Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 036_ཕལ་ཆེན།_ཁ

Văn bản gốc(Tây Tạng)

Trang 7 / 22 (50.000 ký tự/trang)
་ལྟར་འདུག་པ་དང་། གོས་ཡིད་དུ་འོང་བ་དང་། རིན་པོ་ཆེ་དགའ་དགའ་ལྟར་འདུག་
པ་དང་། རྒྱན་དགའ་དགའ་ལྟར་འདུག་པ་དང་། ལྡུམ་ར་དགའ་དགའ་ལྟར་འདུག་པ་དང་། གྲོང་ཁྱེར་དགའ་དགའ་ལྟར་འདུག་པ་དང་། ལྗོངས་དགའ་དགའ་ལྟར་འདུག་པ་དང་། རྒྱལ་པོའི་གནས་དགའ་དགའ་ལྟར་འདུག་པ་དང་།
ཁམས་དགའ་དགའ་ལྟར་འདུག་པ་དང་། ཡུལ་དགའ་དགའ་ལྟར་འདུག་པ་དང་། རྒྱལ་པོའི་སྲིད་དགའ་དགའ་ལྟར་འདུག་པ་དང་། དབང་དགའ་དགའ་ལྟར་སྒྱུར་བ་དང་། ཕྱོགས་དགའ་དགའ་ལྟར་འདུག་པ་དང་། འཁོར་དགའ་དགའ་ལྟར་
འདུག་པ་དང་། འབྲོག་དགའ་དགའ་ལྟར་འདུག་པ་དག་མཐོང་ན། བྱང་ཆུབ་སེམས་དཔའ་ཐབས་དང་ཡེ་ཤེས་ལ་བརྩོན་པ་བསོད་ནམས་དམ་པས་བྱུང་བ། དགེ་བའི་རྩ་བ་དོན་དུ་གཉེར་བ་འགྲོ་བ་ཀུན་ཏུ་བག་ཡོད་པར་སྤྱོད་པ། ལེགས་པར་བསྟན་
པའི་དགེ་བའི་རྩ་བ་ལ་བརྩོན་པ་རྒྱ་མཚོ་ལྟ་བུ་ཤིན་ཏུ་དབེན་པ། དགེ་བའི་རྩ་བ་ཟད་མི་ཤེས་པ་ཐམས་ཅད་དང་ལྡན་པ། བསོད་ནམས་ཀྱི་འབྱུང་གནས་དང་ལྡན་པ། དགེ་བའི་རྩ་བ་ཐམས་ཅད་ཐ་མི་དད་པ་ལ་མཁས་པས་ཡོངས་སུ་བསྔོ་བ།
རྣམ་པ་མཐའ་ཡས་པའི་དགེ་བའི་རྩ་བ་ཐམས་ཅད་བསྔོ་བ་མཐོང་བ་དང་། རྣམ་པར་སྤྱོད་པའི་ཡེ་ཤེས་དང་ལྡན་པ་སེམས་ཅན་ཐམས་ཅད་ལ་སེམས་པས་དམིགས་པ། ཆུད་མི་ཟ་བའི་དགེ་བའི་རྩ་བ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ཚད་
ཀྱིས་ཀླས་པར་རྒྱུན་མི་འཆད་ཅིང་དེ་བཞིན་ཉིད་དང་མཉམ་པའི་དགེ་བའི་རྩ་བ་དང་ལྡན་པ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་ཆོས་ཉིད་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཛིན་པའི་ཆོས་ཉིད་ཀྱི་ངང་ཚུལ་

ཅན་དུ་གྱུར་ཏེ། སངས་རྒྱས་མཐོང་བའི་དགའ་བ་རབ་ཏུ་ཐོབ་ཅིང་། སེམས་ཅན་གྲངས་མེད་པ་ཐམས་ཅད་དེ་བཞིན་ཉིད་དང་མཉམ་པར་རྣམ་པར་དག་པར་གྱུར་ཅིག་ཅེས། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
དགའ་དགའ་ལྟར་འདུག་པ་མཐོང་བ་དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོས་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སངས་རྒྱས་ཐམས་ཅད་བསྙེན་བཀུར་བ་ཡོངས་སུ་རྫོགས་པས་མདངས་དགའ་བ་དང་། ཞིང་ཐམས་ཅད་ཉེ་བའི་ཉོན་མོངས་པ་མེད་ཅིང་རྣམ་
པར་དག་པས་མདངས་དགའ་བ་དང་། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྟོན་པས། མདངས་དགའ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་བཟུང་བ་རབ་ཏུ་ཐོབ་པས་མདངས་དགའ་
བ་དང་། དགེ་བའི་བཤེས་གཉེན་ཐམས་ཅད་ལ་ཞེ་སྡང་བ་མེད་པའི་མིག་གིས་ལྟ་བས་མདངས་དགའ་བ་དང་། དངོས་པོ་ཐམས་ཅད་ཡིད་དུ་འཐད་པ་མཐོང་ངས་མདངས་དགའ་བ་དང་། སེམས་ཅན་ཐམས་ཅད་ཡང་དག་པར་གཟུང་བ་རབ་ཏུ་ཐོབ་པས་མདངས་
དགའ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཆོས་ཀྱི་སྣང་བ་ཐམས་ཅད་རབ་ཏུ་ཐོབ་པས་མདངས་དགའ་བ་དང་། སེམས་ཅན་ཐམས་ཅད་ལ་གཏོང་བའི་སེམས་ཀྱིས་སྦྱིན་པ་བྱེད་པས་མདངས་དགའ་བ་དང་། ཆོས་ཐམས་ཅད་འཇིགས་པ་མེད་
པར་སེམས་ཅན་ཐམས་ཅད་ལ་རབ་ཏུ་སྟོན་པས་མདངས་དགའ་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་རབ་ཏུ་ཐོབ་པས་མདངས་དགའ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཟུངས་འཛིན་པས་མདངས་དགའ་བ་དང་། བྱང་
ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་མཐའ་ཡས་པས་རྣམ་པར་སྤྱོད་པས་མདངས་དགའ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཡང་དག་པར་སྟོན་པས་མདངས་དགའ་བ་དང་། དེ་བཞིན་གཤེགས་པའི་དཀྱིལ་

འཁོར་ཐམས་ཅད་ཀྱིས་ཤིན་ཏུ་སྟན་པ་ཡང་དག་པར་བསྟན་པས་མདངས་དགའ་བ་དང་། ཚིག་རབ་ཏུ་ཕྱེ་བ་ཐམས་ཅད་ལ་མཁས་པས་བསྟན་པ་ཡང་དག་པར་བསྟན་པས་མདངས་དགའ་བ་དང་། སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པས་མདངས་དགའ་བ་དང་། བྱང་
ཆུབ་ཏུ་སེམས་སྐྱེ་བ་སར་པ་གསར་པས་དབང་པོ་དགའ་བར་གྱུར་ཏེ་མདངས་དགའ་བ་དང་། སངས་རྒྱས་ཐམས་ཅད་ཀྱི་རིགས་སུ་ཆུད་པས་མདངས་དགའ་བ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་འདུལ་བ་རྒྱུན་མི་འཆད་པས་མདངས་དགའ་བ་དང་།
བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤོབས་པ་མི་ཟད་པས་ཆོས་ཐམས་ཅད་རབ་ཏུ་སྟོན་ཅིང་མདངས་དགའ་བ་དང་། འཇིག་རྟེན་གྱི་ཁམས་རེ་རེར་ཡང་བརྗོད་དུ་མེད་པའི་བསྐལ་པར་གནས་པས་ཡོངས་སུ་མི་སྐྱོ་ཞིང་མདངས་དགའ་བ་དང་། སངས་
རྒྱས་ཀྱི་ཆོས་མཐའ་ཡས་པའི་ཚུལ་ལ་སྒོ་མཉམ་པས་འཇུག་པས་མདངས་དགའ་བ་དང་། རྩ་བ་མེད་པས་ཆོས་ཐམས་ཅད་ཆགས་པ་མེད་པའི་ཚུལ་ལ་རབ་ཏུ་འཇུག་པས་མདངས་དགའ་བ་དང་། འདོད་ཆགས་མེད་པ་དང་མཉམ་པའི་ཆོས་
ཐམས་ཅད་ཀྱི་སྒྲིབ་པ་ཡོངས་སུ་སྤང་བའི་ཕྱིར་མི་གཉིས་པའི་དབྱིངས་ཁོང་དུ་ཆུད་པས་མདངས་དགའ་བ་དང་། འདོད་ཆགས་དང་བྲལ་བའི་མཐའ་དང་མཉམ་པའི་ཆོས་ཐམས་ཅད་ལ་བདེན་པའི་མཐའ་ཇི་ལྟ་བ་བཞིན་དུ་རབ་ཏུ་འཇུག་པས་
མདངས་དགའ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྩོད་པ་མེད་པ་ཡོངས་སུ་རྫོགས་པས་མདངས་དགའ་བ་དང་། བསམ་པ་རྡོ་རྗེའི་སྙིང་པོ་ལྟ་བུས་ཐམས་ཅད་མཁྱེན་པའི་བརྩོན་འགྲུས་རྣམ་པར་དག་པ་ཡོངས་སུ་རྫོགས་པས་མདངས་
དགའ་བ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་བར་དུ་གཅོད་པའི་དགྲ་རབ་ཏུ་གདུལ་བ་ཡོངས་སུ་རྫོགས་པས་མདངས་དགའ་བ་དང་། འགྲོ་བ་ཐམས་ཅད་དུ་ཁྱབ་པའི་ཐམས་ཅད་མཁྱེན་པའི་ཚུལ་གྱི་སྒོ་མངོན་པར་འཚང་རྒྱ་བ་ཡང་དག་པར་

བསྟན་པ་ཡོངས་སུ་རྫོགས་པས་མདངས་དགའ་བར་བྱ་བའི་ཕྱིར་ཡོངས་སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ།
དེ་བཞིན་གཤེགས་པའི་ཉི་མས་སེམས་ཤིན་ཏུ་སྣང་བར་བྱས་པ། རྨོངས་པ་མེད་པའི་ཆོས་ལ་རབ་ཏུ་བརྩོན་པ། ཡེ་ཤེས་ཀྱི་ལས་ལ་ཞུགས་པ། ཡེ་ཤེས་ཀྱི་ས་ལ་ཤིན་ཏུ་བསླབས་པ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་དགེ་བའི་རྩ་བ་རྣམ་པར་བཀྲམ་པ་
ཡོངས་སུ་བསྔོ་བའི་ཡེ་ཤེས་དང་ལྡན་པ། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྒྱ་མཚོ་ཐམས་ཅད་ཀྱི་གཏིང་རྙེད་པ། ཡེ་ཤེས་ཀྱི་རིག་པ་དམ་པ་ལ་ཞུགས་པ་དགེ་བའི་རྩ་བ་རྣམ་པ་ཐ་དད་པ་འབྱམ་ཀླས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་འཇུག་པ་དང་ལྡན་པ་
དེ་འཇིག་རྟེན་ཐམས་ཅད་དུ་གནས་མེད་པར་འགྲོ་བའི་སེམས་དང་སེམས་ཅན་གྱི་ཁམས་ཐམས་ཅད་ལ་མངོན་པར་ཆགས་པས་མི་གནས་པའི་བསམ་པ་དང་། ཆོས་ཐམས་ཅད་ལ་རློམ་སེམས་མེད་པའི་ཡིད་ལ་བྱེད་པ་དང་། སངས་རྒྱས་ཐམས་ཅད་ལ་ཉམས་པ་མེད་
པའི་ཡེ་ཤེས་དང་། མངོན་པར་ཤེས་པ་དང་། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་མི་འགལ་བའི་ཡོངས་སུ་བསྔོ་བའི་སྒོས་དགེ་བའི་རྩ་བ་ཉེ་བར་བསྩགས་པ་དེ་དག་ཐམས་ཅད་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དང་འགལ་བ་མེད་
ཅིང་དེ་བཞིན་གཤེགས་པའི་མཚན་ཉིད་འཁྲུག་པར་མི་འགྱུར་བ་དང་། དུས་མཉམ་པ་ཉིད་ལ་རྣམ་པར་དཔྱད་པ་དང་། སེམས་ཅན་མེད་པར་རྟོགས་པར་བྱ་བ་དང་། དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་རྗེས་སུ་འབྲང་བ་དང་། ཆོས་རྣམ་པར་དགོད་
པ་ཡང་དག་པར་བརྗོད་པ་དང་། དོན་ཤེས་པ་ཁོང་དུ་ཆུད་པར་བྱ་བ་དང་། ཟིལ་གྱིས་གནོན་པའི་ས་ཐམས་ཅད་ཀྱི་རྗེས་སུ་འབྲང་བ་དང་། ཆོས་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པར་དཔྱད་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཡང་དག་པར་སེམས་པ་དང་།

བསམ་པ་ཤིན་ཏུ་བརྟན་པ་ཡང་དག་པར་རྫོགས་པར་བྱ་བ་དང་། ལས་ཐམས་ཅད་ཡང་དག་པར་བསྩགས་པ་ལ་འཇུག་པ་དང་། ཆོས་རྣམས་ཀྱི་བདེན་པ་ཉིད་ཡང་དག་པར་བལྟ་བ་དང་། ཆོས་ཐམས་ཅད་ཀྱི་སྐྱོན་མེད་པ་ཉིད་དང་། ཆོས་ཇི་ལྟ་བ་
བཞིན་དུ་སྤྲུལ་པའི་རྒྱུ་དང་ལྡན་པ་ལ་རབ་ཏུ་འཇུག་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་དངོས་པོ་མེད་པར་ཁོང་དུ་ཆུད་པར་བྱ་བ་དང་། དོན་ཐམས་ཅད་རྣམ་པ་སྣ་ཚོགས་སུ་འབྱུང་བ་ལ་རྣམ་པར་དཔྱོད་པ་དང་། བརྗོད་པ་ཐམས་ཅད་ལ་གནས་
མེད་པར་ཤིན་ཏུ་བསྒྲུབ་པ་དང་། གནས་ཐམས་ཅད་རྐྱེན་སྣ་ཚོགས་ཀྱིས་བྱུང་བ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་བྱ་བ་དང་། ཡོངས་སུ་བསྔོ་བ་རྣམ་པར་དབེན་པ་ལ་རབ་ཏུ་དཔྱོད་པ་དང་། ཆོས་ཐམས་ཅད་ཚུལ་གཅིག་ཏུ་ཡང་
དག་པར་བལྟ་བ་དང་། ཚུལ་མཐའ་ཡས་པའི་ཆོས་ཐམས་ཅད་དང་འགལ་བ་མེད་པར་བྱ་བ་དང་། ཡོངས་སུ་བསྔོ་བ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འགྲོགས་པས་བསྙེན་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་
བསྔོ་བས་འགྲོ་བ་ཐམས་ཅད་ཡང་དག་པར་བཟུང་བ་དང་། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོངས་སུ་བསྔོ་བ་ཁོང་དུ་ཆུད་པར་བྱེད་ཅིང་ཡོངས་སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་འཇིགས་པ་མེད་པའི་སེམས་ཀྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡོངས་སུ་བསྔོའོ། །ཚད་མེད་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བདག་གིར་བྱ་བ་
མེད་པའི་སེམས་ཀྱིས་ཕྱོགས་ཐམས་ཅད་ལ་ཡོངས་སུ་བསྔོའོ། །ཁྱད་པར་མེད་པའི་སེམས་ཀྱིས་འཇིག་རྟེན་ཐམས་ཅད་ལ་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་དེ་ཡུལ་དང་སྤྱོད་ཡུལ་ཐམས་ཅད་དང་། འཇིག་རྟེན་ཐམས་ཅད་ཀྱིས་གོས་པ་མེད་

པའི་ཕྱིར་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་དེ་འཇིག་རྟེན་ལས་འདས་པའི་ཆོས་ལ་ཡང་དག་པར་སྤྱོད་པས་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་དེ་འགྲོ་བ་ཐམས་ཅད་མི་དམིགས་ཤིང་། མི་གནས་པས་ཡོངས་སུ་བསྔོའོ། །
དགེ་བའི་རྩ་བ་དེ་ཐམས་ཅད་ཟིལ་གྱིས་གནོན་པའི་ནན་ཏན་བསྟན་པས་ཡང་དག་པར་བསྐྱེད་པས་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་དེ་ཆོས་ཀྱི་འབྱུང་གནས་རྣམ་པར་བརྟག་པ་མེད་པ་མངོན་པར་བསྒྲུབས་པས་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་དེ་དེ་
བཞིན་ཉིད་ཀྱི་སྒོ་ཐམས་ཅད་དུ་འགྲོ་ཞིང་མཐའ་དང་དབུས་མེད་པར་འགྲོ་བས་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཀྱི་ངང་ཚུལ་
གང་ཡིན་པ་དེའི་ངང་ཚུལ་དུ་གྱུར་པ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཀྱི་རང་བཞིན་གང་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཆོས་ཐམས་ཅད་ཀྱི་རང་བཞིན་རང་བཞིན་མེད་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཀྱི་མཚན་ཉིད་གང་ཡིན་
པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་མཚན་ཉིད་མེད་པའི་ཆོས་ཐམས་ཅད་མཚན་ཉིད་ཀྱིས་ཡང་དག་པར་དམིགས་པའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་ཉིད་གང་གིས་དེ་བཞིན་ཉིད་དེ་རྟོགས་པར་འགྱུར་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་སངས་རྒྱས་ཀྱི་ཆོས་
ལས་ཕྱིར་མི་ལྡོག་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཀྱི་སྤྱོད་ཡུལ་གང་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཀྱི་སྤྱོད་ཡུལ་གང་ཡིན་པ་དེ་བཞིན་དུ་དགེ་
བའི་རྩ་བ་དེ་དག་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཡུལ་མེད་པའི་རང་བཞིན་དུ་ཁོང་དུ་ཆུད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་གང་ལ་གཞོག་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་

བ་ཐམས་ཅད་ཀྱི་གནས་སུ་འགྱུར་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་རྗེས་སུ་སོང་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཕྱི་མའི་མཐར་གྱུར་པའི་བསྐལ་པའི་རྗེས་སུ་འབྲང་ཞིང་རྒྱུན་འཆད་པ་མེད་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་
ཇི་ལྟར་ཚད་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་ཀྱི་སེམས། ནམ་མཁའི་དབྱིངས་ལྟར་ཚད་མེད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཀྱིས་གང་དུ་ཁྱབ་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འཇིག་རྟེན་གྱི་ཁམས་
ཐམས་ཅད་སེམས་གཅིག་གིས་རྒྱས་པར་དགང་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་སྲིད་དུ་རིང་བར་གནས་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འཇིག་རྟེན་ཐམས་ཅད་དགའ་བ་ཟད་མི་ཤེས་པར་གནས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །
དེ་བཞིན་ཉིད་ཇི་ལྟར་རྗེས་སུ་འགྲོ་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག །སངས་རྒྱས་ཀྱི་ཆོས་དཔེ་མེད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཀྱི་སྙིང་པོ་གང་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཉེ་བའི་
ཉོན་མོངས་པ་ཐམས་ཅད་བསྩལ་བའི་སྙིང་པོ་དང་ལྡན་པར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་མི་ཤིགས་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་མི་འཐུན་པ་མེད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཀྱི་སྣང་
བ་གང་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཐམས་ཅད་དུ་སྣང་བར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཐམས་ཅད་ན་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཐམས་ཅད་དུ་འགྲོ་བར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་དུས་ཐམས་ཅད་
ན་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་དུས་ཐམས་ཅད་ཀྱི་རྗེས་སུ་འབྲང་བར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་རྣམ་པ་ཐམས་ཅད་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་རྣམ་

པར་དག་པས་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་ཐམས་ཅད་ལ་ཐོགས་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་སྤྱོད་པ་ཐམས་ཅད་ལ་ཐོགས་པ་མེད་པར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་
ཐམས་ཅད་ལ་མིག་ཏུ་གྱུར་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་ཀྱི་མིག་ཏུ་གྱུར་པར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་དུབ་པར་འགྱུར་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་དུབ་པ་
མེད་པར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཟབ་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་ཟབ་མོ་ཉིད་དུ་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་དངོས་པོ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་དངོས་པོ་མེད་པ་ཁོང་དུ་ཆུད་པར་
བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་འབྱུང་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་བསྟན་དུ་མེད་པའི་ཚུལ་གྱིས་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་རབ་རིབ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་རབ་རིབ་མེད་པའི་མིག་
འཐོབ་པར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་འདྲ་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་འདྲ་བ་མེད་པར་བསྒྲུབ་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཞི་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་
རབ་ཏུ་ཞི་བ་ལ་གཞོལ་བར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་རྩ་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་རྩ་བ་མེད་པའི་ཆོས་དམ་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་མཐའ་དང་དབུས་མེད་པ་དེ་བཞིན་དུ་དགེ་བའི་
རྩ་བ་དེ་དག་འགྲོ་བ་མཐའ་དང་དབུས་མེད་པ་ཐམས་ཅད་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆགས་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཆགས་པ་མེད་པའི་མཐའ་དང་མུར་ཐུག་པར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་

ཇི་ལྟར་བསྒྲིབས་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་བསྒྲིབས་པ་ཐམས་ཅད་རབ་ཏུ་བསྩལ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་འཇིག་རྟེན་ན་རྒྱུ་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འཇིག་རྟེན་གྱི་ཆོས་ཐམས་ཅད་རྒྱུ་བ་མེད་པར་བྱ་བའི་
ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་འཇིག་རྟེན་དུ་མ་གཏོགས་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འཁོར་བ་ཐམས་ཅད་དུ་མ་གཏོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ།། དེ་བཞིན་ཉིད་ཇི་ལྟར་མངོན་པར་འདུ་བྱ་བ་མེད་པ་དེ་བཞིན་དུ་དགེ་བའི་
རྩ་བ་དེ་དག་མངོན་པར་འདུ་བྱ་བ་ཐམས་ཅད་ལས་གྱེན་དུ་འཕགས་པར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་གནས་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་དེ་བཞིན་ཉིད་ལ་གནས་པར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་ཐམས་ཅད་དང་
འབྱོར་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་སྤྱོད་པ་ཐོས་པ་ལ་བརྩོན་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་ཐམས་ཅད་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་དང་མཉམ་པའི་སྤྱོད་པ་
ཡོངས་སུ་འགྲུབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་ཐམས་ཅད་དང་བྲལ་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་དང་ཕྱི་མའི་མཐའི་མུར་ཐུག་པར་མི་འབྲལ་བར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་
ཐམས་ཅད་ལ་ཟད་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་ལ་ཡོངས་སུ་བསྔོ་བ་མི་ཟད་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་ཐམས་ཅད་དང་འགལ་བ་མེད་པ་དེ་བཞིན་དུ། དགེ་བའི་རྩ་བ་དེ་དག་འདས་པ་དང་
མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་འགལ་བ་མེད་པར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་ཐམས་ཅད་ཀྱི་མདོ་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་མ་ལུས་པའི་དགེ་བའི་རྩ་བ་ཡང་དག་པར་བསྡུ་བའི་

ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་ཐམས་ཅད་ལ་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་རྒྱུད་ཀྱི་ཚུལ་གཅིག་ཏུ་འགྱུར་
བར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་ཐམས་ཅད་ལས་མ་འདས་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཡང་དག་པར་བསྡུ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཟིལ་གྱིས་མི་ནོན་པ་དེ་བཞིན་དུ་
དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་མི་སྒུལ་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་བདུད་ཐམས་ཅད་ཀྱི་ལས་ཀྱིས་མི་སྒུལ་བའི་སེམས་དང་ལྡན་པར་ཡོངས་སུ་བསྔོའོ། །དེ་
བཞིན་ཉིད་ཇི་ལྟར་མ་འཁྲུགས་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་མ་འཁྲུགས་པར་སྤྱད་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་གཡོ་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་གཡོ་མེད་པའི་ཕྱིར་ཡོངས་སུ་
བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཟད་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱི་མི་ཟད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་བྱང་ཆུབ་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཆོས་ཐམས་ཅད་རྣམ་པར་འཚང་
རྒྱ་བ་མཐོང་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཞིག་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་ལྷག་པའི་བསམ་པ་འཇིག་པ་མེད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་སྣང་བ་ཡིན་
པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་ཀྱིས་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་བརྗོད་དུ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་བརྗོད་པ་ཐམས་ཅད་བརྗོད་དུ་མེད་པར་ཤེས་པར་བྱ་

བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཀྱིས་ཇི་ལྟར་འགྲོ་བ་ཐམས་ཅད་ཡང་དག་པར་བཟུང་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡང་དག་པར་བཟུང་བ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཇི་ལྟར་དེ་བཞིན་
ཉིད་སྤྱོད་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་བརྗོད་པ་དང་སྤྱོད་པ་ཐམས་ཅད་མ་ལུས་པར་ཡོངས་སུ་ཤེས་པའི་ཡེ་ཤེས་ཀྱི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ཆོས་རྣམ་པ་ཐ་དད་པ་ཐམས་ཅད་མ་ལུས་པ་ལ་འགྲོ་བ་དེ་བཞིན་
དུ་དགེ་བའི་རྩ་བ་དེ་དག་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མངོན་པར་འཚང་རྒྱ་བས་མངོན་པར་སངས་རྒྱས་ཤིང་རྣམ་པར་འཕྲུལ་པ་ཡང་དག་པར་བསྟན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་རྣམ་པར་རྟོག་པ་མེད་པ་དེ་བཞིན་
དུ་དགེ་བའི་རྩ་བ་དེ་དག་འཇིག་རྟེན་ཐམས་ཅད་ཀྱི་ཡོངས་སུ་རྟོག་པ་རྣམ་པར་རྟོག་པ་མེད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་ལུས་ཐམས་ཅད་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཚད་མེད་པའི་ལུས་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་
ཅད་རྒྱས་པར་དགང་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་སྐྱེ་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་སྐྱེ་བ་མེད་པས་སྐྱེ་བ་མངོན་པར་བསྒྲུབ་པ་ལ་མཁས་པ་བསྟན་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟར་གང་ན་ཡང་མེད་པ་མ་ཡིན་པ་
དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་དུས་གསུམ་དུ་མ་གཏོགས་པའི་ལུས་ཐམས་ཅད་ཀྱིས་ཐམས་ཅད་དུ་རྣམ་པར་འཕྲུལ་ཞིང་སངས་རྒྱས་ཀྱི་ཞིང་བྱིན་གྱིས་བརླབ་པ་ཡང་དག་པར་བསྟན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་སྟེ། ཇི་ལྟར་དེ་བཞིན་ཉིད་
མཚན་མོ་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་དུས་ཐམས་ཅད་དུ་བླ་ན་མེད་པའི་སྣང་བ་ཐོབ་ཅིང་། སངས་རྒྱས་ཀྱི་མཛད་པ་ཡོངས་སུ་རྫོགས་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ཉིན་མོ་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་འགྲོ་བ་ཀུན་གྱི་ཉིན་མོར་

བགྲང་བ་ཐམས་ཅད་དུ་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཡོངས་སུ་སྟོན་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོས་རབ་ཏུ་དགོད་ཅིང་འགྲོ་བ་ཐམས་ཅད་ཀྱིས་བལྟ་ན་དོན་ཡོད་པ་རྣམ་པར་དག་པར་གྱུར་ཅིག །ཇི་ལྟར་ཟླ་བ་དང་ཡུད་ལ་དེ་
བཞིན་ཉིད་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་འགྲོ་བ་ཐམས་ཅད་ཀྱིས་དུས་ཐམས་ཅད་སྐད་ཅིག་གཅིག་ཏུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དུས་ལ་འཇུག་པར་མཁས་པ་ལ་རབ་ཏུ་གནས་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་དབྱར་གྱི་དུས་ལ་ཡོང་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་དབང་
པོ་རྣམ་པ་ཐ་དད་པ་རབ་ཏུ་ཤེས་པར་བྱ་བའི་ཕྱིར་བསྐལ་པའི་གནས་སྣ་ཚོགས་སུ་དབང་པོ་རྣམ་པར་དག་པ་ཡོངས་སུ་རྫོགས་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་འདུ་བ་དང་འཇིག་པའི་བསྐལ་པ་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་འགྲོ་བ་ཐམས་ཅད་རྣམ་པར་དག་
པ་གདུལ་བའི་ཕྱིར་བསྐལ་པ་ཐམས་ཅད་དུ་རྣམ་པར་དག་པ་བཀོད་པས་སྐྱེ་བ་མེད་ཅིང་གོས་པ་མེད་པས་གནས་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ཕྱི་མའི་མཐའ་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་སྨོན་ལམ་ཆེན་པོ་ལས་ཕྱིར་མི་ལྡོག་པའི་ཕྱིར་ཕྱི་
མའི་མཐའི་བསྐལ་པའི་མུར་ཐུག་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་རྣམ་པར་དག་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་འགྲོ་བའི་དུས་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་སེམས་ཀྱི་སྐད་ཅིག་གཅིག་ཏུ་ཡང་འབྲལ་བ་མེད་པར་བྱ་
བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སེམས་སྐད་ཅིག་གཅིག་གིས་སངས་རྒྱས་ཐམས་ཅད་མཐོང་བ་ཡོངས་སུ་རྫོགས་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ཐམས་ཅད་དུ་འགྲོ་བ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཁམས་གསུམ་ཐམས་ཅད་རྣམ་པར་དག་པར་
འགྱུར་བའི་ཕྱིར་ཐམས་ཅད་ཟིལ་གྱིས་གནོན་པ་ཐོབ་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་དངོས་པོ་མེད་པ་ཡོངས་སུ་ཤེས་པའི་ཕྱིར་དངོས་པོ་ཐམས་ཅད་རྣམ་

པར་དག་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་དག་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཚོགས་ཆེན་པོ་རྒྱུ་ཆེན་པོས་འབྱུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་ཡོངས་སུ་དག་པར་གྱུར་ཅིག །དེ་བཞིན་ཉིད་ཇི་ལྟར་འོད་དང་བ་དེ་བཞིན་དུ་དགེ་བའི་
རྩ་བ་འདིས་སེམས་ཀྱི་འོད་དང་བའི་ཕྱིར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་རབ་ཏུ་ཐོབ་པར་གྱུར་ཅིག །དེ་བཞིན་ཉིད་ཇི་ལྟར་དྲི་མ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་དྲི་མ་མེད་པའི་སེམས་ཡོངས་སུ་རྫོགས་ཤིང་དྲི་མ་ཐམས་ཅད་བྱང་བར་གྱུར་ཅིག་
ཇི་ལྟར་དེ་བཞིན་ཉིད་བདག་གི་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་པའི་ཕྱིར་ཚད་མེད་པ་ཡོངས་སུ་གཟུང་བར་སེམས་བསྐྱེད་པ་རྣམ་པར་དག་པར་གྱུར་ཅིག །དེ་བཞིན་ཉིད་ཇི་ལྟར་མཉམ་པ་ཉིད་ཡིན་པ་
དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཆོས་ཐམས་ཅད་སྣང་ཞིང་རབ་རིབ་མེད་པས་མཉམ་པར་ཡེ་ཤེས་ཀྱི་འབྱུང་གནས་ཐམས་ཅད་རབ་ཏུ་ཐོབ་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་བགྲང་དུ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་
ཆོས་ཀྱི་སྤྲིན་གྱིས་རྒྱས་པར་དགང་བའི་ཕྱིར་ཐམས་ཅད་མཁྱེན་པའི་ཐེག་པ་དང་། སྟོབས་ཀྱི་མཛོད་གྲངས་མེད་པ་ལ་གནས་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་མཉམ་པ་ཉིད་ཀྱི་གནས་སུ་གྱུར་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་བྱང་ཆུབ་སེམས་དཔའི་
སྤྱོད་པ་ཐམས་ཅད་ཉེ་བར་བླངས་པ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ལ་རབ་ཏུ་དགོད་པར་གྱུར་ཅིག །དེ་བཞིན་ཉིད་ཇི་ལྟར་སེམས་ཅན་གྱི་ཁམས་རྣམ་པར་ཕྱེ་བ་ཐམས་ཅད་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཐོགས་པ་མེད་པའི་ཡེ་ཤེས་ཡོངས་
སུ་རྫོགས་པས་སེམས་ཅན་ཐམས་ཅད་མངོན་དུ་རེད་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ཤེས་པ་དང་། བརྗོད་པ་དང་རྣམ་པར་བརྗོད་པ་དང་། བརྡ་དང་གང་ཟག་ཐམས་ཅད་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་སྒྲ་གྲག་པ་ཐམས་ཅད་ཤེས་པས་སེམས་ཅན་གྱི་ཁམས་

ཐམས་ཅད་ཤེས་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་ཤེས་པའི་མངོན་པར་ཤེས་པ་ཡང་དག་པར་འཛིན་པ་ལ་མཁས་པར་གྱུར་ཅིག་ཇི་ལྟར་དེ་བཞིན་ཉིད་འགྲོ་བ་ཐམས་ཅད་ལས་རྣམ་པར་འདས་ཤིང་འགྲོ་བ་ཐམས་ཅད་ཡོངས་སུ་བསྡུ་བའི་
མཐར་ཐུག་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ལ་རབ་ཏུ་རྟེན་པར་བྱ་བའི་ཕྱིར་འགྲོ་བ་ཐམས་ཅད་ལས་འདས་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ཡངས་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་འཁྲུལ་བ་མེད་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་
ཅད་ལ་ཤིན་ཏུ་བརྩོན་པས་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་བསྟན་པ་ཡང་དག་པར་འཛིན་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ནམ་ཡང་ཡལ་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཡེ་ཤེས་ཆེན་པོ་ལ་སེམས་ཅན་ཐམས་
ཅད་རབ་ཏུ་དགོད་པའི་ཕྱིར། བསྐལ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་བརྩོན་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ཆོས་འབྱམ་ཀླས་པ་ཐམས་ཅད་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཆགས་པ་མེད་པའི་དྲན་པ་རྣམ་པར་དག་པས་
བསོད་ནམས་ཀྱི་རྒྱུད་འབྱམ་ཀླས་པ་གཟུང་བར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་བསྔགས་པ་མཐའ་ཡས་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་བྱང་ཆུབ་སེམས་དཔའི་སྤྱད་པ་ཐོབ་པའི་ཕྱིར་ཡེ་ཤེས་བསྔགས་པ་མཐའ་ཡས་པ་ཁོང་དུ་ཆུད་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་
ཉེ་བར་ལེན་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་འགྲོ་བ་ཐམས་ཅད་ཉེ་བར་བཟུང་བ་རྣམ་པར་དག་ཅིང་ཆོས་ཐམས་ཅད་ལ་ལེན་པ་མེད་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་གཡོ་བ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་
དང་། སྨོན་ལམ་ཡོངས་སུ་རྫོགས་པས་མི་གཡོ་ཞིང་བརྟན་པ་དང་། ཤིན་ཏུ་གནས་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་སངས་རྒྱས་ཀྱི་ཡུལ་དུ་གྱུར་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཉོན་མོངས་པ་ཐམས་ཅད་ཀྱི་ཡུལ་ཞི་བར་བྱ་བའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཡུལ་

ཡོངས་སུ་རྫོགས་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་མི་འཕྲོགས་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་མུ་སྟེགས་ཅན་གཞན་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པའི་ཕྱིར་བདུད་ཀྱི་ལས་ཐམས་ཅད་ཀྱིས་མི་འཕྲོགས་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་བསྒོམ་པ་ཡང་མ་ཡིན།
མི་བསྒོམ་པ་ཡང་མ་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་རྣམ་པར་རྟོག་པ་ཐམས་ཅད་རབ་ཏུ་སྤང་བའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་ལ་རྣམ་པར་མི་རྟོག་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་བྱང་བ་བྱང་ཆུབ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱན་
ཐམས་ཅད་འཐོབ་པར་བརྩོན་པའི་ཕྱིར། སངས་རྒྱས་ཐམས་ཅད་མཐོང་བས་དམའ་བ་མེད་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་འགྲོ་བའི་སྨྲ་བ་ལ་ཡོད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་སྐད་ལ་མཁས་པའི་རྒྱུད་ཀྱིས་ཤིན་ཏུ་འཕགས་པར་འགྱུར་བའི་ཕྱིར་སྐད་རྣམ་པར་ཕྱེ་བ་ཤེས་པ་
མངོན་པར་ཤེས་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ཆོས་ཐམས་ཅད་ལ་ལྟོས་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀུན་ཏུ་བཟང་པོའི་སྤྱོད་པས་བྱུང་བའི་ཕྱིར་སེམས་ཅན་ཐམས་ཅད་ལྟོས་པ་མེད་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ས་ནས་སར་
འགྲོ་བ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཀུན་ཏུ་བཟང་པོའི་རྒྱན་ཐོབ་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་གནས་ཡེ་ཤེས་ཀྱིས་ཐོབ་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་གཅད་དུ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་སྤྱོད་པའི་དཀྱིལ་འཁོར་ཐམས་ཅད་ཡང་དག་པར་བསྟན་
པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱིས་མི་འཇིགས་པ་གཅད་དུ་མེད་པ་རབ་ཏུ་ཐོབ་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ཟག་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཆོས་ཤེས་པའི་ཚུལ་གྱིས་རྣམ་པར་ཤེས་པའི་ཕྱིར་ཟག་པ་མེད་པའི་དགེ་བའི་རྩ་བ་བྱང་ཆུབ་ཀྱི་སེམས་
ཡོངས་སུ་རྫོགས་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ཀྱི་ཆོས་གང་ཡང་འགག་པ་མེད་ཅིང་ཆོས་གང་མངོན་པར་སངས་རྒྱས་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཆོས་ཀྱི་དབྱིངས་མཐའ་ཡས་པ་སེམས་བསྐྱེད་པས་རྒྱས་པར་དགང་བའི་ཕྱིར་ཆོས་ཐམས་ཅད་མངོན་པར་འཚང་རྒྱ་

བར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་སྔོན་གྱི་མཐས་ཟད་པར་མ་གྱུར་པ་དང་ཕྱི་མའི་མཐས་རྒྱས་པར་འགྱུར་བ་མེད་ཅིང་ད་ལྟར་བྱུང་བས་རྣམ་པ་ཐ་དད་པར་མ་གྱུར་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་འཁོར་བ་ཐམས་ཅད་ལས་རྣམ་པར་འདའ་བའི་ཕྱིར་བྱང་ཆུབ་
ཀྱི་སེམས་སར་པ་གསར་པའི་སྨོན་ལམ་གྱིས་འགྲོ་བ་ཐམས་ཅད་རྣམ་པར་དག་པ་དང་ལྡན་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་དུས་གསུམ་དུ་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ད་ལྟར་བྱུང་བའི་དུས་ལ་སྐད་ཅིག་རྣམ་པར་དག་པའི་ཕྱིར། སྔོན་གྱི་མཐའ་དང་
ཕྱི་མའི་མཐའ་རྣམ་པར་དག་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་གྲུབ་པའི་རྒྱུ་ཡིན་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཤིན་ཏུ་བརྩོན་པའི་བརྩོན་འགྲུས་ཐོབ་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་རབ་ཏུ་
གྲུབ་པར་གྱུར་ཅིག །ཇི་ལྟར་དེ་བཞིན་ཉིད་ནམ་ཡང་ཀུན་ནས་ཉོན་མོངས་པར་མི་འགྱུར་ཞིང་ཤིན་ཏུ་རྣམ་པར་དག་པ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་ཀུན་ནས་
ཉོན་མོངས་པ་ཤིན་ཏུ་སྤངས་པར་གྱུར་ཅིག་ཅེས །དེ་ལྟར་ཡོངས་སུ་བསྔོ་བའི་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་ཐམས་ཅད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཞིང་ཐམས་ཅད་མཉམ་པ་ཉིད་འཐོབ་བོ། །ཆོས་ཀྱི་འཁོར་ལོ་ཐོགས་པ་མེད་ཅིང་ཕྱིར་མྱི་ལྡོག་པའི་ཕྱིར་
འཇིག་རྟེན་ཐམས་ཅད་མཉམ་པ་ཉིད་འཐོབ་བོ། །ཐམས་ཅད་མཁྱེན་པར་སྨོན་པས་ཤིན་ཏུ་འབྱུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མཉམ་པ་ཉིད་འཐོབ་བོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཕྱིར། སངས་རྒྱས་ཐམས་ཅད་
དང་མཉམ་པ་ཉིད་འཐོབ་བོ། །རང་བཞིན་འཁྲུགས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་དང་མཉམ་པ་ཉིད་འཐོབ་བོ། །ཚིག་གི་ཚུལ་ཐམས་ཅད་ལ་མཁས་པའི་རྒྱུས་ཡོངས་སུ་ཤེས་པའི་ཕྱིར་དུས་ཐམས་ཅད་མཉམ་པ་ཉིད་འཐོབ་བོ། །ཇི་ལྟར་བསྐྱེད་པའི་དགེ་བའི་

རྩ་བ་ཡོངས་སུ་བསྔོ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་མཉམ་པ་ཉིད་འཐོབ་བོ། །དུས་ཇི་ལྟ་བ་བཞིན་དུ་སྦྱོར་བའི་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་གཅོད་པའི་ཕྱིར་དུས་ཐམས་ཅད་མཉམ་པ་ཉིད་འཐོབ་བོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དགེ་བའི་
རྩ་བ་གོས་པ་མེད་པའི་མཐར་ཐུག་པའི་ཕྱིར། ལས་ཀྱི་རྣམ་པར་སྨྱིན་པ་ཐམས་ཅད་མཉམ་པ་ཉིད་འཐོབ་བོ། །འཇིག་རྟེན་ཐམས་ཅད་དང་མི་འགལ་བར་སངས་རྒྱས་ཀྱི་མཛད་པ་ཡང་དག་པར་བསྟན་པའི་ཕྱིར་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དང་བྱིན་གྱི་རླབས་མཉམ་པ་ཉིད་འཐོབ་སྟེ།
ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་རང་བཞིན་ཞེས་བྱ་བ་སྟེ་བརྒྱད་པའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་ཁྱུ་མཆོག་
དང་སེང་གེའི་ང་རོ་འཇིགས་པ་མེད་པར་བསྒྲག་པར་བྱ་བའི་ཕྱིར་ཆོས་ཀྱི་སྒོ་རྣམ་པར་དག་པ་མཐའ་དང་དབུས་མེད་པ་རབ་ཏུ་འཐོབ་བོ། །དུས་ཐམས་ཅད་དུ་རྒྱུན་མི་འཆད་པའི་ཚུལ་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོངས་སུ་སྨྱིན་པར་བྱ་བ་དང་གདུལ་བ་མཐའ་དང་དབུས་མེད་པ་ཡོངས་སུ་
རྫོགས་པ་རབ་ཏུ་འཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ལུས་གཅིག་གིས་རྒྱས་པར་དགང་བའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་མཐའ་དང་དབུས་མེད་པ་ཚད་མེད་པ་རབ་ཏུ་འཐོབ་བོ། །དབྱངས་གཅིག་གིས་སེམས་ཅན་གྱི་ཁམས་ཐམས་ཅད་ཤེས་པར་
བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་གསུང་མཐའ་དང་དབུས་མེད་པ་མངོན་པར་བསྒྲུབ་པ་ཡོངས་སུ་རྫོགས་པ་རབ་ཏུ་འཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད། སྐྲའི་སྦུབས་གཅིག་ཏུ་ཡོངས་སུ་འདུ་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་
པའི་སྟོབས་མཐའ་དང་དབུས་མེད་པ་ཡོངས་སུ་རྫོགས་པ་རབ་ཏུ་འཐོབ་བོ། །སེམས་ཅན་ཐམས་ཅད་ཀྱི་ལུས། རྡུལ་གཅིག་ལ་རབ་ཏུ་དགོད་པའི་ཕྱིར། དེ་བཞིན་གཤེགས་པ་རྣམ་པར་འཕྲུལ་པ་མཐའ་དང་དབུས་མེད་པ་ཡོངས་སུ་རྫོགས་པ་རབ་ཏུ་

འཐོབ་བོ། སེམས་ཅན་གཅིག་གི་ལུས་ལ་སངས་རྒྱས་ཀྱི་ཡུལ་ཐམས་ཅད་མངོན་པར་འཚང་རྒྱ་བ་ཡོངས་སུ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པའི་རྣམ་པར་ཐར་པ་མཐའ་དང་དབུས་མེད་པ་ཐམས་ཅད་རབ་ཏུ་འཐོབ་བོ། །ཏིང་ངེ་འཛིན་གཅིག་ལ་ཏིང་ངེ་འཛིན་ཐམས་
ཅད་མངོན་པར་བསྒྲུབ་པ་ལ་མཁས་པའི་ཕྱིར། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མཐའ་དང་དབུས་མེད་པ་ཐམས་ཅད་ཡོངས་སུ་རྫོགས་པ་རབ་ཏུ་འཐོབ་བོ། །ཕྱི་མའི་མཐའི་མུར་ཐུག་པར་ཆོས་གཅིག་གི་ཚིག་ཤིན་ཏུ་བསྟན་པས། སེམས་ཅན་ཐམས་ཅད་ཀྱི་ཐེ་
ཙོམ་གཅད་པ་ཟད་མི་ཤེས་པའི་ཕྱིར། དེ་བཞིན་གཤེགས་པ་ཐ་དད་པ་ཡང་དག་པར་ཤེས་པ་མཐའ་དང་དབུས་མེད་པ་ཐམས་ཅད་ཡོངས་སུ་རྫོགས་པ་རབ་ཏུ་འཐོབ་བོ། །སེམས་ཅན་གྱི་ཁམས་མ་ལུས་པར་སྟོབས་བཅུའི་ཐམས་ཅད་མཁྱེན་པ་ཉིད་མངོན་པར་
འཚང་རྒྱ་བ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པའི་དཔའ་བ་རླབས་པོ་ཆེ་མཐའ་དང་དབུས་མེད་པ་ཡོངས་སུ་རྫོགས་པ་རབ་ཏུ་འཐོབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་གྱིས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་
རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དེ་དག་བསམ་པ་བརྟན་པའི་སེམས་ལྡན་པ། །དྲན་པ་གསལ་བས་རྨོངས་པ་མེད་གྱུར་ཅིང་། །བརྟན་ཞིང་དེས་ལ་ཡོངས་སུ་གདུང་མེད་པ། །མཚུངས་མེད་དེ་དག་བསོད་ནམས་
ཡང་དག་སྩོགས། །དེ་དག་མི་མཐུན་མེད་པའི་ཡིད་ལྡན་ཞིང་། །བསམ་པ་ཤིན་ཏུ་རྣམ་པར་དག་པ་རྣམས། །ཇི་སྙེད་སྣ་ཚོགས་འཇིག་རྟེན་སྐྱེ་བ་ཡི། །ལས་ཀྱི་རྣམ་པ་ཐམས་ཅད་རྨོངས་མེད་མཁས། །དེ་དག་ལས་ཀྱི་རྣམ་པ་སྣ་ཚོགས་
པ། །རྣམ་པ་ཐ་དད་ཡངས་ལ་རྗེས་སུ་སེམས། །དེས་ནི་འཇིག་རྟེན་མ་ལུས་བདེ་བར་བྱེད། །དེ་ལ་ཡིད་ཀྱིས་རྟག་ཏུ་མངོན་པར་བརྩོན། །དེ་དག་འགྲོ་བ་ཀུན་དང་འགལ་མེད་ཡིད། །དགའ་བར་བྱེད་པའི་སེམས་དང་ལྡན་པ་དེ། །

ལས་ཀྱི་རྣམ་པ་ཅི་འདྲར་རྣམ་ཕྱེ་བ། །དེ་དག་ཡང་དག་བསྒྲུབ་པར་མངོན་པར་བརྩོན། །ཁ་ལོ་སྒྱུར་སར་ཐམས་ཅད་གཟུང་སེམས་ལྡན། །ཡོངས་སུ་གདུང་མེད་ཆགས་མེད་ཡིད་དང་ལྡན། །དོན་དང་ཆོས་ཉིད་དེ་དག་རྗེས་སུ་ཐོབ། །འགྲོ་ལ་ཕན་ཕྱིར་དེ་
དག་མངོན་པར་བརྩོན། །དེ་དག་ཡིད་ཀྱིས་དགེ་བ་རྟོགས་གྱུར་ཅིང་། །གང་དག་རྣམ་པ་ཐ་དད་གྲངས་མང་བ། །དེ་དག་རྒྱུ་དང་ཚུལ་ཡང་རབ་ཏུ་ཤེས། །དེ་དག་འཇིག་རྟེན་ཕན་ཕྱིར་ཡོངས་སུ་བསྔོ། །ཤིན་ཏུ་ཡངས་པའི་ཚུལ་གྱི་དམ་པ་འདིས། །མཉམ་ཡངས་
ཡེ་ཤེས་རྟག་ཏུ་ཚུལ་ཤེས་པས། །གནས་རྣམས་ཐམས་ཅད་མ་ལུས་མཐོང་བྱས་ཤིང་། །དེ་བཞིན་ཉིད་ལྟར་ཡོངས་སུ་བསྔོ་བ་བྱེད། །གང་ལ་དེ་བཞིན་ཉིད་དེ་ཡོད་པ་ཡི། །རྣམ་པ་ཐམས་ཅད་འཇིག་རྟེན་བླངས་བྱས་ཤིང་། །འཇིག་རྟེན་རྒྱུད་རྣམས་ཆགས་པ་མེད་
པའི་ཕྱིར། །དེ་འདྲའི་ལས་སུ་བརྟན་པ་ཡོངས་སུ་བསྔོ། །དེ་ནི་ཀུན་ཏུ་འགྲོ་བར་རྟོག་བྱས་ཤིང་། །དེ་བཞིན་ཉིད་ཀྱི་ཚུལ་རྒྱུད་གང་ཡིན་དང་། །དམིགས་པ་དག་དང་འོན་ཏམ་དམྱིགས་མེད་པ། །དེ་ལྟར་བསོད་ནམས་ཡིད་དུ་འོང་བ་བསྔོ། །མུན་ལ་ཡོད་དང་ཉིན་ལ་
ཡོད་པ་དང་། །ཡུད་དུ་ཡན་མན་དེ་བཞིན་ཟླ་ཡོད་དང་། །ལོ་ལ་ཡོད་དང་བསྐལ་ལ་ཡོད་པ་འམ། །དེ་བཞིན་ཅི་བཞིན་དེ་བཞིན་ཉིད་བཞིན་བསྔོ། །དུས་ལ་ཡོད་པ་འམ་ཞིང་ལ་ཡོད་པ་དང་། །སེམས་ཅན་ཡོད་པ་འམ་ཆོས་ལ་ཡོད་པ་དང་། །ཀུན་ལ་ཡོད་པ་འམ་
ཡོད་པ་མ་ཡིན་པ། །དེ་བཞིན་བསོད་ནམས་མ་ལུས་ཡོངས་སུ་བསྔོ། །དེ་བཞིན་ཉིད་ཀྱི་རང་བཞིན་ཅི་འདྲ་བ། །རང་བཞིན་དེ་འདྲར་སེམས་ཀྱང་བསྒྱུར་བྱས་ཤིང་། །ཇི་ལྟར་དེ་བཞིན་ཉིད་དེ་རྗེས་འགྲོ་བ། །དེ་ལྟར་བསོད་ནམས་གཅིག་མིན་ཡོངས་སུ་བསྔོ། །
དེ་བཞིན་ཅི་བཞིན་དེ་བཞིན་ཉིད་ཀྱི་དངོས། །དེ་ལ་ཆོས་ཉིད་གང་ཡང་ཡོད་མེད་ཅིང་། །རང་བཞིན་མི་ལྡན་ཇི་ལྟར་དེ་བཞིན་ཉིད། །དེ་ལྟར་ལས་རྣམས་མཁས་པ་ཡོངས་སུ་བསྔོ། །དེ་བཞིན་ཉིད་ཀྱི་མཚན་ཉིད་ཅི་འདྲ་དང་། །དེ་བཞིན་ཉིད་ཀྱི་ངང་ཚུལ་ཅི་འདྲ་དང་། །

དེ་བཞིན་ཉིད་ཀྱི་རང་བཞིན་ཅི་འདྲ་བ། །དེ་འདྲར་ལས་རྣམས་ཀུན་ཀྱང་ཡོངས་སུ་བསྔོ། །དེ་དག་མཐའ་ཡས་ལས་ལ་རབ་ཞུགས་ཤིང་། །དེ་བཞིན་ཉིད་དེ་ཇི་ལྟར་མཐའ་ཡས་ཏེ། །དེ་ལ་ཆགས་དང་བཅིངས་པ་མེད་པ་ལྟར། །
དེ་ལྟར་ལས་རྣམས་ཤིན་ཏུ་དག་པར་བྱེད། །དེ་ལྟར་རྒྱལ་སྲས་ཤིན་ཏུ་མཁས་པ་དག །བསམ་པས་མི་གཡོ་ཤིན་ཏུ་བརྟན་ཐོབ་པ། །ཡེ་ཤེས་སྟོབས་ལྡན་ཚུལ་ལ་མཁས་གྱུར་པ། །དེ་དག་རྒྱལ་བའི་མཛོད་ཀྱི་ཚུལ་ལ་ཞུགས། །དེ་དག་ཚུལ་གྱི་
རྒྱལ་པོའི་ཚུལ་ཤེས་པས། །དེ་ལ་ཆགས་དང་བཅིངས་པ་མེད་པའི་ཕྱིར། །ཆགས་མེད་སེམས་ནི་འཇུག་པར་མི་འགྱུར་ཏེ། །འཇུག་པར་བྱེད་པའང་གང་ཡང་དམིགས་པ་མེད། །ཆོས་ཀྱི་ལུས་ནི་རབ་ཏུ་ཐོབ་བྱས་ཤིང་། །འགྲོ་བ་ཀུན་ལས་
མཚན་ཉིད་ཇི་བཞིན་པ། །ཆོས་ཉིད་དེ་ལ་མཚན་ཉིད་མེད་གསུངས་པ། །དེ་འདྲའི་མཚན་ཉིད་ཆོས་ལ་རབ་ཏུ་ཞུགས། །དེ་ལྟར་དེ་དག་འགྲོགས་པ་བསམ་མི་ཁྱབ། །དེ་ལ་སེམས་ནི་ལྷག་མ་མེད་པར་བྱེད། །བསམ་ཡས་ཆོས་རྣམས་ཀུན་ལ་རབ་ཏུ་
ཞུགས། །སེམས་ནི་སེམས་མིན་རྣམ་པར་དབེན་པ་ཤེས། །དེ་དག་ཆོས་དབེན་ཉིད་ལ་འཇུག་བྱེད་ཅིང་། །དེ་ལྟར་ཆོས་ཉིད་རྗེས་སུ་སེམས་པ་བྱེད། །གཡོ་དང་རློམ་སེམས་ཐམས་ཅད་འགགས་པ་སྟེ། །དེ་ཕྱིར་ཡོན་ཏན་རྣམ་པར་གྲགས་པ་ཡིན། །
དེ་དག་རྣམ་སྨིན་ཐམས་ཅད་མ་ལུས་པར། །ཡེ་ཤེས་རྒྱས་བཏབ་ཟད་པར་མི་འགྱུར་ཏེ། །དེ་ནི་མི་ཟད་མི་ཟད་ཉིད་ཀྱི་དངོས། །མི་ཟད་མཐའ་ཡི་ཚུལ་དང་འགལ་བ་མེད། །བསམ་པ་ལུས་ཀྱི་ཕྱི་རོལ་ཡོད་པ་མིན། །སེམས་ནི་ནང་ན་འང་
ཡོད་པ་མ་ཡིན་ཏེ། །དུས་རྣམས་གང་ནའང་སེམས་ནི་ཡོད་པ་མིན། །རློམ་སེམས་རློམ་ཆོས་མེད་པས་ཞི་བར་འགྱུར། །དེ་འདྲའི་སྨོན་ལམ་ལྡན་པ་རྒྱལ་སྲས་རྣམས། །ཆོས་ཀྱི་རང་བཞིན་ཞི་བ་སྟོང་པ་སྟེ། །ཆོས་རྣམས་མ་ལུས་ཐམས་ཅད་གཡོ་

བ་མེད། །བདག་ཉིད་རྒྱལ་བས་རྣམ་པར་སངས་རྒྱས་མེད། །དེ་བཞིན་ཉིད་གང་འགྲོ་བ་ཀུན་མཉམ་པའི། །ཆོས་ཉིད་མཚན་ཉིད་རྗེས་སུ་ཤེས་བྱས་ཤིང་། །བསམ་ཡས་མཚན་ཉིད་དེ་དག་མཐོང་གྱུར་ནས། །མཚན་ཉིད་མེད་པའི་ཤེས་ལ་རྨོངས་པ་མེད། །
དེ་ལྟར་ཟབ་པའི་སྤྱོད་ལ་རབ་བརྩོན་པ། །དེ་དག་བྱང་ཆུབ་རྟག་པར་བརྩོན་པ་སྟེ། །དེ་དག་སྨོན་ལམ་དེ་ཡང་ལྡོག་པ་མེད། །འགྲོ་བ་ཀུན་གྱི་དོན་དུ་དེ་དག་བརྩོན། །དེ་དག་འཇིག་རྟེན་རྣམས་ལས་འདས་གྱུར་ཅིང་། །འཆི་འཕོ་ཡོངས་སུ་རྟོག་པ་མེད་
བྱས་ཏེ། །སྤྲུལ་པ་འདྲ་བར་སེམས་ཀྱང་རིག་བྱས་ནས། །དེ་དག་འགྲོ་བ་གདུལ་ཕྱིར་རབ་ཏུ་འཇུག །དེ་དག་མཐོང་དང་དྲན་པ་འདི་འདྲ་སྟེ། །ལས་ཀྱི་སྨིན་པས་འཇིག་རྟེན་བྱུང་བ་ཡི། །ཁམས་གསུམ་པ་ཡི་སེམས་ཅན་ཐམས་ཅད་ལ། །དེ་དག་ཡོངས་སུ་
བསྐྱབ་པར་མངོན་པར་བརྩོན། །འགྲོ་བ་ཀུན་གྱི་འདུ་ཤེས་རྒྱུ་བ་དང་། །རྣམ་པར་རྟོག་པ་ཇི་སྙེད་ཐ་དད་པའི། །བསྐལ་པ་མི་མཉམ་དེ་དག་དེ་བཞིན་ཤེས། །ངོ་བོ་ཉིད་ལས་ནམ་ཡང་ཕྱིར་མི་ལྡོག །ཤེས་པས་མཁས་པ་ཆོས་རབ་བསྔགས་པའི་རྣམས། །
འགྲོ་བ་ཀུན་ལ་སྙིང་བརྩེའི་སེམས་ལྡན་པས། །ཆོས་ཀྱི་ཚུལ་ལ་རྗེས་སུ་སེམས་བྱེད་ཅིང་། །ཚུལ་མཁས་དེ་དག་དེ་ལྟར་ཡོངས་སུ་བསྔོ། །དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་རང་བཞིན་ཞེས་བྱ་བ་སྟེ་ཡོངས་སུ་བསྔོ་བ་བརྒྱད་པའོ།། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་
མདོ། །བམ་པོ་བཅུ་པ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་ཆགས་པ་མེད་པ་དང་། གྲོལ་ཞིང་བཅིངས་པ་མེད་པ་ཞེས་བྱ་བ་དགུ་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་ཐམས་ཅད་ལ་བརྙས་པ་མེད་པའི་སེམས་དང་ལྡན་པ་ཡིན། འཁོར་བ་བསྒྲུབ་པ་ལ་བརྙས་པ་མེད་པའི་སེམས་དང་ལྡན་པ་ཡིན། དགེ་བའི་རྩ་བ་ཡང་དག་པར་བསྡུ་བ་ལ་བརྙས་པ་མེད་པའི་སེམས་དང་ལྡན་པ་ཡིན། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བཙལ་བ་ལ་བརྙས་པ་

མེད་པའི་སེམས་དང་ལྡན་པ་ཡིན། བཤགས་པའི་ལས་ལ་བརྙས་པ་མེད་པའི་སེམས་དང་ལྡན་པ་ཡིན། རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་ལ་བརྙས་པ་མྱེད་པའི་སེམས་དང་ལྡན་པ་ཡིན། འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་དེ་བཞིན་གཤེགས་
པ་ལ་ཕྱག་བྱ་བའི་ལས་ལ་བརྙས་པ་མྱེད་པའི་སེམས་དང་ལྡན་པ་ཡིན། ཐལ་མོ་སྦྱར་ཞིང་བཏུད་པའི་ལས་ལ་བརྙས་པ་མྱེད་པའི་སེམས་དང་ལྡན་པ་ཡིན། མཆོད་རྟེན་ལ་ཕྱག་བྱ་བ་དང་བླ་མ་ལ་ཕྱག་བྱ་བའི་ལས་ལ་བརྙས་པ་མེད་པའི་སེམས་དང་
ལྡན་པ་ཡིན། འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་གསོལ་བ་གདབ་པའི་ལས་ལ་བརྙས་པ་མྱེད་པའི་སེམས་དང་ལྡན་པ་ཡིན་ཏེ། དེ་དགེ་བའི་རྩ་བ་དེ་དག་ལ་རབ་ཏུ་འཇུག་པ་དང་། དགེ་བའི་རྩ་བ་དེ་དག་གི་གོ་
སྐབས་དབྱེ་བར་བྱེད་པ་དང་། དགེ་བའི་རྩ་བ་དེ་དག་ལ་ཡིད་ཆེས་པར་བརྟན་པར་བྱེད་པ་དང་། དགེ་བའི་རྩ་བ་དེ་དག་ལ་བདག་རབ་ཏུ་སྦྱོར་བ་དང་། དགེ་བའི་རྩ་བ་དེ་དག་སེམས་ཀྱི་བདག་ཉིད་ཆེ་བ་ཉིད་ལ་རབ་ཏུ་གཞོག་པ་དང་། དགེ་བའི་རྩ་བ་དེ་དག་
གི་ཕྱིར་ཆགས་པ་མྱེད་པའི་སེམས་ལ་རབ་ཏུ་བརྩོན་པར་བྱེད་པ་དང་། དགེ་བའི་རྩ་བ་དེ་དག་སྦྱིན་པ་ལ་རག་ལས་པར་ཡང་དག་པར་བསྒྲུབ་པ་དང་། དགེ་བའི་རྩ་བ་དེ་དག་གི་ཕྱིར་ལྷག་པའི་བསམ་པ་ཉམས་པ་མྱེད་པ་རབ་ཏུ་བསྒྲུབ་པ་དང་། དགེ་བའི་རྩ་བ་དེ་དག་
དེ་བཞིན་གཤེགས་པ་དམྱིགས་པའི་ཡུལ་ལ་རབ་ཏུ་སྦྱོར་བ་དང་། དགེ་བའི་རྩ་བ་དེ་དག་གི་ཕྱིར་སྟོབས་ཀྱི་ཤུགས་རབ་ཏུ་ཐོབ་པ་ལ་ཡང་དག་པར་ལྟ་བའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། འདི་ལྟར་ཆགས་པ་མྱེད་པ་
དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་ཀུན་ཏུ་བཟང་པོའི་ལུས་ཀྱི་ལས་རབ་ཏུ་གྲུབ་པར་གྱུར་ཅིག །ཆགས་པ་མེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་ཀུན་ཏུ་བཟང་པོའི་ངག་གི་ལས་ཕུན་སུམ་ཚོགས་པར་གྱུར་ཅིག །

ཆགས་པ་མེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་ཀུན་ཏུ་བཟང་པོའི་ཡིད་ཀྱི་ལས་ཡོངས་སུ་རྫོགས་པར་གྱུར་ཅིག །ཐམས་ཅད་དུ་རབ་ཏུ་བརྩོན་པས་ཆགས་པ་མེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་ཀུན་ཏུ་
བཟང་པོའི་རྩོམ་པ་ལ་བསྟེན་པར་གྱུར་ཅིག །ཕྱོགས་ཐམས་ཅད་དུ་སོང་ཞིང་ཆགས་པ་མེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་ཀུན་ཏུ་བཟང་པོའི་དབྱངས་ཆགས་པ་མེད་པའི་གཟུངས་ཐོབ་པར་བྱ་བ་རབ་ཏུ་ཐོབ་པར་གྱུར་ཅིག །སངས་
རྒྱས་ཐམས་ཅད་མཐོང་བ་ཡང་དག་པར་འཛིན་ཅིང་ཆགས་པ་མེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་ཀུན་ཏུ་བཟང་པོའི་སངས་རྒྱས་ཐམས་ཅད་མཐོང་བའི་གཟུངས་ཐོབ་པར་བྱ་བ་རབ་ཏུ་ཐོབ་པར་གྱུར་ཅིག །ཆོས་ཀྱི་སྤྲིན་བརྗོད་དུ་མེད་པ་མ་
ལུས་པར་དཀྱིལ་འཁོར་ཐམས་ཅད་དང་ལྡན་པའི་དབྱངས་ཀྱིས་རབ་ཏུ་བསྟན་པའི་ཕྱིར་ཆགས་པ་མེད་པ་དང་གྲོལ་ཞིང་བཅིངས་པ་མེད་པའི་སེམས་སུ་ཀུན་ཏུ་བཟང་པོའི་དབྱངས་ཐམས་ཅད་ལ་མཁས་པའི་གཟུངས་རབ་ཏུ་ཐོབ་པར་གྱུར་ཅིག །འཇིག་
རྟེན་གྱི་ཁམས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བརྩོན་ཞིང་ཆགས་པ་མེད་པ་དང་གྲོལ་ཞིང་བཅིངས་པ་མེད་པའི་སེམས་སུ་ཀུན་ཏུ་བཟང་པོའི་སྤྱོད་པ་བསྐལ་པ་ཐམས་ཅད་དུ་ཡང་དག་པར་འཛིན་པའི་གཟུངས་རབ་ཏུ་ཐོབ་པར་གྱུར་ཅིག །
ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པ་མ་ལུས་པ་ཐམས་ཅད་དུ་སེམས་ཅན་གཅིག་གི་ལུས་ལ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་མ་ལུས་པའི་ལུས་ལ་ཡང་ཆགས་པ་མེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་ཀུན་ཏུ་བཟང་པོའི་
བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། རྣམ་པར་འཕྲུལ་པ་དང་བྱིན་གྱི་རླབས་ཐམས་ཅད་སེམས་ཅན་གཅིག་གི་ལུས་ལ་བྱིན་གྱིས་རློབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་བརྩོན་ཞིང་ཆགས་པ་

མེད་པ་དང་། གྲོལ་ཞིང་བཅིངས་པ་མེད་པའི་སེམས་སུ་ཀུན་ཏུ་བཟང་པོ་དང་མངོན་སུམ་དུ་འགྱུར་བའི་གནས་སུ་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་མཐའ་དག་ལྷག་པ་མེད་ཅིང་མ་ལུས་པར་གཟུང་བ་བསྟན་པར་བྱིན་(ཀྱི་,)
གྱིས་བྱིན་དུ་རློབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཛུད་པ་ལ་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་ཀུན་ཏུ་བཟང་པོའི་སྒོ་གཅིག་ནས་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་མྱི་ཟད་པ་
ཡང་དག་པར་མཐོང་བར་གྱུར་ཅིག །སངས་རྒྱས་ཐམས་ཅད་ཀྱི་སྐུ་མངོན་སུམ་དུ་མཐོང་བའི་ཕྱིར་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་ཀུན་ཏུ་བཟང་པོའི་སྒོ་སྣ་ཚོགས་ནས་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བརྗོད་དུ་
མྱེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པར་རྣམ་པར་དགོད་པ་མྱི་ཟད་པ་ལ་སེམས་ཅན་ཐམས་ཅད་རབ་ཏུ་འཇུག་པར་གྱུར་ཅིག །ཡོངས་སུ་སྐྱོ་བ་མྱེད་པའི་སེམས་ལ་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་ཀུན་ཏུ་
བཟང་པོའི་སྟོབས་བཅུའི་ཡེ་ཤེས་ཀྱི་སྒོ་ལ་སེམས་ཅན་དུ་གདགས་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མྱེད་པ་ཡང་དག་པར་འཛུད་པ་དང་། རབ་ཏུ་འགོད་པ་དང་། སེམས་ཀྱི་སྐད་ཅིག་རེ་རེ་ལ་སྙིང་རྗེ་ཆེན་པོ་ཡང་དག་པར་འབྱུང་
བར་གྱུར་ཅིག །ཀུན་ཏུ་བཟང་པོའི་སྤྱོད་པ་ལ་གནས་པའི་ཚེ་ཆགས་པ་མེད་པ་དང་། གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་ཀུན་ཏུ་བཟང་པོའི་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱིས་སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་དང་། རྣམ་པར་འཕྲུལ་པ་
ཐམས་ཅད་ཡང་དག་པར་སྟོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འདུལ་བའི་དབང་ཉེ་བར་བཟུང་སྟེ། སེམས་ཅན་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་མ་ལུས་པ་ལ་ཡང་དེ་བཞིན་དུ་ཐམས་ཅད་མཁྱེན་

པའི་སའི་སྟོབས་ལ་རབ་ཏུ་དགོད་པའི་ཕྱིར་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་ཀུན་ཏུ་བཟང་པོའི་འགྲོ་བ་ཀུན་གྱི་བརྗོད་པ་སེམས་ཅན་གཅིག་གི་ཚིག་རྣམ་པར་གདགས་པ་ལ་བྱིན་གྱིས་རློབ་པར་གྱུར་ཅིག །ཆགས་པ་མྱེད་
པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་ཀུན་ཏུ་བཟང་པོའི་སེམས་ཅན་གཅིག་གི་ལུས་ལ་སེམས་ཅན་ཐམས་ཅད་ཀྱི་ལུས་ཡང་དག་པར་གཟུང་བར་བྱིན་གྱིས་བྱིན་དུ་རློབ་ཅིང་། དེ་དག་ཀྱང་དགེ་བའི་རྩ་བ་དེས་སངས་རྒྱས་ཀྱི་སྐུ་རབ་ཏུ་ཐོབ་
པར་རང་རང་གིས་ཤེས་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མེད་པའི་སེམས་སུ་ཀུན་ཏུ་བཟང་པོའི་མེ་ཏོག་གཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་རྣམ་པར་དག་པར་བྱིན་གྱིས་
བརླབས་པ་ཡང་དག་པར་ཤེས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སེམས་ཅན་ཐམས་ཅད་གདུལ་བའི་དབང་ཉེ་བར་བཟུང་སྟེ། རྣམ་པར་བསྟན་པར་བྱ་བའི་ཕྱིར་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་
སེམས་སུ་ཀུན་ཏུ་བཟང་པོའི་ཆོས་ཀྱི་དབྱིངས་སུ་སྒྲ་དབྱངས་མངོན་པར་བསྒྲུབ་པ་མངོན་པར་བསྒྲུབ་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་ཀུན་ཏུ་བཟང་པོའི་སྔོན་གྱི་མཐའི་བསྐལ་པའི་མུར་ཐུག་པར་
སེམས་ཀྱི་སྐད་ཅིག་རེ་རེས་ཤིན་ཏུ་སྟོན་ཅིང་སངས་རྒྱས་ཀྱི་ཤུགས་ཀྱི་རྒྱན་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པར་གཏོགས་པར་ཐམས་ཅད་དུ་རྗེས་སུ་དྲན་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་འཇིག་རྟེན་གྱི་ཁམས་
སྣ་ཚོགས་འབྱམ་ཀླས་པ་ཐམས་ཅད་དུ་མ་བྱོན་པའི་སངས་རྒྱས་འབྱུང་བའི་ཕྱིར་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་ཀུན་ཏུ་བཟང་པོའི་བསྐལ་པའི་ཕྱི་མའི་མཐའི་མུར་ཐུག་པ། འཇིག་རྟེན་གྱི་ཁམས་

ཐམས་ཅད་དུ་གཏོགས་པར་ཤིན་ཏུ་བསྟན་པ་ལ་འཇུག་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་བརྩོན་ཞིང་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་
སེམས་སུ་ཆོས་ཀྱི་དབྱིངས་ཐམས་ཅད་སྣང་བ་གཅིག་ཏུ་རྒྱས་པར་བཀང་སྟེ། འཇིག་རྟེན་གྱི་ཁམས་ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ་ཐམས་ཅད་སྣང་བར་བྱེད་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཀུན་ཏུ་བཟང་
པོའི་སྤྱོད་པ་ལ་ཉེ་བར་སྤྱོད་པ་ཐོབ་ཅིང་ཆགས་པ་མྱེད་པ་དང་། གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་རྒྱུད་མཐའ་ཡས་པའི་སྤྱོད་པའི་རྒྱུས་སྟོན་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་
གྲོལ་ཞིང་བཅིངས་པ་མེད་པའི་སེམས་སུ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འཇུག་པའི་ཚེ། བསྐལ་པ་ཐམས་ཅད་ཟད་པར་གྱུར་ཀྱང་ཡེ་ཤེས་མཐའ་དང་དབུས་མྱེད་པའི་མཐར་མྱི་འགྱུར་ཞིང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་
བྱིན་གྱི་རླབས་ཀྱང་ཀུན་ཏུ་བཟང་པོའི་སྤྱོད་པས་རབ་ཏུ་གྲུབ་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་ལ་བརྩོན་པར་བྱེད་པའི་ཚེ། ཆོས་
ཀྱི་དབྱིངས་མ་ལུས་པ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མ་ལུས་པས་ཞལ་བསྟན་པ་མཛད་དེ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཤིང་ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ་རབ་ཏུ་ཞུགས་པའི་བསམ་པས་ལུས་
ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ལ་དུབ་པ་མྱེད་པར་བརྩོན་ཞིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་དང་ལྡན་ཞིང་

ཀུན་ཏུ་བཟང་པོའི་སེམས་དོན་གྱི་ཚོགས་དང་མྱི་འགལ་བ་ཆོས་ཀྱི་ལུས་མཉམས་པ་ངེས་པའི་ཚིག་གི་སར་རྣམ་པར་དག་པ་སྤོབས་པ་ཐམས་ཅད་མྱི་ཟད་པའི་མཛོད་སེམས་ཅན་ཐམས་ཅད་གདུལ་བའི་སར་གྱུར་པས་སངས་
རྒྱས་ཐམས་ཅད་ཀྱི་བྱང་ཆུབ་རབ་ཏུ་ཐོབ་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་། གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་
ལ་བརྩོན་ཞིང་འོད་མཐའ་ཡས་པ་དང་། སྣང་བ་བསམ་གྱིས་མི་ཁྱབ་པས་ཆོས་ཀྱི་སྒོ་རེ་རེ་ལ་འཇུག་ཅིང་། དེ་བཞིན་དུ་ཆོས་ཐམས་ཅད་གྱི་སྒོ་ནས་འགྲོ་ཞིང་འཇུག་པས། ཐམས་ཅད་མཁྱེན་པའི་
སའི་མཐར་ཐུག་པ་རབ་ཏུ་ཐོབ་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་ཀུན་ཏུ་བཟང་པོའི་རྒྱན་གྱི་ཕ་རོལ་དུ་ཕྱིན་པ་ཐོབ་སྟེ། དམྱིགས་པ་རེ་རེ་ཞིང་
ཐམས་ཅད་མཁྱེན་པ་ཉིད་ཐམས་ཅད་ལ་ཞུགས་ཀྱང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐར་ཐུག་པར་མྱི་འགྱུར་བའི་ཚུལ་གྱི་རྒྱལ་པོ་དེ་ལྟ་བུ་ཐོབ་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མེད་པ་དང་
གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ། ཚེ་འདི་ནས་ཉེ་བར་བཟུང་སྟེ་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་རྨོངས་པ་མྱེད་ཅིང་རྒྱུན་མྱི་ཆད་པར་ཆོས་ལ་གཞོལ་ཞིང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་
སྤྱོད་པར་གྱུར་པའི་རྒྱུད་བརྗོད་དུ་མེད་པའི་ཐམས་ཅད་མཁྱེན་པ་ཉིད་དུ་རྣམ་པར་འཚང་རྒྱ་བའི་ཚུལ་ཐོབ་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་བྱང་ཆུབ་སེམས་དཔའི་

སྤྱོད་པ་ཐམས་ཅད་ལ་རབ་ཏུ་སྣང་བར་གྱུར་པའི་སེམས་བསྒྲིབས་པ་མེད་པའི་ཆོས་ཀྱི་སྣང་བ་རབ་ཏུ་ཐོབ་པས་རྒྱུན་མྱི་འཆད་པའི་ལས་ལ་རབ་ཏུ་བརྩོན་ཞིང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་
རྣམ་པར་འཕྲུལ་པ་རབ་ཏུ་ཐོབ་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མེད་པའི་སེམས་སུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ཐོབ་པར་བྱ་བ་ལ་བརྩོན་ཞིང་ཐམས་ཅད་ཀྱི་
ཚུལ་དང་མཐའ་ཡས་པའི་ཚུལ་དང་། བསམ་གྱིས་མི་ཁྱབ་པའི་ཚུལ་དང་། བྱང་ཆུབ་སེམས་དཔའི་ཚུལ་དང་། ཐམས་ཅད་མཁྱེན་པའི་ཚུལ་དང་། བྱང་ཆུབ་སེམས་དཔའི་འདུལ་བ་ཐམས་ཅད་ཀྱི་ཚུལ་དང་། ཆོས་ཀྱི་འཁོར་ལོ་
མཐའ་དང་དབུས་མྱེད་པར་རབ་ཏུ་བསྐོར་བའི་ཚུལ་དང་། དུས་བརྗོད་དུ་མྱེད་པའི་ཚུལ་དང་། ཆོས་རྣམ་པ་ཐ་དད་པ་བསྟན་པའི་ཚུལ་དང་། འཇིགས་པ་མེད་པའི་མཛོད་ས་མཚམས་མྱེད་པའི་ཚུལ་དང་། ཆོས་ཐམས་ཅད་མ་ལུས་
པར་བསྟན་པའི་ཚུལ་དང་། ཚུལ་དང་ཚུལ་མ་ཡིན་པ་རྗེས་སུ་རྟོགས་པའི་ཡེ་ཤེས་ཐོབ་པར་བྱ་བ་རབ་ཏུ་ཐོབ་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་ཕྱིར་མི་ལྡོག་པའི་སེམས་
ཅན་བྱང་ཆུབ་ཏུ་ཡང་དག་པར་འབྱུང་བ་ཉམས་པ་མྱེད་པར་བྱ་བ་དང་། བརྟན་པ་དམ་པའི་དགེ་བའི་རྩ་བས་སེམས་ཅན་ཐམས་ཅད་རྣམ་པར་དག་པའི་མཐར་ཕྱིན་པར་བྱེད་ཅིང་ཀུན་ཏུ་བཟང་པོའི་ལས་ཀྱི་བསྲལ་བས་འགྲོ་བ་ཐམས་ཅད་
དགའ་བར་བྱེད་པའི་ལུས་ཀྱི་ལས་ཡོངས་སུ་རྫོགས་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མེད་པའི་སེམས་སུ་སེམས་ཅན་གྱི་ཁམས་ཐམས་ཅད་དགའ་བར་བྱེད་པའི་ཚིག་བརྗོད་དུ་མྱེད་པ་

ལ་རབ་ཏུ་བརྩོན་ཞིང་དག་གི་ལས་ཀྱི་རྒྱན་ཐམས་ཅད་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་བྱིན་གྱི་རླབས་ལ་བརྩོན་པས་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་བརྗོད་པ་ཡོངས་སུ་ཤེས་
པར་བྱ་བའི་ཡེ་ཤེས་རྣམ་པར་དག་པ་ཡོངས་སུ་ཐོབ་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཀུན་ཏུ་བཟང་པོའི་སྤྱོད་པའི་སྤྱོད་ཡུལ་རབ་ཏུ་རྟོགས་ཤིང་ཆགས་པ་མེད་པ་དང་། གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་འགྲོ་བ་འབྱམ་
ཀླས་པ་ཐམས་ཅད་དང་། ཞིང་འབྱམ་ཀླས་པ་ཐམས་ཅད་དང་། སེམས་ཅན་འབྱམ་ཀླས་པ་ཐམས་ཅད་དང་། མངོན་པར་ཤེས་པ་དང་། ཡེ་ཤེས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཆོས་འབྱམ་ཀླས་པ་དང་། ཆོས་འབྱམ་
ཀླས་པའི་རྒྱན་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་མཛོད་ཐམས་ཅད་ནས་བྱུང་བ་དང་། ལྷག་པའི་བསམ་པས་རྣམ་པར་དག་པའི་སེམས་ཀྱི་རྒྱུད་མཉམ་པ་ཉིད་ཀྱིས་ཞུགས་པའི་ཡེ་ཤེས་འབྱམ་ཀླས་པ་རབ་ཏུ་རྟོགས་པར་
གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་ལས་བྱུང་བའི་ལུས་རྣམ་པར་དག་པ་དང་། ལྷག་པའི་བསམ་པ་རྣམ་པར་དག་པས་མོས་པ་
རབ་ཏུ་གྲུབ་པ་དང་སངས་རྒྱས་ཀྱི་བྱིན་གྱི་རླབས་ལ་བརྩོན་པ་དང་། སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་ཡོངས་སུ་བཟུང་བ་དང་། སངས་རྒྱས་ཀྱི་ཡུལ་ལ་ཡང་དག་པར་གནས་པ་དང་། ཡེ་ཤེས་ཀྱི་རྒྱ་མཐའ་
ཡས་པས་སྣང་བར་བྱས་པ་དང་། བྱང་ཆུབ་སེམས་དཔའི་ལས་ཀྱི་མངོན་པར་བྱུང་བ་དང་། ཚིག་རབ་ཏུ་དབྱེ་བ་ཐམས་ཅད་ལ་མཁས་པ་རྣམ་པར་དག་པ་ཁོང་དུ་ཆུད་པར་བྱ་བ་ལ་རབ་ཏུ་ཞུགས་པ་དང་། ཐེག་པ་ཆེན་

པོ་མཐའ་ཡས་པའི་རྣམ་པར་འཕྲུལ་པས་རབ་ཏུ་བྱུང་བ་དང་། འགྲོ་བ་མཐའ་དང་དབུས་མྱེད་པ་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ཡང་དག་པར་བསྟན་པ་དང་། བྱང་ཆུབ་སེམས་དཔའ་
ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་དང་ཡོངས་སུ་བསྔོ་བ་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་མཉམ་པ་ཉིད་ཀྱི་སྨོན་ལམ་གྱི་དབང་པོས་བརྩོན་ཞིང་ཆགས་པ་མྱེད་པ་དང་། གྲོལ་ཞིང་བཅིངས་པ་མེད་པའི་སེམས་
སུ་དབང་པོ་རྣོ་བ་དང་དབང་པོ་དགེ་བ་དང་། ཆོས་ཐམས་ཅད་ལ་དབང་སྒྱུར་བའི་དབང་པོ་དང་། མྱི་ཟད་པའི་དབང་པོ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་བརྩོན་པའི་དབང་པོ་དང་། སངས་རྒྱས་ཀྱི་ཡུལ་ཐམས་ཅད་ལ་
མཉམ་པ་ཉིད་དུ་གྱུར་པའི་དབང་པོ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལུང་བསྟན་པ་ལ་ཕྱིར་མི་ལྡོག་པར་ཤིན་ཏུ་བརྩོན་པའི་དབང་པོ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤིན་ཏུ་ཕུགས་པའི་དབང་པོ་རྡོ་རྗེའི་ཁམས་
ལྟ་བུ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་མཐའ་དང་དབུས་མྱེད་པའི་སྣང་བ་རབ་ཏུ་ཐོབ་པས་རྡོ་རྗེ་འོད་འཕྲོ་བའི་དབང་པོ་དང་། དབང་པོ་རབ་ཏུ་དབྱེ་བ་ཐམས་ཅད་མ་ལུས་པ་ལ་དབང་སྒྱུར་བའི་དབང་པོ་དང་། སེམས་
ཅན་མུ་མྱེད་པ་ཐམས་ཅད་མཁྱེན་པའི་དབང་པོ་ལ་རབ་ཏུ་དགོད་པའི་ཕྱིར་དབང་པོ་མཐའ་ཡས་པ་འབྱམ་ཀླས་པ་དང་། དབང་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་དབང་པོ་བསྒྲིབས་པ་མྱེད་ཅིང་རྣམ་པར་དག་པ་རབ་ཏུ་ཐོབ་པར་
གྱུར་ཅིག །དགེ་བའི་རྩ་བ་འདིས་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་རབ་ཏུ་བརྩོན་པའི་སེམས་དང་ལྡན་ཞིང་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཚད་མྱེད་

པར་འབྱམ་ཀླས་པ་བྱིན་གྱིས་བརླབ་པའི་རྫུ་འཕྲུལ་དང་། ཡེ་ཤེས་མཐའ་ཡས་པས་ཁྱུ་མཆོག་གི་མཐུ་འབྱིན་པའི་རྫུ་འཕྲུལ་དང་ལུས་མ་གཡོས་པར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀུན་ཏུ་བསྟན་པའི་རྫུ་འཕྲུལ་དང་། བྱང་ཆུབ་སེམས་དཔའི་
དབང་ཆགས་པ་མེད་ཅིང་ཐོགས་པ་མེད་པའི་རྫུ་འཕྲུལ་དང་། མ་འོངས་པའི་སངས་རྒྱས་ཀྱི་ཞིང་བྱིན་གྱིས་བརླབ་ཅིང་ཡང་དག་པར་བསྟན་པའི་རྫུ་འཕྲུལ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ལུས་གཅིག་གིས་རྒྱས་པར་དགང་བའི་
རྫུ་འཕྲུལ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསྒྲིབས་པ་མེད་པས་རྣམ་པར་རྩེ་བའི་རྫུ་འཕྲུལ་དང་། མངོན་པར་འདུ་བྱ་བ་མེད་པའི་སེམས་སྐད་ཅིག་གི་རྫུ་འཕྲུལ་དང་། དངོས་པོ་མེད་པ་ལ་རབ་ཏུ་
གནས་པས་མྱི་རྟེན་པའི་རྫུ་འཕྲུལ་དང་། སྐྲ་ཡི་སྦུབས་གཅིག་ཏུ་འཇིག་རྟེན་གྱི་ཁམས་བརྗོད་དུ་མྱེད་པ་རབ་ཏུ་དགོད་པ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་དུ་རྒྱུ་ཞིང་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་
བསྟན་པས་སེམས་ཅན་འབྱམ་ཀླས་པ་ཐམས་ཅད་རྣམ་པར་བསྟན་པའི་ཡེ་ཤེས་ཀྱི་སྒོ་ལ་འཇུག་པའི་རྫུ་འཕྲུལ་རབ་ཏུ་ཐོབ་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་སངས་
རྒྱས་ཀྱི་ཞིང་ཤིན་ཏུ་དག་པ་ལ་རབ་ཏུ་ཞུགས་པའི་ཡེ་ཤེས་ཀྱི་འཇུག་པ་དང་། སངས་རྒྱས་ཀྱི་ཞིང་མཐའ་དང་དབུས་མྱེད་པར་རབ་ཏུ་ཞུགས་པའི་ཡེ་ཤེས་ཀྱི་ས་དང་སྐྱེ་བ་མྱེད་པ་ལ་བརྩོན་པའི་སེམས་བསྐྱེད་པ་ལ་འཇུག་པ་དང་། ཀུན་
ཏུ་བཟང་པོའི་རྟོགས་པའི་སྒོ་ནས་འཇུག་པས་རབ་ཏུ་འབྱུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་ཏུ་ཐོབ་པས། འཇིག་རྟེན་གྱི་ཁམས་བརྗོད་དུ་མྱེད་པ་རེ་རེར་ལུས་ཀུན་ཏུ་དགྱེ་བའི་བྱིན་གྱི་རླབས་ཤིན་ཏུ་བསྟན་པས་

ཞིང་གི་རྒྱུད་ལ་རབ་ཏུ་ཞུགས་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་སངས་རྒྱས་ཀྱི་རིགས་སུ་བྱུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་
རྒྱུད་ལ་གནས་ཤིང་རྣམ་པའི་ཚུལ་རྣམ་པ་ཐ་དད་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་བསམ་གྱིས་མྱི་ཁྱབ་པའི་ལྷག་པའི་བསམ་པས་རྣམ་པར་ཕྱེ་བ་ཐོབ་སྟེ། ཚད་མྱེད་པའི་སྨོན་ལམ་ལ་ཡང་དག་པར་བརྩོན་ཞིང་ཆོས་ཀྱི་དབྱིངས་
ཐམས་ཅད་དང་། དུས་གསུམ་གྱི་ཆོས་ཀྱི་དབྱིངས་ཐམས་ཅད་དུ་རྒྱུན་མྱི་ཆད་པར་རབ་ཏུ་ཞུགས་པའི་སེམས་སུ་ཀུན་ཏུ་བཟང་པོའི་སྤྱོད་པའི་ཚུལ་ཤེས་པ་དང་། རབ་ཏུ་ཤེས་པ་དང་། རྗེས་སུ་རྟོགས་པའི་ཤེས་རབ་ཀྱི་
དབྱིངས་ལ་རབ་ཏུ་ཞུགས་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྒོས་རྣམ་པར་དག་པར་བྱས་པའི་མྱིག་གི་སྒོ་དང་ལྡན་ཞིང་། ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་
སེམས་སུ་སྐྲ་ཡི་སྦུབས་རེ་རེ་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་ཞིང་རྣམས་ཡང་དག་པར་འཛུད་པ་རབ་ཏུ་ཤེས་པར་གྱུར་ཅིག །དེ་བཞིན་དུ་ཆོས་ཀྱི་དབྱིངས་ཐམས་ཅད་ལ་འཇུག་པ་ཉེ་བར་བཟུང་སྟེ། ནམ་མཁའི་དབྱིངས་
ཀྱི་མཐར་ཐུག་པར་གྱུར་ཏེ། སྐྲའི་སྦུབས་གཅིག་ཏུ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་དབྱིངས་ཐམས་ཅད་ནམ་མཁའི་མཐས་གཏུགས་པའི་སྐྲ་ཡི་སྦུབས་ཐམས་ཅད་དུ་འཛུད་པ་ལ་རབ་ཏུ་མཁས་པར་གྱུར་ཅིག །ཤིན་ཏུ་ཤེས་པར་གྱུར་ཅིག་
མངོན་པར་རྟོགས་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་སེམས་ཀྱི་སྐད་ཅིག་གཅིག་ལ་བརྗོད་དུ་མྱེད་པའི་བསྐལ་པ་ལྷག་པའི་བསམ་པས་ཡང་དག་པར་སྟོན་པར་བྱེད་ཅིང་མཐའ་

དང་དབུས་མྱེད་པ་གཅིག་ནས་གཅིག་ཏུ་བརྒྱུད་པས་མཐོང་བར་གྱུར་ཅིག །རབ་ཏུ་ཞུགས་པར་གྱུར་ཅིག །དེ་བཞིན་དུ་སེམས་ཅན་གྱི་ཁམས་ཐམས་ཅད་མ་ལུས་པའི་སེམས་ཀྱི་སྐད་ཅིག་ལ་འཇུག་པའི་ཚུལ་དུ་ཚུལ་འདི་ཀུན་ཏུ་བཟང་པོ་
ལ་བརྩོན་པའི་ལྷག་པའི་བསམ་པས་ཡོངས་སུ་ཤེས་པར་གྱུར་ཅིག །རབ་ཏུ་རྟོགས་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་ཀྱིས་ལུས་རེ་རེར་ཡང་བརྗོད་དུ་མྱེད་པའི་ཡང་བརྗོད་
དུ་མྱེད་པའི་ལུས་ཡོངས་སུ་འཛུད་པ་མཐོང་བར་གྱུར་ཅིག །རབ་ཏུ་རྟོགས་པར་གྱུར་ཅིག །ལུས་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ། ལུས་འབྱམ་ཀླས་པ་ལ་འཇུག་པ་ཐམས་ཅད་མ་ལུས་པར་ཉེ་བར་བཟུང་སྟེ། སེམས་
ཅན་གྱི་ཁམས་ཐམས་ཅད་མ་ཚང་བ་མྱེད་པ་དང་། ལྷག་པ་མྱེད་པར་ཤེས་པའི་སེམས་བསྐྱེད་པ་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པས་ཡོངས་སུ་
བསྔོས་པའི་ཚུལ་གྱིས་འདི་ལ་རབ་ཏུ་ཞུགས་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་། གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་སངས་རྒྱས་ཐམས་ཅད་རྟོགས་པར་བྱ་བ་རབ་ཏུ་རྟོགས་ཤིང་། ནམ་མཁའི་དབྱིངས་
ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་དང་བྲལ་བ་མྱེད་ཅིང་། མཚན་གྱིས་རྣམ་པར་འཕྲུལ་པའི་སྐུ་དང་དབྱངས་ཀྱི་ཡན་ལག་རབ་ཏུ་བགྱེ་བ་རྒྱུན་ཆད་པ་མྱེད་པས་སྣང་བར་མཛད་པས་གང་བ་རབ་ཏུ་ཆུད་པར་གྱུར་ཅིག །དེ་བཞིན་གཤེགས་
པས་གསུངས་པ་དེ་དག་ཀྱང་ཡང་དག་པར་འཛིན་པར་གྱུར་ཅིག །དེ་བཞིན་གཤེགས་པའི་སྐུ་དེ་དག་ཀྱང་། ཀུན་ཏུ་བཟང་པོའི་སྨོན་ལམ་ཡངས་པ་རྒྱ་ཆེན་པོ་དང་། འཇིག་རྟེན་ཐམས་ཅད་ཀྱི་འདུ་ཤེས་ཕྱིན་ཅི་ལོག་དང་།

སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་ལས་འཕགས་པའི་ལྟ་བ་དང་། ཕྱིན་ཅི་ལོག་ཐམས་ཅད་སྤངས་པའི་ལྟ་བའི་ཚུལ་གྱིས་དམིགས་སུ་མྱེད་པར་རབ་ཏུ་རྟོགས་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་
བཟང་པོའི་སྤྱོད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའི་ས་ལ་གནས་ཤིང་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་སེམས་ཀྱི་སྐད་ཅིག་གཅིག་ལ་མིག་འཕྲུལ་རྣམ་པར་དབྱེ་བའི་ཚུལ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་གཞི་མཉམ་པས་རྣམ་པར་དབྱེ་བ་དང་།
འཇིག་རྟེན་གྱི་ཁམས་སྣ་ཚོགས་ལ་ཚུལ་གཅིག་ཏུ་འཇུག་པ་དང་། འཇིག་རྟེན་གྱི་ཁམས་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མེད་པ་ལ་རྣམ་པ་དུ་མར་རབ་ཏུ་འཇུག་པ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་ལ་ཚུལ་གཅིག་ཏུ་འཇུག་པ་དང་། ནམ་མཁའི་དབྱིངས་ཐམས་ཅད་རྣམ་པ་
ཐ་དད་པ་ཀུན་ཏུ་དགྱེ་བར་འགལ་བ་མྱེད་པའི་ཚུལ་ལ་རབ་ཏུ་འཇུག་པས་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཐམས་ཅད་དང་། སྣྲེལ་ཞིར་རྒྱུ་བའི་འཇིག་རྟེན་གྱི་ཁམས་ལ་རབ་ཏུ་འཇུག་པ་དང་། སྤྱིའུ་ཚུགས་སུ་རྒྱུ་བའི་འཇིག་རྟེན་གྱི་ཁམས་ལ་རབ་ཏུ་འཇུག་པ་དང་། ཕྱོགས་ཀྱི་དྲ་བ་བརྗོད་དུ་མྱེད་
པའི་ཡང་བརྗོད་དུ་མྱེད་པའི་རྒྱུད་དང་། ཞིང་འབྱམ་ཀླས་པ་ཐམས་ཅད་ལ་འཇུག་པ་ཡོངས་སུ་ཤེས་པར་གྱུར་ཅིག །རབ་ཏུ་རྟོགས་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་མྱེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་སུ་སྤྱོད་པའི་ཡེ་ཤེས་རིན་པོ་ཆེས་འདུ་ཤེས་ཀྱི་
རྣམ་པ་ཐམས་ཅད་ལ་འཇུག་པར་བསྒོམས་པའི་ཡེ་ཤེས་ཀྱི་ས་ལ་ཡང་དག་པར་གནས་ཤིང་འདུ་ཤེས་ཀྱི་རྣམ་པ་འདི་ལྟ་སྟེ། སེམས་ཅན་དུ་འདུ་ཤེས་པའི་རྣམ་པ་དང་། ཆོས་སུ་འདུ་ཤེས་པའི་རྣམ་པ་དང་། ཞིང་དུ་འདུ་ཤེས་པའི་རྣམ་པ་དང་། ཕྱོགས་སུ་འདུ་ཤེས་པའི་རྣམ་པ་
དང་། སངས་རྒྱས་སུ་འདུ་ཤེས་པའི་རྣམ་པ་དང་། དུས་སུ་འདུ་ཤེས་པའི་རྣམ་པ་དང་། ལས་སུ་འདུ་ཤེས་པའི་རྣམ་པ་དང་། སྤྱོད་པར་འདུ་ཤེས་པའི་རྣམ་པ་དང་། ཁམས་སུ་འདུ་ཤེས་པའི་རྣམ་པ་དང་། མོས་པར་འདུ་ཤེས་པའི་རྣམ་པ་དང་། དབང་པོར་འདུ་ཤེས་པའི་

རྣམ་པ་དང་། དུས་སུ་འདུ་ཤེས་པའི་རྣམ་པ་དང་། བྱིན་གྱི་རླབས་སུ་འདུ་ཤེས་པའི་རྣམ་པ་དང་། ཉོན་མོངས་པར་འདུ་ཤེས་པའི་རྣམ་པ་དང་། རྣམ་པར་བྱང་བར་འདུ་ཤེས་པའི་རྣམ་པ་དང་། ཡོངས་སུ་སྨྱིན་པར་འདུ་ཤེས་པའི་རྣམ་པ་དང་། སངས་རྒྱས་མཐོང་
བར་འདུ་ཤེས་པའི་རྣམ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་འདུ་ཤེས་པའི་རྣམ་པ་དང་། ཆོས་བཤད་པ་ཀུན་ཤེས་པར་བྱ་བར་འདུ་ཤེས་པའི་རྣམ་པ་དང་། འདུལ་བར་འདུ་ཤེས་པའི་རྣམ་པ་དང་། འབྱུང་བ་རྣམ་པ་ཐ་དད་པར་འདུ་ཤེས་པའི་རྣམ་པ་དང་། ས་སྣ་ཚོགས་
དང་ས་དུ་མར་འདུ་ཤེས་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་འཇུག་པར་འདུ་ཤེས་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་གནས་སུ་འདུ་ཤེས་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་སྙོམས་པར་འཇུག་པར་འདུ་ཤེས་པའི་རྣམ་པ་དང་། བྱང་ཆུབ་སེམས་
པས་སྙོམས་པར་འཇུག་པ་ལས་ལྡང་བར་འདུ་ཤེས་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་འཇིག་པར་འདུ་ཤེས་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་འདུ་བར་འདུ་ཤེས་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་འཆི་འཕོ་བར་འདུ་ཤེས་པའི་རྣམ་པ་དང་།
བྱང་ཆུབ་སེམས་དཔའི་སྐྱེ་བར་འདུ་ཤེས་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པར་འདུ་ཤེས་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པར་འདུ་ཤེས་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་སུ་འདུ་ཤེས་པའི་རྣམ་
པ་དང་། བྱང་ཆུབ་སེམས་དཔའི་ཡུལ་དུ་འདུ་ཤེས་པའི་རྣམ་པ་དང་། འཇིག་པ་དང་འདུ་བའི་བསྐལ་པར་འདུ་ཤེས་པའི་རྣམ་པ་དང་། ཉིན་མཚན་དང་རབ་རིབ་མེད་པ་དང་། སྣང་བར་འདུ་ཤེས་པའི་རྣམ་པ་དང་། ཟླ་བ་ཕྱེད་དང་ཟླ་བ་གཅིག་དང་ལོ་དང་དུས་འགྱུར་
བར་འདུ་ཤེས་པའི་རྣམ་པ་དང་། འགྲོ་བ་དང་འོང་བར་འདུ་ཤེས་པའི་རྣམ་པ་དང་། འགྲེང་བ་དང་འདུག་པར་འདུ་ཤེས་པའི་རྣམ་པ་དང་། འདུ་ཤེས་ཀྱི་རྣམ་པ་དེ་དག་དང་། འདུ་ཤེས་ཀྱི་རྣམ་པའི་ས་དེ་དག་ཐམས་ཅད་རྣམ་པར་རྟོག་པ་མེད་པའི་སེམས་དང་ལྡན་

ཞིང་འདུ་ཤེས་ཐམས་ཅད་རྣམ་པར་སྤངས་པའི་ཡིད་དང་། ཆགས་པ་ཐམས་ཅད་རྣམ་པར་ཟློག་པའི་སེམས་དང་། བསྒྲིབས་པ་ཐམས་ཅད་རབ་ཏུ་སྤངས་པའི་ཡིད་ཀྱིས་ཡང་དག་པར་རྟོགས་པ་དང་ལྡན་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་
ཀྱིས་ཡོངས་སུ་གསལ་བར་བྱས་པའི་ཡེ་ཤེས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་མངོན་པར་བརླན་པའི་དགེ་བའི་རྩ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་ཡང་དག་པར་གནས་པའི་ལུས་དང་། ཆོས་དཀར་པོ་ཐམས་ཅད་ཡོངས་སུ་གཟུང་
བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱོད་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ཤིན་ཏུ་བསླབས་པ། སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་ཀུན་ཏུ་བཟང་པོའི་སྤྱད་པ་སྤྱོད་པས་དབང་བསྐུར་བའི་སྨོན་ལམ་དང་ལྡན་པས། སེམས་ཀྱི་སྐད་ཅིག་གཅིག་ལ་འཇུག་
པས་ཤེས་པར་གྱུར་ཅིག །མཐོང་བར་གྱུར་ཅིག །རབ་ཏུ་ཤེས་པར་གྱུར་ཅིག །ཞུགས་པར་གྱུར་ཅིག །ཤིན་ཏུ་སྒྲུབ་པར་གྱུར་ཅིག །ཡོངས་སུ་རྒྱས་པར་བྱེད་པར་གྱུར་ཅིག །ཡོངས་སུ་ཤེས་པར་གྱུར་ཅིག །རབ་ཏུ་རྟོགས་པར་གྱུར་ཅིག །རྗེས་སུ་ཐོབ་
བར་གྱུར་ཅིག །རབ་ཏུ་འཕེལ་བར་བྱེད་པར་གྱུར་ཅིག །བྱིན་གྱིས་རློབ་པར་བྱེད་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་འགྲོ་བ་ཐམས་ཅད་ལ་རྣམ་པ་བཟང་པོའི་སྤྱོད་པའི་ཡེ་ཤེས་རིན་པོ་ཆེ་དང་། ཀུན་ཏུ་བཟང་པོའི་འབྱུང་བ་རྩོམ་པ་རླབས་པོ་ཆེ་དང་། ཆགས་པ་མེད་པ་
དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་རེ་རེ་ལ་སེམས་ཚད་མྱེད་པ་ཡོངས་སུ་འཛུད་པར་བྱེད་ཅིང་ཡང་དག་པར་རྟེན་པ་དང་། རྣམ་པར་རྟོག་པར་གྱུར་པ་དང་། རྣམ་པ་སྣ་ཚོགས་སུ་གྱུར་པ་དང་། མངོན་པར་འདུ་བྱ་བ་རྣམ་པ་སྣ་ཚོགས་ཀྱི་ལས་དང་། ཚད་མེད་
པའི་ལས་དང་། མཚན་ཉིད་ཐ་དད་པའི་ལས་དང་། སེམས་རྣམ་པ་སྣ་ཚོགས་དང་། བསམ་པ་རྣམ་པ་ཐ་དད་པས་བྱུང་ཞིང་ཡང་དག་པར་གཞོལ་བར་གྱུར་པས་རབ་ཏུ་ཤེས་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཀུན་ཏུ་བཟང་པོའི་སྨོན་ལམ་དང་། ཡེ་ཤེས་

རིན་པོ་ཆེ་དང་། ཆགས་པ་མེད་པ་དང་། གྲོལ་ཞིང་བཅིངས་པ་མེད་པའི་སེམས་སུ་སྐྱེ་མཆེད་རེ་རེ་ཞིང་། བརྗོད་དུ་མེད་པའི་སྐྱེ་མཆེད་རབ་ཏུ་གཟུང་བ་དང་། དེ་བཞིན་དུ་སྐྱེ་མཆེད་འབྱམ་ཀླས་པ་ལ་རབ་ཏུ་འཇུག་པ་ཤེས་པར་གྱུར་ཅིག །རབ་ཏུ་ཤེས་པར་གྱུར་
ཅིག །ཁོང་དུ་ཆུད་པར་གྱུར་ཅིག །ཤིན་ཏུ་རྟོགས་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་ལས་ལ་རབ་ཏུ་བརྩོན་པའི་ཡེ་ཤེས་ཀྱིས་དང་། ཆགས་པ་མེད་པ་དང་གྲོལ་ཞིང་བཅིངས་པ་མྱེད་པའི་སེམས་
སུ་ལས་འབྱམ་ཀླས་པ་རེ