Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 036_ཕལ་ཆེན།_ཁ
Văn bản gốc(Tây Tạng)
Trang 2 / 22 (50.000 ký tự/trang)
ད་པ་ཡིན། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་ཤིན་ཏུ་མོས་པས་དགེ་བའི་རྩ་བ་མྱི་ཟད་པ་ཡིན། བྱང་ ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལས་ལ་བརྩོན་པས་དགེ་བའི་རྩ་བ་མྱི་ཟད་པ་ཡིན། དུས་གསུམ་རབ་ཏུ་རྣམ་པར་འབྱེད་པས་དགེ་བའི་རྩ་བ་མྱི་ཟད་པ་ཡིན་ཏེ། དེ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་སེམས་ཅན་མྱེད་པར་རབ་ཏུ་རྟོག་ཅིང་ཡོངས་སུ་བསྔོའོ། །ཆོས་ཐམས་ ཅད་ལ་སྲོག་མྱེད་པར་ཁོང་དུ་ཆུད་ཅིང་ཡོངས་སུ་བསྔོའོ། །ཆོས་ཐམས་ཅད་ལ་བྱེད་པ་མྱེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་ཐམས་ཅད་ལ་གང་ཟག་མྱེད་པར་སེམས་ཤིང་ཡོངས་སུ་བསྔོའོ། །ཆོས་ཐམས་ཅད་ཉོན་མོངས་པ་ མྱེད་པར་རབ་ཏུ་རྟོག་ཅིང་ཡོངས་སུ་བསྔོའོ། །ཆོས་ཐམས་ཅད་ཀྱི་རྟེན་པ་ཡང་དག་པར་མཐོང་ཤིང་ཡོངས་སུ་བསྔོའོ། །དངོས་པོ་ཐམས་ཅད་ལ་མྱི་གནས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཡོངས་སུ་བསྔོའོ། །ཞིང་ཐམས་ཅད་ལ་ཡང་དག་པར་མྱི་གནས་པ་ཉིད་དུ་ ཤེས་ཤིང་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མྱི་གནས་པ་ཉིད་དུ་ལྟ་ཞིང་ཡོངས་སུ་བསྔོའོ། །དམྱིགས་པ་ཐམས་ཅད་ལ་དམྱིགས་སུ་མྱེད་པ་ཉིད་དུ་ཤེས་པས་མཐོང་ཞིང་ཡོངས་སུ་བསྔོའོ། །དེ་དེ་ལྟར་ཡོངས་སུ་བསྔོ་བས་ཞིང་གང་ ཡང་ཀུན་ནས་ཉོན་མོངས་པ་དང་བཅས་པར་མྱིག་ལམ་དུ་སྣང་བར་མི་འགྱུར་རོ། །ཀུན་ཏུ་ལྟ་ཡང་སེམས་ཅན་གང་ཡང་མྱི་མཐུན་པ་མཐོང་བར་མྱི་འགྱུར་རོ། །སྤྱོད་པའི་ཚེ་ཆོས་གང་ཡང་ཡང་དག་པར་མྱི་མཐོང་ངོ་། །ཡེ་ཤེས་ཀྱི་འཇུག་པས་གང་ལ་ཡང་འཇུག་པ་ མྱེད་དོ། །ནམ་མཁའི་དབྱིངས་ཐམས་ཅད་ལ་ཡང་རབ་ཏུ་གནས་ཏེ། དེ་ཡང་ཤིན་ཏུ་ཤེས་སོ། །བསོད་ནམས་ཀྱི་སྟོབས་ཚད་མྱེད་པས་དེ་བཞིན་གཤེགས་པའི་སྐུས་ཆོས་ཐམས་ཅད་གང་བར་ཤིན་ཏུ་ཤེས་སོ། །སེམས་ ཅན་ཐམས་ཅད་ཚིམ་པར་བྱ་བའི་ཕྱིར། དགེ་བའི་རྩ་བ་ཐམས་ཅད་དུ་འགྲོ་བ་ལ་ཡང་དག་པར་སྤྱོད་དོ། །དེའི་སེམས་བསྐྱེད་པ་རེ་རེ་ཞིང་ཡང་སེམས་ཅན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སྟོབས་བཅུའི་སར་ཡང་དག་པར་འགྲུབ་བོ། །དེས་སེམས་ཅན་ཐམས་ཅད་ བསོད་ནམས་ཐམས་ཅད་ཀྱིས་ཡོངས་སུ་གཟུང་ཞིང་ཐོབ་པར་བྱ་བའི་ཕྱིར། དགེ་བའི་རྩ་བ་རྣམ་པར་དག་པ་བསོད་ནམས་ཐམས་ཅད་ཀྱི་འབྱུང་གནས་དང་ལྡན་པ། ཐམས་ཅད་རབ་ཏུ་སྒྲུབ་བོ། །དེ་ཡོ་བྱད་ཅི་འདོད་པ་ཕུན་སུམ་ཚོགས་པས། བསོད་ནམས་ཀྱི་ མཛོད་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་ལྡན་པ་ཡིན་ནོ། །དེ་གང་དང་གང་དུ་འགྲོ་བ་དེ་དང་དེ་དག་ཏུ་ཞིང་ཐམས་ཅད་རྣམ་པར་སྦྱོང་ཞིང་འགྲོའོ། །དེ་གང་དང་གང་དུ་སྤྱོད་པ་དེ་དང་དེ་དག་ཏུ་སེམས་ཅན་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མེད་པ་རྣམ་པར་དག་པར་བྱ་བའི་ཕྱིར། བསོད་ནམས་ཀྱི་སྟོབས་ཀྱིས་ཡོངས་སུ་བཟུང་བ་ལ་རབ་ཏུ་གཞོག་ཅིང་། ཡང་དག་པར་སྤྱོད་དོ། །དེ་ལྟར་ཡོངས་སུ་བསྔོ་བ་དེ་ལ་རྣམ་པ་དེ་ལྟ་བུའི་རྒྱུ་མཐུན་པས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་གཟུགས་མྱེད་པ་ཡིན། འཇིག་རྟེན་ཐམས་ཅད་ཀྱི་ཟིལ་ གྱིས་མྱི་ནོན་པའི་བསོད་ནམས་ཅན་ཡིན། བདུད་ཐམས་ཅད་ཀྱིས་གཟི་བརྗིད་མྱི་ཟད་པ་ཡིན། ཕྱིར་རྒོལ་བ་ཐམས་ཅད་ཀྱིས་དགེ་བའི་རྩ་བ་མི་འཕྲོགས་པ་ཡིན། ཐམས་ཅད་མཁྱེན་པའི་ཡིད་ཡང་དག་པར་རྟོགས་པ་དང་ལྡན་པས། སྨོན་ལམ་ཤིན་ཏུ་ཆེ་བ་དང་། སེམས་རབ་ཏུ་ཡངས་པ་ཡིན། སེམས་བསྐྱེད་པ་གཅིག་གིས་སངས་རྒྱས་ཀྱི་ཞིང་ཚད་མྱེད་པར་འགྲོ་བ་ཡིན། ཡེ་ཤེས་ཀྱི་སྟོབས་མཐའ་ཡས་པས། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཡོངས་སུ་ཤེས་པ་ཡིན། སངས་རྒྱས་ཐམས་ཅད་ལ་ཤིན་ཏུ་དད་པ་ཡིན། ཡེ་ཤེས་མཐའ་ཡས་པར་ཤིན་ཏུ་འཇུག་པ་ལ་རབ་ཏུ་གནས་པ་ཡིན། ནམ་མཁའི་དབྱིངས་ཀྱིས་ཀླས་པའི་བྱང་ཆུབ་ཀྱི་སེམས་མངོན་པར་བསྒྲུབ་པའི་མཐུས་ནམ་མཁའི་དབྱིངས་ཀྱིས་ཀླས་པར་ཆོས་ཀྱི་དབྱིངས་ཤིན་ཏུ་ཡངས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་ འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་ལྔ་པ། བསོད་ནམས་མྱི་ཟད་པའི་མཛོད་ཅེས་བྱ་བ་སྟེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། མི་ཟད་པའི་མཛོད་བཅུ་རབ་ཏུ་འཐོབ་བོ། །བཅུ་གང་ཞེ་ན། སྐྲའི་སྦུབས་གཅིག་ཏུ་ སངས་རྒྱས་གྲངས་མྱེད་པ་འབྱུང་བ་ལ་འཇུག་པའི་ཕྱིར། སངས་རྒྱས་བ་ལྟ་བའི་གཏེར་མི་ཟད་པའི་མཛོད་རབ་ཏུ་འཐོབ་བོ། །ཆོས་ཐམས་ཅད་གཅིག་ཏུ་རབ་ཏུ་གཞོལ་བའི་དེ་བཞིན་གཤེགས་པའི་སྟོབས་དང་། ཡེ་ཤེས་ཀྱི་ཕྱིར། ཆོས་ལ་འཇུག་པའི་གཏེར་ མྱི་ཟད་པའི་མཛོད་རབ་ཏུ་འཐོབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་བསྟན་པ་ཡོངས་སུ་གཟུང་ཞིང་ཆུད་མི་ཟོས་པར་བྱ་བའི་ཕྱིར། དྲན་པས་བཟུང་བའི་གཏེར་མྱི་ཟད་པའི་མཛོད་རབ་ཏུ་འཐོབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་ དང་། དགོངས་པ་ཤིན་ཏུ་བསྟན་པ་ལ་མཁས་པར་བྱ་བའི་ཕྱིར། བློ་གྲོས་རྣམ་པར་ངེས་པའི་གཏེར་མྱི་ཟད་པའི་མཛོད་རབ་ཏུ་འཐོབ་བོ། །ཆོས་ཀྱི་ཚུལ་རྣམ་པར་དབྱེ་བ་ལ་མཁས་པར་བྱ་བའི་ཕྱིར། རིགས་པས་འཛིན་པའི་གཏེར་མྱི་ཟད་པའི་མཛོད་རབ་ཏུ་ འཐོབ་བོ། །ནམ་མཁའི་དབྱིངས་དང་མཉམ་པའི་བློས་དུས་གསུམ་ཐམས་ཅད་ཁྱབ་པར་བྱ་བའི་ཕྱིར། བློ་ཚད་མྱེད་པའི་གཏེར་མྱི་ཟད་པའི་མཛོད་རབ་ཏུ་འཐོབ་བོ། །སེམས་ཅན་ཐམས་ཅད་ཚིམ་པར་བྱ་བས་མྱི་ཟད་པར་བྱ་བའི་ཕྱིར། བསོད་ནམས་ཀྱི་ གཏེར་མྱི་ཟད་བའི་མཛོད་རབ་ཏུ་འཐོབ་བོ། །སེམས་ཅན་ཐམས་ཅད་ཀྱི་མུན་པ་དང་། རབ་རིབ་དང་། ལིང་ཏོག་དང་། གཏི་མུག་དང་། མ་རིག་པའི་མུན་པ་རྣམ་པར་བསལ་བའི་ཕྱིར། ཡེ་ཤེས་དང་། དགའ་བ་དང་། བློའི་གཏེར་མྱི་ཟད་པའི་མཛོད་རབ་ཏུ་འཐོབ་ བོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་ཐ་མྱི་དད་པ་རབ་ཏུ་བསྟན་པས། སེམས་ཅན་ཐམས་ཅད་ཤེས་པར་བྱ་བའི་ཕྱིར། སྤོབས་པ་རྣམ་པར་ངེས་པའི་གཏེར་རབ་ཏུ་འཐོབ་བོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མྱི་འཆད་ པས། ཐམས་ཅད་མཁྱེན་པ་ཉིད་ཆགས་པ་མྱེད་པའི་ཐབས་སྐྱོན་མྱེད་པའི་དབང་བསྐུར་བའི་ཕྱིར། སྟོབས་བཅུ་དང་། །མྱི་འཇིགས་པའི་གཏེར་མི་ཟད་པ་རབ་ཏུ་འཐོབ་སྟེ། གཏེར་མྱི་ཟད་པའི་མཛོད་བཅུ་པོ་འདི་དག་རབ་ཏུ་འཐོབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་ རྡོ་རྗེའི་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བསམ་པས་མཐུ་སྟོབས་རྙེད་པ་དེ་དག་ནི། །མཐའ་ཡས་ཆོས་ལ་ཀུན་ཏུ་དབང་སྒྱུར་ཅིང་། །བསོད་ནམས་ གཏེར་ལ་རྗེས་སུ་ཡི་རང་བ། །དེ་དག་ཆགས་མྱེད་ཚུལ་གྱིས་ཡོངས་སུ་བསྔོ། །དུས་གསུམ་རྒྱལ་བ་སུ་དག་ཇི་སྙེད་པས། །རྣམ་དག་ཞིང་རྣམས་འཇིག་རྟེན་རྣམ་སྦྱངས་པ། །ཡོན་ཏན་ཀུན་དང་ལྡན་ཞིང་འཕགས་པ་རྣམས། །དེ་འདྲའི་རྣམ་དག་ཞིང་དུ་ཡོངས་སུ་བསྔོ། ། དུས་གསུམ་རྒྱལ་བ་ཇི་སྙེད་བཞུགས་པ་ཡི། །ཚུལ་རྣམས་ཀུན་ལ་རྗེས་སུ་སེམས་བྱེད་ཅིང་། །ཐམས་ཅད་ལུས་པ་མྱེད་པར་དེས་བཟུང་སྟེ། །དེ་འདྲའི་ཞིང་ནི་བསྟན་པ་རྣམས་ཀྱིས་བརྒྱན། །དུས་གསུམ་བསྐལ་པ་ཇི་སྙེད་ཡོད་པ་ཡི། །ཞིང་གཅིག་ཡོན་ ཏན་དེ་དག་བླངས་བྱས་ཀྱང་། །བསྐལ་པ་ཇི་སྙེད་དེ་དག་ཟད་འགྱུར་གྱི། །ཞིང་གི་ཡོན་ཏན་བསྔགས་པ་ཟད་མྱི་འགྱུར། །འདི་འདྲའི་ཞིང་རྣམས་ཐམས་ཅད་མ་ལུས་པར། །མི་ཡི་མཆོག་གིས་ཇི་སྙེད་མཐོང་གྱུར་པ། །ཐམས་ཅད་མ་ལུས་ཞིང་གི་ཡོན་ཏན་གྱིས། ། ཇི་སྙེད་འཇིག་རྟེན་དེ་དག་བརྒྱན་པར་སྣང་། །དེ་དག་ཀུན་ཀྱང་རྣམ་དག་ཡིད་དང་ལྡན། །དེ་དག་རྒྱལ་བའི་གསུང་སྐྱེས་སྲས་ཡིན་ཏེ། །ཡོན་ཏན་ཀུན་གྱིས་བརྒྱན་པའི་སེམས་དང་ལྡན། །ཞིང་གི་ཕྱོགས་རྣམས་རབ་ཏུ་རྒྱས་པར་བྱེད། །དེ་དག་ལུས་ནི་མཚན་གྱིས་ཤིན་ཏུ་ བརྒྱན། །དེ་དག་དཔེ་བྱད་བཟང་པོས་ལུས་ཀྱང་མཛེས། །དེ་དག་མཐའ་ཡས་ཡང་དག་སོ་སོར་ཤེས། །འགྲོ་བའི་རྒྱ་མཚོ་མྱི་ཟད་ཅི་བཞིན་ནོ། །དེ་དག་སྤྱོད་ཡུལ་དག་དང་ཡང་དག་ལྡན། །ཏིང་འཛིན་ཀུན་ལ་གནས་པ་རྗེས་སུ་ཐོབ། །མཚུངས་མྱེད་ ཤིན་ཏུ་རྣམ་པར་དག་པའི་ཡིད། །ཐམས་ཅད་ཕྱོགས་རྣམས་སུ་ནི་འོད་ཀྱང་འགྱེད། །འདི་འདྲའི་ཞིང་རྣམས་མ་ལུས་བཟུང་བྱས་ཏེ། །ཉན་ཐོས་སྤྱོད་ཡུལ་དག་ལ་དད་མྱེད་པ། རང་རྒྱལ་ཐམས་ཅད་ཤིན་ཏུ་སྤངས་གྱུར་ཏེ། །མྱི་ཡི་དམ་པས་ཤིན་ཏུ་གང་གྱུར་ཅིག ། དེ་དག་དེ་འདྲའི་ཡོངས་བསྔོ་སེམས་ལྡན་པ། །གང་གིས་མ་ལུས་འཇིག་རྟེན་བྱང་ཆུབ་ཏུ། །དུས་གསུམ་རྒྱལ་བས་མངོན་པར་སངས་རྒྱས་པ། །དེ་དང་ལྡན་པར་ཡོངས་སུ་བསྔོ་བར་བྱེད། །ཕྱོགས་བཅུ་ཀུན་ན་ཇི་སྙེད་ཡོད་པ་ཡི། །བདུད་དང་ཉོན་མོངས་དེ་ དག་རབ་ཏུ་འཇོམས། །དཔལ་ལྡན་མཐུ་ཅན་གཞན་གྱིས་ཕམ་མྱི་ནུས། །རྣམ་པར་ངེས་པར་ཆོས་ཀྱི་དམ་པ་སྤྱོད། །དེ་དག་སྨོན་ལམ་མཐུ་སྟོབས་ཡོངས་པ་ཡིས། །ཡོངས་སུ་བསྔོ་བ་ཆགས་པ་མྱེད་གྱུར་ཅིང་། །བསོད་ནམས་ཟད་མྱེད་དེ་དག་མཛོད་དུ་ཞུགས། ། དེ་ནི་དུས་གསུམ་ཀུན་ཏུ་ཟད་མི་འགྱུར། །དེ་དག་སྤྱོད་པས་ཆོས་ལ་འཇལ་བར་བྱེད། །དེ་དག་བྱེད་པ་མྱེད་པའི་ཆོས་ལ་ཞུགས། །གཡོ་མེད་ཆོས་ཀྱང་དེ་དག་རབ་ཏུ་ཤེས། །ལས་ཀྱི་རྣམ་པས་ཡོངས་སུ་མི་སེམས་སོ། །གཟུགས་ནི་མ་ཡིན་འོན་ཀྱང་གཟུགས་མྱེད་ མྱིན། །འདུ་ཤེས་ཡོད་མྱིན་འདུ་ཤེས་མྱེད་པ་མྱིན། །དངོས་ཡོད་མ་ཡིན་དངོས་པོ་མྱེད་པ་མྱིན། །དངོས་མྱེད་ཐམས་ཅད་རང་བཞིན་ཁོང་དུ་ཆུད། །ཡོད་པ་མ་ཡིན་མྱེད་པའང་མ་ཡིན་ཏེ། །རྒྱུ་ཡི་རྒྱུད་ལ་མངོན་པར་ཆགས་མྱི་བྱེད། །རྐྱེན་ལ་འང་འཇུག་པར་དེ་དག་མྱི་ བྱེད་དེ། །ནམ་ཡང་དེ་དག་ཆགས་པར་མྱི་བྱེད་དོ། །འགྲོ་བ་འདི་ན་སྨྲ་ཚུལ་ཇི་སྙེད་པ། །དེ་ལ་ནམ་ཡང་ཆགས་པར་མི་བྱེད་དེ། །འདུ་ཤེས་བསམ་པ་བརྡ་ཡང་རབ་ཏུ་ཤེས། །བདག་མྱེད་ཆོས་ཀྱང་སོ་སོར་ཤིན་ཏུ་རྟོགས། །དེ་དག་སེམས་ཅན་མི་འབྲལ་ཅིས་ འགྱུར་བ། །དེ་འདྲའི་ཆོས་ཉིད་མཉམ་པ་རབ་ཏུ་རྟོགས། །དེ་འདྲའི་ཞིང་དང་དེ་བཞིན་ལས་ཀྱི་རྣམས། །དུས་གསུམ་ཐམས་ཅད་མ་ལུས་བཟུང་བྱས་ཤིང་། །ཤེས་པས་དེ་དག་དེ་བཞིན་ཡོངས་སུ་བསྔོ། །ལས་ཀྱི་རྣམ་པ་གང་གིས་སྐྱེས་ལྡན་ ཞིང་། །རང་བཞིན་གང་དང་མཚན་ཉིད་གང་ཡིན་དང་། །དེ་ན་ཅི་འདྲའི་ཆོས་ཉིད་ཡོད་པ་དག །དེ་བཞིན་དེ་དག་དག་པར་ཡོངས་སུ་བསྔོ། །གང་གི་ཡིད་ཀྱིས་ངོ་བོ་ཉིད་འཇལ་བ། །རང་བཞིན་བྱས་པ་མེད་པར་དེ་དག་ཤེས། །འགྲོ་ལ་དེ་དག་མྱི་གནས་ལེན་པ་མེད། །འགྲོ་བ་ཀུན་ཕྱིར་ཡོངས་སུ་བསྔོ་བར་གཞོལ། ། སྤྱོད་ཡུལ་མ་ལུས་ཐམས་ཅད་བཟུང་བྱས་ཤིང་། །འོད་གསལ་ཐམས་ཅད་རྗེས་སུ་སེམས་པར་བྱེད། །མ་ལུས་དེ་བཞིན་ཉིད་ཀྱང་དེ་དག་ཤེས། །གང་གིས་ལྟ་བ་ཐམས་ཅད་མ་ལུས་ཤིང་། །བསམ་པའི་སྐྱོན་བོར་རྣམ་པར་སྤོངས་པ་རྣམས། །རྟག་ཏུ་དེ་དག་དྲི་མྱེད་ཀུན་གདུང་ མྱེད། །ཆགས་མྱེད་ཀུན་གྱི་ཚུལ་ཡང་རྗེས་སུ་རྟོགས། །དེ་དག་གིས་ནི་ཆོས་རྣམས་མ་བཤིག་སྟེ། །ནམས་ཀྱང་ཆོས་ཉིད་ཞིག་པར་འགྱུར་བ་མྱེད། །ཆོས་ལ་ཆགས་པར་དེ་དག་མྱི་བྱེད་དེ། །དེ་དག་འཇིག་རྟེན་སྒྲ་བརྙན་འདྲ་བ་ཡིན། །གང་གིས་དུས་གསུམ་འཇིག་ རྟེན་སྐྱེས་པ་ཡི། །འགྲོ་བ་རྐྱེན་བྱུང་ཆོས་ཀྱང་རབ་ཏུ་ཤེས། །བསམ་པ་དག་དང་བག་ཆགས་ཁོང་དུ་ཆུད། །ཐམས་ཅད་འཇིག་པར་བྱེད་པ་གང་ཡང་མྱེད། །དེ་དག་ལས་དང་ལས་མིན་རབ་ཏུ་ཤེས། །ལས་དང་རྣམ་པར་འགལ་བར་མྱི་བྱེད་དེ། །ལས་ཀྱི་རྣམ་ པར་སྨིན་པ་ཆུད་མྱི་གཟོན། །རྒྱུ་ལས་བྱུང་བའི་ཆོས་ཀྱང་ཤིན་ཏུ་སྟོན། །འདི་ན་སེམས་ཅན་གང་ཡང་འཁོར་བ་མྱེད། །སེམས་ཅན་འབྱུང་བར་དེ་དག་མི་བྱེད་དེ། །སེམས་ཅན་རྣམས་ལ་གནས་པ་མྱེད་པར་སྨྲ། །སེམས་ཅན་རྒྱུད་ཀྱི་བརྡ་ཡང་རབ་ཏུ་རྟོགས། ། བསོད་ནམས་མི་ཟད་པ་ཡི་མཛོད་ཅེས་བྱ་བ་སྟེ་ཡོངས་སུ་བསྔོ་བ་ལྔ་པའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་དྲུག་པ་དགེ་བའི་རྩ་བ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་གང་ཞེ་ན། ཀྱེ་ རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་པོར་གྱུར་ཏེ། སྲིད་ཆེན་པོ་ཐོབ་ནས་འཚེ་བ་དང་ཕྱིར་རྒོལ་བ་བཅོམ་སྟེ། རྒྱལ་པོ་ཆེན་པོར་གྲགས་པ་དང་། སྲིད་ཆེན་པོའི་ཁམས་ལ་གནས་ཤིང་། སྲིད་ཡོངས་པ་ལ་དབང་བར་གྱུར་ ནས། འཁོན་མྱེད་ཅིང་ལྟོད་པ་མེད་པར་སྲིད་ལ་གནས་པ། ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་བྱེད་པ། ཆོས་དང་མཐུན་པ། ཆོས་ཀྱི་རྗེས་སུ་སྙེགས་པ། ཕུན་སུམ་ཚོགས་པའི་སྲིད་ཆེན་པོ་ཐོབ་པ། ས་ཆེན་པོ་ལ་གདུགས་གཅིག་ཏུ་གྱུར་པ། འཁོར་ལོ་ཐོགས་པ་ མྱེད་པས་སྐྱོད་པ། དྲི་མ་མྱེད་པའི་ཐབས་ཐོབ་པ། སྲིད་པ་ཕ་རོལ་ཀྱི་སྡེས་གཙེ་བ་མྱེད་པ། ཆོས་དང་ལྡན་པ། དབྱིག་པ་མྱེད་པ་དང་། མཚོན་ཆ་མྱེད་པས་འགྲོ་བ་རྣམས་ཤིན་ཏུ་སྐྱོང་བ། ཆོས་ཀྱི་རྗེས་སུ་ཞུགས་ཤིང་བསྡུ་བའི་དངོས་པོ་བཞིས་འགྲོ་བ་ སྡུད་པ། འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ། འགྲོ་བ་ཐམས་ཅད་ལ་མཛོད་ཀྱིས་ཤིན་ཏུ་སྟོབ་པ་དེ་དབང་ཕྱུག་དེ་ལྟ་བུ་ལ་གནས་ཤིང་དེ་ལྟ་བུའི་ཆོས་ལ་གནས་པ། གཡོག་དང་འཁོར་མང་པོ་ཤིན་ཏུ་འདུས་པ་གཟུགས་དང་ལྡན་པ། འགྲོ་བ་ཐམས་ཅད་ ལྟ་བས་མི་ངོམས་པ། ཡིད་ལ་ཁ་ན་མ་ཐོ་བ་མྱེད་པ། བསོད་ནམས་རྣམ་པར་དག་པ་དང་ལྡན་པ། ཟིལ་གྱིས་མི་ནོན་པའི་མཚན་དང་ལྡན་པ། ལུས་ཤིན་ཏུ་རྣམ་པར་ཕྱེ་བ་མཛེས་པ་དང་ལྡན་པ། བལྟ་ན་བཟང་བ་ཚུལ་དང་མཐུན་པའི་ལུས་དང་ལྡན་པ། ། སྟོབས་དང་ལྡན་པ། ཐུབ་པ་མྱེད་པའི་ལུས་དང་ལྡན་པ། སྟོབས་ཆེན་པོ་དང་ལྡན་པ། མཐུ་བོ་ཆེའི་ལུས་ཀྱིས་བཟུང་བ། རྣམ་པར་དག་པའི་ལས་དང་ལྡན་པ། བསྒྲིབས་པ་མྱེད་པའི་ལས་རྣམ་པར་དག་པ་དང་ལྡན་པ་དེ། ཟས་ཡོངས་སུ་གཏོང་བ་འམ། བཏུང་ བ་འམ། རོ་འམ་བཞོན་པ་འམ། གོས་སམ། མེ་ཏོག་གམ། ཕྲེང་བ་འམ། སྤོས་སམ། བྱུག་པ་འམ། མལ་ཆའམ། གནས་སམ། རྒྱབ་རྟེན་ནམ། མར་མེ་འམ། སྒྲོན་མ་འམ། ནད་ཀྱི་རྐྱེན་སྨན་ནམ་ཡོ་བྱད་རྣམས་སྦྱིན་པ་འམ། རིན་པོ་ཆེས་གཞལ་བའི་སྣོད་སྣ་ཚོགས་བཀང་ཞིང་ཡོངས་སུ་གཏོང་བ་དང་། ཤིང་རྟ་སྣ་ཚོགས་དང་། ཤིང་རྟ་དུ་མ་བཀང་ཞིང་ཚད་མྱེད་པའི་རིན་པོ་ཆེ་དང་ནོར་ཡོངས་སུ་གཏོང་བ་དང་། གླང་པོ་ཅང་ཤེས་སམ། རྟ་ཅང་ཤེས་རྒྱན་ཐམས་ཅད་ ཀྱིས་བརྒྱན་པ་གཏོང་བ་དང་། སློང་བ་རྣམས་ལ་ཅི་རིགས་སུ་རྒྱལ་པོའི་སྟན་བཟང་པོ་གཏོང་པ་འམ། གདུགས་གཏོང་བ་འམ། རྒྱལ་མཚན་དང་བ་དན་གཏོང་བ་འམ། རིན་པོ་ཆེ་གཏོང་ཞིང་སྦྱིན་པ་འམ། རྒྱན་དང་ལྷབ་ལྷུབ་ཀྱི་སྦྱིན་པ་ཡོངས་སུ་གཏོང་བ་འམ། ཅོད་པན་ནམ། གཙུག་གི་ནོར་བུ་དག་དབང་ཕྱུག་ལ་སྤྱི་བོ་ནས་དབང་བསྐུར་བས་མཚོན་ཆས་བཅིངས་ཤིང་བཙོན་ར་ན་འདུག་པའི་སེམས་ཅན་རྣམས་མཐོང་ནས། ནོར་ཐམས་ཅད་ཡོངས་སུ་གཏོང་བ་དང་། གཡོག་དང་བདག་ཏུ་བཅས་ཏེ་བྱིན་ནས། བཙོན་ར་དེ་དག་ནས་ སེམས་ཅན་རྣམས་ཡོངས་སུ་ཐར་བར་བྱེད་པ་གསད་པར་ཁྲིད་པ་མཐོང་ནས། བདག་གི་ལུས་དང་སྲོག་ཡོངས་སུ་བཏང་སྟེ། གསད་པ་དེ་བླུ་བར་བྱེད་པ། གཙུག་ཕུད་དང་ཐོར་པག་ཏུ་བཅས་པའི་མགོ་བོ་དག་ཀྱང་བསློང་བས་བསླངས་ན། གཏོང་བ་མྱེད་པའི་སེམས་ ཀྱིས་གཏོང་བ་མྱིག་གཉིས་ཡོངས་སུ་གཏོང་བ་འམ། རྣ་བ་དང་། སྣ་ཡོངས་སུ་གཏོང་བ་འམ། སོ་དང་ལྕེ་ཡོངས་སུ་གཏོང་བ་འམ། མགོ་ཡོངས་སུ་གཏོང་བ་འམ། རྐ་ལག་ཡོངས་སུ་གཏོང་བ་འམ། རང་གི་ལུས་ཀྱང་དྲལ་ཅིང་སློང་བ་ལ་ཁྲག་ཡོངས་སུ་ གཏོང་བ་འམ། ཤ་དང་རྐང་ཡོངས་སུ་གཏོང་བ་འམ། སློང་བ་ལ་རང་གི་ལུས་ལས་སྙིང་ཕྱུང་སྟེ། ཡོངས་སུ་གཏོང་བ་འམ། སློང་ཞིང་ལེན་པ་སྣ་ཚོགས་ལ་རྒྱུ་མ་དང་མཚེར་པ་དང་། མཁལ་མ་དང་། ཕོ་བ་རྣམས་ཡོངས་སུ་གཏོང་བ་འམ། རང་གི་ལུས་ ལས་ཡན་ལག་དང་། ཉིང་ལག་དང་རུས་པ་བསླངས་ན་དད་པའི་སེམས་ཀྱིས་ཡོངས་སུ་གཏོང་བ་འམ། སློང་བ་ལ་མོས་པར་ལྟ་བས་པགས་པ་དང་མདོག་ཡོངས་སུ་གཏོང་བ་འམ། རྐ་ལག་ལས་སོར་མོ་ཡོངས་སུ་གཏོང་བ་འམ། ཆོས་འདོད་པའི་ཕྱིར་རང་གི་ ཤ་དང་སེན་མོ་ཡོངས་སུ་གཏོང་བ་འམ། ཆོས་ཤིན་ཏུ་དཀོན་པ་ཚོལ་ཞིང་མྱེས་གང་བའི་འོབས་མྱི་འགྲེང་ལག་ཏག་བདུན་དུ་མཆོད་པར་བྱེད་པ་འམ། ཆོས་བསྲུང་བའི་ཕྱིར་སྡུག་བསྔལ་མྱོང་བ་ཐམས་ཅད་ཀྱང་རང་གི་ལུས་ཀྱིས་བཟོད་པར་བྱེད་པ་འམ། ཆོས་ཚོལ་ཞིང་ཆོས་ཀྱི་ཚིག་ དང་། ཡི་གེ་འབྲུ་གཅིག་གི་ཕྱིར་ཡང་རྒྱ་མཚོའི་མཐར་ཐུག་པའི་ས་ཆེན་པོ་ཡོངས་སུ་གཏོང་བ་འམ། ཆོས་ཐམས་ཅད་ཀྱི་དབང་ཕྱུག་བྱེད་པ་འམ། མྱི་དགེ་བའི་ཆོས་ལས་སེམས་ཅན་རྣམས་བཟློག་སྟེ། དགེ་བའི་ཆོས་ལ་རབ་ཏུ་སྦྱོར་བ་འམ། སྐྱེས་བུའི་མཚན་གཅོད་ པ་མཐོང་ནས། སྡིག་པའི་ལས་དེ་དག་ལས་སེམས་ཅན་དེ་དག་རྣམ་པར་བཟློག་པར་བྱེད་པ་འམ། དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་པར་འཇིག་རྟེན་ཐམས་ཅད་དུ་སྒྲོག་ཅིང་གཙུག་ལག་ཁང་དང་ཕོ་བྲང་གི་ལོངས་སྤྱོད་ཀྱི་ཕྱིར་ས་དང་ཁམས་ཡོངས་སུ་གཏོང་བ་འམ། རིམ་གྲོ་བྱ་བའི་ཕྱིར་བྲན་དང་ལས་བྱེད་པའི་མྱི་རྣམས་གཏོང་བ་འམ། སློང་བ་ལ་རིམ་གྲོ་བྱ་བའི་ཕྱིར་བདག་ཉིད་འབུལ་བ་འམ། ཆོས་ལ་དད་པས་དགའ་ཞིང་མགུ་བའི་སེམས་རྙེད་ནས། རང་གི་ལུས་ཀྱིས་དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱེད་པ་འམ། བདག་ཉིད་ སེམས་ཅན་ཐམས་ཅད་ལ་གཏོང་བ་འམ། སངས་རྒྱས་ཐམས་ཅད་ལ་རིམ་གྲོ་བྱ་བའི་ཕྱིར་རྒྱལ་སྲིད་ཡོངས་སུ་གཏོང་བ་འམ། སློང་བ་རྣམས་ལ་ཅི་རིགས་སུ་ཡུལ་དང་མྱིར་བཅས་པ་འམ། གྲོང་ཁྱེར་དང་རྒྱལ་པོའི་ཕོ་བྲང་ངམ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ ཡོངས་སུ་གཏོང་བ་འམ། སློང་བ་ལ་བུ་དང་བུ་མོ་དང་ཆུང་མ་དག་ཡོངས་སུ་གཏོང་བ་འམ། སློང་བ་རྣམས་ལ་ཅི་རིགས་སུ་ཁྱིམ་ཐམས་ཅད་ཡོངས་སུ་སྦྱིན་ཞིང་གཏོང་བ་འམ། བཟའ་ཤིང་གི་ར་བ་སྦྱིན་པ་འམ། སློང་བ་སྣ་ཚོགས་དང་ལེན་པ་སྣ་ཚོགས་དང་། སེམས་ཅན་སྣ་ཚོགས་དང་། གང་ཟག་སྣ་ཚོགས། སེམས་སྣ་ཚོགས་དང་ལྡན་པ་ལ་ཕྱོགས་ཐ་དད་པ་ནས་འོངས་པ་ཚད་ལས་འདས་པའི་མྱི་དང་། མྱི་སྣ་ཚོགས་དང་སྦྱིན་པའི་གནས་སྣ་ཚོགས་ལ་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་གྲངས་མྱེད་ པ་རྣམས་བྱེད་ཅིང་ཡོངས་སུ་གཏོང་བ་འམ། དེ་སྦྱིན་པའི་དམིགས་པའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའི་ཚེ་སེམས་འདི་ལྟར་བསྐྱེད་དེ་ཡོངས་སུ་བསྔོ་ཞིང་དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོའི་རྗེས་སུ་སོང་བས། གཟུགས་ཤིན་ཏུ་བཟུང་བ། དགེ་བའི་ རྩ་བ་ཐམས་ཅད་ཀྱི་སྙིང་པོའི་རྗེས་སུ་སོང་བས། ཚོར་བ་ཤིན་ཏུ་བཟུང་བ་དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོའི་རྗེས་སུ་སོང་བས། འདུ་ཤེས་ཤིན་ཏུ་བཟུང་བ། དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོའི་རྗེས་སུ་སོང་བས། འདུ་བྱེད་ཤིན་ཏུ་བཟུང་བ། དགེ་བའི་ རྩ་བ་ཐམས་ཅད་ཀྱི་སྙིང་པོའི་རྗེས་སུ་སོང་བས། རྣམ་པར་ཤེས་པ་ཤིན་ཏུ་བཟུང་བ། དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོའི་རྗེས་སུ་སོང་བས། སྲིད་པ་ཐམས་ཅད་ཤིན་ཏུ་བཟུང་བ། དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོའི་རྗེས་སུ་སོང་བས། འཁོར་ཤིན་ཏུ་བཟུང་བ། དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོའི་རྗེས་སུ་སོང་བས། ལོངས་སྤྱོད་ཤིན་ཏུ་བཟུང་བ། དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོའི་རྗེས་སུ་སོང་བས་སྦྱིན་པ་ཤིན་ཏུ་བཟུང་བ་དེས་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། བླ་ན་མེད་པར་དམྱིགས་ནས་བཟའ་བ་དང་བཏུང་བ་འདི་དག་འདི་ལྟར་བཏང་བ་དང་། འདི་ལྟར་བྱིན་པ་དང་། འདི་ལྟར་ཆགས་པ་མེད་པ་དང་། འདི་ལྟར་བཅིངས་པ་མེད་པ་དང་། འདི་ལྟར་ཉེ་བར་བཏང་བ་དང་། འདི་ལྟར་མ་བཟུང་བ་དང་། འདི་ ལྟར་ལྷག་པར་བསམ་པ་དང་། འདི་ལྟར་དངོས་པོ་ཡོངས་སུ་བཏང་བ་དང་། འདི་ལྟར་དམྱིགས་པ་ལ་མྱི་གནས་པ་དང་། འདི་ལྟར་གཏོང་བ་དང་ལྡན་པས་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་ཁ་ཟས་དང་ལྡན་པ་དང་། ཆགས་པ་མེད་པ་ལ་བརྩོན་པ་ སེམས་ཀྱི་ཟས་ཡོངས་སུ་ཤེས་པ་དང་། ཆགས་པ་མྱེད་པའི་ཟས་དང་། དགའ་བའི་ཟས་དང་། ཟང་ཟིང་མྱེད་པའི་ཟས་དང་ཡེ་ཤེས་ཀྱི་འཚོ་བ་དང་། ཆོས་ཀྱི་བརྟན་པ་དང་། དགེ་བའི་རྩ་བས་ཡོངས་སུ་བཟུང་བའི་ཆོས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་ སྐུ་ལ་ཡང་དག་པར་སྤྱོད་པ་དང་། སྦྱིན་པའི་གནས་དང་སྙིང་བརྩེ་བའི་ཁ་ཟས་རབ་ཏུ་ལེན་པར་གྱུར་ཅིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟས་སྦྱིན་པ་དེ་དག་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་བཏུང་བའི་སྦྱིན་པ་གཏོང་བའི་ཚེ་འདི་ ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཆོས་ཀྱི་བཏུང་བ་འཐུང་བ་ལ་བརྩོན་པ་དང་། བྱང་ཆུབ་སེམས་དཔའི་ལམ་དང་ལྡན་པ། འཇིག་རྟེན་པའི་སྐོམ་པ་རྒྱུན་ཆད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སྐོམ་པ་ལས་མྱི་ལྡོག་ པ་དང་། འདོད་པའི་ཡུལ་གྱིས་སྐོམ་པ་ལས་ཕྱིར་ལྡོག་པ་དང་། ཆོས་ཀྱིས་ཚིམ་པའི་དགའ་བ་རབ་ཏུ་འཐོབ་པ་དང་། ཆོས་ཀྱི་སྐུ་ཤིན་ཏུ་ཚིམ་པ་དང་། ཏིང་ངེ་འཛིན་གྱིས་ཚིམ་པར་བྱེད་པའི་སེམས་དང་ལྡན་པ་དང་། ཤེས་རབ་རྒྱ་མཚོ་ལ་ཞུགས་ པ་དང་། ཆོས་ཀྱི་རི་རབ་དང་ལྡན་པ་དང་། ཆོས་ཀྱི་བཏུང་བས་ངོམས་པར་གྱུར་ཅིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཏུང་བའི་སྦྱིན་པ་དེ་དག་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའི་བྲོ་བའི་སྦྱིན་པ་སྐྱོན་ཐམས་ཅད་ བསྩལ་ན་རྣམ་པར་དག་པ་སྐྱུར་བ་དང་། དངར་བ་དང་ཁ་བ་དང་བྲོ་བ་དང་། ཚ་བ་དང་། བསྐ་བ་སྣ་ཚོགས་ཀྱི་རོ་མཆོག་དང་ལྡན་པ་ཤིན་ཏུ་འཇམ་པའི་རོ་མཆོག་གི་རྣམ་པ་དང་ལྡན་པ། རོ་སྣ་ཚོགས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་བསྩགས་པ་ དང་ལྡན་པ་དང་། ཁམས་རྣམས་མཉམ་ཞིང་འཁྲུག་པ་མྱེད་པར་གཞོག་པས་ལུས་ཀྱི་སྟོབས་རྟོན་པར་བྱེད་པ། སེམས་དགའ་བ་དད་ཅིང་མོས་པ་དང་། སྤྲོ་བ་དང་གསལ་བ་བསྐྱེད་པ། ཞིམ་ཞིང་ཚུལ་དང་ལྡན་པའི་རོའི་དམ་པར་གྱུར་པ། ནང་གི་དབང་པོ་རྣམ་པར་དག་པར་བྱེད་པ། ལྟེ་ལ་བདེ་བས་ཡང་དག་པར་སྟོན་པ། སྙོམ་པ་ཐམས་ཅད་སེལ་བར་བྱེད་པ། ནད་ཐམས་ཅད་ཞི་བར་བྱེད་པ། ནད་མེད་པར་བྱེད་པ། རྣམ་པ་འདི་ལྟ་བུའི་རོ་དམ་པ་སྣ་ཚོགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་པ་ སློང་ཞིང་ལེན་པ་སྣ་ཚོགས་ལ་སྦྱིན་ཞིང་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་བདུད་རྩིའི་རོས་བརྟེན་པའི་སེམས་ཀྱིས་ངོ་བོ་བའི་མཆོག་དང་ལྡན་པར་གྱུར་ཅིག །སེམས་ ཅན་ཐམས་ཅད་ཁ་ཟས་ཀྱི་རོ་ཐམས་ཅད་ཀྱི་ལས་ཡོངས་སུ་ཤེས་ཤིང་། ཆོས་ཀྱི་རོའི་ཡེ་ཤེས་ལ་རབ་ཏུ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གནས་པའི་མཐའ་ཆོས་ཀྱི་གྲོང་ཁྱེར་དུ་ཕྱིན་ཏེ། ཆོས་ཀྱི་རོ་དུ་མའི་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པར་གྱུར་ཅིག་ སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ཐམས་ཅད་དུ་རྒྱས་པར་བྱེད་པས་འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དང་། གདུལ་བ་ལ་ཞུགས་ཞིང་ཆོས་ཀྱི་སྤྲིན་གྱི་ཆར་འབེབས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཆོས་ཀྱི་དགའ་བས་རྒྱུད་ཚིམ་ པར་གྱུར་ཏེ། ཡེ་ཤེས་མཆོག་གི་རོ་ལ་སེམས་རྣམ་པར་གཞོག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་རོ་ཐམས་ཅད་ཀྱི་མཚན་མ་ལ་མི་འཛིན་པས། སངས་རྒྱས་ཐམས་ཅད་ཀྱི་ཆོས་ལ་བརྩོན་པའི་སེམས་དང་ལྡན་ཞིང་རོའི་མཆོག་ཐམས་ཅད་ལ་ཆགས་པ་མྱེད་པར་ གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་དུ་རབ་ཏུ་འཇུག་པས་བྱུང་བས་ཆོས་ཀྱི་རོ་གཅིག་པར་གྱུར་ཅིག །སེམས་ཅན་ཐམས་ཅད། ཐམས་ཅད་མཁྱེན་པའི་ཐེག་པ་ལས་ཕྱིར་མྱི་ལྡོག་ཅིང་རོ་མཆོག་གི་ངོ་བོ་ཉིད་ལ་བྱུང་བར་གྱུར་ ཅིག། སེམས་ཅན་ཐམས་ཅད་དབང་པོ་ཐམས་ཅད་དབྱེ་བའི་ཡེ་ཤེས་ལ་མངོན་པར་མཁས་པས་སངས་རྒྱས་ཀྱི་ཆོས་ཀྱི་རོ་ཐ་དད་པ་མྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བསྒྲིབས་པ་མེད་པའི་སངས་རྒྱས་ཀྱི་ཆོས་ཀྱིས་ཚིམ་པར་སྤྱོད་ཅིང་། ཆོས་ཀྱི་རོས་ཡིད་རྒྱས་ པར་གྱུར་ཅིག་ཅེས། དེ་ལྟར་རོའི་སྦྱིན་པའི་ཚོགས་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །སེམས་ཅན་ཐམས་ཅད་ཀྱི་ཡེ་ཤེས་ཆགས་པ་མྱེད་པའི་ཕུང་པོ་སྣ་ཚོགས་བསྒྲུབ་པའི་ཕྱིར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །བྱང་ ཆུབ་སེམས་དཔའ་བཞོན་པའི་སྦྱིན་པ་གཏོང་བའི་ཚེ། དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཐེག་པ་ལ་ཞོན་པར་གྱུར་ཅིག །ཐེག་པ་ཆེན་པོ་རབ་ཏུ་ཐོབ་ཅིང་རྣམ་པར་ཞིག་པ་མེད་པའི་ཐེག་པ་དང་། མཆོག་ གི་ཐེག་པ་དང་། དམ་པའི་ཐེག་པ་དང་། མགྱོགས་པའི་ཐེག་པ་དང་། སྟོབས་ཆེན་པོའི་ཐེག་པ་དང་། བསོད་ནམས་དང་ལྡན་པའི་ཐེག་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། མཐའ་ཡས་པའི་ཐེག་པས་བྱུང་ སྟེ། ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཞོན་པའི་སྦྱིན་པར་གཏོགས་པའི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་གོས་ཀྱི་སྦྱིན་པ་གཏོང་བའི་ཚེ། དགེ་ བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་ཁྲེལ་ཡོད་པ་དང་། ངོ་ཚ་ཤེས་པ་རབ་ཏུ་འཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་ཀྱིས་རབ་ཏུ་ཡོག་པའི་ཕྱིར་ཡོངས་སུ་བསྔོའོ། །ཆ་བྱད་ངན་པ་ཐམས་ཅད་རྣམ་པར་བཟློག་པར་བྱ་བའི་ཕྱིར་ཡོངས་སུ་ བསྔོའོ། །ལུས་སྤ་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ལུས་ཀྱིས་ཁྱུད་ན་ལུས་ལ་བདེ་བར་རེག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཁ་དོག་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཁ་དོག་འཇམ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །མདོག་ ཤིན་ཏུ་འཇམ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བདེ་བར་འགྲོ་བ་རབ་ཏུ་འཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་བདེ་བར་བསྙེན་བཀུར་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བླ་ན་མྱེད་པའི་ཐམས་ཅད་མཁྱེན་པ་ཉིད་དག་པར་བྱ་བའི་ཕྱིར་ ཡོངས་སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བར་བྱེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མེ་ཏོག་གི་སྦྱིན་པ་བྱེད་པའི་ཚེ། དྲི་སྣ་ཚོགས་ཀྱི་མེ་ཏོག་དང་། ཁ་དོག་རྣམ་པ་ཐ་དད་པའི་ མེ་ཏོག་དང་། ཡིད་དུ་འོང་བའི་མེ་ཏོག་དུ་མ་དང་། མྱིག་ཏུ་འོང་བའི་མེ་ཏོག་དང་། མྱི་མཐུན་པ་མེད་པའི་མེ་ཏོག་དང་། དུས་ཐམས་ཅད་ན་ཡོད་པའི་མེ་ཏོག་དང་། ལྷ་རྫས་དང་མྱིའི་མེ་ཏོག་དང་། འོད་མཛེས་པའི་མེ་ཏོག་དང་། ཤིན་ ཏུ་དྲི་ཆེ་ཞིང་ཡིད་དུ་འོང་བར་མཛེས་པའི་མེ་ཏོག་དང་། འདི་ལྟ་བུའི་མེ་ཏོག་རྣམས་སངས་རྒྱས་བཅོམ་ལྡན་འདས་མངོན་དུ་གྱུར་པ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་རྣམས་ལ་འབུལ་བ་དང་། ཆོས་དཀོན་མཆོག་ལ་མཆོད་པ་ བྱེད་པ་དང་། དགེ་འདུན་དཀོན་མཆོག་ལ་འབུལ་བ་དང་། དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའ་ལ་འབུལ་བ་དང་། ཉན་ཐོས་དང་རང་སངས་རྒྱས་དང་། ཕ་དང་མ་རྣམས་ལ་སྦྱིན་པ་བྱེད་པའི་ཚེ་ཆུང་ངུ་ན་བདག་གི་ལུས་དང་དེ་མ་ཡིན་པའི་གཞན་བཀྲེན་ པ་ཕོངས་པ། སློང་ཞིང་ལེན་པ་སྣ་ཚོགས་ལ་དེ་དང་དེ་དག་སྦྱིན་པར་བྱ་བའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་མེ་ཏོག་རྒྱས་པའི་སེམས་དང་ལྡན་པས་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་མེ་ཏོག་རྒྱས་ པ་རབ་ཏུ་མཐོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ལ་དགའ་བ་རབ་ཏུ་རྙེད་ནས་བལྟ་ན་མྱི་ངོམས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་ཅན་ཀུན་གྱི་སེམས་མི་འཁྲུག་པས་བལྟ་ན་ཡིད་དུ་འོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ དགེ་བའི་ལས་ལ་ལྟ་ཞིང་ཉེ་བར་སྤྱོད་པས་ལྟ་བ་ཡོངས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་བཤེས་གཉེན་ཐམས་ཅད་ལ་ལྟ་བ་དང་སེམས་མཉམས་པས་རྗེས་སུ་ལྟ་བའི་དྲན་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གྱི་ཉོན་མོངས་པའི་ དུག་བསྲེག་པའི་ཕྱིར་དུག་སྨན་བཟང་པོ་ཉམས་མྱོང་བ་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་རྒྱལ་པོ་ཆེན་པོ་ལ་འགྲོ་བ་ཐམས་ཅད་འགོད་པས་སྨོན་ལམ་ཆེན་པོ་མཐོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་ཅན་ཀུན་གྱི་རབ་རིབ་དང་། ལིང་ཏོག་དང་། མུན་པ་བསྩལ་བའི་ཕྱིར་ཉི་མའི་དཀྱིལ་འཁོར་འཆར་བ་མཐོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཟླ་འོད་དགེ་བ་རྣམ་པར་སྤེལ་བའི་ཕྱིར་ཟླ་བ་ལྟ་བུ་མཐོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་བཤེས་གཉེན་མཐོང་ཞིང་ཆོས་ཀྱི་རྣམ་པའི་དགེ་ བའི་རྩ་བ་ཐམས་ཅད་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱིས་རྒྱ་མཚོའི་རིན་པོ་ཆེའི་གླིང་དུ་འཇུག་པ་མཐོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱིས་བསྒྲིབས་པ་མེད་པའི་ཡེ་ཤེས་མཐོང་བའི་རྣམ་པར་དག་པ་རབ་ཏུ་འཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་ སེམས་དཔའ་དགེ་བའི་རྩ་བའི་མེ་ཏོག་ཡོངས་སུ་གཏོང་བར་གཏོགས་པའི་དགེ་བའི་རྩ་བ་དེ་དག་དེ་ལྟར་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་ཕྲེང་བའི་སྦྱིན་པ་བྱེད་པའི་ཚེ་དགེ་བའི་རྩ་བ་དེ་སེམས་ཅན་ཐམས་ཅད་བལྟ་ན་མཛེས་པའི་ཕྱིར་ཡོངས་སུ་བསྔོའོ། །བལྟ་ན་ཡིད་དུ་ འོང་བའི་ཕྱིར་ཡོངས་སུ་བསྔོའོ། །བལྟ་ན་བཟང་བའི་ཕྱིར་ཡོངས་སུ་བསྔོའོ། །བལྟ་ན་སྡུག་པའི་ཕྱིར་ཡོངས་སུ་བསྔོའོ། །བལྟ་ན་མངོན་པར་དགའ་བའི་ཕྱིར་ཡོངས་སུ་བསྔོའོ། །བལྟ་ན་མྱ་ངན་མྱེད་པའི་ཕྱིར་ཡོངས་སུ་བསྔོའོ། །བལྟ་ན་རབ་ཏུ་དགའ་བའི་ཕྱིར་ཡོངས་སུ་ བསྔོའོ། །བལྟ་ན་ཡིད་མི་བདེ་བ་མྱེད་པའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་མཐོང་བ་དང་ལྡན་པའི་ཕྱིར་ཡོངས་སུ་བསྔོའོ། །བླ་ན་མྱེད་པའི་ཐམས་ཅད་མཁྱེན་པ་མཐོང་བ་རྣམ་པར་དག་པ་ཐོབ་པའི་ཕྱིར། ཡོངས་སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཕྲེང་བའི་སྦྱིན་པ་བྱེད་པའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་སྤོས་ཀྱི་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་བསྔོ་སྟེ། སྤོས་ཡོངས་སུ་བཏང་བས་བསྡུས་པའི་ དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་ཀྱི་སྤོས་དང་ལྡན་པར་གྱུར་ཅིག །མ་ཉམས་པའི་ཚུལ་ཁྲིམས་དང་། མ་འདྲེས་པའི་ཚུལ་ཁྲིམས་དང་། རྙོག་པ་མྱེད་པའི་ཚུལ་ཁྲིམས་དང་། འགྱོད་པ་མྱེད་པའི་ཚུལ་ཁྲིམས་དང་། ཀུན་ནས་འཁོར་བ་ མྱེད་པའི་ཚུལ་ཁྲིམས་དང་། ཡོངས་སུ་གདུང་པ་མྱེད་པའི་ཚུལ་ཁྲིམས་དང་། ལོག་པར་མ་ཞུགས་པའི་ཚུལ་ཁྲིམས་དང་། མཐའ་ཡས་པའི་ཚུལ་ཁྲིམས་དང་། འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་དང་། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིག །ཚུལ་ཁྲིམས་ཀྱི་ཕུང་པོ་གང་དང་། སངས་རྒྱས་ཐམས་ཅད་དང་ལྡན་པ་དེའི་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ལྡན་པར་གྱུར་ཅིག་ཅེས་དེ་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ།། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་ པོའི་མདོ། །བམ་པོ་གསུམ་པ། བྱང་ཆུབ་སེམས་དཔའ་བྱུག་པའི་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། བྱུག་པ་སྦྱིན་པས་ཡོངས་སུ་བཟུང་བའི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་གཏང་བ་ཐམས་ཅད་ཡོངས་ སུ་གཏོང་ཞིང་། སྦྱིན་པས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱིས་ཤིན་ཏུ་རྣམ་པར་དག་ཅིང་ཚུལ་ཁྲིམས་ཀྱིས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆགས་པ་མྱེད་པའི་བསམ་པ་རབ་ཏུ་ཐོབ་ཅིང་བཟོད་ པས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་བརྩོན་འགྲུས་ཀྱི་གོ་ཆ་བགོས་ཤིང་བརྩོན་འགྲུས་ཀྱིས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ད་ལྟར་བྱུང་བའི་སངས་རྒྱས་མངོན་དུ་བཞུགས་པའི་ཏིང་ངེ་འཛིན་ རབ་ཏུ་ཐོབ་པས་བསམ་གཏན་གྱིས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མྱེད་པའི་ཡེ་ཤེས་ཀྱི་རྒྱལ་པོ་ལ་སྐད་ཅིག་གིས་རྣམ་པར་དག་ཅིང་ཤེས་རབ་ཀྱིས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མྱེད་པའི་ཆོས་ཀྱི་འཇིགས་པ་མྱེད་པ་ རབ་ཏུ་ཐོབ་ཅིང་ཆོས་ཀྱིས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡོན་ཏན་ཐམས་ཅད་ཀྱི་ཡེ་ཤེས་རབ་ཏུ་ཐོབ་ཅིང་ཡོན་ཏན་གྱིས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་བཅུའི་ཕ་རོལ་ཏུ་ཕྱིན་པ་ཐོབ་ཅིང་བྱང་ ཆུབ་སེམས་དཔའི་ཡོངས་སུ་བསྔོ་བ་ཐམས་ཅད་ཀྱིས་བསྒོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མྱི་དགེ་བའི་ཆོས་ཐམས་ཅད་རབ་ཏུ་སྤངས་ཤིང་ཆོས་དཀར་པོས་བསྒོས་པར་གྱུར་ཅིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱུག་པའི་སྦྱིན་པ་བྱེད་པའི་ ཚེ། དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་མལ་ཆའི་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། །སེམས་ཅན་ཐམས་ཅད་ཤེས་རབ་དང་ཡེ་ཤེས་ཆེན་པོ་ཐོབ་པའི་ཕྱིར། ལྷ་རྫས་ཀྱི་མལ་ ཆ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སོ་སོའི་སྐྱེ་བོ་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་ཀྱི་གོས་བགོ་བའི་ཕྱིར་འཕགས་པའི་མལ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཐམས་ཅད་ཡོངས་སུ་སྤང་བའི་ཕྱིར་བདེ་ བའི་མལ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་རྣམ་པར་རོལ་བའི་ཆོ་འཕྲུལ་ཡང་དག་པར་མཐོང་བའི་ཕྱིར་རིན་པོ་ཆེ་ལྟ་བུའི་མལ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ལེགས་པར་བཀོད་པའི་གོས་ བགོ་བའི་ཕྱིར་མཉམ་པ་མྱེད་པའི་མལ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་ལས་འདས་པའི་ཆོས་ཟིལ་ཀྱིས་མ་ནོན་པ་རྣམ་པར་དག་པས་རྒྱ་ཆེན་པོའི་མལ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་བདེ་བ་དང་ལྡན་ པས་དགེ་བའི་མལ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་དམྱིགས་པ་ལ་བརྩོན་པས་ཤིན་ཏུ་དག་པའི་མལ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་བཤེས་གཉེན་གྱིས་བསྐྱབ་པ་དང་ལྡན་པས་ཤིན་ཏུ་ བརྟན་པའི་མལ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་གཟིམས་པ་ལྟ་བུ་གློ་གཡས་པས་འབེབ་པ་དང་ལྡན་པས་སེང་གེའི་མལ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་དྲན་པ་ ཤེས་བཞིན་གྱིས་ཤིན་ཏུ་བསམས་པའི་དབང་པོ་ཡང་དག་པར་རྒྱུ་བ་དང་ལྡན་པ་མལ་ཆའི་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་ཀྱི་སྦྱིན་པ་ བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཡོན་ཏན་གྱི་གནས་ལ་བརྩོན་ཞིང་། ཏིང་ངེ་འཛིན་གྱི་གནས་སྤྱོད་ཡུལ་དུ་གྱུར་པ་དང་གནས་པ་མེད་ཅིང་རྟེན་པ་མེད་པའི་གནས་ནས་མི་གཡོ་བ་དང་། གནས་ ཐམས་ཅད་རྣམ་པར་བསྒོམ་པ་དང་། འཇིག་རྟེན་གྱི་གནས་ལས་རྣམ་པར་འདས་པ་དང་། ཐམས་ཅད་མཁྱེན་པའི་གནས་ལ་གནས་པ་དང་། སངས་རྒྱས་ཀྱི་གནས་ཡོངས་སུ་ཟིན་པ་དང་། བླ་ན་མྱེད་པའི་གནས་ཀྱི་མཐར་ཕྱིན་པ་དང་། བདེ་བའི་གནས་ལ་བརྩོན་ པ་དང་། དགེ་བའི་རྩ་བའི་གནས་ལ་ཤིན་ཏུ་གནས་པ་དང་། བླ་ན་མྱེད་པའི་སངས་རྒྱས་ཀྱི་གནས་དང་མྱི་འབྲལ་ཞིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་གནས་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ ཐམས་ཅད་ལ་ཕན་པ་དང་བདེ་བར་སེམས་པ། སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བས་ཡོངས་སུ་སྐྱོབ་པ་ལ་གནས་ཀྱི་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་དེ་ལྟར་ཡོངས་སུ་བསྔོའོ། །བྱང་ཆུབ་ སེམས་དཔའ་རྒྱབ་རྟེན་གྱི་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་འགྲོ་བ་ཀུན་ལ་ཕན་པ་དང་། བདེ་བའི་སེམས་ཀྱིས་ཡེ་ཤེས་ཀྱི་རྟེན་ཆེན་པོ་ལ་སྤྱོད་པ་དང་། དགེ་བའི་བཤེས་གཉེན་ གྱི་རྟེན་ལ་སྤྱོད་པ་དང་། བླ་མའི་རྟེན་ལ་སྤྱོད་པ་དང་། ལེགས་པར་སྤྱོད་པའི་རྟེན་ལ་སྤྱོད་པ་དང་། བྱམས་པ་ཆེན་པོའི་རྟེན་ལ་སྤྱོད་པ་དང་། སྙིང་རྗེ་ཆེན་པོའི་རྟེན་ལ་སྤྱོད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྟེན་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་སེམས་ ཤིན་ཏུ་ཡངས་པའི་རྟེན་ལ་སྤྱོད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལམ་གྱི་རྟེན་ལ་སྤྱོད་ཅིང་། སངས་རྒྱས་ཐམས་ཅད་ཀྱི་རྟེན་ལ་སྤྱོད་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱབ་རྟེན་གྱི་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཡོན་ཏན་ཐམས་ཅད་རྣམ་པར་དག་པར་འགྱུར་བ་དང་། ཤིན་ཏུ་དག་པར་འགྱུར་བ་དང་། ཡེ་ཤེས་རྣམ་པར་དག་པར་འགྱུར་བ་དང་། ལམ་རྣམ་པར་དག་པར་འགྱུར་བ་དང་། ཆོས་རྣམ་པར་དག་པར་འགྱུར་བ་ དང་། བསམ་པ་རྣམ་པར་དག་པར་འགྱུར་བ་དང་། མོས་པ་རྣམ་པར་དག་པར་འགྱུར་བ་དང་། སྨོན་ལམ་རྣམ་པར་དག་པར་འགྱུར་བ་དང་། མངོན་པར་ཤེས་པའི་ཡོན་ཏན་དང་། ཡེ་ཤེས་རྣམ་པར་དག་པར་འགྱུར་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟ་སྟེ། ཏིལ་མར་གྱི་མར་མེ་འམ། མར་གྱི་མར་མེ་འམ། རིན་པོ་ཆེའི་མར་མེ་འམ། ནོར་བུའི་མར་མེ་འམ། རོའི་མར་མེ་འམ། མར་མེ་ཆེན་པོ་འམ། ཨ་ག་རུའི་མར་མེ་འམ། ཙན་དན་གྱི་མར་མེ་འམ། སྤོས་ཀྱི་རོ་ཐམས་ཅད་ཀྱི་མར་མེ་འམ། ཁ་དོག་མཐའ་ཡས་པར་སྣང་བའི་མར་མེ་འམ། རྣམ་པ་དེ་ལྟ་བུའི་མར་མེ་དག་དེ་ཡོངས་སུ་གཏོང་ཞིང་སྦྱིན་པ་བྱེད་པ་ན། དགེ་བའི་རྩ་བ་དེ་དག་འགྲོ་བ་ཐམས་ཅད་ལ་ཕན་པ་དང་། འགྲོ་བ་ཐམས་ཅད་ལ་བདེ་བ་དང་། འགྲོ་བ་ཐམས་ཅད་བསྡུ་བའི་ཕྱིར་འདི་ ལྟར་ཡོངས་སུ་བསྔོ་སྟེ། མར་མེའི་སྦྱིན་པས་ཡོངས་སུ་བསྡུས་པའི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་གྱི་ཆོས་ལ་སྣང་བ་མཐའ་ཡས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་ཐམས་ཅད་ཤིན་ཏུ་ཕྲ་བ་དམྱིགས་པར་བྱ་བའི་ ཕྱིར་སྣང་བ་ཤིན་ཏུ་གསལ་ཞིང་དང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་ཅན་མྱེད་པའི་ཁམས་ཡོངས་སུ་ཤེས་ཤིང་སྣང་བ་རབ་རིབ་མྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འོད་འགྱེད་པའི་ལུས་སུ་མངོན་པར་བྱུང་ ཞིང་སྣང་བ་མཐའ་ཡས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཕྱིར་མྱི་ལྡོག་པའི་སེམས་དང་ལྡན་ཞིང་འོད་ཀུན་ཏུ་སྣང་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་བྱེད་ པ་དང་ལྡན་ཞིང་སངས་རྒྱས་ཀྱི་འོད་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ཐམས་ཅད་འོད་གཅིག་གིས་རྒྱས་པར་བྱེད་ཅིང་། ཐོགས་པ་མྱེད་པའི་སྣང་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བསམ་གྱིས་མྱི་ཁྱབ་པའི་ཞིང་དུ་ འོད་ཟེར་རབ་ཏུ་འགྱེད་ཅིང་སྣང་བ་དཔག་ཏུ་མྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་སྐར་མདས་འགྲོ་བ་ཐམས་ཅད་སྣང་བར་བྱེད་པའི་འོད་དང་ལྡན་ཞིང་འོད་སྣང་བའི་སྐར་མདའི་རྒྱལ་པོ་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་ཞིང་ཀུན་ཏུ་ འོད་འགྱེད་པའི་རྣམ་པར་འཕྲུལ་པས་བྱུང་ཞིང་སྣང་བ་ཁ་དོག་མཐའ་ཡས་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མར་མེའི་སྦྱིན་པ་རབ་ཏུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། སེམས་ཅན་ཐམས་ཅད་ལ་བདེ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་དགེ་བའི་རྩ་བས་ཡོངས་སུ་བཟུང་བས་ཡོངས་སུ་འཛིན་ཏོ། །སེམས་ཅན་ཐམས་ཅད་དགེ་བའི་རྩ་བས་ཡང་དག་པར་བཟུང་བས་ཡང་དག་པར་འཛིན་ཏོ། །སེམས་ཅན་ཐམས་ཅད་ལ་དགེ་བའི་ རྩ་བའི་སྐལ་བས་བགོ་བཤའ་བྱེད་དོ། །སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བས་སྙིང་བརྩེ་བར་བྱེད་དོ། །སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བའི་སྐལ་བ་སྦྱིན་པར་བྱེད་དོ། །སེམས་ཅན་ཐམས་ཅད་དགེ་བའི་རྩ་བས་རབ་ཏུ་བཟུང་བས་རབ་ཏུ་ འཛིན་ཏོ། །སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་བྱིན་པས་ཡོངས་སུ་རྫོགས་པར་བྱེད་དོ། །སེམས་ཅན་ཐམས་ཅད་དགེ་བའི་རྩ་བས་དམྱིགས་པར་བྱེད་དོ། །སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་མཉམ་པ་ཉིད་ཀྱིས་མཉམ་པར་བྱེད་དོ། །སེམས་ཅན་ ཐམས་ཅད་དགེ་བའི་རྩ་བ་ཤེས་པས་རྣམ་པར་དཔྱོད་པ་བྱེད་དེ། དེ་ལྟར་མར་མེའི་སྦྱིན་པས་བསྡུས་པའི་དགེ་བའི་རྩ་བ་དེ་ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བ་རྣམས་རབ་ཏུ་དགོང་པའི་ཕྱིར། ཡོངས་སུ་བསྔོ་བ་ཐོགས་པ་མྱེད་པར་འགྲོ་བས་དེ་ལྟར་ ལྟར་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནད་ཀྱི་རྐྱེན་སྨན་དང་ཡོ་བྱད་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་དམྱིགས་པ་ཀུན་ལས་ཤིན་ཏུ་ ལངས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་རབ་ཏུ་ཐོབ་ཅིང་ལུས་ནད་མེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མྱི་དགེ་བའི་ནད་ཐམས་ཅད་སོས་པར་གྱུར་ཏེ། སྨན་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་ བྱང་ཆུབ་སེམས་དཔའ་ཕྱིར་མྱི་ལྡོག་པའི་ས་ལ་རབ་ཏུ་གནས་པའི་ཚུལ་གྱིས་སྨན་ཨ་ག་རུ་དེ་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉོན་མོངས་པའི་དུག་བསལ་ཤིང་འབྱིན་ཅིང་སངས་རྒྱས་ཀྱི་སྨན་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་ཉོན་ མོངས་པ་ཐམས་ཅད་རྣམ་པར་སྦྱོང་བའི་སྤྱོད་པ་དང་ལྡན་ཞིང་ཉེ་བར་བགྲོད་པའི་ངང་ཚུལ་ཅན་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་ཤིན་ཏུ་མི་འཁྲུག་པའི་ཆོས་དང་ལྡན་ཞིང་སྨན་གྱི་རྒྱལ་པོ་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ ཅད་གསོ་བ་ལ་ཞུགས་ཤིང་སྨན་གྱི་སྡོང་པོ་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྣང་བ་རབ་ཏུ་ཐོབ་ཅིང་ནད་ཐམས་ཅད་བྱང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བསམ་པ་ཇི་ལྟ་བ་བཞིན་དུ་སྨན་གྱི་སྦྱོར་བ་ལ་བརྩོན་པས་ འགྲོ་བ་ཐམས་ཅད་ཀྱི་སྨན་ལ་མཁས་པར་གྱུར་ཅིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སྨན་གྱི་སྦྱིན་པ་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཤིན་ཏུ་གསོ་བའི་ཕྱིར་ཡོངས་སུ་བསྔོའོ། །ཤིན་ཏུ་བདེ་ཞིང་ དགའ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་སངས་རྒྱས་སྙུན་མི་མངའ་བ་ལྟ་བུ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ ཀྱི་ནད་ཀྱི་ཟུག་རྔུ་ཐམས་ཅད་བཟློག་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ཉམས་པ་མྱེད་ཅིང་བརྟན་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་རྡོ་རྗེའི་རི་ཁོར་ཡུག་ལྟ་བུར་གཞོམ་དུ་མྱི་ཆོམས་པ་དང་སྟོབས་དང་ལྡན་ པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་སྟོབས་ཐམས་ཅད་ཀྱིས་བརྟན་ཅིང་བསམ་པ་ཤིན་ཏུ་མཐོ་བ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་བདེ་བའི་རྣམ་པ་ཟིལ་གྱིས་མྱི་ནོན་པ་ཡོངས་ སུ་རྫོགས་པར་འགྱུར་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་ལུས་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བརྟན་པའི་ཕྱིར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣོད་སྣ་ཚོགས་དང་། བྲེ་ དང་ལྔ་བྲེའི་སྦྱིན་པ་བྱེད་པ་འདི་ལྟ་སྟེ། གསེར་གྱི་སྣོད་དང་། གསེར་གྱི་བྲེ་དང་ལྔ་བྲེ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་དངུལ་གྱི་སྣོད་དང་། དངུལ་གྱི་བྲེ་དང་། ལྔ་བྲེ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་ བཻ་ཌཱུརྱའི་སྣོད་དང་། བཻ་ཌཱུརྱའི་བྲེ་དང་ལྔ་བྲེ་རིན་པོ་ཆེ་རྣམ་པ་ཐ་དད་པས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་ཤེལ་གྱི་སྣོད་དང་། ཤེལ་གྱི་བྲེ་དང་། ལྔ་བྲེ་རིན་པོ་ཆེའི་རྒྱན་རྣམ་པ་ཐ་དད་པས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་མུ་ས་ར་གལ་པའི་སྣོད་ དང་། མུ་ས་ར་གལ་པའི་བྲེ་དང་། ལྔ་བྲེ་མུ་ཏིག་དམར་པོས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་ཨསྨ་གར་བྷའི་སྣོད་དང་། ཨསྨ་གར་བྷའི་བྲེ་དང་། ལྔ་བྲེ་རིན་པོ་ཆེ་བྱི་རུ་དང་། ནོར་བུ་རིན་པོ་ཆེའི་འོད་ཟེར་སྣང་བས་ཡོངས་སུ་བཀང་ བ་དང་། འདི་ལྟ་སྟེ་རིན་པོ་ཆེ་ཤི་ལའི་སྣོད་དང་། རིན་པོ་ཆེ་ཤི་ལའི་བྲེ་དང་། ལྔ་བྲེ་ཁ་ཟས་ཞིམ་པོ་རོའི་མཆོག་སྣ་ཚོགས་ཀྱིས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་ཙན་དན་གྱི་སྣོད་དང་། ཙན་དན་གྱི་བྲེ་དང་། ལྔ་བྲེ་ལྷ་རྫས་ལྟ་བུའི་གོས་ཕྲུགས་ ཀྱིས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་རྡོ་རྗེའི་སྣོད་དང་། རྡོ་རྗེའི་བྲེ་དང་། ལྔ་བྲེ་སྤོས་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བཀང་བ་དང་། འདི་ལྟ་སྟེ་སྣོད་སྣ་ཚོགས་དངོས་པོ་རྣམ་པ་ཐ་དད་པའི་ཚོགས་ཀྱིས་བཀང་བ་དང་། བྲེ་ དང་ལྔ་བྲེ་དུ་མ་སྣ་ཚོགས་བསྩགས་པར་བྱ་བ་ཚད་མེད་པ་ནོར་གྱི་དབྱིག་དང་། དངུལ་དང་གསེར་ཕྱེས་ཡོངས་སུ་བཀང་བ་དེ་དག་ཡོན་གྱི་གནས་བསམ་གྱིས་མི་ཁྱབ་པར་མོས་པའི་སེམས་དང་ལྡན་པས་སངས་རྒྱས་བཅོམ་ལྡན་འདས་རྣམ་ལ་འབུལ་ལམ། དགེ་བའི་བཤེས་ གཉེན་ཤིན་ཏུ་དཀོན་པར་སེམས་བསྐྱེད་པས། བྱང་ཆུབ་སེམས་དཔའ་དཀོན་མཆོག་ཐམས་ཅད་ལ་འབུལ་ལམ། སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་བསྟན་པའི་ཕྱིར་འཕགས་པའི་དགེ་འདུན་ལ་འབུལ་ལམ། འཕགས་པའི་སྐྱེ་བོ་ལ་ཤིན་ཏུ་མོས་པའི་ སེམས་ཀྱིས་གང་ཟག་གི་རྣམ་པ་ཉན་ཐོས་དང་། རང་སངས་རྒྱས་ལ་འབུལ་ལམ། བླ་མ་ལ་བསྙེན་བཀུར་ཞིང་བཤེས་གཉེན་ལ་རིམ་གྲོ་བྱ་བའི་སེམས་ཀྱིས་ཕ་དང་མ་དག་ལ་སྦྱིན་པར་བྱེད་དམ་དེ་དང་དེ་དག་ཏུ་ཡོན་ཏན་གྱི་ཚོགས་བསགས་པ་དང་། གདམས་ ངག་དང་། བསླབ་པ་དང་། འཕགས་པའི་བསྟན་པ་ལ་གནས་པར་བརྩོན་པས་སློབ་དཔོན་དང་། བླ་མ་དང་སྦྱིན་པའི་གནས་ལ་འབུལ་ལམ། སེམས་ཅན་ཐམས་ཅད་ལ་ཞེ་མི་སྡང་བའི་མྱིག་གིས་བྱམས་པ་ཡོངས་སུ་བསྒོམས་ཤིང་གཏོང་བའི་ སེམས་ཀྱིས་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཅིག་ཏུ་ངེས་པར་ཞུགས་པའི་སེམས་ཀྱིས་སྦྱིན་པ་ཐམས་ཅད་རྩོམ་ཞིང་ཚོགས་ཆེན་ པོ་གྲངས་མྱེད་པས་འགྲོ་བ་ཐམས་ཅད་ཡོངས་སུ་མྱི་གཏང་ཞིང་མྱི་སྤང་བའི་སེམས་ལ་ཤིན་ཏུ་གནས་ཏེ། སྦྱིན་པའི་དངོས་པོ་ཐམས་ཅད་ལ་མངོན་པར་མ་ཆགས་པ་དང་། ཡོན་གྱི་གནས་ཐམས་ཅད་རབ་ཏུ་བཟུང་བའི་སེམས་ལ་གནས་པས་བཀྲེན་པ་དང་། ཕོངས་བའི་སློང་བ་རྣམས་ལ་སྣོད་སྣ་ཚོགས་དང་བྲེ་དང་ལྔ་བྲེ་ཡོ་བྱད་ཀྱི་ཚོགས་རྣམ་པ་ཐ་དད་པས་ཡོངས་སུ་བཀང་བ་དེ་དག་སྦྱིན་པ་དང་ཡོངས་སུ་གཏོང་བའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་དྲན་པའི་ དབང་པོ་ནམ་མཁའི་དབྱིངས་ལྟར་ཡངས་པ་དང་ལྡན་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྐད་ཐམས་ཅད་གཟུང་བ་དང་། བླང་བ་དང་། ཡིད་ལ་བྱ་བའི་དྲན་པ་རྨོངས་པ་མྱེད་ཅིང་། སྣོད་ཚད་མྱེད་པའི་སྙིང་པོ་ཅན་དུ་གྱུར་ཅིག །སེམས་ཅན་ ཐམས་ཅད་སངས་རྒྱས་ཀྱི་ཆོས་ཟབ་མོ་རྒྱུན་འཆད་པ་མྱེད་པའི་ཆོས་ཅན་དུ་གྱུར་ཏེ། སྣོད་བཟང་པོ་རྣམ་པར་དག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཡང་ དག་པར་འཛིན་པའི་ཆོས་ཅན་དུ་གྱུར་ཏེ། བླ་ན་མྱེད་པའི་སྣོད་རིན་པོ་ཆེ་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་དབྱེར་མྱེད་པ་ལ་མོས་པས་ཡང་དག་པར་གཟུང་ ཞིང་སངས་རྒྱས་ཀྱི་ཆོས་ཡངས་པའི་སྣོད་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྒྱ་ཆེ་ཞིང་མཐུ་ཆེ་བ་ལ་ཡང་དག་པར་གཞོལ་བས་རིན་པོ་ཆེའི་སྣོད་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཤིན་ཏུ་བརྒྱན་པ་ལྟ་བུར་གྱུར་ཅིག །སེམས་ ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་མཐའ་དང་དབུང་མེད་པ་ཚད་མྱེད་པ་ལ་མོས་པ་རྣམ་པར་དག་ཅིང་ཡོན་ཏན་ཐམས་ཅད་ཀྱི་སྣོད་དང་འབྱུང་གནས་སུ་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རྣམ་པར་ཐར་པ་བསྒྲིབས་པ་མེད་པས་ཐམས་ཅད་མཁྱེན་ པའི་ཡེ་ཤེས་ཀྱི་མཐར་གཏུགས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཁོངས་སུ་ཆུད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་ཅན་གྱི་ཁམས་ཐམས་ཅད་མ་ལུས་པར་ཐམས་ཅད་མཁྱེན་པའི་སྟོབས་ལ་རབ་ཏུ་གཞག་པའི་ཕྱིར་ཕྱི་མའི་མཐའི་བསྐལ་པར་ བྱང་ཆུབ་སེམས་དཔའི་སྤྱོད་པའི་སྣོད་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཡན་ལག་གིས་ཆོས་བསྟན་པ་ཡང་དག་པར་འཛིན་པའི་སེམས་དང་ལྡན་པར་གྱུར་ཏེ། ཡོན་ཏན་མཆོག་ཐམས་ཅད་དང་དུས་གསུམ་གྱི་ སངས་རྒྱས་ཀྱི་རིགས་ཀྱི་སྣོད་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་གསོལ་བ་འདེབས་པ་དང་ཆོས་ཡོངས་སུ་འདྲི་བ་ལ་སྨྲ་བའི་སྔོན་དུ་འགྲོ་བའི་སྐྱེས་བུར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐས་གཏུགས་པ་གང་བར་བྱེད་པ་ཤོང་བའི་སྣོད་དུ་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་དག་ཅི་ནས་ཀྱང་སེམས་ཅན་གྱི་ཁམས་ཐམས་ཅད་བྱང་ཆུབ་སེམས་དཔའ་ ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པའི་སྣོད་དུ་འགྱུར་བའི་ཕྱིར་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིང་རྟ་སྣ་ཚོགས་དང་། ཤིང་རྟ་དུ་མ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་རྟ་ཚད་མྱེད་པ་དག་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། བླ་མ་དང་། སྟོན་པ་དང་། དགེ་བའི་བཤེས་གཉེན་དང་། དགེ་འདུན་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། སྦྱིན་པའི་གནས་སྣ་ཚོགས་སློང་ཞིང་ལེན་པ་དང་། ཕྱོགས་གཞན་ནས་འོངས་པའི་གང་ཟག་སྣ་ཚོགས་དང་ཕོངས་པ་དང་བཀྲེན་པ་སློང་བ་དཔག་ཏུ་མྱེད་པ་དང་། བྱང་ཆུབ་སེམས་དཔའི་སྒྲ་ཐོས་ཏེ་འོངས་པ་དང་། བྱང་ཆུབ་སེམས་དཔར་ཡིད་ཆེས་པས་སྐབས་ཕྱེ་སྟེ་འོངས་པ་དང་། བྱང་ཆུབ་ སེམས་དཔའི་སྔོན་གྱི་སྨོན་ལམ་དང་སྦྱིན་པའི་སྒྲ་ཐོས་ཏེ་འོངས་པ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་སེམས་ཀྱིས་བོས་ཤིང་བསྟབས་པ་དེ་དག་ལས་སྦྱིན་ཞིང་གཏོང་བ་འདི་ལྟ་སྟེ། ནོར་བུའི་ཤིང་རྟ་ལ་རྒྱན་གྱིས་ཤིན་ཏུ་མཛེས་པར་བྱས་པ་སྦྱིན་པ་འམ། གསེར་གྱི་ཤིང་རྟ་ལ་དྲིལ་བུའི་དྲ་བ་རབ་ཏུ་འཁོར་བའི་རྒྱན་རིན་པོ་ཆེའི་སྲད་བུའི་ལྡ་ལྡི་བཀྱེ་བ་སྦྱིན་པ་འམ། བཻ་ཌཱུརྱའི་ཤིང་རྟ་ལ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་རྣམ་པ་སྣ་ཚོགས་ཀྱིས་ཤིན་ཏུ་སྤྲས་པ་སྦྱིན་པ་འམ། དངུལ་གྱི་ཤིང་རྟ་ལ་ཤིན་ཏུ་དག་པའི་གསེར་ རབ་ཏུ་བཟང་པོའི་དྲ་བས་གཡོགས་ཤིང་རྟ་ཅང་ཤེས་ལ་བཅས་པ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བརྒྱན་ཅིང་ཀླུབས་པར་སྦྱིན་པ་འམ། གསེར་གྱི་ཤིང་རྟ་ལ་རིན་པོ་ཆེའི་དྲ་བ་དང་རྒྱན་ཐམས་ཅད་ཕུན་སུམ་ཚོགས་པས་བརྒྱན་ཅིང་གླང་པོ་ཅང་ཤེས་ལ་ བཅས་པ་སྦྱིན་པ་འམ། ཙན་དན་གྱི་ཤིང་རྟ་ལ་རིན་པོ་ཆེའི་དམ་པ་སྣ་ཚོགས་གྱིས་ཤིན་ཏུ་སྤྲས་ཏེ་རིན་པོ་ཆེའི་སེང་གེའི་ཁྲིས་བརྒྱན་པ། ན་ཅུང་བརྒྱ་ཕྲག་སྟོང་ཞོན་པ། རྒྱན་ཐམས་ཅད་དང་རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱི་གདུགས་ཕུན་སུམ་ཚོགས་ པ་སྐྱེས་བུ་ཅང་ཤེས་བརྒྱ་སྟོང་དུ་མས་དྲང་བ་སྦྱིན་པ་འམ། །ཤེལ་གྱི་ཤིང་རྟ་ལ་རིན་པོ་ཆེ་དུ་མས་ཁ་དོག་རྣམ་པར་འབྱེས་པར་ཤིན་ཏུ་མཛེས་པར་བྱས་ཤིང་། ན་ཅུང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་པས་ཡོངས་སུ་གང་བ་རིན་པོ་ཆེའི་བླ་རེས་ཡོག་ པར་བྲེས་པ། རྒྱལ་མཚན་དང་། བ་དན་སྣ་ཚོགས་ཀྱིས་ཕྱོགས་བཞི་ནས་བརྒྱན་པ་སྦྱིན་པ་འམ། ཨསྨ་གར་བྷའི་ཤིང་རྟ་ལ་རིན་པོ་ཆེ་སྣ་ཚོགས་དུ་མས་ཤིན་ཏུ་མཛེས་པར་བྱས་ཏེ། སྤོས་སྣ་ཚོགས་དྲི་ཞིམ་པོས་བདུགས་པ། སྤོས་གྱི་ དམ་པ་ཐམས་ཅད་ཀྱི་བྱུག་པས་རབ་ཏུ་བྱུགས་པ། མེ་ཏོག་གི་རྒྱན་ཐམས་ཅད་ཀྱིས་ཆལ་པར་བཀང་བ། བུ་མོ་བརྒྱ་ཕྲག་སྟོང་གིས་རིན་པོ་ཆེའི་སྲད་བུ་ཐོགས་ཏེ། འཁྲུལ་བ་མྱེད་པར་དྲང་བ་སྦྱིན་པ་འམ། དྲི་ཞིམ་པོ་སྣ་ཚོགས་ཀྱི་ཤིང་རྟ་ལ་རས་དང་ གོས་སྣ་ཚོགས་ཀྱི་བླ་རེ་བྲེས་པ་རིན་པོ་ཆེའི་དྲ་བས་ཡོག་པར་ཁེབས་པ། སྤོས་ཞིམ་པོ་ཡིད་དུ་འོང་བ་རྣམ་པར་དག་པ། མྱི་མཐུན་པ་མྱེད་པ་ཚོར་ན་དགའ་བ་ཤིན་ཏུ་འཐུལ་བ་མཚམས་ཀྱི་ལྷའི་བུས་དྲང་བ། རིན་པོ་ཆེའི་འཁོར་ལོ་ཐམས་ཅད་ཀྱིས་ཤིན་ཏུ་བརྒྱན་ཅིང་ མཛེས་པར་བྱས་པ་སྦྱིན་པ་འམ། རིན་པོ་ཆེ་ཐམས་ཅད་ཚོགས་པའི་འོད་འབྱུང་བའི་ཤིང་རྟ་ལ་ཁ་དོག་རྣམ་པ་སྣ་ཚོགས་སུ་སྣང་བའི་རིན་པོ་ཆེ་རྣམ་པ་དུ་མའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་དྲ་བའི་བླ་རེ་བྲེས་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་མཐའ་ ཡས་པ་ཀུན་ནས་སྦྱངས་པ། བུ་དང་བུ་མོ་བསྐྱོན་པ་སྤོས་སྣ་ཚོགས་ཀྱི་ཕྱེ་མས་མཐའ་འཁོར་ཤིན་ཏུ་སྦྱངས་པ་སྦྱིན་པ་བྱེད་པ་ན་དེ་དག་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཤིང་རྟ་འབུལ་བའི་ཚེ། དགེ་བའི་རྩ་བ་དེ་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་ལ་ཡོན་ཚད་མྱེད་པ་འབུལ་བར་དད་ཅིང་སྦྱིན་པའི་གནས་ཀྱི་དམ་པ་ལ་ཤིན་ཏུ་མོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྦྱིན་པའི་གནས་མཐའ་ཡས་པ་རྣམ་པར་དག་པས་སངས་རྒྱས་ལ་རབ་ཏུ་རྟེན་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་གཏོང་བ་རྒྱ་ཆེན་པོ་ཡོངས་སུ་གྲུབ་པས་སངས་རྒྱས་ཐམས་ཅད་ལ་ཡོངས་སུ་གཏོང་བར་མོས་པར་གྱུར་ཅིང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རྣམ་པར་ཐར་བ་བསྒྲིབས་པ་མྱེད་པ་རབ་ཏུ་ཐོབ་ཅིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྨོན་ ལམ་དང་བྲལ་ཏེ། སངས་རྒྱས་ལ་བསྐྱེད་པའི་ཡོན་ཏན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མྱོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་མཐའ་ཡས་པའི་ཡེ་ཤེས་ལ་ཤིན་ཏུ་མོས་ཤིང་སངས་རྒྱས་ལ་ཡོན་གསོལ་བཟང་མི་ཤེས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་བླ་ན་མྱེད་པའི་ཡེ་ཤེས་ཀྱི་རྒྱལ་པོས་རྣམ་པར་དག་ཅིང་ཡེ་ཤེས་ཀྱི་མཆོག་ལ་རབ་ཏུ་རྟེན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རྫུ་འཕྲུལ་ཐམས་ཅད་དུ་འགྲོ་བ་ཐོབ་སྟེ། གང་དུ་དགའ་བར་འགྲོ་བར་གྱུར་ ཅིག། སེམས་ཅན་ཐམས་ཅད་ཡེ་ཤེས་མཐའ་ཡས་པའི་འབྱུང་གནས་ལ་རབ་ཏུ་འཁོད་པ་འགྲུབ་པའི་ཕྱིར་ཡེ་ཤེས་ཆེན་པོ་ལ་རབ་ཏུ་རྟེན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཞིང་ལས་རྣམ་པར་སྐྱེ་བའི་ཆོས་ཅན་དུ་གྱུར་ཏེ་བསོད་ནམས་ ཀྱི་ཞིང་དམ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ཐམས་ཅད་བསྐྱེད་པས་སངས་རྒྱས་ཀྱི་ཡེ་ཤེས་ལ་མོས་ཤིང་སངས་རྒྱས་ཐམས་ཅད་ལ་མི་དགའ་བ་མེད་པའི་སེམས་སུ་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་གིས་ཆོས་ཀྱི་ དབྱིངས་ཐམས་ཅད་དུ་ངལ་བ་མྱེད་པར་ཞུགས་ཏེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་བསྒྲུབ་པ་ལྷུན་གྱིས་གྲུབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་སྐྱེ་བ་ཐམས་ཅད་ཀྱི་དྲུང་དུ་ཕྱིན་པས་བྱང་ཆུབ་སེམས་དཔའི་མངོན་པར་ ཤེས་པས་ནམ་མཁའི་དབྱིངས་ཐམས་ཅད་དུ་ཤིན་ཏུ་རྣམ་པར་ཕྱེ་བའི་ལུས་ལ་རབ་ཏུ་ཞུགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གནས་དཔེ་མྱེད་པའི་ལུས་རབ་ཏུ་ཐོབ་པས་ངལ་ཞིང་དུབ་པ་མྱེད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བར་གྱུར་ཅིག ། སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པའི་ཡིད་གྱིས་འགྲོ་བ་དང་ལྡན་ཞིང་ལུས་ཀྱི་མགྱོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་གིས་བསམ་པ་དང་། ཁམས་ཁྱབ་པར་བྱེད་པས་སངས་རྒྱས་ཀྱི་རྣམ་པར་ འཕྲུལ་པ་ཐམས་ཅད་ཡང་དག་པར་སྟོན་པའི་སྣང་བ་དང་ལྡན་ཞིང་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཁྱུ་མཆོག་གི་མཐུ་འབྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་ རྗེས་སུ་འགྲོ་བ་ལ་བདེ་བར་འགྲོ་བས་རབ་ཏུ་བརྩོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྟོབས་བཅུའི་ཡེ་ཤེས་ཐམས་ཅད་མ་ལུས་པའི་མཐར་ཐུག་པར་འགྲོ་བ་ཐོབ་པས་ཤིན་ཏུ་མྱུར་དུ་འགྲོ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ ཐམས་ཅད་ཐ་མྱི་དད་པར་འཇུག་པ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཐམས་ཅད་དུ་འགྲོ་བའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཕྱིར་མྱི་ལྡོག་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་ཚུལ་ཤེས་ཏེ། བྱང་ཆུབ་སེམས་ དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ཁོང་དུ་ཆུད་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་འདོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཉིད་ཐམས་ཅད་ཀྱི་རྗེས་སུ་སོང་ཞིང་ཆོས་ཇི་ལྟ་བ་བཞིན་དུ་མཐོང་བས་འདྲ་བ་མྱེད་པའི་ཡེ་ཤེས་ཀྱི་ཚུལ་ཐོབ་པར་གྱུར་ཅིག །ཅེས་དེ་ ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་མངོན་དུ་གྱུར་པ་འམ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་ཤིང་རྟ་འབུལ་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་ གཤེགས་པའི་ཐེག་པ་བསྒྲིབས་པ་མྱེད་པར་འབྱུང་བའི་མཐར་ཕྱིན་པར་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་བཤེས་གཉེན་ལ་ཤིང་རྟ་འབུལ་བའི་ཚེ། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་འདི་ལྟར་ཡོངས་སུ་ བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་བྱས་པའི་དྲིན་མྱི་གཏོང་བའི་ཕྱིར། དགེ་བའི་བཤེས་གཉེན་མྱི་གཏོང་བའི་སེམས་སྟོར་བ་མྱེད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྐལ་པ་མཉམ་པའི་དགེ་བའི་རྩ་བ་ཡོངས་སུ་ འཛིན་པའི་ཕྱིར་དགེ་བའི་བཤེས་གཉེན་དང་དོན་མཐུན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གཏོང་བ་དང་ཡོངས་སུ་གཏོང་བ་ཐམས་ཅད་ཀྱིས་དགེ་བའི་བཤེས་གཉེན་ལ་ཕན་འདོགས་པའི་ཕྱིར་དགེ་བའི་བཤེས་གཉེན་ལ་བླ་མའི་རིམ་གྲོས་ཆེར་བརྩོན་པར་ གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་བཤེས་གཉེན་དང་ཉེ་བར་བྱས་ཏེ། སྤྱད་པ་བསྒྲུབ་པའི་ཕྱིར་བསམ་པ་དགེ་བ་དང་ལྡན་པར་གྱུར་སེམས་ཅན་ཐམས་ཅད་དགེ་བའི་བཤེས་གཉེན་དང་མཐུན་པའི་བསྙེན་ བཀུར་ལ་ནན་ཏན་བྱེད་པས། དགེ་བའི་བཤེས་གཉེན་མཐོང་བ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སེམས་འཁྲུལ་པ་མྱེད་ཅིང་ཉམས་པ་མྱེད་པ་དང་། འདྲེས་པ་མྱེད་ཅིང་རྙོག་པ་མྱེད་པའི་ཕྱིར་དགེ་བའི་བཤེས་གཉེན་ལ་གྲོལ་བའི་བསམ་ པ་ཅན་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་ཡོ་བྱད་ཅི་འདོད་པ་རབ་ཏུ་བསྒྲུབ་པའི་ཕྱིར་དགེ་བའི་བཤེས་གཉེན་ལ་ལུས་ཡོངས་སུ་གཏོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱམས་པ་དང་ལྡན་ཞིང་ཁོན་མྱེད་པར་རིམ་གྲོ་བྱེད་པའི་ཕྱིར་དགེ་བའི་བཤེས་ གཉེན་གྱིས་ཡོངས་སུ་བཟུང་ཞིང་རབ་ཏུ་བརྟན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀུན་ཏུ་མཐུན་པ་ཡང་དག་པར་མཉན་པའི་ཕྱིར་དགེ་བའི་བཤེས་གཉེན་དང་མཐུན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྨོན་ལམ་གཅིག་པས་ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འབྱུང་བ་དང་། སྟོབས་ཀྱི་མཐར་གཏུགས་པའི་ཕྱིར་དགེ་བའི་བཤེས་གཉེན་གྱི་དགེ་བའི་རྩ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་དག་པ་དང་མཐུན་ཞིང་གཅིག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་ཐམས་ཅད་ ཀྱི་ཡུལ་ལ་རྣམ་པར་འཕྲུལ་པའི་ཡེ་ཤེས་མངོན་པར་ཤེས་པས་ཤེས་རབ་བཟང་པོས་ཆོས་ཀྱི་བརྩོན་འགྲུས་ལ་ཤིན་ཏུ་བྱུང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་བཟུང་བའི་ཕ་རོལ་ཏུ་ཕྱིན་པའི་མཐས་གཏུགས་པར་ཁོང་དུ་ཆུད་པས་རིག་པའི་ཕ་རོལ་ཏུ་ ཕྱིན་པ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐོགས་པ་མྱེད་པའི་ཐེག་པས་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་གཏུགས་ཏེ་ཐེག་པ་ཆེན་པོས་མངོན་པར་སྤྱོད་ཅིང་ཡང་དག་པར་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བའི་ཕྱོགས་ལས་ ཕྱིར་མྱི་ལྡོག་པའི་ཡིད་དང་ལྡན་ཞིང་འགྲོ་བ་ཐམས་ཅད་ཤེས་པའི་ཡེ་ཤེས་འཛིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ལ་ཇི་ལྟར་ཐོས་པ་བཞིན་དུ་རྨོངས་པ་མེད་པས་ཆོས་ཐམས་ཅད་ལ་རབ་ཏུ་གཞོལ་ཞིང་ཇི་ལྟ་བ་བཞིན་དུ་རྟོགས་པའི་ མངོན་པར་ཤེས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བསྒྲིབས་པ་མེད་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ལ་འབྱུང་བའི་མཐར་ཐུག་སྟེ། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བའི་ཡིད་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ ཉམས་པ་མྱེད་པའི་རྫུ་འཕྲུལ་གྱི་རྐང་པ་དཔེ་མྱེད་པ་རབ་ཏུ་ཐོབ་པས་མགྱོགས་པ་དམ་པའི་ཕ་རོལ་ཏུ་ཕྱིན་པས་འགྲོ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། ཐེག་པ་ཆེན་པོས་འདུལ་བ་ལ་རབ་ཏུ་ཞུགས་ པས་འགྲོ་ཞིང་འོང་བ་ཕུན་སུམ་ཚོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་ཤིང་རྟས་འགྲོ་བའི་མཐར་ཐུག་པས་གཏི་མུག་མྱེད་པར་འགྲོ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བསྒྲིབས་པ་མྱེད་པའི་ཡེ་ཤེས་ཀྱིས་ཐམས་ཅད་དུ་འགྲོ་བའི་ཚུལ་ཤེས་ ཤིང་ཆགས་པ་མྱེད་པའི་ཤིང་རྟ་བཞོན་པ་དང་ལྡན་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་བཤེས་གཉེན་ལ་ཤིང་རྟ་འབུལ་བ་དང་ཡོངས་སུ་གཏོང་བས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཚུལ་གྱི་རྒྱུད་གཅིག་ཏུ་གྱུར་པས་བསྙེན་ཅིང་བཀུར་བའི་ཡོངས་སུ་བསྒྲུབ་པ་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཐམས་ཅད་ལ་ཤིན་ ཏུ་བསླབས་པའི་སེམས་དང་ལྡན་པ་ཤེས་རབ་ཀྱིས་ཤིན་ཏུ་རྟོགས་པའི་བསམ་པ་ཅན། ཡོན་ཏན་གྱིས་རྣམ་པར་དག་པའི་ཡིད་དང་ལྡན་པ། མཐུན་པར་ཡོངས་སུ་གཏོང་བའི་བསམ་པ་ཅན། དགེ་འདུན་རིན་པོ་ཆེ་ཤིན་ཏུ་དཀོན་པའི་སེམས་ དང་ལྡན་པ། ཚོགས་རིན་པོ་ཆེ་ལ་ཤིན་ཏུ་མོས་པའི་བསམ་པ་ཅན། བསྟན་པ་རབ་ཏུ་བཟུང་བའི་ཡིད་དང་ལྡན་པ། ལྷག་པའི་བསམ་པ་ཤིན་ཏུ་བརྟན་པའི་བསམ་པ་ཅན། རིམ་གྲོ་བྱེད་པ་དང་ལྡན་པ། མཆོད་སྦྱིན་ ཆེན་པོའི་མཆོད་སྦྱིན་ཤིན་ཏུ་བྱས་པ། བསྟན་པའི་ཡོན་ཏན་ཆེན་པོ་བརྗོད་པ། སངས་རྒྱས་ཀྱི་བསྟན་པ་ཡོན་ཏན་ཐ་མྱི་དད་པས་འོད་གསལ་ཞིང་རྙོག་པ་མྱེད་པར་དག་པ་སྟེ། དེ་བཞིན་གཤེགས་པའི་དགེ་འདུན་དཀོན་མཆོག་ལ་ཤིང་རྟ་འབུལ་བའི་ཚེ། དགེ་འདུན་དཀོན་མཆོག་ལ་ཤིང་རྟ་ཕུལ་བས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལ་ཡང་དག་པར་གཞོལ་བས་ཡང་དག་པར་ཟིན་པར་གྱུར་ཅིག སེམས་ཅན་ཐམས་ཅད་འཕགས་པའི་སྐྱེ་མཆེད་ལས་ཆོས་གཞན་མྱེད་པར་ཤིན་ཏུ་གྲུབ་པས། སེམས་ནང་དུ་གཞོལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་གཅིག་ནས་གཅིག་ཏུ་བརྒྱུད་པས་ཡང་དག་པར་བཟུང་བས་འཕགས་པར་རེད་ པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་ཀུན་གྱི་ཤེས་པས་ཡིད་ཆེས་པར་བྱ་བས་གྲངས་སུ་བགྲང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་མྱི་གཉིས་པའི་རང་བཞིན་ཤེས་པ་ཁོང་དུ་ཆུད་པས་ཆགས་པ་མྱེད་པའི་དབྱིངས་ལ་ ཡང་དག་པར་གཞོལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱིས་ཡང་དག་པར་བྱུང་བས་ཅང་ཤེས་ཀྱིས་ཀུན་ནས་བསྐོར་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་བའི་ཉོན་མོངས་པའི་རྡུལ་ཐམས་ཅད་ དང་བྲལ་བར་ཉོན་མོངས་པ་མྱེད་པའི་ཆོས་ལ་སྤྱོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཕགས་པའི་དགེ་འདུན་སོ་སོའི་སྐྱེ་བོ་མྱེད་པའི་སས་བླ་ན་མེད་པའི་དགེ་འདུན་དཀོན་མཆོག་རབ་ཏུ་བརྗོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆགས་ པ་མྱེད་པར་གྱུར་པའི་ཡེ་ཤེས་ལ་ཤིན་ཏུ་བརྩོན་པའི་ཆོས་ཅན་དུ་གྱུར་ཏེ། འཕགས་པའི་ཆོས་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཁམས་གསུམ་ཐམས་ཅད་ཀྱིས་གོས་པ་མྱེད་པའི་སེམས་དང་ལྡན་ཞིང་ཚོགས་ཀྱི་རྒྱལ་པོ་དམ་པར་གྱུར་ ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་མཁས་པས་ལེགས་པར་བཅས་པའི་ཡེ་ཤེས་ཀྱི་བཞོན་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མེད་ པར་ཤིན་ཏུ་འགྲོ་བའི་འགྲོས་ལ་མཁས་པས་སེམས་སྐད་ཅིག་གི །རྫུ་འཕྲུལ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མྱེད་པའི་ཡེ་ཤེས་དང་ལྡན་ཞིང་ནམ་མཁའ་ལྟ་བུའི་ལུས་ཀྱི་ཤིང་རྟ་སྒྲུབ་པར་ གྱུར་ཅིག །སེམས་ཅན་ཐམས་ཅད་ནམ་མཁའི་དབྱིངས་དང་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པར་ཁྱབ་པར་བྱེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འགྲོ་བའི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པར་ གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཐམས་ཅད་མ་ལུས་པར་གང་དུ་དགའ་བར་འགྲོ་ཞིང་རྒྱུ་བ་དང་ལྡན་པས་ལུས་ཡང་བའི་ཁྱད་པར་རྗེས་སུ་རྟོགས་པ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་ཐམས་ ཅད་དུ་ལུས་ཡང་དག་པར་སྟོན་པའི་ཕྱིར། རྫུ་འཕྲུལ་གྱི་འཁོར་མཐའ་ཡས་པ་ལ་མཁས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་འཕོས་པ་མྱེད་པར་འགྲོ་བ་ཡང་དག་པར་སྟོན་པའི་ཕྱིར། རྫུ་འཕྲུལ་ཆེན་ པོའི་ཁྱུ་མཆོག་གི་མཐུ་ཕྱུང་བའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མྱིག་ཡོར་ལྟ་བུའི་རྫུ་འཕྲུལ་གྱིས་འགྲོ་བ་མངོན་པར་བསྒྲུབ་པའི་ཡེ་ཤེས་རབ་ཏུ་ཐོབ་པས། སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་མྱི་གནས་པའི་ལུས་རབ་ཏུ་ ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དུས་ལ་ཇི་ལྟར་འབབ་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་། འདུལ་བ་མྱི་གཏོང་བའི་ཕྱིར་བསམ་གྱིས་མྱི་ཁྱབ་པའི་རྫུ་འཕྲུལ་གྱིས་ཁྱུ་མཆོག་གི་མཐུ་ཕྱུང་བ་ཡང་དག་པར་སྟོན་ པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྐད་ཅིག་གཅིག་གིས་ཆོས་ཀྱི་དབྱིངས་ཐམས་ཅད་ལ་ཆགས་པ་མྱེད་ཅིང་བསྒྲིབས་པ་མྱེད་པའི་ཚུལ་གྱིས་སེམས་སྐད་ཅིག་གཅིག་གིས་ཕྱོགས་ཐམས་ཅད་དུ་འགྲོ་བའི་རྫུ་འཕྲུལ་ལ་མངོན་པར་མཁས་པར་གྱུར་ཅིག་ཅེས། དེ་ལྟར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འདུན་ལ་ཤིང་རྟ་འབུལ་ཞིང་ཡོངས་སུ་གཏོང་བས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་དེ་ལྟར་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་ཤིང་རྟ་ལ་གནས་པ་རྣམ་པར་དག་པར་འགྱུར་བ་ དང་། ཆོས་ཀྱི་འཁོར་ལོ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་ཤེས་པའི་ཡེ་ཤེས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་འགྱུར་བའི་ཕྱིར་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་གནས་ཀྱི་འདུ་ཤེས་ཉེ་བར་ གཞག་པའི་སེམས་དང་ལྡན་པ། རིམ་གྲོ་ཅན་ཞེས་དང་ལྡན་པ། བདག་ཉིད་ཆེ་བའི་ཡོན་ཏན་རྒྱ་མཚོ་གང་ཆེན་མཚོའི་ཚུལ་ལ་མཁས་པ། ཡོན་ཏན་དང་ཡེ་ཤེས་ཀྱི་འབྱུང་གནས་ཀྱི་རིགས་དང་ལྡན་པ། དེ་བཞིན་གཤེགས་པའི་ཡོན་ ཏན་ལ་རྣམ་པར་སེམས་པ། མཐུ་ཆེན་པོར་སྐྱེས་པ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཡོངས་སུ་བསྒོམས་པའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་དུས་བརྗོད་དུ་མྱེད་པ་ཐམས་ཅད་དུ་སྤྱོད་པ་རྣམ་པར་སྤྱད་པ་ལ་རབ་ཏུ་ཞུགས་པ། བདུད་ཀྱི་བཅིངས་པ་ཐམས་ཅད་ལས་སེམས་རབ་ཏུ་གྲོལ་བ། བདུད་དུ་མའི་སྡེ་དང་བདུད་ཐམས་ཅད་ཀྱི་ཤེས་པའི་སྟོབས་རབ་ཏུ་འཇོམས་པའི་སེམས་དང་ལྡན་པ་གཞལ་དུ་མྱེད་པའི་ཆོས་ལ་མཁས་པས། སྣང་བར་གྱུར་པ་དེ་ཉན་ཐོས་དང་། རང་ སངས་རྒྱས་ལ་ཤིང་རྟ་འབུལ་བའི་ཚེ། ཤིང་རྟ་ཡོངས་སུ་བཏང་བས་ཡང་དག་པར་བཟུང་བའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་བླ་ན་མྱེད་པའི་སྦྱིན་པ་ཡོངས་སུ་སྨིན་པ་གྲུབ་པས་སྦྱིན་པའི་གནས་ཀྱི་དམ་ པར་ཡིད་ཆེས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་གཅིག་ཏུ་སྤྱོད་ཅིང་མྱི་གཉིས་པར་ཡང་དག་པར་སྤྱོད་པས་འདུ་འཛི་མྱེད་པ་ལ་དགའ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་བསོད་ནམས་ཀྱིས་ཡང་དག་པར་བསྡུ་བ་ལ་ བརྩོན་པས་སྦྱིན་པ་རྣམ་པར་དག་པར་བྱེད་པའི་མཆོག་ཏུ་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་གྲངས་མྱེད་པའི་འབྲས་བུ་རབ་ཏུ་གཏོང་བས་ཡེ་ཤེས་ཀྱི་མུ་སྟེགས་ལས་བྱུང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྦྱིན་པའི་དཀྱིལ་ འཁོར་མཆོག་གིས་རྣམ་པར་དག་པས་བསྒྲིབས་པ་མྱེད་པར་རྟོགས་པར་ཁོང་དུ་ཆུད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་རང་བཞིན་བྱེད་པ་མྱེད་པར་ཁོང་དུ་ཆུད་པས་ཉོན་མོངས་པ་མྱེད་པའི་ཆོས་ལ་རྣམ་པར་སྤྱོད་པར་གྱུར་ཅིག་ སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་ཞིང་སྦྱིན་པའི་གནས་འགྲོ་བ་ཐམས་ཅད་དགའ་བར་བྱས་པས་བསོད་ནམས་ཚད་མྱེད་པ་ཤིན་ཏུ་བསྩགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྦྱིན་པའི་གནས་སུ་བྱས་ཏེ། ཕན་འདོགས་པ་རྣམ་པར་ དག་པས་ཆོ་འཕྲུལ་མཐའ་ཡས་པས་རྣམ་པར་རོལ་པ་ཡང་དག་པར་སྟོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྟོབས་བཅུའི་ཐེག་པ་མཆོག་གི་འབྲས་བུ་ཡོངས་སུ་སྟོབས་པས་སྦྱིན་པའི་གནས་ཡོན་ཏན་ཟད་མི་ཤེས་པར་གྱུར་ཅིག །སེམས་ཅན་ཐམས་ ཅད་བསོད་ནམས་ཀྱི་ཕུང་པོ། མྱི་ཟད་པས་ཐམས་ཅད་མཁྱེན་པའི་མཐར་ཐུག་པར་གྱུར་ཏེ། སྦྱིན་པའི་གནས་དོན་ཡོད་པའི་འབྲས་བུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མ་ཐོས་པའི་སངས་རྒྱས་ཀྱི་ཆོས་ཀྱི་ཚིག་དང་ཡི་གེ་ འཛིན་ཅིང་སྡིག་པའི་ཆོས་རབ་ཏུ་ཞི་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྒྲ་དོན་ཡོད་པ་ཡེ་ཤེས་ཀྱིས་རྣམ་པར་རིག་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉན་པ་ལ་མོས་ཤིང་བརྩོན་པར་གྱུར་ཅིག །སེམས་ ཅན་ཐམས་ཅད་སངས་རྒྱས་ཐམས་ཅད་ལས་ཐོས་པ་རྗེས་སུ་བསྒྲགས་པའི་ཆོས་ཅན་དུ་གྱུར་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོས་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཞགས་པ་འཐུབ་པ་དགུ་བཅུ་རྩ་དྲུག་གི་ལྟ་བ་ལས་རྣམ་པར་ འདས་ཏེ་བསྟན་པ་ལ་གནས་པའི་བྱ་བ་ལ་མོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་མཆོག་རྣམ་པར་སྤེལ་བར་བྱེད་ཅིང་འཕགས་པ་མཐོང་བ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཕགས་པ་མཐོང་ཞིང་འགྲོགས་པའི་བདེ་བ་ དང་ལྡན་ཞིང་ཡེ་ཤེས་ཀྱིས་སྤྱོད་པའི་གང་ཟག་ལ་མོས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ལྟ་བ་རྗེས་སུ་ཐོས་པ་ལས་བྱུང་བས། ཐོས་པ་དོན་ཡོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བསྟན་པ་ལ་རབ་ཏུ་གཟུང་བ་དང་ ཡོངས་སུ་བསྲུང་བ་ལ་ཞུགས་པས་སངས་རྒྱས་ཀྱི་བསྟན་པ་ལ་ཡེ་ཤེས་ཀྱི་མཁས་པ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱ་བའི་སྣང་བ་རབ་ཏུ་ཐོབ་པས་ཆོས