Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 036_ཕལ་ཆེན།_ཁ
Văn bản gốc(Tây Tạng)
Trang 9 / 22 (50.000 ký tự/trang)
ས་ཅན་ཐམས་ ཅད་ཆོས་ཀྱི་སྣང་བ་བསྒྲིབས་པ་མེད་པ་ཐོབ་པའི་ཕྱིར་ཆགས་པ་མེད་པའི་ཆོས་སྨྲ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཚིག་དང་ཡི་གེ་བརྗོད་པ་ལ་མཁས་ཤིང་ཡེ་ཤེས་ཀྱི་སྙིང་པོའི་ཆོས་སྨྲ་བར་གྱུར་ཅིག །སེམས་ ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སྟོན་པ་ལ་མཁས་ཤིང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་ཆོས་སྨྲ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་གཞན་གྱིས་དྲིང་མི་འཇོག་ཅིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པས་ མིག་དང་འདྲ་བའི་ཆོས་སྨྲ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་རིག་པས་བཟུང་བའི་ཚིག་དང་ཡི་གེ་ཆུད་མ་ཟོས་པར་ཤིན་ཏུ་སྟོན་པས་སངས་རྒྱས་ཀྱིས་ཆོས་ཐམས་ཅད་དྲན་པས་ཡང་དག་པར་འཛིན་པའི་ཆོས་སྨྲ་བར་གྱུར་ཅིག །སེམས་ཅན་ ཐམས་ཅད་མཚན་གྱིས་ཤིན་ཏུ་བརྒྱན་པའི་ལུས་དང་ལྡན་ཞིང་འོད་མཐའ་ཡས་པར་འཕྲོ་བའི་ཆོས་ཡང་དག་པར་དཔྱད་པ་ལ་མཁས་པས་ཉེ་བར་མི་དམྱིགས་པའི་ལམ་དུ་ཞུགས་པའི་ཆོས་སྨྲ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་རྒྱུན་མི་ འཆད་པ་ལ་གནས་ཤིང་། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཆར་བསམ་པ་ཐག་པས་དབབ་པའི་བྱིན་གྱི་རླབས་ཀྱིས་ཆོས་ཀྱི་སྤྲིན་རབ་ཏུ་སྟོན་ཅིང་། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ལུས་ཀྱིས་རྒྱས་པར་འགེངས་པའི་ཆོས་སྨྲ་བར་ གྱུར་ཅིག །སེམས་ཅན་ཐམས་ཅད་གཞན་གྱིས་ཕམ་པར་མི་ནུས་པའི་རྒྱལ་མཚན་དང་ལྡན་པའི་ཆོས་སྨྲ་བའི་མཛོད་བདོག་པས་ཆོས་རྒྱ་མཚོ་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཆུད་མི་གསོན་པའི་ཆོས་སྨྲ་བར་གྱུར་ཅིག །སེམས་ཅན་ ཐམས་ཅད་སངས་རྒྱས་ཀྱི་སྤོབས་པ་ལ་བརྩོན་ཞིང་ཆོས་ཐམས་ཅད་ཡང་དག་པར་བརྗོད་པ་ལ་མཁས་པས་ཆོས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཉི་མའི་ཆོས་སྨྲ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་མཐའ་ཡས་པ་ཤིན་ཏུ་བསྟན་ པའི་ཆོས་ཀྱི་འབྱུང་གནས་དང་མཛོད་རབ་ཏུ་ཐོབ་ཅིང་ཆོས་ཀྱི་འབྱུང་གནས་དང་། རིགས་ཀྱི་ཚུལ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཀྱི་མཛོད་རྣམ་པར་ཕྱེ་བའི་ཡེ་ཤེས་མངོན་པར་ཤེས་པ་དང་ལྡན་ཞིང་ཆོས་ཀྱི་སྤྱོད་པའི་ ཕ་རོལ་ཏུ་ཕྱིན་པའི་ཆོས་སྨྲ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པས་ཤིན་ཏུ་བསྟན་པའི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་དང་ལྡན་ཞིང་དབྱེ་བ་མེད་པ་དང་། གནས་པ་མེད་པའི་ཆོས་ལ་གནས་པ་རབ་ཏུ་ཐོབ་པའི་ཆོས་སྨྲ་བར་ གྱུར་ཅིག །སེམས་ཅན་ཐམས་ཅད་ཡོན་ཏན་དང་བསྔགས་པ་མུ་མེད་ཅིང་ཟད་མི་ཤེས་པ་དང་ལྡན་ཏེ། ཆོས་ཐམས་ཅད་ཁོང་དུ་ཆུད་པའི་ཆོས་སྨྲ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེན་པའི་མཐའི་ཚུལ་གྱི་རྗེས་སུ་ཞུགས་པས་འགྲོ་བ་ ཐམས་ཅད་ལ་མི་བསླུ་བའི་ཆོས་སྨྲ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བདུད་ཀྱི་ལས་ཐམས་ཅད་ཁོང་དུ་ཆུད་པའི་ཡེ་ཤེས་དང་ལྡན་ཞིང་བདུད་ཐམས་ཅད་རྣམ་པར་འཐོར་བའི་ཆོས་སྨྲ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བདག་གི་ མེད་པ་དང་ཡོངས་སུ་འཛིན་པ་མེད་པའི་སེམས་དང་ལྡན་ཞིང་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བའི་ཆོས་སྨྲ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྟོབས་ཀྱི་སྨོན་ལམ་རབ་ཏུ་འཐོབ་ཅིང་འགྲོ་བ། ཐམས་ཅད་བདེ་བར་བྱེད་པའི་ཆོས་སྨྲ་བར་གྱུར་ཅིག །དེ་ཡང་འདི་ལྟར་ཡོངས་སུ་བསྔོ་སྟེ། ཉམས་པ་མེད་པའི་ལས་ཀྱིས་ཡོངས་སུ་བསྔོའོ། །ཉམས་པ་མེད་པའི་རྣམ་པར་སྨིན་པས་ཡོངས་སུ་བསྔོའོ། །ཉམས་ པ་མེད་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །ཉམས་པ་མེད་པའི་ཆོས་ལ་ཡོངས་སུ་བསྔོའོ། །ཉམས་པ་མེད་པའི་དངོས་པོ་ལ་ཡོངས་སུ་བསྔོའོ། །ཉམས་པ་མེད་པའི་རྒྱུ་རྣམས་ཀྱིས་ཡོངས་སུ་བསྔོའོ། །ཉམས་པ་མེད་པའི་ཆོས་ཀྱི་ལམ་ གྱིས་ཡོངས་སུ་བསྔོའོ། །ཉམས་པ་མེད་པའི་མིང་མང་པོ་དང་། ཚིག་མང་པོ་དང་ཡི་གེ་མང་པོའི་ཕྱིར་ཡོངས་སུ་བསྔོའོ། །ཉམས་པ་མེད་པའི་ཡོངས་སུ་བསྔོ་བའི་ཕྱིར་ཡོངས་སུ་བསྔོའོ། །ཉམས་པ་མེད་པའི་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ ཡོངས་སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་ཡང་། གཟུགས་ཀྱི་ཚུལ་ལ་ཆགས་ཤིང་ཡོངས་སུ་མི་བསྔོའོ། །འདོད་པ་ལ་གནས་པའི་སྒྲའི་དོན་དུ་ཡོངས་སུ་མི་བསྔོའོ། །དྲིའི་ཕྱིར་ཡོངས་སུ་མི་བསྔོའོ། །རོའི་ ཕྱིར་ཡོངས་སུ་མི་བསྔོའོ། །རེག་བྱའི་ཕྱིར་ཡོངས་སུ་མི་བསྔོའོ། །འདོད་པ་ལ་གནས་པའི་ཆོས་རྣམས་ཀྱི་ཕྱིར་ཡང་ཡོངས་སུ་མི་བསྔོའོ། །མཐོ་རིས་སུ་སྐྱེ་བའི་ཕྱིར་ཡང་ཡོངས་སུ་མྱི་བསྔོའོ། །འདོད་པ་ལ་སྤྱོད་པའི་ཕྱིར་ཡང་ཡོངས་སུ་མྱི་བསྔོའོ། །འདོད་པའི་ ཡུལ་ལ་ཆགས་པས་ཀྱང་ཡོངས་སུ་མི་བསྔོའོ། །གཡོག་འཁོར་གྱི་ཕྱིར་ཡང་ཡོངས་སུ་མི་བསྔོའོ། །དབང་ཕྱུག་དོན་དུ་གཉེར་བས་ཡོངས་སུ་མི་བསྔོའོ། །འཁོར་བའི་དགའ་བའི་དོན་དུ་ཡོངས་སུ་མི་བསྔོའོ། །འཆི་འཕོ་དང་སྐྱེ་བ་ལ་གནས་ཤིང་ཡོངས་སུ་མི་ བསྔོའོ། །དངོས་པོ་ལ་མངོན་པར་མོས་ཤིང་ཡོངས་སུ་མི་བསྔོའོ། །འདོད་པ་དང་ལྡན་པར་བྱ་བའི་བསམ་པས་ཡོངས་སུ་མི་བསྔོའོ། །ཀུན་གཞི་ལ་མོས་པས་ཡོངས་སུ་མི་བསྔོའོ། །བསྟེན་པའི་སེམས་ཀྱིས་ཡོངས་སུ་མི་བསྔོའོ། །དགེ་བའི་རྩ་བ་ གཞིག་པའི་དོན་དུ་ཡང་ཡོངས་སུ་མྱི་བསྔོའོ། ཁམས་གསུམ་པ་ལ་གནས་པས་ཀྱང་ཡོངས་སུ་མི་བསྔོའོ། །བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་རོ་ལ་ཆགས་པས་ཀྱང་ཡོངས་སུ་མི་བསྔོའོ། །ཉན་ཐོས་ དང་རང་སངས་རྒྱས་ཀྱི་ཐེག་པ་ལ་གནས་ཤིང་ཡོངས་སུ་མི་བསྔོའོ། །འདི་ལྟར་འགྲོ་བ་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བའི་དོན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཆགས་པ་མེད་པའི་ཡེ་ ཤེས་ལ་འཇུག་པའི་ཕྱིར་ཡོངས་སུ་བསྔོའོ། །བསྒྲིབས་པ་མེད་པའི་དགེ་བའི་རྩ་བ་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འགྲོ་བ་ཐམས་ཅད་འཁོར་བ་ནས་རབ་ཏུ་འདོན་པའི་ཡེ་ཤེས་ཆེན་པོ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བྱང་ ཆུབ་ཏུ་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་དང་། བསམ་པ་བརྟེན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཡུན་དུ་འཆི་བ་མེད་པའི་ཆོས་བསྒྲུབ་པའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་རིགས་ཀྱིས་བརྒྱན་པའི་རྒྱན་དུ་མ་དང་ཐམས་ཅད་ མཁྱེན་པའི་སྤྱོད་པས་རྣམ་པར་འཕྲུལ་པ་ཡང་དག་པར་བསྟན་པའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་སྣང་བ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྫུ་འཕྲུལ་གྱིས་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་གྲུབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ ཀྱིས་ཀླས་པ་ནམ་མཁའི་མཐས་གཏུགས་པའི་ཞིང་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་གཞི་ཡོངས་སུ་རྫོགས་པ་ཐོབ་ཅིང་ཕྱིར་མི་ལྡོག་པ་དང་། རྡོ་རྗེ་ལྟ་བུའི་གོ་ཆ་དོན་ཡོད་པས་སེམས་ཅན་ཐམས་ཅད་ཀུན་ཏུ་བཟང་པོའི་ས་ ལ་རབ་ཏུ་དགོད་པ་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་སེམས་ཅན་ཐམས་ཅད་རབ་ཏུ་དགྲོལ་བར་བྱ་བ་རྒྱུན་མྱི་འཆད་པ་དང་། སངས་རྒྱས་ཀྱིས་བསྒྲིབས་པ་མེད་པ་ཐམས་ཅད་འཇིག་རྟེན་དུ་ཡང་དག་པར་ བསྟན་པའི་སྤྱོད་པ་རྒྱུན་མི་ཆད་པ་ལ་རབ་ཏུ་གནས་པར་བྱ་བའི་ཕྱིར་ཉེ་བར་གནས་ཤིང་ཡོངས་སུ་བསྔོའོ། །དེ་དེ་ལྟར་ཡོངས་སུ་བསྔོ་བ་ཡང་རང་བཞིན་དང་མཉམ་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །ཆོས་ཉིད་དང་མཉམ་ པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །འགྲོ་བ་ཚད་མེད་པ་ཐམས་ཅད་དང་མཉམ་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །ཉོན་མོངས་པ་མེད་པ་དང་མཉམ་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །བྱེད་པ་མེད་པའི་རང་བཞིན་དང་མཉམ་པའི་སེམས་ ཀྱིས་ཡོངས་སུ་བསྔོའོ། །ཆོས་འཁྲུག་པ་མེད་པ་ཡོངས་སུ་ཤེས་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །དུས་གསུམ་མཉམ་པ་ཉིད་དུ་ཞུགས་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་ པའི་རིགས་སུ་བྱུང་བའི་སེམས་ཀྱིས་ཡོངས་སུ་བསྔོའོ། །མངོན་པར་ཤེས་པ་མཉམས་པ་ཐོབ་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །ཐམས་ཅད་མཁྱེན་པའི་སྤྱོད་པ་ལ་གྲུབ་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་སེམས་ཅན་ དམྱལ་བ་ནས་ཕྱིར་བཟློག་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་བྱོལ་སོང་གི་སྐྱེ་གནས་སུ་མི་དགོད་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་གཤིན་རྗེའི་འཇིག་རྟེན་ན་གནས་བ་དགག་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ ཅན་ཐམས་ཅད་ཀྱི་སྒྲིབ་པའི་ཆོས་ཐམས་ཅད་སྤང་བའི་ཕྱིར་ཡོངས་སུ་བསྔོའོ། །འགྲོ་བ་ཐམས་ཅད་ཀྱི་སེམས་དགེ་བའི་རྩ་བས་ཤིན་ཏུ་ཚིམ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་ཀྱི་འཁོར་ལོ་དུས་ལ་བབ་པར་བསྐོར་བས་དགའ་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། ། སྟོབས་བཅུའི་འཁོར་ལོ་ལ་སེམས་ཅན་ཐམས་ཅད་གཟུང་བའི་ཕྱིར་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའི་ཆོས་དང་སྨོན་ལམ་མཐའ་དང་དབུས་མེད་པ་འཐོབ་པར་བྱ་བ་དང་རྣམ་པར་དག་པའི་ཆོས་ཅན་དུ་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བྱང་ཆུབ་ཀྱི་ སེམས་ཅང་ཤེས་བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བས་དགེ་བའི་བཤེས་གཉེན་གྲངས་མེད་པ་ཐམས་ཅད་དགའ་བར་བྱ་བའི་སེམས་ཀྱིས་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་གནས་པར་བྱ་བའི་ལྷག་པའི་བསམ་པས་སངས་རྒྱས་ཀྱི་ ཆོས་ཐམས་ཅད་ཡང་དག་པར་གཟུང་ཞིང་ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་འཕགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསྒྲིབས་པ་མེད་པར་མངོན་སུམ་དུ་འགྱུར་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཐམས་ ཅད་མངོན་དུ་ལྟ་བར་མངོན་པར་མོས་པས་ཡོངས་སུ་བསྔོའོ། །ཆོས་སྣང་བ་ཐམས་ཅད་ལ་མངོན་པར་མོས་པས་ཡོངས་སུ་བསྔོའོ། །དོགས་པ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས་འཇིགས་པ་མེད་པ་ལ་མངོན་པར་མོས་པས་ཡོངས་སུ་བསྔོའོ། ། བྱང་ཆུབ་སེམས་དཔའི་གནས་བསམ་གྱིས་མྱི་ཁྱབ་པའི་ཡེ་ཤེས་ལ་མངོན་པར་མོས་པས་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོ་རྣམ་པར་དག་པས་ཡོངས་སུ་བསྐྱབ་པ་ལ་མངོན་པར་མོས་པས་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ ཞིང་མཐའ་དག་མ་ལུས་པ་ལྷག་མ་མེད་པར་ཐམས་ཅད་རྣམ་པར་དག་པར་བྱ་བ་དང་། བརྗོད་དུ་མེད་པའི་རྒྱན་སྣ་ཚོགས་ཀྱིས་ཐམས་ཅད་བརྒྱན་པར་མངོན་པར་མོས་པས་ཡོངས་སུ་བསྔོའོ། །བདུད་ཀྱི་ལས་དང་། བདུད་ཀྱི་ཞགས་པ་དང་། བདུད་ཀྱི་དཀྲུགས་མ་ཐམས་ཅད་རྣམ་པར་གཏོར་བ་དང་། རབ་ཏུ་གཞོམ་པར་མངོན་པར་མོས་པས་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གནས་མེད་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པར་མངོན་པར་མོས་པས་ཡོངས་སུ་བསྔོའོ། ཐམས་ཅད་མཁྱེན་པའི་སེམས་རྒྱ་ཆེན་པོས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་རྒྱུད་ལ་འཇུག་པར་མངོན་པར་མོས་པས་ཡོངས་སུ་བསྔོའོ། །དྲན་པ་རྣམ་པར་སྦྱངས་པས་ཡོངས་སུ་བསྔོའོ། །བློ་གྲོས་རྣམ་པར་ངེས་པས་ ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རིག་པས་ཤིན་ཏུ་འཛིན་པའི་མངོན་པར་ཤེས་པས་ཡོངས་སུ་བསྔོའོ། །བློ་མཐའ་དང་དབུས་མེད་ཅིང་ཆགས་པ་མེད་པས་ཡོངས་སུ་བསྔོའོ། །ལྷག་པའི་བསམ་པ་རྣམ་པར་ དག་པས་ཡོངས་སུ་བསྔོའོ། །འགྲོ་བ་ཐམས་ཅད་ལ་བྱམས་པ་ཆེན་པོ་སྤྱོད་པས་ཡོངས་སུ་བསྔོའོ། །སྙིང་རྗེ་ཆེན་པོ་ལ་རབ་ཏུ་བརྩོན་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །དགའ་བའི་སེམས་ཀྱིས་ཡོངས་སུ་བསྔོའོ། །བཏང་སྙོམས་ཀྱིས་ གཉིས་ལ་ཆགས་པ་དང་བྲལ་བའི་དགེ་བའི་རྩ་བ་ལ་དབང་སྒྱུར་བ་ལ་གནས་པས་ཡོངས་སུ་བསྔོའོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་བསྔགས་པའི་ལམ་རབ་ཏུ་དབྱེ་བས་ཆོས་རྣམ་པར་དབྱེ་བ་ལ་ཞུགས་པ་དང་། ཆོས་ཉིད་ངེས་པར་གཞོག་པའི་ ཡིད་དང་སེམས་ཀྱིས་ཡོངས་སུ་བསྔོའོ། །དཔའ་བའི་རྒྱལ་མཚན་གྱི་སེམས་ཀྱིས་ཡོངས་སུ་བསྔོའོ། །གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་དང་ལྡན་པའི་མཛོད་ཀྱི་སེམས་ཀྱིས་ཡོངས་སུ་བསྔོའོ། །བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་ གཏོར་བའི་སེམས་ཀྱིས་ཡོངས་སུ་བསྔོའོ། །རྣམ་པར་དག་པ་དང་ཆགས་པ་མེད་པ་ཐམས་ཅད་རབ་ཏུ་འཐོབ་པར་བྱ་བའི་སེམས་ཀྱིས་ཡོངས་སུ་བསྔོའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྤྱད་པ་ལས་ཕྱིར་མི་ལྡོག་པར་བྱ་བའི་སེམས་ཀྱིས་ ཡོངས་སུ་བསྔོའོ། །ཆོས་དམ་པ་དང་རབ་དང་ཕུལ་ལ་མངོན་པར་མོས་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །ཡོན་ཏན་གྱི་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཡེ་ཤེས་ཀྱིས་ཁྱད་པར་དུ་འཕགས་པའི་ཐམས་ཅད་མཁྱེན་པ་ལ་མོས་ཤིང་དད་པའི་སེམས་ཀྱིས་ ཡོངས་སུ་བསྔོའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་དང་། བདུད་ཀྱི་དཀྲུགས་མ་ཐམས་ཅད་རབ་ཏུ་གཞིག་པ་དང་། ཆགས་པ་མེད་ཅིང་དྲི་མ་མེད་པའི་ཆོས་ཀྱི་གོ་འཕང་ཐོབ་པ་དང་། སངས་རྒྱས་ཀྱི་མངས་འགྲོ་བ་ཐམས་ཅད་ལ་ཆོས་ཀྱི་ འཁོར་ལོ་བསྐོར་བ་ལས་ཕྱིར་མི་ལྡོག་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་ཡེ་ཤེས་ཀྱི་ཉི་མ་རབ་དང་ཕུལ་ཁྱད་པར་དུ་འཕགས་པ་འོད་གཟེར་བརྒྱ་སྟོང་གིས་བརྒྱན་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཆེན་པོའི་སྣང་བ་འགྲོ་བ་ཐམས་ཅད་ དུ་རབ་ཏུ་དགྱེ་བའི་སེམས་ཀྱིས་ཡོངས་སུ་བསྔོའོ། །འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་ཞིང་གདུལ་བ་དང་། བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཀྱི་རྒྱུད་ཤིན་ཏུ་ཚིམ་པར་བྱ་བ་དང་། སྔོན་གྱི་སྨོན་ལམ་ཆེན་པོ་ནུབ་པ་མེད་པས་ཕྱི་མའི་མཐའི་མུར་ སྤྱོད་པ་ཆེན་པོའི་རྒྱུད་རྒྱུན་མི་ཆད་ཅིང་རྣམ་པར་དག་པ་དང་སྣང་བ་དྲི་མ་མེད་པས་རྒྱགས་པ་དང་། དྲེགས་པ་དང་། ང་རྒྱལ་ཤིན་ཏུ་གཅད་པ་དང་། འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་རྣམ་པར་གཏོར་བ་དང་། སྲིད་པའི་དྲ་བ་ཡང་དག་པར་གཏུབ་པ་དང་། མ་རིག་པའི་མུན་པ་ཐིབས་པོ་བསྩལ་བ་དང་། བསྒྲིབས་པ་མེད་ཅིང་དྲི་མ་དང་བྲལ་ལ་ཆགས་པ་མེད་པའི་ཆོས་ཀྱི། ལོ་ཤིན་ཏུ་ལེགས་པ་དང་། འགྲོ་བ་ཐམས་ཅད་དུ་བསྐལ་པའི་གྲངས་རྣམ་པར་ཆད་པ་མེད་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་འཚང་རྒྱ་བ་ དང་སྤྱོད་པ་རྒྱུད་ལས་ཕྱིར་མི་ལྡོག་པས་སེམས་ཅན་གྱི་ཚོགས་སོ་སོར་ཆགས་པ་མེད་པའི་ཡེ་ཤེས་རབ་དམ་པ་མཆོག་རྣམ་པར་འཚང་རྒྱ་བར་བྱ་བ་དང་། སེམས་ཅན་རེ་རེ་ལ་སངས་རྒྱས་ཀྱི་སྐུ་ཤིན་ཏུ་བསྟན་པའི་རྣམ་པར་འཕྲུལ་པ་ལས་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་ ཡོངས་སུ་བསྔོའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་ཡང་འདོད་པའི་ཡུལ་དང་ཁམས་གསུམ་པ་ལ་གནས་ཤིང་ཡོངས་སུ་མི་བསྔོ་སྟེ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་དགེ་བའི་རྩ་བ་རྣམས་ འདོད་མ་ཆགས་པས་ཡོངས་སུ་བསྔོ་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་དགེ་བའི་རྩ་བ་རྣམས་ཞེ་མི་སྡང་བས་ཡོངས་སུ་བསྔོ་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་དགེ་བའི་རྩ་བ་རྣམས་གཏི་མུག་མེད་པས་ཡོངས་སུ་བསྔོ་བར་བྱའོ། །བྱང་ཆུབ་སེམས་ དཔས་ནི་དགེ་བའི་རྩ་བ་རྣམས་གནོད་པ་མེད་པས་ཡོངས་སུ་བསྔོ་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་དགེ་བའི་རྩ་བ་རྣམས་ང་རྒྱལ་མེད་པས་ཡོངས་སུ་བསྔོ་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་དགེ་བའི་རྩ་བ་རྣམས་གཡོ་མེད་པས་ ཡོངས་སུ་བསྔོ་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་དགེ་བའི་རྩ་བ་རྣམས་དྲང་པོས་ཡོངས་སུ་བསྔོ་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་དགེ་བའི་རྩ་བ་རྣམས་རིག་པས་ཡོངས་སུ་བསྔོ་བར་བྱའོ། །བྱང་ཆུབ་སེམས་དཔས་ནི་དགེ་བའི་རྩ་བ་རྣམས་ མངོན་པར་བརྩོན་པས་ཡོངས་སུ་བསྔོ་བར་བྱ་སྟེ། དེ་དེ་ལྟར་ཡོངས་སུ་བསྔོ་བས་སེམས་རབ་ཏུ་དད་པ་འཐོབ་བོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གོ་སྐབས་དབྱེ་བ་འཐོབ་བོ། །བྱང་ཆུབ་སེམས་དཔའི་ལམ་རྣམ་པར་དག་པར་འགྱུར་རོ། །དེ་ བཞིན་གཤེགས་པའི་རིགས་སུ་འཇུག་པར་འགྱུར་རོ། །སངས་རྒྱས་ཀྱི་ཡེ་ཤེས་རབ་ཏུ་འགྲུབ་པར་འགྱུར་རོ། །འཇིག་རྟེན་གྱི་ཉེས་པ་ཐམས་ཅད་རབ་ཏུ་སྤོང་ངོ་། །བདུད་ཀྱི་ལས་ཐམས་ཅད་རབ་ཏུ་སྤོང་ངོ་། །དགེ་བའི་གཤེས་གཉེན་ཐམས་ཅད་རབ་ཏུ་ དགའ་བར་བྱེད་དོ། །བདག་གི་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །སེམས་ཅན་ཐམས་ཅད་གཉེར་བ་ཆེན་པོས་ཤིན་ཏུ་འབོད་པ་ཡིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྦྱིན་པས་འབྱུང་བ་ལ་སྩོགས་པའི་ དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱིས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱིས་དབྱངས་སྙན་པ་དང་། ཡེ་ཤེས་ཀྱི་རྔའི་དབྱངས་དང་། ཐམས་ཅད་དུ་ བསམ་གྱིས་མི་ཁྱབ་ཅིང་འཕགས་པའི་དབྱངས་དང་། ཡིད་དུ་འོང་བའི་དབྱངས་དང་། དག་པའི་དབྱངས་དང་། ཞིང་ཐམས་ཅད་དུ་སྒྲས་རྒྱས་པར་འགེངས་པའི་དབྱངས་དང་། ཡོན་ཏན་བྱེ་བ་བརྒྱ་སྟོང་བརྗོད་དུ་མེད་པའི་རྒྱན་གྱིས་བརྒྱན་པའི་དབྱངས་དང་། སྒྲ་མཐོ་བ་དང་། སྒྲ་ཆེ་བས་རྣམ་པར་འཁྲུག་པ་ ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་དབྱངས་དང་། ཆོས་ཀྱི་དབྱིངས་ཐམས་ཅད་སྒྲས་རྒྱས་པར་འགེངས་པའི་དབྱངས་དང་། འགྲོ་བ་ཐམས་ཅད་ཀྱིས་ངག་མཉན་པའི་དབྱངས་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་སྒྲ་དང་དབྱངས་མཐའ་ཡས་པའི་ཡེ་ཤེས་རབ་ཏུ་ཐོབ་པར་ གྱུར་ཅིག །སྒྲ་དང་དབྱངས་ཐམས་ཅད་རྣམ་པར་དག་པ་རབ་ཏུ་ཐོབ་པར་གྱུར་ཅིག །དབྱངས་ཚད་མེད་པ་དང་ཚིག་གི་ལམ་ཐམས་ཅད་ཤེས་པ་རབ་ཏུ་ཐོབ་པར་གྱུར་ཅིག །དབྱངས་ལ་དབང་སྒྱུར་བ་ཟིལ་གྱིས་མ་ནོན་པའི་དབྱངས་ཐམས་ཅད་ལ་རབ་ཏུ་འཇུག་པའི་ཡེ་ཤེས་རབ་ཏུ་ཐོབ་ པར་གྱུར་ཅིག །དབྱངས་ཐམས་ཅད་ཀྱིས་བརྒྱན་པའི་དབྱངས་ཀྱི་ཡན་ལག་རྣམ་པར་དག་པའི་དབྱངས་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འགྲོ་བ་ཐམས་ཅད་ཀྱི་མཉན་ན་མི་ངོམས་པའི་དབྱངས་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱིས་འགྲོ་བ་ཀུན་མོས་ པར་ཉན་པའི་དབྱངས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དད་པར་བྱེད་པའི་དབྱངས་དང་ལྡན་པར་གྱུར་ཅིང་། །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་དབྱངས་སུ་བརྗོད་པས་སྨྲ་བའི་སེམས་རྣམ་པར་དག་པ་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ ཀྱི་ཆོས་ཐམས་ཅད་རྣམ་པར་སྒྲོག་པའི་སྒྲ་རབ་རིབ་མེད་པའི་དབྱངས་ཀྱིས་སྨྲ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་གཟུངས་ཀྱི་རྒྱན་གྱིས་ཆོས་ཐམས་ཅད་རྣམ་པ་དུ་མར་སྟོན་པ་དང་། ཆོས་ཀྱི་དབྱིངས་ཚད་མེད་པའི་འཁོར་གྱི་དཀྱིལ་འཁོར་ཐོབ་པ་དང་། བསམ་ གྱིས་མི་ཁྱབ་པའི་ཆོས་རྡོ་རྗེའི་ཚིག་གིས་ཡང་དག་པར་གཟུང་བ་དང་། ཆོས་ཉིད་ཐམས་ཅད་བརྗོད་པ་རབ་ཏུ་དབྱེ་བའི་ཡེ་ཤེས་དང་ལྡན་པ་དང་། ཚིག་དང་ཡི་གེ་བརྗོད་དུ་མེད་པ་བརྗོད་དུ་མེད་པའི་མཛོད་དང་ལྡན་པ་དང་། ཆོས་རྣམ་པ་ཐ་དད་པ་ཐམས་ཅད་ཤིན་ཏུ་བསྟན་པ་ལ་གཞག་པ་དང་། གནས་པར་བྱ་བ་དང་རྒྱུན་མི་ཆད་ པར་བྱ་བ་དང་ཆོས་སྣང་བ་ཐམས་ཅད་ཀྱི་འོད་རབ་ཏུ་འཐོབ་པ་ལ་འཇུག་པ་དང་། འགྲོ་བ་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པར་དག་པའི་མཐར་ཐུག་པར་བྱེད་པ་དང་། ཆོས་ཐམས་ཅད་ཀྱིས་ཡང་དག་པར་བསྡུས་པའི་དོན་དང་ཚིག་དང་ཡི་གེས་རྣམ་པར་འཕྲུལ་པའི་དབྱངས་ཀྱི་བྱིན་གྱི་རླབས་དང་ལྡན་པ་དང་། ཆགས་པ་མེད་པའི་ དབྱངས་ལ་དབང་བའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་དང་། འགྲོ་བ་ཐམས་ཅད་ཀྱི་ཤེས་པའི་དབྱངས་དང་ལྡན་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་མི་དམའ་བའི་དབྱངས་དང་། བག་ཚ་བ་མེད་པའི་དབྱངས་དང་། འདོད་ཆགས་མེད་པའི་ཚིག་གི་དབྱངས་དང་། ངག་སྙན་པའི་དབྱངས་དང་། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་མངོན་པར་དགའ་བར་བྱེད་པའི་དབྱངས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་བརྗོད་པའི་དབྱངས་དང་། འགྲོ་བ་ཐམས་ཅད་ཀྱི་ཐེ་ཙོམ་ གཅོད་ཅིང་ཁོང་དུ་ཆུད་པར་བྱེད་པའི་དབྱངས་དང་། སྤོབས་པས་ལེགས་པར་སྦྱར་བའི་དབྱངས་དང་། སེམས་ཅན་གཉིས་ཀྱིས་ལོག་པ་ཐམས་ཅད་སད་པར་བྱེད་པའི་དབྱངས་དམ་པ་ཡངས་པ་དང་ལྡན་པར་གྱུར་ཅིག་ཅེས། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། །སེམས་ཅན་ཐམས་ཅད་ཀྱི་ལུས་རྣམ་པར་དག་ཅིང་ཁ་ན་མ་ཐོ་བ་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསོད་ ནམས་རྣམ་པར་དག་ཅིང་ཁ་ན་མ་ཐོ་བ་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་མཚན་རྣམ་པར་དག་ཅིང་ཁ་ན་མ་ཐོ་བ་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ལས་དང་རྣམ་པར་སྨིན་པ་རྣམ་པར་དག་ཅིང་ཁ་ན་མ་ཐོ་བ་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་ཅིང་ཁ་ན་མ་ཐོ་བ་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཚད་མེད་པ་རྣམ་པར་དག་ཅིང་ཁ་ན་མ་ཐོ་བ་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་བོའི་ཚུལ་རབ་ཏུ་ཤེས་པ་རྣམ་པར་དག་ཅིང་ཁ་ན་མ་ཐོ་བ་མེད་པ་ དང་། སེམས་ཅན་ཐམས་ཅད་ཀྱི་མོས་པ་རྣམ་པར་དག་ཅིང་ཁ་ན་མ་ཐོ་བ་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཆགས་པ་མེད་པ་ལ་བརྩོན་པའི་སྨོན་ལམ་རྣམ་པར་དག་ཅིང་ཁ་ན་མ་ཐོ་བ་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དྲན་པ་དང་། བློ་གྲོས་དང་། རིག་པ་དང་། བློ་དང་ཡེ་ཤེས་དམ་པ་དང་། སྤོབས་པ་རྣམ་པར་དག་ཅིང་ཁ་ན་མ་ཐོ་བ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་ཀྱི་ལུས་རྣམ་པ་དེ་ལྟར་ཡོངས་སུ་དག་ཅིང་ལུས་ ཡོངས་སུ་དག་པ་ཤིན་ཏུ་གསལ་བ་རྙོག་པ་མེད་པ་རྣམ་པར་དང་བ། རྣམ་པར་དག་པ་རྡུལ་མེད་པ་དྲི་མ་དང་བྲལ་བ་འོད་གསལ་ཞིང་དང་བ། ཡིད་དུ་འོང་བ་བསྒྲིབས་པ་མེད་པ་དེ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་སྣང་བར་གྱུར་ཅིག །མིག་ཡོར་གྱི་རྣམ་ པར་དམྱིགས་པས་འགྲོ་བ་ཐམས་ཅད་སྣང་བར་གྱུར་ཅིག །མིག་ཡོར་གྱི་གནས་ཀྱི་རྣམ་པ་ཐམས་ཅད་སྣང་བར་གྱུར་ཅིག །འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་དག་པ་ལ་ཚིགས་སུ་མི་འགྱུར་བར་གདོང་དུ་དམྱིགས་པ་རྣམ་པར་སྣང་བ་དེ་ལྟ་བུའི་ལུས་ ཡོངས་སུ་དག་པ། སེམས་ཅན་ཐམས་ཅད་ཀྱིས་རབ་ཏུ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་པར་སྟོན་པ་དང་། ཆོས་ཡང་དག་པར་སྟོན་པ་དང་། ཡོན་ཏན་ཡང་དག་པར་སྟོན་པ་དང་། ནན་ཏན་ཡང་དག་ པར་སྟོན་པ་དང་། འགྲུབ་པ་ཡང་དག་པར་སྟོན་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་དང་། སྨོན་ལམ་ཡང་དག་པར་སྟོན་པ་དང་། འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཡང་དག་པར་སྟོན་པ་དང་། སངས་རྒྱས་ ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ཡང་དག་པར་སྟོན་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་བྱིན་གྱི་རླབས་ཡང་དག་པར་སྟོན་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་ཡོངས་ སུ་རྫོགས་པས་ཐམས་ཅད་མཁྱེན་པ་ཡང་དག་པར་སྟོན་པར་གྱུར་ཅིག །དེ་ལྟར་ཡོངས་སུ་དག་པའི་ལུས་ཀྱི་རྣམ་པས་སེམས་ཅན་ཐམས་ཅད་མ་ལུས་པར་ཡོངས་སུ་བཟུང་སྟེ། ཐམས་ཅད་མཁྱེན་པའི་བསོད་ནམས་ཀྱི་སྐུ་ཡོངས་སུ་དག་པ་དང་ལྡན་པར་ གྱུར་ཅིག །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྦྱིན་པས་འབྱུང་བ་ལ་སྩོགས་པའི་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྗེས་སུ་ སོང་བའི་ལུས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་གྱུར་ཅིག །འགྲོ་བ་ཐམས་ཅད་ཀྱིས་བལྟ་ན་དོན་ཡོད་ཅིང་། བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པ་དང་། སེམས་ཅན་ཐམས་ཅད་ལ་མཐུན་པར་གྱུར་པས་བསམ་པ་མི་འཁྲུགས་པ་དང་། བསྐལ་ པ་ཐམས་ཅད་དུ་སྐྱོ་བ་མེད་པར་བྱང་བས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མ་འོངས་པའི་དུས་ཀྱི་ཕྱི་མའི་མཐའི་མུར་ཐུག་པར་གནས་པ་དང་། ཆོས་ཀྱི་དབྱིངས་ཚད་མེད་པར་སྙིང་རྗེ་ཆེན་པོ་རྒྱུན་མི་གཅོད་པས། སེམས་ཅན་ཐམས་ཅད་ ལ་དུས་ལ་བབ་པར་ཆོས་སྟོན་པ་མི་གཏོང་བས་དབང་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། དགེ་བའི་བཤེས་གཉེན་དྲན་པའི་ཁོངས་སུ་གཏོགས་པའི་སེམས་དང་ལྡན་པས་སེམས་བསྐྱེད་པ་གཅིག་དང་ཡང་མི་འབྲལ་བ་དང་། སངས་རྒྱས་ཐམས་ཅད་འདོད་ཅིང་ཞལ་ལྟ་བའི་སེམས་ཀྱིས་དེ་བཞིན་གཤེགས་པ་ཡིད་ལ་བྱེད་པ་མི་གཏོང་བ་དང་། དགེ་བའི་རྩ་བ་བརྩམས་པ་ཐམས་ཅད་རྗེས་མེད་པར་མི་བྱེད་ཅིང་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་སེམས་ལ་རབ་ཏུ་ དགོད་པའི་སེམས་ཀྱིས་ཕྱིར་མི་ལྡོག་པའི་འཁོར་ལོ་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་སྣང་བ་ཐམས་ཅད་ཀྱིས་ཆོས་ཐམས་ཅད་ལ་བལྟ་ཞིང་བྱང་ཆུབ་སེམས་དཔའ་ཡང་དག་པར་ལེན་པས། ཆོས་ཀྱི་སྤྲིན་ཡང་དག་པར་འཛིན་པའི་བྱིན་གྱི་རླབས་ ཀྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལ་འཇུག་པ་དང་། ཞིང་ཐམས་ཅད་ལ་འཇུག་པ་དང་། ཆོས་ཐམས་ཅད་ལ་འཇུག་པ་དང་། འཇིག་རྟེན་དང་དུས་ཐམས་ཅད་ལ་འཇུག་པ་དང་། སེམས་ཅན་ཐམས་ཅད་ཀྱི་ལས་དང་། རྣམ་པར་སྨིན་པ་ཤེས་པ་ལ་འཇུག་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐབས་མཁས་པའི་ཡེ་ཤེས་ལ་འཇུག་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མངོན་པར་ བསྒྲུབས་པའི་ཡེ་ཤེས་ལ་འཇུག་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་དག་པའི་སྤྱོད་ཡུལ་གྱི་ཡེ་ཤེས་ལ་འཇུག་པ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཁྱུ་མཆོག་གི་མཐུ་ལ་འཇུག་པ་དང་། ཆོས་ཀྱི་དབྱིངས་ མཐའ་དང་དབུས་མེད་པ་ཐམས་ཅད་ལ་འཇུག་པ་རབ་ཏུ་ཐོབ་པ་ལ་གནས་ཤིང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །གཞན་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་ལས་དང་ཆོས་ལ་བརྩོན་པ་དགེ་བའི་རྩ་བ་དེ་དག་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་སྟེ། སངས་རྒྱས་ཀྱི་ཞིང་གཅིག་ཀྱང་རྒྱན་དང་ལྷབ་ལྷུབ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དང་ལྡན་ ཞིང་ཆོས་ཀྱི་དབྱིངས་ཚད་མེད་པར་ཤིན་ཏུ་ཡངས་པར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་གཅིག་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མངོན་པར་སངས་རྒྱས་པ་ཐམས་ཅད་མ་ལུས་པར་དེ་ལྟར་རྣམ་པར་དག་ཅིང་འོད་གསལ་བ་དང་། བཟང་ཞིང་སྒྲིབ་པ་མེད་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་གཅིག་ཏུ་དམྱིགས་པ་རྣམ་པར་དག་པ་རྣམས་ཇི་ལྟར་གཟུགས་བརྙན་གྱི་ཚུལ་གྱིས་ཡོངས་སུ་སྣང་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་མ་ལུས་པ་ཐམས་ཅད་དུ་ཡང་ཡོངས་སུ་སྣང་བར་གྱུར་ཅིག །སངས་ རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱང་གཅིག་བཟུང་བས་ཡོངས་སུ་བཟུང་སྟེ། ཆོས་ཀྱི་དབྱིངས་ཚད་མེད་པར་རྟོགས་པའི་རྣམ་པར་དག་པས་རྣམ་པར་དག་པར་གྱུར་ཅིག། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་ མདོ། །བམ་པོ་བཅུ་གཉིས་པ། འདི་ལྟ་སྟེ། རིན་པོ་ཆེའི་རྒྱན་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །གོས་རིན་པོ་ཆེ་ཐམས་ཅད་བཏིང་ཞིང་རིན་པོ་ཆེ་སྣ་ཚོགས་ གྲངས་མེད་པ་ཐམས་ཅད་ཀྱིས་རིན་པོ་ཆེ་རྣམ་པར་དག་པའི་གདན་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱི་དྲིལ་བུའི་དྲ་བ་དང་ལྡན་ཞིང་རིན་པོ་ཆེའི་བླ་རེ་གྲངས་མེད་པས་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ ཅད་གཅིག་ནས་གཅིག་ཏུ་བརྒྱུད་པས་ཡོངས་སུ་བཟུང་ཞིང་རིན་པོ་ཆེའི་གདུགས་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ནོར་གྱི་དབྱིག་ཐམས་ཅད་ཀྱི་ཆར་རབ་ཏུ་འབབ་པའི་རིན་པོ་ཆེའི་སྤྲིན་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །བལྟ་ན་ཡིད་དུ་འོང་ལ་རྣམ་པར་ དག་པའི་རིན་པོ་ཆེའི་མེ་ཏོག་གྲངས་མྱེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་སྣ་ཚོགས་ཀྱིས་སྐར་ཁུང་ཤིན་ཏུ་བརྒྱན་ཅིང་རིན་པོ་ཆེ་ཐམས་ཅད་ཀྱི་སྟེགས་བུ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །སངས་རྒྱས་ཀྱི་དབྱངས་ཡིད་དུ་འོང་བ་ སེམས་ཅན་ཐམས་ཅད་ཀྱི་ཁམས་སུ་སྒྲོག་ཅིང་རིན་པོ་ཆེའི་དྲིལ་བུ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཡོན་ཏན་གྱིས་སེམས་རྒྱས་ཤིང་གསལ་བས་རིན་པོ་ཆེའི་པད་མོ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་ ཐམས་ཅད་ཀྱི་མེ་ཏོག་དང་ལྡན་པའི་རིན་པོ་ཆེའི་ཤིང་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་མང་པོའི་གནས་རིན་པོ་ཆེའི་གཙུག་ལག་ཁང་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །སངས་རྒྱས་ཐམས་ཅད་ཀྱི་ཞིང་ཐམས་ཅད་ དུ་ཡིད་དུ་འོང་བར་རྒྱུ་བའི་རིན་པོ་ཆེའི་ཁང་པ་བརྩེགས་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེའི་རྒྱན་ཆེན་པོས་སྤྲས་པའི་རིན་པོ་ཆེའི་བག་མ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་རྣམ་པར་དག་པས་ རྣམ་པར་དག་པའི་རིན་པོ་ཆེའི་རྟ་བབས་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱི་སེ་མོ་དོ་ལས་རབ་ཏུ་བཀྱེ་བའི་རིན་པོ་ཆེའི་འོད་ཟེར་གྱི་སྒོ་གྲངས་མེད་པ་རྣམས་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཤིང་ཏ་ལ་རིན་པོ་ ཆེའི་ཟླ་གམ་གྲངས་མེད་པས་བརྒྱན་པ་ཀུན་ནས་གནས་པར་གྱུར་ཅིག །བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེས་རྣམ་པར་དག་པའི་རིན་པོ་ཆེའི་སྐར་ཁུང་རྣམ་པ་སྣ་ཚོགས་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །དེ་བཞིན་གཤེགས་པའི་འཕྲིན་ལས་ཀྱི་དགེ་བའི་ རྩ་བ་རབ་ཏུ་གྲུབ་པས་རིན་པོ་ཆེའི་རྒྱན་དང་ལྷབ་ལྷུབ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་དང་ལྡན་པའི་རིན་པོ་ཆེའི་སྙིང་པོ་རབ་ཏུ་བརྒྱན་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཡིད་དུ་འོང་བའི་རིན་པོ་ཆེས་ཤིན་ ཏུ་རྣམ་པར་དག་པའི་རིན་པོ་ཆེའི་རྒྱན་དང་ལྷབ་ལྷུབ་སྣ་ཚོགས་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཆོས་ཐམས་ཅད་ཀྱི་རྒྱུད་ཤིན་ཏུ་རིགས་པར་འབབ་པའི་རིན་པོ་ཆེའི་ཆུ་ཀླུང་གྲངས་མེད་པ་རྣམས་ཀུན་ནས་གནས་པར་གྱུར་ཅིག །ཆོས་རྒྱ་མཚོ་ཐམས་ཅད་དང་ ལྡན་པའི་རིན་པོ་ཆེའི་རྒྱ་མཚོ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཆོས་ཐམས་ཅད་ཀྱི་མེ་ཏོག་བུན་ད་རི་ཀ་རྗེས་སུ་སྒྲོགས་པའི་རིན་པོ་ཆེའི་མེ་ཏོག་པུན་ད་རི་ཀ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཡེ་ཤེས་ཀྱི་རི་བོ་ཤིན་ཏུ་འཕགས་ཤིང་རྣམ་ པར་དག་པའི་རིན་པོ་ཆེའི་རི་བོ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱི་སྲད་བུ་བྲེས་པའི་རིན་པོ་ཆེས་མིག་མངས་རིས་སུ་རྣམ་པར་ཕྱེ་བ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཡེ་ཤེས་ཆེན་པོའི་འོད་གཟེར་གྱིས་ཆོས་ གྱི་དབྱིངས་ཐམས་ཅད་དུ་སྣང་བར་བྱེད་པའི་རིན་པོ་ཆེའི་འོད་ཐོགས་པ་མེད་པར་གསོལ་བ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཡིད་དུ་འོང་བའི་སྒྲ་སྙན་པར་སྒྲོགས་པའི་རིན་པོ་ཆེའི་དྲིལ་བུ་རབ་ཏུ་དཀྲོལ་བ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ལྡན་པས་རིན་པོ་ཆེ་རྣམ་པར་དག་པས་རྣམ་པར་སྦྱངས་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེའི་ཁ་དོག་བསམ་གྱིས་མི་ཁྱབ་ཅིང་རྣམ་པར་དག་པའི་སྣམ་བུ་རིན་པོ་ཆེ་རབ་ཏུ་སྦྱངས་པ་ གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེའི་ཟླ་གམ་གྱི་རྒྱལ་མཚན་གྱིས་རྣམ་པར་མཛེས་པའི་རིན་པོ་ཆེའི་རྒྱལ་མཚན་བསྒྲེང་བ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱི་བ་དན་གྱི་སྤྲིན་གྱི་ཆར་མངོན་པར་འབབ་ པའི་རིན་པོ་ཆེའི་བ་དན་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །བར་སྣང་གི་རྒྱན་སྣ་ཚོགས་ཀྱི་སྣམ་བུ་རིན་པོ་ཆེའི་ལྡ་ལྡི་མངོན་པར་བྲེས་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་སྣ་ཚོགས་རེག་ན་བདེ་བའི་རིན་པོ་ཆེའི་ གདིང་བ་ཡོངས་སུ་བཏིང་བ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་སྟོན་ཅིང་ཐམས་ཅད་མཁྱེན་པའི་སྤྱན་རྣམ་པར་སྦྱོང་བའི་རིན་པོ་ཆེའི་གློང་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག ། བྱང་ཆུབ་སེམས་དཔའི་ཚོགས་བརྒྱ་སྟོང་ཐམས་ཅད་ཀྱིས་མཛེས་པར་གྱུར་པའི་རིན་པོ་ཆེའི་སེ་མོ་དོ་རབ་ཏུ་སྤྱངས་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །གནས་པ་དང་མི་གནས་པ་ཐམས་ཅད་ལས་ཤིན་ཏུ་འདས་པས་རིན་པོ་ཆེའི་ཁང་པ་དང་གནས་གྲངས་ མེད་པ་ཀུན་ནས་གནས་པར་གྱུར་ཅིག །རྡོ་རྗེ་རིན་པོ་ཆེས་མཛེས་པར་གྱུར་ཅིང་རིན་པོ་ཆེའི་རྒྱན་གྱིས་རབ་ཏུ་བརྒྱན་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །གྲངས་མེད་པར་མཐོང་བ་ཐམས་ཅད་རྣམ་པར་དག་ཅིང་རིན་པོ་ཆེ་སྣ་ཚོགས་ཀྱིས་ཤིན་ཏུ་བརྒྱན་ པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་ཁྱད་པར་དུ་འཕགས་པ་ཐམས་ཅད་དང་ལྡན་ཞིང་རིན་པོ་ཆེ་རྣམ་པར་དག་པས་རྣམ་པར་སྦྱངས་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཆགས་པ་མེད་པའི་ལུས་ཀྱི་ཚུལ་རྣམ་པར་དག་པས་རིན་པོ་ཆེའི་ འཁོར་ཡུག་གིས་ཀུན་ནས་བསྐོར་བ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དྲི་ཞིམ་པོ་རྗེས་སུ་སོང་ཞིང་རིན་པོ་ཆེའི་སྤོས་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །སྤྲུལ་པ་རེ་རེ་ཞིང་ཆོས་ཀྱི་དབྱིངས་ཀྱི་ ཚད་དང་མཉམ་པས་རིན་པོ་ཆེའི་འཕྲུལ་པ་ཤིན་ཏུ་སྤྲུལ་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །སྣང་བ་རེ་རེ་ལས་སྣང་བ་ཐམས་ཅད་སྟོན་ཅིང་རིན་པོ་ཆེའི་སྣང་བ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཆོས་ཀྱི་ཡེ་ཤེས་ཀྱི་འོད་རྣམ་པར་དག་པའི་ རིན་པོ་ཆེའི་འོད་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །འོད་གཟེར་རེ་རེས་ཀྱང་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པར་འགྱུར་བའི་རིན་པོ་ཆེའི་འོད་གཟེར་ཉམས་པ་མེད་པ་གྲངས་མྱེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེའི་འབྱུང་གནས་ཐམས་ཅད་དང་ལྡན་ པའི་རིན་པོ་ཆེའི་འབྱུང་བ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཆོས་རིན་པོ་ཆེ་དབྱིག་ཐམས་ཅད་སྦྱིན་པའི་རིན་པོ་ཆེའི་མཛོད་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །དེ་བཞིན་གཤེགས་པའི་རྒྱལ་མཚན་ཤིན་ཏུ་འཕགས་པའི་རིན་པོ་ཆེའི་ དཔལ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཡེ་ཤེས་བཟང་པོ་ཆེན་པོ་རྣམ་པར་དག་པའི་རིན་པོ་ཆེ་བཟང་པོ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་དགའ་ཞིང་རྩེ་བའི་རིན་པོ་ཆེའི་བཟའ་ཤིང་ གི་ར་བ་ཤིན་ཏུ་བརྒྱན་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །དེ་བཞིན་གཤེགས་པའི་དབྱངས་ཀྱིས་འགྲོ་བ་ཐམས་ཅད་རྣམ་པར་སྟོན་པའི་རིན་པོ་ཆེའི་དབྱངས་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱི་འབྲུ་ལས་ཆོས་ཀྱི་ འོད་ཟེར་རབ་ཏུ་འགྱེད་པའི་རིན་པོ་ཆེའི་གཟུགས་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །མཚན་ཐམས་ཅད་མཚན་མ་ཡིན་པས་བརྒྱན་པའི་རིན་པོ་ཆེ་འདྲ་བ་མྱེད་པ་གྲངས་མྱེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱི་རིམ་གྲོ་བྱང་ཆུབ་སེམས་ པས་དགའ་བ་བསྐྱེད་པའི་རིན་པོ་ཆེའི་རིམ་གྲོ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱིས་ལྷུན་ལེགས་པར་བརྩིགས་པའི་རིན་པོ་ཆེ་ལས་བསྒྲུབས་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་ ཐམས་ཅད་ཀྱིས་ཤིན་ཏུ་བརྟན་པར་བརྒྱན་པའི་རིན་པོ་ཆེའི་གནས་གྲངས་མེད་པ་རྣམས་ཀུན་ནས་གནས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གཞལ་དུ་མེད་པའི་གོས་བདེ་བར་བགོ་བ་རབ་ཏུ་ཐོབ་པའི་རིན་པོ་ཆེའི་གོས་དང་ལྡན་པ་གྲངས་མེད་པ་ཀུན་ནས་གནས་ པར་གྱུར་ཅིག །སེམས་བསྐྱེད་མ་ཐག་ཏུ་ཤིན་ཏུ་མཐོང་བའི་གཟུངས་རབ་ཏུ་ཐོབ་ཅིང་ཆོས་གོས་དང་ལྡན་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ལས་རིན་པོ་ཆེ་ཐམས་ཅད་རྣམ་པར་སྨིན་པ་ངེས་པར་རྟོགས་ཤིང་རྣམ་པར་དག་པའི་རིན་པོ་ཆེས་བསྒོས་པ་ གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །མཐོང་མ་ཐག་ཏུ་ཆོས་ཐམས་ཅད་ཀྱི་ཚུལ་ཤེས་པའི་མིག་རྣམ་པར་དག་ཅིང་ཉམས་པ་མེད་པར་བལྟ་བའི་རིན་པོ་ཆེ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཡེ་ཤེས་ཀྱི་ཕུང་པོས་གྲུབ་པའི་རིན་པོ་ཆེའི་འོད་ཀྱི་ཕུང་ པོ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །དེ་བཞིན་གཤེགས་པའི་སེང་གེའི་གཟིམས་ཀྱི་ང་རོས་རྣམ་པར་དག་པའི་རིན་པོ་ཆེའི་མལ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཡེ་ཤེས་ཀྱི་མར་མེ་ཡོངས་སུ་གྲུབ་པའི་རིན་པོ་ཆེའི་མར་མེ་གྲངས་མེད་པ་མང་པོ་ ཀུན་ནས་གནས་པར་གྱུར་ཅིག །ཤིང་ཏ་ལ་གཅིག་དང་གཉིས་ལ་རིན་པོ་ཆེའི་སྲད་བུས་མིག་མངས་རིས་སུ་དྲེས་པ་ཤིན་ཏུ་རྣམ་པར་དག་པའི་རིན་པོ་ཆེའི་ཤིང་ཏ་ལ་གྲངས་མེད་པ་མང་པོ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེའི་ཡལ་གས་ཤིན་ཏུ་རྣམ་པར་དག་པའི་རིན་ པོ་ཆེའི་སྡོང་པོ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་སྣ་ཚོགས་ཀྱི་ཡལ་ག་དང་ལྡན་པའི་རིན་པོ་ཆེའི་ཤིང་ལོ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །བསམ་གྱིས་མི་ཁྱབ་པའི་བྱ་མང་པོ་ཆོས་ཀྱི་རྒྱུན་སྒྲོགས་པས་བརྒྱན་པའི་རིན་པོ་ཆེའི་ ནགས་ཚལ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཡེ་ཤེས་ཀྱི་སྣང་བ་ཀུན་ཏུ་གཏོང་བའི་རིན་པོ་ཆེའི་ལོ་མ་དང་ལྡན་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་མེ་ཏོག་གཅིག་ལ་གནས་ཤིང་ཆོས་ཀྱི་ དབྱིངས་ཐམས་ཅད་དུ་རྒྱུ་བའི་རིན་པོ་ཆེའི་མེ་ཏོག་དང་ལྡན་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་ལས་ཕྱིར་མི་ལྡོག་པའི་འབྲས་བུ་རབ་ཏུ་ཐོབ་པའི་རིན་པོ་ཆེའི་འབྲས་བུ་དང་ལྡན་པ་གྲངས་མེད་པ་ཀུན་ནས་གནས་ པར་གྱུར་ཅིག །གྲོང་གི་ཆོས་ཐམས་ཅད་ཡོངས་སུ་སྤངས་པར་གནས་པའི་རིན་པོ་ཆེའི་གྲོང་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱིས་ཡོག་པའི་སེམས་ཅན་གྱིས་གང་ཞིང་རིན་པོ་ཆེའི་འབྱུང་གནས་གྲངས་མེད་པ་ཀུན་ནས་ གནས་པར་གྱུར་ཅིག །མཐུ་བོ་ཆེ་དཔའ་བོ་ཆོས་ཀྱི་གོ་ཆ་བརྟན་པ་བགོས་པས་བྱང་ཆུབ་སེམས་དཔའི་སེམས་ཕྱིར་མི་ལྡོག་པ་དང་ལྡན་པའི་རྒྱལ་པོའི་གནས་རིན་པོ་ཆེ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །སེམས་ཀྱི་གནས་ཐམས་ཅད་ ལ་རྣམ་པར་འདས་པས་རབ་ཏུ་གང་བའི་རིན་པོ་ཆེའི་གནས་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཡོངས་སུ་ཤེས་པའི་གོས་ཐམས་ཅད་རབ་ཏུ་བགོ་བའི་གོས་རིན་པོ་ཆེ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཁྱིམ་མེད་པར་རབ་ཏུ་བྱུང་ བའི་བྱང་ཆུབ་སེམས་དཔས་ཡོངས་སུ་གང་ཞིང་རིན་པོ་ཆེའི་འབྱུང་གནས་ཀྱི་གནས་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །བལྟ་ན་ཡིད་དུ་འོང་བ་རིན་པོ་ཆེ་དང་ལྡན་པའི་མཐུན་པའི་རིན་པོ་ཆེ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །བསམ་ གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་འོད་འཕྲོ་བ་རབ་ཏུ་གཏོང་བའི་ཆོས་ཀྱི་འཁོར་ལོ་ཤིན་ཏུ་སྤྲུལ་པ་རབ་ཏུ་བསྐོར་བའི་རིན་པོ་ཆེའི་འཁོར་ལོ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱི་ཤིང་རྣམ་པར་དག་པ་མྱིག་འཕྲུལ་གྱི་རྣམ་པ་ ཤིན་ཏུ་དག་པའི་རིན་པོ་ཆེའི་ཤིང་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །བལྟ་ན་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེ་ཤིན་ཏུ་རྣམ་པར་བཀྲམ་པའི་རིན་པོ་ཆེས་ས་རྣམ་པར་དག་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག ། ཡིད་དུ་འོང་བའི་དབྱངས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་སྒྲོག་པའི་རིན་པོ་ཆེའི་རོལ་མོ་བརྡུང་བ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཕྱི་མའི་མཐའི་བསྐལ་པའི་མུར་བྱིན་གྱི་རླབས་རྒྱུན་མི་འཆད་པའི་རིན་པོ་ཆེའི་རོལ་མོ་དཀྲོལ་བ་གྲངས་མེད་ པ་ཀུན་ནས་གནས་པར་གྱུར་ཅིག །ཆོས་རིན་པོ་ཆེ་རྣམས་ཡོངས་སུ་འཛིན་པའི་སེམས་ཅན་རིན་པོ་ཆེ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །བསོད་ནམས་རིན་པོ་ཆེ་དང་ལྡན་པའི་ལུས་རིན་པོ་ཆེ་རྣམ་པར་དག་པ་གྲངས་མེད་པ་ཀུན་ནས་གནས་པར་ གྱུར་ཅིག །ཆོས་རིན་པོ་ཆེ་རབ་ཏུ་བརྗོད་པའི་རྣམ་པར་དག་པའི་ངག་རིན་པོ་ཆེ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཐམས་ཅད་མཁྱེན་པར་སྨོན་པའི་བསམ་པ་རིན་པོ་ཆེ་རབ་ཏུ་ཐོབ་པའི་སེམས་ཡོངས་སུ་བྱང་བ་རིན་པོ་ཆེ་གྲངས་མེད་པ་ ཀུན་ནས་གནས་པར་གྱུར་ཅིག །ཐམས་ཅད་མཁྱེན་པའི་ཡེ་ཤེས་རིན་པོ་ཆེའི་སྟོབས་རྨོངས་པ་མེད་པ་ལ་རྟེན་པའི་དྲན་པ་རིན་པོ་ཆེ་ཡོངས་སུ་དག་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །སངས་རྒྱས་ཐམས་ཅད་ཀྱི་ཆོས་རིན་པོ་ཆེ་བཟུང་བ་ དང་ཡང་དག་པར་བཅད་པའི་བྱིན་གྱི་རླབས་ཡོད་པའི་རིག་པ་རིན་པོ་ཆེ་རྣམ་པར་དག་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་མཛོད་ངེས་པར་རྟོགས་པའི་བྱང་ཆུབ་སེམས་དཔའི་བློ་ གྲོས་རིན་པོ་ཆེ་ཡོངས་སུ་དག་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཐམས་ཅད་མཁྱེན་པ་རིན་པོ་ཆེ་ཤིན་ཏུ་ཡངས་པས་རྒྱས་པར་འགེངས་པའི་བློ་རིན་པོ་ཆེ་ཚད་མེད་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །སྟོབས་བཅུ་རིན་ པོ་ཆེ་ཐམས་ཅད་ཉམས་པ་མེད་པའི་མིག་རིན་པོ་ཆེ་ཡོངས་སུ་དག་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ཐམས་ཅད་དུ་མཉན་པ་རྣམ་པར་དག་པའི་རྣ་བ་རིན་པོ་ཆེ་ཡོངས་སུ་དག་པ་གྲངས་མེད་པ་ ཀུན་ནས་གནས་པར་གྱུར་ཅིག །མཐུན་པའི་དྲི་རིན་པོ་ཆེ་རྣམ་པར་དག་པའི་སྣ་རིན་པོ་ཆེ་ཡོངས་སུ་དག་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །མཐའ་དང་དབུས་མེད་པའི་ཚིག་གི་ཚུལ་ཐམས་ཅད་རྣམ་པར་སྟོན་པའི་ལྕེ་ཡངས་པ་རིན་པོ་ཆེ་ གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མེད་པར་འགྲོ་བའི་ལུས་རིན་པོ་ཆེ་ཡོངས་སུ་དག་བགྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་ལ་བརྩོན་པའི་ཡིད་རིན་པོ་ ཆེ་ཡོངས་སུ་དག་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །དབྱངས་རིན་པོ་ཆེ་རྣམ་པར་དག་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱས་པར་འགེངས་པའི་དབྱངས་རིན་པོ་ཆེ་ཡོངས་སུ་དག་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག ། ཡེ་ཤེས་རིན་པོ་ཆེ་སྔོན་དུ་འགྲོ་བའི་ལུས་ཀྱི་ལས་རིན་པོ་ཆེ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཡེ་ཤེས་རིན་པོ་ཆེ་བསྒྲིབས་པ་མེད་པ་ལ་བརྩོན་པས་ངག་གི་ལས་རིན་པོ་ཆེ་ཡང་དག་པར་ཡོངས་སུ་དག་པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག ། ཆགས་པ་མེད་པའི་ཡེ་ཤེས་རིན་པོ་ཆེའི་མཐར་ཐུག་པའི་ཡིད་ཀྱི་ལས་རིན་པོ་ཆེ་ཡངས་ཤིང་ཡོངས་སུ་དག་པར་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་གཅིག་དང་ཡུལ་གཅིག་དང་ ཕྱོགས་གཅིག་དང་། སྐྲའི་མཆོག་མའི་རྩེ་མོ་རེ་རེ་ཞིང་ཡང་དེ་ལྟར་སྐྱེ་མཆེད་ཀྱི་ཡེ་ཤེས་རྣམ་པར་དག་པའི་བྱང་ཆུབ་སེམས་དཔའ་ཚད་མེད་པ་ནས་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་གྲངས་དང་བགྲང་བ་ལས་འདས་པས་ཀུན་ཏུ་གང་བར་གྱུར་ཅིག ། ཕྱོགས་གཅིག་ཏུ་ཇི་ལྟ་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པ་ནམ་མཁའི་དབྱིངས་ཀྱི་ཁོངས་སུ་གཏོགས་པའི་སངས་རྒྱས་ཀྱི་ཞིང་མ་ལུས་པ་ཐམས་ཅད་ཀྱང་ཡོངས་སུ་གང་བར་གྱུར་ཅིག །དེ་ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་ རྩ་བ་དེ་དག་རིན་པོ་ཆེའི་དམིགས་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཞིང་གཅིག་བཟུང་བས་བསྡུས་ཏེ་སྤོས་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱི་སྤོས་ཀྱི་རྒྱན་ཚད་མེད་པ་ཀུན་ ནས་གནས་པར་གྱུར་ཅིག །གཞུང་དེ་ལྟར་རིན་པོ་ཆེ་ཇི་ལྟ་བ་དེ་བཞིན་དུ་སྤོས་ཡོངས་སུ་བསྔོ་བ་ཡང་ཁོང་དུ་ཆུད་པར་བྱས་ཏེ། ཡེ་ཤེས་ཀྱི་སྤོས་ཆགས་པ་མེད་པའི་མཐར་ཐུག་པའི་སྤོས་ཀྱི་ཡིད་ཀྱི་ལས་རྒྱ་ཆེན་པོ་ཡོངས་སུ་དག་པ་ཚད་མེད་པའི་བར་དུ་ཀུན་ནས་ གནས་པར་གྱུར་ཅིག །དེ་བཞིན་དུ་མེ་ཏོག་སྣ་ཚོགས་ཐམས་ཅད་ཀྱི་མེ་ཏོག་གི་རྒྱན་བསམ་གྱིས་མི་ཁྱབ་པ་ཀུན་ནས་གནས་པར་གྱུར་ཅིག །ཅེས་བྱ་བ་ནས་ཡེ་ཤེས་ཀྱི་མེ་ཏོག་ཆགས་པ་མེད་པའི་མཐར་ཐུག་པའི་ཡིད་ཀྱི་ལས་མེ་ཏོག་རྒྱ་ཆེ་ཞིང་ཡོངས་སུ་དག་པ་ བསམ་གྱིས་མི་ཁྱབ་པ་ཀུན་ནས་གནས་པར་གྱུར་ཅིག །ཕྲེང་བ་དང་བྱུག་པ་སྣ་ཚོགས་ཐམས་ཅད་ཀྱི་ཕྲེང་བ་དང་བྱུག་པའི་རྒྱན་མཚུངས་བ་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཅེས་བྱ་བ་ནས་ཡེ་ཤེས་ཀྱི་ཕྲེང་བ་དང་བྱུག་པ་ཆགས་པ་མེད་པའི་མཐར་ཐུག་པའི་ཡིད་ ཀྱི་ལས་ཀྱི་ཕྲེང་བ་དང་བྱུག་པའི་རྒྱན་རྣམ་པར་དག་པ་མཚུངས་པ་མེད་པའི་བར་དུ་ཀུན་ནས་གནས་པར་གྱུར་ཅིག །ཕྱེ་མ་དང་བདུག་པ་སྣ་ཚོགས་ཐམས་ཅད་ཀྱི་ཕྱེ་མ་དང་བདུག་པའི་རྒྱན་ས་མཚམས་མེད་པ་ཀུན་ནས་གནས་པར་གྱུར་ཅིག་ཅེས་བྱ་བ་ནས་ཡེ་ཤེས་ཀྱི་ཕྱེ་མ་ དང་བདུག་པ་ཆགས་པ་མེད་པའི་མཐར་ཐུག་པའི་ཡིད་ཀྱི་ལས་ཀྱི་ཕྱེ་མ་དང་བདུག་པ་ཡོངས་སུ་དག་པས་མཚམས་མེད་པའི་བར་དུ་ཀུན་ནས་གནས་པར་གྱུར་ཅིག །གོས་དང་ཆོས་གོས་སྣ་ཚོགས་ཐམས་ཅད་ཀྱི་གོས་དང་ཆོས་གོས་ཀྱི་རྒྱན་མུ་མེད་པ་ཀུན་ནས་གནས་པར་གྱུར་ཅིག ། ཅེས་བྱ་བ་ནས་ཡེ་ཤེས་ཀྱི་གོས་དང་ཆོས་གོས་ཀྱི་རྒྱན་ཆགས་པ་མེད་པའི་མཐར་ཐུག་པའི་ཡིད་ཀྱི་ལས་ཁྲེལ་ཡོད་པ་དང་། ངོ་ཚ་ཤེས་པའི་གོས་དང་ཆོས་གོས་ཡོངས་སུ་དག་པ་མུ་མེད་པའི་བར་དུ་ཀུན་ནས་གནས་པར་གྱུར་ཅིག །ཞིང་ཐམས་ཅད་དུ་གདུགས་སྣ་ཚོགས་ཡང་ དག་པར་བཙུགས་པའི་གདུགས་ཀྱི་རྒྱན་ས་འཚམས་མེད་པ་ཀུན་ནས་གནས་པར་གྱུར་ཅིག་ཅེས་བྱ་བ་ནས་ཡེ་ཤེས་ཀྱི་གདུགས་ཀྱི་རྒྱན་ཆགས་པ་མྱེད་པའི་མཐར་ཐུག་པའི་ཡིད་ཀྱི་ལས་ཡེ་ཤེས་ཀྱིས་ཡང་དག་པ་ཁྱབ་པ་ཡོངས་སུ་དག་པས་མཚམས་མེད་པའི་བར་དུ་ཀུན་ ནས་གནས་པར་གྱུར་ཅིག །རྒྱལ་མཚན་དང་བ་དན་སྣ་ཚོགས་ཐམས་ཅད་ཀྱི་རྒྱལ་མཚན་དང་། བ་དན་གྱི་རྒྱན་ཚད་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཅེས་བྱ་བ་ནས་ཡེ་ཤེས་ཀྱི་རྒྱལ་མཚན་དང་བ་དན་ཆགས་པ་མེད་པའི་མཐར་ཐུག་ པའི་ཡིད་ཀྱི་ལས་ཀྱི་ཡེ་ཤེས་ཀྱི་རྒྱལ་མཚན་དང་བ་དན་གྱི་རྒྱན་ཡོངས་སུ་དག་པ་ཚད་མེད་པའི་བར་དུ་གནས་པར་གྱུར་ཅིག །ལྷབ་ལྷུབ་སྣ་ཚོགས་ཐམས་ཅད་ཀྱི་ལྷབ་ལྷུབ་ཀྱི་རྒྱན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཀུན་ནས་གནས་པར་གྱུར་ཅིག་ཅེས་བྱ་བ་ནས། ཡེ་ཤེས་ཀྱི་ ལྷབ་ལྷུབ་ཀྱི་རྒྱན་གྱི་མཐར་ཐུག་པའི་ཡིད་ཀྱི་ལས་ཀྱི་ཡེ་ཤེས་ཀྱི་ལྷབ་ལྷུབ་ཀྱི་རྒྱན་གྱིས་བརྒྱན་པ་རྣམ་པར་དག་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཀུན་ནས་གནས་པར་གྱུར་ཅིག །དེ་ལྟར་ཚུལ་དེ་བཞིན་དུ་ཐམས་ཅད་དུ་ཡང་ཤེས་པར་བྱ་སྟེ། སངས་ རྒྱས་ཀྱི་ཞིང་དེ་དག་ལས་སངས་རྒྱས་ཀྱི་ཞིང་གཅིག་བཟུང་བས་བསྡུས་ཏེ་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱི་ནོར་བུ་རིན་པོ་ཆེའི་རྒྱན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཅེས་བྱ་བ་ནས་ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱི་ཤིང་ཀུན་ཏུ་ བྲེས་པའི་ནོར་བུ་རིན་པོ་ཆེའི་གདན་རྣམ་པར་དག་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཀུན་ནས་གནས་པར་གྱུར་ཅིག །དེ་ལྟར་ཚུལ་དེ་བཞིན་དུ་ཀུན་ཏུ་བྱས་ཏེ། དམྱིགས་པ་རེ་རེ་ཞིང་ལན་བརྒྱར་བཟླས་པར་བྱའོ། །ཡེ་ཤེས་ཀྱི་ནོར་བུ་རིན་པོ་ཆེ་ ཆགས་པ་མེད་པའི་མཐར་ཐུག་པའི་ཡིད་ཀྱི་ལས་ཀྱི་ཡེ་ཤེས་ཀྱི་ནོར་བུ་རིན་པོ་ཆེ་རྣམ་པར་དག་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་གནས་པར་གྱུར་ཅིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཆོས་སྦྱིན་པ་ལ་སྩོགས་པའི་དགེ་བའི་རྩ་བ་དེ་དག་དགེ་བའི་རྩ་བ་ཐམས་ཅད་ཀྱིས་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཡོངས་སུ་དག་པ་མཉམ་པ་ཉིད་ཀྱི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ མཉམ་པ་ཉིད་མྱི་འཁྲུགས་པ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་འཇུག་པ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་བསོད་ནམས་ཀྱི་སྟོབས་ཐུབ་པ་མྱེད་པ་རྣམ་པར་དག་ པ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་བསོད་ནམས་ཀྱི་མཚན་ཉིད་རྣམ་པར་དག་པ་ཟིལ་གྱིས་མནོན་པ་བསྟན་པ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་མི་ཟད་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་སངས་ རྒྱས་ཀྱི་ཆོས་ལ་གཟུད་པ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཚིག་གི་རྣམ་པ་གྲངས་མེད་པ་ཤིན་ཏུ་དག་པའི་དབྱངས་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཐོགས་པ་མེད་པའི་མིག་གིས་ཆོས་ཀྱི་དབྱིངས་ཀྱིས་ཀླས་ པ་ནམ་མཁའི་མཐས་གཏུགས་པ་ཤེས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་སྔོན་གྱི་མཐའི་མུར་ཐུག་པའི་བསྐལ་པའི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་རྗེས་སུ་དྲན་པ་རྣམ་པར་དག་པ་དང་། སེམས་ཅན་ ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་བསྒྲིབས་པ་མྱེད་པའི་བློ་གྲོས་ཆེན་པོས་ཆོས་ངེས་པར་རྟོགས་པའི་མཛོད་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་བྱང་ཆུབ་མཐའ་དང་དབུས་མེད་པས་ཆོས་ཀྱི་དབྱིངས་རྒྱས་པར་དགང་བ་ལ་ཆགས་པ་མེད་པར་ཡང་ དག་པར་གཞོལ་བ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་དགེ་བའི་རྩ་བ་ཐམས་ཅད་རྒྱུད་གྱི་ཚུལ་གཅིག་ཏུ་གྱུར་པས་རྣམ་པར་དབྱེ་བ་མེད་པ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པའི་ལུས་ ཀྱི་ལས་དང་ངག་གི་ལས་དང་། ཡིད་ཀྱི་ལས་ཡོན་ཏན་ཐམས་ཅད་ཀྱི་རྒྱན་དང་ལྡན་པ་རྣམ་པར་དག་པ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཀུན་ཏུ་བཟང་པོའི་སྤྱོད་པ་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པས་འབྱུང་བ་དང་། སེམས་ཅན་ཐམས་ ཅད་མཉམ་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱུད་ཀྱི་ཚུལ་གཅིག་ཅིང་རྣམ་པར་དག་པ་ལ་འཇུག་པ་དང་། གོམས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཤེས་པ་ཐམས་ཅད་རྣམ་པར་དཔྱད་པ་ལ་འཇུག་པ་ཡོངས་སུ་ རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་མི་མཉམ་པ་མེད་པར་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ལྷག་པའི་བསམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམ་ པ་ཐ་དད་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་དཀར་པོའི་ཕྱོགས་ཐམས་ཅད་བསྒྲུབ་ཅིང་བསྟན་པར་བྱ་བ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་སྐད་ ཅིག་གཅིག་གིས་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་འཚང་རྒྱ་བའི་མཐར་ཐུག་པར་བྱ་བ་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ནན་ཏན་གྱི་རྣམ་པ་ཐམས་ཅད། ཡོངས་སུ་རྫོགས་པ་རྣམ་པར་དག་པ་ཡོངས་སུ་བསྒྲུབ་ པའི་ཕྱིར་ཡོངས་སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཡོངས་སུ་བསྔོས་ནས། ཆོས་ཐམས་ཅད་ཡོངས་སུ་དག་པར་ཆོས་བསྟན་པའི་ཚུལ་གྱིས་ ཆོས་ཉིད་ཀྱི་སྟོབས་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་ཆོས་རྒྱ་མཚོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཐོབ་པ་རྣམ་པར་དག་པའི་སྤྱོད་པའི་བྱིན་གྱི་ རླབས་དང་ལྡན་པར་གྱུར་ཅིག །ཅེས་ཡོངས་སུ་བསྔོའོ། །ཆོས་རྒྱ་མཚོ་དེ་དག་ལས་ཆོས་རྒྱ་མཚོ་རེ་རེ་ཞིང་ཡང་ཆོས་ཀྱི་དབྱིངས་ཚད་མེད་པའི་ཡེ་ཤེས་ཀྱི་སྣང་བ་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཚིག་ཐམས་ཅད་ རབ་ཏུ་དབྱེ་བས་ཤིན་ཏུ་བསྟན་པ་མངོན་པར་བསྒྲུབ་པ་ཡང་དག་པར་བསྟན་པའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་འབྱམ་ཀླས་པ་མཐའ་དང་དབུས་མེད་པ་ཐམས་ཅད་དང་། ཆོས་ཀྱི་སྣང་བ་ཐམས་ཅད་ཀྱི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ ཡོངས་སུ་བསྔོའོ། །དུས་གསུམ་དང་མི་འགལ་བའི་སངས་རྒྱས་ཐམས་ཅད་ཀྱི་སྤོབས་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་དེ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་ བརླབས་པའི་ལུས་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་དེ་སངས་རྒྱས་ལ་དགའ་བ་དང་ཆོས་ལ་དགའ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་སྙིང་རྗེ་ཆེན་པོ་ལ་དགའ་བ་ལས་ཕྱིར་མི་ལྡོག་པ་ཡོངས་སུ་རྫོགས་ པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་དེ་ལས་ཀྱི་རྣམ་པ་བསམ་གྱིས་མི་ཁྱབ་པ་ལས་བསྒྲིབས་པ་མེད་པའི་ཡེ་ཤེས་ཀྱིས་ཡང་དག་པར་གཞོལ་བར་བྱ་བ་དང་། འཁོར་གྱི་དཀྱིལ་འཁོར་རྣམ་པར་དག་པ་ཐམས་ཅད་ཀྱི་སེམས་དང་ དབང་པོ་དང་བར་བྱ་བ་དང་། དགའ་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་དེ་ཞིང་གི་རྒྱུད་སྣྲེལ་ཞི་དང་སྤྱིའུ་ཚུགས་སུ་རྒྱུ་བ་ཐམས་ཅད་ཤིན་ཏུ་བསྟན་པ་དང་། ཕྲ་བ་དང་རྒྱ་ཆེ་བ་དང་ཡངས་པ་དང་། དོག་པ་དང་ཐ་གྲུ་ཆེ་བ་སྣ་ཚོགས་ དང་། རྣམ་པར་དག་པ་དང་། ཀུན་ནས་ཉོན་མོངས་པ་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་མཉམ་པ་ཉིད་དུ་ཡང་དག་པར་བསྐོར་བའི་ཕྱིར་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་དེ་སེམས་བསྐྱེད་པར་སྐད་ཅིག་རེ་རེ་དང་མི་འཇིགས་པ་གཞན་དང་གཞན་ ཐ་དད་པ་ཡང་དག་པར་ཤེས་པ་མི་ཟད་པས་ཆོས་སྣང་བ་སར་པ་གསར་པ་རབ་ཏུ་ཐོབ་ཅིང་བསྟན་པ་དང་། བཤད་པའི་ཕྱིར་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་དེ་དགེ་བའི་རྩ་བ་ཐམས་ཅད་ཚོལ་བ་ལ་ལྷག་པའི་བསམ་པ་དང་དབང་པོ་མ་འཁྲུགས་ཤིང་མི་ དམའ་བས་ཆོས་འབྱམ་ཀླས་པ་ཐམས་ཅད་མ་ལུས་པར་མངོན་པར་ཤེས་པའི་ཡེ་ཤེས་དང་ཆོས་ཀྱི་རྫུ་འཕྲུལ་ཐོབ་པས་སེམས་ཅན་གྱི་འཁོར་གྱི་དཀྱིལ་འཁོར་འབྱམ་ཀླས་པ་ཐམས་ཅད་མངོན་པར་དགའ་བ་དང་། ཚིམ་པར་ཆོས་ཐམས་ཅད་རབ་ཏུ་ བསྟན་པའི་ཕྱིར་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་དེ་ཆོས་ཀྱི་དབྱིངས་ཚད་མེད་པ་ཐམས་ཅད་དུ་སོང་བའི་ཡོངས་སུ་བསྔོ་བ་ལ་གནས་ཤིང་འདི་ལྟར་ཡོངས་སུ་བསྔོ་སྟེ། ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་ལུས་ཀྱི་ལས་ཀྱིས་ཡོངས་སུ་བསྔོའོ། །ཆོས་ ཀྱི་དབྱིངས་ཚད་མེད་པར་སོང་བའི་ངག་གི་ལས་ཀྱིས་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་ཡིད་ཀྱི་ལས་ཀྱིས་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་གཟུགས་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། ། ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་ཕུང་པོ་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། ། ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་ཁམས་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་སྐྱེ་མཆེད་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་ནང་མཉམ་པ་ ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་ཕྱི་རོལ་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་བརྩམ་པ་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་ བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་བསམ་པ་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་སྦྱོར་བ་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་མོས་པ་ མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་དངོས་པོ་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་ད་ལྟར་བྱུང་བ་ མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་ལས་ཀྱི་རྣམ་པར་སྨིན་པ་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་ དག་པ་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་སེམས་ཅན་ཐམས་ཅད་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་ཞིང་ཐམས་ཅད་མཉམ་པ་ཉིད་ལ་གནས་ཤིང་ཡོངས་ སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་འགྲོ་བ་ཐམས་ཅད་དུ་སྣང་བ་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ ཚད་མེད་པར་སོང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་ཐམས་ཅད་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། ། ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་བྱང་ཆུབ་སེམས་དཔའ་འབྱུང་བ་ཐམས་ཅད་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་བྱང་ཆུབ་སེམས་དཔའི་ཡོངས་སུ་སྨིན་པར་བྱ་བ་དང་། འདུལ་བ་ཐམས་ཅད་མཉམ་པ་ཉིད་ ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་བྱང་ཆུབ་སེམས་དཔའི་འཁོར་ཐམས་ཅད་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་ཆོས་ཐམས་ཅད་མི་གཉིས་པའི་དབྱིངས་ མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཚད་མེད་པར་སོང་བའི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་མཉམ་པ་ཉིད་ལ་གནས་ཤིང་ཡོངས་སུ་བསྔོའོ། །དེ་དེ་ལྟར་ཡོངས་སུ་བསྔོ་བས་ཆོས་ཀྱི་དབྱིངས་ཚད་མེད་པ་དང་། མཉམ་པའི་ལུས་ཡོངས་སུ་དག་པ་ཀུན་ནས་གནས་པར་འགྱུར་རོ། །ཆོས་ཀྱི་དབྱིངས་ཚད་མེད་པ་དང་མཉམ་པའི་ངག་ཡོངས་སུ་དག་པ་ཀུན་ནས་གནས་པར་འགྱུར་རོ། །ཆོས་ཀྱི་དབྱིངས་ཚད་མེད་པ་དང་མཉམ་པའི་སེམས་ཡོངས་སུ་དག་པ་ཀུན་ནས་གནས་ པར་འགྱུར་རོ། །ཆོས་ཀྱི་དབྱིངས་ཚད་མེད་པ་དང་མཉམ་པའི་བྱང་ཆུབ་སེམས་དཔའི་ཆོས་སྤྱོད་པ་དང་སྨོན་ལམ་ཡོངས་སུ་དག་པ་ཀུན་ནས་གནས་པར་འགྱུར་རོ། །ཆོས་ཀྱི་དབྱིངས་ཚད་མེད་པ་དང་མཉམ་པའི་འཁོར་གྱི་དཀྱིལ་འཁོར་ ཡོངས་སུ་དག་པ་ཀུན་ནས་གནས་པར་འགྱུར་རོ། །ཆོས་ཀྱི་དབྱིངས་ཚད་མེད་པ་དང་མཉམ་པའི་ཆོས་ཐམས་ཅད་བསྟན་པ་དང་བརྗོད་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་གོ་བར་བྱ་བ་ཡོངས་སུ་དག་པ་ཀུན་ནས་གནས་པར་འགྱུར་རོ། །ཆོས་ཀྱི་དབྱིངས་ ཚད་མེད་པ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་ཆོས་ཀྱི་དབྱིངས་ལ་ཡང་དག་པར་གཞོལ་བའི་ཚུལ་གྱིས་ལུས་འབྱམ་ཀླས་པ་རྗེས་སུ་འགྲོ་བ་ཀུན་ནས་གནས་པར་འགྱུར་རོ། །ཆོས་ཀྱི་དབྱིངས་ཚད་མེད་པ་དང་མཉམ་པའི་ ཆོས་སྣང་བ་མཐའ་དང་དབུས་མེད་པ་ཐམས་ཅད་དང་མི་འཇིགས་པ་རྣམ་པར་དག་པའི་ཚིག་གཅིག་བརྗོད་པས་སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་ཅིང་སེམས་དང་དབང་པོ་དང་བསམ་པ་ཁོང་དུ་ཆུད་པར་བྱེད་པས་ ཚིམ་པར་བྱེད་པ་དང་། བླ་ན་མེད་པ་ཐམས་ཅད་མཁྱེན་པའི་སྟོབས་དང་མི་འཇིགས་པ་དང་། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དང་། སངས་རྒྱས་ཀྱི་ཆེ་བ་ཉིད་དང་། ཡེ་ཤེས་ལ་འཇུག་པ་ཤིན་ཏུ་འཕགས་པ་དང་། ཆོས་མངོན་པར་ཤེས་ པ་ལ་གནས་པར་བྱ་བ་ཀུན་ནས་གནས་པར་འགྱུར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་ཆོས་ཀྱི་དབྱིངས་ཚད་མེད་པ་ཞེས་བྱ་བ་བཅུ་པ་སྟེ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་ཆོས་སྦྱིན་པ་ལ་སྩོགས་པའི་དགེ་བའི་རྩ་བ་ཐམས་ཅད་བསྔོ་བ་དེས་ཡོངས་སུ་བསྔོས་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་མཐའ་དང་དབུས་མེད་པ་ཡོངས་སུ་རྫོགས་པ་ཐོབ་པར་འགྱུར་རོ། ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་མཐས་གཏུགས་པ་ཐམས་ཅད་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱིས་ཀྱང་རབ་ཏུ་ཐོབ་པར་བྱ་བ་ལ་བརྩོན་པར་བྱེད་པར་ འགྱུར་རོ། །ཆོས་ཐམས་ཅད་ལ་འཇུག་པའི་ཡེ་ཤེས་མཐའ་དང་དབུས་མེད་པ་ཐམས་ཅད་ཡོངས་སུ་འགྲུབ་པར་འགྱུར་རོ། །སེམས་བསྐྱེད་པ་མཐའ་དང་དབུས་མེད་པ་ཐམས་ཅད་ཀྱི་སྐད་ཅིག་རེ་རེ་ལ་སངས་རྒྱས་བསྐྱེད་པ་ཐམས་ཅད་ མཐོང་བ་རབ་ཏུ་ཐོབ་ཅིང་ཁོང་དུ་ཆུད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་དང་། རྒྱ་ཆེན་པོའི་རྣམ་པར་འཕྲུལ་པ་དང་། བསྒྲིབས་པ་མེད་པའི་རྣམ་པར་འཕྲུལ་པ་དང་། བསམ་གྱིས་མི་ཁྱབ་པའི་རྣམ་ པར་འཕྲུལ་པ་དང་། འགྲོ་བ་ཐམས་ཅད་རྣམ་པར་དག་པར་བྱེད་པའི་རྣམ་པར་འཕྲུལ་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་བྱིན་ཀྱིས་རློབ་ཅིང་བརྟེན་པར་བྱེད་པའི་རྣམ་པར་འཕྲུལ་པ་དང་། ཤིན་ཏུ་བསྟན་པ་བརྗོད་དུ་མེད་པའི་རྣམ་པར་འཕྲུལ་ པ་དང་། དུས་ཐམས་ཅད་དུ་རྣམ་པར་འཕྲུལ་བའི་མངོན་པར་ཤེས་པ་དང་། ཡེ་ཤེས་དང་ཕྱིར་མི་ལྡོག་པའི་བྱིན་གྱི་རླབས་ཀྱིས་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ཐམས་ཅད་མ་ལུས་པར་རྒྱས་པར་འགེངས་པ་ལ་འཇུག་ཅིང་ཁོང་དུ་ཆུད་པར་ འགྱུར་རོ། །ཀུན་ཏུ་བཟང་པོའི་མིག་མཐའ་དང་དབུས་མེད་པ་མངོན་པར་བསྒྲུབ་པ་ཡོངས་སུ་རྫོགས་པར་བྱ་བ་ཐོབ་པར་འགྱུར་རོ། །དེ་མཐའ་དང་དབུས་མེད་པའི་ཆོས་བསྟན་པ་ཆགས་པ་མེད་པའི་རྣ་བའི་ཡེ་ཤེས་ཁོང་དུ་ཆུད་པ་ཡང་དག་པར་འཛིན་པར་ འགྱུར་རོ། །ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ཐམས་ཅད་ལུས་ཀྱི་སྐྱིལ་མོ་ཀྲུང་གཅིག་གིས་ཡོངས་སུ་རྒྱས་པར་བྱིན་གྱིས་རློབ་ཀྱང་སེམས་ཅན་ཐམས་ཅད་ལ་གནོད་པ་མེད་པར་བྱེད་པར་འགྱུར་རོ། །དུས་གསུམ་མཐའ་དང་དབུས་མེད་པ་ཐམས་ཅད་ལ་ འཇུག་པའི་ཡེ་ཤེས་འབྱམ་ཀླས་པ་ཡོངས་སུ་རྫོགས་པར་ཐོབ་ཅིང་ཁོང་དུ་ཆུད་པར་འགྱུར་རོ། །བློ་མཐའ་དང་དབུས་མེད་པ་ཐམས་ཅད་རྣམ་པར་དག་པ་དང་། སེམས་ཅན་ཐམས་ཅད་རྣམ་པར་དག་པ་དང་། ཆོས་ཐམས་ཅད་རྣམ་པར་དག་པ་དང་། སྐྱེ་མཆེད་ ཡོངས་སུ་ཤེས་པའི་ཡེ་ཤེས་ཐམས་ཅད་རྣམ་པར་དག་པ་དང་། ནམ་མཁའི་དབྱིངས་མཐའ་དང་དབུས་མེད་པ་ཐམས་ཅད་ལ་འཇུག་ཅིང་རྒྱས་པར་འགེངས་པའི་ཡེ་ཤེས་རྣམ་པར་དག་པ་དང་། སེམས་ཅན་གྱི་རིས་དང་སྐྱེ་གནས་རྣམ་པ་སྣ་ཚོགས་སུ་གྱུར་པ་ ཐམས་ཅད་ནས་བྱུང་བའི་སྒྲ་དང་སྨྲ་བ་དང་། སྐད་ཐམས་ཅད་མ་ལུས་པ་ལ་མངོན་སུམ་གྱི་ཡེ་ཤེས་རྣམ་པར་དག་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་རྣམ་པར་མཐའ་ཡས་པའི་འོད་ཟེར་དང་། འོད་ཀྱི་དཀྱིལ་འཁོར་རབ་ཏུ་གཏོང་ཞིང་ མཐའ་དང་དབུས་མེད་པ་སྣང་བར་བྱེད་པ་རྣམ་པར་དག་པ་དང་། དུས་གསུམ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་མ་ལུས་པར་མངོན་པར་བསྒྲུབ་པའི་ཡེ་ཤེས་རྣམ་པར་དག་པ་དང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་ བྱུང་བའི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་མཐའ་དང་དབུས་མེད་པ་མ་ལུས་པ་ཐམས་ཅད་ལ་སྐད་ཅིག་གཅིག་ཏུ་འཇུག་པའི་ཡེ་ཤེས་རྣམ་པར་དག་པ་དང་། སེམས་ཅན་ཐམས་ཅད་ཀྱི་མངོན་པར་འདུ་བྱ་བ་ཐམས་ཅད་མ་ལུས་པ་ལ་འཇུག་པས་འགྲོ་བ་མཐའ་ དང་དབུས་མེད་པ་རྣམ་པར་དག་པར་བྱ་བ་རབ་ཏུ་ཐོབ་པར་འགྱུར་རོ། །ཡོངས་སུ་རྫོགས་པར་བྱེད་པའོ། །རབ་ཏུ་སྒྲུབ་པོ། །རྣམ་པར་དག་པར་བྱེད་དོ། །མཉམ་པར་བྱེད་དོ། །མངོན་སུམ་དུ་བྱེད་དོ། །རབ་ཏུ་རྟོགས་པར་བྱེད་དོ། །ཁོང་དུ་ཆུད་པར་བྱེད་དོ། ། ཡང་དག་པར་སེམས་པར་བྱེད་དོ། །རྣམ་པར་དག་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོ་པར་བྱ་བ་རྗེས་སུ་ཐོབ་པར་བྱེད་དོ། །དེ་ནས་དེའི་ཚེ་སངས་རྒྱས་ཀྱིས་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་སྟོང་གི་རྡུལ་ཤིན་ ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་ཏེ་གཡོས་སོ། །རབ་ཏུ་གཡོས་སོ། །ཀུན་ཏུ་གཡོས་སོ། །འགུལ་ཏོ་རབ་ཏུ་འགུལ་ཏོ། །ཀུན་ཏུ་འགུལ་ཏོ། །ལྡེག་གོ་རབ་ཏུ་ལྡེག་གོ །ཀུན་ཏུ་ལྡེག་གོ །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་ མོ། །འུར་འུར་རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ། །ཤིག་ཤིག་རབ་ཏུ་ཤིག་ཤིག །ཀུན་ཏུ་ཤིག་ཤིག་གོ །སངས་རྒྱས་ཀྱི་མཐུ་དང་ཆོས་ཉིད་རབ་ཏུ་ཐོབ་པས་ལྷ་རྫས་ཀྱི་མེ་ཏོག་གི་སྤྲིན་གྱི་ཆར་ཡང་མངོན་པར་བབ་པོ། །ལྷ་རྫས་ཀྱི་ཕྲེང་བའི་སྤྲིན་གྱི་ཆར་ མངོན་པར་བབ་པོ། །ལྷ་རྫས་ཀྱི་ཕྱེ་མའི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་གོས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་རིན་པོ་ཆེའི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་ལྷབ་ལྷུབ་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་ རྫས་ཀྱི་སྤོས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེའི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་དུས་དང་མཐུན་པའི་ཙན་དན་གྱི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་སྦྲུལ་གྱི་སྙིང་པོའི་ཙན་དན་མཆོག་གི་སྤྲིན་གྱི་ཆར་མངོན་པར་བབ་ པོ། །ལྷ་རྫས་ཀྱི་གདུགས་དང་རྒྱལ་མཚན་དང་། བ་དན་ཁ་དོག་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་ལྷའི་ལུས་གྲངས་མེད་པའི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་དབྱངས་ཀྱི་ཡན་ལག་བརྒྱ་སྟོང་བརྗོད་དུ་མྱེད་པའི་ཚིག་དང་བརྗོད་པ་ལ་རྟོག་པ་ བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིད་དུ་འོང་བར་སྤྱོད་པའི་ཆོས་རིན་པོ་ཆེའི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་དེ་བཞིན་གཤེགས་པས་བསྟོད་པའི་སངས་རྒྱས་ཀྱི་བསྔགས་པ་བསམ་གྱིས་མི་ཁྱབ་པའི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་ལེགས་ སོ། ཞེས་བྱ་བ་དང་། ལྷུང་ལྷུང་ལྡེགས་ཀྱི་སྒྲ་འབྱིན་པ་དང་། དགའ་བར་བྱེད་པའི་དབྱངས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་ལྷའི་ལུས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་ཅིང་བརྗོད་དུ་མེད་པས་རབ་ཏུ་བཏུད་དོ། །ལྷ་ཡུལ་གྱི་ལྷ་གྲངས་མེད་ པ་སངས་རྒྱས་རྗེས་སུ་དྲན་པ་ལ་བརྩོན་པར་ཡིད་ལ་བྱེད་ཅིང་། དེ་བཞིན་གཤེགས་པ་ལ་ཤིན་ཏུ་དད་པའི་སེམས་ཀྱི་རྒྱུད་དང་ལྡན་པ། སངས་རྒྱས་ཀྱི་ཡོན་ཏན་དང་མི་འབྲལ་བའི་སེམས་ཀྱིས་མངོན་པར་གནས་སོ། །ལྷ་རྫས་ཀྱི་རོལ་མོ་བརྡུང་བ་དང་དཀྲོལ་བའི་ སྒྲ། ལྷའི་གླུའི་དབྱངས་ཀྱི་ཚུལ་གྲངས་མེད་པར་གྲགས་པ་དེ་བཞིན་གཤེགས་པ་མཆོད་ཅིང་ཡིད་ལ་བྱ་བ་ལ་བརྩོན་པ་རྣམས་ཀྱང་རབ་ཏུ་བསྒྲགས་སོ། །ལྷ་རྫས་ལས་ཤིན་ཏུ་འདས་པའི་འོད་ཟེར་བརྒྱ་སྟོང་གྲངས་མེད་པས་ཀྱང་འཇིག་རྟེན་གྱི་ཁམས་ཆོས་ཀྱི་ དབྱིངས་ཀྱིས་ཀླས་པ་ནམ་མཁའི་མཐས་གཏུགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཐ་གྲུ་ཐམས་ཅད་རབ་ཏུ་སྣང་བས་ཁྱབ་པར་བྱས་སོ། །ལྷ་རྫས་ལས་འདས་པའི་སྤྲུལ་པ་དང་། སངས་རྒྱས་ཀྱི་ཡུལ་གྲངས་མེད་པ་བསྟན་པ་དང་། དེ་བཞིན་ གཤེགས་པའི་སྐུའི་ཆོ་འཕྲུལ་རྣམས་ཀྱང་ཡང་དག་པར་བསྟན་པར་གྱུར་ཏོ། །གླིང་བཞི་པ་འདིའི་དགའ་ལྡན་གྱི་གནས་སུ་ལྷའི་དབང་པོ་རབ་དགའ་ལྡན་གྱི་ཁང་པ་ན་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་ཕྱོགས་བཅུར་རྒྱས་ པར་བཀའ་ཞིང་ཆོས་བསྟན་པ་འདི་ཉིད་ཀུན་ཏུ་བྱུང་ངོ་། སངས་རྒྱས་ཀྱི་མཐུས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་ཕ་རོལ་དག་ནས་ཀྱང་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བྱང་ ཆུབ་སེམས་དཔའ་ལྷགས་ནས་ཕྱོགས་བཅུ་བཀང་སྟེ། འདི་སྐད་ཟེར་རོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་ཁྱོད་ཀྱིས་ཡོངས་སུ་བསྔོ་བའི་ཆོས་ཉིད་འདི་བཤད་པ་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས་བདག་ཅག་ཀུན་ཀྱང་མིང་རྡོ་རྗེའི་རྒྱལ་མཚན་ ཞེས་བྱ་བ་ཤ་སྟག་སྟེ། འཇིག་རྟེན་གྱི་ཁམས་མིང་རྡོ་རྗེའི་འོད་ཅེས་བྱ་བ་དག་ན། དེ་བཞིན་གཤེགས་པའི་མཚན་རྡོ་རྗེའི་དཔལ་ཞེས་བྱ་བ་བཞུགས་པ་དག་གི་དྲུང་ནས་འདིར་ཕྱིན་ཏེ། ཀུན་ན་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་འཁོར་གྱི་ རྣམ་པ་འདི་ལྟ་བུ་དག་ན་ཚིག་འདི་དག་དང་། ཡི་གེ་འདི་དག་དང་། གོ་བར་བྱ་བ་འདི་དག་གིས་དོན་འདི་ཉིད་ལྷག་པ་མེད་ཅིང་ཆད་པ་མེད་པར་བརྗོད་དེ་ཆོས་འདི་ཉིད་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་བདག་ཅག་ཀྱང་དེ་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་འཇིག་རྟེན་གྱི་ཁམས་རེ་ རེའི་གླིང་བཞི་པ་དག་གི་དགའ་ལྡན་གྱི་གནས་ཀྱི་ལྷའི་རྒྱལ་པོའི་རབ་དགའ་ལྡན་གྱི་ཁང་པ་རིན་པོ་ཆེ་ཐམས་ཅད་ཀྱི་བརྒྱན་ཅེས་བྱ་བ་དག་ཏུ་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཕྱིན་པ་མངོན་དུ་མཐོང་བ་ཤ་ སྟག་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་འཁོར་འདིར་ཕྱིན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་གྱིས་ཕྱོགས་བཅུར་བལྟས་ཏེ་འཁོར་ཐམས་ཅད་ལ་བལྟས་ནས་ཆོས་ཀྱི་དབྱིངས་ལ་རྣམ་པར་བལྟ་བ་དང་། དོན་དང་ཚིག་དང་ཡི་གེ་ལ་ རབ་ཏུ་འཇུག་པ་དང་། སེམས་བསྐྱེད་པ་མཐའ་དང་དབུས་མེད་པར་ཡངས་པ་ཡོངས་སུ་བསྒོམ་པ་དང་། འགྲོ་བ་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཁྱབ་པར་བྱ་བ་དང་། དུས་གསུམ་གྱི་སངས་རྒྱས་ཀྱི་རིགས་སུ་སེམས་ཡང་དག་པར་འབྲེལ་བར་བྱ་བ་ དང་། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ལ་འཇུག་པ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་ལུས་ཡང་དག་པར་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡང་དག་པར་ཤེས་པར་བྱ་བ་དང་། དགེ་བའི་རྩ་བ་ཇི་ལྟར་བསྐྱེད་པ་ འང་ཇི་ལྟར་དུས་ལ་བབ་པ་ལ་ཡང་དག་པར་བལྟ་བ་དང་། ཆོས་ཀྱི་ལུས་ཀྱི་རྗེས་སུ་སོང་བའི་གཟུགས་ཀྱི་ལུས་ཡང་དག་པར་བསྟན་པར་བྱེད་ཅིང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དེ་དག་ཆོས་ལ་རབ་ ཏུ་མཁས་གྱུར་ཅིང་། །ཆོས་རྒྱུད་མཐའ་ཡས་རྣམ་པར་དག་བྱས་ནས། །ཆོས་ཀྱི་འོད་བྱེད་ཆོས་ལ་ཁ་ལོ་སྒྱུར། །ཆོས་རྣམས་རབ་རྟོགས་ཆགས་པ་མེད་པ་ཐོབ། །དེ་དག་ཆོས་ཀྱི་ཁ་ལོ་སྒྱུར་གྱུར་ཏེ། །ཤིན་ཏུ་དཀོན་པའི་ཆོས་རྣམས་སྟོན་བྱེད་ཅིང་། ། ཆོས་ཀྱི་སྒོ་ལ་རབ་ཏུ་བཞག་བྱ་བར། །སེམས་ཅན་མཐའ་ཡས་ཕྱོགས་སུ་གོ་བར་བྱེད། །དེ་དག་ཆོས་ཀྱི་གང་ཆེན་མཚོ་འཐུང་ཞིང་། །ཆོས་ཉིད་སྤྲིན་ཆར་ཕྱོགས་སུ་རབ་ཏུ་འབེབས། །འཇིག་རྟེན་ཁམས་སུ་ཆོས་ཉིད་ཉི་ཤར་ཅིང་། །སེམས་ཅན་ཕན་ ཕྱིར་ཆོས་རྣམས་སྟོན་པར་བྱེད། །དེ་དག་ཤིན་ཏུ་དཀོན་པའི་སྦྱིན་བདག་སྟེ། །ཆོས་ཀྱི་རྣམ་ཚུལ་ཤེས་པ་རྗེས་སུ་ཐོབ། །ཆོས་ཀྱི་སྣང་བས་རབ་ཏུ་སེམས་གསལ་བ། །འ