགས་པ་དང་འགལ་བར་མི་བྱེད་དོ། །དམིགས་པ་བསམ་ པ་དང་སེམས་དང་འགལ་བར་མི་བྱེད་དོ། །ལས་ཀྱི་རྣམ་པར་སྨིན་པ་རྟེན་པ་དང་འགལ་བར་མི་བྱེད་དོ། །རྟེན་པ་ལས་ཀྱི་རྣམ་པར་སྨིན་པ་དང་འགལ་བར་མི་བྱེད་དོ། །ལས་བྱ་བ་ལམ་དང་འགལ་བར་མི་བྱེད་དོ། །ལམ་ལས་བྱ་བ་དང་འགལ་ བར་མི་བྱེད་དོ། །ཆོས་ཉིད་མཚན་ཉིད་དང་འགལ་བར་མི་བྱེད་དོ། །མཚན་ཉིད་ཆོས་ཉིད་དང་འགལ་བར་མི་བྱེད་དོ། །ཆོས་རྣམས་སྐྱེ་བའི་རང་བཞིན་དང་འགལ་བར་མི་བྱེད་དོ། །སྐྱེ་བའི་རང་བཞིན་ཆོས་རྣམས་དང་འགལ་བར་མི་བྱེད་དོ། ། ཞིང་གི་མཉམ་པ་ཉིད་སེམས་ཅན་གྱི་མཉམ་པ་ཉིད་དང་འགལ་བར་མི་བྱེད་དོ། །སེམས་ཅན་གྱི་མཉམ་པ་ཉིད་ཞིང་གི་མཉམ་པ་ཉིད་དང་འགལ་བར་མི་བྱེད་དོ། །སེམས་ཅན་གྱི་མཉམ་པ་ཉིད་ཆོས་ཀྱི་མཉམ་པ་ཉིད་དང་འགལ་བར་མི་བྱེད་དོ། ། ཆོས་ཐམས་ཅད་མཉམ་པ་ཉིད། སེམས་ཅན་ཐམས་ཅད་མཉམ་པ་ཉིད་དང་འགལ་བར་མི་བྱེད་དོ། །སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཆོས་ཐམས་ཅད་མཉམ་པ་ཉིད་དང་འགལ་བར་མི་བྱེད་དོ། །འདོད་ཆགས་དང་བྲལ་བའི་མཐའ་ མཉམ་པ་ཉིད་སེམས་ཅན་ཐམས་ཅད་ཀྱི་གནས་མཉམ་པ་ཉིད་དང་འགལ་བར་མི་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་གནས་མཉམ་པ་ཉིད་འདོད་ཆགས་དང་བྲལ་བའི་མཐའི་མཉམ་པ་ཉིད་དང་འགལ་བར་མི་བྱེད་དོ། །འདས་པ་མ་འོངས་ པ་དང་འགལ་བར་མི་བྱེད་དོ། །མ་འོངས་པ་འདས་པ་དང་འགལ་བར་མི་བྱེད་དོ། །མ་འོངས་པ་དང་འདས་པ་ད་ལྟར་བྱུང་བ་དང་འགལ་བར་མི་བྱེད་དོ། །ད་ལྟར་བྱུང་བ་མ་འོངས་པ་དང་འདས་པ་དང་འགལ་བར་མི་བྱེད་ དོ། །དུས་མཉམ་པ་ཉིད་སངས་རྒྱས་མཉམ་པ་ཉིད་དང་འགལ་བར་མི་བྱེད་དོ། །སངས་རྒྱས་མཉམ་པ་ཉིད་དུས་མཉམ་པ་ཉིད་དང་འགལ་བར་མི་བྱེད་དོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་མཁྱེན་པ་ཉིད་དང་འགལ་བར་མི་བྱེད་དོ། ཐམས་ཅད་མཁྱེན་པ་ཉིད་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་འགལ་བར་མི་བྱེད་དོ། །དེ་དེ་ལྟར་ཡོངས་སུ་བསྔོ་བའི་ཚེ། ལས་མཉམ་པ་ཉིད་དང་ལྡན་པ་ཡིན། རྣམ་པར་སྨིན་པ་མཉམ་པ་ཉིད་དང་ལྡན་པ་ཡིན། ལུས་མཉམ་པ་ཉིད་དང་ལྡན་ པ་ཡིན། ཚུལ་མཉམ་པ་ཉིད་དང་ལྡན་པ་ཡིན། སྨོན་ལམ་མཉམ་པ་ཉིད་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད་མཉམ་པ་ཉིད་དང་ལྡན་པ་ཡིན། ཞིང་ཐམས་ཅད་མཉམ་པ་ཉིད་དང་ལྡན་པ་ཡིན། སྤྱོད་པ་ཐམས་ཅད་མཉམ་པ་ཉིད་དང་ལྡན་ པ་ཡིན། ཡེ་ཤེས་ཐམས་ཅད་མཉམ་པ་ཉིད་དང་ལྡན་པ་ཡིན། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་དང་ལྡན་པ་ཡིན། སངས་རྒྱས་ཐམས་ཅད་མངོན་པར་མཉེས་པར་བྱེད་པ་ཡིན། བྱང་ ཆུབ་སེམས་དཔའ་ཐམས་ཅད་མངོན་པར་དགའ་བར་བྱེད་པ་ཡིན། དགེ་བའི་རྩ་བ་ཐམས་ཅད་མངོན་པར་འགྲུབ་པར་བྱེད་པ་ཡིན། སྨོན་ལམ་ཐམས་ཅད་མངོན་པར་འགྲུབ་པར་བྱེད་པ་ཡིན། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་མངོན་པར་འགྲུབ་པར་ བྱེད་པ་ཡིན། ལས་ཐམས་ཅད་རབ་ཏུ་རྟོགས་པ་མངོན་པར་འགྲུབ་པར་བྱེད་པ་ཡིན། དགེ་བའི་བཤེས་གཉེན་མཐོང་ཞིང་བསྙེན་བཀུར་བྱེད་པ་མངོན་པར་འགྲུབ་པར་བྱེད་པ་ཡིན། རྣམ་པར་དག་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་ལྡན་པ་མངོན་ པར་འགྲུབ་པར་བྱེད་པ་ཡིན། ཆོས་ཐམས་ཅད་ཀྱི་ཚུལ་ལ་འཇུག་པ་མངོན་པར་འགྲུབ་པར་བྱེད་པ་ཡིན། ཆོས་དཀར་པོ་ཐམས་ཅད་ཡོངས་སུ་བསྔོ་བ་རྣམ་པར་དག་པའི་དཀྱིལ་འཁོར་མངོན་པར་འགྲུབ་པར་བྱེད་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་ དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་འགྲོ་བ་ཐམས་ཅད་མཉམ་པ་ཉིད་དུ་རྗེས་སུ་སོང་བ་ཞེས་བྱ་སྟེ་བདུན་པའོ། །ཡོངས་སུ་བསྔོ་བ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་པ་ ཐམས་ཅད་ཀྱི་ཚེར་མ་དང་བྲལ་ཞིང་ཕྱིར་རྒོལ་བ་རབ་ཏུ་བཅོམ་པ་ཡིན། རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པས་ལྟོད་པ་མེད་པར་ཤིན་ཏུ་བྱུང་བ་ཡིན། ཡོན་ཏན་གྱི་རྒྱལ་སྲིད་དང་དབང་རབ་ཏུ་ཐོབ་པས་བསོད་ནམས་ཀྱིས་སྐྱོབ་པའི་མཐུ་ཆེན་པོ་དང་ལྡན་ པ་ཡིན། ཞིང་ཐམས་ཅད་དུ་འགྲོ་བ་ལ་ཞུགས་པས། ཆགས་པ་མེད་པར་སྤྱོད་པ་ཡིན། ལུས་ཐམས་ཅད་དང་ལྡན་པས་ཤིན་ཏུ་རྣམ་པར་ཕྱེ་བ་ཡིན། སྤྱོད་པ་དང་། སྨོན་ལམ་ཐམས་ཅད་ཀྱིས་རྣམ་པར་འཕྲུལ་བའི་ཡེ་ཤེས་དང་ལྡན་པས་ སྤྱོད་པ་ཆེན་པོས་བྱུང་བ་ཡིན། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྣ་བའི་ཤེས་པ་ཐོགས་པ་མེད་པར་ཞུགས་པས་ཆོས་ཐམས་ཅད་ཡོངས་སུ་ཤེས་པ་དང་ལྡན་པ་ཡིན། ཤེས་རབ་ཀྱི་མིག་ཤིན་ཏུ་དག་པའི་བློ་རབ་ཏུ་ཐོབ་པས། སངས་རྒྱས་ཐམས་ཅད་ མཐོང་བ་དང་ལྡན་པ་ཡིན། དགེ་བའི་རྩ་བ་བརྩམས་པ་ཐམས་ཅད་མཐར་ཕྱིན་པར་བྱ་བ་ལ་རྒྱུན་མི་འཆད་པ་ཡིན་ཏེ། ཆོས་འཐོབ་པར་བྱ་བ་ཐམས་ཅད་ཐོབ་པས་རློམ་སེམས་མེད་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྡོ་རྗེའི་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དེ་དག་བསོད་ནམས་རླབས་ཆེན་བྱེད་པ་དང་། །རྒྱ་ཆེ་ཟབ་མོ་ཕྲ་དང་རགས་བྱེད་ཅིང་། །སྣ་ ཚོགས་ཆུང་ངུའི་རྣམ་པ་བྱེད་ཀྱང་རུང་། །ཐམས་ཅད་མཐའ་ཡས་རྣམ་པར་ཡོངས་སུ་བསྔོ། །དེ་དག་དངོས་པོ་ཇི་སྙེད་གང་ཡོད་པ། །རྒྱ་ཆེ་ཡངས་པ་གང་དང་གང་ཡང་རུང་། །གླང་པོའི་ཤིང་རྟ་རྟ་ཡི་ཤིང་རྟ་དང་། །གོས་ དང་དབྱིག་དང་གསེར་དང་དངུལ་དག་གིས། །ཕྱོགས་དང་ཞིང་རྣམས་མཐའ་ཡས་ཀུན་བཀང་ཞིང་། །དེ་དག་མགོ་དང་མིག་དང་ལག་པ་དང་། །ཤ་དང་རྐང་དང་དེ་བཞིན་རྐང་པ་དང་། །རང་གི་ལུས་ཀྱིས་ཀུན་བཀང་སྦྱིན་པར་བསྔོ། །དེ་དག་དེ་ལྟར་ཡོངས་སུ་ བསྔོ་བྱས་ནས། །སེམས་ཅན་ཕན་ཕྱིར་ཡོངས་སུ་དགྲོལ་སེམས་ཀྱིས། །མཐའ་དང་དབུས་མེད་བསྐལ་པར་སྤྱོད་པ་བྱེད། །འགྲོ་བ་ཀུན་ནས་དེ་དག་སེམས་མི་ལྡོག །དེ་དག་འགྲོ་བ་ཀུན་ལ་ཕན་པའི་ཕྱིར། །ལེགས་པར་བྱས་པའི་ལས་ཀྱིས་སྲིད་ གསུམ་གྱི། །འགྲོ་བ་མ་ལུས་ཐམས་ཅད་ཅི་ནས་ཀྱང་། །བདེ་བར་འགྱུར་ཞིང་བྱང་ཆུབ་ཐོབ་པར་བསྔོ། །དེ་དག་མཉམ་ཞིང་མཚུངས་པར་ཡོངས་སུ་བསྔོ། །ལས་རྣམས་དག་པ་ཇི་ལྟར་ཡོངས་བསྒྲུབས་པ། །དེ་དག་འགྲོ་བ་ཀུན་དང་མཉམ་པར་བསྔོ། ། དེ་དག་སྨོན་ལམ་འཆིང་བར་འགྱུར་བ་མེད། །འགྲོ་བ་ཀུན་ཏུ་ཅི་ལ་འང་ཐོགས་མེད་པར། །ཐམས་ཅད་རྗེས་སུ་སྨོན་ལམ་དེ་དག་འགྲོ། །དེ་དག་འགྲོ་ལ་ཕན་ཕྱིར་སྔོ་བྱེད་ཀྱང་། །མཁས་པ་རྣམས་ལ་སྤྲོས་པ་གང་ཡང་མེད། །འགྲོ་བ་ཀུན་ལ་དེ་དག་གཉིས་ འགྱུར་ཅིང་། །སྦྱིན་པས་འཕགས་ཏེ་ཚུལ་ཁྲིམས་རྣམ་དག་ལ། །བརྩོན་འགྲུས་སྟོབས་ཀྱིས་སེམས་ལ་བཅིངས་མེད་པ། །དེ་དག་སྨོན་ལམ་ཕྱིར་ལྡོག་མེད་པ་ཡིན། །དེ་དག་བསྔོ་བའི་ཕ་རོལ་ཕྱིན་པ་དག །ཆོས་ཀྱི་རྒྱུད་ལ་བློ་གྲོས་གཉིས་མཉམ་ པ། །དེ་དག་དོན་དེས་ཕ་རོལ་ཕྱིན་པའི་ཕྱིར། །རྐང་གཉིས་དབང་པོའི་དྲུང་དུ་ཡེ་ཤེས་རྐང་པས་འདོང་། །དེ་དག་ཆོས་ཀྱི་རྔ་ཡི་མཐར་ཕྱིན་པས། །རྟག་ཏུ་ཡེ་ཤེས་རྣམ་པའི་སྙིང་པོ་འཆང་། །ཚུལ་བཞིན་ཆོས་ལ་ཆགས་པ་མེད་པར་ཞུགས། དེ་བས་དེ་དག་ཡིད་ལ་ཆགས་པ་མེད། །ཆོས་ལ་གཉིས་སུ་བྱེད་པ་མེད་པ་སྟེ། །གཉིས་སུ་མེད་པར་ཆོས་ལ་མི་བྱེད་དོ། །གཉིས་མེད་གཉིས་ལས་ཡོངས་སུ་གྲོལ་བས་ན། །འགྲོ་བ་ཀུན་གྱི་ཚིག་ལམ་ཐམས་ཅད་ཤེས། །དེ་དག་འཇིག་རྟེན་ མཉམ་ཉིད་ཁོང་དུ་ཆུད། །སེམས་དང་སྒྲ་དང་ལས་རྣམས་ཐམས་ཅད་ཀྱང་། །སྤྲུལ་པ་ལྟ་བུར་འགྲོ་བ་ཀུན་ཤེས་ཏེ། །ཀུན་ཀྱང་ལས་ཀྱི་རྣམ་སྨིན་ཚུལ་དུ་འཇུག །འཇིག་རྟེན་ཇི་སྙེད་ཡོད་པ་ལས་རྣམས་ཀྱི། །བྱིན་གྱིས་བརླབས་ཡིན་ཕྱོགས་ རྣམས་སྒྲ་ཀུན་ཀྱང་། །ལས་ཀྱི་རྣམ་པར་སྨིན་པ་འཇིག་རྟེན་འདི་ཤེས་ན། །ལས་རྣམས་ཐམས་ཅད་མ་ལུས་འགག་པར་འགྱུར། །དེ་དག་འགྲོ་བ་ཀུན་དང་མཉམ་ཉིད་དུ། །ལུས་དང་ངག་དང་སེམས་རྣམས་མཉམ་ཉིད་ཀྱིས། །འགྲོ་བ་ཀུན་དང་མཉམ་པ་ ཉིད་ཕྱིར་བསྔོ། །མཉམ་པ་ཉིད་ཀྱི་གཞུང་ཚུལ་འདི་འདྲའོ། །ཡོངས་སུ་སྤྱོད་པས་འགྲོ་བ་ཐམས་ཅད་ཀྱི། །གཟུགས་རྣམས་སྦྱངས་ཤིང་དེ་ཡི་ལས་བསྔོ་བ། །སྐྱེས་བུ་འདུལ་བའི་བསོད་ནམས་ཅི་འདྲ་བ། །དེ་འདྲར་འགྲོ་ཀུན་བསོད་ ནམས་གཏེར་དུ་བསྔོ། །དེ་དག་འགྲོ་བ་ཐམས་ཅད་ཟིལ་གནོན་ཅིང་། །བརྩོན་འགྲུས་ལུས་དང་ལྡན་པར་གྱུར་པའི་རྣམས། །སྐྱེ་དགུ་ཀུན་ལ་ཕན་པར་བྱ་སེམས་ཀྱིས། །བསོད་ནམས་རྒྱ་མཚོ་ཡོངས་སུ་བསྔོ་བར་བྱེད། །བདག་གིས་བསོད་ ནམས་བསྒྲུབས་པ་གང་ཡོད་པ། །དེ་ཡིས་འགྲོ་ཀུན་རྟག་ཏུ་རྣམ་དག་གྱུར། །རྒྱལ་བ་དེ་དག་ཇི་ལྟར་རྣམ་དག་པ། །དེ་ལྟར་འཇིག་རྟེན་རྣམ་དག་ལྡན་གྱུར་ཅིག །མཁས་ཤིང་དོན་གྱི་ཚུལ་ལ་ཤེས་གྱུར་ནས། །ཡེ་ཤེས་མཁྱེན་ལྡན་ཆོས་རབ་ བསྔགས་གྱུར་ཅིག །འགྲོ་ཀུན་སངས་རྒྱས་ཇི་བཞིན་གྱུར་ཅིག་ཅེས། །དགེ་བ་དེ་དག་མཉམ་པ་ཉིད་དུ་བསྔོ། །དེ་དག་ཆོས་རྣམས་གསོག་ཏུ་འཇལ་བྱེད་དེ། །འགྲོ་བ་ཐམས་ཅད་སྟོང་པར་རྣམ་རིག་ནས། །བྱེད་པ་མེད་ཅིང་བྱེད་པོ་གང་ཡང་མེད། ། འགྲོ་བ་རྣམས་ཀྱི་ལས་ཀྱང་ཆུད་མི་ཟ། །ཆོས་རྣམས་ཞི་ཞིང་འཇིག་རྟེན་མ་ཞི་བར། །རྟོག་མེད་སེམས་ཀྱིས་དེ་ལྟར་འཇལ་བྱེད་ཅིང་། །འཇིག་རྟེན་དེ་དག་རྣམ་པར་རྟོག་ཤེས་ཀྱང་། །རྣམ་པར་རྟོག་ཅིང་ཡོངས་སུ་བསྔོ་ མི་བྱེད། །བདེ་གཤེགས་སྐུར་བགྲང་ལུས་དང་ལྡན་པ་རྣམས། །རྒྱལ་བ་རྣམས་ཀྱི་ཆོས་ལས་སྐྱེས་པའི་སྲས། །དེ་དག་འཇིག་རྟེན་འདི་ལ་ཐེ་ཙོམ་མེད། །རྒྱལ་སྲས་དེ་དག་དེ་ལྟར་ཡོངས་སུ་བསྔོ། །འགྲོ་བ་ཐམས་ཅད་མཉམ་པ་ཉིད་དུ་རྗེས་སུ་སོང་ བ་ཞེས་བྱ་སྟེ། ཡོངས་སུ་བསྔོ་བ་བདུན་པའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་རང་བཞིན་ཞེས་བྱ་བ་བརྒྱད་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །དེ་ ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དཀར་པོ་སྤྱོད་པ་ལ་རབ་ཏུ་བརྩོན་པའི་སེམས་དང་ལྡན་པ་སྙིང་རྗེ་ཆེན་པོ་ཤིན་ཏུ་གསལ་བར་བྱ་བ་ལ་རབ་ཏུ་ཞུགས་པ། ལྷག་པའི་བསམ་པ་ཆེན་པོ་རིན་པོ་ཆེ་རབ་ཏུ་ཐོབ་པ། སངས་རྒྱས་ཐམས་ཅད་ཡིད་ལ་བྱ་བ་ ལ་བརྩོན་པ། ཆོས་དཀར་པོ་ཐམས་ཅད་ཡོངས་སུ་བསྔོ་བ་རྒྱུན་མི་འཆད་པའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་ལམ་གྱི་བསམ་པས་དགེ་བའི་རྩ་བ་དམ་པ་བཟང་པོ་མངོན་པར་སྒྲུབ་པ་ལ་མཁས་པ། །ཡོན་ཏན་དང་ཡེ་ཤེས་ལ་རབ་ཏུ་ བརྩོན་པའི་ཡིད་ལ་བྱེད་པ་ཅན། ཁ་ལོ་སྒྱུར་བ་དགེ་བའི་རྩ་བ་ཐམས་ཅད་ཡེ་ཤེས་ཀྱིས་ཡོངས་སུ་བསྔོ་བའི་ཚུལ་ལ་མཁས་པ། དགེ་བའི་རྩ་བ་ཐམས་ཅད་ལ་ཡང་དག་པར་སེམས་པའི་མིག་དང་ལྡན་པ། ཡེ་ཤེས་དང་མངོན་པར་ཤེས་པ་ཤིན་ཏུ་རྒྱ་ཆེ་བ་ དང་ལྡན་པ། དྲན་པ་ཤེས་བཞིན་ཅན་བརྟན་ཞིང་མི་གཡོ་བའི་སེམས་དང་ལྡན་པ། རྨོངས་པ་མེད་པ་དྲན་པ་ཉེ་བར་གཞག་པ་ཁོང་ནས་སྙིང་བརྩེ་བ་དང་ལྡན་པ། ལས་ལ་ཐུབ་པ་མེད་པ་ཡེ་ཤེས་ལ་དམིགས་པ་ཐམས་ཅད་ལས་ཕྱིར་མི་ལྡོག་པ། ཐེག་པ་ཆེན་པོའི་སེམས་ཀྱིས་དཔའ་བ། འགྲོ་བ་ཐམས་ཅད་བདེ་བར་བྱ་བའི་དགེ་བའི་རྩ་བ་རབ་ཏུ་ཐོབ་པ། དགེ་བའི་རྩ་བ་སྐྱོན་མེད་པ་ཡང་དག་པར་སྩོགས་ཤིང་དགེ་བའི་རྩ་བ་རྣམ་པ་ཐ་དད་པ་མཐའ་ཡས་པ་ཉེ་བར་སྒྲུབ་པ་དང་། དམིགས་པར་བྱེད་པ་དང་། ཡོངས་སུ་རྫོགས་པར་བྱེད་པ་དང་། ཡོངས་སུ་དག་པར་བྱེད་པ་དང་། ནན་ཏན་དུ་བྱེད་པ་དང་། མངོན་པར་བརྩོན་པར་བྱེད་པ་དང་། ཡོངས་སུ་སྤྱོད་ཅིང་སེམས་པ་དང་། ཡང་དག་པར་སྦྱོར་བ་དང་། རབ་ཏུ་སྟོན་པའི་ཚེ་དགེ་བའི་རྩ་བསྒོ་རྣམ་པ་ ཐ་དད་པ་གཞན་དང་གཞན་གྱི་མཚན་ཉིད་སྣ་ཚོགས་དང་ལྡན་པ། དངོས་པོ་གཞན་དང་གཞན་ལས་བྱུང་བ། རྣམ་པ་སྣ་ཚོགས་སུ་བཀོད་པར་གྱུར་པ་ཡང་དག་པར་སྤྱོད་པ་དུ་མ་དང་། བརྗོད་པ་མཐའ་ཡས་པའི་ཚུལ་གྱིས་རྣམ་པར་བརྟགས་པ། དགེ་ བའི་རྩ་བ་རྣམ་པ་སྣ་ཚོགས་སུ་ཡང་དག་པར་སྤྱོད་ཅིང་། ཚད་མེད་པར་རྣམ་པར་ཕྱེ་བ་ལས་བྱུང་བ། སྟོབས་བཅུར་འགྲོ་བའི་སེམས་ཀྱི་བྱིན་གྱིས་བརླབས་པ་དེ་དག་དམིགས་པ་རྣམ་པ་སྣ་ཚོགས་ལ་རབ་ཏུ་བརྩོན་པ། གཉིས་སུ་མེད་པའི་ཐམས་ཅད་ མཁྱེན་པ་ཉིད་ལ་ཚུལ་གྱི་རྒྱུད་གཅིག་ཏུ་གྱུར་པས། འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བརྩོན་པ་རྣམས་ཀྱི་ཆགས་པ་མེད་པའི་ལུས་ཡོངས་སུ་རྫོགས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའི་སྤྱོད་པ་ ལ་གནས་པ་རྣམས་ཀྱི་ཆགས་པ་མེད་པའི་ངག་ཡོངས་སུ་དག་པར་གྱུར་ཅིག །ཐེག་པ་ཆེན་པོ་ལ་གནས་པའི་སྤྱོད་པ་ཐོབ་པར་བྱ་བའི་ཕྱིར་ཆགས་པ་མེད་པའི་སེམས་ཡོངས་སུ་གྲུབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་རྣམ་པར་དག་ པའི་ཕྱིར་བསྒྲིབས་པ་མེད་པའི་སེམས་ཡོངས་སུ་རྫོགས་པར་གྱུར་ཅིག །འགྲོ་བ་མཐའ་དང་དབུས་མེད་པ་ཐམས་ཅད་རྒྱས་པར་དགང་བའི་ཕྱིར་སྦྱིན་པ་ཆེན་པོ་མཐའ་ཡས་པའི་སེམས་བསྐྱེད་པ་རབ་ཏུ་ཐོབ་པར་གྱུར་ཅིག །ཟིལ་གྱིས་མི་ནོན་པའི་སེམས་ རབ་ཏུ་ཐོབ་པའི་ཕྱིར། །ཆོས་ལ་དབང་སྒྱུར་བའི་སེམས་ཀྱིས་ཆོས་ཀྱི་སྣང་བ་ཐམས་ཅད་སྟོན་པར་གྱུར་ཅིག །བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྣང་བ་རབ་ཏུ་ཐོབ་པའི་ཕྱིར། ཡེ་ཤེས་ཀྱི་འབྱུང་གནས་དང་། མངོན་ པར་ཤེས་པ་ཐམས་ཅད་རྣམ་པར་དག་པར་གྱུར་ཅིག །སངས་རྒྱས་རྗེས་སུ་དྲན་པ་རབ་ཏུ་ཐོབ་པའི་ཕྱིར་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་རྗེས་སུ་དྲན་པ་རྣམ་པར་དག་པར་གྱུར་ཅིག །ལྟོད་པ་མེད་པར་ཡོངས་ སུ་འབྱུང་བའི་ཕྱིར། ཁོ་ན་མེད་པར་གནས་པའི་ལྷག་པའི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག །སྟོབས་བཅུའི་ཡེ་ཤེས་ལ་རབ་ཏུ་དགོད་པའི་ཕྱིར་འགྲོ་བ་ཐམས་ཅད་ཉེ་བར་བླངས་པས་ཁྱབ་པར་བྱ་བ་རྒྱུན་ཆད་པ་མེད་པར་གྱུར་ཅིག །གོས་ པ་མེད་པར་འཇིག་རྟེན་གྱི་ཁམས་སུ་གནས་པར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱུ་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་མཐའ་ཡས་པ་གདུལ་བ་རྒྱུན་ཆད་པ་མྱེད་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་ཐམས་ཅད་ དུ་གནས་པར་བྱ་བས་མི་སྐྱོ་བར་གྱུར་ཅིག །བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་རབ་ཏུ་བསྒྲུབ་པའི་ཕྱིར་བསམ་པའི་རང་བཞིན་མཐའ་དང་དབུས་མེད་པ་མངོན་པར་བསྒྲུབ་པ་ལ་མཁས་པར་གྱུར་ཅིག །རྣམ་པ་ཐ་དད་པའི་ཕྱོགས་སུ་ཡེ་ཤེས་ ཀྱིས་འཇུག་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་རྨོངས་པ་མེད་པའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །ཡེ་ཤེས་དང་མངོན་པར་ཤེས་པ་ལ་དབང་སྒྱུར་བར་བྱ་བའི་ཕྱིར་སེམས་སྐད་ཅིག་གི་འབྱུང་བས་འཇིག་རྟེན་གྱི་ཁམས་ རྣམ་པར་དག་པ་ཐམས་ཅད་ཡོངས་སུ་རྒྱས་པར་གྱུར་ཅིག །འཇིག་རྟེན་ཐམས་ཅད་མཐོང་བ་རྣམ་པར་དག་པ་རབ་ཏུ་འཐོབ་པར་བྱ་བའི་ཕྱིར། ཆོས་ཐམས་ཅད་ལ་འཇུག་པའི་རང་བཞིན་ཡོངས་སུ་རྫོགས་པར་གྱུར་ཅིག །ཐ་དད་པ་མེད་པའི་ཡེ་ཤེས་ དམ་པ་ཐོབ་པའི་ཕྱིར། ཞིང་གཅིག་ཞིང་ཐམས་ཅད་དུ་རྗེས་སུ་རྟོགས་པའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །སེམས་ཅན་བརྗོད་དུ་མེད་པ་གདུལ་ཞིང་བྱིན་གྱིས་བརླབ་པའི་ཕྱིར། ཞིང་ཐམས་ཅད་བྱིན་གྱིས་རློབ་པའི་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ མཐོང་བ་ཡོངས་སུ་རྫོགས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཚད་མེད་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ཚད་མེད་པ་སངས་རྒྱས་ཀྱི་ཞིང་གཅིག་ཏུ་མངོན་པར་མོས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡེ་ཤེས་ཀྱི་མཐོང་བ་དམ་ པ་ཐོབ་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བའི་ཡེ་ཤེས་ཀྱི་བྱིན་གྱི་རླབས་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་ཞིང་གི་རྣམ་པའི་ཕྱིར་ ཡོངས་སུ་བསྔོའོ། །འགྲོ་བ་ཐམས་ཅད་རྒྱས་པར་དགང་བའི་ཕྱིར་ཡོངས་སུ་བསྔོའོ། །ཡེ་ཤེས་ཀྱིས་རྣམ་པར་སྤྱད་ཅིང་བྱིན་གྱིས་བརླབ་པའི་ཕྱིར་ཡོངས་སུ་བསྔོའོ། །ཇི་ལྟར་བདག་གི་ཕྱིར་ཡོངས་སུ་བསྔོ་བ། དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ ཡང་ཡོངས་སུ་བསྔོ་སྟེ། འདི་ལྟར་སེམས་ཅན་དམྱལ་བའི་ངན་སོང་དགག་པའི་ཕྱིར་ཡོངས་སུ་བསྔོའོ། །བྱོལ་སོང་གི་སྐྱེ་གནས་ཀྱི་ངན་སོང་མེད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་རྒྱུན་གཅད་པའི་ཕྱིར་ཡོངས་སུ་ བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པའི་ལས་རྒྱུན་གཅོད་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དགྲ་ཐམས་ཅད་དང་མཛའ་བ་ཐམས་ཅད་བདེ་བ་ ཐམས་ཅད་ལ་གཟུང་པའི་ཡེ་ཤེས་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་མངོན་དུ་གྱུར་པའི་ཡེ་ཤེས་ཀྱི་སྣང་བ་ཡང་དག་པར་བསྟན་པ་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་གྱི་དོན་བསམ་གྱིས་མི་ ཁྱབ་པའི་ཡེ་ཤེས་རྟོགས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ལྷག་པའི་བསམ་པ་རྡུལ་མེད་པའི་བྱང་ཆུབ་ཀྱི་སེམས་དང་ཡེ་ཤེས་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། ། སེམས་ཅན་ཐམས་ཅད་བདེ་བའི་ལམ་བསྟན་པར་མཉམ་དུ་ཡོངས་སུ་བསྔོ་བའི་ཕྱིར་ཡོངས་སུ་བསྔོའོ། །ཡང་དག་པའི་སེམས་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་ལ་ རྣམ་པར་བྱང་བའི་སྤྲིན་ཀྱི་ཆར་འབབ་པའི་ཚུལ་དང་། སེམས་ཅན་ཐམས་ཅད་ལ་བསོད་ནམས་ཀྱི་ཞིང་དུ་དམིགས་པའི་ཚུལ་དང་། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་ཁོངས་སུ་གཏོགས་པའི་ཡོངས་སུ་བསྔོ་བས་བསྲུང་བའི་བྱིན་གྱི་རླབས་ཀྱིས་ སྒྲིབ་པ་ཐམས་ཅད་དང་མི་འགྲོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བསྒྲིབས་པ་མེད་པའི་དབྱིངས་ལ་གནས་པར་ཡོངས་སུ་བསྔོའོ། །ཡེ་ཤེས་དང་མངོན་པར་ཤེས་པ་ཆགས་པ་མེད་པས་སེམས་ཅན་ཐམས་ཅད་ཀྱིས་ཡེ་ཤེས་མཐོང་བ་ཡོངས་སུ་རྫོགས་ པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་རྗེས་སུ་འགྲོ་བའི་རྣམ་པར་འཕྲུལ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་དོན་ཡོད་པའི་དགེ་བའི་རྩ་བ་རྣམ་པ་མཆོག་ཐམས་ཅད་དང་ལྡན་ པའི་ཡེ་ཤེས་ཀྱིས་ཕན་འདོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འགྲོ་བ་ཐམས་ཅད་ཡོངས་སུ་སྡུད་པས་འགྲོ་བ་ཐམས་ཅད་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་སྟེ། སེམས་ཅན་ ཐམས་ཅད་ཀྱི་སེམས་བསྒྲིབས་པ་མེད་ཅིང་མི་སྒུལ་བ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡུལ་དགའ་དགའ་ལྟར་འདུག་པ་མཐོང་བའམ། བཟའ་ཤིང་གི་ར་བ་དགའ་དགའ་ ལྟར་འདུག་པ་མཐོང་བ་དང་། ལྗང་པ་དགའ་དགའ་ལྟར་འདུག་པ་དང་། མེ་ཏོག་དགའ་དགའ་ལྟར་འདུག་པ་དང་། སྤོས་ཡིད་དུ་འོང་བ་དང་། ཤིང་ཏོག་དགའ་དགའ