Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 185
Văn bản gốc(Tây Tạng)
Trang 23 / 23 (50.000 ký tự/trang)
བ་ཡོད་པ་དེས་ན་རིང་པོ་བློ་དྲན་པར་འགྱུར་རོ་ཞེ་ན། ཐ་མ་ཡང་ཞེས་གསུངས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་རིང་པོའི་ཆ་སྔ་ མ་དང་ཕྱི་མ་འཛིན་པའི་བློ་ཐམས་ཅད་ཉམས་སུ་མ་མྱོང་བའི་ཕྱིར་རོ། །དེ་ནི་གཞན་ལའང་ཞེས་བྱ་བ་ནི་འདིར་ཡང་དེ་སྐད་ཅེས་དཔེར་ན་སྒྲའི་ཆ་འཛིན་པའི་བློ་རྣམས་མྱུར་བར་འཇུག་པའི་རྒྱུ་ལས་སྦྱོར་བར་བྱེད་ཀྱི་བརྗོད་པ་དེ་བཞིན་དུ་ཡི་གེའི་ཆ་འཛིན་པའི་བློའི་བློ་ཡི་གེའི་བློ་མེད་པའི་རང་བཞིན་རྣམས་ མྱུར་བར་འཇུག་པའི་ཕྱིར་ན་ཡི་གེ་རྟོག་པ་ཉིད་དུ་འགྱུར་རོ་ཞེས་བརྗོད་པར་ནུས་སོ། །རེ་ཞིག་གནས་པའི་ཕྱོགས་བརྗོད་པ་ནི་ཐུང་ངུ་གཉིས་ནི་ཞེས་བྱ་བའོ། །གཅིག་པའི་བློ་ཞེས་བྱ་བ་ནི་འདི་ནི་ཡི་གེའི་བདག་ཉིད་གཅིག་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ཅན་གྱི་བློའོ། །ཕྱི་མོ་རྣམས་ལ་ཞེས་བྱ་བ་ནི་ཡི་ གེ་རིང་པོ་ལ་སོགས་པའི་ཆ་ཤས་ཀྱི་རང་བཞིན་རྣམས་ལའོ་ཞེས་བྱ་བ་ནི་ཐུང་ངུ་གཉིས་ལ་ཡོད་པའི་རྣམ་པར་འཆད་པ་གང་ཡིན་པ་དེའོ། །དེ་ལྟ་ན་ཡང་ཞེས་བྱ་བ་རྣམ་པར་ཆད་པ་ཡོད་ཀྱང་ངོ་། །འོན་ཏེ་ཇི་ལྟར་ཐུང་ངུ་གཉིས་བརྗོད་པ་ལ་རྣམ་པར་ཆད་པ་ཡོད་པ་དེ་བཞིན་དུ་རིང་པོ་ལ་སོགས་པ་བརྗོད་པ་ ལ་ཡང་ཡིན་ནོ་ཞེ་ན། འདིར་ནི་ཞེས་གསུངས་སོ། །འདི་ནི་ཞེས་བྱ་བ་ནི་རྣམ་པར་ཆད་པ་ཉིད་དུ་སྣང་བ་ཞེས་བྱ་བ་འདིའོ། །གལ་ཏེ་མ་མཐོང་བའི་ཕྱིར་བློ་ཅིག་ཅར་མི་སྐྱེ་བར་སྒྲུབ་པར་བྱེད་ན་དེའི་ཚེ་མི་དམིགས་པ་ཚད་མར་ཁས་བླང་བར་བྱ་བ་ཡིན་ནོ། །དེའི་ཚེ་ཡང་ཡི་གེ་ཆ་རྣམ་པར་ཆད་པར་སྣང་བ་མེད་པ་ཁོ་ན་སྟེ་མ་ མཐོང་བའི་ཚད་མ་ནི་རྣམ་པར་མ་ཆད་པ་དེ་ལ་ཡང་ཡོད་པའི་ཕྱིར་རོ། །དེས་མ་མཐོང་བའི་ཚད་མ་མ་ཡིན་པའི་ཕྱིར་རྣམ་པར་ཆད་པ་མེད་པར་ངེས་ནུས་པ་མ་ཡིན་ནོ། །རིང་པོ་ལ་སོགས་པ་བརྗོད་པའི་དུས་སུ་རིགས་པ་ཅན་ལ་སོགས་པས་འདོད་པའི་རྣམ་པར་ཆད་པའི་བློ་སྐྱེ་བ་མེད་པ་གང་ཡིན་མེད་པར་སྒྲུབ་པར་བྱེད་པ་ མ་ཡིན་པའི་མི་དམིགས་པ་གང་ཡིན་པ་དེ་ཉིད་སངས་རྒྱས་པ་འདོད་པའི་ཅིག་ཅར་བ་མེད་པའི་སྒྲུབ་པར་བྱེད་པ་ཡིན་ནམ་ཅི་ཁྱེད་ལ་ནི་སངས་རྒྱས་པ་ལའོ། །གནས་པ་མ་ཡིན་ཞིང་ཞེས་བྱ་བ་ནི་འདི་ཉིད་ཀྱི་དོན་ནི་གོ་སྐབས་མེད་དོ་ཞེས་བྱ་བ་ཡིན་ནོ། །དོན་ལ་སྦྱོར་བ་ན་མིག་ལ་སོགས་པའི་ཞེས་བྱ་བའོ། ། ཇི་ལྟར་དུས་གཅིག་པུ་བུམ་པ་གཅིག་གི་ཡུལ་ཅན་གྱི་མིག་གི་རྣམ་པར་ཤེས་པ་གཉིས་མི་འབྱུང་བ་བཞིན་ནོ། །གཟུང་བ་དང་འཛིན་པའི་ཞེས་བྱ་བ་ལ་སྒྲ་འཛིན་པའི་ཤེས་པ་ནི་གཟུང་བ་ཡིན་ལ་དེའི་ཡུལ་ཅན་ནི་འཛིན་པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་རྣམ་པར་རྟོག་པ་ལ་གསལ་བར་སྣང་བ་ཉིད་མེད་དོ་ ཞེས་བརྗོད་པ་ཡིན་ནོ། །ད་ནི་ཁས་བླངས་ནས་ཀྱང་བརྗོད་པ་ནི། གསལ་བར་སྣང་བ་ཡིན་ན་ཡང་ཞེས་བྱ་བའོ། །གང་གིས་གནོད་ཅེས་གྲུབ་པའི་མཐའ་པས་དྲིས་པ་ན། ཕ་རོལ་པོ་ལན་འདེབས་པ་ནི་བར་དུ་ཆོད་པས་སོ་ཞེས་བྱ་བའོ། །འདི་ལ་ཡང་ཞེས་བྱ་བ་ནི་དེ་སུན་འབྱིན་པ་སྟེ་རིང་པོ་ལ་སོགས་ པ་བརྗོད་པའོ། །སྔོན་མྱོང་བར་གྱུར་པ་དང་ད་ལྟར་མྱོང་བཞིན་པ་གཅིག་ཉིད་གང་ཡིན་པ་དེ་ལྟར་འཛིན་པའི་རང་བཞིན་ནོ། །འོན་ཏེ་ད་ལྟར་དྲན་པས་སྤྱོད་ཡུལ་དུ་བྱས་པ་གང་ཡིན་པ་དེ་ཉིད་མངོན་སུམ་གྱིས་ཀྱང་འཛིན་པ་ཡིན་ནོ་སྙམ་ན། དྲན་པའི་ཡུལ་གྱིས་ཞེས་གསུངས་སོ། །ངོ་ཤེས་པ་ནི་ མངོན་སུམ་གྱི་རང་བཞིན་ཡིན་པའི་ཕྱིར་རུང་བའི་ཡུལ་ན་གནས་པའི་རང་བཞིན་ཡིན་ན། སྔོན་མཐོང་བའི་རང་བཞིན་ནི་རུང་བའི་ཡུལ་ན་གནས་པ་མ་ཡིན་ཏེ། དེས་ན་རུང་བའི་ཡུལ་ན་གནས་པའི་རང་བཞིན་འཛིན་པའི་ངོ་ཤེས་པས་ནི་དེ་འཛིན་པ་མ་ཡིན་པའི་ཕྱིར་ཅི་ལྟར་སྔ་མ་དང་ཕྱི་མའི་རང་ བཞིན་འཛིན་པ་ཡིན་ཞེས་སྟོན་པར་བྱེད་པ་ནི་གལ་ཏེ་དེ་ལྟ་ན་ཞེས་བྱ་བ་ལ་སོགས་པའོ། །དྲན་པ་ཞེས་བྱ་བ་ནི་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་སྟེ། དེ་ལྟ་བུའི་རྣམ་པ་ཅན་གྱི་དྲན་པ་མེད་པར་རོ། །དེ་ལྟར་ཞེས་བྱ་བ་ནི་གཅིག་ཉིད་དུ་མངོན་སུམ་གྱིས་ཅི་སྟེ་མི་རྟོགས་འདི་ལ་ཕ་རོལ་པོས་བརྗོད་པ་ནི། དེ་ དང་ཞེས་བྱ་བ་སྟེ་སྔར་གྱི་ཡུལ་དང་ལྷན་ཅིག་འབྲེལ་པ་གང་ཡིན་པ་དེ་དང་བྲལ་བའི་ཕྱིར་དེ་ལྟར་མི་རྟོགས་སོ་འོ་ན་ཞེས་བྱ་བ་ནི་ལན་ནོ། །གང་གིས་ཞེས་བྱ་བ་ནི་མངོན་སུམ་མམ་རྗེས་སུ་དཔག་པས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་རྟོགས་པ་ཙམ་ཚད་མར་ཁས་ལེན་ནའོ། །འོན་ཏེ་སྔར་གྱི་དུས་ལ་ སོགས་པ་དང་འབྲེལ་པ་མ་རྟོགས་མེད་དོ། །རེ་ཞིག་འབྲེལ་པ་ཅན་ནི་རྟོགས་པ་ཡིན་ནོ་སྙམ་ན་གལ་ཏེ་སྔོན་གྱི་ཞེས་བྱ་བའོ། །འོན་ཏེ་ད་ལྟ་ཉིད་དུ་སྐྱེས་པ་ནི་སྔར་ཉིད་ཡོད་པ་མ་ཡིན་པས་ན་ཇི་ལྟར་བརྟག་པར་འགྱུར་ཞེ་ན། གལ་ཏེ་ཞེས་གསུངས་སོ། །ད་ལྟར་བ་དེ་སྔར་མ་སྐྱེས་པ་ཅི་ ལྟར་ཡོད་ཅེས་གཞན་གྱིས་དྲིས་པ་ལ་སྔར་ཞིག་པའི་བུམ་པ་ལ་སོགས་པ་ཡང་ཇི་ལྟར་ཡོད་དེ། དེ་ཡང་བརྟག་པ་ཉིད་དུ་མི་འགྱུར་རོ། །ཕ་རོལ་པོ་ཁྱད་པར་སྟོན་པ་ནི་ཁྱད་པར་འདི་ཞེས་གསུངས་ཏེ། འབྱུང་བར་འགྱུར་བ་ནི་དྲན་པ་མ་ཡིན་ནོ་ཞེས་དགོངས་པའོ། །འདི་ལ་གྲུབ་པའི་མཐའ་པས་ གསུངས་པ་ནི། སྔར་ཞེས་གསུངས་སོ། །ཕ་རོལ་གྱིས་སྨྲས་པ་ནི་འབྱུང་བ་ཉིད་དུ་ཞེས་བྱ་བའོ། །འདི་ལ་ལན་ནི་འབྱུང་བར་འགྱུར་བ་ཞེས་བྱ་བའོ། །འདིར་ཡང་ཞེས་བྱ་བ་ནི་ཞིག་པ་ལ་ཡང་ངོ་། །འདི་ལ་བརྗོད་པ་ནི་དབུས་སུ་ཞེས་བྱ་བའོ། །རེ་ཞིག་གང་གི་ཚེ་རྟོགས་པ་དེའི་ཚེ་ཡོད། མེད་པར་ན་ཡོད་དོ་ཞེས་བྱ་བར་གོ་ཇི་ལྟར་འགྱུར་ཏེ་བར་དུ་མ་རྟོགས་པའི་ཕྱིར་རོ། །ཕ་རོལ་པོས་ད་ལྟར་ཞེས་སྨྲས་སོ། །ད་ལྟར་མཐོང་བས་དབུས་སུ་ཡོད་པར་ཇི་ལྟར་ཞེ་ན་སྔར་ཞེས་སྨྲས་སོ། །ལན་ནི་འོ་ན་ཞེས་གསུངས་སོ། །འོ་ན་རྗེས་སུ་དཔག་པས་སྔར་ཡོད་པ་ཉིད་དུ་རྟོགས་སོ་ ཞེ་ན། རྗེས་སུ་དཔག་པ་ཡང་ཞེས་སྨྲས་སོ། །བར་མེད་པ་ཞེས་བྱ་བ་ནི་འདི་ནི་སྔར་ཞེས་གནས་པ་ཉིད་མཐོང་བ་ཡིན་གྱི་དངོས་པོ་གཞན་མཐོང་བས་བར་ཆོད་པ་ནི་མ་ཡིན་པ་དེ་ལའོ། །སུན་འབྱིན་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་ངའི་མཐོང་བའི་རྒྱུན་མ་ཆད་དོ་ཞེས་བྱ་བའི་ དྲན་པ་ཉིད་དོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་སྔར་གནས་པ་ཉིད་ཀྱིས་ནི་མ་ཡིན་པའོ། །དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི་གལ་ཏེ་དེ་ཉིད་ཀྱིས་བྱེད་ནའོ། །དེ་ཉིད་ཅེས་བྱ་བ་ནི་སྔར་གནས་པ་ཉིད་དོ། །དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ནི་སྔར་གནས་པ་ཉིད་དུའོ། །དེ་ཉིད་ལ་ནི་སྔར་གནས་པ་ཉིད་ལའོ། །ཐུག་པ་མེད་ པ་ཉིད་སྟོན་པ་ནི་གང་གི་ཕྱིར་ཞེས་བྱ་བའོ། །དེ་ལ་ཡང་ཞེས་བྱ་བ་ནི་དེ་ཉིད་དོན་བྱ་བ་ནི་ཡིན་ནོ་ཞེས་བྱ་བ་དེ་ལ་ཡང་ངོ་། །བར་བཅད་པའི་ཕྱིར་ཞེས་བྱ་བ་ནི་བློའི་བློས་སོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཅིག་གི་ཚེ་ཉིད་ཕྱི་མ་ལ་སོགས་པ་འཛིན་པ་དང་འཛིན་པའི་འཛིན་པར་ཡང་འགྱུར་བ་ ཡིན་ཏེ། དེས་ན་ཕྱི་མོ་འཛིན་པ་ཐམས་ཅད་དུས་མཚུངས་པ་ཁོ་ནར་དེ་འཛིན་པས་ཉམས་སུ་མྱོང་བའི་ཕྱིར་བློ་ཡུན་རིང་པོ་དྲན་པ་འཐད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་ཞེ་རྩིས་སོ། །འདི་ལ་བརྗོད་པ་ནི་དེ་ཡང་མི་འཐད་དེ་བྱ་བའོ། །དོན་དེ་དང་ཤེས་པ་གཉིས་ཀྱིས་མྱོང་བ་གང་ཡིན་པ་དེ་དག་གོ། ། ཡང་ཇི་ལྟར་ན་ཤེས་པ་ཅིག་ཅར་འབྱུང་བ་མི་འདོད་སྙམ་ན་ཤེས་པ་ཅིག་ཅར་ཞེས་བྱ་བའོ། །ཕྱེད་ཕྱི་མ་འཆད་པ་ནི་དོན་སྣང་བའི་ཞེས་བྱ་བའོ། །འོ་ན་ཅི་ལྟར་རྟོགས་སྙམ་ན་རང་གིས་ཞེས་གསུངས་སོ། །གཞན་གྱིས་བྱས་པའི་དཔེ་ཉིད་མི་འགྲིག་པར་སྟོན་པ་ནི་གལ་ཏེ་བདེ་བ་ཞེས་བྱ་བའོ། །དེའི་བློ་ཡང་ཞེས་ བྱ་བ་ནི་བདེ་བ་ལ་སོགས་པའི་བློ་ཡང་ངོ་། །ཐ་དད་པར་ཡང་ཅི་སྟེ་མི་འགྱུར་ཞེ་ན། ཐ་དད་པར་སྣང་བ་ཞེས་གསུངས་སོ། །འོ་ན་བདེ་བ་རིགས་པ་ཅི་ལྟར་གཞག་པར་རིགས་ཤེ་ན། བདེ་བ་མྱོང་བ་ཞེས་བྱ་བའོ། །དོན་ལ་ཡང་དེ་ཁོ་ན་ལྟར་རིགས་སོ་ཞེས་སྟོན་པ་ནི་དེ་བཞིན་དུ་ཞེས་བྱ་བ་ནི་ཡང་མྱོང་ངོ་ཞེས་རིགས་ སོ། །འདི་ན་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་ལའོ། །སྣང་བ་གཟུགས་ལ་སོགས་པ་ལས་ཐ་དད་པ་མེད་པ་ཁོ་ནའོ། །གང་གི་ཚེ་ཞེ་ན་གལ་ཏེ་ཞེས་བྱ་བའོ། །དོན་ལ་བརྗོད་པ་ནི་རིག་པ་དང་ཞེས་བྱ་བའོ། །དེའི་ཚེ་རིག་པ་དང་སྔོན་པོ་ལ་སོགས་པ་ཐ་དད་པ་དེ་ལྟར་བརྟག་པ་ཡིན་ན། དེ་ལྟ་ཡང་ཞེས་བྱ་བ་ རིག་པ་དང་སྔོན་པོ་ལ་སོགས་པ་ཐ་དད་པར་མཚོན་པ་ཡང་མ་ཡིན་ནོ། །འབའ་ཞིག་ནི་གཟུགས་དང་བྲལ་བའོ། །གཟུགས་དང་སྣང་བ་དང་བྲལ་བར་བྱིས་པ་ལ་སོགས་པ་འགའ་ཞིག་གིས་དམིགས་པ་ཡིན་ནོ། །དེ་བཞིན་དུ་རིམ་གྱིས་པ་ལ་ཡང་དོན་དང་དོན་སྣང་བ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། ། ཉེས་པ་དེ་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །རེ་ཞིག་དང་པོ་ནི་དོན་རིག་པར་འགྱུར་བ་ཡིན་ནོ། །དེ་ནས་ནི་དོན་སྣང་བའི་ཤེས་པ་རིག་གོ། །འོན་ཏེ་དོན་རིག་པ་རིག་པའི་དུས་ན་དོན་དུ་སྣང་བ་མི་རིག་པ་སྟེ་དོན་རིག་པ་ཙམ་རིག་པའི་ཕྱིར་རོ་ཞེ་ན། དོན་རིག་པ་ནི་ཞེས་གསུངས་སོ། །དག་པའི་དོན་དུ་སྣང་བ་དང་ བྲལ་ལོ། །དེས་ན་དོན་རིག་པ་རིག་ཡིན་ན། ངེས་པར་དུས་སུ་སྣང་བ་རིག་པར་འགྱུར་རོ། །དེས་ན་དོན་གྱི་རྣམ་པ་ལན་གཉིས་སུ་སྣང་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་སྣང་བ་མ་རིག་ནའོ། །རྣམ་འགྲེལ་འདི་ནི་མངོན་པར་འདོད་པའི་དོན་བཤད་པའི་དོན་དུ་སུན་འབྱིན་པར་བྱེད་པས་སྨྲས་པ་ ནི་འདིར་ཞེས་བྱ་བའོ། །དེ་ལ་ཡང་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའི་རིག་པ་འཛིན་པ་ལ་ཡང་ངོ་། །སྐབས་ཉིད་ལ་ཞེས་བྱ་བ་ནི། དྲན་པ་ལས་ཀྱང་བདག་རིག་གྲུབ། །ཅེས་བྱ་བ་འདི་ལའོ། །འཕོ་བར་མི་འགྱུར་བ་ཉིད་སྒྲུབ་པར་བྱེད་པ་ནི་ཕྱི་མ་ཕྱི་མས་ཞེས་བྱ་བའོ། །གེགས་བྱེད་པ་ཞེས་བྱ་བ་ནི་ ཤེས་པ་སྔ་མ་ཤེས་པ་ཕྱི་མས་མྱོང་བ་ལའོ། །དེ་ལ་ཞེས་བྱ་བ་ནི་བློ་ཕྱི་མ་ལའོ། །ཕྱིའི་གེགས་བྱེད་པ་མེད་པ་ན་བློ་སྔ་མ་ཕྱི་མས་མྱོང་བར་འགྱུར་རོ། །དོན་གྱིས་གོ་བས་ཞེས་བྱ་བ་ནི་ཉམས་སུ་མྱོང་བར་གྱུར་པའི་དོན་གཞན་དུ་མི་འཐད་པས་སོ། །རྒྱུན་མི་འཆད་པས་ཞེས་བྱ་བ་ནི་བར་ཆད་མེད་པར་རོ། །དེའི་ཚེ་ ཡང་སོ་སོར་དོན་ཉམས་སུ་མྱོང་བའི་མཚན་ཉིད་གཞན་རྣམས་ལ་དོན་གྱིས་གོ་བ་ཅི་ཞིག་ཡོད་དེས་ན་བློའི་སྐད་ཅིག་དེ་མཐའ་དག་ཉམས་སུ་མྱོང་བར་འགྱུར་རོ། །དེ་ལྟ་ཡིན་དང་དུས་དེ་སྲིད་བདག་གིས་མཐོང་ངོ་ཞེས་དྲན་པར་ཡང་མི་འགྱུར་རོ། །སུན་འབྱིན་པ་གཞན་ཡང་བརྗོད་པ་ནི་དོན་གྱིས་གོ་བ་དྲན་པ་ ཞེས་བྱ་བའོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཉམས་སུ་མྱོང་བར་རོ། །དེས་ན་དོན་གྱི་བློ་ཉམས་སུ་མྱོང་བ་ལ་གགས་བྱས་པའི་ཕྱིར་བློ་ཉམས་སུ་མི་མྱོང་ཞིང་དྲན་པར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་སྐབས་ཉེ་བར་བསྡུ་བའོ། །ཉི་སྟེ་ཉམས་སུ་མྱོང་བ་ཉམས་སུ་མྱོང་བར་གྱུར་པས་ཅི་བྱ་སྟེ། དོན་ཡོད་པ་ ཙམ་གྱིས་མྱོང་བར་འགྱུར་བ་ཡིན་ནོ་ཞེ་ན། ཡོད་པ་ཙམ་ལས་ཞེས་གསུངས་སོ། །གཞན་གྱིས་སྨྲས་པ། དབང་པོ་དང་འབྲེལ་པ་ལས་དོན་ཉམས་སུ་མྱོང་བར་འགྱུར་གྱི། མྱོང་བ་ཉམས་སུ་མྱོང་བ་ལས་ནི་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་དབང་པོ་དང་འབྲེལ་བ་དེ་ཡང་ཚད་མ་གང་ལས་རྟོགས་པར་ བྱ། དེ་ལ་ཡང་ཞེས་བྱ་བ་འདས་པ་ལ་སོགས་པའི་རྣམ་པར་རྟོག་པ་ལ་ཡང་ངོ་། །དེས་ཞེས་བྱ་བ་ནི་ཡུལ་དང་དུས་གཞན་གྱི་བདག་ཉིད་ཅན་གྱིས་སོ། །དེ་ཉིད་ཀྱིས་ཞེས་བྱ་བ་དེ་འདྲ་བའི་དོན་གྱིས་ཕྱོགས་པའི་ཕྱིར་ཏེ་ཁྱེར་བའི་ཕྱིར་རོ། །འདི་ཉིད་གཞུང་འཛུགས་པ་དབང་པོའི་ཞེས་བྱ་བའོ། །རེས་འགའ་ཞེས་བྱ་ བ་ནི་དོན་ཉེ་བའི་གནས་སྐབས་ནའོ། །རེས་འགའ་ནི་ཞེས་བྱ་བ་དོན་མི་ཉེ་བ་ནའོ། །དེ་ལྟ་མ་ཡིན་པར་ཞེས་བྱ་བ་ནི་རྒྱུན་ཆད་པར་རོ། །འདི་ནི་ཁས་བླངས་ནས་བརྗོད་པར་ཟད་ཀྱི་འཐད་ཀྱི་ནི་མ་ཡིན་ཏེ། དོན་ཉེ་བར་མ་ཡིན་པའི་གནས་སྐབས་མེད་པའི་ཕྱིར་རོ། །དོན་གཞན་ལ་ཆགས་པས་ཏེ་འཆལ་པས་ནུས་པ་ ཉམས་ཀྱང་ངོ་། །གཅིག་ཤེས་ཞེས་བྱ་བ་ནི་ཐོགས་པ་མེད་པའོ། །དེའི་ཕྱིར་བློ་སྔ་མ་ནུས་པ་མེད་པའི་ཕྱིར་ཕྱིས་དོན་གྱི་བློར་མི་འགྱུར་རོ། །འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་དེའི་དབང་པོའི་ཤེས་པ་ལྔ་པོ་གང་ཡིན་པའོ། །འོན་ཏེ་འཇུག་པའི་རྣམ་པར་ཤེས་པ་སྔ་མ་ཡང་རྒྱུ་ཡིན་ལ་ཀུན་གཞིའི་རྣམ་ པར་ཤེས་པ་ཡང་ཡིན་པའི་ཕྱིར་ཉེས་པ་ཅི་ཡོད་སྙམ་ན་འཇུག་པའི་ཞེས་གསུངས་སོ། །གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་རྒྱུ་ཡིན་ན་ནི་དེའི་ཚེ་དུས་ཕྱིས་ཀྱང་འཇུག་པའི་རྣམ་པར་ཤེས་པ་སྔ་མ་ཉིད་སྐྱེ་བར་འགྱུར་ན་དེ་ལྟ་ཡང་མ་ཡིན་ཏེ། དེས་ན་སྔ་མ་དང་རིགས་མཐུན་ཤིན་ཏུ་གསལ་བ་ གཅིག་ཉིད་འབྱུང་བ་ལས་ནི་རིགས་མཐུན་པའི་རྣམ་པར་ཤེས་པ་ལས་སྔ་མ་ཉིད་དེ་མ་ཐག་པའི་རྐྱེན་ཡིན་ནོ། །བདག་ཅག་གིས་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཁས་མ་བླངས་ཏེ། ཉེས་པ་འདི་ནི་གང་གིས་ཁས་བླངས་པ་དེ་ཉིད་ལ་འགྱུར་རོ་ཞེས་ཐུགས་ལ་བཞག་ནས་རེ་ཞིག་ཞོག་ཅིག་ཅེས་ གསུངས་སོ། །དེ་ཡང་ཞེས་བྱ་བ་ནི་དེ་མ་ཐག་པའི་རྐྱེན་ཏོ། །འགའ་ཡང་མེད་པར་འགྱུར་རོ་ཞེས་བྱ་བ་ནི་ཤེས་པ་ཕྱི་མ་མི་འགྱུར་རོ། །ཆགས་པ་ཞེས་བྱ་བ་ནི་ཀུན་དུ་ཆགས་པ་དང་ལྡན་པའོ། །དེ་ལ་ཡང་ཞེས་བྱ་བ་ནི་ཡིད་ལའོ། །དེ་ཡང་ནི་ཡིད་ཀྱི་དབང་པོའི་ཡང་ངོ་། །དེ་ཡང་ཞེས་བྱ་བ་ནི་ ཅིག་ཅར་མི་སྐྱེ་བའོ། །རྣམ་པར་ཤེས་པ་སྔ་མ་གཞན་ཆགས་པ་གང་ཡིན་པ་དེ་ནུས་པ་ཉམས་པ་ཉིད་ཀྱིས་གྲུབ་པའི་ཕྱིར་ཇི་ལྟར་ཡིད་འགྲུབ། གང་གིས་ཡིད་བརྟག་པར་འགྱུར་བ་ཐམས་ཅད་ཀྱི་ཚེ་རྣམ་པར་ཤེས་པ་ཅིག་ཅར་མི་སྐྱེ་བ་ཉིད་ཀྱང་མ་ཡིན་ནོ་ཞེས་སྟོན་པ་ནི། ལྷན་ཅིག་སྐྱེ་བ་ཡང་ ཞེས་བྱ་བའོ། །འཇུག་པ་མཚུངས་པ་ལའང་ཞེས་འང་གི་དོན་བརྗོད་པ་ནི་གཞན་དུའང་ཞེས་བྱ་བའོ། །འདི་ཉིད་ཀྱི་དོན་བསྡུས་ཏེ་བསྟན་པ་ནི་ཐམས་ཅད་ཀྱི་ཞེས་བྱ་བའོ། །མར་མེ་དུ་བས་མཐོང་ཞེས་བྱ་བ་ནི་མར་མེ་གང་ལ་འབྲས་བུ་མཐོང་བ་དུ་མ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །འོན་ཏེ་ལྟ་བ་པོ་དུ་ མའི་དབང་གིས་སྒྲོན་མས་ཤེས་པ་མ་བསྐྱེད་དོ་ཞེ་ན། ལན་དུ་འདི་ལ་ཡང་ཞེས་བྱ་བ་སྟེ། སྐབས་སུ་བབ་པའི་ཡུལ་ལྔ་ཉེ་བར་གནས་པ་ལ་ཡང་ངོ་། །ཁྱད་པར་ནི་དེའི་བདག་ཉིད་དུ་མི་འགྱུར་ཏེ། དུས་ཕྱིས་འབྱུང་བའི་ཕྱིར་དད་རྒྱུ་ཐ་དད་པའི་ཕྱིར་རོ། །འོན་ཏེ་ཁྱད་པར་དེ་གཞན་ཁོ་ནའོ་ཞེ་ན། དེའི་ཚེ་གལ་ ཏེ་ཁྱད་པར་དེ་གཞན་ན་ཡིད་རྟག་པ་གཅིག་པུའི་རང་བཞིན་དེའི་ཅི་ཡིན་ཏེ་ཅི་ཡང་མ་ཡིན་ནོ། །འོན་ཏེ་ཁྱད་པར་དེ་ཡིད་དང་འབྲེལ་པ་ཡིན་ནོ་ཞེ་ན། ཡིད་དེ་དང་ཁྱད་པར་དེ་འབྲེལ་ནའང་ཁྱད་པར་འདི་ཡིད་དེའི་ཡིན་པར་འགྱུར་མོད་ཀྱི། རང་བཞིན་གཅིག་ཡིན་པར་མི་འགྱུར་རོ། །དེས་ ན་ཁྱད་པར་གཞན་སྐྱེས་ཀྱང་སྔ་མ་བཞིན་དུ་ཡིད་དེ་སྐྱེད་པར་བྱེད་པའམ། སྐྱེད་པར་མི་བྱེད་པ་ཐམས་ཅད་ཀྱི་ཚེ་འགྱུར་རོ། །རྣམ་པར་ཤེས་པ་དེ་ཉིད་ཅེས་བྱ་བ་ནི་ལུས་དང་སྐྱེས་བུ་དག་རྟག་པས་ཁྱད་པར་དུ་འགྱུར་བ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདུ་བྱེད་དེ་གང་ལས་ཕྱིས་སྐྱེ་བ་ཡིན་ འདི་ལ་གཞན་གྱིས་བརྗོད་པ་ནི་ཤེས་པ་ལས་སྐྱེས་པ་ཞེས་བྱ་བའོ། །ཁས་ལེན་པས་གལ་ཏེ་ཞེས་བྱ་བའོ། །འོ་ན་བག་ཆགས་ཉིད་བློའི་སྐྱེད་བྱེད་ཡིན་གྱི་བློ་ནི་མ་ཡིན་ནོ་སྙམ་ན། བློ་ལས་ཞེས་གསུངས་སོ། །དེ་ལྟ་བུ་ཉིད་དུ་མཐོང་ངོ་ཞེས་བྱ་བ་ནི་སྣང་བའི་རང་བཞིན་ཤེས་པ་སྐྱེད་པར་ བྱེད་པ་ཐམས་ཅད་ནི་གཟུང་བ་ཞེས་བྱ་བ་ནི་འཁོར་བར་མ་མཐོང་ངོ་། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ་བསམ་པ་ནི་འདི་མིན་ཏེ། རང་བཞིན་འགས་རྣམ་པར་ཤེས་པ་དེ་བསྐྱེད་པ་ཡིན་ཡང་གཟུང་བར་བྱ་བ་མ་ཡིན་པར་ཡང་འགྱུར་རོ་ཞེས་བྱ་བའོ། །འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་ བའོ། །ཤེས་པ་སྔ་མའི་གཟུང་བའི་ནུས་པ་གང་ཡིན་པ་དེ་ཉམས་པར་འགྱུར་གྱི་སྐྱེད་པར་བྱེད་པའི་རང་བཞིན་ནི་ཉམས་པ་མ་ཡིན་ནོ། །དེས་ན་བློ་སྔ་མ་ལས་ཤེས་པ་ཕྱི་མ་སྐྱེད་པར་བྱེད་དོའི་ཞེ་ན། འདི་ལ་བརྗོད་པ་ནི་དེ་ནི་མི་རིགས་ཏེ་ཞེས་བྱ་བའོ། །དེ་དངོས་པོར་ངེས་པ་ནི་སྐྱེད་བྱེད་ཀྱི་ དངོས་པོར་ངེས་པའོ། །སྐྱེད་པར་བྱེད་པ་དེ་ནི་བློ་ལ་ཡང་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཞེས་བྱ་བ་ནི་གཟུང་བ་ཉིད་དུའོ། །དེར་ཡང་ཞེས་བྱ་བ་ནི་གཞན་གྱིས་སྨྲས་པ་རིངས་པར་བགྲང་བའི་ཚེ་ཡང་ངོ་། །མ་ཡིན་ཏེ་ཞེས་བྱ་བ་ནི་འགོག་པའོ། །ད་ནི་རྣམ་པར་རྟོག་པར་བྱེད་དེ་དོན་གྱིས་གོ་བ་འདི་དོན་ ནམ་དོན་རིག་པའམ་གཉི་ག་ལས་སྐྱེ་གྲང་ན། རེ་ཞིག་དོན་ལས་ནི་སྐྱེ་བ་མ་ཡིན་ཏེ། དེའི་ཚེ་ནི་དོན་དེ་ལས་རང་དང་གཞན་གྱི་རྒྱུ་ལ་ཡོད་པའི་བློ་ཐམས་ཅད་རྟོགས་པར་འགྱུར་རོ། །དོན་ནི་ཐུན་མོང་ཡིན་པའི་ཕྱིར་རོ་ཞེས་དགོངས་པའོ། །དོན་རྟོགས་པ་ལས་ཀྱང་དོན་གྱི་བློ་རྟོགས་པ་ཙམ་དུ་ འགྱུར་གྱི་འདི་ངའི་དོན་རྟོགས་པ་ཡིན་ནོ་ཞེས་ནི་མ་ཡིན་ནོ། །དེ་ཉིད་ཕྱིར་ན་ཞེས་བྱ་བ་ནི་ཉེས་པ་བཤད་ཟིན་པ་ཉིད་ཀྱི་ཕྱིར་རོ། །འོན་ཏེ་དོན་རིག་པ་ལས་རིག་པ་རྟོགས་པ་ཡིན་ནོ་ཞེ་ན། འདི་ལ་ཚིག་ལེའུར་བྱས་པས་བརྗོད་པའི་ཉེས་པ་གཞན་ཉིད་བརྗོད་པ་ནི་དོན་རིག་པ་དེ་ཉིད་ཅེས་བྱ་བའོ། ། འོན་ཏེ་དོན་རིག་པ་ནི་མཐོང་བ་ཉིད་དེ་དེས་ན་མ་མཐོང་བའི་རྟོགས་པར་འགྱུར་རོ་ཞེ་ན། དོན་མྱོང་བ་ཡང་ཞེས་བྱ་བའོ། །རྣམ་པར་རྟོག་པ་གསུམ་པ་ལ་བརྗོད་པ་ནི། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །གཉིས་པ་ནི་དོན་དང་རིག་པའོ། །འོན་ཏེ་རིག་པ་གཅིག་པུ་མི་མཐོང་མོད་གཉི་ག་ཅི་སྟེ་མི་ མཐོང་ཞེ་ན། གཅིག་མ་མཐོང་ན་ཞེས་གསུངས་སོ། །འོན་ཏེ་ཁྱད་པར་མེད་ཀྱང་རེས་འགའ་འཛིན་ལ་རེས་འགའ་མི་འཛིན་པའི་ཕྱིར་ཉེས་པ་ཅི་ཡོད་སྙམ་ན་གལ་ཏེ་ཡུལ་ལ་ཞེས་གསུངས་སོ། །དེ་ཞེས་བྱ་བ་ནི་འཛིན་པའི་རྣམ་པར་དབྱེ་བའོ། །ཁོ་བོ་ཅག་གིས་ཐལ་བར་སྒྲུབ་པའི་ཡུལ་ གཞན་ལ་འཕོ་བར་འགྱུར་བ་ནི་ཁྱེད་ཀྱིས་མ་སྤངས་སོ་ཞེས་དགོངས་པའོ། །ནུས་པ་དུ་མ་དང་གཅིག་པ་དེ་རྣམས་མེད་ཀྱང་དངོས་པོ་རྣམས་ནི་འབྲས་བུ་དུ་མ་དང་གཅིག་ཀྱང་བྱེད་པ་ཡིན་ནོ། །འདི་ཇི་ལྟར་ཞེས་བྱ་བ་ནི་བརྒལ་ཞིང་བརྟག་པའི་རྣམ་པའོ། །དེ་ཞེས་བྱ་བ་ནི་སོ་སོར་ངེས་པའོ། །དེ་ལྟ་མ་ ཡིན་ན་ཞེས་བྱ་བ་ནི་གལ་ཏེ་རང་གི་རྒྱུའི་ནུས་པ་ཁས་མི་ལེན་ནའོ། །ཆོག་མོད་ཅེས་བྱ་བ་ནི་གང་ལ་ནུས་པ་སྣ་ཚོགས་མེད་ཀྱང་འགའ་ཞིག་འབྲས་བུ་སྣ་ཚོགས་བྱེད་ལ་ནུས་པ་གཅིག་མེད་ཀྱང་འགའ་ཞིག་ནི་འབྲས་བུ་གཅིག་བྱེད་པ་འདི་ནི་དངོས་པོ་རྣམས་ཀྱི་རང་བཞིན་ཡིན་ནོ་ཞེས་བྱ་བས་སོ། ། གལ་ཏེ་ནུས་པ་ཐ་དད་པའི་རྟོགས་པ་འདི་མེད་ན་དེའི་ཚེ་འདིའི་ནུས་པ་ཞེས་ཐ་དད་པར་རྟོགས་པ་ཇི་ལྟར་ཞེ་ན། རང་གི་ངོ་བོར་ཞེས་གསུངས་ཏེ། རང་བཞིན་དུ་གྱུར་པའི་ཆོས་གང་ཡིན་པ་དེ་ཐ་དད་པར་སྒྲོ་བཏགས་ནས་འདི་ལྟར་རྟོགས་པ་ཡིན་གྱི་དེ་ཁོ་ན་ཉིད་དུ་ནི་མ་ཡིན་ནོ། །འདི་ཇི་ལྟར་རྟོགས་པར་བྱ་ ཞེས་བརྩད་པ་ན་བརྗོད་པ་ནི་ནུས་པ་ལ་ཡང་ཞེས་བྱ་བའོ། །དེ་ཉིད་གཞུང་འཛུགས་པ་ནི་འདི་ལྟར་ཞེས་བྱ་བའོ། །མ་ཡིན་ཞེས་བྱ་བ་ནི་རྩོད་པ་འགོག་པའོ། །དེས་ན་འབྲས་བུ་འགའ་ཞིག་ནི་གཅིག་ལས་འགྱུར་བ་ཡིན་ལ་འབྲས་བུ་འགའ་ཞིག་ནི་ཚོགས་པ་ལས་ཇི་ལྟར་མཐོང་བ་བཞིན་འབྱུང་བ་མ་ ཡིན་ནོ། །དེ་དག་དེའི་ཡིན་ནོ་ཞེས་བྱ་བའི་ཐ་སྙད་མེད་པ་ཉིད་དེ། དེས་ན་དེ་ལས་ཕན་པ་དཔྱད་པས་ཅི་ཞིག་བྱ་སྙམ་ན། གཞན་དུ་ནི་ཞེས་བྱ་བ་སྟེ། དེ་དག་དེའི་ཞེས་འབྲེལ་པ་མེད་ནའོ། །དེ་ལྟར་ཞེས་བྱ་བ་ཐ་དད་པར་མཐོང་བར་ཐལ་བ་ཡིན་ནོ། །དེས་ན་ཇི་ལྟར་ནུས་པ་རྣམས་དེ་དག་དེའི་ ཞེས་ཉེ་བར་བསྟན་པའི་དོན་གཅིག་ལས་ཕན་པ་དོན་དུ་གཉེར་བར་བྱེད་པ་དེ་བཞིན་དུ་འབྲས་བུ་དུ་མ་ཡང་གཅིག་ལས་ཕན་པ་ལ་བརྟེན་པར་འགྱུར་ན། ཅི་ཉེས་ཞེས་དགོངས་པའོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་མ་ཡིན་ཞེས་བྱ་བའི་དགག་པ་འགའ་ཞིག་གཅིག་ལས་གཅིག་ཅེས་བྱ་བ་དང་ འབྲེལ་ནས་འཆད་པའོ། །ཇི་ལྟར་ཞེས་བྱ་བའི་ནུས་པ་དུ་མ་ལས་ཕན་འདོགས་པའི་སྒོ་ནས་སོ། །དེ་བཞིན་དུ་ཞེས་བྱ་བ་ནི་འབྲས་བུ་དུ་མ་ལས་ཕན་འདོགས་པའི་སྒོ་ནས་སོ། །གཉི་ག་ཞེས་བྱ་བ་ནི་དོན་གྱི་བློ་དང་རང་གི་ཡུལ་ཅན་གྱི་བློའོ། །སྔར་ནི་ཞེས་བྱ་བ་བློ་སྔ་མའི་དུས་ན་སྣང་བ་ཡིན་ལ་ཕྱིས་ ནི་ཞེས་བྱ་བ་བློའི་དུས་སུ་ནི་དེའི་བློའོ། །འོན་ཏེ་ཞེས་བྱ་བ་ཉིད་ཕ་རོལ་པོ་གསལ་ཀ་བསྐྱེད་པ་ནི་བློ་ནི་ཞེས་བྱ་བའོ། །འདི་ལ་ལན་ནི་འོ་ན་ཞེས་བྱ་བའོ། །དོན་གྱིས་ཞེས་བྱ་བ་ནི་དོན་གསལ་བའི་དོན་གྱིས་སོ། །གཏན་འགྱུར་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་དུ་མ་འཛིན་པའི་རིམ་པ་གང་ཡིན་པ་དེའི་ དུས་སུ་ཡང་ངོ་། །གཞན་གྱི་ཚེ་ཞེས་བྱ་བ་ནི་ཕྱིས་ཀྱང་རྟོགས་པར་མི་འགྱུར་རོ། །དེས་ན་དོན་གྱིས་གོ་བས་དོན་གྱི་རིག་པ་ཡིན་པ་ན། ལན་བརྒྱར་ཞེས་བྱ་བ་དོན་ལ་མང་པོར་སྣང་བར་འགྱུར་རོ། །དེའི་ཚེ་ཡང་གསལ་བ་ལ་སོགས་པ་གང་ལས་དོན་གྱིས་གོ་བར་འགྱུར་བ་རང་གི་བློ་སྟོན་པར་བྱེད་པ་ དེའི་ཚེ་ནི་གསལ་བ་ལ་སོགས་པ་མཐོང་བ་འགའ་ཡང་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཚེ་ཞེས་བྱ་བ་རང་གི་བློ་སྟོན་པའི་དུས་ན། གསལ་བ་ལ་སོགས་པ་དོན་གྱིས་གོ་བར་བྱེད་པ་གང་ཡིན་པ་དེ་འདས་པའི་ཕྱིར་རོ། །དྲན་པར་གྱུར་པ་ཞེས་བྱ་བ་གསལ་བ་ཞེས་བྱ་བའི་དོན་མཐོང་བ་ལས་སོ། ། འདི་ལ་བརྗོད་པ་ནི་དྲན་པ་ཉིད་ཅེས་བྱ་བའོ། །དྲན་པར་གྱུར་པ་ལས་ནི་དྲན་པ་རྟོགས་ཀྱི་མྱོང་བ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་ནམ་གྱི་ཚེ་ཡང་རྟག་ཏུ་མེད་པར་འགྱུར་རོ། །ཁས་བླངས་ནས་ཀྱང་བརྗོད་པ་ནི་དེར་ཡང་ཞེས་བྱ་བ་སྟེ། བརྟགས་པའི་མྱོང་བ་ལས་ཡང་ངོ་། །བརྗོད་པ་གཉིས་དང་གཉིས་ སུ་སྣང་བར་དྲན་པ་དང་མྱོང་བར་ཡང་འགྱུར་རོ། །འོན་ཏེ་དྲན་པར་བྱ་བ་ལས་ནི་དྲན་པ་རྟོགས་ལ་དེ་གང་མྱོང་བ་མེད་པར་མི་འཇུག་པ་དེས་ན་མྱོང་བ་རྟོགས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་ཞེས་གསུངས་སོ། །བདག་གིས་ཉམས་སུ་མྱོང་འགྱུར་ཞེས་རྣམ་པ་དེ་ལྟར་དྲན་པ་འཇུག་པ་ན། ངའི་ བློ་ཡོད་པར་གྱུར་ཏོ་ཞེས་བྱ་བ་རྣམ་པ་དེ་ལྟར་དོན་གྱིས་གོ་བ་ནི་མི་སྲིད་པ་ཁོ་ནར་ཏེ་དྲན་པ་ཙམ་གྱིས་འཇུག་པའི་ཕྱིར་རོ། །ཕྱིས་ཀྱང་དོན་གྱིས་གོ་བ་མ་ཡིན་ཏེ། དྲན་པ་ཉིད་ནི་ཚད་མ་མ་ཡིན་པས་དོན་གྱིས་གོ་བ་མ་ཡིན་པའི་ཕྱིར་རོ། །དྲན་པ་ལས་གཞན་པའི་དོན་གྱིས་གོ་བ་ཡང་མྱོང་ བ་མེད་དེ། དེས་ན་དྲན་པ་ག་ལ་སྲིད་དེ། ཉམས་སུ་མྱོང་བ་དོན་གྱིས་གོ་བས་མ་གྲུབ་པའི་ཕྱིར་རོ། །ཁས་བླངས་ནས་ཀྱང་བརྗོད་པ་ནི་གང་གི་ཚེ་ཞེས་བྱ་བའོ། །འོན་ཏེ་མི་གསལ་བའི་རྣམ་པ་གཉིས་ནི་ཡོད་པ་མ་ཡིན་ཏེ། དོན་ལྐོག་ཏུ་གྱུར་པའི་ཕྱིར་རོ། །མི་གསལ་བའི་ རྣམ་པ་གཉིས་སུ་རིག་པ་ནི་ཡོད་པ་ཁོ་ནའོ་ཞེ་ན། འདི་ལ་བརྗོད་པ་ནི་དེ་ཡང་ཞེས་བྱ་བ་སྟེ། མི་གསལ་བའི་རྣམ་པ་གཉིས་རིག་པ་དེ་ཡང་ངོ་། །གང་ཞིག་ཅེས་བྱ་བའི་དོན་ནམ་ཤེས་པ་གང་གི་ཚེ་དོན་གྱིས་གོ་བར་འདོད་པ་དེའི་ཚེ་ཁོ་ན་དེ་དོན་གྱིས་གོ་བ་ཡིན་ནོ། །འདི་ཉིད་ གསལ་འདེབས་པ་ནི་གང་གི་ཕྱིར་ཞེས་བྱ་བའོ། །གང་གི་ཐ་མ་ཡིན་སྙམ་ན། གལ་ཏེ་ཡུལ་ཞེས་བྱ་བའོ། །གཞན་གྱིས་ཉམས་སུ་མྱོང་བར་གྱུར་པ་བཞིན་ཞེས་བྱ་བ་ནི། སྐྱེས་བུ་གཞན་གྱིས་མྱོང་བར་གྱུར་པ་ནི་དོན་ཉམས་སུ་མྱོང་བར་མི་འགྱུར་བ་དེ་དང་འདྲ་བར་རོ། ། དོན་གང་གིས་མྱོང་བ་ཉམས་སུ་མྱོང་བར་མ་གྱུར་པར་ནི་དེ་ཉམས་སུ་མྱོང་བར་གྱུར་པ་ཉིད་མི་སྲིད་པའི་ཕྱིར་རོ། །དང་པོར་གྱུར་པའི་བར་ཡང་ཉམས་སུ་མྱོང་བར་གྱུར་པ་མ་ཡིན་ནོ། །གཞན་གྱིས་མྱོང་བར་གྱུར་པ་བཞིན་དུ་ཞེས་བྱ་བའི་དཔེ་ཉིད་གསལ་བར་བྱེད་པ་ནི་དཔེར་ན་ཞེས་བྱ་ བའོ། །གཞན་གྱིས་ཉམས་སུ་མྱོང་བར་འགྱུར་ཡང་གཞན་དེས་ཉམས་སུ་མྱོང་བ་ནི། སྐྱེས་བུ་གཞན་ཉམས་སུ་མྱོང་བ་མེད་པའི་ཕྱིར་སྐྱེས་བུ་ཕ་རོལ་པོས་དོན་ཉམས་སུ་མ་མྱོང་བ་དེ་བཞིན་དུ་གཞན་གྱིས་ཉམས་སུ་མྱོང་བར་གྱུར་པའི་དོན་ལ་ཡང་མྱོང་བ་ཉམས་སུ་མྱོང་བར་མ་གྱུར་ པའི་ཕྱིར་མ་མྱོང་བར་འགྱུར་རོ། །འོན་ཏེ་གསལ་བ་ལ་སོགས་པ་ལས་རང་གིས་ཉམས་སུ་མྱོང་བར་རྟོག་གོ་ཞེ་ན། འདི་ལ་བརྗོད་པ་ནི་དོན་གྱི་རང་བཞིན་དེ་ནི་ཞེས་བྱ་བ་སྟེ། གསལ་བ་ཉིད་ལ་སོགས་པའོ། །ཇི་ལྟར་མྱོང་བ་ཡིན་ཞེས་བྱ་བ་ནི་བདག་དང་འབྲེལ་པར་ཡོངས་ སུ་བརྟག་པའོ། །གཞན་གྱིས་ཀྱང་མྱོང་བར་ཅི་སྟེ་མི་རྟག་ཅེས་དགོངས་པའོ། །གཞན་ཉམས་སུ་མྱོང་བ་ན་ཞེས་བྱ་བ་ནི་གང་གི་ཚེ་གཞན་གྱིས་དོན་མྱོང་བ་དེའི་ཚེའོ། །དེ་ཁོ་ནར་ནི་གཞན་གྱིས་མྱོང་བར་གྱུར་པ་ལ་ཇི་ལྟར་བདག་ཉིད་ཀྱི་མངོན་སུམ་ཡིན་པར་རྣམ་པར་འཇོག་མི་ནུས་པ་དེ་ བཞིན་དུ་བདག་གིས་མྱོང་བར་གྱུར་པ་ཡང་བདག་གི་གཞན་གྱིའོ་ཞེས་རྣམ་པར་གཞག་པར་མི་ནུས་སོ། །གཞན་རྟོགས་པས་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་རྟོགས་པས་སོ། །གཞན་ཞེས་བྱ་བ་ནི་སྣང་བཞིན་པའི་དོན་གྱི་རང་བཞིན་ནོ། །སྔོན་པོ་ལ་སོགས་པའི་དོན་རྟོགས་པ་ནི་བདེན་མོད་ཀྱི། འོན་ཀྱང་རང་ཉིད་ཅེས་བྱ་བ་རང་གི་ངོ་བོ་ཁོ་ནས་རྟོགས་པ་ཡིན་གྱི་ཤེས་པ་ནི་བརྟག་པར་མི་བྱའོ། །དེ་ཡང་བདག་གོ། །བྱེད་པ་པོ་ཉིད་དུ་ནི་རྟོགས་པའིའོ། །དེས་ན་རང་རིག་པ་མ་ཡིན་ཏེ་གཞན་རིག་པའང་ཡོད་པའི་ཕྱིར་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །ཅི་ལྟར་ལུས་ཡིན་སྙམ་ན་གང་གི་ཕྱིར་ཞེས་བྱ་ བའོ། །གང་གི་ཚེ་ལུས་ཉིད་རིག་པ་དེའི་ཚེ་ལུས་རང་རིག་པ་མེད་པ་ཁོ་ནའོ། །དེས་ཞེས་བྱ་བ་ནི་བདག་གིས་སོ། །བདག་རང་རིག་པས་ཉམས་སུ་མྱོང་བ་མེད་ཀྱང་བདག་ཉམས་སུ་མྱོང་ངོ་ཞེས་བྱ་བའི་ཐ་སྙད་ཇི་ལྟར་མི་འདོད་གསལ་བ་ཤེས་པས་དོན་གསལ་བའི་ཕྱིར་རོ། །ཇི་ལྟར་ཞེས་བྱ་བ་ནི་མིག་མ་ རྟོགས་པའི་ཕྱིར་རོ་ཞེས་བསམས་པའོ། །ལན་ནི་ངའི་ཞེས་བྱ་བའོ། །རང་རིག་པ་མ་ཡིན་ན་ཞེས་བྱ་བ་ནི་རང་རིག་པ་ཁས་མི་ལེན་ནའོ། །དེའི་ཚེ་མཐའ་དག་ཅེས་བྱ་བ་ནི་མཐའ་གསལ་བར་འགྱུར་རོ་ཞེས་ཧ་ཅང་ཐལ་བར་འགྱུར་གདོན་མི་ཟ་བར་འགའ་ཞིག་ལ་འགའ་ཞིག་གི་གསལ་བ་སྐྱེས་པའི་ཕྱིར་རོ། །འོན་ཏེ་ གང་གི་གསལ་བ་གང་ལ་སྐྱེས་པ་དེ་ལ་དེ་གསལ་བའི་ཕྱིར་ཧ་ཅང་ཐལ་བ་མ་ཡིན་ནོ་སྙམ་ན། གང་གི་ཞེས་གསུངས་སོ། །འབྲེལ་པ་ཡང་མི་འབྱུང་སྟེ་གསལ་བ་མ་རྟོགས་པའི་ཕྱིར་དེའི་རང་བཞིན་ནོ། །ཚད་མ་རྣམ་འགྲེལ་རྒྱན་གྱི་ཊཱི་ཀཱ་ལས། མངོན་སུམ་གྱི་ལེའུ་སྟེ་གཉིས་པའོ།། །།