Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 185

Văn bản gốc(Tây Tạng)

Trang 22 / 23 (50.000 ký tự/trang)
་། །ལན་བཏབ་ཟིན་པ་ཉིད་དྲན་པར་བྱེད་པ་ནི་ལོག་པར་བརྗོད་པ་ཡང་ཞེས་བྱ་བའོ། །མེད་པ་ཉིད་ཇི་ལྟར་སྙམ་ན་རྒྱུ་ཞེས་སྨོས་སོ། །འོན་ཏེ་སྐྱེས་པ་བྱེད་པ་ལ་མ་ཡིན་དུས་མཚུངས་པ་ཉིད་འཛིན་པ་ཡིན་
ནོ་སྙམ་ན་འགྲེལ་པ་མེད་པ་ཞེས་གསུངས་སོ། །ཡང་ན་གཟུང་བ་ཉིད་རང་གི་རྒྱུས་སོ་སོར་ངེས་པ་དེ་འདྲ་བར་བསྐྱེད་པ་ཡིན་ཏེ། གང་གི་དེ་ཉིད་ཀྱིས་འཛིན་གྱི་གཞན་གྱིས་མ་ཡིན་པར་འགྱུར་རོ། །ཡང་ན་གཉིས་ཀ་ཡང་ངེས་པར་བསྐྱེད་པ་ཡིན་ཏེ། དེས་ན་ཐམས་ཅད་འཛིན་པར་ཐལ་བ་ཡིན་
ནོ། །དེ་དག་ལས་ཞེས་བྱ་བ་ནི་ཡུལ་དང་ཤེས་པ་དག་ལའོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པའི་དངོས་པོ་ཙམ་གྱིས་སོ། །གཟུང་བ་དང་འཛིན་པའི་རྒྱུ་ལས་བྱུང་བ་ཡིན་ན་ཅི་ཞེས་བྱ་བའོ། །ཤེས་པ་གཉིས་ནི་དུས་མཉམ་པར་ཡོད་པ་ཡིན་ནོ་ཞེ་ན་གཉིས་ཞེས་གསུངས་སོ། །
དུས་མཉམ་པ་ན་ཡོད་པའི་འཛིན་པའི་བྱེད་པ་གཅིག་པོ་དེ་ནི་དེ་ལས་གཞན་པའི་འཛིན་པར་བྱེད་པ་དང་དུས་མཚུངས་པ་ཡིན་ལ། དེ་བཞིན་དེ་ཡང་གཞན་དང་མིན་པས་ཐུག་པ་མེད་དོ། །དེའི་ཚེ་ཞེས་བྱ་བ་ནི་ཤེས་པ་འཛིན་པའི་དུས་ནའོ། །གནོད་པར་བྱེད་པ་གཞན་ཡང་བརྗོད་པ་ནི་དང་
པོ་ཞེས་བྱ་བའོ། །དེའི་རང་བཞིན་ནི་སྔར་གཟུང་བར་བྱ་བ་མ་ཡིན་པའི་རང་བཞིན་ནོ། །དངོས་པོ་དེ་ནི་སྔར་ཡང་གཟུང་བའི་རང་བཞིན་ཉིད་དོ། །དེས་ན་གཟུང་བ་ནི་སྔར་གྱི་རང་བཞིན་ཉིད་རྟོགས་སོ་སྙམ་ན་འདི་ལ་བརྗོད་པ་ནི་སྔར་ཡང་ཞེས་བྱ་བ་སྟེ། གཟུང་བའི་རང་བཞིན་ནི་སྔར་ཡང་མེད་
པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྔར་ཡང་གཟུང་བ་ཡིན་མོད་ཅི་སྐྱོན་སྙམ་ན། འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་གཟུང་བའི་རྣམ་པ་དུས་མཉམ་པར་སྣང་བའོ། །དེའི་གཟུང་བའི་རྣམ་པ་དེ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །ཤེས་པའི་ཚོགས་ལས་སྐྱེས་པའི་ཕྱིར་རོ་
ཞེས་དོགས་སོ། །དེ་ལྟ་བུ་ཡང་ཞེས་བྱ་བ་ཤེས་པ་ཚོགས་པ་སྐྱེད་པ་ཡང་དོན་ཡིན་ན་དེའི་ཚེ་འཛིན་པར་བྱེད་པ་ཡང་དོན་ཡིན་པར་འགྱུར་རོ། །གཞན་དུ་གྱུར་པ་ཞེས་བྱ་བ་ནི་སྔར་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། འདི་ལ་བརྗོད་པ་ནི་སྔར་ཡོད་པ་ནི་ཞེས་བྱ་བ་སྟེ། སྔར་ཡོད་པ་ནི་གཟུང་བར་ནུས་པ་མ་

ཡིན་ནོ། །རྟོག་གོ་ཞེ་ན་རྟོག་པ་ཡིན་ནོ་ཞེས་གསུངས་སོ། །གཞན་གྱི་ལྟ་བ་ལ་ཞེས་བྱ་བ་ནི་མོད་སྡེ་པའི་ལྟ་བ་ལའོ། །དེའི་རྣམ་པར་ནི་དོན་གྱི་རྣམ་པར་རོ། །གལ་ཏེ་དེ་མེད་ན་ཇི་ལྟར་སྣང་སྙམ་ན་རང་མ་ཞེས་བྱ་བའོ། །གལ་ཏེ་རྗེས་སུ་དཔག་པ་ལས་དོན་རྟོགས་པ་ཡིན་ན་འོ་ན་ཇི་ལྟར་མེད་སྙམ་ན་དོན་
དམ་པར་ནི་ཞེས་སྨོས་སོ། །དུས་མཚུངས་པར་འབྱུང་བ་ཉིད་ཀྱི་འཛིན་པར་འགྱུར་རོ་སྙམ་ན། ལྷན་ཅིག་སྐྱེས་པའི་ཞེས་གསུངས་སོ། །དེས་ཕན་བཏགས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་དོན་དེས་ཤེས་པ་ལ་ཕན་བཏགས་པ་མེད་པའི་ཕྱིར་རོ། །དེས་ཞེས་
བྱ་བ་ནི། དེའི་རྣམ་པ་ཅན་དུ་སྟེ། སྐྱེས་པའི་ཤེས་པས་སོ། །དེ་ཞེས་བྱ་བར་དུས་མཚུངས་པར་བྱུང་བ་དེ་ལྟར་དེ་དང་པོར་རིག་ན་ཡང་དེའི་དབང་ཙམ་གྱིས་ཞེས་བྱ་བ་བྱེ་བྲག་པ་དེའི་དབང་ཙམ་གྱིས་ཡིན་ནོ། །ཤུགས་ཀྱིས་ཞེས་བྱ་བ་ནི་རྣམ་པ་གཞན་དུ་ན་རིག་པ་མི་འཐད་པས་སོ། །དེའི་
རྣམ་པ་ཞེས་བྱ་བ་དོན་གྱི་རང་བཞིན་མཐའ་དག་རང་གིས་བདག་གིར་བྱེད་འཛིན་པར་བྱེད་མངོན་དུ་བྱེད་པའོ། །དེའི་རྣམ་པ་མཐའ་དག་རང་གིས་བདག་གིར་བྱེད་པ་ཡང་དེ་ཡིན་ལ། མྱོང་བ་ཡིན་པ་སྟེ་རྣམ་པ་དེ་ལྟ་བུའི་ཤེས་པས་སོ། །འོ་ན་དོན་འདི་དུས་ཁྱབ་པ་འཛིན་པ་མ་ཡིན་ཏེ། དེའི་ཚེ་དུས་
གཅིག་དང་འབྲེལ་པར་འཛིན་པའི་ཕྱིར་དུས་གཅིག་གི་ཚེ་འཛིན་པས་ཇི་ལྟར་རྟག་པ་ཡིན། ཤེས་པ་དེ་ལྟ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་པ་ནི་སྐད་ཅིག་མ་ཉིད་ཀྱིས་སྔ་མ་དང་ཕྱི་མའི་རང་བཞིན་ཉིད་མ་ཡིན་པའི་ཕྱིར་རོ། །གཞན་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་གཞན་ལ་རག་ལས་པའོ། །
རྒྱུ་ཉེ་བར་བསྒྲུབས་པས་ཉེ་བར་གནས་པར་བྱས་པའི་མིག་ལ་སོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །དེ་རྣམ་པར་མ་ཆད་པས་ཞེས་བྱ་བ་ནི་མིག་ལ་སོགས་པ་རྣམ་པར་མ་ཆད་པས་སོ། །རྣམ་པར་ཆད་པ་མེད་པར་ཚད་མ་སྐྱེ་བ་ནི་མ་ཡིན་གྱི་འོན་ཀྱང་རྣམ་པར་ཆད་པ་ཉིད་ལ་ཚད་མ་ཡོད་པ་
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་གྱིས་ཀྱང་ནི་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱང་ངོ་། །དེ་བཤད་པ་ཞེས་བྱ་བ་འདི་ནི་ཚད་མ་ཀུན་ལས་བཏུས་པའི་འགྲེལ་པའི་གཞུང་ཡིན་ནོ། །གལ་ཏེ་འདིར་ཡང་ཡུལ་གྱི་རྣམ་པ་རྗོད་པར་བྱེད་པ་མེད་དོ་སྙམ་ན་དེར་ཡང་ཞེས་གསུངས་སོ། །འདིར་ཡུལ་

གྱི་རྣམ་པར་བསྒྲུབ་པའི་སྐབས་ཡིན་ནོ། །ཇི་ལྟར་ཤེས་ཤེ་ན་རྣམ་པར་ཤེས་པ་ཞེས་གསུངས་སོ། །གལ་ཏེ་རིག་པར་བྱ་བ་དང་རིག་པར་བྱེད་པའི་རྣམ་པ་ཉིད་ཀྱིས་ཚུལ་གཉིས་སུ་འགྱུར་མོད། ཡུལ་གྱི་རྣམ་པས་ན་མ་ཡིན་ནོ་ཞེས་ད་ལྟར་ཉིད་བརྗོད་པ་མ་ཡིན་ན། དེ་ཇི་ལྟར་རྣམ་
པར་ཤེས་པ་ཚུལ་གཉིས་པ་ཞེས་བྱ་བའི་སྐབས་ཡིན་པའི་ཕྱིར་རོ་ཞེས་བརྗོད་ཅེ་ན་དེ་ཡང་ཞེས་གསུངས་སོ། །དེས་ན་ཡུལ་གྱི་རྣམ་པ་ཉིད་ཀྱིས་ཚུལ་གཉིས་ཡིན་གཞན་དུ་ནི་མ་ཡིན་ནོ་ཞེས་དགོངས་པའོ། །དེ་བདག་ཉིད་ཀྱིས་ནི་རིག་པའི་བདག་ཉིད་ཀྱིས་སོ། །རྒོལ་བ་ཐམས་ཅད་ཀྱི་ལྟར་ན་
ཡང་རིག་པ་ཙམ་ཡིན་ནོ་ཞེས་འདོད་པ་ཡིན་གྱི་རིག་པ་ཉིད་མེད་དོ་ཞེས་ནི་མ་ཡིན་ནོ། །དེས་ན་རང་རིག་པ་འབའ་ཞིག་བསྒྲུབ་པར་རིགས་སོ། །རང་གིས་མྱོང་བ་ཉིད་དམ་ཞེས་བྱ་བ་འདི་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་སྟེ། གཞུང་འདིས་སློབ་དཔོན་ཕྱོགས་ཀྱི་གླང་པོ་རང་རིག་པ་
བསྒྲུབ་པར་འགྱུར་རོ། །ཕན་ཚུན་ཞེས་བྱ་བ་ནི་དོན་དང་ཤེས་པ་དང་དེའི་ཤེས་པ་ལ་སོགས་པ་ཕན་ཚུན་ཁྱད་པར་ཅན་དུ་དྲན་པ་གང་ཡིན་པ་དེ་འདིར་ཡང་དག་དྲན་གྱི་སྒྲས་བརྗོད་པར་འདོད་པ་ཡིན་ནོ། །སྔོན་པོའི་རྣམ་པ་གསལ་བ་སོ་སོར་ངེས་པ་གང་ཡིན་པ་དེས་ཉེ་བར་བརྒྱུད་པའི་དབང་
གིས་སོ། །མཚེ་མ་ལ་སོགས་པ་དག་ལ་ཞེས་བྱ་བ་ནི་སྣ་ཚོགས་བརྩོན་འགྲུས་ལ་སོགས་པ་ལའོ། །དེ་ལ་ནི་གཅིག་མཐོང་བ་ནི་དུས་ཕྱིས་ཀྱི་སྣ་ཚོགས་བརྩོན་འགྲུས་མཐོང་ངམ། འོན་ཏེ་སྣ་ཚོགས་ལུས་བྱིན་ཡིན་ཞེས་བྱ་བར་འགྱུར་གྱི། རྣམ་པར་ཕྱེ་ནས་དྲན་པ་ནི་མ་ཡིན་ནོ་དེ་ལ་ཞེས་བྱ་བ་
ཡུལ་ཞེས་བྱ་བ་ནི། འཁྲུལ་པ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་ནི། ཤེས་པ་ཉམས་སུ་མྱོང་བའི་སྐབས་སུའོ། །ཡུལ་ཡང་ཉམས་སུ་མྱོང་བ་དེས་ན་ཡུལ་ཡང་དྲན་པར་འགྱུར་རོ། །རང་ཉིད་ཤེས་པ་རང་བཞིན་དུ་ཐ་དད་པ་མེད་ཀྱང་ཡུལ་དེ་ཐ་དད་པ་ཉིད་ལས་ཐ་དད་པ་དྲན་པའོ། །དཔེ་ཡང་འཇིག་པར་
བྱེད་པ་ནི་མཚེ་མ་དག་ཀྱང་ཞེས་བྱ་བའོ། །འོན་ཏེ་དྲན་པ་ཁྱད་པར་ལྡན་པར་སྐྱེས་པ་དེས་ན་དྲན་པ་མངོན་སུམ་མ་ཡིན་པའི་ཕྱིར་ཞེས་ཇི་ལྟར་བརྗོད་སྙམ་ན་དཔེར་ན་ཞེས་བྱ་བའོ། །ཡུལ་གྱི་དབང་གིས་ཞེས་བྱ་བ་ནི་ཡུལ་གསལ་བའི་དབང་གིས་སོ། །དེ་བཞིན་དུ་དྲན་པར་བྱ་བའི་རྣམ་པ་གཞན་དུ་མི་

འཐད་པར་རྟོགས་པ་ཡིན་ནོ། །དེ་ཡང་རྣམ་པའི་ཁྱད་པར་ཉིད་ལས་ཁྱད་པར་དུ་གྱུར་པ་ཡང་རྟོགས་པ་ཡིན་ནོ། །ད་ལྟར་བའི་དྲན་པའི་རྟོག་པའི་ཡུལ་གྱི་རྣམ་པ་དེའོ། །དེས་ན་དྲན་པ་ལ་སྣང་བའི་རྣམ་པ་དེ་དང་དེ་ད་ལྟར་བ་ཡིན་ན། ཇི་ལྟར་དྲན་པར་བརྗོད་དེ་ཡུལ་ལ་རྣམ་པ་དེ་མི་སྣང་བའི་ཕྱིར་
རོ། །འོན་ཏེ་རྣམ་པ་དེ་ནི་ཡུལ་ཉིད་ཀྱི་ཡིན་ལ་རག་གོ་སྙམ་ན་བརྗོད་པ་དེའི་ཚེ་མྱོང་བའི་སྟེ། ཉམས་སུ་མྱོང་བའི་རྣམ་པ་ཅི་སྟེ་མ་ཡིན། རྣམ་པའི་རང་བཞིན་གྱི་ཤེས་པ་ཡིན་པར་ཁས་ལེན་ན་མྱོང་བའི་ཡང་ཡིན་པར་ཁས་བླངས་ཏེ་ཤེས་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །
འོན་ཏེ་མྱོང་བ་ལས་དྲན་པ་སྐྱེ་བ་མ་ཡིན་ཏེ། འོན་ཀྱང་དོན་ཉིད་ལས་སྐྱེ་བ་ཡིན་ནོ། །དེས་ན་དྲན་པ་རྣམ་པ་དང་ལྡན་པ་ཡིན་ཡང་མྱོང་བ་ནི་རྣམ་པ་དང་ལྡན་པ་ཉིད་མ་ཡིན་ནོ། །དྲན་པ་རྣམ་པའི་ཁྱད་པར་ནི་དོན་དེ་ཉིད་ཀྱིས་བསྟན་པའི་ཕྱིར་སྙམ་ན་དོགས་པ་བསུ་ནས་འདི་ལྟར་ཞེས་སྨོས་སོ། །
གལ་ཏེ་དོན་ལས་དྲན་པ་འབྱུང་བའི་ཉམས་སུ་མྱོང་བ་ལས་མ་ཡིན་ན་དེའི་ཚེ་ཁྱད་པར་མེད་པ་རྒྱུ་དེའི་ཕྱིར་ན་དོན་ཀུན་ལ་འབྱུང་བར་འགྱུར་རོ། །འོན་ཏེ་དོན་ཐག་རིང་བ་ལ་སོགས་པ་ཀུན་ལ་དྲན་པ་མི་འབྱུང་ངོ་ཞེ་ན། དངོས་རྣམས་རྣམ་ཞེས་བྱའོ། །གང་གི་ཕྱིར་རྒྱང་རིང་པོ་དང་ཆོད་པ་ལ་ཡང་དྲན་པ་སྐྱེ་
བ་ཁོ་ན་ཡིན་ཏེ། དེས་རྒྱང་རིང་པོ་ལ་སོགས་པས་སོ། །དྲན་པ་སྐྱེ་བ་ལ་མི་གནོད་པའི་ཕྱིར་ན་དོན་ཐམས་ཅད་ལ་དྲན་པ་འབྱུང་བར་འགྱུར་ཞེས་བྱ་བར་འགྱུར་རོ། །འོན་ཏེ་དོན་དེ་ཉིད་མྱོང་བ་ལ་བརྟེན་ནས་རྒྱུ་ཡིན་ནོ་ཞེ་ན་མྱོང་བ་དེ་ཉིད་རྒྱུར་འགྱུར་མོད། དེའི་ཕྱིར་མྱོང་བ་ནི་དོན་གྱི་རྒྱུ་མ་ཡིན་གྱི་འོན་
ཀྱང་མྱོང་བ་འགའ་ཞིག་ཡིན་ནོ། །འོན་ཏེ་དྲན་པས་རྣམ་པ་དང་ལྡན་པའི་རྣམ་པར་ཤེས་པ་དམིགས་སུ་ཆུག་མོད། དེ་ལྟ་ན་ཡང་དེ་ནི་དེ་ལྟ་བུ་མ་ཡིན་ནོ་སྙམ་ན། གང་ཞིག་མོས་པས་ཞེས་བྱ་བའོ། །དེ་ལས་ཞེས་བྱ་བ་ནི་དཔེ་ལས་སོ། །དེ་ལྟ་བུའི་བདག་ཉིད་ཅན་ལ་ནི་ཞེས་བྱ་བ་
ནི་གཟུང་བ་དང་འཛིན་པའི་བདག་ཉིད་ཅན་ལའོ། །འོ་ན་བློ་ནི་རང་གི་བདག་ཉིད་ཀྱིས་རིག་པར་བྱ་བ་ཡིན་པའི་ཕྱིར་གསལ་བར་བྱ་བ་ཡིན་ལ། དོན་ཡང་རིག་པར་བྱེད་པས་གསལ་བར་བྱེད་པ་ཡང་ཡིན་ནོ་སྙམ་ན། འདི་ལ་སྨྲས་པ་ནི་བློ་དམན་གཉིས་ནི་ཞེས་བྱ་བའོ། །དཔེར་ན་དབང་པོ་དོན་

གྱིས་གསལ་བར་བྱེད་པ་ཡིན་ཡང་རང་གི་བདག་ཉིད་རིག་པ་ངེས་པ་མ་ཡིན་པ་དེ་བཞིན་དུ་བློ་ཡང་ཡིན་ཞེས་བྱ་བའི་དོན་དུ་དབང་པོ་ཉེ་བར་བཀོད་དོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་ཉིད་སངས་རྒྱས་པའི་དོགས་པ་བསུ་བའོ། །དེ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་
སུན་འབྱིན་པའོ། །དེར་ཡང་ནི་བདག་ལའོ། །ཕྱེད་ཕྱི་མ་འཆད་པ་ནི་རྫས་གཞན་དང་ཞེས་བྱ་བའོ། །ཁྱེད་ལ་ནི་སངས་རྒྱས་པའི་ཆ་ལ་ནིའོ། །གཞན་གྱིས་རྟོགས་པ་གང་ལ་ཡོད་པ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །དེ་རྟོགས་ཕྱིར་ཞེས་བྱ་བ་ནི་དོན་གསལ་བའི་ཕྱིར་རོ། །མར་མེ་ལ་
སོགས་པ་ནི་དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི་གསལ་བྱེད་གཞན་ལ་ལྟོས་པ་མ་ཡིན་ནོ། །འོན་ཏེ་སྒྲོན་མ་ཡང་དབང་པོ་གསལ་བར་བྱ་བ་ཡིན་ནོ་སྙམ་ན་དབང་པོ་ཡང་ཞེས་གསུངས་སོ། །དེ་ཞེས་བྱ་བ་ནི་སྒྲོན་མ་ལའོ། །བདེ་བ་ལ་སོགས་པ་བདག་གིས་རྟོགས་པ་དེས་ན་ཇི་ལྟར་རིག་པར་བྱེད་པ་
གཞན་མེད་སྙམ་ན། བདེ་སྩོགས་ཞེས་གསུངས་སོ། །ཕྱི་རོལ་ཉིད་དུ་ཞེས་བྱ་བ་བུམ་པ་ལ་སོགས་པ་ལྟར་ཕྱི་རོལ་གྱི་ཡུལ་དུ་སྣང་བར་འགྱུར་རོ། །འཕྲོད་པ་འདུ་བས་བསྡུས་པའི་དབང་གིས་བདེ་བ་ལ་སོགས་པ་ཕྱི་རོལ་མ་ཡིན་པ་ཉིད་དུ་སྣང་ངོ་ཞེ་ན། དེའི་ཚེ་དེ་ཉིད་རང་གི་རིག་པ་ཉིད་དུ་འགྱུར་རོ། །
སོ་སོར་མ་གྲུབ་པ་དག་ལས་འཕྲོད་པ་འདུ་བ་ཞེས་བརྗོད་པ་ཡིན་ཏེ། བུམ་པ་དང་སྣམ་བུ་དག་བཞིན་ནོ། །གལ་ཏེ་བདག་དང་བདེ་བ་ལ་སོགས་པ་ཡང་སོ་སོ་མ་ཡིན་པ་གྲུབ་ན་དེའི་ཚེ་ཐ་དད་པ་མེད་པའི་ཕྱིར་རང་རིག་པའི་རང་བཞིན་ཉིད་དུ་འགྱུར་ཏེ། བདག་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ནི་འཕྲོད་པ་
འདུ་བ་ཁས་བླངས་ནས་བརྗོད་པར་ཟད་ཀྱི་དེ་ཡང་མེད་དོ་ཞེས་བརྗོད་པ་ནི་འདུ་བ་ཞེས་གསུངས་སོ། །གང་ལའོ་སྙམ་པའི་ཤེས་པ་འཇུག་པ་དེ་ཉིད་འཛིན་པར་བྱེད་པ་ཡིན་ལ་གང་དུ་མི་འཇུག་པ་དེ་ཉིད་ནི་གཟུང་བ་ཡིན་ནོ་ཞེས་བྱ་བ་འདི་གཉི་ག་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི། དེ་ནི་མ་ཡིན་ནོ་ཞེས་
བྱ་བའོ། །དེ་ཡོད་ན་ཡང་ཞེས་བྱ་བ་ནི་ངའོ་སྙམ་པའི་རྟོག་པ་ཡོད་ཀྱང་ངོ་། །མ་མཐོང་བ་ནི་རང་རིག་པ་ཉིད་མ་ཡིན་པར་རོ། །དེ་བཞིན་ཞེས་བྱ་བ་ནི་ངའོ་སྙམ་པའི་རྟོག་པ་དང་འབྲེལ་པའོ། །སྔོ་བསངས་ལ་སོགས་པ་ལ་ནི་ངའོ་སྙམ་པའི་རྟོག་པ་མཐོང་གི །གཟུགས་ལ་སོགས་པ་ལ་ནི་མ་ཡིན་ནོ་

སྙམ་ན། སྔོ་བསངས་ལ་སོགས་པ་ཞེས་སྨོས་སོ། །འོ་ན་བདག་གོ་སྙམ་པའི་རྟོག་པ་གཟུགས་ཀྱི་རྒྱུ་མཚན་ཡིན་མོད་སྙམ་ན། གཟུགས་ལ་སོགས་པ་ནི་ཞེས་གསུངས་སོ། །རྟོགས་པ་འདི་ནི་འཛིན་པར་བྱེད་པའི་རྒྱུ་མཚན་ལ། གང་ལ་ང་དཀར་མོ་སྙམ་པར་རྟོག་པ་ནི་ཉེ་བར་བཏགས་པ་ལས།
འགྱུར་བ་ཡིན་ནོ་ཞེས་བརྗོད་པ་ནི་འོན་ཏེ་ཞེས་བྱ་བའོ། །འོ་ན་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །ཐ་དད་མེད་པའི་ཕྱིར་ཞེས་བྱ་བ་ནི། དཀར་ཤམ་དང་གཟུགས་གཉིས་ལ་ཐ་དད་མེད་པའི་ཕྱིར་རོ། །ངའོ་སྙམ་པ་ལྡོག་པས་ཞེས་བྱ་བ་མེད་པས་སོ། །དེ་ཉིད་ཅེས་བྱ་བ་ནི་རྔོ་བའོ། །རང་རིག་
མིན་ཉིད་ཀྱང་ཞེས་བྱ་བ་ནི་རྩིག་པ་ལ་སོགས་པ་བདག་རིག་པ་ཉིད་མ་ཡིན་ཡང་ངོ་། །དེས་ན་རང་རིག་པ་མ་ཡིན་པའི་བདག་ཉིད་དུ་ཁྱད་པར་མེད་ཀྱང་ཇི་ལྟར་དེ་གཉིས་ཐ་དད་པ་དེ་བཞིན་དུ་རང་རིག་པ་ཡིན་ཡང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་མིག་གཉིས་ལ་སོགས་པའི་འཛིན་པར་
བྱེད་པར་འགྱུར་རོ། །དེས་ན་ཇི་ལྟར་རང་རིག་པར་འགྲུབ་སྙམ་ན། མིག་ནི་ཞེས་བྱ་བ་ལ་སོགས་མིག་ནི་ཞེས་གསུངས་སོ། །དེ་ལྟ་བུ་ཉིད་དུ་ཞེས་བྱ་བ་ནི་རང་རིག་པ་ཉིད་དུའོ། །འབྲེལ་པ་མི་རྟག་ཕྱིར་ཞེས་བྱ་བ་ནི་རྟག་ཏུ་རྩིག་པ་དང་འབྲེལ་པ་ནི་མ་ཡིན་ཏེ། དེ་ན་རེས་འགའ་ཁོ་ན་དམིགས་པའི་
ཕྱིར་རོ། །ལུས་ནི་ཐམས་ཅད་ཀྱི་རྗེས་སུ་འབྲེལ་པར་དམིགས་པ་དེས་ངར་འཛིན་པ་དེ་ནི་ལུས་དེ་དང་འབྲེལ་པར་འགྱུར་བ་ཡིན་ནོ། །གཞན་ཡང་གང་གིས་ངར་འཛིན་པ་མེད་པས་རྩིག་པ་རང་རིག་པ་ཉིད་དུ་མི་འགྱུར་བ་ངར་འཛིན་པའི་ཕྱིར་ནི་རང་རིག་པ་མ་ཡིན་པའམ། འགྲུབ་པར་འགྱུར་བ་མ་
ཡིན་ཏེ། གཞན་ལ་ལྟོས་པ་མེད་པར་རིག་པ་ཙམ་གྱིས་དེ་ལྟར་རང་རིག་པ་ཉིད་དུ་ཐ་དད་པ་མེད་པའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་རྩིག་པའོ། །དེའི་རྣམ་པ་ཞེས་བྱ་བ་འཛིན་པའི་རྣམ་པར་རིག་པ་མེད་པའི་ཕྱིར་རོ། །མིག་ལ་སོགས་པ་ལས་མ་གཏོགས་པའི་འཛིན་པར་བྱེད་པ་གཞན་ནི་
འདིར་ཅུང་ཟད་དམིགས་པ་མ་ཡིན་ནོ། །འོ་ན་མིག་ལ་སོགས་པ་འཛིན་པར་བྱེད་པ་ཡིན་ནོ་སྙམ་ན། དེ་ཀུན་ཞེས་གསུངས་ཏེ། མིག་ལ་སོགས་པའོ། །འོ་ན་བདེ་བ་ལ་སོགས་པ་ཉིད་འཛིན་པར་བྱེད་པ་ཡིན་ནོ་སྙམ་ན། དེ་ལ་ཞེས་གསུངས་སོ། །གཟུགས་ལ་སོགས་པ་དེ་ལ་མ་གཏོགས་པར་

རོ། །ཕ་རོལ་གྱི་འགྱུར་བ་ཉིད་དོ་ཞེས་སྨྲས་ཏེ་ཐ་དད་པར་རོ། །ཅིའི་ཕྱིར་ཞེ་ན། འདོད་པ་དང་འདོད་པ་མ་ཡིན་པ་ཐ་དད་པ་ན། སྡུག་པ་དང་མི་སྡུག་པར་སྣང་གི་རིམ་བཞིན་སྣང་བའི་ཕྱིར་རོ། །མི་སྡུག་པ་ལ་སོགས་པའི་ཞེས་བྱ་བའོ། །དེས་ཞེས་བྱ་བ་ནི་འཛིན་པར་བྱེད་
པས་སོ། །འདི་ལ་ཡང་ཐུན་མོང་མ་ཡིན་པའི་ཕྱིར་ཤེས་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་སུན་འབྱིན་པ་ཡལ་བར་དོར་ནས་གཞན་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །འཇིག་རྟེན་ནི་རིག་པ་སྟེ། དོན་གྱིས་གོ་བས་ཤེས་པ་མ་ཡིན་ནོ། །ཇི་ལྟ་བུ་ཞིག་ཅེ་ན། གཟུགས་ལས་རང་བཞིན་ཐ་
དད་དུའོ། །ཅིའི་ཕྱིར་ཞེ་ན། བློ་དེའི་རྣམ་པ་གང་ཡིན་པ་དེ་ནི་གསལ་བའི་ངོ་བོར་མ་རྟོགས་པའི་ཕྱིར་རོ། །གལ་ཏེ་བློའི་རང་བཞིན་ལུས་ཅན་མ་ཡིན་ན། འོ་ན་དེའི་རང་བཞིན་ཅི་འདྲ་བ་ཞིག་ཡིན་སྙམ་ན། དེའི་རང་བཞིན་ནི་ཞེས་གསུངས་སོ། །གལ་ཏེ་རི་བོང་གི་རྭ་ལ་སོགས་པར་
འཛིན་པར་བྱེད་པའི་རང་བཞིན་དེ་ལྟར་མ་རྟོགས་པའི་ཕྱིར་འཛིན་པ་མ་ཡིན་ནོ་སྙམ་ན་བརྗོད་པ། བློ་ཡང་རྟོགས་པ་མེད་པ་ཁོ་ནའོ། །དེས་ན་དེའི་ཡང་འཛིན་པར་བྱེད་པ་མ་ཡིན་ཏེ། རི་བོང་གི་རྭ་ཉིད་བཞིན་ནོ། །འོན་ཏེ་ངའི་བློ་ཡོད་དོ་སྙམ་པར་རྟོགས་ན། ངའི་བློ་ཞེས་གསུངས་སོ། །
གཟུགས་ལ་སོགས་པ་ལས་གཞན་པའི་རིག་པ་ཡང་ཡོད་པ་པ་མ་ཡིན་ཏེ། འོན་ཀྱང་གཟུགས་ལ་སོགས་པའི་རང་བཞིན་ཉིད་རིག་པ་ཡིན་ནོ་ཞེས་དགོངས་པའོ། །དེ་གཅིག་ཅེས་བྱ་བ་འཛིན་པར་བྱེད་པ་དང་། གཟུང་བར་བྱ་བ་གཅིག་རྟོགས་པ་མེད་པའི་ཕྱིར་ནའོ། །གཞན་དུ་འགྱུར་ཞེས་བྱ་
བ་ནི་གཅིག་མ་རྟོགས་ན་ཡང་གཞན་ཡང་མ་རྟོགས་པར་འགྱུར་རོ། །འདི་ཉིད་འཆད་པ་ནི་གཅིག་རྟོགས་ན་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་ན་འདི་ལྟར་གསལ་ཞེ་ན། གཟུགས་ལ་སོགས་པའི་ཞེས་བྱ་བའོ། །གཅིག་རྟོགས་པས་གཞན་ཡང་གདོན་མི་ཟ་བར་རྟོགས་པའི་ཕྱིར་འདིར་ཐལ་
བར་ཇི་ལྟར་འགྱུར་ཞེས་ཇི་ལྟར་དགོངས་པའོ། །འཛིན་པར་བྱེད་པ་ཉིད་ཅེས་བྱ་བ་ནི་གཟུང་བ་ནི་མ་ཡིན་པའོ། །གལ་ཏེ་འཛིན་པར་བྱེད་པའི་ཕྱིར་དྲན་པ་དེའི་ཚེ་གཟུང་བ་ཡང་དྲན་པ་ཡོད་པ་ཉིད་དོ་ཞེ་ན། སྤྱི་ལ་ནི་ཞེས་སྨོས་སོ། །གལ་ཏེ་ཞེས་རྟོགས་སོ་ཞེས་ཐ་སྙད་བྱེད་པའི་ཕྱིར་ཇི་ལྟར་རང་རིག་པ་

ཡིན་ནོ་སྟེ། གཞན་གྱིས་རིག་པར་བྱ་བ་ཉིད་དུ་ཞེན་པའི་ཕྱིར་རོ་ཞེ་ན། ངས་ཞེས་གསུངས་སོ། །བློ་དེ་ནི་གཞན་གྱིས་འཛིན་པར་འགྱུར་གྱི། རང་གི་ངོ་བོས་རིག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་ན་རིག་པ་སྔ་མ་འགགས་སྙམ་ན། དེ་ནི་ཞེས་གསུངས་ཏེ་བློའོ། །གཟུང་བར་བྱ་བ་
མྱོང་བ་སྔ་མའི་རང་བཞིན་ཡང་འགགས་པའི་ཕྱིར་རོ། །གལ་ཏེ་མྱོང་བ་སྔ་མའི་རང་བཞིན་མེད་མོད་དེ་ལྟ་ན་ཡང་དེ་ནི་ཉམས་སུ་མྱོང་བ་ཁོ་ནའོ་སྙམ་ན། རང་གི་མེད་པ་ནི་ཞེས་གསུངས་སོ། །འོ་ན་མྱོང་བ་གཉིས་པ་བདག་གི་རང་བཞིན་རིག་པ་ཡིན་ནོ་སྙམ་ན། རང་གི་རང་བཞིན་
ཡང་ཞེས་གསུངས་སོ། །དེ་ནི་ཞེས་བྱ་བའི་རང་གི་ངོ་བོའོ། །འོན་ཏེ་ཤེས་པ་ཡུལ་གྱི་རྣམ་པ་ཉིད་དུ་འགྱུར་རོ་ཞེས་ཁས་ལེན་ན་དེའི་རང་རིག་པ་ཉིད་ཁས་བླང་བར་བྱ་བ་ཡིན་པ་དེས་ན་མངོན་པར་འདོད་པ་གྲུབ་པོ། །འོན་ཏེ་ཡུལ་གྱི་རྣམ་པ་ནི་འདོད་པ་ཁོ་ན་སྟེ། འོན་ཀྱང་དེ་ནི་གཞན་
གྱིས་མྱོང་བ་ཡིན་ནོ་སྙམ་ན། ཐུག་པ་མེད་པར་ཞེས་གསུངས་སོ། །བཟློག་པའི་རྣམ་འགྲེལ་གྱིས་བརྗོད་པའི་ཕྱིར། རང་ཉིད་ཐལ་བ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །བློ་ཡང་སྤྱིའི་དངོས་པོ་ཉིད་དུ་རྟོགས་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས་རྣམ་འགྲེལ་ལས་བརྗོད་པའི་བཟློག་པ་ནི།
བློ་ནི་ཞེས་སྨོས་སོ། །དྲན་པས་བློ་འཛིན་པ་ན་ཡང་བདག་གི་བ་ཉིད་ཀྱིས་ནང་དུ་སྣང་བར་འགྱུར་རོ། །དེ་ལྟར་ཞེས་བྱ་བ་ནི་ཕྱི་རོལ་དུ་ཕྱོགས་པར་རོ། །འདི་ཡང་ཞེས་བྱ་བ་ནི་བློ་དེ་མངོན་སུམ་གྱིས་འཛིན་པ་ནི་རང་གི་ངོ་བོ་ཐ་དད་པའི་ཕྱིར་རོ། །དེ་ལྟར་ཕྱི་རོལ་དུ་ཕྱོགས་པ་ཡིན་ནོ་ཞེས་ཇི་ལྟར་
མི་འདོད་པ་སུན་འབྱིན་པ་གཞན་ཡང་བརྗོད་པ་ནི། ཐ་དད་པའི་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་འཛིན་པར་བྱེད་པ་དང་ཐ་མི་དད་པར་རོ། །ཡུལ་མཚུངས་ཀྱང་ཞེས་བྱ་བ་ནི་གཟུགས་དང་རོ་ལ་སོགས་པར་རོ། །འོན་ཏེ་གཟུང་བ་དང་འཛིན་པ་འདྲེས་པས་རྣམ་པར་དབྱེ་བ་མ་རྟོགས་པ་ཡིན་ནོ་
སྙམ་ན། འདྲེས་པས་ཞེས་བྱ་བའོ། །དཔེར་ན་གོང་བུའི་རྣམ་པ་འཛིན་པ་ཉིད་ཤིང་འཛིན་པ་ཡིན་པ་བཞིན་ནོ། །ཐམས་ཅད་ཅིར་ཡང་མི་རུང་བར་འགྱུར་རོ་ཞེས་བྱ་བ་ནི་ཡུལ་གྱི་རྣམ་པ་ཉམས་སུ་མི་མྱོང་ན། ཡུལ་ཡང་ཉམས་སུ་མྱོང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་གི་ཚིག་ལེའུར་བྱས་

པས་རྣམ་འགྲེལ་ལས་འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེའི་ངོ་བོར་ཡུལ་རྣམ་པར་རོ། །དེ་ཉིད་ཅེས་བྱ་བ་ནི་དེའི་རྣམ་པ་ཉིད་དོན་མྱོང་བ་ཡིན་ནོ། །དེའི་བྱ་བ་རང་རིག་པའི་རང་བཞིན་མེད་ནའོ། །དོན་ཡང་རིག་པར་མི་འགྱུར་རོ། །འོན་ཏེ་རང་རིག་པ་མེད་ན་ཇི་ལྟར་བློ་ཡིན་ནོ་ཞེ་ན།
གཞན་རིག་པས་ཞེས་སྨོས་སོ། །འོན་ཏེ་རིག་པ་བློའི་མཚན་ཉིད་ཡིན་པ་དེས་ན་ཇི་ལྟར་དེ་མེད་པར་དེར་འགྱུར་སྙམ་ན། དོན་གྱི་ཞེས་གསུངས་སོ། །བདག་ཀྱང་ཞེས་བྱ་བ་ནི་གྲངས་ཅན་གྱི་འདོད་པའོ། །དེ་ནི་རང་རིག་པ་ཡིན་གྱི་བློའི་རང་བཞིན་མ་ཡིན་ནོ། །དེས་ན་བདག་ཉིད་རིག་པ་ནི་བློའི་མཚན་
ཉིད་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །གཞན་གྱིས་ཞེས་བྱ་བ་ནི་གཞན་དང་འདྲ་བའི་རྣམ་པས་སོ། །དེའི་ཚེ་ཡང་ཞེས་བྱ་བ་ནི་དེའི་རྣམ་པ་ཙམ་ཡིན་ནའོ། །དེ་ཉིད་བརྗོད་པ་ནི་དེའི་རྣམ་པ་ཙམ་གྱི་ཞེས་བྱ་བའོ། །འོན་ཏེ་འདུ་བའི་འགྲེལ་པའམ་གཞན་གྱིས་བདག་རྟག་པའམ་ཁྱབ་པ་ལ་གནས་
པ་གང་ཡིན་པ་དེ་ཉིད་བློ་ཡིན་པ་དེས་ན་ཡུལ་གྱི་རྣམ་པ་དེས་ཀྱང་གཞན་ནི་བློ་ཉིད་མ་ཡིན་ཏེ། བདག་ལ་གནས་པ་ཉིད་མེད་པའི་ཕྱིར་རོ་ཞེ་ན། འདི་ལ་བརྗོད་པ་ནི་དེ་ཡང་མི་རུང་སྟེ་ཞེས་བྱ་བའོ། །གང་གི་ཚེ་རྩོལ་བ་གཅིག་ལ་རྩོལ་བ་གཞན་སྐྱེས་པ་དེའི་ཚེ་རྩོལ་བ་གཉིས་ཕན་ཚུན་བློ་ཉིད་དུ་
འགྱུར་རོ། །བདག་ལ་གནས་པའང་ཇི་ལྟར་རིག་ཅིང་རྟོགས་ཏེ། བདག་ཉིད་མི་རྟོགས་པའི་ཕྱིར་རོ་ཞེས་དགོངས་པའོ། །ཅི་སྟེ་ཐ་དད་པར་མ་རྟོགས་ན་དེའི་བདག་ཉིད་ཀྱང་བློ་གཉིས་ལས་ཐ་དད་པར་རྟོགས་པར་འགྱུར་ཏེ་དེ་ལྟར་མ་ཡིན་ཏེ། རྟེན་གྱི་ཐ་དད་པར་མི་རྟོགས་ན་བརྟེན་པ་མི་རྟོགས་པའི་ཕྱིར་རོ། །
གཏན་ཚིགས་དེས་འདི་གསུམ་ཞེས་བྱ་བ་བློ་གཉིས་དང་བདག་དེ་གསུམ་མོ། །འདི་ཉིད་གསལ་བར་བྱེད་པ་ནི་བདག་མ་རྟོགས་པར་ནི་ཞེས་བྱ་བའོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ནི་བུམ་པ་ལ་སོགས་པའོ། །དེས་ན་ཇི་ལྟར་བདག་མ་རྟོགས་ན་དེའི་ཚེ་གཟུགས་ལ་སོགས་པ་ཡང་དེ་ལ་
བརྟེན་པ་ཉིད་དུ་རྟོགས་པར་འགྱུར་རོ། །དེ་ལས་ཞེས་བྱ་བ་བློ་ལས་ཐ་དད་པར་རོ། །གང་གི་ཕྱིར་བྱེད་པ་པོ་མེད་པའི་ཕྱིར་བྱ་བ་མི་སྲིད་པ་དེས་ན། གདོན་མི་ཟ་བར་བདག་ཡོད་དགོས་ལ་བྱེད་པ་པོ་ཡང་བདག་ཡིན་ནོ་ཞེས་བསམས་པའོ། །མིག་ལ་སོགས་པ་ཞེས་བྱ་བ་ནི་གྲུབ་པའི་མཐའ་པའིའོ། །དེ་

དག་གི་ཞེས་བྱ་བ་ནི་དོགས་པ་སྟེ་དམིགས་པ་རྣམས་ཀྱིའོ། །ལེན་ནི་བྱེད་པ་ཞེས་བྱ་བའོ། །གལ་ཏེ་མིག་ལ་སོགས་པ་ཉིད་བྱེད་པ་པོ་ཡིན་ན་ཇི་ལྟར་བྱེད་པ་ཡིན། དེ་ཉིད་བྱེད་པ་པོ་དང་བྱ་བ་ཡང་འཐད་པ་ནི་མ་ཡིན་ནོ་ཞེ་ན་དེ་དག་ཅེས་བྱ་བའོ། །བྱེད་པ་པོ་བདག་གཞན་མེད་པར་མིག་ལ་སོགས་
པ་དེ་དག་བྱེད་པར་མི་འགྱུར་བ་མ་ཡིན་ཏེ། བྱེད་པ་པོ་དང་བྱེད་པའི་དངོས་པོ་ནི་བརྟགས་པ་ཡིན་པའི་ཕྱིར་གཅིག་ཉིད་བྱེད་པ་པོ་དང་བྱེད་པར་ཡང་འགྱུར་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་རང་གི་བློ་ནུས་ཀྱི་ནང་དུ་ཆུད་པའི་ཕྱིར་རོ། །གཞན་དུ་ཞེས་བྱ་བ་ནི་ནང་དུ་ཕྱོགས་པར་སྣང་བ་ཉིད་དུའོ། །
འདི་ལ་བརྗོད་པ་ནི་འོ་ན་ཞེས་བྱ་བའོ། །སྐབས་ཉེ་བར་སྡུད་པ་ནི་དེས་ན་ཞེས་བྱ་བའོ། །དེ་ལ་ནི་ཞེས་བྱ་བ་གཞན་གྱི་ལན་དེ་ལ་ནིའོ། །དེ་དག་ཀྱང་ཞེས་བྱ་བ་ཕན་ཚུན་འདྲ་བའི་དོན་དེ་དག་ཀྱང་ངོ་། །འོ་ན་སྔར་དོན་རྣམས་རིག་པར་ཐལ་བར་བརྗོད་ཀྱི་བློར་ཐལ་བ་ནི་མ་ཡིན་ནོ་ཞེས་དོགས་ན་
མྱོང་བར་ཐལ་ལོ་ཞེས་བྱ་བ་སྟེ། རང་རིག་པར་ཐལ་ལོ་ཞེས་བརྗོད་པའི་སངས་རྒྱས་པ་གང་ཡིན་པ་དེ་ཉིད་ཀྱིས་འདྲ་བ་དེ་དག་ཉིད་དུ་ཐལ་ལོ་ཞེས་བརྗོད་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་སངས་རྒྱས་པས་བློར་ཐལ་བ་བསྒྲུབ་པ་ལ་དེ་ཉིད་ཅེས་བྱ་བ་བློ་ཉིད་ཡིན་པར་འདྲ་བ་ཉིད་ལན་དུ་ཇི་ལྟར་འགྱུར།
ཁྱད་པར་མེད་པ་ཉིད་སྟོན་པ་ནི་གང་གི་ཕྱིར་ཞེས་བྱ་བའོ། །དེ་ལས་ཞེས་བྱ་བ་ནི་མྱོང་བ་ལས་ཁྱད་པར་གཞན་བརྗོད་པར་བྱ་བ་ཡིན་ལ། ཁྱད་པར་དེ་ཡང་འདྲ་བ་ལས་ཀྱང་གཞན་ཡིན་པར་བརྗོད་པར་བྱའོ། །དེ་ལྟར་མ་ཡིན་ན་བུམ་པ་ལ་སོགས་པ་མཚུངས་པ་ཡང་རིག་པར་ཐལ་བའི་ཕྱིར་རོ། །ཐལ་བ་
འདིར་མི་འགྱུར་ཏེ་འཛིན་པར་བྱེད་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། འདི་ལ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །འཛིན་པར་བྱེད་པ་ཉིད་འགའ་ཞིག་རྣམ་པར་གནས་པ་ཡིན་ན། འཛིན་པར་བྱེད་པ་འདི་ལས་ཟློག་པ་ནི་འཛིན་པར་བྱེད་པ་མ་ཡིན་པར་གནས་པ་ཞིག་ནི་དེ་ཉིད་ཅེས་བྱ་བ་འཛིན་པར་བྱེད་
པ་ཉིད་ནི་གནས་པ་མེད་དོ། །དེར་ཞེས་བྱ་བ་ཚད་མ་ཅན་མ་ཡིན་པ་གཟུགས་ལ་སོགས་པ་ལས་ཐ་དད་པར་རྟོགས་ནའོ། །ཅིའི་དོན་དུ་ཞེས་བྱ་བ་ནི་གལ་ཏེ་འདྲ་བ་བློའི་མཚན་ཉིད་མ་ཡིན་ནའོ། །འདི་ལ་བརྗོད་པ་ནི་དེས་ཞེས་བྱ་བ་སྟེ། ཤེས་པས་བྱས་པའི་མྱོང་བ་གང་ཡིན་པ་དེ་སྔོན་པོ་དང་སེར་པོ་

ལ་སོགས་པའི་ཡུལ་ཅན་དུ་ངེས་པའི་རྒྱུ་ཞེས་བྱ་བ་རྣམ་པར་འཇོག་པར་བྱེད་པ་ཉིད་ཡིན་པ་དེའི་ཕྱིར་འདྲ་བ་དེ་ཚད་མར་འདོད་པ་ཡིན་ནོ། །འདི་ནི་ཞེས་བྱ་བ་རང་རིག་པ་དང་འདྲ་བ་དག་ཐ་མི་དད་པ་ཞེས་བྱ་བ་བདེན་མོད་ཀྱིའོ། །འདིས་ནི་ཞེས་བྱ་བ་ནི་འདྲ་བས་སོ། །གཞན་
གྱིས་ནི་ཞེས་བྱ་བ་ནི་ཚུལ་ལུགས་གཞན་གྱིས་སོ། །འོན་ཏེ་རང་གི་ངོ་བོ་རིག་པའི་སྒོ་ཉིད་ནས་ཕྱིའི་དོན་ཅི་སྟེ་རྣམ་པར་མི་གཞག་སྙམ་ན། རེ་ཞིག་ཅེས་སྨོས་སོ། །དེ་ལྟར་མ་ཡིན་པར་ཞེས་བྱ་བ་ནི་འདྲ་བ་མེད་པར་རོ། །གཞན་རིག་ན་ཇི་ལྟར་གཞན་རིག་པར་འགྱུར་ཞེ་ན། འདི་ལྟར་ཞེས་བྱ་བ་
ལ་སོགས་པའོ། །གཞན་རིག་པ་ནི་གང་གི་ཚེ་འདི་བདག་གིས་རྟོགས་སོ་ཞེས་བྱ་བའི་ཐ་སྙད་འཇུག་པ་ཡིན་ནོ། །དེའི་ངོ་བོ་ནི་དེ་དང་འདྲ་བའོ། །དཔེར་ན་ཙི་ཏྲ་ཨང་ག་དང་སྣ་ཚོགས་བརྩོན་འགྲུས་ལས་གང་ཡང་རུང་བ་ཞིག་མཐོང་བ་ནི་གཞན་ལ་བདག་གིས་རིག་གོ་ཞེས་བྱ་བར་ཐ་སྙད་བྱེད་པ་
དེ་བཞིན་དུ་རང་གི་ངོ་བོར་གྱུར་པའི་སྔོན་པོ་ལ་སོགས་པ་རིག་པ་ན་སྔོན་པོ་ལ་སོགས་པ་ཐ་སྙད་བྱེད་པ་ཡིན་ནོ། །དེའི་མཚན་ཉིད་ཅེས་བྱ་བ་ནི་དེ་དང་འདྲ་བ་གཞན་རིག་པ་ནའོ། །དེ་ལ་ཞེས་བྱ་བ་ཕྱི་རོལ་དོན་ལའོ། །དེ་ལ་ཞེས་བྱ་བ་ནི་རང་གི་ངོ་བོ་སྔོན་པོ་ལས་གཞན་པའི་སྔོན་པོ་དེ་ཞེས་བྱ་
བ་གསལ་བཞིན་པའི་སྔོན་པོའོ། །འདི་ཉིད་ཀྱིས་ཞེས་བྱ་བ་ནི་སྔོན་པོ་དང་རིག་པ་གཉིས་ཀྱིས་སོ། །གལ་ཏེ་ཕྱི་དོན་དུ་སྨྲ་བ་ལ་སྔོན་པོ་ཐ་དད་པར་རིག་པ་ཡང་ཇི་ལྟར་སྙམ་ན། སྔོན་པོ་ལ་སོགས་པ་ལྐོག་ཏུ་ཞེས་གསུངས་སོ། །དེའི་ཞེས་བྱ་བ་ནི་རང་གི་རང་བཞིན་དུ་གྱུར་པའི་སྔོན་པོ་
ལ་སོགས་པར་རིག་པ་ལས་སོ། །འདྲ་བ་དོན་མེད་པར་བྱ་བའི་ཕྱིར་འདྲི་བ་ནི་གལ་ཏེ་ཞེས་བྱ་བའོ། །གལ་ཏེ་འདྲ་བ་མེད་ཀྱང་རང་རིག་པར་འགྱུར་ན། དེའི་ཚེ་དེ་ལྟར་གྱུར་པ་ཞིག་ན། འོན་ཀྱང་གང་ལ་ཡང་རང་རིག་པ་ཡོད་པ་དེ་ལ་ནི། འདྲ་བ་དེ་རང་ཡོད་པ་དེས་ན་འདྲ་བ་ལས་རིག་པ་ཡིན་ནོ་ཞེས་
བརྗོད་པ་དེས་ན་འདྲ་བས་ཅི་བྱ་ཞེས་ཅི་སྟེ་བརྗོད་སྙམ་ན་འདི་ལ་བརྗོད་པ་ནི། དེ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བའོ། །འདྲ་བ་མེད་ན་རང་རིག་པ་དེས་དོན་རིག་པར་མི་འགྱུར་རོ། །དེས་ན་འདྲ་བ་ཉིད་ལ་རིག་པར་བརྗོད་པ་ཡིན་ཞེ་ན། འདི་ལ་བརྗོད་པ་ནི་དེ་ཡང་ཞེས་བྱ་བའོ། །འོ་ན་ཤེས་པ་ཉིད་ཀྱིས་ཁྱད་

པར་འཕགས་པ་དེས་ན་དོན་ཉིད་དུ་མི་འགྱུར་རོ་སྙམ་ན་ཤེས་པ་ཉིད་ཀྱིས་ཞེས་གསུངས་སོ། །སྔོན་པོ་མཐའ་དག་ཅེས་བྱ་བ་ནི་ཡུལ་དང་དུས་གཞན་ན་གནས་པའི་སྔོན་པོ་ཡང་རིག་པར་འགྱུར་ཏེ། རྟོགས་པའི་རང་བཞིན་མ་རྟོགས་པའི་རང་བཞིན་གྱིས་མཚུངས་པའི་ཕྱིར་རོ། །འོ་ན་ཇི་ལྟར་རིག་པར་
འགྱུར་སྙམ་ན་དེའི་རང་བཞིན་ཞེས་སྨོས་སོ། །འདྲ་བ་དེ་ལས་སྐྱེས་པ་དག་ཁོ་ནས་རིག་པར་བྱེད་པ་ཐ་སྙད་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་ཡོད་པ་མ་ཡིན་ཏེ། གཞན་ཡང་མཐོང་བའི་ཕྱིར་རོ། །དེ་ཉིད་བརྗོད་པ་ནི་མཚེ་མ་དག་ཅེས་བྱའོ། །ཤེས་པ་ཕྱི་མ་རྟོགས་པའི་རང་བཞིན་གྱིས་ནི་ཤེས་པ་
སྔ་མ་དང་མཚུངས་པ་ཡིན་ཏེ། དེ་ལྟར་ན་ཡང་ཉམས་སུ་མྱོང་བ་ཡང་རིག་པར་ཐལ་ལོ། །ཇི་ལྟར་སྔོན་པོ་ལ་སོགས་པ་ཉེ་བར་འཇོག་པར་བྱེད་པ་ཅན་ཡིན་པ་དེ་བཞིན་དུ་མྱོང་བ་ཡང་ཉེ་བར་འཇོག་པར་བྱེད་པ་ཅན་དུ་བརྟག་པར་བྱ་བ་ཡིན་ནོ། །དེས་ན་ཉམས་སུ་མྱོང་བའི་འདོད་པ་ཉིད་པ་དེས་ན་
ཇི་ལྟར་ཐལ་བ་ཡིན་སྙམ་ན། དེ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །དེ་དང་འདྲ་བར་སྔོན་པོ་ལ་སོགས་པ་ལ་ཡང་ཉེ་བར་འཇོག་པར་བྱེད་པ་ཐ་དད་པ་བརྟགས་པ་ནི་རིག་པ་དང་ལྡན་པ་མ་ཡིན་ནོ། །ཉམས་སུ་མྱོང་བ་ཉིད་ཉེ་བར་འཇོག་པར་བྱེད་པར་བརྟགས་པས་ཆོག་མོད། དོན་བརྟགས་པས་ཅི་བྱ་
ཞེས་དགོངས་པའོ། །དེ་ལ་ཞེས་བྱ་བ་སྐྲ་ཤད་ལ་སོགས་པར་སྣང་བའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཀ་བ་ལ་སོགས་པར་སྣང་བ་ལ་ཡང་ངོ་། །དེ་བཞིན་དུ་ཕྱིའི་དོན་མེད་པར་ཀ་བ་ལ་སོགས་པའི་ཤེས་པ་འདི་སྐྱེས་པ་ཡིན་ཏེ། སྐྲ་ཤད་ལ་སོགས་པར་སྣང་བ་དང་མཚུངས་པའི་ཕྱིར་དང་མི་
སླུ་བ་ལ་སོགས་པ་ཡང་སུན་ཕྱུང་བའི་ཕྱིར་རོ། །འོ་ན་འགལ་བ་མི་འཁྲུལ་བ་ཅན་དེ་སོང་སྟེ། སྔར་གྱི་ཀ་བ་ལ་སོགས་པའི་ཤེས་པ་དང་འདྲ་བའི་ཕྱིར་དམིགས་པ་དང་བཅས་པ་ཡིན་ལ་སྐྲ་ཤད་དུ་སྣང་བ་དང་འདྲ་བའི་ཕྱིར་ནི་དམིགས་པ་མེད་པ་ཡིན་པར་འགྱུར་བའི་ཕྱིར་རོ་སྙམ་ན། འགལ་བ་
ཞེས་གསུངས་སོ། །འབྲེལ་པ་གཟུང་བ་མེད་པ་ཉིད་ཅིའི་ཕྱིར་ཞེ་ན། དོན་ནི་ཞེས་གསུངས་སོ། །འོ་ན་ཉམས་སུ་མྱོང་བ་ལ་ཡང་ཉེ་བར་འཇོག་པར་བྱེད་པ་ཇི་ལྟར་རྟོག་སྟེ། དེ་ཡང་མ་མཐོང་བའི་ཕྱིར་རོ་སྙམ་ན་མཐོང་བ་སྔ་མ་ནི་ཞེས་གསུངས་སོ། །འོན་ཏེ་དོན་ཡང་སྔར་གྱི་ཀ་བ་ལ་སོགས་པའི་

ཤེས་པས་དམིགས་པ་མ་ཡིན་ནམ། དེས་ན་དེ་ཡང་བརྟག་གོ་ཞེ་ན། དོན་ཞེས་གསུངས་སོ། །རྣམ་པ་གཞན་ཡིན་ན་ཞེས་བྱ་བ་ནི་གང་གི་ཚེ་སྔོན་པོའི་རྣམ་པར་ཤེས་པའི་རྗེས་ཐོགས་སུ་སྔོན་པོའི་རྣམ་པར་ཤེས་པ་སྐྱེས་པ་དེའི་ཚེ་རེ་ཞིག་འདི་འགྱུར་མོད། གང་གི་སེར་
པོར་ཤེས་པ་དེ་སྐྱེ་བ་དེའི་ཚེ་ཉེ་བར་འཇོག་པ་གང་ཡིན་ཞེ་ན། འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །འདིས་ནི་འདིར་བར་དུ་ཆོད་པ་ཉིད་ཀྱིས་སྔོན་པོའི་ཤེས་པ་ཉེ་བར་འཇོག་པར་བྱེད་པ་ཡིན་ནོ་ཞེས་བསྟན་ཏོ། །ཇི་ལྟར་འཇིག་རྟེན་དོན་མྱོང་བར་འགྱུར་ཞེས་ངེས་པ་དེ་བཞིན་དུ་ཉམས་སུ་
མྱོང་བ་ཉམས་སུ་མྱོང་ངོ་ཞེས་ངེས་པ་དེ་ནི་མ་ཡིན་ནོ། །དེའི་ཕྱིར་འབྲས་བུ་ངེས་པ་མ་མཐོང་བའི་ཕྱིར་མྱོང་བ་ཉམས་སུ་མྱོང་བ་ནི་མ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་མྱོང་བ་ཡང་ངེས་པར་འགྱུར་རོ། །ལ་ལར་ཞེས་བྱ་བ་སྨིག་རྒྱུ་ལ་སོགས་པ་ཉམས་སུ་མྱོང་བ་ལ་ཡང་ཆུ་ལ་སོགས་པའི་རང་
བཞིན་དུ་འཁྲུལ་པ་མཐོང་བའི་ཕྱིར་རོ། །དེས་ན་ཤེས་པ་ཉམས་སུ་མྱོང་བ་ཡང་འཁྲུལ་པས་ངེས་པར་མི་འགྱུར་བས་ཇི་ལྟར་ན་ངེས་པ་མེད་པས་མྱོང་བ་མེད་པར་འགྲུབ་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་སྨིག་རྒྱུ་ལ་སོགས་པའི་དོན་མྱོང་བ་ཡོད་ཀྱང་ངེས་པ་མེད་པ་དང་རྨི་ལམ་ལ་
སོགས་པར་དོན་དེ་མེད་ཀྱང་ཡོད་པའི་ཕྱིར་རོ། །དེ་ཁོ་ན་ཞེས་བྱ་བ་དོན་ཉམས་སུ་མྱོང་བར་གནས། འོན་ཏེ་འདི་ནི་ཉམས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བར་ཡང་ཇི་ལྟར་རྣམ་པར་གཞག་པར་བྱ་སྟེ། ངེས་པ་མེད་པའི་ཕྱིར་རོ་ཞེ་ན། ཉམས་སུ་མྱོང་བ་ཞེས་གསུངས་སོ། །འོན་ཏེ་ངེས་པ་མེད་པ་ཉིད་ཀྱིས་
ཉམས་སུ་མྱོང་བ་ནི་མེད་དོ་ཞེས་ངེས་པར་བྱེད་ན། འདི་ལ་བརྗོད་པ་ནི་རྒྱུ་ཞེས་སྨྲ་བའོ། །མྱོང་བ་མེད་པར་ཞེས་བྱ་བ་ནི་མྱོང་བ་སྔ་མའི་མྱོང་བ་གང་ཡིན་པ་དེ་མེད་པར་རོ། །དེ་ལྟར་ན་ཞེས་བྱ་བ་ནི་ངེས་པ་མེད་པས་ནའོ། །མྱོང་བའི་རང་བཞིན་ནི་སྣང་བ་མ་ཡིན་ཏེ། དེས་འདི་ལ་བརྟག་པ་ཅི་ཡོད་སྙམ་
ན། དོན་ཡོད་པ་ཙམ་ནི་ཞེས་སྨོས་སོ། །གལ་ཏེ་མཐོང་བ་དེ་ལྷག་པ་ཉིད་དུ་འགྱུར་མོད། དེ་ལྟར་ན་ཡང་གཞན་སྣང་བ་ནི་མ་ཡིན་ནོ་སྙམ་ན། གལ་ཏེ་ཞེས་སྨོས་སོ། །དེ་ནི་ཞེས་བྱ་བ་ནི་རིག་པའི་རང་བཞིན་གསལ་བ་ཞེས་བྱ་བར་གྲགས་པར་དོན་མཐོང་བ་ནིའོ། །དཀར་པོ་ལ་སོགས་པ་མངོན་པར་

གསལ་བའི་སྒྲས་ཅི་ཞིག་བརྗོད་པར་བྱ་སྙམ་ན། ཁྱེད་ཀྱིས་ཞེས་སྨོས་ཏེ། བྲམ་ཟེ་དང་རིགས་པ་ཅན་ལ་སོགས་པས་འདོད་པ་ཤེས་པ་ཕྱི་མ་དོན་གྱིས་གོ་བ་ལ་སོགས་པའི་སྒྲུབ་བྱེད་ཅན་ནོ། །ལས་ཉིད་ལ་རྣམ་པར་བརྟག་པ་བྱས་ནས་སུན་འབྱིན་པ་ནི་གལ་ཏེ་ཞེས་བྱ་བའོ། །གལ་ཏེ་
དོན་ཙམ་ལས་ལྷག་པ་ལས་ཡིན་ན་དེ་ཡང་རྟོགས་པ་ཡིན་ནོ། །ལས་དེ་ལ་ཡང་རྟོག་པ་གཞན་ཡོད་པར་འགྱུར་ལ། རྟོགས་པ་དེས་ཡང་ལས་གཞན་ཡོད་པར་འགྱུར་རོ། །དེ་ལས་རྟོགས་པ་མིན་པའི་ཕྱིར་ཐུག་པ་མེད་དོ། །ཇི་ལྟར་སྒྲོན་མ་ལ་སོགས་པ་ལས་མདངས་གསལ་བ་ཡིན་
པ་དེ་བཞིན་དུ་དོན་གྱིས་གསལ་བ་ནི་དེ་འདྲ་བ་མ་ཡིན་ནོ། །གལ་ཏེ་དེ་ཞེས་བྱ་བ་ནི། ཤེས་པའི་རང་བཞིན་གྱིས་གསལ་བའོ། །ཐམས་ཅད་གསལ་བར་ཐལ་བ་ནི་རང་གི་ངོ་བོ་ཙམ་ཡོད་པའི་ཕྱིར་རོ། །རང་གི་ངོ་བོའི་ཁྱད་པར་གསལ་བ་ཡིན་གྱི་རང་གི་ངོ་བོ་ཙམ་ནི་མ་ཡིན་ནོ། །ཁྱད་པར་དེ་
ཡང་ཐམས་ཅད་ལ་མེད་པ་དེས་ན་ཐམས་ཅད་གསལ་བ་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་ཤེས་པ་གཞན་ཞེས་བྱ་བའོ། །དེ་ལྟ་བུ་ཉིད་ཅེས་བྱ་བ་ཤེས་པ་གཞན་ཁོ་ནས་རང་གི་ངོ་བོའི་ཁྱད་པར་གསལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདི་ལ་བརྗོད་པ་ནི་འདི་ཞེས་བྱ་བའོ། །རྒྱུ་གང་ཞེས་
གསལ་བ་གཉིས་པ་གཞན་དེ་མི་རྟོགས་པ་དེའི་ཕྱིར་གསལ་བ་སྔ་མའི་རང་གི་ངོ་བོ་ཉིད་གསལ་བར་ཁས་བླང་བར་བྱའོ། །འོན་ཏེ་གསལ་བ་གཉིས་གཞན་ཁོ་ནས་གསལ་བ་དང་པོའི་རང་གི་ངོ་བོ་གསལ་བར་བྱེད་ན་དེའི་ཚེ་གསལ་བ་དང་པོའི་རང་གི་ངོ་བོ་དེ་ཡང་གཞན་གསལ་བ་ཕ་རོལ་པོ་གཉིས་
པས་གསལ་བ་ཡིན་ན། གསལ་བ་གཉིས་པ་གཞན་དེ་ཡང་མི་རྟོགས་པའི་ཕྱིར། དེར་གཞན་ཁས་བླང་དགོས་པ་ཐུག་པ་མེད་དོ། །མ་རྟོགས་པ་ཞེས་བྱ་བ་གསལ་བ་མ་ཡིན་པ་ལས་བཟློག་པའི་རང་བཞིན་དུའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་གསལ་བ་མ་ཡིན་པ་ལས་བཟློག་པར་རྟོགས་པར་
ཁས་ལེན་ནའོ། །འོ་ན་དེ་དག་གིས་ཇི་ལྟར་འདོད་ཅེ་ན། ཁྱེད་ནི་ཞེས་གསུངས་སོ། །ཇི་ལྟར་ཞེས་བྱ་བ་འཇིག་རྟེན་གྱི་ཐ་སྙད་ཙམ་དུ་དོན་རྟོགས་པ་ཡིན་ནོ་ཞེས་བྱ་བའོ། །ཐ་སྙད་ཡིན་གྱི་དོན་དམ་པར་ནི་མ་ཡིན་པ་ནི་དེ་ལྟར་ནི་བཤད་ཟིན་ཏོ། །དེས་ན་ཁྱེད་ཀྱི་ལྟ་བ་ལ་དོན་འདི་མཐོང་ངོ་སྙམ་པ་འདི་ཇི་ལྟར་

ཞེས་ངེད་ཀྱིས་དྲིས་པ་དེ་ནི་རིགས་པ་ཁོ་ནའོ། །གལ་ཏེ་ཁྱེད་ལ་ཡང་དོན་མེད་པའི་ཕྱིར་ན་དོན་འདི་མཐོང་ངོ་ཞེས་ཇི་ལྟར་ངེས་ཤེ་ན། ངེད་ཀྱི་ལྟར་ན་ཞེས་གསུངས་སོ། །འདིའི་ཞེས་བྱ་བ་ཤེས་པའི་དེ་ལྟ་བུར་གྱུར་པ་སྟེ་དོན་དང་འདྲ་བའོ། །འདིས་ནི་ཕ་རོལ་པོས་འདྲ་བ་ལ་ནི་
ལོག་པར་རྟོགས་པ་མ་ཡིན། འོན་ཀྱང་རང་རིག་པ་ལའོ་ཞེས་བསྟན་པ་ཡིན་ནོ། །དེ་ལས་གཞན་གྱིས་ཞེས་བྱ་བ་ནི་དབྱིག་པ་དང་སྐྱེས་བུ་དག་ལས་ཐ་དད་པའི་རིག་པས་སོ། །དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་དབུགས་དང་བཅས་པའི་སྐྱེས་བུའོ། །འདི་ཉིད་ལས་གཞན་གྱིས་བསམ་པ་
བརྗོད་པས་གསུངས་པ་ནི། རང་རིག་པས་ནི་ཞེས་བྱ་བའོ། །འདི་ལ་བརྗོད་པ་ནི་ཁྱེད་ཀྱི་ཞེས་བྱ་བའོ། །དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི། ཁྱད་པར་དང་ཁྱད་པར་ཅན་གྱི་རྣམ་པའོ། །དོན་དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི། ཁྱད་པར་དང་ཁྱད་པར་ཅན་དུ་གྱུར་པའོ། །འོན་ཏེ་དེའི་ཞེས་བྱ་བ་དོན་དང་
འདྲ་བའི་རང་བཞིན་ནོ། །གཞན་གྱིས་ཞེས་བྱ་བ་ནི། ཤེས་པ་གཉིས་པས་དོན་དང་འདྲ་བའི་ཤེས་པ་དེའི་རང་བཞིན་དུ་དོན་དང་འདྲ་བའི་མཚུངས་པའི་རྣམ་པ་ཅན་གྱི་ཤེས་པ་དང་རྣམ་པ་མཚུངས་པར་རོ། །འདི་ལ་བརྗོད་པ་ནི་འོ་ན་ཞེས་བྱ་བའོ། །རེ་ཞིག་དང་པོ་ནི་མཐོང་བ་ནི་ཁྱད་པར་མེད་པ་ནི་
དོན་ཉིད་རྟོགས་པ་ཡིན་ཏེ། མཐོང་བ་མ་རྟོགས་པའི་ཕྱིར་རོ། །གཞན་གྱིས་ནི་ཤེས་པ་གཉིས་པས་སོ། །ཅི་ལྟར་རྟོགས་ཞེས་བྱ་བ་ནི་གཅིག་འཁྲུལ་པར་ཐལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་གཅིག་གི་ཚེ་ཉིད་མཐོང་བའི་ཁྱད་པར་ཅན་དང་། ཁྱད་པར་མེད་པ་རྟོགས་པ་དེའི་ཚེ་
ཉེས་པ་འདིར་འགྱུར་བ་ཞིག་ན། འོན་ཀྱང་དང་པོ་ནི་ཁྱད་པར་མེད་པར་རྟོགས་ལ་ཕྱིས་ནི་ཁྱད་པར་ཅན་དུ་ཡིན་ཏེ། དཔེར་ན་དང་པོའི་སྐྱེས་བུའི་དབྱིག་པས་ཁྱད་པར་དུ་མ་བྱས་པར་རྟོགས་ལ། ཕྱིས་ནི་དེས་ཁྱད་པར་དུ་བྱས་ནས་འཛིན་པ་བཞིན་ནོ། །དེས་ཉེས་པ་ཅི་ཡོད་དུ་བསམས་ནས་ཕ་རོལ་པོ་
བརྗོད་པ་ནི་འོན་ཏེ་ཕྱིས་ཞེས་བྱ་བའོ། །སུན་འབྱིན་པ་ནི་དེ་ཡང་ཞེས་བྱ་བའོ། །ཤེས་པ་དང་པོ་དེ་ནི་ཕྱིས་སེམས་གཞན་གྱིས་དོན་གྱི་རིག་པ་ཡིན་ན། སེམས་དང་པོ་དེ་དོན་གྱི་རྣམ་པ་ཉིད་ཡིན་མོད། གཞལ་བྱ་དོན་གྱི་ཁྱད་པར་ཅན་ཉིད་ནི་མ་ཡིན་ནོ། །མཐོང་བ་དེས་ནི་དོན་དེ་རང་གིས་ཁྱད་པར་དུ་བྱས་

པ་ཉིད་དུ་ནི་རིག་པ་མ་ཡིན་ནོ། །དེ་ལྟར་འགྱུར་མོད་ཅི་སྐྱོན་སྙམ་ན། དེ་ལྟ་མིན་པ་ཞེས་གསུངས་སོ། །གཞན་ནི་ཤེས་པ་གཉིས་པའི་དུས་ནའོ། །དེའི་ཚེ་འདིར་བདེན་པ་གང་ཡིན་པ་དེ་འགའ་ཡང་མ་ཡིན་ནོ། །འབའ་ཞིག་དང་འབའ་ཞིག་པ་ཉིད་དུ་གྱུར་པའི་དོན་དང་ཤེས་པ་དག་ནིའོ། །
དོན་རྟོགས་པའི་དུས་སུ་ནི། དེའི་ཤེས་པ་རྟོགས་པ་མེད་པའི་ཕྱིར་ལ། ཤེས་པ་རྟོགས་པ་མེད་པའི་དུས་ན་ཡང་དོན་མ་ཡིན་པའི་ཕྱིར་རོ། །དེའི་ཤེས་པའི་དུས་ན་དོན་སྒྲོ་བཏགས་ནས་དེ་ལྟར་རྟོགས་པ་ཡིན་ནོ་ཞེ་ན། དེ་སྒྲོ་འདོགས་ན་ནི་ཞེས་གསུངས་སོ། །དེའི་རྣམ་པ་དེ་ནི་ཤེས་པ་
ཙམ་ཉིད་ཡིན་གྱི་དོན་ནི་མ་ཡིན་ཏེ། སྒྲོ་བཏགས་པ་ཙམ་གྱིས་ནི་དོན་དུ་འགྱུར་བ་མི་སྲིད་དོ། །དེ་ལ་ཡང་ཞེས་བྱ་བ་ནི་དོན་ཤེས་པ་ལའོ། །དེར་ཞེས་བྱ་བ་རྣམ་པ་གང་ལ་དོན་དུ་སྒྲོ་བཏགས་པ་དེ་མི་སྲིད་པའི་ཕྱིར་རོ། །དོན་རྟོགས་པ་ནི་མཐོང་བ་མ་ཡིན་ནམ་ཞེས་པའོ། །འདི་ཉིད་
རྣམ་པར་འགྲེལ་པ་ནི་ཀ་བ་ལ་སོགས་པ་ནི་ཞེས་བྱ་བའོ། །ལན་དེ་གང་ཡིན་སྙམ་ན་གལ་ཏེ་ཞེས་བྱ་བའོ། །དཀར་པོ་ལ་སོགས་པའི་མཐོང་བ་ན་འདི་རིག་པ་གང་ཡིན་པ་དེ་གལ་ཏེ་ཁྱེད་ཀྱིས་འདོད་པའི་མངོན་པར་གསལ་བ་ལས། རང་བཞིན་གཞན་ཡིན་ན། དེའི་ཚེ་དཀར་པོ་ལ་
སོགས་པ་གསལ་བར་མི་འགྱུར་རོ། །གལ་ཏེ་གང་གིས་འདི་སྐད་བརྗོད་པ་སྣང་བཞིན་པའི་རང་བཞིན་མི་གསལ་བར་སུས་ཁས་བླངས་ཤེ་ན། གཞན་གྱིས་བརྗོད་པའི་ཞེས་སྨོས་ཏེ། སྣང་བཞིན་པའི་རང་བཞིན་ནི་རང་གི་ངོ་བོས་གསལ་བ་མ་ཡིན་ནོ་ཞེས་བྱ་བ་འདིའི་དོན་ཏེ། སྔོན་པོ་
ལ་སོགས་པ་གཟུང་བའི་རྣམ་པ་གསལ་བ་གང་ཡིན་པ་འདི་བློའི་ནང་དུ་ཞུགས་པ་བློ་དེ་ལྐོག་ཏུ་གྱུར་པ་ཡིན་ན། སྔོན་པོ་ལ་སོགས་པ་སྣང་ཡང་ལྐོག་ཏུ་འགྱུར་ཏེ། ལྐོག་ཏུ་གྱུར་པའི་རང་བཞིན་གྱི་བློ་ལས་ཐ་མི་དད་པའི་ཕྱིར་རོ། །གང་གི་ཕྱིར་གཞན་གྱིས་བརྗོད་པའི་དོན་འདི་ཡིན་པ་
དེས་ནའོ། །སྣང་བཞིན་པའི་སྔོན་པོ་ལ་སོགས་པ་ལྐོག་ཏུ་གྱུར་མོད། ཅི་སྐྱོན་སྙམ་ན་དེ་ལྟ་ཡིན་དང་ཞེས་སྨོས་སོ། །ཇི་ལྟར་ཡིན་དང་དེ་བཞིན་དུ་དོན་ལྐོག་ཏུ་འགྱུར་ཞེ་ན། རྗེས་སུ་དཔག་པ་ལ་ཡང་ཞེས་སྨོས་སོ། །གསལ་བར་སྣང་བ་ལྐོག་ཏུ་གྱུར་པ་དེ་ནི་མངོན་སུམ་ལ་ཡང་ཡོད་དེ།

དེས་ན་དོན་ལྐོག་ཏུ་གྱུར་པ་ཁོ་ནར་འགྱུར་རོ། །འོན་ཏེ་རྗེས་སུ་དཔག་པ་ལ་རེ་ཞིག་དོན་རྟོགས་པ་ནི་ཡོད་པ་ཉིད་དོ། །དེ་དང་འདྲ་བར་མངོན་སུམ་ཡང་འགྱུར་རོ། །དེས་ན་ལྐོག་ཏུ་གྱུར་པ་ཡིན་ཡང་ཅི་ཆད་སྙམ་ན། གལ་ཏེ་ཞེས་བྱ་བའོ། །རིག་པ་དེ་ཉིད་བརྗོད་པ་ནི།
གལ་ཏེ་རང་གི་ཞེས་བྱ་བའོ། །རང་གི་ཆ་སྟེ་རང་བཞིན་མི་རིག་ན། བློས་རང་གི་དམིགས་པར་བྱ་བའི་དོན་དང་། བདག་ཉིད་ཀྱང་མི་རིག་པར་འགྱུར་རོ། །དམིགས་པའི་ཁྱད་པར་བརྗོད་པ་ནི། གཟུགས་ལ་སོགས་པའི་ཡུལ་ཅན་ཡིན་ནོ་ཞེས་བྱ་བར་ཏེ། ཡུལ་ཅན་གྱི་བདེ་བ་ཕན་ཚུན་
ཐ་དད་པ་ཁོ་ནའོ། །གོམས་པའི་ཁྱད་པར་བརྗོད་པ་ནི། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པའོ། །འོན་ཏེ་ཡུལ་ལ་སོགས་པས་བསྐྱེད་པ་ནི་ཡིན་པ་རྣམ་པར་ཤེས་པའང་མ་ཡིན་པའི་ཕྱིར་འགལ་བ་ཅི་ཡོད་སྙམ་ན། གལ་ཏེ་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་ཡུལ་ལའོ། །རྣམ་པར་
ཤེས་པའི་ཚོགས་པས་བསྐྱེད་པའི་རྣམ་པར་ཤེས་པ་ཉིད་ཡིན་པའི་ཕྱིར་ཏེ། རྣམ་པར་ཤེས་པ་གཞན་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་དག་ཅེས་བྱ་བ་ནི་རྣམ་པར་ཤེས་པའི་རང་བཞིན་ཅན་གྱི་བདེ་བ་ལ་སོགས་པ་རྣམས་སོ། །གལ་ཏེ་འཛིན་པར་བྱེད་པ་གཞན་དམིགས་པ་མེད་
ཀྱང་དེ་དག་ཅི་ལྟར་རང་རིག་པ་ཉིད་ཡིན་སྙམ་ན། འཛིན་པར་བྱེད་པ་རྟོགས་པ་མེད་པ་ན་མངོན་སུམ་དུ་གྱུར་པ་གང་ཡིན་པ་དེ་ཉིད་རང་རིག་པ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་མངོན་སུམ་དུ་གྱུར་པ་ནི་འདོད་ཆགས་ལ་སོགས་པ་ལ་ཡང་ཡོད་པས་ཇི་ལྟར་རང་རིག་པ་མ་ཡིན་འདི་དག་ཅེས་བྱ་
བ་ནི་བདེ་བ་དང་ཆགས་པ་ལ་སོགས་པའོ། །གཞན་གྱི་རྒྱུ་ལ་ཡོད་པའི་ཤེས་པས་ཀྱང་བདེ་བ་ལ་སོགས་པ་གཟུང་བ་ཉིད་དུ་རིག་པར་འགྱུར་ལ། རང་གི་རྒྱུད་ལ་ཡོད་པས་ཀྱང་དེ་བཞིན་དུ་ཡིན་པས་ཁྱད་པར་འགའ་ཡང་མེད་དོ། །འདི་ལ་དཔེ་བརྗོད་པ་ནི་གཞན་གྱི་མེ་ཞེས་བྱ་བའོ། །
གཞན་གྱི་ལ་ཅི་དེར་ཞེས་བྱ་བ་སིམ་པར་བྱེད་པ་ཉིད་དུ་འགྱུར་རམ། འོ་ན་ཡིད་དགེ་བ་ལ་གཞན་གྱི་ཙནྡན་ཇི་ལྟར་འགྱུར་ཞེ་ན། དེ་ནི་ཞེས་སྨོས་སོ། །འདིར་རེ་ཞིག་ཡིད་དགེ་བ་མ་ཡིན་པ་ལ་ནི། གཞན་གྱི་ཙནྡན་གྱིས་བདེ་བ་ཉིད་བསྐྱེད་པ་དེས་ན། དེ་ལ་ཚུལ་ཇི་ལྟར་ཞེས་སྨོས་སོ། །འདི་ལ་ཕ་

རོལ་པོའི་ལན་ནི་ཡིད་དགེ་བ་མ་ཡིན་པ་དེ་ལ་ནི། གཞན་གྱིས་ཙནྡན་ལ་བརྟེན་ནས་རང་གི་བདེ་བ་སྐྱེས་པ་ཡིན་ནོ། །དེ་བཞིན་དུ་གཞན་གྱི་བདེ་བ་རིག་པ་ན་གང་གི་ཚེ་བདེ་བ་རིག་པར་འགྱུར་བ་དེའི་ཚེ་ན་བདེ་བ་དེ་བདག་ཉིད་ཁོ་ནའི་སྐྱེས་པ་ཡིན་གྱི། གཞན་གྱི་བདེ་བས་བདེ་བ་ནི་མ་ཡིན་ནོ་ཞེ་ན།
འདི་ལ་གྲུབ་པའི་མཐའ་པས་གསུངས་པ་ནི། གང་གི་ཚེ་གཞན་གྱི་བདེ་བ་ཚོར་ཡང་རང་གི་བདེ་བ་མ་སྐྱེས་པ་དེའི་ཚེ་ཡང་གཞན་གྱི་བདེ་བ་རིག་པར་བྱེད་པ་སྐྱེས་བུ་དེའི་ཅི་སྟེ་བར་གནས་པ་མ་ཡིན། དེ་ལྟར་བརྩད་པ་ལ་གཞན་གྱིས་སྨྲས་པ། རང་གི་བདེ་བས་བདེའི་གཞན་གྱི་བདེ་བས་ནི་མ་ཡིན་
ཏེ། དེས་ན་གཞན་གྱི་བདེ་བ་རིག་པ་ན་རང་གི་བདེ་བ་སྐྱེ་བ་ཡིན་པས་ན། དེའི་ཚེ་བདེ་བར་འགྱུར་བ་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་མ་ཡིན་ཞེས་བྱ་བའོ། །རང་གི་བདེ་བ་ཅི་འདྲ་བ་གཞན་གྱི་ཡང་དེ་འདྲ་བ་ཁོ་ན་ཡིན་ཏེ། དེས་ན་དེ་དག་གི་རང་བཞིན་རྣམ་པར་དབྱེར་མེད་དོ། །གཉི་ག་ཡང་
ཚིམ་པར་བྱེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་ཇི་ལྟར་རང་གི་བདེ་བས་བདེ་བ་བཞིན་དུ་གཞན་གྱི་བདེ་བས་ཀྱང་འགྱུར་རོ། །གཞན་གྱི་བདེ་བར་རིང་བའི་ཕྱིར། དེས་བདེ་བ་ཉིད་དུ་མི་འགྱུར་རོ་ཞེ་ན་འདི་ལ་བརྗོད་པ་ནི། དེའི་རང་བཞིན་ཉིད་རིག་ན་ཞེས་བྱ་བ་སྟེ། བདེ་བའི་རང་གི་ངོ་བོ་རིག་
ན་རིང་བ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གཞན་གྱིས་བདེ་བ་ལས་རྒྱུད་གཞན་ལ་ཤེས་པས་གནས་པའི་ཤེས་པས་མ་རིག་པ་དེའི་ཕྱིར་བདེ་བར་མི་འགྱུར་རོ། །འདི་ལ་བརྗོད་པ་ནི་འོ་ན་རང་ཉིད་ཀྱིས་བདེ་བ་ལ་རེག་པ་ཡིན་ལ་རེག་པ་ན་ཡང་རང་རིག་པ་ཉིད་དུ་འགྱུར་ཏེ། དེ་ལྟ་མ་
ཡིན་ན་རེག་པའི་སྒྲའི་དོན་མི་འཐད་པའི་ཕྱིར་རོ། །འདི་ཉིད་བསྒྲུབ་པ་ནི་རང་གི་བདེ་བ་ནི་བདག་ཉིད་ཐམས་ཅད་དམ་ཕྱོགས་གཅིག་གིས་རེག །རེ་ཞིག་ཕྱོགས་དང་པོ་ལ་བརྗོད་པ་ནི་བདག་ཉིད་ཅེས་བྱ་བའོ། །གཉིས་པ་ལ་གསུངས་པ་ནི། དེ་ལྟ་མ་ཡིན་ན་ཞེས་བྱ་བ་རྗེས་སུ་མ་ཞུགས་ནའོ། །
བདེ་བ་རིག་པ་རྣམ་པར་དབྱེར་མེད་པ་དེར་མི་འགྱུར་རོ། །འདིར་དབྱེ་བ་ཅི་ཡོད་ཅེས་དྲིས་པ་ལ་ལན་དེ་ལས་ཞེས་བྱ་བ་སྟེ་བདེ་བ་ལས་སོ། །དེར་ནི་བདེ་བར་རོ། །དེ་ལྟ་བུ་གང་ཡིན་པ་དེ་བདེ་བའི་བློ་སྟེ། བདེ་བ་རིག་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བློ་དེ་ནི་ཡུལ་ལས་སྐྱེས་པ་ནི་མ་ཡིན་ནོ། །

ཇི་ལྟར་ཞེ་ན་རྗེས་སུ་དཔག་པའི་ཞེས་སྨོས་ཏེ། གཞན་གྱི་བདེ་བ་ནི་མངོན་སུམ་དུ་རྟོགས་པར་མི་ནུས་པའི་ཕྱིར་རོ། །དེའི་རང་བཞིན་དུ་ཞེས་བྱ་བ་བདེ་བར་སྣང་བ་མངོན་སུམ་གང་ཡིན་པ་དང་ངོ་། །འདིས་ནི་བདེ་བ་ལས་དངོས་སུ་སྐྱེས་པར་བསྟན་ཏོ། །ཡུལ་ལས་དངོས་སུ་
སྐྱེས་པ་གང་ཡིན་པ་དེ་མངོན་སུམ་ཡིན་གྱི་གཞན་ནི་མ་ཡིན་ཏེ། དེ་ལྟ་བུའི་མངོན་སུམ་ལས་བདག་གི་བདེ་བ་རིག་པར་འགྱུར་བ་ཡིན་ནོ། །ཕྱེད་ཕྱི་མ་འཆད་པ་ནི་གཞན་ཞེས་བྱ་བའོ། །ཁས་བླངས་པ་ཞེས་བྱ་བ་ཕ་རོལ་གྱི་ཁས་བླངས་པ་ཉིད་ལས་སོ། །ཇི་ལྟར་མིག་ལ་སོགས་པས་
མངོན་སུམ་བསྐྱེད་པ་དེ་བཞིན་དུ་རྟགས་མཐོང་བས་ཀྱང་ཡིན་པའི་ཕྱིར་ན་མིག་ལ་སོགས་པ་དང་རྟགས་མཐོང་བ་ནི་མཚུངས་སོ། །གཉི་གར་ཡང་ཞེས་བྱ་བ་ནི་དེ་ལས་སྐྱེས་པ་དང་དེ་སྣང་བར་ཕྱེད་སྔ་མ་འགྲེལ་པ་ནི་ཁས་བླངས་པས་ནི་ཞེས་བྱ་བ་སྟེ། དེའི་རང་བཞིན་ཉིད་དེས་རྟོགས་པ་
ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་མཚན་ཉིད་ཀྱིས་ནའོ། །འདི་ཉིད་དོ་ཞེས་བྱ་བ་ནི་འཆད་བཞིན་པའོ། །རྟགས་ལས་སྐྱེ་བར་ཞེས་བྱ་བ་ནི་ཡུལ་དུ་གྱུར་པའི་གཞན་གྱི་བདེ་བ་ལས་དངོས་སུ་སྐྱེ་བར་འགོག་པ་ཡིན་ནོ། །འདི་ལ་བརྗོད་པ་ནི་དེ་ལྟ་ན་ནི་ཞེས་བྱ་བའོ། །སྤྱི་ཞེས་བྱ་བ་ནི་བདེ་བ་ཉིད་ཀྱི་
ཕྱིར་རོ། །དེའི་ཞེས་བྱ་བ་ཡུལ་གྱི་རྣམ་པས་སྟོང་པ་ཉིད་དོ། །གལ་ཏེ་རྗེས་སུ་དཔག་པ་ཡིན་ན་ཇི་ལྟར་རང་རིག་པ་ཡིན་ཞེ་ན། གལ་ཏེ་ཞེས་བྱ་བ་སྨོས་སོ། །གཞན་གྱི་ཞེས་བྱ་བ་མི་གསལ་བ་ཉིད་དུ་སྣང་བའི་རྣམ་པ་ལའོ། །དེ་ལ་ཞེས་བྱ་བ་ནི་མི་གསལ་བའི་རང་བཞིན་ནོ། །ལན་ནི་མ་
ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་གལ་ཏེ་གཞན་གྱིས་མ་རིག་པ་དེ་ལྟ་ན་ཡང་དེ་ནི་དེ་ཉིད་ཀྱི་ཡིན་ནོ་ཞེ་ན། གཞན་གྱིས་ཞེས་གསུངས་སོ། །འོན་ཏེ་ཆོད་པ་དང་མ་ཟད་པ་ལ་སོགས་པས་གཞན་གྱིས་མ་ཚོར་བ་ཡིན་ནོ་ཞེ་ན་དེ་ལ་ཞེས་བྱ་བའོ། །འོན་ཏེ་བར་ཆད་ལ་སོགས་པ་སྲིད་
པ་ཁོ་ནའོ་ཞེ་ན། བར་དུ་ཞེས་བྱ་བ་གསུངས་སོ། །དེ་དང་ནི་གཞན་དང་ངོ་། །དེ་ནི་གཞན་དང་འབྲལ་བའོ། །གལ་ཏེ་རྒྱལ་པོའི་བཀའ་ལུང་གི་དབང་གིས་དེ་སྐད་སྨྲ་ན་སྨྲས་མོད། འོན་ཀྱང་ཐ་སྙད་ནི་གང་དུ་ཡང་དེ་ལྟར་མ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཞེས་བྱ་བ་ནི་ཕ་རོལ་གྱིའོ། །

གལ་ཏེ་གཞན་གྱིས་བདེ་བའི་རང་བཞིན་དེ་ཉིད་རྟོགས་ན་དེའི་ཚེ་དེ་ཡང་བདེ་བར་འགྱུར་རོ་སྙམ་དུ་དོགས་ན། དེ་ལྟ་ན་ཡང་ཞེས་སྨྲས་སོ། །རྗེས་སུ་དཔག་པས་བདེ་བ་སྤྱད་པས་ནི་བདེ་བར་འགྱུར་བ་མ་ཡིན་ནོ་ཞེས་སྦྱར་རོ། །ཤེས་པ་རྣམ་པ་མཚུངས་པ་ཅན་དག་ལ་མངོན་སུམ་དང་
རྗེས་སུ་དཔག་པའི་མཚན་ཉིད་ཐ་དད་པ་དེ་དག་ལས་ཡིན། རང་གི་ཞེས་བྱ་བ་ནི་རྣམ་པར་འགྲེལ་པའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་འོན་ཀྱང་ཞེས་བྱ་བའི་དོན་ཏོ། །འོ་ན་རང་གི་ངོ་བོ་ཐ་དད་པ་ཉིད་དུ་འགྱུར་རོ་ཞེ་ན། གཉི་གའི་ཞེས་གསུངས་སོ། །མཐོང་ངོ་ཞེ་ན་ཞེས་བྱ་བ་ནི་རྒྱུ་ཐ་
དད་པར་རོ། །རང་གི་བརྗོད་པ་ནི་རང་གི་ངོ་བོའོ་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་རང་གི་ངོ་བོ་ཐ་དད་པས་སོ། །སོགས་པའི་སྒྲའི་གསུངས་པ་ནི། དེ་བཞིན་དུ་ཞེས་བྱ་བའོ། །དོན་གཅིག་ལྡན་ཞེས་བྱ་བ་ནི་བཤད་པ་ནི་དོན་གཅིག་ལ་ཞེས་བྱ་བའོ། །དེ་ཉིད་གང་ལ་འདེབས་པ་ནི་འདི་
ལྟར་ཞེས་བྱ་བའོ། །དེ་ལྟ་བུ་དང་དེ་ལྟ་བུ་མ་ཡིན་པ་ཞེས་བྱ་བ་འདི་ཉིད་འཆད་པ་ནི། གཞན་གྱི་བདེ་བ་ཉིད་རྟོགས་པ་ན། སྡུག་བསྔལ་ལ་སོགས་པར་འགྱུར་བ་ཡིན་ནོ་ཞེས་སོ། །གང་གི་ཕྱིར་དེ་ལྟ་བུའི་ཉེས་པ་ཡོད་པའི་གཏན་ཚིགས་དེས་ན་མངོན་སུམ་ལས་རྗེས་སུ་དཔག་པ་ཐ་དད་
པར་རམ། མ་མཐོང་བ་དེས་མངོན་སུམ་དང་རྗེས་སུ་དཔག་པ་ཐ་དད་པར་མི་རིགས་སོ། །འདི་ཡང་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པའོ། །དེས་ན་ཁྱེད་ཀྱི་འདི་ནི་མི་འདོད་པ་ཐོག་ཏུ་བབ་པ་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །འགྱུར་མོད་ཅེས་བྱ་བ་ནི་གྲུབ་པའི་མཐའོ། །
བདེ་བ་ལ་སོགས་པ་ནི་ཡང་མ་མཐོང་བའི་དབང་གིས་ཡིན་ནོ། །འདི་ཁོ་བོ་མི་རྩོད་ཀྱི་འོན་ཀྱང་རང་རིག་པ་དང་རྣམ་པ་དང་བཅས་པ་ཉིད་ཀྱང་མ་མཐོང་བ་ཉིད་ཀྱི་དབང་གིས་འགྲུབ་པར་འགྱུར་རོ། །དེ་ལས་ཏེ་དང་པོ་གསལ་བར་མཐོང་བ་ལས་མངོན་སུམ་ཉིད་དུ་གནས་ཀྱི་དབང་པོ་ལས་སྐྱེས་པ་
ཉིད་ཀྱིས་ནི་འཇིག་རྟེན་མངོན་སུམ་ཉིད་དུ་ངེས་པ་མ་ཡིན་ནོ་ཞེས་དགོངས་པའོ། །ཅིའི་ཕྱིར་ཞེ་ན། བདག་གིས་མི་གསལ་བར་རྟོགས་པ་གང་ཡིན་པ་དེ་ནི་མངོན་སུམ་ལས་མ་ཡིན་ནོ་ཞེས་རྟོགས་པའི་ཕྱིར་རོ། །ཕྱེད་ཕྱི་མ་རྣམ་པར་འགྲེལ་པ་ནི་གང་གི་ཕྱིར་ཞེས་བྱ་བའོ། །འདས་མ་ཐག་པ་ཉིད་

ཕ་རོལ་པོ་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །གཉིས་ཞེས་བྱ་བ་དང་གསལ་བ་དང་དབང་པོ་མེད་པའི་ཕྱིར་ན་ཡང་དག་པར་འཛིན་པ་དང་། ཉེ་བར་རིག་པ་གཉིས་པོ་ནི་ཇི་ལྟར་ཡང་ཡོད་པར་མི་འགྱུར་རོ། །དེའི་ཞེས་བྱ་བ་མངོན་སུམ་གྱི་ཡན་ལག་ཉེ་བར་གནས་པ་
རིག་པ་ཉིད་རྗེས་སུ་དཔག་པ་ལ་མ་ཚང་བའི་ཕྱིར་ལ་ཡང་མངོན་སུམ་མ་ཡིན་པར་འགྱུར་རོ། །དེ་དག་གི་ཞེས་བྱ་བ་ནི་རིང་པོ་དང་རིང་པོ་མ་ཡིན་པ་མཐོང་བ་དག་གིའོ། །དེའི་ཞེས་བྱ་བ་ནི་རིང་པོ་མཐོང་བ་བྱ་རྒོད་ལ་སོགས་པའོ། །དེ་ཉིད་དེ་རིང་ན་འདུག་པའི་དངོས་པོ་ཉིད་གསལ་
བའི་ཕྱིར་ཐག་རིང་པོ་མ་ཡིན་ནོ་ཞེས་རྗོད་པར་བྱེད་དེ། གང་གི་ཕྱིར་དབང་པོའི་ནུས་པ་གང་ཡིན་པ་དེ་ལ་ལྟོས་ནས་རིང་པོ་དང་རིང་པོ་མ་ཡིན་པ་རྣམ་པར་གནས་པའི་ཕྱིར་རོ། །གང་ལ་དབང་པོའི་ཤེས་པ་བསྐྱེད་པའི་ནུས་པ་ཡོད་པ་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་རྣམ་པར་ཤེས་པ་
ཡང་རྣམ་པ་མེད་པ་ཁོ་ནར་ཟད་མོད། ད་ནི་གྲུབ་པའི་མཐའ་གསུངས་པ་ནི། དེ་ནི་མི་རུང་སྟེ་ཞེས་བྱ་བའོ། །གཞན་དག་ཅེས་བྱ་བ་ནི་རྗེས་སུ་དཔག་པ་ལས་སོ། །དེ་ཡང་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ཡང་ངོ་། །རྗེས་སུ་དཔག་པ་དེ་ཡང་རྟགས་ལས་འཇུག་པ་ཡིན་ནོ། །རྗེས་སུ་
དཔག་པར་བྱ་བའི་ཤེས་པ་དང་འབྲེལ་པ་དང་ལྡན་པ་གཞན་ནི་མེད་དེ། དེས་དབང་པོ་ལ་སོགས་པ་ཁོ་ན་རྟགས་ཡིན་ནོ། །གལ་ཏེ་དེ་ནི་དོན་གྱིས་གོ་བས་དཔོག་པར་འདོད་པ་ཡིན་ནོ། །དོན་གྱིས་གོ་བ་དེ་ནི་འབྲེལ་པ་མཐོང་བ་ཉིད་ལས་མ་ཡིན་ནོ། །
དེས་ན་ཡིད་ལ་བྱེད་པའི་མཐར་ཐུག་པ་རྣམས་ལས་གཞན་ཁོ་ན་ཞིག་རྟགས་སུ་འགྱུར་རོ་ཞེ་ན། དོན་གྱིས་གོ་བ་ཡང་ཞེས་གསུངས་སོ། །གཞན་དུ་ནི་ཤེས་པ་མེད་པར་རོ། །འོན་ཏེ་ནུས་པའི་རྒྱུ་མཐོང་བ་ལས་འབྲས་བུ་རྗེས་སུ་དཔོག་ན་དེའི་ཚེ་དེ་ཇི་ལྟར་འཁྲུལ་སྙམ་ན།
ནུས་པ་ཡོད་ཅེས་སྨོས་སོ། །དབང་པོ་གང་ལ་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་འབྲས་བུ་མཐོང་བ་ཡོད་པ་མ་ཡིན་པ་དེ་མཐའི་སྐད་ཅིག་ཉིད་ཐོབ་པར་ཇི་ལྟར་ངེས་དོན་ཀྱང་དེ་བཞིན་དུ་རྟགས་མ་ཡིན་ནོ་ཞེས་འབྲེལ་ཏོ། །གཞན་གྱི་ཚེ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཕྱི་མའི་དུས་སུའོ། །དེ་ཉིད་ཀྱི་

རི་ཁྲོད་རྗེས་བཤད་པ་ཡིན་ནོ་ཞེས་སྦྱར་རོ། །རྗེས་སུ་དཔག་པ་ལས་ཞེས་བྱ་བ་ནི་གསལ་བའི་དོན་གཞན་དུ་མི་འཐད་པ་ལས་སོ། །གཅིག་གི་ཚེ་ཞེས་བྱ་བ་ནི་གསལ་བ་ཉིད་རྟགས་སུ་ཁས་བླངས་པ་ནའོ། །གཞན་གྱི་ཚེ་ཞེས་བྱ་བ་ནི་གསལ་བར་གྱུར་པ་རྟགས་སུ་ཁས་ལེན་པ་ནའོ། །གསལ་
བ་མ་ཤེས་ན་གསལ་བར་གྱུར་པ་མི་ངེས་པའི་ཕྱིར་ཏེ། དབྱིག་པ་མ་རྟོགས་པར་དབྱིག་པ་ཅན་དུ་མི་རྟོགས་པ་བཞིན་ནོ། །འོན་ཏེ་རྗེས་སུ་དཔག་པ་ཉིད་ཀྱིས་གསལ་བ་ཉམས་སུ་མྱོང་བ་དེས་ན་གསལ་བར་འགྱུར་བའི་དོན་ངེས་ལ་དེ་ལས་ཤེས་པ་རྗེས་སུ་དཔོག་པ་ཡིན་ནོ་སྙམ་ན། རྗེས་སུ་
དཔག་པས་ཞེས་སྨོས་སོ། །འོན་ཏེ་གསལ་བ་ནི་མངོན་སུམ་ཉིད་ཀྱིས་རྟོགས་པ་དེས་ན། གསལ་བར་གྱུར་པའི་དོན་ངེས་པ་ནི་བློ་རྗེས་སུ་དཔོག་པ་ཡིན་ནོ་ཞེ་ན། དོན་གྱི་ཞེས་གསུངས་ཏེ། དེ་ཉིད་བློ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་བྱ་བ་ཉིད་དཔག་མོད་བློ་ཇི་ལྟར་ཞེ་ན། བྱ་བ་ཡང་བློ་
ཡིན་ནོ་ཞེས་སྨོས་སོ། །གཞན་དུ་མིན་ཞེས་བྱ་བ་ནི་བྱ་བས་བྱས་པའི་ཁྱད་པར་སྤངས་ནས་ནི་ལས་སུ་འགྱུར་བ་མ་ཡིན་ནོ། །ཁྱད་པར་ལས་ཉིད་ཡིན་ནོ་ཞེ་ནའོ། །དེའི་ཚེ་བྱ་བ་ཙམ་རྗེས་སུ་དཔོག་པར་འགྱུར་གྱི། བྱ་བའི་ཁྱད་པར་དུ་འགྱུར་བའི་བློ་ནི་མ་ཡིན་ནོ། །འདི་ནི་བྱ་བ་ཁས་བླངས་ནས་
བརྗོད་པ་ཡིན་ནོ། །ད་ནི་བྱ་བ་ཉིད་མེད་དོ་ཞེས་བརྗོད་པ་ནི། དངོས་པོའི་རང་བཞིན་ལས་ཞེས་བྱ་བའོ། །བྱ་བའི་རང་བཞིན་གྱི་མཐོང་བ་ན་སྣང་བཞིན་པ་ལས་གཞན་ནམ། ལྟ་བ་ལས་གཞན་པ་མ་ཡིན་ནོ། །གཟུང་བ་ཉིད་དུ་རིག་པ་ཡིན་ལ། གཟུང་བ་མཐོང་བ་དེ་ལས་ནི་འཛིན་པར་བྱེད་པ་
རྗེས་སུ་དཔོག་གོ་སྙམ་ན། འདི་ལ་བརྗོད་པ་ནི་དེ་ནི་མི་རུང་སྟེ་ཞེས་བྱ་བའོ། །བྱེད་པ་ནི་ངས་གཟུང་ངོ་ཞེས་བློས་སོ། །བློའི་བྱེད་པས་ཞེས་རང་བརྗོད་པའི་ཕྱིར་རོ། །དེ་ལས་ཞེས་བྱ་བ་ནི་བྱེད་པ་ལས་སོ། །འོན་ཏེ་བྱ་བའི་མིང་ཅན་འཛིན་པའི་མཚན་ཉིད་ཀྱིས་མཐོང་བ་ཡང་དོན་ལས་
གཞན་ཡིན་ན། དེའི་ཚེ་རང་བཞིན་གཉིས་སུ་མཐོང་བར་འགྱུར་ཏེ། མཐོང་བའི་རང་བཞིན་དང་དོན་གྱི་རང་བཞིན་དུའོ། །ཇི་ལྟར་གནས་པ་བཞིན་ཞེས་བྱ་བ་ནི་དོན་དེ་ཇི་ལྟར་གནས་པ་དེ་ལས་མ་འདས་པས་འཛིན་པ་ཙམ་གྱི་བློས་བྱེད་པར་ཟད་ཀྱི་དོན་དེ་ལ་ཁྱད་པར་འགའ་ཞིག་བྱེད་པ་ནི་

མ་ཡིན་ནོ། །འོན་ཏེ་འདི་གཟུང་བཞིན་པ་ཉིད་ཀྱིས་ཁྱད་པར་དུ་འཕགས་པར་འགྱུར་རོ་ཞེས་གཟུང་བ་ཞེས་སྨོས་སོ། །གཞན་དུ་ཞེས་བྱ་བ་ཇི་ལྟར་གནས་པའི་རང་བཞིན་དང་མི་མཐུན་པར་འཛིན་ན་ཡང་ངོ་། །རང་གི་དུས་ཐམས་ཅད་དང་མ་འབྲེལ་ཡང་སྒྲོན་མ་ལ་སོགས་
པ་བུམ་པ་ལ་སོགས་པའི་གསལ་བྱེད་ཡིན་ནོ། །ཇི་ལྟར་བུམ་པ་ལ་སོགས་པ་རྣམས་ཇི་སྲིད་གནས་པའི་དུས་དེ་སྲིད་པ་འབྲེལ་པ་ནི་སྒྲོན་མས་བུམ་པ་གསལ་བར་བྱེད་པ་མ་ཡིན་པ་དེ་བཞིན་དུ་ཤེས་པས་ཀྱང་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་དེ་ལའང་ཞེས་བྱ་བའོ། །མཚུངས་པ་ཉིད་དུ་
སྒྲུབ་པ་ནི་གལ་ཏེ་ཞེས་བྱ་བའོ། །དེས་ཀྱང་ཞེས་བྱ་བ་ནི་སྒྲོན་མས་ཀྱང་ངོ་། །དེ་ལྟ་བུའི་ཞེས་བྱ་བ་གསལ་བའི་རང་བཞིན་ཉིད་དུ་བྱ་བ་དེའི་ཚེ་དོན་དེ་ཉིད་དེ་ལྟ་བུ་ཞེས་བྱ་བ་གསལ་བའི་རང་བཞིན་དུ་གྱུར་པར་སྐྱེའོ་ཞེས་དེ་ལྟར་བརྗོད་པས་ན། དེ་ལྟར་དོན་ཞེས་བྱ་བར་སྦྱར་ཏེ། སྐད་ཅིག་ཉིད་
ལ་ནི་བྱ་བ་དང་བྱེད་པ་དང་ལས་དང་བྱེད་པ་པོའི་དངོས་པོའི་འཐད་པ་མ་ཡིན་ཏེ། དེ་ནི་རྟག་པའི་དོན་ལ་བརྟེན་པའི་ཕྱིར་རོ། །འོ་ན་ཐ་སྙད་འདིར་ཇི་ལྟར་འགྱུར་སྙམ་ན། ངས་ཞེས་གསུངས་སོ། །ཅི་སྐད་དུ་བཤད་པ་ནི་ཞེས་བྱ་བ་ནི་སློབ་དཔོན་གྱིས་ཏེ། སྐྱེད་པར་བྱེད་པ་ཉིད་ཀྱི་ཉེ་བར་སྦྱོར་བའི་ཁྱད་
པར་གང་ཡིན་དེའི་དབང་གིས་རྒྱུ་དང་འབྲས་བུའི་དངོས་པོའི་ཆའི་ཁྱད་པར་གང་ཡིན་པ་དེ་ལས་སོ། །འོན་ཏེ་གཟུང་བ་དང་འཛིན་པ་ཞེས་བྱ་བ་ནི་མེད་པ་ཉིད་དུའོ་ཞེས་ཇི་ལྟར་རྟོགས་ཤེ་ན། འདི་ལྟར་ཞེས་གསུངས་སོ། །འོ་ན་བློ་གང་ཡིན་པར་འགྱུར་སྙམ་ན། ཁྱད་པར་ནི་ཞེས་བྱ་བ་སྟེ། ཤེས་
པར་འགྱུར་བ་ཉིད་ཀྱི་ཁྱད་པར་ཉིད་ལ་དེ་ལྟར་ཞེས་བྱ་བ་བློ་ཞེས་རབ་ཏུ་བརྗོད་དེ་བློས་ཅི་ཞིག་བྱ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དོན་ཤེས་པར་འགྱུར་ཏེ་ཞེས་ཤེས་པ་ཉིད་དེ། ཤེས་པར་འགྱུར་བ་ཉིད་དུ་ཡོངས་སུ་བཅད་པ་ནི་མ་ཡིན་ནོ་སྙམ་ན། དོན་ཤེས་པར་འགྱུར་རོ་ཞེས་པའི་སྐྱེས་བུ་ནི་དོན་ཏེ་
ཤེས་པ་ཡིན་ནོ་ཞེས་རྟོགས་པ་ཡིན་ཏེ། དེས་ན་ཤེས་པ་དོན་ལས་ཐ་དད་པར་མི་འགྱུར་རོ། །འོ་ན་ཇི་ལྟར་ཤེས་པ་དང་བྲལ་བའི་དོན་ཙམ་ཤེས་སྙམ་ན། དོན་ཤེས་ཙམ་དུ་ཞེས་བྱ་བ་སྟེ། དོན་ཤེས་པར་གྱུར་ཏོ་ཞེས་ནི་མ་ཡིན་པར་གྱུར་ན། དོན་དེ་རིག་པ་ཉིད་དུ་འགྱུར་ལ་དེ་ལྟ་ན་ཡང་ཧ་ཅང་

ཐལ་བར་འགྱུར་ཏེ། དོན་ཙམ་ལས་རྗེས་སུ་དཔོག་པ་ན་ཐམས་ཅད་ཀྱི་ཤེས་པ་རྗེས་སུ་དཔོག་པར་ཐལ་བ་ཞེས་བྱ་བ་ལ་སོགས་པའོ། །འོན་ཏེ་དོན་ཤེས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་འདིས་ནི་དོན་གྱི་རང་བཞིན་དུ་གྱུར་པའི་ཤེས་པ་ཉིད་རྟོགས་སུ་ཆུག་པ་དེ་ལྟ་ན་ཡང་
ཐ་དད་པར་འགྱུར་རོ་ཞེ་ན། དེའི་ཞེས་བྱ་བ་ནི་ལས་སོ། །དེས་ན་ཤེས་པ་ཡང་ཐ་མི་དད་པ་ཉིད་ཡིན་ཏེ། ཐ་མི་དད་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་ཞེས་བྱ་བ་ནི་གལ་ཏེ་མཐོང་བ་མ་མཐོང་བ་ལ་ཡང་མཐོང་ངོ་ཞེས་ཐ་སྙད་བྱེད་ན། དེའི་སྐྱེས་བུ་གཞན་གྱིས་མཐོང་བར་
གྱུར་པའི་དོན་ལ་ཡང་མཐོང་བར་གྱུར་པའི་ཐ་སྙད་དུ་བྱེད་པར་འགྱུར་རོ། །དེ་ཉིད་དུ་བརྗོད་པ་ནི་འདི་ནི་ཞེས་བྱ་བའོ། །ཇི་ལྟར་དོན་གྱི་ཁྱད་པར་མཐོང་སྙམ་ན། དེ་ཞེས་སྨོས་ཏེ་དོན་ཏོ། །དོན་མཐོང་བ་ཞེས་པ་ཙམ་གྱིས་དེའི་ཁྱད་པར་ཡང་མཐོང་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་རང་གིས་
རྟོགས་པའི་དུས་དེ་ཡང་དེའི་ཁྱད་པར་ཅི་ལྟར་རྟོགས་དགོངས་པའོ། །ཁྱད་པར་དེ་ཞེས་བྱ་བ་ནི་ཤེས་པས་བསྐྱེད་པའོ། །དེ་དག་ཀྱང་ཞེས་བྱ་བ་ནི་གཞན་གྱིས་བསྐྱེད་པའི་ཁྱད་པར་དག་ཀྱང་ངོ་། །དེ་ལྟ་མ་ཡིན་ན་རུང་ཡུལ་གནས་པས་མི་ཤེས་པ་ཞེས་བྱ་བ་ལ་སོགས་པའི་གནོད་པ་སྲིད་
པར་འགྱུར་བའི་ཕྱིར་རོ། །དེ་ཡང་ཞེས་བྱ་བ་ནི་ཁྱད་པར་ཡང་ངོ་། །དེ་ལ་ཡང་ཞེས་བྱ་བ་ནི་ཁྱད་པར་ལ་ཡང་ངོ་། །གཅིག་ཁོ་ན་ཞེས་བྱ་བ་ནི་སྐྱེས་བུས་མཐོང་བའི་དོན་ལ་ཡང་མཐོང་བར་གྱུར་པ་ཉིད་དེ་ནི་གཅིག་ཁོ་ན་ཡིན་ནོ་ཞེ་ན། ལན་ནི་དེ་ལྟ་མ་ཡིན་ན་ནི་ཞེས་བྱ་བའོ། །འདི་ཉིད་གསལ་
བར་བྱེད་པ་ནི་གང་གི་ཚེ་ཞེས་བྱ་བའོ། །ཁྱད་པར་མེད་པ་ཉིད་སྟོན་པ་ནི་རང་གིས་ཞེས་བྱ་བའོ། །དེ་ཞེས་བྱ་བ་རང་གིས་མཐོང་བ་དང་འབྲེལ་པ་མ་རྟོགས་ནའོ། །མཐོང་བར་གྱུར་པ་ཉིད་ཅེས་བྱ་བ་ནི་གཞན་གྱིས་མཐོང་བར་གྱུར་པའོ། །རྣམ་དབྱེ་འདིར་ནི་ཞེས་བྱ་བ་ནི་རང་ངམ་གཞན་
གྱིས་ཞེས་བྱ་བའི་མཚན་ཉིད་ཅན་ནོ། །འོན་ཏེ་ངའི་བདེ་བ་མ་ཡིན་ན་དེའི་ཚེ་ཇི་ལྟར་ངའི་སྤུ་ལྡང་བར་གྱུར་སྙམ་ན་འདི་ལྟར་ཞེས་སྨོས་སོ། །སུན་འབྱིན་པ་གཞན་ཡང་བརྗོད་པ་ནི་གང་གི་བདེ་བས་ཞེས་བྱ་བའོ། །དེའི་ཞེས་བྱ་བ་བློའི་རྒྱུའིའོ། །གཟུགས་ལ་སོགས་པ་དོན་རྣམས་ཀྱི་དངོས་

པོ་སྟེ་རང་བཞིན་མཐོང་བ་དེ་ཉིད་ཉེ་བ་ཡིན་ལ། གཞན་དུ་ནི་རིང་པོ་ཡིན་པའི་ཕྱིར་ཅི་འགལ་ཞེས་བསམས་པའོ། །དེ་ཞེས་བྱ་བ་དབང་པོ་མེད་ཀྱང་གཞན་གྱི་བདེ་བ་འཛིན་པའི་རྗེས་སུ་དཔག་པ་ལ་ལྟོས་ནས་གཞན་གྱི་བདེ་བ་གསལ་བར་མཐོང་བའི་ཕྱིར་ན་ཐག་རིང་པོ་ཉིད་
དོ། །དེས་ན་དབང་པོའང་ཉེ་བ་ཉིད་ཀྱི་རྒྱུ་མ་ཡིན་ནོ། །སྣམ་བུ་ལ་སོགས་པའི་ཡུལ་ཅན་དབང་པོའི་རྣམ་པར་ཤེས་པ་དང་རྗེས་སུ་དཔག་པ་ལ་སོགས་པའི་ཡིད་ཀྱི་ཤེས་པ་དག་གོ། །འོན་ཏེ་རྗེས་སུ་དཔག་པ་དེས་ནི་གཞན་གྱིས་བདེ་བ་མངོན་སུམ་དུ་བྱེད་པ་མ་ཡིན་ནོ། །དེའི་
ཚེ་ཡང་གཞན་གྱིས་བདེ་བ་དེའི་རྣམ་པ་གསལ་བ་མེད་པའི་གཞན་གྱི་བདེ་བ་འཛིན་པའི་རྗེས་སུ་དཔག་པ་ལ་གང་ཅུང་ཟད་སྣང་བ་དེ་ནི་རང་ཁོ་ནའི་ཡིན་ལ། དེ་ལྟ་ན་ཡང་རྣམ་པ་དང་བཅས་པ་ཉིད་དོ། །རྣམ་པ་དང་བཅས་པ་ན་ཡང་རང་རིག་པ་ཁོ་ནའོ། །ལྷག་མ་ནི་ཞེས་བྱ་བ་ནི།
མ་མཐོང་བ་དང་དོན་གཅིག་ལ་ལྡན་པ་ལ་སོགས་པའོ། །དབང་པོ་དང་ཡུལ་དེ་དག་ཚིག་པ་དེ་ལས་སོ། །དེ་ཞེས་བྱ་བ་རྣལ་འབྱོར་པ་དེ་ལྟར་བདེ་བ་ཉིད་ལ་སོགས་པའོ། །འོ་ན་བདེ་བ་སུའི་ཡིན་སྙམ་ན། བདེ་བ་ལ་སོགས་པ་ཞེས་གསུངས་སོ། །གང་གི་དབང་པོ་དང་
ཡུལ་དག་ལས་སྐྱེས་པའི་སྐྱེས་བུ་དེའི་ཡིན་ནོ། །ཅི་སྟེ་མི་སྐྱེད་ཅེས་དྲིས་པའི་དོན་ནི། སྤུ་ལྡང་བ་ལ་སོགས་པའི་ཐུན་མོང་དུ་སྐྱེད་པར་འགྱུར་རོ་ཞེས་བྱ་བའོ། །དེ་ལྟའོ་ཞེ་ན་ཞེས་བྱ་བ་ནི་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། ཐུན་མོང་དུ་ཞེས་གསུངས་སོ། །གལ་ཏེ་བུད་མེད་དང་སྐྱེས་
པ་གཉིས་ལ་བདེ་བ་སྐྱེས་པ་དེས་ཀྱང་ཐུན་མོང་དུ་སྤུ་ལྡང་བ་ལ་སོགས་པ་བསྐྱེད་ན་དེའི་ཚེ་དེ་དག་གི་དགའ་བ་ཡང་ཐུན་མོང་དུ་འགྱུར་རོ། །གཞན་དུ་ནི་ཞེས་བྱ་བ་ནི་སྐྱེས་བུ་ཙམ་གྱིས་ནི་མ་ཡིན་པའོ། །འོན་ཏེ་དེར་བདེ་བ་དེར་མ་སྐྱེས་ལ་དབང་པོའི་ཕྲད་པ་ཡང་མེད་དོ་སྙམ་ན། ལྡན་
པ་ཡང་མ་ཡིན་ཏེ་ཞེས་གསུངས་ཏེ། ཡོད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ནི་དོགས་པ་བསུ་བ་ནི་དེ་གཉིས་གང་རུང་ལའོ། །དེར་ནི་བདེ་བ་ལའོ། །ཁྱོད་ལ་ནི་སངས་རྒྱས་པ་ལའོ། །རྣལ་འབྱོར་པ་ལ་ཞེས་བྱ་བ་མེ་ལ་སོགས་པ་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །དོགས་པ་བསུ་

བ་ནི་གཞན་རྣལ་འབྱོར་པ་མ་ཡིན་པ་དག་ལ་མེ་མྱོང་བ་ན་གདུང་བར་ཇི་ལྟར་འགྱུར་ཞེ་ན་མ་ཡིན་ཏེ་ཞེས་ལན་འདེབས་པ་ལའོ། །དེ་ལྟ་བུ་ཞེས་བྱ་བ་སྡུག་བསྔལ་སྐྱེད་པར་བྱེད་པ་ཉིད་དུའོ། །གཞན་དུ་ཞེས་བྱ་བ་དམིགས་པའི་རང་བཞིན་དུའོ། །དེའི་རིག་པ་ནི་བདེ་བ་ལ་སོགས་པ་རིག་
པར་བྱེད་པའོ། །དམིགས་པ་དང་མྱོང་བ་དེ་གཉིས་ལའོ། །དེའི་རྣམ་པ་ཞེས་བྱ་བ་ནི་ཤེས་པ་གནས་པའི་བདེ་བ་ནི་དེའི་རྣམ་པའོ། །དེས་ཞེས་བྱ་བ་ནི་རང་གི་སྡུག་བསྔལ་གྱིས་སོ། །རྣལ་འབྱོར་པ་ནི་དེ་ལྟ་མ་ཡིན་པས་ཞེས་བྱ་བ་ནི་གཞན་གྱི་བདེ་བའམ། དེས་བསྐྱེད་པའི་རྣམ་
པས་བདག་ཉིད་དུ་ཟིན་པར་མི་སེམས་པའོ། །དེ་བཞིན་དུ་ནི་སོ་སོ་སྐྱེ་བོ་བཞིན་ནོ། །དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི་རང་རིག་པ་མ་ཡིན་ནའོ། །དེ་དག་ནི་ཞེས་བྱ་བ་ནི་ཤེས་རབ་ལ་སོགས་རྣམས་སོ། །དོན་དེ་ཡང་ཞེས་བྱ་བ་ནི་སྣང་བཞིན་པའོ། །དེ་ལ་ནི་སྣང་བཞིན་པའི་དོན་ལའོ། །
དེ་ལྟ་ནི་ཤེས་རབ་ལ་སོགས་པ་ལའོ། །གོམས་པས་ནི་སྣང་བཞིན་པའི་དོན་མངོན་པར་འདུས་བྱས་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་སྣང་བའི་དོན་ལས་ཐ་དད་པ་ཡིན། ཤེས་རབ་གཞན་དེ་ནི་རྣམ་པ་དང་བཅས་པ་མ་ཡིན་ནོ། །ཕ་རོལ་པོ་ཉིད་སངས་རྒྱས་པའི་
ཚིག་གི་དོགས་པ་བསུ་བ་ནི་ཤེས་རབ་ལ་སོགས་པ་ཞེས་བྱ་བའོ། །ཕ་རོལ་པོ་ཉིད་སུན་འབྱིན་པ་ནི་དེ་ནི་མ་ཡིན་ཏེ། སྲོག་ཆགས་ཐམས་ཅད་ལ་ཡོད་པའི་ཕྱིར་ན་སྲོག་ཆགས་སོ་སོ་ལ་ཐ་དད་པ་དེ་བཞིན་དུ་དོན་ཡང་ཐ་དད་པར་འགྱུར་ཏེ། རང་བཞིན་མཐོང་བ་ལས་སྐྱེས་པའི་
ཕྱིར་རོ། །རྒྱུ་ཐ་དད་པས་འབྲས་བུ་ཡང་ཐ་དད་པ་ནི། རིག་པས་ཐོབ་པ་ཡིན་ནོ་ཞེས་དགོངས་པའོ། །གཟུགས་ལ་སོགས་པ་དེའི་ཁྱད་པར་སྐྱེས་བུ་དུ་མས་ངེས་པའི་དུས་ན། ཤེས་པས་བསྐྱེད་པའི་གཟུགས་ལ་སོགས་པ་ཐམས་ཅད་དམིགས་པར་འགྱུར་རོ། །དེ་ན་སྐྱེས་བུ་
དེ་དག་གི་ཤེས་པ་རང་བཞིན་སྣ་ཚོགས་སུ་སྣང་བར་འགྱུར་རོ། །གལ་ཏེ་རང་རང་གི་ཤེས་པས་བསྐྱེད་པ་ནི་དོན་ཁོ་ན་དམིགས་ཀྱི། གཞན་གྱི་ཤེས་པ་བསྐྱེད་པ་ནི་མ་ཡིན་པ་དེས་ན་རང་བཞིན་དུ་མར་སྣང་བར་ཅི་ལྟར་ཐལ་སྙམ་ན། སོ་སོ་རང་ཉིད་ཅེས་གསུངས་སོ། །འོན་ཏེ་ཤེས་པས་

བསྐྱེད་པའི་གཟུགས་ལ་སོགས་པ་རང་གི་ཁོ་ནས་དམིགས་པར་བྱ་བ་དེ་གལ་ཏེ་རང་གི་རིགས་པར་ཁས་ལེན་ན། དེའི་ཚེ་ཤེས་པ་ཉིད་འགྱུར་བ་ཞིག་ན། འོན་ཀྱང་དེ་ལྟར་ནི་ཁས་ལེན་པ་མ་ཡིན་ནོ། །འོན་ཏེ་ཇི་ལྟར་ཞེ་ན། ཤེས་པས་བསྐྱེད་པའི་དོན་དེ་ཡང་
ཤེས་པ་གཞན་གྱིས་དམིགས་པ་ཡིན་ནོ་སྙམ་དུ་བསམས་ནས་ཕ་རོལ་པོ་སྨྲ་བ་ནི། དེ་སྟེ་གཞན་གྱིས་ཞེས་བྱ་བ་སྟེ་ཤེས་པ་གཞན་གྱིས་སོ། །ལན་འདེབས་པ་ནི་དེ་ལྟར་ན་ཞེས་བྱ་བའོ། །དེས་བསྐྱེད་པ་ཉིད་ཀྱིས་ཞེས་བྱ་བ་ནི་ཤེས་པ་དང་བསྐྱེད་པས་སོ། །དེ་ལ་ཡང་ཞེས་བྱ་
བ་ནི་ཤེས་པ་དང་པོས་བསྐྱེད་པའི་དོན་ལ་ཡང་ངོ་། །མཐོང་བའི་ཞེས་བྱ་བ་རི་ལ་གནས་པའི་དུ་བ་མཐོང་བ་ཡིན་ཡང་ངོ་། །རྟགས་དེ་ཉིད་ལས་ཞེས་བྱ་བ་གཟུགས་ལ་སོགས་པ་ཉིད་ལས་སོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་དཔེ་སྨོས་ནའོ། །མཚན་ཉིད་གཞན་ཞེས་བྱ་བ་ནི་རྟོག་པ་
དང་བྲལ་བ་ཉིད་ལ་སོགས་པའོ། །འདི་ལ་ཡང་ནི་རྗེས་སུ་དཔག་པ་ལ་ཡང་ངོ་། །གལ་ཏེ་མཚན་ཉིད་ཐ་དད་པ་ཙམ་གྱིས་མངོན་སུམ་ནི་རྗེས་སུ་དཔག་པ་ལས་གཞན་ཡིན་ན། རྗེས་སུ་དཔག་པ་ཡང་མངོན་སུམ་ལས་གཞན་ཡིན་པར་འགྱུར་ཏེ། དེ་ལ་ཡང་མཚན་ཉིད་ཐ་དད་པ་
ཡོད་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ནི་དོགས་པའོ། །དེ་ལྟར་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །འདི་ཉིད་གསལ་བར་བྱེད་པ་ནི། གལ་ཏེ་ཞེས་བྱ་བའོ། །རྟོགས་སོ་ཞེ་ན་ཞེས་བྱ་བ་ནི་མདུན་ན་གནས་པའོ། །དེའི་ཚེ་དེ་ལ་ཡང་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །གཞན་དུ་
ཞེས་བྱ་བ་ནི་བདག་ཉིད་མ་རྟོགས་ནའོ། །རང་ཉིད་ཅེས་བྱ་བ་ནི་བློ་མེད་པ་ཁོ་ནའོ། །དེ་དང་འབྲེལ་བ་ཅན་ཞེས་བྱ་བ་ནི་བློ་དང་འབྲེལ་བ་ཅན་ཏེ་གཡོ་འགུལ་ལ་སོགས་པའོ། །གཞན་གྱིས་ཞེས་བྱ་བ་ནི་བདག་ཉིད་ལ་བློ་མ་རྟོགས་པར་རོ། །རྗེས་སུ་དཔོག་གོ་ཞེས་བྱ་བ་ནི་གང་
གི་དོན་མཐོང་བ་དེ་ནི་བློ་དང་ལྡན་པ་ཡིན་ཏེ་དཔེར་ན་དེ་བཞིན་ནོ། །གཞན་ཡང་དོན་རྟོགས་པ་ཡིན་ནོ་ཞེས་རྗེས་དཔོག་གོ་ཞེས་བྱ་བའི་དོན་ཏོ། །གྲུབ་པའི་མཐའ་པས་དཔེ་ཉིད་མ་གྲུབ་པོ་ཞེས་བརྗོད་པ་ནི་རང་ཉིད་ཅེས་བྱ་བའོ། །དེ་ལ་ཡང་ཞེས་བྱ་བ་ནི་གང་གིས་མཐོང་བ་ཉིད་རྟོགས་པའོ། །དོན་

གྱིས་རྗེས་སུ་དཔག་པ་གང་ཡིན་པ་ལའོ། །དེ་ཞེས་བྱ་བ་ནི་རང་དང་འབྲེལ་པའི་མཚན་ཉིད་ཀྱིས་མཐོང་བར་གྱུར་པའོ། །འོན་ཏེ་བློ་ནི་བདག་ཉིད་རྟོགས་པ་ཉིད་དེ་འོན་ཀྱང་གཞན་གྱི་ཡིན་ནོ་སྙམ་ན་དེ་ཞེས་བྱ་བ་སྨོས་ཏེ། བློའི་བདག་ཉིད་དོ་ཐུག་པ་མེད་པའི་ཚུལ་བསྟན་པ་ནི་དེ་ལ་ཡང་ཞེས་བྱ་
བ་སྟེ་ཤེས་པ་གཞན་ལ་ཡང་ངོ་། །ཤེས་པ་དེ་ནི་མཐོང་བར་འགྱུར་ལ། ཕྱིས་ན་རྟོགས་པ་མཐོང་བར་འགྱུར་ལ་དེ་ནས་ནི་རྟོགས་པའི་རྟོགས་པ་མཐོང་བ་ཞེས་བྱ་བ་ལ་སོགས་པ་ཐུག་པའི་ཚུལ་ལོ། །དེར་ཡང་ཞེས་བྱ་བ་ནི་ཡིད་ཀྱི་ཤེས་པ་ལའོ། །ལན་བཏབ་ཟིན་ཏོ་ཞེས་བྱ་བ་ནི། རིགས་
དོན་མ་ཡིན་དེ་ལྡན་མིན། །ཞེས་བྱ་བ་ལ་སོགས་པས་སོ། །དེ་ནི་ཡིད་ཀྱི་ཤེས་པས་སོ། །སྣང་བར་ཞེས་བྱ་བ་ནི་གཞན་གྱིའོ། །མི་སླུ་བ་གང་ཡིན་པའོ་ཞེས་བྱ་བ་ནི་གཞན་གྱི་ལན་ནོ་མ་ཡིན་ཏེ་ཞེས་བྱ་བ་ནི་འགོག་པའོ། །དེའི་ཞེས་བྱ་བ་ནི་སྣང་བཞིན་པའི་རང་བཞིན་ལའོ། །དེས་ནི་ཞེས་བྱ་བ་
སྣང་བཞིན་པའི་རང་བཞིན་གྱིས་སོ། །དེ་ལྟར་ཞེས་བྱ་བ་དོན་བྱ་བ་རྟོགས་པ་ལ་རང་གི་ངོ་བོ་ཙམ་ཞིག་སྣང་བ་ཡིན་ནོ། །རང་རིག་པ་ལས་གཞན་ནི་འདི་འདྲ་བར་འགྱུར་བར་མི་འོས་སོ། །འོན་ཏེ་ཡིད་ཤེས་པ་ལ་སྣང་བ་དེ་ནི་ཤེས་པ་གཞན་གྱིས་ཀྱང་རིག་གོ། །གང་ཞིག་དྲན་པ་དེས་རྟོགས་པ་དེ་
ཉིད་ནི་སྔར་ཡང་མངོན་སུམ་གྱི་ཡུལ་དུ་བྱས་པ་ཡིན་པ་དེས་ན་ཇི་ལྟར་རང་རིག་པ་ཡིན་ཞེ་ན། འགོག་པ་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཡིད་ཀྱི་ཤེས་པ་འདི་ནི་དྲན་པ་ཡིན་ལ་དེ་ཡང་སྔར་གྱི་དུས་ན་ཡོད་པའི་མཐོང་བ་ཉིད་མངོན་པར་ཞེན་པ་ཡིན་ན། སྔ་མའི་རང་བཞིན་ནི་ཡིད་ཀྱི་ཤེས་པ་ལ་སྣང་བ་
མ་ཡིན་ནོ། །དེས་ན་འདི་ཉིད་སྔར་ཡང་རྟོགས་པར་ཇི་ལྟར་འགྱུར་འདི་ཡང་ཞེས་བྱ་བ་ད་ལྟར་བའི་རང་བཞིན་ཡང་དྲན་པས་ཡུལ་དུ་བྱེད་དོ་ཞེ་ན། འདི་འགོག་པ་ནི་འོ་ན་ཞེས་བྱ་བའོ། །འོ་ན་ཡིད་ཀྱི་རྣམ་པར་ཤེས་པ་འདི་ཇི་ལྟར་མི་བདེན་པ་ཡིན་ཞེ་ན་གཞལ་བྱ་དང་ཞེས་སྨོས་སོ། །བློ་གཞན་
གྱིས་ཞེས་བྱ་བ་འདི་ཉིད་ཀྱི་དོན་བརྗོད་པ་ནི་དོན་གྱིས་གོ་བའམ། གཞན་གྱིས་ཀྱང་རུང་སྟེ་ཞེས་བྱ་བའོ། །ཇི་ལྟར་ཕན་ཚུན་གསལ་བར་མི་འཐད་སྙམ་ན་བློ་དག་ཅེས་སྨོས་སོ། །གསལ་མིན་བདག་ཏུ་ཞེས་བྱ་བ་ནི་གསལ་བར་བྱ་བ་དང་གསལ་བར་བྱེད་པ་ཉིད་དུ་འདོད་པའི་བློ་དག་གོ། །གསལ་བར་

བྱེད་པའི་བློ་ཡང་གསལ་བ་མ་ཡིན་ཏེ། རང་རིག་པར་ཁས་མ་བླངས་པའི་ཕྱིར་རོ། །གཞན་གྱིས་ཞེས་བྱ་བ་ནི་མི་གསལ་བའི་སྒྲོན་མའོ། །དེ་དག་ལས་གཞན་ཞེས་བྱ་བ་ནི་གསལ་བའི་ཤེས་པ་ལས་གཞན་པའི་དོན་ཏོ། །དེའང་ནི་ཞེས་པའོ། །འདི་ནི་ཤེས་པའོ་མྱོང་ཡིན་
ཞེས་བྱ་བ་ནི་རང་རིག་པ་ཡིན་པའོ། །དེ་ཉིད་བཞིན་དུ་ཞེས་བྱ་བ་ནི་སྒྲོན་མ་ཉིད་བཞིན་དུའོ། །དེ་དང་ཆོས་མཚུངས་ཉིད་ཀྱིས་ན། །ཞེས་བྱ་བ་ནི་ཆོས་མཚུངས་སོ། །འདི་འཛིན་ན་ཞེས་བྱ་བ་ནི་རྣམ་པར་ཤེས་པ་འཛིན་ནའོ། །འདི་ཞེས་བྱ་བ་དོན་རིག་པ་འདི་ཕྱི་རོལ་མ་ཡིན་ན་དེའི་ཚེ་ཇི་ལྟར་མར་མེ་
དང་མཚུངས་པ་ཉིད་ཡིན་ཡང་ཕྱི་རོལ་དུ་མི་འགྱུར་བ་དེ་བཞིན་དུ་རང་རིག་པ་ཉིད་དུ་ཇི་ལྟར་མི་འགྱུར། འོ་ན་ཇི་ལྟར་མར་མེ་དཔེ་ཡིན་ཞེ་ན། དེ་ཡང་ཞེས་གསུངས་ཏེ་མར་མེ་ཡང་ངོ་། །དཔེར་ན་མར་མེ་སྣང་བ་གཞན་གྱིས་གསལ་བ་མ་ཡིན་པ་དེ་བཞིན་དུ་ཤེས་པ་ཡང་ཡིན་པ་དེ་ཙམ་གྱི་
དཔེ་ཉིད་དོ། །བློ་ལ་ཞེས་བྱ་བ་ནི་བློའི་བློ་ལའོ། །བློ་ཞེས་བྱ་བ་དོན་གྱི་བློའོ། །བློ་ནི་ཞེས་བྱ་བ་ནི་དོན་གྱི་བློའོ། །དོན་གཞན་ནི་དོན་གྱི་རང་བཞིན་དུ་སྐྱེད་པ་ཤེས་པའི་གསལ་བར་བྱེད་པ་ཡིན་ནོ། །བློ་གཅིག་ཅེས་བྱ་བ་ནི་བློའི་བློའོ། །གཞན་ནི་ཞེས་བྱ་བ་ནི་དོན་གྱི་བློའོ། །འོ་ན་གསལ་བ་མ་ཡིན་
པའི་དོན་ཡང་ཇི་ལྟར་གསལ་སྙམ་ན། དོན་དེའི་ངོ་བོས་ཞེས་སྨོས་ཏེ། ཤེས་པའི་ངོ་བོས་སོ། །དེའི་རང་བཞིན་གྱིས་ཤེས་པ་ཉིད་ལས་གསལ་བར་བརྗོད་པར་ཟད་ཀྱི་དོན་དམ་པར་ནི་འདི་གསལ་བ་ཉིད་མ་ཡིན་ནོ། །འོ་ན་ཇི་ལྟར་དེ་གསལ་བ་ཉིད་དུ་ཐ་སྙད་བྱེད་སྙམ་ན་དེ་བཞིན་དུ་ཞེས་སྨོས་སོ། །
བུམ་པ་སྔར་ཡང་ཡོད་པ་ཡིན་ལ་ཕྱིས་ཀྱང་ཡོད་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བའོ། །གསལ་བའི་རང་བཞིན་ནི་སྔར་དང་ཕྱིས་མེད་ཀྱི་འོན་ཀྱང་དེའི་ཚེ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་ལྡོག་པའོ། །འོན་ཏེ་མཐོང་བ་ཉིད་ཀྱི་ཐ་སྙད་ལས་མིག་མངོན་དུ་ཕྱོགས་སོ་ཞེས་ངེས་སོ་ཞེ་ན། འདི་ལ་བརྗོད་
པ་ནི་དེ་ལ་ཡང་ཞེས་བྱ་བ་སྟེ། མིག་མངོན་དུ་ཕྱོགས་པ་ཉིད་ལ་ཡང་ངོ་། །དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་མྱོང་བར་གྱུར་པ་ཉིད་དོ། །འོན་ཏེ་སྔར་བརྗོད་པ་ནི་ཡི་གེའི་ཕྱི་མོ་གང་ཡིན་པ་དེ་ཉིད་དང་ལྷན་ཅིག་དེའི་ཚེའི་ཡི་གེ་ཕྱི་མོ་གཅིག་ཉིད་དུ་འཛིན་པ་ཡིན་པ་དེས་ན་རིང་པོ་ཉིད་རིགས་སོ་ཞེ་ན་འདི་ལ་བརྗོད་པ་ནི། མི་

གནས་པ་ནི་ཞེས་བྱ་བའོ། །འོན་ཏེ་ཕྱི་མོ་རེ་རེ་འཛིན་པ་ཉིད་འདི་འཛིན་པར་འགྱུར་བ་ཡིན་ནོ་ཞེ་ན། ཕྱི་མོ་ཞེས་གསུངས་ཏེ། ཐུང་ངུ་ཡང་རིང་པོ་ཉིད་དུ་འཛིན་པར་ཐལ་བའི་ཕྱིར་རོ། །འོན་ཏེ་ཕྱི་མ་རྣམས་ཀྱི་ཚོགས་རྟོགས་པར་ན་རིང་པོར་རྟོགས་པ་ཡིན་ནོ་སྙམ་ན། ཚོགས་པ་ཞེས་སྨོས་སོ་དེ་ཡང་ཞེས་བྱ་བ་ནི་
བསྡོམས་པའོ། །རང་རིག་པ་མེད་པར་ནི་སྔ་མ་དང་ཕྱི་མ་རྟོགས་པ་མ་ཡིན་ནོ་ཞེས་དགོངས་སོ། །རིང་པོ་ཞེས་བྱ་བ་ནི་དགོངས་པའོ། །རྟོགས་མོད་ཀྱི་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྟེ། དོན་ཙམ་རྟོགས་སོ་ཞེས་ནི་འདོད་པའི་ཁོ་ནའོ། །འོན་ཀྱང་ཁྱད་པར་ཡོད་དོ་ཞེས་བྱ་བར་སྟོན་པ་ནི་འོན་ཀྱང་ཞེས་བྱ་
བའོ། །གང་གིས་ན་སངས་རྒྱས་པའིའོ། །འདི་ལ་བརྗོད་པ་ནི་དེའི་ཞེས་བྱ་བའོ། །བློ་གཅིག་པ་ཉིད་ཀྱང་རིགས་མི་མཐུན་པའི་བློས་བར་མ་ཆོད་པ་ལས་རིག་པར་བྱའོ། །གནས་སྐབས་འདི་གཉིས་ཞེས་བྱ་བ་ནི་རང་དང་གཞན་གྱིས་རིག་པ་ལའོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོ་བློ་ཡང་
གཞན་གྱིས་རིག་པར་བྱ་བ་ཉིད་དུ་སྒྲུབ་པར་བྱེད་དོ། །ཕྱི་མོ་རྣམས་ནི་མི་གནས་པ་ཉིད་མ་ཡིན་ཏེ། འོན་ཀྱང་གནས་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་རིང་པོ་ལ་སོགས་པ་འཛིན་པ་ཡིན་ནོ་ཞེས་བྱ་བའོ། །ཡུལ་ཐ་དད་ན་བློ་ཡང་ཐ་དད་དོ་ཞེས་བྱ་བ་འདི་ལ་གཞན་ཡང་བཟློག་པར་རྟོགས་པ་མེད་པ་ཁོ་ནའོ་ཞེས་སྟོན་
པ་ནི་དེ་སྐད་དུ་ཡང་ཞེས་བྱ་བ་སྟེ། གལ་ཏེ་འདིས་ནི་ཕ་རོལ་པོས་བློ་རྟོགས་པ་ཙམ་བརྗོད་ཀྱི་ཐ་དད་པ་ནི་མ་ཡིན་ནོ་ཞེ་ན། ཇི་ལྟར་ཞེས་གསུངས་ཏེ་ཞེས་བྱ་བ་ནི་བློའོ། །རྣམ་འགྲེལ་བཤད་པའི་དོན་དུ་རེ་ཞིག་རང་ཉིད་བརྗོད་པ་ནི་གལ་ཏེ་འདི་ཞེས་བྱ་བའོ། །གཅིག་ཉིད་དོ་ཞེས་བྱ་བར་མི་འགྱུར་རོ་ཞེས་བྱ་བ་ནི་སྔ་མ་
ལྡོག་པའི་ཕྱིར་དང་ཕྱི་མ་འཇུག་པའི་ཕྱིར་རོ། །ཕྱེད་ཕྱི་མ་འཆད་པ་ནི་འདི་རིང་པོ་ཞེས་བྱ་བའོ། །དེའི་ཚེ་ནི་ཞེས་བྱ་བ་ཐ་མའི་གནས་སྐབས་ནའོ། །རིམ་པ་མེད་པ་ཞེས་བྱ་བ་ནི་ཆ་ཐམས་ཅད་དེའི་ཚེ་ཉིད་ཉེ་བར་གནས་པའི་ཕྱིར་འཛིན་པ་ཡང་རིམ་པ་མེད་པ་ཁོ་ནའོ། །གལ་ཏེ་ཡུལ་ཡང་གནས་པ་མ་ཡིན་ནམ་
དེ་ཇི་ལྟར་ཡུལ་མི་གནས་པའི་ཕྱིར་ཞེས་བརྗོད་པ་ཡིན་སྙམ་ན་མ་འཕེལ་བའི་ཞེས་སྨོས་སོ། །དེ་ལྟ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་མ་འཕེལ་བ་ཉིད་འཕེལ་བ་གཞན་ཡང་ཁས་བླང་དགོས་སོ། །ཡང་འཕེལ་བ་གཞན་དུ་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཐུག་པ་མེད་པ་ཡིན་ཏེ་དེ་ཉིད་ཀྱིས་ཞེས་བྱ་བ་

ནི་རྩོལ་བས་སོ། །དེ་ཞེས་བྱ་བ་རང་བཞིན་སྔ་མ་ལས་ཐ་མི་དད་པའི་ཕྱིར་རོ། །གཞན་ནི་རྩོལ་བའོ། །བློ་ཐ་མ་ཞེས་བྱ་བ་ནི་གང་གི་ཕྱིར་ཉམས་སུ་མ་མྱོང་ན་དྲན་པར་མི་འགྱུར་ལ་བློ་སྔ་མ་རྣམས་ཀྱང་ཉམས་སུ་མྱོང་བ་མ་ཡིན་པ་དེས་ན་དེ་དག་ནི་དྲན་པ་མ་ཡིན་གྱི་འོན་ཀྱང་ཐ་མ་གཅིག་པུ་དྲན་
པར་འགྱུར་རོ། །འདི་ཉིད་གསལ་འདེབས་པ་ནི་བློ་སྔ་མ་དག་ནི་ཞེས་བྱ་བ་སྟེ། རིང་པོའི་ཆ་སྔ་མ་འཛིན་པར་བྱེད་པ་དག་གོ། །འོན་ཏེ་ཐ་མ་ཉིད་ཀྱིས་རིང་པོ་འཛིན་ལ་དེ་ལ་ཡང་མྱོང་