Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 036_ཕལ་ཆེན།_ཁ
Văn bản gốc(Tây Tạng)
Trang 4 / 22 (50.000 ký tự/trang)
བས་པ་མེད་པའི་ཡེ་ཤེས་ཆགས་པ་མྱེད་པ་ ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དམ་པ། མགོ་ལྟ་བུའི་ཡེ་ཤེས་ལ་འཇུག་ཅིང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་མགོ་བྱང་ཆུབ་ཁོང་དུ་ཆུད་པར་བྱེད་པ་ དང་། ཆོས་ཐམས་ཅད་ཀྱི་མཆོག་ཚུལ་གྱི་མགོ་དང་ལྡན་པར་བྱ་བའི་ཕྱིར་ཡང་དག་པར་ལྟ་བ་དང་། ཡེ་ཤེས་རྣམ་པར་དག་པའི་མགོ་ལ་ཡང་དག་པར་ལྟ་བ་དང་། བསྒྲིབས་པ་མྱེད་པའི་མགོ་ཡོངས་སུ་སྒྲུབ་པ་དང་། ས་དམ་པའི་མགོ་རྗེས་སུ་ལྟ་བ་དང་། འགྲོ་བ་ ཐམས་ཅད་ཀྱི་ཡེ་ཤེས་དམ་པ་མགོ་ལྟ་བུ་འདོད་ཅིང་ཚོལ་བ་དང་། ཁམས་གསུམ་པ་ཐམས་ཅད་ཀྱིས་བལྟར་མེད་པའི་ཡེ་ཤེས་ཀྱི་མགོའི་དམ་པ་ཡང་དག་པར་སྒྲུབ་པ་དང་། ཕྱོགས་ཐམས་ཅད་དུ་ཕྱིན་པའི་ཡེ་ཤེས་ཀྱི་རྒྱལ་པོའི་མགོ་ལ་མངོན་པར་མོས་པར་བྱེད་ པ་དང་ཆོས་ཐམས་ཅད་ལ་དབང་བྱེད་པ་ཟིལ་གྱིས་མྱི་ནོན་པའི་མགོ་ཡོངས་སུ་གྲུབ་པར་བྱེད་ཅིང་། དེ་ལྟ་བུའི་ཆོས་ལ་སྤྱོད་པར་བརྩོན་པའི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་རིགས་ཐམས་ཅད་ཀྱི་ཡོངས་སུ་གཏོང་བའི་ཚུལ་ལ་བསླབས་པ། སངས་ རྒྱས་ལ་མོས་པ་སྐྱེས་པས་དགེ་བའི་རྩ་བ་རབ་ཏུ་ཐོབ་པ། སློང་བ་མཐའ་ཡས་པས་དགའ་བས་ཡོངས་སུ་རྒྱས་པའི་སེམས་དང་ལྡན་པ་ཡིད་ཀྱི་དབང་པོ་ཤིན་ཏུ་གསལ་བ། རྒྱུད་རབ་ཏུ་དང་ཞིང་སེམས་དང་ཡིད་ཤིན་ཏུ་དང་བ། སངས་རྒྱས་ཀྱི་ཆོས་ལ་ དགའ་བའི་སྣང་བ་ཐོབ་པ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཤིན་ཏུ་རྒྱ་ཆེ་བ། རྒྱུན་མི་འཆད་པར་སེམས་པ། གཏོང་བ་ཆེན་པོ་གཏོང་བ་ཤིན་ཏུ་གཏོང་བ། གཏོང་བའི་ཡིད་དང་ལྡན་པ་དབང་པོ་ཤིན་ཏུ་དགའ་བས་ཉེ་བར་བརྟན་པའི་ཆོས་ཅན་ ལྷག་པའི་བསམ་པ་ཡངས་ཤིང་དགེ་ལ་རྒྱ་ཆེ་བས་སྦྱིན་པ་གཏོང་བར་མངོན་པར་འདོད་པ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཡེ་ཤེས་མཆོག་དང་། སྐྱེས་བུ་དམ་པ་ཀ་ཤིའི་རྒྱལ་པོ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གཞན་གྲངས་མེད་པ་དག་ཀྱང་མགོ་ཡོངས་སུ་བཏང་བར་གྱུར་པ། དེ་ལྟར་མགོ་གཏོང་བའི་ཚེ། མགོ་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་འདི་ལྟར་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ ཀྱི་དབུ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སྤྱི་གཙུག་བལྟར་མི་སྣང་བ་དང་། སྐྱེ་མཆེད་ཟིལ་གྱིས་མ་ནོན་པ་དང་། ཞིང་ཐམས་ཅད་དུ་མངོན་པར་འཕགས་པ་དང་། བུམ་པ་རྒྱས་པ་དང་། དགའ་བ་འཁྱིལ་པ་དང་། སྐྲ་དང་། མགོའི་འོད་དང་འོད་གཟེར་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པ་དང་། འཇིག་རྟེན་ཐམས་ཅད་རྨད་དུ་བྱུང་བ་དང་། དཔལ་གྱི་བེའུས་བརྒྱན་པ་དང་། སངས་རྒྱས་ཀྱི་དབུ་དང་ལྡན་པ་དང་། ཡེ་ཤེས་ཀྱི་མགོ་རྟོགས་པར་བྱ་བ་དང་། འགྲོ་བ་ ཐམས་ཅད་ཀྱི་མཆོག་ཏུ་ཕྱིན་པའི་མགོ་དང་ལྡན་པ་དང་། མགོ་རྣམ་པར་དག་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་མགོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མགོ་ ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་འགྲོ་བ་ཐམས་ཅད་ཀྱིས་ཆོས་ཀྱི་མཆོག་ཡོངས་སུ་རྫོགས་པ་དང་། ཡེ་ཤེས་ཀྱི་ཡན་ལག་དམ་པ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སློང་བ་རྣམས་ལ་དང་བའི་ལག་པ་ཐོག་མར་འགྲོ་བ་དང་། ཕན་འདོགས་པའི་ཚུལ་དང་། ཆོས་སྤྱོད་པ་ལ་བརྩོན་པར་འགྲོ་ཞིང་ལྡོག་པ་དང་། རིན་པོ་ཆེའི་ལག་པ་ཐོག་མར་འགྲོ་བས་ལག་པ་གཏོང་བ་དང་། སྤྱོད་པ་ དོན་ཡོད་པར་བྱང་ཆུབ་སེམས་དཔའི་ལམ་ལ་སྤྱོད་པ་དང་། ལག་པ་ཤིན་ཏུ་བརྐྱང་ཞིང་གཏོང་བའི་སེམས་མ་འཁྲུགས་པ་དང་། རིམ་པར་སྤྱོད་པའི་ཚུལ་ཤིན་ཏུ་ངེས་པ་དང་། བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་སྤྱོད་ཅིང་ལག་པ་ཡངས་ པ། གཏོང་བ་ལ་མོས་པས་ལག་པ་ཡོངས་སུ་གཏོང་བ་དང་། ཚུལ་གྱི་གཞི་ཆེན་པོ་རབ་ཏུ་བརྟན་པ་ལ་སྤྱོད་པའི། བྱང་ཆུབ་སེམས་དཔའི་ཡིད་དང་བ་དང་། ཚོར་བས་མཉམས་པའི་བློ་དང་བ་དང་། འགྲོ་བ་མ་ཡིན་པར་འགྲོ་བ་ལས་ཕྱིར་ལོག་ པའི་འགྲོ་བས་བྱང་ཆུབ་ཏུ་འབྱུང་བས། དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་པ་དང་། རྒྱལ་པོ་དགའ་ལྡན་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཚད་མྱེད་པ་དག་ཀྱང་ སྐྱེ་བའི་སྐྱེ་གནས་སྣ་ཚོགས་དག་ན་གནས་ཤིང་ལག་པ་ཡོངས་སུ་གཏོང་བར་གྱུར་པ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཡངས་ཤིང་རྒྱ་ཆེ་བ་ཚད་མེད་པ་དང་ལྡན་པ། སངས་རྒྱས་རྒྱ་མཚོ་མཐོང་བར་གྱུར་པ། ཆོས་ཀྱི་རྒྱུད་ཀྱི་སྒོ་རྣམ་པར་ཕྱེ་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་གཏོང་བའི་ལག་པ་དང་ལྡན་པ། ཐམས་ཅད་མཁྱེན་པའི་བྱང་ཆུབ་ཡང་དག་པར་འཛིན་པའི་སྨོན་ལམ་ཅན། སེམས་བསྐྱེད་པ་རྡུལ་མེད་པ་དང་འགྲོགས་པས་ཀུན་ནས་བསྐོར་བ་མེད་པ། ཡེ་ ཤེས་དང་ཆོས་ཀྱི་ལུས་རྒྱུན་མི་འཆད་པ། མི་ཤིགས་མི་ཆོད་པའི་ལུས་དང་ལྡན་པ། བདུད་ཀྱི་ལས་ཐམས་ཅད་ཀྱིས་མི་སྒུལ་བ། དགེ་བའི་བཤེས་གཉེན་གྱིས་ཉེ་བར་བརྟན་པས་སེམས་སྤེལ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ སྤྱད་པ་དང་གཅིག་ཏུ་གྱུར་པའི་གཏོང་བས་བྱུང་བ་དེ་སློང་བ་ལ་རྐ་ལག་གི་སྦྱིན་པ་བྱེད་ཅིང་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། ཐམས་ཅད་མཁྱེན་པ་ཉིད་དུ་དམྱིགས་ཏེ། རྐང་ལག་ཡོངས་སུ་བཏང་བ་ཡོངས་སུ་བྱིན་པ་འདི་ལ་དགེ་བའི་རྩ་བ་ཅི་ཡོད་པ་དེ་དག་འདི་ལྟར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་རྫུ་འཕྲུལ་ཀྱི་རྐང་པ་ཐོབ་ཅིང་རིན་པོ་ཆེའི་ལག་པ་དང་ ལྡན་པར་གྱུར་ཅིག །དེ་དག་རིན་པོ་ཆེའི་ལག་པ་དེས་སེམས་ཅན་ཐམས་ཅད་སྦྱིན་པའི་གནས་ཀྱི་འདུ་ཤེས་རབ་ཏུ་ཐོབ་སྟེ། ཕན་ཚུན་གྱི་ལུས་ལ་རིན་པོ་ཆེས་འཐོར་བར་གྱུར་ཅིག །མངོན་པར་འཐོར་བར་གྱུར་ཅིག ། རབ་ཏུ་འཐོར་བར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱི་སྤྲིན་གྱིས་སངས་རྒྱས་ཐམས་ཅད་མཆོད་པར་གྱུར་ཅིག །སེམས་ཅན་དེ་དག་ཐམས་ཅད་ཀྱང་ཕན་ཚུན་དུ་ཞེ་སྡང་བ་མྱེད་པའི་སེམས་དང་ལྡན་ཞིང་ཕན་ཚུན་ བྱམས་པའི་སེམས་དང་ལྡན་པར་གྱུར་ཅིག །དེ་དག་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྗེས་སུ་དོང་ཞིང་འཇིགས་པ་མེད་པ་ལ་གནས་ཏེ། མངོན་པར་འདུ་བྱ་བ་མེད་པའི་ཕྱིར་ཐམས་ཅད་ལག་ན་རིན་པོ་ཆེ་ཐོགས་པ་དང་། ལག་ན་སྤོས་ཐོགས་པ་དང་ ལག་ན་གོས་ཐོགས་པ་དང་། ལག་ན་གདུགས་ཐོགས་པ་དང་། ལག་ན་ཕྲེང་བ་ཐོགས་པ་དང་། ལག་ན་མེ་ཏོག་ཐོགས་པ་དང་། ལག་ན་ཕྱེ་མ་ཐོགས་པ་དང་། ལག་ན་ལྷབ་ལྷུབ་ཐོགས་པ་དང་། ལག་ན་མེ་ཏོག་མཐའ་ཡས་པ་ཐོགས་ པར་གྱུར་ཏེ། ཀུན་ནས་སྒོ་དང་ལྡན་པའི་ཐབས་ལ་གནས་ཤིང་། སངས་རྒྱས་ཐམས་ཅད་ལ་མཆོད་པར་བརྩོན་པའི་སེམས་དང་། སངས་རྒྱས་ཀྱི་ཞིང་ཀུན་ཏུ་འགྲོ་བའི་རྫུ་འཕྲུལ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པའི་ལག་ པ་དང་། འགྲོ་བ་ཐམས་ཅད་ཡང་དག་པར་འཛིན་པའི་རྫུ་འཕྲུལ་དང་། ཆོ་འཕྲུལ་གྱི་ལག་པ་མཚན་བཟང་པོ་དང་ལྡན་པའི་ལག་པ་དང་། འོད་གཟེར་གྱི་མཛོད་མཐའ་ཡས་པའི་དཀྱིལ་འཁོར་རབ་ཏུ་གཏོང་བའི་ལག་པ་དང་། འགྲོ་བ་ཐམས་ ཅད་ལག་མཐིལ་གཅིག་གིས་ཡོག་པར་བྱེད་པའི་ལག་པ་དང་། དྲ་བར་འབྲེལ་ཅིང་སེན་མོ་ཟངས་ལྟར་འདུག་པའི་ལག་པ་དང་། སངས་རྒྱས་ཀྱི་ཕྱག་ཤིན་ཏུ་ཡངས་པ་དང་ལྡན་པས། སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱེད་པར་གྱུར་ཅིག་ ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རྒྱ་མཚོ་ཐམས་ཅད་ལ་རབ་ཏུ་ཞུགས་པའི་སེམས་བསྐྱེད་པ་དང་། ཁས་ལེན་པའི་ངང་ཚུལ་དང་། སློང་བ་ཐམས་ཅད་ལ་མངོན་པར་མོས་ཤིང་འདོད་པས་དགའ་བ་དང་། སྤྲོ་བ་ དང་དང་བ་ཆེན་པོ་རབ་ཏུ་ཐོབ་པ་དང་། སློང་བ་འབོད་པར་སྟོན་པ་དང་། སངས་རྒྱས་ཀྱི་ཆོས་རྒྱ་མཚོ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའི་དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་ཐམས་ཅད་དང་། རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་བས་རྐ་ལག་ཡོངས་སུ་གཏོང་ བ་བྱེད་ཅིང་འགྲོ་བ་ཐམས་ཅད་ཀྱི་བྱང་ཆུབ་ཚོལ་བའི་རྐ་ལག་ཡོངས་སུ་གཏོང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཐམས་ཅད་གཏོང་བའི་དོན་དུ་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཐམས་ཅད་མཁྱེན་པའི་བསམ་པ་དང་། སེམས་དང་ཡིད་དུ་ལྡན་པ་བྱང་ཆུབ་ཀྱི་སེམས་ཀྱིས་རབ་ཏུ་དགའ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མངོན་པར་དད་པའི་སེམས་དང་ལྡན་པ། ཚོར་བས་དེངས་པར་མི་འགྱུར་བའི་སེམས་དང་ལྡན་པ། སློང་བ་ཐམས་ཅད་ལ་མངོན་པར་མོས་པའི་སེམས་དང་ལྡན་པ། ལེན་པ་ཐམས་ཅད་ལ་ཞེ་མི་སྡང་བའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཏོང་བའི་ལམ་དུ་རབ་ཏུ་ཞུགས་པའི་སེམས་དང་ལྡན་པ། བྱང་ཆུབ་ སེམས་དཔའ་ཐམས་ཅད་ཀྱི་གཏོང་བས་སྦྱིན་པར་བྱ་བའི་རྗེས་སུ་སྲུང་བའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྦྱིན་པ་རྒྱ་ཆེན་པོས་བཏང་བ་ཤིན་ཏུ་གཏོང་བའི་སེམས་དང་ལྡན་པ། ཕྱིར་མི་ལྡོག་པའི་སེམས་རྒྱུན་མི་འཆད་པ་དང་ལྡན་པ། བདག་གི་ལུས་ལ་ཕངས་པར་མི་ལྟ་བའི་སེམས་དང་ལྡན་པ། དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་འབྱུང་གནས་དང་། རྒྱལ་པོ་ཡིད་བདེ་བར་སེམས་པ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྲངས་མྱེད་པ་དག་ཀྱང་སྐྱེ་བའི་ སྐྱེ་གནས་དེ་དང་དེ་དག་ལ་གནས་ཤིང་ཁྲག་ཡོངས་སུ་གཏོང་བར་གྱུར་པ་དེ་ལྟར་སློང་བ་རྣམས་ལ་རང་གི་ལུས་ཀྱི་ཁྲག་གཏོང་བའི་ཚེ། ཁྲག་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཆོས་དང་ཡེ་ཤེས་ཀྱི་ལུས་དང་ལྡན་ཞིང་བྱང་ཆུབ་སེམས་དཔའི་ལུས་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རྡོ་རྗེའི་སྙིང་པོ་དང་འདྲ་བར་དགེ་སྦྱོང་གི་ལུས་དང་ལྡན་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་ལུས་ཉམས་པ་མྱེད་ཅིང་དག་པ་དང་ལྡན་ཏེ་ལུས་ལ་རྨ་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་ཀུན་གྱིས་མི་འཕྲོགས་པའི་སེམས་དང་ལྡན་ཞིང་སྤྲུལ་པ་ལྟ་བུའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འོད་དང་ བའི་ལུས་ཉམས་པ་མྱེད་པ་དང་ལྡན་ཞིང་ཡིད་དུ་འོང་བའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་མི་གནས་པ་དང་ལྡན་ཞིང་ཆོས་ཀྱི་དབྱིངས་སུ་མངོན་པར་སྐྱེས་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ ཐམས་ཅད་གཞན་ཐམས་ཅད་ལ་རིམ་གྲོ་བྱེད་པའི་ལུས་དང་ལྡན་ཞིང་། རིན་པོ་ཆེ་ལྟ་བུའི་འོད་ཡོད་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཆི་བ་མེད་པའི་དབྱིངས་སུ་ཆོས་ཀྱི་སྐྱིད་པ་ལ་དབང་སྒྱུར་བའི་ལུས་དང་ལྡན་ཞིང་། ཡེ་ ཤེས་དམ་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གྱིས་བལྟ་ན་དོན་ཡོད་པར་སྐྱེས་པས་རིན་པོ་ཆེ་རྒྱ་མཚོ་ལྟ་བུའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་ཀུན་གྱི་གཙེ་བས་གོས་པ་མེད་ཅིང་བར་སྣང་གི་རང་ བཞིན་གྱི་ལུས་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ལུས་ལས་ཁྲག་གི་སྦྱིན་པ་བྱེད་པའི་ཚེ། ཡེ་ཤེས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ལ་རབ་ཏུ་གཞོལ་བའི་སེམས་ཀྱིས་དགེ་བའི་རྩ་བ་དེ་དག་ཡོངས་ སུ་བསྔོའོ། །དག་པའི་ཡིད་ཀྱིས་ཡོངས་སུ་བསྔོའོ། །ཡངས་པའི་ཡིད་ཀྱིས་ཡོངས་སུ་བསྔོའོ། །དགའ་བའི་ཡིད་ཀྱིས་ཡོངས་སུ་བསྔོའོ། །རངས་པའི་ཡིད་ཀྱིས་ཡོངས་སུ་བསྔོའོ། །སྤྲོ་བའི་ཡིད་ཀྱིས་ ཡོངས་སུ་བསྔོའོ། །ཞུམ་པ་མེད་པའི་ཡིད་ཀྱིས་ཡོངས་སུ་བསྔོའོ། །བདེ་བའི་ཡིད་ཀྱིས་ཡོངས་སུ་བསྔོའོ། །དང་བའི་ཡིད་ཀྱིས་ཡོངས་སུ་བསྔོའོ། །མགུ་བའི་ཡིད་དང་རབ་ཏུ་དགའ་བའི་ཡིད་དང་། ཡིད་བདེ་ཞིང་རངས་པ་སྐྱེས་པས། དགེ་བའི་རྩ་བ་དེ་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཏོང་བའི་སེམས་གཞལ་དུ་མྱེད་པའི་དགའ་བས་རྣམ་པར་འཕེལ་བ་དང་། བྱང་ཆུབ་སེམས་དཔའ་དང་མཁས་པའི་སྐྱེ་བོས་བསྟེན་པའི་ཟླ་མྱེད་པའི་ དགེ་བའི་རྩ་བ་དང་། ལྷག་པའི་བསམ་པ་དམ་པ་འཇིག་རྟེན་གྱི་དྲི་མ་བསྩལ་བ་དང་། སློང་བ་ཐམས་ཅད་ཀྱིས་ཟད་པར་མི་ནུས་པའི་ནང་གི་ལུས་ཉེ་བར་བླངས་བའི་ཡོངས་སུ་གཏོང་བ་དང་། ཡོན་ཏན་རིན་པོ་ཆེས་ཡང་དག་པར་བླངས་པའི་དགེ་བ་ འབྱམ་ཀླས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡི་དམ་གྱིས་ཉེ་བར་བླངས་པའི་སྦྱིན་པའི་ཚོགས་ཆེན་པ་དང་། སློང་བ་ཐམས་ཅད་ཀྱི་ཡིད་ཀྱིས་འདོད་པར་བསམ་པ་བཏང་ཡང་འགྱོད་པ་མྱེད་པའི་སེམས་དང་སྦྱིན་པ་ལ་དམྱིགས་པའི་དངོས་པོས་ཤིན་ ཏུ་བརྟགས་པའི་ལས་ཀྱི་རྣམ་པར་སྨིན་པའི་རྟེན་དང་། ལེན་པ་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་བའི་སེམས་ཉམས་པ་མེད་པ་དང་། སངས་རྒྱས་ཐམས་ཅད་མངོན་དུ་གྱུར་བ་ཕ་ལྟ་བུའི་འདུ་ཤེས་སུ་མངོན་པར་འཛིན་པ་དང་། འགྲོ་བ་ཐམས་ཅད་ལ་མངོན་ དུ་གྱུར་པའི་སེམས་ཅན་ཐམས་ཅད་རྣམ་པར་དག་པ་ལ་གནས་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་མངོན་དུ་གྱུར་པའི་སངས་རྒྱས་ཀྱི་ཞིང་གི་རྒྱན་ཐམས་ཅད་དང་། འགྲོ་བ་ཐམས་ཅད་ལ་མངོན་དུ་གྱུར་པའི་སྙིང་རྗེ་ཆེན་པོས་ཡོངས་སུ་སྐྱོབ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ལ་མངོན་དུ་གྱུར་པའི་སྟོབས་བཅུ་རྣམ་པར་སྤྱོད་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་དུ་གྱུར་པའི་དུས་ཐམས་ཅད་ དགེ་བའི་རྩ་བ་མཐུན་པར་ཡོངས་སུ་རྫོགས་པར་བྱ་བ་དང་། མི་འཇིགས་པ་ཐམས་ཅད་མངོན་དུ་གྱུར་པའི་ཁྱུ་མཆོག་དང་། སེང་གེའི་ང་རོ་བསྒྲགས་པ་དང་། དུས་གསུམ་མངོན་དུ་གྱུར་པའི་དུས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། དུས་གསུམ་ཐམས་ ཅད་མངོན་དུ་གྱུར་པའི་ཕྱི་མའི་མཐའི་བསྐལ་པར་ཐུག་པར་ཞེ་ནོན་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་དང་ཡོངས་སུ་ཡི་ཆད་པ་མེད་པས་མངོན་དུ་གྱུར་པའི་སེམས་བསྐྱེད་པ། གྲངས་མེད་པས་ཇི་ལྟར་བྱང་ཆུབ་སེམས་དཔའ་ཕན་པ་ཚོལ་བ་དང་། རྒྱལ་ པོ་ཐམས་ཅད་གཏོང་བ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྲངས་མེད་པ་དག་ཀྱང་སྐྱེ་བའི་སྐྱེ་མཆེད་སྣ་ཚོགས་དག་ན་གནས་ཤིང་ཤ་དང་རྐང་ཡོངས་སུ་བཏང་བ་དེ་ལྟར་སློང་བ་རྣམས་ལ་ལུས་ལས་ཤ་དང་རྐང་ཡོངས་ སུ་གཏོང་བའི་ཚེ། ཤ་དང་རྐང་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་རྡོ་རྗེའི་སྙིང་པོ་ལྟར་འཁྲེགས་པའི་ཡན་ལག་ དང་ལྡན་ཞིང་མི་ཤིགས་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གསོག་མེད་པའི་ལུས་རབ་ཏུ་ཐོབ་པས་གསོག་མ་ཡིན་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡིད་ཀྱི་རང་བཞིན་གྱི་ལུས་རྣམ་པར་དག་ པ་དང་ལྡན་ཞིང་སངས་རྒྱས་ཀྱིས་བརྒྱན་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མཚན་སུམ་ཅུ་རྩ་གཉིས་ཀྱི་ལུས་ཤིན་ཏུ་གྲུབ་པས་བསོད་ནམས་བརྒྱ་པའི་མཚན་གྱི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ དེ་བཞིན་གཤེགས་པའི་སྟོབས་བཅུ་ཐ་མི་དད་ཅིང་མ་ཉམས་པ་དང་ལྡན་ཏེ་དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་བྲིས་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་རབ་ཏུ་ཐོབ་པས་མཐའ་ལས་འདས་པ་ཚད་ མེད་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདུད་ཐམས་ཅད་ཀྱི་དཀྲུགས་མ་རབ་ཏུ་འཇོམས་པས་ཀུན་ཏུ་ཁྱབ་པའི་སྤྱོད་ལམ་དང་ལྡན་ཞིང་ཐུབ་པ་མེད་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འདས་པ་དང་། མ་བྱོན་ པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་ལུས་གཅིག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ནམ་མཁའི་དབྱིངས་ཀུན་ཏུ་ཆོས་ཀྱི་སྐུས་ཁྱབ་པར་བྱེད་པའི་ཕྱིར་ཆགས་པ་མེད་པའི་ལུས་མངོན་པར་གྲུབ་པར་གྱུར་ཅིག །སེམས་ཅན་ཐམས་ ཅད་འགྲོ་བ་ཐམས་ཅད་ཤོང་བའི་ལུས་དང་ལྡན་ཞིང་བྱང་ཆུབ་ཀྱི་ལུས་དམ་པ་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པར་དམིགས་པའི་སེམས་དང་ལྡན་པ། སློང་བ་ལ་ཤ་དང་རྐང་ཡོངས་སུ་གཏོང་བའི་ཚེ་ དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་སྐུ་མཐའ་ལས་འདས་པ་ཚད་མེད་པ་རྣམ་པར་དག་པ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་རྒྱུད་ལ་ བསླབས་པའི་སེམས་དང་ལྡན་པ་སྦྱིན་པ་ཐམས་ཅད་བྱིན་པས་སྤྱོད་པའི་སེམས་དང་ལྡན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཐོབ་པའི་སེམས་དང་ལྡན་པ། ཕ་རོལ་ཏུ་འགྲོ་བའི་སྦྱིན་པ་གྲུབ་པའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའ་ཐམས་ ཅད་ཀྱི་བྱིན་པའི་རྗེས་སུ་བསླབས་པའི་སེམས་དང་ལྡན་པ་སྦྱིན་པ་དང་། ཡོངས་སུ་གཏོང་བ་ཐམས་ཅད་ཀྱིས་ཟད་མི་ཤེས་པའི་སེམས་དང་ལྡན་པ། སྦྱིན་པའི་གནས་ཐམས་ཅད་ལ་ཤིན་ཏུ་གནས་པའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའ་ཐམས་ ཅད་ཀྱི་སྦྱིན་པའི་ལས་ལ་རབ་ཏུ་གནས་པའི་སེམས་དང་ལྡན་པ། སངས་རྒྱས་ཐམས་ཅད་ཡིད་ལ་བྱ་བས་མངོན་དུ་གྱུར་པའི་གཏོང་བའི་སེམས་དང་ལྡན་པ། སློང་བ་ཐམས་ཅད་རྒྱུན་མི་འཆད་པར་རྒྱུ་བ་རབ་ཏུ་མཆོད་པའི་སེམས་དང་ལྡན་པ། དེ་ ཇི་ལྟར་བྱང་ཆུབ་སེམས་དཔའ་ཡོངས་སུ་སྐྱོ་བ་མྱེད་པ་དང་། རྒྱལ་པོ་གཡོ་བ་མེད་པ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྲངས་མེད་པ་དག་གིས་ཀྱང་སྙིང་ཡོངས་སུ་བཏང་བར་གྱུར་པ། དེ་ལྟར་སློང་བ་ཀུན་ནས་འོངས་པ་རྣམས་གྱིས་བསླངས་ ཤིང་། རང་གི་ལུས་ལས་སྙིང་ཡོངས་སུ་གཏོང་ཞིང་སྦྱིན་པ་བྱེད་པ་དང་། སྤོང་བ་དང་། ཐོབ་པར་བྱེད་པ་དང་། ལྷག་པའི་བསམ་པ་རྣམ་པར་སྤྱད་པ་དང་། འགྲོ་བ་ཐམས་ཅད་རབ་ཏུ་དགྲོལ་བའི་ཕྱིར་སྟོབས་བཅུའི་བྱང་ཆུབ་ལ་དམྱིགས་པར་བྱེད་པ་དང་། སྨོན་ ལམ་ཆེན་པོས་ནན་ཏན་དུ་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡང་དག་པར་གནས་པ་དང་། སྨོན་ལམ་ཡོངས་སུ་མི་གཏོང་བས། སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ ཅད་རྡོ་རྗེའི་རང་བཞིན་ལྟ་བུས་ཡོངས་སུ་བཟུང་བའི་སྙིང་དཔལ་གྱི་བེའུས་བརྒྱན་པ་དང་ལྡན་ཞིང་རྡོ་རྗེའི་རི་ཁོར་ཡུག་ཐམས་ཅད་ལྟར་མྱི་ཤིགས་ཤིང་རྡོ་རྗེའི་སྙིང་པོ་ལྟ་བུའི་སྙིང་དང་ལྡན་པ་དང་། བག་ཚ་བ་མེད་པའི་སྙིང་དང་ཐུབ་པར་དཀའ་བའི་སྙིང་དང་། འཇིག་རྟེན་ ཐམས་ཅད་ཀྱིས་མི་འཕྲོགས་པའི་སྙིང་དང་། དཔའ་བའི་རྒྱལ་མཚན་ཡེ་ཤེས་ཀྱི་སྙིང་པོ་ཅན་གྱི་སྙིང་དང་། མཐུ་བོ་ཆེ་ཆེན་པོ་དམ་པའི་སེམས་ཀྱི་རྒྱལ་མཚན་གྱི་སྙིང་དང་། འགྲོ་བ་ཐམས་ཅད་ཀྱི་གཙོ་བོ་ལྟ་བུར་མྱི་འཕྲོགས་པའི་སྙིང་དང་། མཐུ་བོ་ཆེ་ལྟར་མྱི་ཤིགས་ པའི་སྙིང་པོ་ཅན་གྱི་སྙིང་དང་། བདུད་ཀྱི་ལས་དང་བདུད་ཀྱི་དཔུང་དང་བདུད་ཀྱི་སྡེ་རྣམ་པར་འཇོམས་པའི་སྙིང་དང་། བརྟན་པའི་སྙིང་དང་། གཟེང་མཐོ་བའི་སྙིང་དང་། དཔའ་བའི་སྙིང་དང་། བརྟུལ་ཕོད་པའི་སྙིང་དང་། མྱི་འཇིགས་མྱི་དངངས་སྐྲག་པར་མྱི་ འགྱུར་བའི་སྙིང་དང་། རྡོ་རྗེའི་གོ་ཆ་ཆེན་པོ་ཡང་དག་པར་བགོས་པའི་སྙིང་དང་། ཤིན་ཏུ་བཙུན་པའི་བྱང་ཆུབ་སེམས་དཔའི་སྙིང་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པས་བྱང་ཆུབ་སྣང་བར་གྱུར་པའི་སྙིང་དང་། བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་ནས་ སངས་རྒྱས་ཀྱི་ཆོས་ཐམས་ཅད་རྗེས་སུ་རྟོགས་ཤིང་རྨོངས་པ་མེད་པར་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་འཚང་རྒྱ་བའི་སྙིང་དང་། སྟོབས་བཅུ་མངོན་པར་བྱང་ཆུབ་པ་རབ་ཏུ་འཐོབ་པའི་སྙིང་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་སྙིང་གི་སྦྱིན་པས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ཀྱིས་གོས་པ་མྱེད་པའི་སྟོབས་བཅུ་མངའ་བའི་ཐུགས་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པ་དང་ལྡན་པར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སློང་བ་མངོན་པར་དད་པར་བྱེད་པའི་ལྟ་བ་དང་གསལ་ཞིང་དགའ་བར་བྱེད་པའི་མིག་དང་བྱང་ཆུབ་དང་མཉམ་པར་བྱ་བའི་བྱམས་པ་དང་། ཅི་འདོད་པས་སློང་བ་ཕུ་དུད་དུ་བྱ་བའི་སྦྱིན་པ་དང་། རྒྱུན་མྱི་འཆད་པར་ཡིད་ ལ་བྱེད་པའི་གཏོང་བ་དང་། ལུས་ལ་སྙིང་པོ་མེད་པར་རྟོགས་པས་སྙིང་པོ་བླང་བའི་སེམས་དང་། དང་བར་འགྱུར་བའི་ལུས་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་དང་། སྤྱང་ཀི་དང་། ཝ་དང་། ཁྱིས་ཟ་བར་འགྱུར་བའི་ལུས་སུ་རབ་ཏུ་རྟོགས་པ་དང་། གཞན་ལ་རག་ལུས་ཤིང་ལུས་མྱི་རྟག་པར་ཡིད་ལ་བྱེད་པ་དང་། །ལུས་ཀྱི་རྒྱུས་ཐམས་ཅད་ཁོང་དུ་ཆུད་པ་དང་། གཞན་ལ་དད་པའི་སེམས་དང་དེ་ལྟ་བུའི་ཆོས་དེ་དག་ཡིད་ལ་བྱ་བ་ལ་བརྩོན་པ་དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་ལེགས་པར་བྱིན་པ་དང་། རྒྱལ་པོ་སྡིག་ པ་བསྩལ་བ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྲངས་མེད་པ་དག་གིས་ཀྱང་སློང་བ་རྣམས་ལ་རྒྱུ་མ་དང་མཆིན་པ་དང་། མཁལ་མ་དང་། གློ་བ་ཡོངས་སུ་བཏང་བར་གྱུར་པ་དེ་ལྟར་རྒྱུ་མ་དང་མཆིན་པ་དང་། མཁལ་མ་དང་། གློ་བ་ཡོངས་སུ་བཏང་བའི་ཚེ། བྱང་ཆུབ་སེམས་དཔའ་སློང་བ་དེ་དག་ལ་མི་འགེབས་པའི་མིག་གིས་ལྟ་ཞིང་འདི་ལྟར་སེམས་བསྐྱེད་དེ། འདི་ལྟར་བདག་གི་ལུས་མི་རྟག་ཅིང་འདི་ལྟར་མི་གཙང་ན་འོན་ཀྱང་ རྒྱུ་མ་དང་མཆིན་པ་དང་མཁལ་མ་དང་། གློ་བ་ལྟ་བུ་དག་ཀྱང་སློང་བ་དག་ལ་དགོས་པ་ལྟས་སྦྱིན་པར་བྱའོ་ཞེས་དེ་ལྟ་བུར་ཡིད་ལ་བྱེད་ཅིང་དགའ་བའི་རྒྱུད་དང་། དེ་ལྟར་ཆོས་ཉིད་ཤེས་པའི་བསམ་པ་དང་། སློང་བ་མཐོང་བ་དེ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པའི་བྱིན་གྱི་ རླབས་ཀྱིས་ལུས་སྙིང་པོ་མེད་པ་དེ་ལས་སྙིང་པོ་བླང་བར་འདོད་དེ། དེ་ལྟ་བུར་ཡིད་ལ་བྱེད་ཅིང་རབ་ཏུ་རྟོགས་པ་དང་ལྡན་པའི་སེམས་ཀྱིས་རྒྱུ་མ་དང་མཆིན་པ་དང་། མཁལ་མ་དང་གློ་བ་དེ་དག་ཡོངས་སུ་གཏོང་བའི་ཚེ་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ ལྟར་ཡོངས་སུ་བསྔོ་སྟེ། རྒྱུ་མ་དང་མཆིན་པ་དང་མཁལ་མ་དང་གློ་བ་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་སྙིང་པོའི་ལུས་དང་ལྡན་ཞིང་ལུས་ཀྱི་ཕྱི་ནང་ཤིན་ཏུ་གཙང་ཞིང་དག་པར་གྱུར་ཅིག །སེམས་ ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་སྨོན་ལམ་ཡང་དག་པར་འཛིན་པའི་ཕྱིར་ཡེ་ཤེས་ཀྱི་ལྟོ་དང་ཡང་དག་པར་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ནང་སྤོས་ཞིམ་པོའི་མཆོག་ཐམས་ཅད་དང་ལྡན་ཞིང་ཕྱི་རོལ་ཏུ་འོད་གཟེར་རབ་ཏུ་འགྱེད་པས། ལྟ་ན་ བཟང་བའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རིམ་གྱིས་གཞོལ་ཞིང་མཉམ་པའི་ལུས་ཀྱི་ཡན་ལག་དང་ལྡན་ཏེ། གཞུ་ལྟ་བུའི་ལྟོ་དང་ལྡན་པའི་ལུས་སུ་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་དགའ་བས་ལུས་ཤིན་ཏུ་ བསྐྱེད་པས་ལུས་ཆོས་ཀྱི་ཟས་དང་ཡེ་ཤེས་ཀྱིས་གསོ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་དགའ་བའི་ལུས་དང་ཆོས་ཀྱི་ལུས་ཀྱིས་ཡང་དག་པར་སྤྱོད་པས་ཟད་མྱི་ཤེས་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐ་དད་པ་ཡང་དག་པར་ ཤེས་པའི་ཆོས་སྣང་བ་དང་ལྡན་པས་གཟུངས་ཀྱི་སྙིང་པོས་ལུས་ཀྱི་ནང་རྣམ་པར་དག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ནང་གི་བསམ་པའི་རྒྱུད་ཤིན་ཏུ་སྦྱངས་པས་ལུས་ཡོངས་སུ་དག་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ ཤེས་ཀྱིས་ངོམས་པར་བྱེད་པའི་ཆོས་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབེབས་པས་དེ་བཞིན་གཤེགས་པའི་སྐུ་དང་ཡེ་ཤེས་ཀྱི་རྣལ་འབྱོར་ཁོང་དུ་ཆུད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཕྱི་རོལ་གྱི་ལུས་འགྲོ་བ་ཐམས་ཅད་ལ་ཡེ་ཤེས་ཀྱི་རྒྱལ་མཚན་མཛེས་ ཤིང་སྣང་བར་གྱུར་པས་ནང་གི་ལུས་དག་ཅིང་ཞི་བར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱུ་མ་དང་། མཆིན་པ་དང་། མཁལ་མ་དང་། གློ་བ་དེ་དག་རང་གི་ལུས་ལས་སློང་བ་རྣམས་ལ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་ལུས་ཕྱི་ནང་ཡོངས་སུ་དག་ཅིང་བསྒྲིབས་པ་མེད་པའི་ཡེ་ཤེས་ལ་རབ་ཏུ་འཁོད་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་བྱང་ཆུབ་སེམས་དཔའ་ ཆོས་གྱི་འབྱུང་གནས་དང་། རྒྱལ་པོ་སྐར་མའི་འོད་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་ཀྱང་ཡན་ལག་དང་ཉིང་ལག་དང་། རུས་པ་སློང་བ་རྣམས་ལ་ཡོངས་སུ་བཏང་བར་གྱུར་པ་དེ་ལྟར་ཡན་ལག་དང་། ཉིང་ ལག་དང་། རུས་པ་བསླངས་པ་ན། སློང་བ་རྣམས་ལ་གཏོང་བའི་ཚེ། སློང་བ་མཐོང་མ་ཐག་ཏུ་སེམས་དགའ་བ་དང་། སེམས་མོས་པ་དང་། སེམས་དད་པ་དང་། སེམས་རབ་ཏུ་སྤྲོ་བ་དང་། སེམས་འཐད་པ་དང་། བྱམས་པའི་ སེམས་དང་། ཆགས་པ་མེད་པའི་སེམས་དང་། དག་པའི་སེམས་དང་། སློང་བ་རྣམས་ལ་རིམ་གྲོར་བྱ་བའི་སེམས་རབ་ཏུ་འཐོབ་སྟེ། དེ་ཡན་ལག་དང་ཉིང་ལག་དང་། རུས་པ་དེ་དག་བསླངས་པས་སློང་བ་ལ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་ བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། རང་གི་ལུས་ཀྱི་ཡན་ལག་དང་ཉིང་ལག་དང་། རུས་པ་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་རུས་པ་ དང་ཤ་དང་། ཁྲག་མེད་པའི་ལུས་དང་ལྡན་ཞིང་སྤྲུལ་པ་ལྟ་བུའི་ལུས་ཅན་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་ལུས་ལ་ཐུབ་པ་མེད་ཅིང་ཟིལ་གྱིས་མི་ནོན་པས་རྡོ་རྗེ་ལྟ་བུའི་སྟོབས་ཀྱི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆགས་པ་མེད་ཅིང་ གྲོལ་བ་དང་། བཅིངས་པ་མེད་པའི་ཡེ་ཤེས་ཀྱི་ལུས་ཀྱིས་བྱུང་སྟེ། ཐམས་ཅད་མཁྱེན་པའི་སྟོབས་དང་། ཆོས་སུ་ལྡན་པའི་ལུས་ཕུན་སུམ་ཚོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དབང་པོ་ཐ་མི་དད་ཅིང་གཅད་དུ་མེད་པ་རབ་ཏུ་ཐོབ་པས་ ཡེ་ཤེས་ཀྱི་སྟོབས་ཀྱི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་སྟོབས་དང་དབང་གི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་ཆོས་ཀྱི་སྟོབས་ཀྱི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལུས་ཤིག་ཤིག་པོ་མྱེད་པས་ཡན་ལག་ ཤིན་ཏུ་བརྟན་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་ཡོངས་སུ་སྨིན་པར་བྱེད་ཅིང་འདུལ་བ་ལ་ཞུགས་པས་འགྲོ་བ་ཐམས་ཅད་ཇི་ལྟར་མོས་པའི་ལུས་དང་ཡན་ལག་གི་བྱིན་གྱི་རླབས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ ཅད་མཐུ་པོ་ཆེའི་ཡན་ལག་དང་ཉིང་ལག་ཡང་དག་པར་ཟིན་པས་སྟོབས་ཆེན་པོ་དང་ལྡན་ཞིང་ཡེ་ཤེས་ལ་གནས་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆད་ཅིང་དུབ་པ་མེད་པའི་ལུས་རབ་ཏུ་ཐོབ་པས་ཤིན་ཏུ་བརྟན་པར་ལུས་ ཀྱི་རྒྱུད་འབྲེལ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མཐུ་དང་བརྩོན་འགྲུས་ཆེན་པོ་དང་ལྡན་པའི་ལུས་ཀྱིས་ཤིན་ཏུ་བརྟན་ཞིང་སྟོབས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མཐའ་ཡས་པའི་ཡེ་ཤེས་ཀྱི་ཁྱུ་མཆོག་གི་ མཐུ་འབྱིན་པའི་ལུས་དང་ལྡན་ཞིང་ཆོས་ཀྱི་ལུས་ཀྱིས་འགྲོ་བ་ཐམས་ཅད་དུ་རྣམ་པར་བརྒྱན་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁ་ན་མ་ཐོ་བ་མྱེད་ཅིང་བལྟ་ན་དོན་ཡོད་པ་དང་ལྡན་ཏེ། བསོད་ནམས་ཀྱི་སྟོབས་ཀྱི་ལུས་དང་ལྡན་པར་གྱུར་ ཅིག །སེམས་ཅན་ཐམས་ཅད་གནས་མེད་པའི་ཡེ་ཤེས་ཀྱི་མཐར་ཐུག་སྟེ། གནས་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱིས་བསམ་པ་བྱིན་གྱིས་བརླབས་པ་དང་ལྡན་ཞིང་སངས་རྒྱས་ཀྱིས་ཡོངས་སུ་བཟུང་ བའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དུ་འགྲོ་བའི་ལམ་གྱི་ལུས་ཀྱི་རྗེས་སུ་སོང་བས་འགྲོ་བ་ཐམས་ཅད་ལ་ཕན་འདོགས་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཕྱིར་ཕྱོགས་པ་མེད་ཅིང་ མངོན་པར་ལྟ་བའི་སྣང་བས་སྒོ་ཀུན་ནས་བལྟ་བའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཐེག་པ་ལ་སྤྱོད་པ་བརྩམས་པ་མཐར་ཕྱིན་པར་བྱ་བ་ལ་བརྩོན་པའི་བརྩོན་འགྲུས་དང་ལྡན་པའི་ལུས་ཕུན་སུམ་ཚོགས་པར་གྱུར་ཅིག སེམས་ཅན་ཐམས་ཅད་ཡེ་ཤེས་བརྟན་པར་གནས་པ་ཐོབ་པས་ང་རྒྱལ་དང་རློམ་པ་དང་། དྲེགས་པ་ཐམས་ཅད་རྒྱུན་ཆད་ཅིང་རྣམ་པར་དག་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཐེག་པ་ལ་ཡང་དག་པར་ཇི་ལྟ་བ་ བཞིན་དུ་ལས་གྲུབ་པར་གྱུར་པས་བརྟུལ་ཞུགས་དམ་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་དུ་སྐྱེས་པའི་ལུས་ཐམས་ཅད་ལས་རྣམ་པར་འདས་ཤིང་དེ་བཞིན་གཤེགས་པའི་དགེ་བས་བྱུང་བའི་ལུས་སུ་གྱུར་ཅིག་ཅེས། དེ་ ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡན་ལག་དང་ཉིང་ལག་དང་རུས་པ་དེ་དག་སློང་བ་རྣམས་ལ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་གྲུབ་པར་བྱ་བ་དང་། ཤིན་ཏུ་རྣམ་ པར་དག་པའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ལུས་ལས་སློང་བ་དག་གིས་མདོག་དང་ལྡན་པའི་པགས་པ་བསླངས་པའི་ཚེ། མཚོན་ཆ་ཐོགས་པའི་སློང་བ་མཐོང་ཡང་ དགའ་བར་བྱེད་པའི་དབང་པོས་སློང་བ་ལ་ལྟ་ཞིང་སློང་བ་རྣམས་ལ་དྲིན་དུ་གཟོ་བའི་འདུ་ཤེས་ཉེ་བར་བཞག་ནས་ལེགས་པར་བཏིང་བའི་སྟན་ལ་སློང་བ་རྣམས་བཀོད་དེ། སློང་བ་རྣམས་ལ་རིམ་གྲོའི་འདུ་ཤེས་ཉེ་བར་གཞོག་པ་དང་། ལེན་པ་རྣམས་ལ་ ཤིན་ཏུ་དཀོན་པའི་འདུ་ཤེས་ཡང་དག་པར་སྐྱེད་པ་དང་། ཐམས་ཅད་མཁྱེན་པའི་གཞིར་གྱུར་པ་སྨོན་པར་བྱ་བ་ཡང་དག་པར་མཐོང་བར་སེམས་ཤིང་སློང་བ་རྣམས་ལ་ཕན་འདོགས་པའི་སེམས་ཀྱིས་རྟོག་ཅིང་འཛུམ་པ་དང་ལྡན་པར་ལྟ་བས་སློང་བ་རྣམས་ ལ་ལྟ་ཞིང་ཚུར་ཤེག །ལོངས་ཤིག་ཅེས་བྱ་བའི་ཚིག་བརྗོད་པ་དང་། སློང་བ་རྣམས་ལ་བདག་ཉིད་ཇི་དགའ་བར་བྱ་བ་གཏོང་བ་དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་དག་པའི་སྙིང་པོ་དང་། རི་དགས་ཀྱི་རྒྱལ་པོ་གསེར་གྱི་རྩིབ་ལོགས་ལྟར་མདོག་དང་ལྡན་པའི་ པགས་པ་སློང་བ་རྣམས་ལ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡོན་ཏན་གྱིས་མི་ངོམས་ཤིང་རྣམ་པར་དག་པས་ཤིན་ཏུ་འཇམ་པའི་མདོག་དང་ ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རྡོ་རྗེའི་མདོག་ཐུབ་པར་དཀའ་བའི་ཁ་དོག་དང་ལྡན་ཞིང་མ་འདྲེས་པའི་ཁ་དོག་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཛམ་བུ་ཆུ་ཀླུང་གི་གསེར་གྱི་སྙིང་པོ་ལྟར་དག་ཅིང་གསེར་གྱི་མདོག་དང་ལྡན་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་བསམ་པ་ཇི་ལྟ་བ་བཞིན་དུ་ཁ་དོག་རྣམ་པར་སྦྱང་བས་དག་ཅིང་ཁ་དོག་མཐའ་ཡས་པའི་མདོག་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་སྦྱོང་དེ་བཞིན་གཤེགས་པ་ཤིན་ཏུ་གཞོན་པའི་ཁ་དོག་གིས་རྣམ་པར་དག་ཅིང་རྙོག་ པ་མེད་ཅིང་དང་བའི་ཁ་དོག་དང་། མདོག་གི་མཆོག་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རང་བཞིན་གྱིས་ཁ་དོག་རྣམ་པར་དག་ཅིང་ཁ་དོག་དང་མདོག་གི་དམ་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་བཟང་པོས་རྣམ་ པར་བྲིས་ཤིང་སངས་རྒྱས་ཀྱི་ཁ་དོག་རྣམ་པར་དག་པས་མདོག་དང་ཁ་དོག་ཤིན་ཏུ་རྣམ་པར་དག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁ་དོག་དང་མདོག་བཟང་པོ་ཕུན་སུམ་ཚོགས་ཤིང་འགྲོ་བ་ཀུན་ཏུ་མདོག་གི་སྣང་བ་རབ་ཏུ་འགྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་གཟེར་གྱི་དཀྱིལ་འཁོར་བརྗོད་དུ་མེད་པ་རྣམ་པར་འགྱེད་པའི་རྒྱལ་མཚན་དང་ལྡན་ཞིང་མདོག་འོད་གཟེར་གྱི་དྲ་བ་ཅན་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གཟུགས་ཐམས་ཅད་ཀྱི་ཁ་དོག་རྣམ་པར་དག་སྟེ། མདོག་དང་ཁ་དོག་ཤིན་ཏུ་སྣུམ་པ་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ལུས་ལས་མདོག་དང་ལྡན་པའི་པགས་པ་སློང་བ་རྣམས་ལ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་ སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ལ་ཕྱིན་ཅི་ལོག་མེད་པ། བཞིན་འཛུམ་པ་ ཅན་ཡིད་བདེ་བ་ཐོབ་པ། ཐེག་པ་ཆེན་པོ་ལ་ལེགས་པར་གནས་པ། གྲགས་པ་འདོད་པ་མེད་པའི་སྦྱིན་པ་ཅན། སྙིང་ཐག་པ་ནས་སྦྱིན་པ་ལ་གནས་པ། གཏོང་བ་དང་། གཏོང་བ་ཆེན་པོ་ལ་ཡིད་རབ་ཏུ་ཞུགས་པ། འཇུངས་པའི་དྲི་མ་ལ་མི་གནས་པའི་ སེམས་དང་ལྡན་པ། ཕྲག་དོག་དང་འཇུངས་པའི་དྲི་མ་དང་བྲལ་བ། དེ་བཞིན་གཤེགས་པའི་གསུང་ལ་རབ་ཏུ་ཞུགས་པ། དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་ལྟ་བའི་བརྩོན་འགྲུས་དང་འཛམ་བུའི་གླིང་གི་བདག་པོ་གསེར་གྱི་འོད་དང་། དེ་མ་ཡིན་པའི་ བྱང་ཆུབ་སེམས་དཔའ་ཚད་མྱེད་པ་གཞན་དག་གིས་ཀྱང་སོར་མོ་རྣམས་ཡོངས་སུ་བཏང་བར་གྱུར་པ་ལྟར་སློང་བ་ལ་རྐང་ལག་གི་སོར་མོ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་བསྔོ་སྟེ། སོར་མོ་བྱིན་པ་དང་། ཅི་བླངས་པའི་དངོས་པོ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཕྱག་སོར་ཐོབ་པར་གྱུར་ཏེ། སོར་མོ་རིང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སོར་མོ་རིམ་གྱིས་གཞོལ་པར་ ལེགས་པར་གྲུབ་བས་སོར་མོ་ཟླུམ་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེན་མོ་གང་བའི་སོར་མོ་རྣམ་པར་དག་པ་དང་ལྡན་ཞིང་སེན་མོ་ཟངས་ཀྱི་ཁ་དོག་ལྟ་བུའི་སོར་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ འཛིན་པར་བརྩོན་པའི་སོར་མོ་དཔེ་བྱད་བཟང་པོ་དང་ལྡན་ཞིང་སྐྱེས་བུ་དཔའ་བོ་ཐམས་ཅད་མཁྱེན་པའི་སོར་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྟོབས་བཅུའི་ཕྱག་སོར་དང་ལྡན་པར་གྱུར་ཏེ། དཔེ་བྱད་བཟང་པོས་གྲུབ་པའི་སོར་མོ་དང་ལྡན་ པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཤིན་ཏུ་སྦྱངས་པའི་སོར་མོ་ཚུལ་དང་མཐུན་པར་སྐྱེས་པས་སོར་མོའི་དམ་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སོར་མོའི་ཆོས་ཉིད་ཀྱི་ཡན་ལག་དང་བུམ་པ་གང་བ་དང་། བཀྲ་ཤིས་ཀྱིས་རྣམ་ པར་མཛེས་པ་དང་ལྡན་ཞིང་སོར་མོའི་རྩེ་མོ་ལ་འཁོར་ལོ་ཡོད་པའི་སོར་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྟོབས་བཅུའི་ཕྱག་སོར་འཕྲིན་ལས་ཀྱི་རྣམ་པར་སྦྱིན་པ་རྒྱུ་མཐུན་པར་བྱུང་བ་ལྟ་བུ་དང་ལྡན་ཞིང་པད་མོ་བཟང་པོ་དང་། དགའ་བ་ འཁྱིལ་པས་སོར་མོ་ཐམས་ཅད་ཀྱི་ཚིགས་དང་ཡན་ལག་ཤིན་ཏུ་བརྒྱན་ཅིང་དཔེ་བྱད་བཟང་པོས་མཛེས་པར་རྣམ་པར་ཕྱེ་བའི་རྒྱན་གྱིས་བརྒྱན་པའི་སོར་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་སྣང་བར་ བྱ་བ་ལ་བརྩོན་ཞིང་འོད་གཟེར་གྱི་དྲ་བའི་མཛོད་རབ་ཏུ་འགྱེད་པའི་སོར་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སོར་མོ་ཤིན་ཏུ་མཛེས་པ་དྲ་བ་ལེགས་པར་འབྲེལ་པ་དང་ལྡན་ཞིང་སོར་མོ་ལེགས་པ་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སོར་མོ་སློང་བ་རྣམས་ལ་སོར་མོ་ཡོངས་སུ་གཏོང་བའི་ཚེ། སེམས་ཅན་ཐམས་ཅད་རྣམ་པར་དག་པར་བྱ་བའི་སེམས་ཀྱིས་དགེ་བའི་རྩ་བ་དེ་དག་ཐམས་ཅད་སེམས་ཅན་རྣམས་ལ་ཡོངས་སུ་བསྔོའོ། །གཞན་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདོད་པ་ལ། ལ་ལ་ཞིག་གིས་ཆོས་ཐོས་པར་བྱ་བར་བསམས་ཏེ། དེས་འདི་སྐད་དུ་གལ་ཏེ་ཁྱོད་ཀྱི་ཤ་དང་བཅས་པའི་སེན་མོ་ང་ལ་བྱིན་ན་ནི། ངས་ཁྱོད་ལ་ཆོས་བསྟན་པར་བྱའོ། །ཟེར་བ་ཞིག་ཡོད་ན། དེ་ལ་འདི་སྐད་དུ་སྨྲས་ཏེ། བདག་གི་ཤ་དང་བཅས་པའི་སེན་མོ་ཅི་བདེར་ཁྱེར་ལ་བདག་ལ་ཆོས་བསྟན་པར་མཛོད་ཅིག་ཅེས་ནས། ཇི་ལྟར་རྒྱལ་པོ་དབང་ཕྱུག་ཏུ་གྱུར་པ་ལེགས་པར་བཤད་པ་ཚོལ་བ་དང་། བྱང་ཆུབ་སེམས་དཔའ་ཟད་མི་ཤེས་པ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཚད་མེད་པ་ཆོས་ཀྱི་ཆོས་བཟང་པོ་ཉིད་ལ་བརྩོན་པ། འགྲོ་བ་ཀུན་ཏུ་ཆོས་ཀྱི་ལོ་ཤིན་ཏུ་ལེགས་པ་ཡང་དག་པར་བསྟན་པའི་ཕྱིར་ཤ་དང་། བཅས་པའི་སེན་མོ་ཡོངས་སུ་བཏང་བར་ གྱུར་པ་དེ་ལྟར་སློང་བ་རྣམས་ལ་རང་གི་ཤ་དང་བཅས་པའི་སེན་མོ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཕྱག་སེན་རབ་ཏུ་གྲུབ་ཅིང་ཟངས་ཀྱི་ཁ་ དོག་ལྟ་བུའི་སེན་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དཔེ་བྱད་བཟང་པོའི་སེན་མོ་རབ་ཏུ་ཐོབ་ཅིང་མདོག་སྣུམ་པའི་སེན་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེན་མོའི་དམ་པ་དང་ལྡན་ཞིང་འོད་འཚེར་བའི་སེན་མོ་དང་ལྡན་ པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེན་མོ་བཟང་པོ་དང་ལྡན་ཞིང་ཐམས་ཅད་མཁྱེན་པའི་ཕྱག་སེན་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་ཐམས་ཅད་ཀྱིས་མི་གོས་ཤིང་མཚུངས་པ་ མེད་པའི་སེན་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འོད་ཀྱིས་སྣང་བར་བྱ་བ་ལ་བརྩོན་ཞིང་ཤིན་ཏུ་བརྒྱན་པའི་སེན་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉམས་པ་མྱེད་ཅིང་རྣམ་པར་དག་པའི་སེན་མོ་གང་བ་དང་ལྡན་པར་གྱུར་ ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཆེ་ཞིང་ཡངས་པ་རྣམ་པར་དག་པ་དང་ལྡན་ཞིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བའི་མཚན་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ལས་རྣམ་པར་སྨིན་བས་རྣམ་པར་ དག་ཅིང་མཛེས་པར་སྐྱེས་པའི་སེན་མོ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འོད་གཟེར་ཁ་དོག་མཐའ་ཡས་པ་རབ་ཏུ་འགྱེད་པའི་མཛོད་དང་ལྡན་ཞིང་མགོན་པོ་ཐམས་ཅད་མཁྱེན་པའི་ཕྱག་སེན་དང་ལྡན་པར་གྱུར་ཅིག་ཅེས་དེ་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདོད་པའི་ཕྱིར་སེན་མོ་དང་ཤར་བཅས་པ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་ཕྱག་སེན་གྱི་རྒྱན་ཡོངས་སུ་རྫོགས་པར་བྱ་བ་དང་། ཐོགས་པ་མེད་པའི་སྟོབས་ཀྱི་ མཐར་ཕྱིན་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །བམ་པོ་དྲུག་པ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དོན་དུ་ཆོས་ཚོལ་ བ་ལྷུར་ལེན་པ་ཤིན་ཏུ་དཀོན་པའི་ཆོས་ཚོལ་བ་ལ་ཞུགས་པ་ལ། ཆོས་གཏོང་བའི་གང་ཟག་ལ་ལས་མེའི་རླུབས་སུ་ལུས་གཞུག་པར་བྱས་ཏེ། འདི་སྐད་དུ་གལ་ཏེ་ཁྱོད་མི་འགྲེང་བདུན་དུ་བརྐོས་པའི་མེའི་རླུབས་སུ་མཆོང་ཕོད་ན། ངས་ཁྱོད་ལ་ཆོས་ཀྱི་ སྦྱིན་པ་བྱའོ་ཞེས་ན་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲ་དེ་ཐོས་ནས། ཤིན་ཏུ་དགའ་ཞིང་ཡིད་བདེ་བ་དང་རབ་ཏུ་འདུན་པའི་ཡིད་སྐྱེས་ནས་འདི་སྙམ་དུ་སེམས་ཏེ། ངན་སོང་ཐམས་ཅད་དང་མནར་མེད་པའི་སྡུག་བསྔལ་ཉམས་སུ་བླང་བ་ དང་ཡང་བསྔོ་ཞིང་བདག་གིས་དམ་པའི་ཆོས་བཙལ་དགོས་ན། འདི་ལྟར་མེའི་རླུབས་སུ་མཆོང་བ་ཙམ་གྱིས་དམ་པའི་ཆོས་རྙེད་པར་འགྱུར་ན་ལྟ། ཀྱེ་མ་དེ་ལྟར་དཀོན་པའི་སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་ལྟ་བུ་མྱེད་པར་ མྱེའི་རླུབས་ཙམ་དུ་མཆོད་པས་རྙེད་པ་འདི་ནི་ངོ་མཚར་ཆེའོ་སྙམ་ནས། འདི་ལྟར་བདག་གིས་མྱི་འགྲེང་བདུན་དུ་བརྐོས་པའི་མེའི་རླུབས་སུ་མཆོད་པར་བགྱིས། ཁྱོད་ཀྱིས་བདག་ལ་སངས་རྒྱས་ཀྱི་ཆོས་བཤད་དུ་གསོལ་ཞེས་ནས་དེ་ཇི་ལྟར་རྒྱལ་པོ་ལེགས་པར་ བཤད་པ་ཚོལ་བ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སེམས་དཔའ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྲངས་མེད་པ་དག་གིས་ཀྱང་མེའི་རླུབས་སུ་མཆོད་པར་བྱས་པ་དེ་ལྟར་ཆོས་ཀྱི་དོན་དུ་སྡུག་བསྔལ་གྱི་ཚོར་བ་ ཐམས་ཅད་དང་བསྔོ་བའི་ལུས་ཀྱིས་མེའི་རླུབས་སུ་མཚོར་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ཤིན་ཏུ་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་གྱུར་ཏེ། ཐམས་ཅད་མཁྱེན་པའི་གནས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བདེ་བ་ཐམས་ཅད་མྱོང་བར་གྱུར་ཏེ། གཡང་ས་ཐམས་ཅད་ལས་ཕྱིར་ལྡོག་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་འཇིགས་ཤིང་སྐྲག་པ་ཐམས་ཅད་དང་བྲལ་ཞིང་བག་ཚབ་མེད་པའི་སེམས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་དང་ཡིད་བདེ་བ་དང་། ཆོས་ཐམས་ཅད་ཀྱི་རྒྱན་རབ་ཏུ་ཐོབ་ཅིང་ཆོས་ཚོལ་བ་ལ་བརྩོན་པར་གྱུར་ ཅིག །སེམས་ཅན་ཐམས་ཅད་མེ་གསུམ་རབ་ཏུ་ཞི་བས་གནས་པའི་སེམས་དང་ལྡན་ཞིང་ངན་སོང་གི་ལམ་ཐམས་ཅད་དང་ཤིན་ཏུ་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བདེ་བའི་རྣམ་པ་རབ་ཏུ་ཐོབ་སྟེ། ཡིད་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མེ་གསུམ་དང་བྲལ་ཞིང་བྱང་ཆུབ་ཀྱི་སེམས་ཀྱིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཞི་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་མཐོང་བའི་དགའ་བས་ཡང་ དག་པར་སྤྱོད་ཅིང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་བདེ་བ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉམ་པ་མེད་པ་ལ་རབ་ཏུ་གཞོལ་ཞིང་ཤིན་ཏུ་ཐོས་པའི་ཆོས་ཅན་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་ ཐམས་ཅད་མཁྱེན་པ་ཉིད་ཀྱི་རྗེས་སུ་ཤིན་ཏུ་སོང་བའི་ཆོས་དང་ལྡན་ཞིང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པས་རྣམ་པར་རོལ་པའི་བདེ་བ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཚོལ་ཞིང་མེའི་རླུབས་སུ་མཆོད་ པས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་སྒྲིབ་པའི་ལས་དང་སྤྱོད་པའི་མཐར་ཕྱིན་ཅིང་ཡེ་ཤེས་ཀྱི་མེ་ཤིན་ཏུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དམ་པའི་ཆོས་ཀྱི་ཕྱིར་སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་བདག་གི་ལུས་ཀྱིས་བཟོད་པར་བྱེད་ཅིང་དམ་པའི་ཆོས་བརྗོད་པ་དང་། བྱང་ཆུབ་སེམས་དཔའི་ལམ་སྟོན་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་གསལ་བར་བྱེད་པ་དང་། བླ་ན་མེད་པའི་ཡེ་ཤེས་ ཀྱི་ཕུང་པོ་ཚོགས་ཡང་དག་པར་སྩོགས་པ་དང་། སྟོབས་བཅུ་ལ་བརྩོན་པར་བྱེད་ཅིང་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་ཡངས་པར་བྱེད་པ་དང་། ཆགས་པ་མེད་པའི་ཡེ་ཤེས་ཀྱི་ཕུང་པོ་ལ་བདག་མངོན་དུ་མཐུན་པར་ཡང་དག་པར་ལྟ་ ཞིང་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་དག་པ་དང་། རྣམ་པར་བྱང་བ་ཡང་དག་པར་སྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཐམས་ཅད་ལ་རབ་ཏུ་འཇུག་པ་དང་། ཡེ་ཤེས་ཆེན་པོ་ལ་བརྩོན་ཞིང་སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་བསྲུང་བའི་ཚེ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་བཟང་པོ་ཚོལ་བ་དང་། རྒྱལ་བོ་ཤུགས་ཆེན་པོ་འཛིན་པ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་གཞན་ཚད་མེད་པ་དག་གིས་ཀྱང་ཇི་ལྟར་སྤྱད་པ་བཞིན་དུ་དེ་སྡུག་བསྔལ་གྱི་རྣམ་པ་གཅིག་མ་ཡིན་པ་ཉམས་སུ་འབབ་པ་ དང་། སྡུག་བསྔལ་ཚོར་བའི་གནོད་པ་རྣམ་པ་སྣ་ཚོགས་མྱོང་བ་དང་། སྡུག་བསྔལ་གྱི་གནོད་པ་ཐམས་ཅད་དང་ཕྲད་པ་དང་། རང་གི་ལུས་ཀྱིས་ཉེ་བར་ལེན་ཅིང་བཟོད་པར་བྱེད་པ་དང་། དམ་པའི་ཆོས་སྤོང་བའི་གང་ཟག་སེམས་གཏུམ་པ་ཅན་སྡིག་ པའི་ལས་ཀྱིས་བསྒྲིབས་པ། བདུད་ཀྱི་ལས་ཀྱི་བྱིན་གྱིས་བརླབས་པ་དག་ལས་སྡུག་བསྔལ་གྱི་གནོད་པ་དེ་དག་ཐམས་ཅད་ཉེ་བར་ལེན་ཅིང་བཟོད་པར་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་དམ་པའི་ཆོས་ཤེས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་སྟེ། དགེ་བའི་ རྩ་བ་འདིས་སེམས་ཅན་ཐམས་ཅད་བདེ་བའི་ནན་ཏན་གྱིས་མངོན་པར་ཤེས་པ་མྱུར་བ་དང་ལྡན་ཞིང་སྡུག་བསྔལ་དང་མི་བདེ་བ་ཡོངས་སུ་སྤངས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བའི་རྣམ་པ་ཐམས་ཅད་རབ་ཏུ་ཐོབ་པ་ལ་གནས་པས། སྡུག་བསྔལ་ གྱི་ཚོར་བ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་མིག་ཡོར་ལྟ་བུའི་བདེ་བ་རབ་ཏུ་ཐོབ་ཅིང་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་འགག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་སྤྱོད་པའི་མཐར་ཕྱིན་ཏེ་སྡུག་བསྔལ་གྱི་བཙོན་ ར་ནས་ཕྱིར་ལོག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ལམ་རྒྱུད་དང་། གཙེ་བ་ཐམས་ཅད་ལས་ཕྱིར་ལོག་ཅིང་བདེ་བའི་ལམ་མཐོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་ཤིན་ཏུ་རྣམ་པར་ཆད་པས་ཆོས་ཀྱི་དགའ་ བ་དང་བདེ་བའི་རྣམ་པས་ཤིན་ཏུ་བརྟན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཕན་ཚུན་དུ་ཞེ་མི་སྡང་ཞིང་བྱམས་པ་རབ་ཏུ་ཐོབ་པས་སྡུག་བསྔལ་ལས་གྲོལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་འཁོར་བ་ཐམས་ ཅད་ན་ཡོད་པའི་སྡུག་བསྔལ་རབ་ཏུ་བྱང་ཞིང་སངས་རྒྱས་ཐམས་ཅད་ཀྱི་བདེ་བའི་དོན་མཐོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་ཀྱིས་ལུས་ལ་གནོད་པར་འགྱུར་བ་མེད་ཅིང་འདྲ་བ་མེད་པའི་བདེ་བ་རྣམ་པར་དག་པ་དང་ ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བདེ་བ་བསྒྲིབས་པ་མེད་པའི་མཐར་ཕྱིན་ཏེ། བདེ་བའི་ཁྱད་པར་ཐམས་ཅད་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པའི་ ཆོས་ཀྱི་ཕྱིར་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་བཟོད་པར་བྱེད་ཅིང་ཉམས་སུ་ལེན་པའི་ཚེ། དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་གཡངས་ལས་བསྲུང་ཞིང་ཐམས་ཅད་མཁྱེན་པའི་རྣམ་པར་ཐར་པ་བསྒྲིབས་པ་མེད་པ་ལ་རབ་ཏུ་དགོད་པའི་ཕྱིར་ཡོངས་ སུ་བསྔོའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་པའི་ཆོས་བཙལ་བ་ལ་ཤིན་ཏུ་བརྩོན་པ། ཆོས་ཀྱི་ཚིག་དང་ཡི་གེ་འཁོར་ལྔས་ཡང་དག་པར་ལེན་པ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་ བའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་བཙལ་བ་དང་། རྗེས་སུ་དྲན་པ་ལ་གནས་པ། ཆོས་ཀྱི་དགའ་བས་སྤྲོ་ཞིང་མོས་པའི་སེམས་དང་ལྡན་པ། ཟང་ཟིང་མེད་པའི་ཆོས་རབ་ཏུ་བཙལ་བ་ལ་བརྩོན་པ། འཇིག་རྟེན་པའི་རྒྱལ་པོའི་སྲིད་ དང་། སྐྱིད་པའི་ལྗན་ལྗིན་ཐམས་ཅད་ལས་རྣམ་པར་འདས་པ་སངས་རྒྱས་ཀྱི་རྒྱལ་སྲིད་དང་ཆོས་ཀྱི་སྐྱིད་པ་ལ་མངོན་པར་མོས་པ། འཇིག་རྟེན་གྱི་དགའ་བ་ཐམས་ཅད་ཀྱིས་མ་གོས་པའི་ཡིད་ལ་བྱེད་པ་དང་ལྡན་པ། འཇིག་རྟེན་ལས་འདས་པའི་ དགའ་བས་སེམས་ཤིན་ཏུ་སྤེལ་བ། འཇིག་རྟེན་གྱི་སྐྱིད་པ་ཟང་ཟིང་དང་བྲལ་བའི་ཡིད་དང་ལྡན་པ། སྤྲོས་པ་མེད་པའི་སངས་རྒྱས་ཀྱི་ཆོས་ལ་གནས་པ། རབ་ཏུ་འཐོབ་པར་མངོན་པར་ཞུགས་པ་དེས་རྒྱ་མཚོའི་མཐར་ཐུག་པའི་ས་ཆེན་པོ་གྲོང་རྡལ་བྱེ་བ་ ཁྲག་ཁྲིག་བརྒྱ་སྟོང་དང་། ཡུལ་དང་ཡུལ་གྲུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་སྐྱེ་བོ་དུ་མས་ཡོངས་སུ་གང་བ། བདེ་བའི་རྣམ་པ་ཐམས་ཅད་དང་། སྐྱེ་བོས་རྒྱས་པའི་ཁྱིམ་གྱིས་གང་བ། བཟའ་ཤིང་གི་ར་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྩེ་ཞིང་དགའ་བར་བྱ་ བའི་གཞི་དང་ལྡན་པ། ཆུ་ཀླུང་ཡིད་དུ་འོང་བ་སྣ་ཚོགས་དང་། གྲིབ་ཤིང་དང་། བཟའ་ཤིང་མདངས་དགའ་བས་ཤིན་ཏུ་བརྒྱན་པ། འཁྲུག་ལོང་མེད་ཅིང་ཤིན་ཏུ་བདེ་བ། གཞན་གྱི་ཁམས་ཤིན་ཏུ་བཅོམ་པ། བདག་གི་ཁམས་ལ་ཉམས་པ་མེད་པ། གསེར་དང་རིན་པོ་ཆེའི་མཛོད་དང་བང་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་བརྒྱན་པ། བུ་དང་བུ་མོ་དང་ཆུང་མ་དང་འཁོར་སྣ་ཚོགས་དང་། ཆུང་མའི་འཁོར་སྣ་ཚོགས་ཡོད་པ། གྲོང་ཁྱེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། ཕོ་བྲང་ཆེན་པོ་ཡོད་པ་དེ་ལྟ་བུ་ཆོས་ཀྱི་དོན་དང་། ཆོས་བཙལ་བའི་ཕྱིར་ཚིག་དང་། ཡི་གེའི་འབྲུ་གཅིག་གི་དོན་དུ་ཡང་རྒྱལ་པོའི་སྲིད་སྙིང་པོ་མེད་པ་ལས་སྙིང་པོ་བསྐྱེད་ཅིང་ཆོས་ལ་དཀོན་ པའི་འདུ་ཤེས་རབ་ཏུ་བསྐྱེད་ནས། འགྲོ་བ་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་རྣམ་པར་ཐར་པ་བསྒྲིབས་པ་མེད་པ་དང་། ཐམས་ཅད་མཁྱེན་པའི་ལམ་རྣམ་པར་དག་པ་ཚོལ་ཞིང་ཇི་ལྟར་བྱང་ཆུབ་སེམས་དཔའ་མཐུ་ཆེན་དཔལ་དང་། རྒྱལ་པོ་ ཁྱད་པར་དཔལ་དང་། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་ཀྱང་ཇི་ལྟར་སྤྱད་པར་གྱུར་པ་དེ་བཞིན་དུ་ཡོངས་སུ་གཏང་བར་བྱ་བའི་ཚེ། ས་ཆེན་པོ་རྒྱ་མཚོའི་མཐར་ཐུག་པ་ཡོངས་སུ་བཏང་སྟེ་ཆོས་བཙལ་བས་ ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ལག་ཤིན་ཏུ་ཆེ་བར་གཏོང་བ་ལ་མངོན་པར་མོས་ཤིང་ཤིན་ཏུ་ཡངས་པའི་གཏོང་བ་དང་ལྡན་པར་ གྱུར་ཅིག །སེམས་ཅན་ཐམས་ཅད་འགྱོད་པ་མེད་པར་སྦྱིན་པའི་བདག་པོར་གྱུར་ཏེ། གཏོང་བ་ཐམས་ཅད་ཡོངས་སུ་གཏོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ལུས་དང་སྲོག་དང་ཡོ་བྱད་ལ་མི་ལྟ་བས་ཆོས་ཚོལ་བ་ལ་ཤིན་ཏུ་བརྩོན་པར་གྱུར་ ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པས་ཚིམ་པར་བྱ་བ་ལ་བརྩོན་ཅིང་ཆོས་ཐོབ་པར་བྱ་བས་ཤིན་ཏུ་དགའ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ལ་ཡིད་དགའ་བ་རབ་ཏུ་ཐོབ་ཅིང་ཆོས་ལ་མངོན་ བར་དགའ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཚོལ་བའི་སེམས་ཆེན་པོས་སྤྱོད་པ་དང་། བྱང་ཆུབ་ཚད་མེད་པ་རྙེད་པས་ལུས་དང་སྲོག་དང་འཇིག་རྟེན་གྱི་སྐྱིད་པ་ཡོངས་སུ་གཏོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ ལུས་དང་སྲོག་ལ་མི་ལྟ་ཞིང་ཆོས་ཀྱི་དགའ་བའི་མཐར་ཐུག་པས་ཆོས་ཀྱི་རིམ་གྲོ་དང་སྲི་ཞུ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཤིན་ཏུ་དཀོན་པ་མཉན་པ་ལ་བརྩོན་ཞིང་སངས་རྒྱས་ཀྱི་བསྟན་པ་ཡང་དག་པར་འཛིན་པར་གྱུར་ཅིག སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་གཞན་གྱི་དྲིང་མི་འཇོག་པའི་མཐར་ཕྱིན་ཅིང་སངས་རྒྱས་ཀྱི་བྱང་ཆུབ་སྣང་བ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རབ་ཏུ་ཤེས་པའི་ཡིད་ཀྱིས་ཐེ་ཙོམ་གྱི་ཟུག་རྔུ་དང་བྲལ་ཞིང་སངས་རྒྱས་ཀྱི་ཆོས་ ཐམས་ཅད་ངེས་པར་རྟོགས་པ་མང་བར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་བཙལ་བ་དང་། ཆོས་ཐམས་ཅད་ཀྱི་དོན་དང་བདེ་བའི་ལམ་གྱི་ཡེ་ ཤེས་མཐོང་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབང་ཕྱུག་བྱེད་ཅིང་སྲོག་གཅོད་པ་སྤང་བ་ལ་སེམས་ཅན་རྣམས་རབ་ཏུ་གཞོག་པ་དང་། འཛམ་བུའི་གླིང་གི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། ཕོ་བྲང་འཁོར་དང་། རྒྱལ་པོའི་གནས་ཐམས་ཅད་ཀྱི་ཤེན་པ་དང་། གསད་པའི་གནས་ཐམས་ཅད་རྣམ་པར་གཅོད་པ་དང་། རྐང་གཉིས་པ་དང་། རྐང་བཞི་པ་དང་། རི་དགས་མང་པོ་ལ་མི་འཇིགས་པའི་སྦྱིན་པ་བྱེད་ པ་དང་། ལྟོད་པ་མེད་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དང་། ཁོན་མེད་པའི་སེམས་ཀྱིས་རྒྱལ་པོའི་སྲིད་ཐམས་ཅད་ལ་གནས་པ་དང་། སེམས་ཅན་གྱི་མི་བདེ་བ་དང་། སྡུག་བསྔལ་ཐམས་ཅད་སེལ་བ་དང་། འགྲོ་ བ་ཐམས་ཅད་ལ་བདེ་བར་བྱེད་པའི་སེམས་རིན་པོ་ཆེ་བསྐྱེད་པ་དང་། འགྲོ་བ་ཐམས་ཅད་ན་རིན་པོ་ཆེ་དང་འདྲ་བའི་བསམ་པ་རིན་པོ་ཆེ་རབ་ཏུ་སྒྲུབ་པ་དང་། སྡོམ་པ་གསུམ་རྣམ་པར་དག་པ་ལ་བདག་གནས་ཤིང་གཞན་རབ་ཏུ་འཇོག་པའི་ཚེ། སྲོག་གཅོད་པ་སྤངས་པ་དང་། བསླབ་པ་ལྔ་ལ་སེམས་ཅན་རབ་ཏུ་བཞག་པས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སེམས་སོ་སོར་ཐོབ་ ཅིང་སྲོག་གི་དབང་པོ་གཅད་དུ་མེད་པ་དང་། ཚེ་རིང་ཞིང་ཤེས་རབ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ལ་རིམ་གྲོ་བྱེད་པའི་ཚེ་དང་ལྡན་ཞིང་ཚེ་དཔག་ཏུ་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གཞན་གྱི་གནོད་ པས་སྲོག་འགག་པར་མི་འགྱུར་ཞིང་རྒ་ཤི་མེད་པའི་ཆོས་ལ་རབ་ཏུ་བརྩོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཚེ་ཇི་སྲིད་དུ་འདོད་ཅིང་བསམས་པར་གནས་པ་ལ་མཁས་ཤིང་ནད་མེད་པའི་ལུས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ ཕྱི་མའི་མཐའི་བསྐལ་པ་བྱེ་བ་བརྒྱར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་ལ་ཞུགས་ཏེ། ཚེ་འགག་པ་མེད་པར་གྱུར་ཅིག །སེམས་ ཅན་ཐམས་ཅད་སྟོབས་བཅུའི་དགེ་བའི་རྩ་བ་ཡང་དག་པར་བསྩགས་པའི་འབྱུང་གནས་སུ་གྱུར་ཅིང་ཚེའི་དངོ་འཛིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཚེའི་ཚད་འགག་པ་མེད་པའི་དགེ་བའི་རྩ་བ་དང་། སྨོན་ལམ་ཡོངས་སུ་རྫོགས་པས་དགེ་བའི་རྩ་ བའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཚེའི་ཚད་ཟད་མི་ཤེས་པའི་དགེ་བའི་རྩ་བ་ལ་བརྩོན་ཞིང་སངས་རྒྱས་ཐམས་ཅད་མཐོང་བ་དང་མཉེས་པར་བྱ་བའི་དུས་དང་མཉམ་པར་གྱུར་ཅིག །སེམས་ཅན་ ཐམས་ཅད་འཕགས་པའི་ཆོས་ལ་དགའ་བ་རབ་ཏུ་ཐོབ་ཅིང་སྲོག་གི་དབང་པོ་འགག་པ་མེད་པ་དང་། འཕགས་པའི་སྐྱེ་མཆེད་ལ་བསླབ་པར་བྱ་བ་ཤིན་ཏུ་བསླབས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མཐུ་སྟོབས་དང་། བརྩོན་འགྲུས་ཟད་མི་ཤེས་པ་རབ་ ཏུ་ཐོབ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་དབང་བསྒྱུར་བ་ལ་རབ་ཏུ་འཇོག་པ་དང་། རྒ་བ་དང་ན་བ་མེད་པའི་ཚེ་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ ཅད་ཀྱིས་དེ་བཞིན་གཤེགས་པའི་སྟོབས་བཅུའི་ཡེ་ཤེས་ཤིན་ཏུ་རྫོགས་པར་འགྱུར་བའི་ཕྱིར་སྲོག་གཅོད་པ་སྤངས་པ་དང་། སྡོམ་པ་གསུམ་རྣམ་པར་དག་པ་ལ་རབ་ཏུ་དགོད་པའི་ཕྱིར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་བྱོལ་སོང་གི་སྐྱེ་གནས་སུ་གྱུར་པ་རྐང་བཞི་པ་དང་། མིར་འགྱུར་བ་རྣམས་ཀྱི་ཕོ་མཚན་གཅད་པར་གྱུར་ཅིང་སྐྱེས་པའི་རང་བཞིན་དང་བྲལ་བར་གྱུར་པ། སྐྱེས་བུའི་དངོས་པོ་གཞིག་པར་གྱུར་པ། ཉུག་རུམ་གྱི་དངོས་པོ་ལ་བཞག་པར་གྱུར་པ། ལུས་ལ་གནོད་པ་ཤིན་ཏུ་མི་ཟད་པར་གྱུར་པ་མཐོང་བ་དང་། སྐྱེས་པའི་དངོས་པོ་ལས་བཟློག་པར་གྱུར་པ། ཕོ་སྨོས་གཉིས་ཀ་མ་ཡིན་པའི་སྐྱེ་གནས་སུ་གཞག་པར་གྱུར་པ། སྡུག་བསྔལ་གྱི་ཚོར་བས་མནར་བར་གྱུར་པ། ལུས་མི་བདེ་བས་ཤིན་ཏུ་ གཟིར་བར་གྱུར་པ། སྐྱེས་པར་ཚུལ་གྱིས་དཔག་པ་ཙམ་དུ་གྱུར་པ་རྟེན་པའི་ལུས་འགག་པར་གྱུར་པ་དང་། སེམས་ཅན་རྣམས་ཀྱི་གནོད་པའི་རྣམ་པ་དེ་ལྟ་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཐོང་ན། བྱམས་པ་ཆེན་པོས་སེམས་ཅན་ རྣམས་ཡོངས་སུ་སྐྱོབ་ཅིང་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་སྟེ། འགྲོ་བ་ཐམས་ཅད་ལ་ཕན་འདོགས་པས་འཛམ་བུའི་གླིང་གི་སྐྱེས་པ་ལས་ཉམས་པར་འགྱུར་བ་ཐམས་ཅད་རྣམ་པར་བཟློག་གོ །རབ་ཏུ་རྒྱུན་གཅད་དོ། །ཡོངས་སུ་སྐྱོབ་བོ། ། རྣམ་པར་འཆད་པར་བྱེད་དོ། །ཆོས་དང་མཐུན་པའི་མཛོད་དང་། བདེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་ཀྱང་གཏོང་ཞིང་ཚིག་འདི་སྐད་དུ་བརྗོད་དེ། ཁྱེད་ཀྱིས་གང་གི་ཕྱིར་སྡིག་པའི་ལས་རྣམ་པ་འདི་ལྟ་བུའི་བྱ་བར་གྱུར་པ་དེའི་བདེ་བ་དང་། ཕན་པའི་ རྣམ་པ་ཐམས་ཅད་ངས་སྦྱར་གྱིས། སྡིག་པའི་ལས་ཀྱི་རྣམ་པ་འདི་ལྟ་བུ་དག་ཚུལ་བཞིན་མ་ཡིན་པ་ལ་འཇུག་པར་སེམས་བསྐྱེད་པས་བདེ་བ་མྱོང་བའི་དོན་དུ་ཁྱེད་མ་བྱེད་ཅིག །དེ་ལྟར་ཕ་རོལ་ལ་སྡིག་པའི་ལས་འདི་ལྟ་བུ་དག་བྱས་ཤིང་བདག་གིས་བདེ་ བའི་ཚོར་བ་མྱོང་བར་འགྱུར་བ་འདི་ནི་གནས་མ་ཡིན་ཏེ། དེའི་གནས་མེད་དོ། །འདི་ལྟར་སྡིག་པའི་རྣམ་པ་འདི་ལྟ་བུ་ལ་སྤྱོད་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་སྨད་པའོ་ཞེས་ནས། དེ་མ་ཡིན་པའི་མི་དགེ་བའི་ཆོས་གཞན་དག་བྱེད་པ་མཐོང་ན་ཡང་ རྣམ་པར་ཟློག་པར་བྱེད་ཅིང་། སེམས་ཅན་ཐམས་ཅད་སྦྱིན་པ་ཐམས་ཅད་ཡོངས་སུ་བཏང་བས་ཡང་དག་པར་སྡུད་དོ། །ཡོ་བྱད་ཐམས་ཅད་ཀྱིས་ཀྱང་མངོན་པར་སྡུད་པར་བྱེད་དོ། །འདི་ལྟ་སྟེ་དབེན་པའི་ཆོས་ལ་ཡིད་ཆེས་པར་བྱེད་པ་དང་། དགེ་བའི་ལས་ཤིན་ཏུ་བསྩགས་པ་དང་། མི་དགེ་བའི་ལས་ཕན་ཚུན་དུ་བྱམས་པའི་སེམས་ཀྱིས་སྤྱད་པ་དང་། ཕན་ཚུན་དུ་མི་གནོད་ཅིང་མི་འཚེ་བའི་ཕྱིར་ལེགས་པར་བཤད་པས་ཀྱང་ཤིན་ཏུ་ངོམས་པར་བྱེད་དོ། ། སེམས་ཅན་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་ཚིག་ཐོས་ནས་སྡིག་པའི་ལས་དེ་ལས་ལྡང་ངོ་། །རྣམ་པར་ལྡོག་གོ །མི་སྤྱོད་དོ། །དེས་དེ་ལྟར་བསྒྲུབས་པའི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་མཚན་ གསང་བ་སྦུབས་ན་འདུག་པ་དང་ལྡན་ཞིང་སྐྱེས་བུ་ཆེན་པོའི་མཚན་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བརྩོན་འགྲུས་དང་ལྷག་པའི་བསམ་པ་དང་། ཚངས་པའི་སྤྱོད་པ་རྣམ་པར་དག་པས་སྤྱོད་ཅིང་སྐྱེས་བུའི་མཚན་དང་ལྡན་པར་གྱུར་ ཅིག །སེམས་ཅན་ཐམས་ཅད་ཆགས་པ་མེད་པ་དཔའ་བའི་ཡེ་ཤེས་ལ་ཡང་དག་པར་གནས་པ་ལས་མི་ལྡོག་ཅིང་ཤིན་ཏུ་བརྟན་པས་དབང་སྒྱུར་བ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འདོད་པའི་དགའ་བས་མི་ཟློགས་མི་ཆགས་པའི་ སེམས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྨད་པ་མེད་པར་ཐམས་ཅད་མཁྱེན་པར་འབྱུང་བའི་ཡེ་ཤེས་བཟང་པོ་དང་ལྡན་ཞིང་སྐྱེས་བུ་དམ་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྟོབས་བཅུ་འབྱུང་བའི་དགེ་བའི་རྩ་བ་ དང་ལྡན་ཞིང་སྐྱེས་བུ་ཆེན་པོའི་སྟོབས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རྨད་དུ་བྱུང་བའི་ཚོགས་ལ་གནས་པ་རབ་ཏུ་ཐོབ་ཅིང་དུས་ཐམས་ཅད་དུ་སྐྱེས་བུའི་དབང་པོ་ཉམས་པ་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁམས་ གསུམ་ཐམས་ཅད་ཀྱི་འདོད་ཆགས་དང་བྲལ་བས་དབང་སྒྱུར་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དང་། འདོད་པ་ལྔའི་ཡོན་ཏན་གྱི་དགའ་བ་ལ་མ་ཆགས་པ་དང་གྲོལ་ཞིང་བཅིངས་པ་མེད་པའི་སེམས་དང་ལྡན་པར་གྱུར་ཅིག །སེམས་ཅན་ ཐམས་ཅད་འགྲོ་བ་ཀུན་གྱིས་ཤེས་ཤིང་ཡིད་ཆེས་པའི་དུལ་བ་དང་ལྡན་ཞིང་སྐྱེས་བུ་མཁས་པའི་དམ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱེས་བུ་དམ་པ་སངས་རྒྱས་ཀྱི་མཁྱེན་པ་ལ་ཞུགས་པའི་ཡེ་ཤེས་དང་ལྡན་ཞིང་བྱང་ཆུབ་སེམས་དཔའི་མཐུ་རྩལ་ དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་བུ་དམ་པ་ཡོངས་སུ་བསྲུང་བ་ལ་ཞུགས་བསྐལ་བ་དང་ལྡན་པ་འཕགས་པའི་སྐྱེ་གནས་སུ་སྐྱེ་བ་འཐོབ་པའི་ཡེ་ཤེས་ཀྱི་སྐྱེ་གནས་དང་། རིགས་ལ་ཡང་ དག་པར་བརྩོན་པ་སྐྱེས་བུ་ཁྱད་པར་དུ་འཕགས་པའི་ཚུལ་ཤེས་པས་ཡང་དག་པར་སྤྱོད་པ། སྐྱེས་བུའི་ཚུལ་བདུན་ཡང་དག་པར་མཐོང་ཞིང་རྟོགས་པ། སྐྱེས་བུའི་མཐུ་རྩལ་དམ་པ་དང་། སྐྱེས་བུའི་མཐུ་རྩལ་མ་ནོར་བ་དང་། སངས་ རྒྱས་ཀྱི་བསྟན་པའི་སྐྱེས་བུའི་མཐུ་རྩལ་དང་། དཔའ་བའི་སྐྱེས་བུའི་མཐུ་རྩལ་དང་། བརྟན་པའི་སྐྱེས་བུའི་མཐུ་རྩལ་གྱིས་ཡང་དག་པར་བཟུང་བ་དེ་སྐྱེས་བུའི་དབང་པོ་གཅད་པ་མེད་པར་བྱས་པ་དང་། སྐྱེས་བུའི་དབང་པོ་བརྟན་པར་བྱས་པས་ཡང་ དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་གང་གིས་དེ་བཞིན་གཤེགས་པའི་ཤེས་རབ་ཀྱི་མཐུ་རྩལ་ཡོངས་སུ་དག་པ་རབ་ཏུ་ཐོབ་པར་འགྱུར་བ་དང་། མཁྱེན་པ་དང་ལྡན་པའི་སྐྱེས་བུར་འགྲུབ་པར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་པ་འཇིག་རྟེན་གྱི་ཐམས་ཅད་དུ་གྲགས་པར་བྱེད་པ་དང་། ཀྱེ་མ་སངས་རྒྱས་འཇིག་རྟེན་དུ་བྱུང་ངོ་། །ཀྱེ་མ་སངས་རྒྱས་འཇིག་རྟེན་དུ་བྱུང་ངོ་ཞེས། སངས་རྒྱས་ཀྱི་སྒྲ་སྒྲོག་ཅིང་། སངས་རྒྱས་ཀྱི་དབྱངས་ཀུན་ཏུ་གྲགས་པར་བྱེད་པ་དང་། སེམས་ཅན་གྱི་ང་རྒྱལ་དང་། བག་མྱེད་པ་དང་། སྤྲོས་པ་ཐམས་ཅད་རྣམ་པར་བཟློག་པ་དང་། སངས་རྒྱས་མཐོང་བར་སེམས་ཅན་རྣམས་ ཡང་དག་པར་སྟོབས་པ་དང་། སངས་རྒྱས་རྗེས་སུ་དྲན་པ་ལ་སེམས་ཅན་རྣམས་རབ་ཏུ་གཞོག་པ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ལ་གཞོལ་བར་བྱེད་པ་དང་། སངས་རྒྱས་དམྱིགས་པ་ལ་བརྩོན་པའི་ སེམས་དང་ལྡན་པའི་སེམས་ཅན་ཐམས་ཅད་ལ་རིམ་གྲོར་བྱེད་པ་དང་། སངས་རྒྱས་རྣམ་པར་རྟོག་པ་སེམས་ཅན་རྣམས་ལ་སྟོན་པ་དང་། སངས་རྒྱས་བརྗོད་པ་ལ་སེམས་ཅན་རྣམས་ཡང་དག་པར་འཛུད་པ་ དང་། བསྐལ་པ་བྱེ་བར་ཡང་སངས་རྒྱས་བཅོམ་ལྡན་འདས་སྐྱེ་བ་ནི་ཤིན་ཏུ་དཀོན་ནོ་ཞེས་བྱ་བའི་ཚིག་སེམས་ཅན་རྣམས་ལ་བརྗོད་པ་དང་། སེམས་ཅན་དེ་དག་གིས་ཀྱང་དེའི་ཕྱིར། སངས་རྒྱས་མཐོང་བར་གྱུར་པ་དང་། སངས་རྒྱས་ལ་ རིམ་གྲོ་དང་ཞེས་བྱེད་པ་དང་། དགའ་བ་དང་སྤྲོ་བ་བསྐྱེད་པ་དང་། དེ་བཞིན་གཤེགས་པ་ལས་སངས་རྒྱས་ཐམས་ཅད་ཀྱི་མཚན་ཉན་པ་དང་། སངས་རྒྱས་གྲངས་མེད་པ་ལ་ཤིན་ཏུ་བསྐྱེད་པའི་དགེ་བའི་རྩ་བ་སྩོགས་པ་དང་། སྲོག་ཆགས་བྱེ་བ་ ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པའི་སངས་རྒྱས་ཀྱི་གཏེར་རྣམ་པར་སྦྱོང་བ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་དུ་ཡོངས་སུ་སྨིན་པར་བྱེད་པ་དང་། སེམས་ཅན་དེ་དག་ཀྱང་བྱང་ཆུབ་སེམས་ པས་དགེ་བའི་བཤེས་གཉེན་དམ་པ་རབ་ཏུ་ཤེས་པ་དང་། བྱང་ཆུབ་སེམས་དཔའ་ལ་ཡིད་ཆེས་པས་སངས་རྒྱས་ཀྱི་ཆོས་ལ་གནས་པར་གྱུར་པ་དང་། འཇིག་རྟེན་ཐམས་ཅད་དུ་བསྐལ་པ་གྲངས་མེད་པར་སྐྱེད་ཅིང་སྤེལ་བའི་དགེ་བའི་རྩ་ བས་སངས་རྒྱས་ཀྱི་ཕྲིན་ལས་ཡང་དག་པར་བསྒྲུབ་པའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཐམས་ཅད་མཉེས་པར་བྱས་ཏེ། མི་མཉེས་པར་མི་བྱེད་ པ་དང་། སངས་རྒྱས་ལྟ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ལྟ་བ་ཡིད་ལ་བྱ་བ་དང་། མ་བྲལ་ཞིང་སངས་རྒྱས་བལྟ་བར་བརྩོན་པའི་ཡིད་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གསུང་དང་། ཆོས་ཀྱི་མཛོད་ཡང་དག་པར་འཛིན་ཅིང་ཡེ་ཤེས་སྒོམ་པ་ཤིན་ཏུ་མང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཉན་པ་དང་མི་འབྲལ་ཞིང་བསྐལ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡང་དག་པར་གནས་པའི་ཕྱིར། སངས་རྒྱས་ ཀྱི་ཆོས་ཀྱི་སྒྲ་འབྱིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་འབྱུང་བ་ཐམས་ཅད་མཐོང་ཞིང་ཡེ་ཤེས་ཡང་དག་པར་གཟུང་བའི་ཕྱིར། དྲན་པ་ཉེ་བར་གཞག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཡིད་ལ་བྱ་བ་དང་མཆོད་ པར་བྱ་བའི་མཐུ་ལ་བརྩོན་ཞིང་ཡིད་ལ་བྱ་བ་ལས་གཞན་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ནམ་མཁའི་དབྱིངས་ཀུན་ཏུ་སངས་རྒྱས་མཐོང་བའི་འབྱུང་གནས་ལ་ཞུགས་ཤིང་། ཕྱོགས་ཀུན་ཏུ་སངས་རྒྱས་མཐོང་བ་རབ་ཏུ་ཐོབ་པར་ གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་ཀུན་ཏུ་སངས་རྒྱས་འབྱུང་བ་བརྗོད་པ་ལ་བརྩོན་ཞིང་སངས་རྒྱས་ཀྱི་སྐུས་བྱིན་གྱིས་བརླབས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མོས་པ་དང་། དད་པ་མི་ཤིགས་པ་དང་། སྙིང་ཐག་པའི་བསམ་པས་སངས་རྒྱས་ཐམས་ཅད་དང་འགྲོགས་པར་གྱུར་ཏེ། དགེ་བའི་བཤེས་གཉེན་གྱིས་སངས་རྒྱས་ཀྱི་ཆོས་རྫོགས་པར་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་སྐྱེ་བ་དོན་ཡོད་པས་འགྲོ་བ་ཐམས་ཅད་རྣམ་ པར་སྦྱང་བའི་ཕྱིར་སངས་རྒྱས་སྐྱེ་བ་ཐམས་ཅད་རབ་ཏུ་བརྗོད་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་སྐྱེ་བ་བརྗོད་པས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་སངས་ རྒྱས་མཐོང་བ་དང་། མཉེས་པར་བྱེད་པ་དང་མི་མཉེས་པར་མི་བྱེད་ཅིང་། སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་ཐམས་ཅད་ཡོངས་སུ་དག་པའི་མཐར་ཕྱིན་པར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཕོ་བྲང་གི་ལོངས་སྤྱོད་དམ། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་རྣམས་ཅི་དགའ་བའི་ལོངས་སྤྱོད་དམ། འཕགས་པའི་དགེ་འདུན་གྱི་གཙུག་ལག་ཁང་གི་ལོངས་ སྤྱོད་དམ། ཕ་མ་གནས་པའི་གནས་སམ། ཉན་ཐོས་དང་རང་སངས་རྒྱས་སམ། གང་ཟག་གི་རྣམ་པ་སྦྱིན་པའི་གནས་དག་གམ། དེ་མ་ཡིན་པའི་ཕོངས་པ་དང་། བཀྲེན་པ་སློང་ཞིང་ལེན་པ་དག་གམ། འཁོར་བཞི་ཕོངས་པ་མེད་པར་ གནས་པའི་གནས་སམ། དེ་བཞིན་གཤེགས་པའི་མཆོད་རྟེན་བརྩིགས་པའི་གནས་སམ། ཡོ་བྱད་སྣ་ཚོགས་གཞག་པའི་གནས་ཅི་འདོད་པའི་ལོངས་སྤྱོད་དུ་བྱ་བ་འམ། འཇིགས་པ་དང་དོགས་པ་མེད་ཅིང་དགྲ་དང་བྲལ་བ་སྐྱི་གཡའ་བ་ མེད་པའི་གནས་ཀྱིས་དག་འབུལ་བའི་ཚེ། སའི་སྦྱིན་པ་ཡོངས་སུ་བཏང་བས་ཡུལ་ཅི་འདོད་པར་བྱིན་པས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་བྱང་ ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་ཅིང་ཐམས་ཅད་མཁྱེན་པའི་ས་ཡོངས་སུ་དག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འཛིན་པ་ལ་དྲན་པའི་དབང་པོ་རྨོངས་པ་མེད་ ཅིང་ས་ལྟ་བུར་རེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་བསྲུང་བ་ལ་ཞུགས་ཤིང་ཡང་དག་པར་འཛིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ལ་ཞེ་སྡང་བ་མེད་ཅིང་དགེ་བའི་བསམ་པ་ རྣམ་པར་སྦྱང་བ་ལ་བརྩོན་པས་སེམས་ས་དང་མཉམ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཡང་དག་པར་བསྒྲུབ་པ་ལ་མཁས་ཤིང་སངས་རྒྱས་ ཐམས་ཅད་ཀྱི་རིགས་ཡང་དག་པར་འཛིན་པ་ལ་ཞུགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་རྣམ་པར་དག་པའི་ལམ་ལ་ཞུགས་ཏེ་གནས་སུ་རེད་པར་གྱུར་ཅིག །སེམས་ཅན་ཐམས་ ཅད་སངས་རྒྱས་ཀྱི་སྟོབས་ལ་རབ་ཏུ་དགོད་པར་བརྩོན་ཞིང་སངས་རྒྱས་ལྟ་བུར་འགྲོ་བ་ཐམས་ཅད་ལ་ཕན་འདོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་དགའ་བ་བླ་ན་མེད་པ་ལ་རབ་ཏུ་གཞོག་པའི་ཕྱིར། འགྲོ་བ་ཐམས་ཅད་ཀྱི་དགའ་བར་རེད་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྟོབས་དང་། མི་འཇིགས་པའི་ཆོས་ཀྱི་འབྱུང་གནས་སུ་གྱུར་ཏེ། རབ་ཏུ་དགོད་པ་ལ་མཁས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱིས་རྣམ་པར་རྩེ་ཞིང་ཡོངས་ སུ་སྤྱོད་པ་ཐོབ་སྟེ། ས་ལྟ་བུའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སའི་སྦྱིན་པ་ཡོངས་སུ་བཏང་བས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་ཅི་ནས་ཀྱང་སེམས་ཅན་གྱི་ ཁམས་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ས་ཡོངས་སུ་དག་པ། ཐམས་ཅད་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ བཅོམ་ལྡན་འདས་བྱུང་བ་རྣམས་ལ་རིམ་གྲོའི་དོན་དུ་བདག་གི་བྲན་དང་ལས་བྱེད་པ་རྣམས་འབུལ་བའམ། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྤེལ་བའི་བརྩོན་པ་རྣམས་སམ། འཕགས་པའི་དགེ་འདུན་དཀོན་མཆོག་གམ། ཕ་དང་མ་དང་། སློབ་དཔོན་དང་། བླ་མའི་སྦྱིན་པའི་གནས་ལ་བྲན་དང་། ལས་བྱེད་པའི་མི་འབུལ་བ་དང་། སེམས་ཅན་ནད་པ་རྣམས་ལ་རིམ་གྲོ་བྱེད་པ་མེད་པས་ འཆི་བར་མི་འགྱུར་བའི་རིམ་གྲོ་བྱ་བའི་ཕྱིར་བྲན་དང་། ལས་བྱེད་པའི་མི་སྦྱིན་པ་འམ། དེ་མ་ཡིན་པའི་སེམས་ཅན་གཡོག་མེད་པ་ལ་བྲན་དང་ལས་བྱེད་པའི་མི་གཏོང་བ་འམ། ཕོངས་པ་དང་བཀྲེན་པ་སློང་ཞིང་ལེན་པ་གཞན་དང་། གཞན་ དག་ལ་བྲན་དང་ལས་བྱེད་པའི་མི་གཏོང་བ་འམ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་མཆོད་རྟེན་བསྲུང་བའི་ཕྱིར་འབུལ་བ་འམ། དམ་པའི་ཆོས་ཡོངས་སུ་བསྲུང་བའི་ཕྱིར་ཡི་གེ་དང་གྲངས་ལ་ཤིན་ཏུ་བསླབས་པའི་ མི་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་འབུལ་བ་བྱེད་ཅིང་རིམ་གྲོ་བ་དེ་དག་ཀྱང་མཁས་པ། ཚུལ་ཤེས་པ། ཅང་ཤེས་པ། བརྩོན་པ། ལེ་ལོ་མེད་པ། དྲང་བ། དྲང་པོ་དང་ལྡན་པ། ཕན་པར་སེམས་པ། བདེ་བར་སེམས་པ། བྱམས་ པར་སེམས་པ། རིམ་གྲོ་བྱེད་པའི་ངང་ཚུལ་ཅན། ཁོན་མེད་པ། གཅུགས་མེད་པར་ཡོངས་སུ་སྤྱོད་པ། བཟོ་དང་སྒྱུ་རྩལ་སྣ་ཚོགས་དང་། གྲངས་ལ་ཤིན་ཏུ་བསླབས་པའི་ཤེས་པ་གསལ་བ་ཅན། རིམ་པའི་ཚུལ་ཤེས་པ། དགའ་བར་ བྱེད་ཅིང་རིམ་གྲོ་བྱེད་པ་ལ་བརྩོན་ཞིང་སྟོང་བ། བྱང་ཆུབ་སེམས་དཔའི་ལས་ལས་བྱུང་བ། ཡིད་དུ་འཐད་པ། རིམ་གྲོ་བྱེད་པ། སེམས་ཤིན་ཏུ་དང་བ། དེ་ལྟ་བུའི་རིམ་གྲོ་བ་དག་གནས་གར་འོས་པ་དང་། ཅི་རིགས་པ་དང་། ཕན་འདོགས་པ་དེ་དང་དེ་དག་ལ་འབུལ་ཞིང་ཡོངས་སུ་གཏོང་བ་དང་། སྦྱིན་པ་བྱེད་པའི་ཚེ་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། རིམ་གྲོ་པ་ཡང་དག་པར་གཏོང་བ་དང་ལྡན་པའི་དགེ་བའི་རྩ་བ་འདིས། སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་བསྙེན་བཀུར་བ་དང་རིམ་གྲོ་བྱ་བ་ལ་མཁས་ཤིང་བརྩོན་ཏེ། ཅང་ཤེས་ཀྱི་སེམས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་བཀའ་ཡང་དག་པར་ལེན་ཅིང་སངས་རྒྱས་ཐམས་ཅད་དང་ མཐུན་པའི་རིམ་གྲོ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡིད་ལ་བྱ་བ་དང་བསམ་པ་དང་། རྣམ་པར་རྟོག་པ་གཞན་མེད་ཅིང་སངས་རྒྱས་ཐམས་ཅད་ལ་རྟག་ཏུ་སྐབས་ཕྱེ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བ་ཐམས་ཅད་ཡང་དག་པར་ སྡུད་པ་ལ་བརྩོན་ཞིང་སངས་རྒྱས་ཐམས་ཅད་ཀྱི་རིགས་ལས་མི་ཉམས་པ་དང་། སངས་རྒྱས་ཀྱི་རྗེས་སུ་སྙེག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དོན་ཡོད་པར་དུས་ཐམས་ཅད་དུ་འཕྲད་ཅིང་སངས་རྒྱས་ཐམས་ཅད་ལ་དུས་དང་མཐུན་པར་རིམ་གྲོ་ དང་བསྙེན་བཀུར་བྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡི་གེ་རྣམ་པར་དག་པས་མི་འཇིགས་པར་སྤྱོད་ཅིང་། སངས་རྒྱས་ཀྱི་ཆོས་ཀྱི་དོན་འཛིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ལ་ལུས་དང་སྲོག་ཕུལ་ཞིང་། སངས་རྒྱས་ཐམས་ཅད་ལ་ངོམས་མི་ཤེས་པར་ལྟ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་གནས་ཐམས་ཅད་ཡང་དག་པར་འཇོམས་པས། སངས་རྒྱས་ཐམས་ཅད་ལ་ལྟ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ངོ་མཚར་དུ་འཛིན་པ་དང་། དེ་མ་ཡིན་པའི་གནས་གཞན་མེད་ཅིང་སངས་རྒྱས་ཐམས་ཅད་ལ་རྟེན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས། བླ་ན་མེད་པ་ལ་མངོན་དུ་གྱུར་པའི་སེམས་དང་ལྡན་པར་གྱུར་ཏེ། སངས་རྒྱས་ཀྱི་རྗེས་སུ་འབྲང་བའི་བློ་གྲོས་ དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིམ་གྲོ་པ་ཡོངས་སུ་བཏང་བས་ཡང་དག་པར་བསྡུས་པའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་རྡུལ་མེད་ཅིང་། རྡུལ་དང་བྲལ་བ་དྲི་མ་མེད་པ་རྙོག་ པ་མེད་པའ