Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 185

Văn bản gốc(Tây Tạng)

Trang 14 / 23 (50.000 ký tự/trang)
དེ་ལྟ་ཡིན་ན་བློ་ཕྱི་མ་གཅིག་གིས་བློ་སྔ་མའི་རང་བཞིན་དུ་མ་འཛིན་པར་འགྱུར་རོ། །དེ་ལྟ་བུ་ཉིད་དུ་ཞེས་བྱ་བ་ནི། བློའི་རང་བཞིན་དུའོ། །རང་གི་གཞུང་ཉིད་སྟོན་པ་ནི་རིགས་མི་མཐུན་རྣམས་ཞེས་བྱ་བ་ལ་སོགས་པའོ། །རིགས་
མི་མཐུན་པའི་རྣལ་མ་རྣམས་ཀྱི་ལྡན་པ་གང་ཡིན་པ་དེས་བསྐྱེད་པའོ། །དེ་ནི་ཞེས་བྱ་བ་ནི་རིང་མོའི་ཡུལ་ཅན་ནོ། །ལན་ནི་དེ་ཚེ་ཡང་ཞེས་བྱ་བ་སྟེ། འཁྲུལ་པའི་ཚེ་ཡང་ངོ་། །འོན་ཏེ་བདེན་པ་མ་ཡིན་པ་འཁྲུལ་པའི་ཤེས་པ་ལ་སྣང་བ་ནི་དུ་མ་ཡང་འཛིན་པར་འགྱུར་བ་ཡིན་ནོ་ཞེ་ན། བདེན་མིན་ཞེས་

གསུངས་སོ། །རང་བཞིན་དེ་ནི་ཞེས་བྱ་བ་ན། རི་མོའི་ཡུལ་ཅན་གྱི་བློ་དེ་ལ་སྣང་བ་གང་ཡིན་པའི་རི་མོའོ། །དེ་ཇི་ལྟར་ཞེས་བྱ་བ་ནི་མ་ཡིན་པ་སྟེ། མི་བདེན་པའི་རང་བཞིན་ནི་བདེན་པའི་བདག་ཉིད་དུ་འགྱུར་བར་འཐད་པ་མ་ཡིན་ནོ། །མི་བདེན་པ་ཡང་ཕ་རོལ་པོ་རང་ཉིད་ཀྱིས་ཁས་བླངས་པ་ཡིན་ཏེ་
རྣམ་པ་དང་བཅས་པའི་ཤེས་པར་ཁས་མི་ལེན་པའི་ཕྱིར་རོ། །གལ་ཏེ་བློ་གཅིག་ཁོ་ན་ལ་རང་བཞིན་འགའ་ཞིག་ནི་བདེན་ལ། རང་བཞིན་འགའ་ཞིག་ནི་མི་བདེན་པ་ཡིན་ནོ་སྙམ་ན། གཅིག་ཉིད་ཡིན་ན་ཞེས་བྱ་བའོ། །བདེན་པ་དང་མི་བདེན་པའི་མཚན་ཉིད་ཀྱི་རྣམ་པར་དབྱེ་བ་འདི་ནི་བདེན་པ་མ་ཡིན་ཏེ་བློ་
གཅིག་ཉིད་ཡིན་པའི་ཕྱིར་རོ། །གཅིག་ལ་ནི་རང་བཞིན་འགའ་ཞིག་བདེན་པ་དང་མི་བདེན་པར་ཡང་མི་འཐད་དེ། ཕན་ཚུན་འགལ་བའི་ཆོས་གནས་པས་གཅིག་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡང་ན་གཅིག་མ་ཡིན་ཏེ་བློ་དུ་མར་ཐལ་ལོ། །བརྒྱ་ལ་ཁྱེད་ཀྱི་ཐ་སྙད་འདི་མི་བདེན་པར་
འགྱུར་ཏེ་བློ་གཅིག་མིན་པའི་ཕྱིར་རོ། །འོན་ཏེ་བདེན་པ་དང་མི་བདེན་པའི་ཡུལ་ཅན་གྱི་ཐ་སྙད་ནི་བདེན་པ་ཡིན་ན། དེའི་ཚེ་དུ་མ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་དགོངས་པའོ། །དེའི་ངོ་བོར་ཞེས་བྱ་བ་ནི་སེར་པོ་ལ་སོགས་པའི་ངོ་བོར་རོ། །གལ་ཏེ་སེར་པོ་ལ་སོགས་པའི་ཕྱི་རོལ་དེའི་རང་བཞིན་མ་ཡིན་ན་སྟེ།
གལ་ཏེ་བློའི་རང་བཞིན་ཁོ་ན་ཡིན་ན་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་བློའི་རང་བཞིན་གྱི་སྔོན་པོ་དང་སེར་པོ་ལ་སོགས་པ་དེ་ལ། །ཅིག་ཅར་འཛིན་པའི་མཚན་ཉིད་དེ་ལྟར་རྟོགས་པ་འདི་རིགས་པ་མ་ཡིན་ནོ། །བློའི་རང་བཞིན་དེ་ཡང་དུ་མ་ཉིད་ཀྱིས་ན། ཅིག་ཅར་འཛིན་པ་མི་སྲིད་པའི་ཕྱིར་རོ། །འདི་ལ་
གཞན་གྱིས་བརྗོད་པ་ནི་ཅི་སྟེ་ཞེས་བྱ་བའོ། །ཡིད་འགྲོ་བ་ལ་སོགས་པའི་མཚན་ཉིད་ཅེས་བྱ་བ་ལ། ཡིད་ཀྱི་སྒྲས་ནི་རློམ་པར་བྱེད་ཤེས་པར་བྱེད་ཅེས་བྱ་བའི་བཤད་པས་མིག་ལ་སོགས་པ་ཉིད་ལ་བརྗོད་དོ། །ཡང་ན་མིག་ལ་སོགས་པ་མཐོང་བས་ན་ནང་གི་བྱེད་པ་ཡིན་གྱི་འཛིན་པ་ཡང་ཉེ་བར་མཚོན་
པ་ཡིན་ནོ། །དེས་ན་འབད་པ་ཆེན་པོ་ཡོད་དོ། །ཅིག་ཅར་འཛིན་པ་མི་སྲིད་དོ་ཞེས་བྱ་བའི་དོན་དུ་མའོ། །ལན་ནི་གལ་ཏེ་ཞེས་བྱ་བའོ། །ཚིག་དུམ་བུ་སྔ་མ་གཉིས་པོ་དེ་ཉིད་རིམ་པ་ཇི་ལྟ་བ་བཞིན་དུ་འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །སངས་རྒྱས་པས་མཛོད་ནས་མིག་དང་སྣང་བ་དང་ཡིད་དེ་ལུང་ལས་འབྱུང་

བའི་དབང་པོ་དག་ནི་མ་ཕྲད་པའི་ཡུལ་ཅན་མ་ཡིན་ནོ་ཞེས་ཇི་སྐད་བརྗོད་པ་བཞིན་ནོ། །དེའི་ཚེ་ཞེས་བྱ་བ་དེ་ལྟར་ཁས་ལེན་པ་ན་བསྒྲིབས་ཏེ། ཡོད་པ་ལས་དང་གཞན་དུ་ནི་ཞེས་བྱ་བ་ནི་སྒྲིབ་པ་མེད་པས་སོ། །འདི་ཉིད་བསྒྲུབས་པའི་དོན་དུ་ཟེར་བ་དག་ཀྱང་རེག་པར་བྱེད་པ་ཡིན་ནོ་ཞེ་ན།
ལན་ནི་དེ་ལྟ་ན་འོ་ན་ཞེས་བྱ་བའོ། །འོ་ན་ནི་མར་མེ་དང་ཆོས་མཐུན་པས་ཤིན་ཏུ་ཉེ་བར་འཛིན་པར་ཐལ་ལོ། །འདི་ཉིད་གཞུང་འཛུགས་པ་ནི་མར་མེའི་འོད་ནི་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་ཆོས་གཞན་ནོ། །རེག་པ་ཉིད་དུ་འཛིན་པའི་རྒྱུའོ། །གལ་ཏེ་མིག་ལ་སོགས་པ་ལས་འོད་ཟེར་ཡོད་ལ། དེ་
དག་ཀྱང་ཕྱིས་འཕྲོས་ནས་ལྡན་པར་འགྱུར་བ་ཡིན་ན། དེའི་ཚེ་མུན་པ་ཡང་འཛིན་པར་ཐལ་ལོ། །ཤིན་ཏུ་ཐག་རིང་བ་ལ་མགྱོགས་པ་མི་སྲིད་པའི་ཕྱིར་རོ། །ཞེས་སུན་འབྱིན་པ་བརྗོད་པ་གང་ཡིན་པ་དེ་ལ་གཞན་དག་ལན་བརྗོད་པ་ནི་འོ་ན་ཞེས་བྱ་བའོ། །འབད་པས་བརྟག་པ་ཞེས་བྱ་བ་ནི་རེ་ཞིག་ནུས་པའི་
ཁྱད་པར་དང་ལྡན་པའི་ཡིད་ཁས་བླང་བར་བྱ་བ་ཡིན་ལ། དེ་ལས་ནི་མིག་ལ་སོགས་པ་རྣམས་ཀྱི་མྱུར་བ་དེ་ལས་ནི་ཅིག་ཅར་ཤེས་པ་མི་སྐྱེ་བ་ཡིན་ཞིང་། དེ་ལས་ནི་ཅིག་ཅར་སྣང་བ་འཁྲུལ་པ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟར་ན་རེ་ཞིག་ཡིད་ཁས་བླངས་ནས་སུན་འབྱིན་པ་བརྗོད་པ་ཡིན་ནོ། །ད་ནི་ཡིད་
ཉིད་མེད་དོ་ཞེས་བརྗོད་པ་ནི། དེ་ལྟ་བུའི་ཞེས་བྱ་བ་སྟེ། རྟོགས་པ་དང་རྡུལ་ཕྲ་རབ་ཀྱི་ཚད་ཙམ་མོ་ཞེས་བྱ་བ་ལ་སོགས་པའི་རང་བཞིན་ནོ། །འོ་ན་ཡིད་ཇི་འདྲ་བ་ཞིག་སྙམ་ན། རྣམ་པར་ཤེས་པའི་ཞེས་བྱ་བའོ། །ཡིད་དེའི་དོན་བྱེད་པའོ། །གལ་ཏེ་རྣམ་པར་ཤེས་པ་ཅིག་ཅར་མི་སྐྱེད་པ་ལས་ཡིད་དཔག་
པ་མ་ཡིན་ནམ། དེས་ན་ཇི་ལྟར་སྤོང་ཞེ་ན། དེ་ཞེས་གསུངས་ཏེ་རྣམ་པར་ཤེས་པ་སྔ་མའི་མཚན་ཉིད་ཀྱི་ཡིད་དེའོ། །དེའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཅིག་ཅར་མི་སྐྱེ་བའི་མཚན་ཉིད་ཀྱི་ཕྱིར་རོ། །རྣམ་པ་གཞན་དུ་ཡང་ཞེས་བྱ་བ་ནི། ཡིད་བྱེད་གཉིས་ལས་རྣམ་པར་ཤེས་པ་ཅིག་ཅར་མི་སྐྱེ་བ་གྲུབ་
པའི་ཕྱིར་རོ། །ཇི་ལྟར་སྐམ་པས་དོན་དེ་འཛིན་པར་མཐོང་བ་དེ་ལྟར་རྣམ་པར་ཤེས་པས་མ་ཡིན་ནོ། །རིམ་ལ་ཡོད་པའི་རྣམ་པ་དུ་མ་གང་ཡིན་པ་དེ་དག་འཛིན་པ་ཅིག་ཅར་སྐྱེས་པས་ནི། མ་འཁྲུལ་པ་ཉིད་དོ་ཞེས་གནས་སོ། །དེ་ལ་ཞེས་བྱ་བ་ནི་རིམ་པའི་རྣམ་པ་དུ་མ་དག་ལའོ། །དེ་ལ་གཟུགས་ཀྱི་ཡོན་

ཏན་ཞེས་བྱ་བ་ནི་ལྡན་པ་ལའོ། །གཟུགས་ཀྱི་མཚན་ཉིད་ཀྱི་ཡོན་ཏན་ནི་འདུ་བ་མ་ཡིན་ཏེ། ཡོན་ཏན་ནི་ཡོན་ཏན་མེད་པའི་ཕྱིར་རོ། །གལ་ཏེ་འགྱུར་ན་ཉེས་པ་ཅིར་འགྱུར་ཞེ་ན། དེ་ལྟར་འགྱུར་ན་ཞེས་གསུངས་ཏེ་ཡོན་ཏན་དུ་ནའོ། །ཡོན་ཏན་དང་ལྡན་པ་འདུ་བ་ཅན་གྱི་རྒྱུ་ནི་རྫས་ཡིན་ནོ་ཞེས་བྱ་བའི་
རྫས་ཀྱི་ཡོན་ཏན་ནི་ཡིན་པའི་ཕྱིར་ན། ནམ་མཁའ་བཞིན་དུ་རྫས་ཉིད་དུ་ཐལ་བར་འགྱུར་རོ། །ལྡན་པ་ཡོན་ཏན་དང་ལྡན་པ་ཡིན་ན་ཉེས་པ་གཞན་ཡང་བརྗོད་པ་ནི། དེ་ལྟ་ན་ཡང་ཞེས་པ་སྟེ། ལྡན་པ་རྫས་ཡིན་ནའོ། །འདི་གཉིས་ནི་ཞེས་བྱ་བ་ནི་མེ་ཏོག་རྒྱས་པའི་ནགས་ཞེས་བྱ་བའི་བློ་དང་། རི་མོ་
དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་བློ་གཉིས་སོ། །མི་མཚུངས་པ་ཉིད་གཞུང་འཛུགས་པ་ནི་མང་པོའི་གྲངས་ཉིད་ཀྱིས་བྱ་བའོ། །གྲངས་ལས་ཐ་དད་པའི་ནགས་ནི་ཁས་མི་ལེན་པའི་ཕྱིར་ན། ནགས་ཀྱི་བརྗོད་པར་བྱ་བ་ནི་གྲངས་མང་པོ་ཉིད་ཡིན་ནོ། །གང་ལ་ཞེས་བྱ་བ་ནི་ཤིང་རྣམས་ལའོ། །དེས་
ན་ཞེས་བྱ་བ་ནི་མང་པོའི་གྲངས་ཀྱི་མཚན་ཉིད་དང་། མེ་ཏོག་རྒྱས་པ་དག་ཤིང་རྣམས་ལ་འདུ་བའི་ཕྱིར་རོ། །འདིར་ཡང་རང་བཞིན་དུ་འགྱུར་རོ་སྙམ་ན་སྣ་ཚོགས་པ་ནི་འདིར་ཞེས་བྱ་བའོ། །དེ་ལྟར་འགྱུར་ཞེས་བྱ་བ་ནི། དོན་གཅིག་ལ་འདུ་བའི་སྟོབས་ཀྱིས་ཉེ་བར་བཏགས་པར་འགྱུར་བའོ། །རེ་ཞིག་
མེ་ལ་མེ་ཉིད་དུ་གཟུང་བ་ནི། ཕྱིས་བྲམ་ཟེའི་ཁྱེའུ་ལ་ཡོད་པའི་ཆོས་མཐུན་པར་རྣོ་བ་གཉི་ག་ཡིན་པ་གཟུང་བ་དེས། མེའི་བག་ཆགས་མེར་རྟོག་པ་བསྐྱེད་པའི་ནུས་པ་སད་པར་འགྱུར་བའི་སྐྱེས་བུ་གང་ཡིན་པ་དེ་ནི་དེའི་དྲན་པས་བྲམ་ཟེའི་ཁྱེའུ་ལ་ཡང་མེར་སྒྲོ་འདོགས་པར་བྱེད་དོ། །གཅིག་གཟུང་བའི་དུས་
སུ་ཞེས་བྱ་བ་ནི། སྔོན་པོ་ལ་སོགས་པ་དག་ལས་གང་ཡང་རུང་བ་ཞིག་གཟུང་བ་གང་ཡིན་པ་དེའི་དུས་སུའོ། །བཟུང་བཞིན་པ་ལ་ཞེས་བྱ་བ་ནི་གང་ཡང་རུང་བ་མདུན་ན་གནས་པ་ལའོ། །རྣམ་འགྲེལ་ཕྱིས་འཆད་པར་འགྱུར་བས་རེ་ཞིག་རང་ཉིད་ཀྱིས་བརྗོད་པ་ནི། དེ་ལ་ནི་ཞེས་བྲམ་ཟེའི་ཁྱེའུ་དག་ལའོ། །
འོན་ཏེ་ཉེ་བས་སོ་ཞེས་བྱ་བ་ལ། ཉེ་བར་ནི་ལྷག་པར་ཉེ་བ་སྟེ། གང་ལ་སྔོན་པོ་ཡོད་པ་དེ་ཉིད་ལས་སེར་པོ་ཉེ་བར་གནས་པ་སྟེ། དེ་ལྟར་ཉེ་བར་སྒྲོ་འདོགས་པར་འགྱུར་བ་ཡིན་ན་ལན་ནི་ཉེ་བར་གནས་པའི་འཛིན་པ་དེ་ནི་ཞེས་བྱ་བ་སྟེ། དང་པོ་གཅིག་ལ་མཐོང་བ་ཕྱིས་གཞན་ལ་མཐོང་བ་ན་གཟུང་བ་མ་ཡིན་ནོ། །ཡུལ་

དེར་ཞེས་བྱ་བ་ནི་སྔོན་པོའི་ཡུལ་དུ་སེར་པོ་གཟུང་བའི་ཕྱིར་སྒྲོ་འདོགས་པ་ཡིན་ནོ་ཞེས་འབྲེལ་ཏེ་ལན་ནི་ཡུལ་དེར་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་སྒྲོ་བཏགས་པའོ། །འོན་ཏེ་ཞེས་བྱ་བ་ལ་སྔར་མཐོང་བའི་སྔོན་པོ་ལ་སོགས་པ་དྲན་པར་བྱ་བ་ནི། སེར་པོ་འཛིན་པའི་དུས་ན་གཟུང་བར་
བྱ་བ་ཉིད་དུ་སྣང་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་སྔ་མ་དང་ཕྱི་མ་ཐ་དད་པར་མ་བཟུང་བའི་ཕྱིར་རོ་ཞེ་ན། འདི་ལ་བརྗོད་པ་ནི་ཇི་ལྟར་ཞེས་བྱ་བའོ། །གཞན་ལ་ཞེས་བྱ་བ་ནི་དྲན་པར་བྱ་བ་ལའོ། །གཞན་དུ་ཞེས་བྱ་བ་ནི་བཟུང་བཞིན་པ་ཉིད་དུའོ། །འོན་ཏེ་དྲན་པར་བྱ་བ་ནི་རང་བཞིན་དུ་མི་སྣང་བ་ཁོ་ནའོ་ཞེ་ན། དེ་ནི་
ཞེས་བྱ་བའོ། །འཛིན་པ་ཡིན་མོད་དེ་ལས་ཅིར་འགྱུར་སྙམ་ན་དེས་ན་ཞེས་བྱ་བའོ། །གཟུང་བར་བྱ་བ་ཉིད་དུ་སྣང་ན་རྣམ་པར་རྟོག་པའི་རང་བཞིན་ཉིད་ཀྱི་བསྲེ་བ་མ་ཡིན་མོད། དུ་མ་འཛིན་པའི་རང་བཞིན་ཉིད་ནི་བསྲེ་བ་ཡིན་པར་འགྱུར་རོ་ཞེས་བརྗོད་པ་ནི། འོན་ཏེ་ཞེས་བྱ་བའོ། །ལན་ནི་དེ་ལྟ་ཡིན་ན་ཞེས་བྱ་བ་
ལ་སོགས་པའོ། །འོན་ཏེ་དུ་མ་གཅིག་གིས་འཛིན་པར་ཇི་ལྟར་འགྱུར་སྙམ་ན། མིག་གི་ཞེས་བྱ་བ་སྟེ་སྔོན་པོ་དང་སེར་པོ་ཐམས་ཅད་ཀྱི་རྟོགས་པ་གང་ཡིན་པ་དེའི་རྟོགས་པའི་ཕྱིར་ཏེ་མཐོང་བའི་ཕྱིར་རོ། །དེ་ལྟར་འགྱུར་མོད་སྙམ་དུ་དོགས་ན་འདོད་པ་ནི་མ་ཡིན་ནོ་ཞེས་གོང་འོག་བསྣོལ་ཏེ་བལྟ་བར་བྱའོ། །མ་འབྲེལ་བ་
ནི་འབྲེལ་པ་མེད་པ་སྟེ། དེའི་རྟོགས་པ་གང་ཡིན་པ་ཉིད་དྲི་མ་ཡིན་ནོ། །དེས་ཉེ་བར་མཚོན་པའི་སྐྱེས་བུ་བླུན་པོ་གང་ཡིན་པ་དེ་དག་གིས་བརྟགས་པས་ནི་ཆོག་གོ་ཞེས་བྱ་བ་ཡིན་ནོ། །སྔོན་པོར་རྣམ་པར་རྟོག་པའི་དུས་ན། སེར་པོའི་རྣམ་པར་རྟོག་པ་ཡང་ཡོད་པ་ཡིན་ནོ་ཞེ་ན། རྣམ་པར་རྟོག་པ་དུ་མ་ནི་ཞེས་
གསུངས་སོ། །གཞན་དག་ཚོགས་པའི་རྣམ་པར་རྟོག་པ་བསམས་ནས་སྨྲ་བ་ནི་སྣ་ཚོགས་པ་ཞེས་བྱ་བའོ། །གཅིག་ལ་ཡང་ཞེས་བྱ་བ་ནི་སྔོན་པོ་ལ་ཡང་ངོ་། །དེས་ན་གང་གི་ཚེ་རེ་ཞིག་གཅིག་ཉིད་རྣམ་པར་རྟོག་པ་དེའི་ཚེ་གཞན་མཐོང་བ་ནི་རྣམ་པར་རྟོག་པ་མེད་པ་ཁོ་ནའོ་ཞེས་དགོངས་པའོ། །དེ་ལྟ་ན་ཡང་
ཞེས་བྱ་བ་ནི་ཅིག་ཅར་ཤེས་པ་མི་སྐྱེ་བ་བཟློག་པ་ནའོ། །འདི་སྐད་ཅེས་བྱ་བ་ནི་འཆད་བཞིན་པའོ། །སྟོན་པ་ཡང་སྟེ་ཞེས་བྱ་བ་ནི་གཞན་ནོ། །ཁྱེད་ཀྱིས་ཞེས་བྱ་བ་ནི་སངས་རྒྱས་པས་སོ། །རྣམ་དབྱེ་ཞེས་བྱ་བ་ནི་བློ་ནི་སྣ་ཚོགས་པའི་རྣམ་པ་ཅན་ཡིན་ཡང་གཅིག་ཁོ་ན་ཡིན་ལ་ཕྱི་རོལ་ནི་དུ་མར་འགྱུར་རོ་ཞེས་བྱ་

བ་དེ་ལྟ་བུ་ལ་སོགས་པའི་རང་བཞིན་ནོ། །སླར་ལ་བློ་ཉིད་ལ་ལྷག་པར་ཐ་དད་པར་འགྱུར་རོ་ཞེས་སྟོན་པ་ནི་གང་ལ་ཞེས་བྱ་བའོ། །དེའི་ཚེ་བློ་གནས་པའི་ངོ་བོ་ལ་སྣ་ཚོགས་པ་ཉིད་དུ་ཅི་སྟེ་འགྱུར་བ་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་ཅེས་བྱ་བ་ནི་འཆད་བཞིན་པའོ། །ཇི་ལྟ་ཇི་ལྟ་ཞེས་བྱ་བ་ནི་
གཅིག་ཉིད་དམ་དུ་མ་ཉིད་དུའོ། །རྣམ་པར་འབྲེལ་ཞེས་བྱ་བ་ནི་སྟོང་པར་འགྱུར་བའོ། །དངོས་སྟོབས་ནི་ཚད་མའི་སྟོབས་ཀྱིས་སོ། །ཇི་ལྟར་ན་གཅིག་གམ་དུ་མ་ཉིད་དུ་མི་འཐད་སྙམ་ན། འདི་ལྟར་ཞེས་གསུངས་སོ། །བློ་གཅིག་ལ་སྣ་ཚོགས་ཏེ་དུ་མ་རེ་ཞིག་ཇི་ལྟར་འགྱུར། གཅིག་ལ་དུ་མ་ཉིད་མི་
འགྱུར་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འོ་ན་དུ་མ་ལ་འགྱུར་རོ་སྙམ་ན་བློ་དེ་ལ་ཡང་ཞེས་སྨོས་ཏེ། བློ་དུ་མ་ལ་ཡང་སྣ་ཚོགས་པ་ཉིད་མི་འགྱུར་རོ། །བློའི་རྡུལ་ཕྲ་རབ་རྣམས་ཕན་ཚུན་ཚུལ་ལུགས་མི་ཤེས་པའི་ཕྱིར་ན། སྣ་ཚོགས་སུ་སྣང་བ་མེད་པར་ཐལ་ལོ། །འོ་ན་སྣ་ཚོགས་སུ་སྣང་བ་འདི་ཇི་ལྟར་
ཡིན་ཞེ་ན། གལ་ཏེ་དོན་རྣམས་ཞེས་གསུངས་སོ། །འདིར་ཞེས་བྱ་བ་ནི་གཅིག་དང་དུ་མ་དང་བྲལ་ཡང་སྣང་བ་ཞེས་པ་ལྟར་རོ། །རེ་ཞིག་སྣ་ཚོགས་སུ་སྣང་བ་ནི་ཉམས་སུ་མྱོང་བ་ཁོ་ནའོ། །འདི་ནི་སྣ་ཚོགས་པར་སྣང་བ་མ་ཡིན་ནོ་ཞེས་ནི་བརྗོད་པར་ནུས་པ་མ་ཡིན་ཏེ། གལ་ཏེ་འདི་གཅིག་དང་དུ་མ་
ཉིད་དུ་མི་འཐད་པ་དེའི་ཚེ། གཅིག་དང་དུ་མ་ཉིད་དེ་མེད་མོད། ཁོ་བོ་ཅག་ལ་ནི་ཆད་པ་ཅི་ཡང་མེད་དོ། །སྣ་ཚོགས་སུ་སྣང་བ་ནི་གཅིག་དང་དུ་མ་དང་བྲལ་བ་ཡང་མེད་དོ་ཞེས་བརྗོད་པར་བྱ་བ་མ་ཡིན་ཏེ། དེ་ལྟ་མ་ཡིན་པ་གཞན་གྱིས་གཅིག་དང་དུ་མ་མེད་པ་ཉིད་དུ་འགྲུབ། དེའི་ཡན་ལག་ཅན་གྱི་སུན་
འབྱིན་པ་འཇུག་པ་ནི་བློ་སྣ་ཚོགས་སུ་སྣང་བའི་བདག་ཉིད་གཅིག་དང་དུ་མ་དང་བྲལ་བར་ཁས་བླངས་ཀྱང་ཉེས་པ་ཡང་མེད་དོ་ཞེས་བྱ་བ་ནི་གཞུང་གི་ཚོགས་ཀྱི་དོན་ཏོ། །དེ་ལ་ཡང་ཞེས་བྱ་བ་ནི་བློ་ལ་ཡང་ངོ་། །གལ་ཏེ་རྣམ་པ་སྣ་ཚོགས་པ་ལ་སྟོན་པ་ཡིན་པ་དེ་ལྟ་ན་ཡང་དེ་ལས་ཐ་དད་པའི་བློ་ནི་གཅིག་ཏུ་
འགྱུར་རོ་ཞེས་དོགས་ན་དངོས་པོའི་མཚན་ཉིད་ནི་ཞེས་བྱ་བའི་རྣམ་པ་ལས་ཐ་དད་པའི་བློ་ནི་མི་དམིགས་པས་གནོད་པའི་ཕྱིར་རོ་ཞེས་བྱ་བའོ། །དངོས་ཡང་ཞེས་བྱ་བ་ནི་བློའི་མཚན་ཉིད་ཅན་ན་ཆད་པ་ཅི་ཡོད་ཅེས་བྱ་བ་ནི་ཆད་པ་འགའ་ཡང་མེད་པའོ། །འདིར་ནི་འདིས་ནི་ཡན་ལག་ཅན་འགོག་པའི་སྐབས་

ཡིན་ལ་ཡན་ལག་ཅན་དེ་སེལ་བ་ན་ཡང་གལ་ཏེ་བློ་ཡང་དུ་མ་ཉིད་དུ་ཁས་ལེན་ན། དེའི་ཚེ་དེ་ལ་ཆད་པ་ཅི་ཞིག་ཡོད། གདོན་མི་ཟ་བར་བློ་གཅིག་གི་ཕྱོགས་ཁས་བླངས་ནས་ཡན་ལག་ཅན་བསླང་བར་བྱ་བ་ནི་མ་ཡིན་ཏེ། བསྟན་བཅོས་གནས་ནས་རྩོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་
བའི་དོན་ཏོ། །སུན་འབྱིན་པ་གཞན་ཡང་བརྗོད་པ་ནི་རྡུལ་ཕྲ་རབ་དུ་མའི་རྟོགས་པ་གང་ཡིན་པ་དེ་མེད་པར་ཐལ་བར་འགྱུར་རོ། །བློའི་རྡུལ་ཕྲ་རབ་དེ་དག་ནི་དུ་མར་རྟོགས་པར་བཟོད་པ་མ་ཡིན་ཏེ། ཕན་ཚུན་ཚུལ་ལུགས་མི་ཤེས་པའི་ཕྱིར་རོ། །འོ་ན་གཞན་འགའ་ཞིག་གིས་དུ་མ་ཉིད་རྟོགས་པ་ཡིན་ནོ་
ཞེ་ན། རྟོག་པ་པོ་གཞན་ཡང་ཞེས་བྱ་བའོ། །འདི་ཉིད་གཞུང་འཛུགས་པ་ནི་རང་རིག་པ་ཞེས་བྱ་བའོ། །མཐོང་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་སྣ་ཚོགས་སུ་སྣང་བའོ། །འདི་ལ་གཞན་བརྗོད་པ་ནི་འོ་ན་ནི་ཞེས་བྱ་བའོ། །འདི་ཡང་ཞེས་བྱ་བ་ནི་རང་རིག་པ་མེད་པ་རིག་པ་མི་སྲིད་དོ་ཞེས་བྱ་བ་ཡང་ངོ་། །
གཞན་ཡང་རང་རིག་པ་ཡིན་ན་ནི་ཤེས་པ་གཞན་རིག་པ་ལ་དགོས་པ་ཉིད་ཡོད་པ་མ་ཡིན་ནོ། །དེས་ན་གཞན་རིག་པས་རིག་བྱ་གལ་ཏེ་རྡུལ་ཕྲ་རབ་རྣམས་རང་རིག་པ་ཉིད་ཀྱིས་ཕན་ཚུན་ཚུལ་ལུགས་མི་ཤེས་པ་ཡིན། རྟོག་པ་པོ་གཞན་ཡང་མེད་པ་ཡིན་པ་དེས་ན། གང་གིས་མང་པོ་ཉིད་རྟོགས་པ་ཡིན་ཞེས་
གཞན་དག་སྨྲ་བ་ནི་འོ་ན་ཞེས་བྱ་བའོ། །འགའ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །དེ་ལ་ཐ་དད་པ་ནི་རྡུལ་ཕྲ་རབ་ལས་ཐ་དད་པའོ། །འདིས་ནི་དུ་མའི་ཕྱོགས་ལ་ཡང་དུ་མ་ཉིད་དུ་སྣང་བ་མི་འཐད་དོ་ཞེས་བསྒྲུབས་པ་ཡིན་ནོ། །གཉི་གའི་ཡང་མཇུག་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །
དུ་མ་ཉིད་ལ་སྣ་ཚོགས་པ་མེད་པ་འདི་ཤིན་ཏུ་གསལ་ཏེ་ཤིན་ཏུ་ཡང་གསལ་ལོ། །གང་གི་ཕྱིར་དེ་ལྟར་གཅིག་ཉིད་དམ། དུ་མ་ཉིད་དུ་དངོས་པོ་འཐད་པ་མ་ཡིན་པའི་གཏན་ཚིགས་དེའི་ཕྱིར་ན། བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅི་སྟེ་ཞེས་བྱ་བ་ནི་
དོགས་པ་བསུ་བའོ། །སྒྱུ་མ་དང་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །དཔེར་ན་སྒྱུ་མ་ལ་སོགས་པ་རྣམས་མེད་ཀྱང་སྣང་བ་དེ་བཞིན་དུ། བུམ་པའམ་སྣམ་བུ་ལ་སོགས་པ་ཡང་ཡིན་ནོ་ཞེས་དགོངས་པའོ། །གཞན་གྱིས་དེ་དག་ཀྱང་ཞེས་སྨྲས་ཏེ། སྒྱུ་མ་ལ་སོགས་པ་དག་ཀྱང་ངོ་། །ལན་ནི་དོན་བྱ་བ་

ཞེས་བྱ་བའོ། །གལ་ཏེ་སྣང་བ་ཉིད་ལ་ཡོད་པར་བརྗོད་པ་མ་ཡིན་ནམ་དེས་ན་དོན་བྱེད་པས་ཅི་ཞིག་བྱ་ཞེ་ན། སྣང་བ་བསམ་གྱིས་ཞེས་བྱ་བའོ། །དེ་ལ་ཡང་ཞེས་བྱ་བ་ནི། དོན་བྱེད་པ་གཞན་ལ་ཡང་ངོ་། །དེ་ཉིད་ཅེས་བྱ་བ་ནི་སྣང་བའི་རང་བཞིན་ཉིད་དེ་དོན་བྱེད་པ་ཡིན་ནའོ། །འདི་ལ་ལན་
སྣང་བ་ཐམས་ཅད་ཅེས་བྱ་བའོ། །འགའ་ཞིག་ནི་བཟློག་པས་ཡིན་ཞེས་བྱ་བ་ནི། ཐ་དད་པ་ལས་བཟློག་པ་སྟེ། ཐ་མི་དད་པ་ཉིད་དོན་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བུམ་པ་དང་སྣམ་བུ་ལ་སོགས་པའི་དོན་བྱ་བ་ཆུ་འཛིན་པ་ལ་སོགས་པས་ནི་ཐ་དད་པ་ཁོ་ན་ཡིན་ལ། བདེ་བ་ལ་སོགས་
པའི་དོན་བྱེད་པ་ནི་ཐ་དད་པ་མེད་པ་ཁོ་ན་ཡིན་ཏེ། དེ་དག་གི་ཡོད་པ་ནི་ཉམས་སུ་མྱོང་བ་ཙམ་གྱིས་རྣམ་པར་འཇོག་པའི་ཕྱིར་རོ། །འདི་ཉིད་འཆད་པ་ནི་སྣང་བ་ཙམ་ཉིད་ཀྱིས་ནི་ཞེས་བྱ་བའོ། །གང་ཞིག་དོན་བྱེད་པ་ཉིད་དུ་ཞེས་བྱ་བ་ནི། ཐ་མི་དད་པའི་ཕྱོགས་ལའོ། །ཐ་དད་པའི་ཕྱོགས་ལ་ནི་
དོན་བྱེད་པ་སྒྲུབ་པ་ཉིད་དུའོ། །དོན་བྱེད་པའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི། ཐ་མི་དད་པའི་ཕྱོགས་ལ་དོན་བྱེད་པ་ཉིད་རང་གི་ངོ་བོ་ཡིན་ལ། ཐ་དད་པའི་ཕྱོགས་ལ་ནི་དོན་བྱེད་པའི་རང་གི་ངོ་བོས་སོ། །གལ་ཏེ་འདི་དོན་བྱེད་པའི་རང་བཞིན་ཡིན་མོད། དེ་ལྟ་བུ་མེད་པ་ཉིད་དོ་ཞེ་ན། དོན་བྱེད་པའི་
རང་བཞིན་ནི་ཞེས་བྱ་བའོ། །འགའ་ཞིག་ཅེས་བྱ་བ་ནི་བུམ་པ་ལ་སོགས་པའམ་བདེ་བ་ལ་སོགས་པའོ། །གང་གི་ཕྱིར་དེ་ལྟ་ཡིན་པའི་རྒྱུ་དེས་ན། དོན་བྱེད་པ་ནི་སྣང་བ་ལས་ཐ་དད་པ་ཡོད་པར་སྨྲ་བའི་སྡེ་པ་རྣམས་ཀྱིས་ཁས་བླངས་པ་ཡིན་ནོ། །གལ་ཏེ་འགའ་ཞིག་གི་དོན་བྱེད་པ་ནི།
སྣང་བ་ལས་ཐ་དད་པ་ཁོ་ནར་ཡོད་པ་མ་ཡིན་ནམ་དེས་ཐམས་ཅད་མེད་པར་ཇི་ལྟར་འགྱུར་སྙམ་ན། སྔོན་པོ་ལ་སོགས་པའི་རང་བཞིན་ལས་ཞེས་བྱ་བ་སྟེ། སྔོན་པོ་ལ་སོགས་པས་སྣང་བའི་རང་བཞིན་ལས་སོ། །གཞན་ཡོད་པར་སྒྲུབ་པའི་དོན་དུ་དོན་བྱེད་པ་སྟོན་པ་ནི་གང་ཞིག་ཅེས་བྱ་བའོ། །
འདི་ནི་འདི་ནི་ཞེས་བྱ་བའི། །དོན་རྣམས་སྐྱེས་བུ་ལ་སོགས་པ་ལས་ཐ་དད་པ་ནི་མ་ཡིན་ཏེ། བདག་མེད་པར་ཐལ་བའི་ཕྱིར་རོ། །གཞན་གྱིས་གདུང་བ་ཞེས་སྨྲས་སོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ཉིད་བརྗོད་པ་ནི་གོམས་པའི་ཞེས་བྱ་བའོ། །ཐམས་ཅད་ཅེས་བྱ་བ་ནི་གདུང་བ་

བཟློག་པ་དང་ཚིམ་པའོ། །ལྡོག་པ་བརྗོད་པ་ནི་གོམས་པ་མེད་ན་ནི་ཞེས་བྱ་བའོ། །གལ་ཏེ་དེ་ལྟ་ན་ཞེས་བྱ་བ་ནི་གོམས་པའི་སྟོབས་ཀྱིས་ཐམས་ཅད་སྐྱེ་བ་ནའོ། །ཡང་ཇི་ལྟར་ན་མ་རིག་པའི་སྟོབས་ཀྱིས་སྐྱེས་པ་ཉིད་མེད་པ་ཉིད་ཡིན་པར་འགྱུར་རོ་ཞེ་ན། དེ་ལྟ་བུ་ཞེས་བྱ་བ་སྟེ་གོམས་
པའི་སྟོབས་ཀྱིས་སྐྱེས་པའོ། །གལ་ཏེ་དེ་ལྟར་རྣམ་པར་བརྟག་པར་བྱ་བ་དེ་ལྟར་ན་ཡང་སྣང་བ་ཡོད་པ་མ་ཡིན་ནམ། དེས་ན་མེད་པར་ཇི་ལྟར་འགྱུར་ཞེ་ན། སྣང་བ་ཙམ་ཞེས་བྱ་བའོ། །དོན་ལ་ནི་ཞེས་བྱ་བ་ནི་ཤེས་པ་ལ་ཡང་ཞེས་བྱ་བར་བལྟའོ། །དེ་བདག་ཉིད་གཅིག་ལ་བཀག་པ་ཉིད་ཀྱི་ཕྱིར་དང་ཞེས་བྱ་བ་ལ་
སོགས་པ་འཆད་པ་ནི་ཅི་སྟེ་རགས་པར་སྣང་བ་ནི་ཞེས་བྱ་བའོ། །དེ་དག་ནི་མང་པོ་ཁོ་ན་ཡིན་གྱི་རགས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རགས་པ་ཉིད་ཅེས་བྱ་བའོ། །དེ་དག་ལས་ཞེས་བྱ་བ་ནི་རྡུལ་ཕྲ་རབ་མང་པོ་རྣམས་ལས་སོ། །རྣམ་པ་གཞན་གྱིས་ཀྱང་རགས་པ་ཉིད་སུན་འབྱིན་པའི་དོན་དུ་བརྗོད་པ་
ནི། རགས་པའི་ཐ་སྙད་ནི་ཞེས་བྱ་བའོ། །ལིང་ལིང་པོ་གཅིག་ཅེས་བྱ་བ་ནི། བར་ཆད་དང་བྲལ་བའི་སེམས་གཅིག་གི་ཕན་ཚུན་ཐ་དད་པར་སྣང་བ་གང་ཡིན་པ་དེ་ལ་ནིའོ། །འོན་ཏེ་བར་མི་སྣང་བ་དེས་ན་རགས་པ་ཉིད་སྣང་བ་ཡིན་ནོ་ཞེ་ན། འོ་ན་ནི་ཞེས་བྱ་བའོ། །ཕན་ཚུན་རང་བཞིན་གྱིས་སྤངས་ནས་གནས་
པ་དེ་དག་ནི་གདོན་མི་ཟ་བར་བར་སྣང་བ་དང་བཅས་པར་ཁས་བླངས་དགོས་སོ། །དེ་ལྟ་ན་མ་ཡིན་ན་ཕན་ཚུན་དབེན་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེའི་ཕྱིར་གལ་ཏེ་བར་ཆད་དང་བཅས་པའི་རང་བཞིན་ཉིད་ཀྱིས་སྣང་བ་མིན་ན་ནི་དེ་ལྟ་ན་རང་གི་ངོ་བོས་སྣང་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །བརྒྱ་ལ་ཕྱིའི་དོན་
དུ་སྨྲ་བ་དག་ཡན་ལག་དང་ཡན་ལག་ཅན་ཡང་སུན་ཕྱུང་བ་ན་འདི་སྐད་བརྗོད་པར་འགྱུར་ཞེས་ཡོངས་སུ་བརྟག་པའི་མཐའ་བཟུང་ནས་ཉེ་བར་འགོད་པ་ནི་ཅི་སྟེ་ཞེས་བྱ་བ་སྟེ། རྡུལ་ཕྲ་རབ་རྣམས་ངེས་ཏེ་ཞིག་པ་ན་རྡུལ་ཕྲ་རབ་དེ་དག་ལྡན་པ་ལས་སོ། །དེ་ཞེས་བྱ་བ་ནི་དེའི་ཚེ། ཡན་ལག་ཅན་གྱི་དུས་
ནའོ། །རྡུལ་ཕྲ་རབ་བམ་ཡན་ལག་ནི་ཞེས་འདིའི་སྒྲས་བརྗོད་པའམ། འདིའི་སྒྲས་ཀྱང་རུང་སྟེ། འདི་དག་ལ་དོན་ནི་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བའོ། །འདི་ལྟར་འགྱུར་མོད་ཅི་སྐྱོན་ཞེ་ན། དེས་ན་ཞེས་གསུངས་སོ། །ལྡན་པ་དང་ཞེས་བྱ་བ་ནི། རང་གི་ལྡན་པ་དང་ངོ་ཞེས་བྱ་བའི་ཚུལ་འདིས་སྣལ་

མ་ལ་སོགས་པའི་འདུ་བ་ཅན་གྱི་རྒྱུ་ཉིད་དུ་ཁས་བླངས་པ་གང་ཡིན་པ་དེ་མི་འགྱུར་རོ། །གལ་ཏེ་དེའི་ཚེ་རྡུལ་ཕྲ་རབ་རྣམས་མེད་མོད། དེ་ལྟ་ཡང་འདུ་བ་ཅན་གྱི་རྒྱུར་འགྱུར་རོ་ཞེ་ན། འབྲེལ་བ་ནི་ཞེས་གསུངས་སོ། །ཡན་ལག་ཅན་གྱི་འདུ་བ་ནི་འབྲེལ་པ་དང་བཅས་པའི་རྒྱུ་རྣམས་ལ་འདུ་བ་ཅན་གྱི་རྒྱུ་
ཞེས་བརྗོད་པ་ཡིན་ལ་འདུ་བ་འབྲེལ་པ་ཡང་གཉིས་ལ་གནས་པར་འགྱུར་བ་ཡིན་ནོ། །ཡན་ལག་ཅན་གྱི་དུས་ན་ནི་རྡུལ་ཕྲ་རབ་སྲིད་པ་མ་ཡིན་ལ། རྡུལ་ཕྲ་རབ་ཀྱི་དུས་ན་ཡང་ཡན་ལག་ཅན་སྲིད་པ་མ་ཡིན་ནོ། །དེས་ན་གང་གིས་འདུ་བ་ཅན་གྱི་རྒྱུ་ཉིད་དུ་འགྱུར་བ་རྒྱུ་དང་འབྲས་བུ་དག་འདུ་བར་ཇི་ལྟར་འགྱུར་
ཞེས་བྱ་བའི་དོན་ཏོ། །སུན་འབྱིན་པ་གཞན་ཡང་བརྗོད་པ་ནི་འདི་ལའོ། །བདུན་པའི་དོན་ནི་རྡུལ་ཕྲ་རབ་ཀྱི་མཚན་ཉིད་དོ། །དེ་ཞེས་བྱ་བ་ནི་ཡན་ལག་ཅན་ནོ། །སོགས་པའི་སྒྲས་ནི་ལོགས་ལ་སོགས་པ་ཡང་གཟུང་བར་ཐལ་ལོ། །ཕ་རོལ་གྱི་ཆ་ཡང་མཐོང་མོད་ཅི་སྐྱོན་སྙམ་ན། ཕ་རོལ་གྱི་ཆ་གཟུང་
ན་ཞེས་བྱ་བའོ། །ཕ་རོལ་ཡང་ཞེས་བྱ་བ་ནི་གཟུང་བའི་ཕ་རོལ་གྱི་སྒྲའི་ཆས་བར་དུ་ཆོད་པའི་བུམ་པ་ཡང་མཐོང་བར་འགྱུར་རོ། །དེ་ལྟ་ཡིན་དང་ཆོད་པའི་དེ་ཡང་ཡན་ལག་ཅན་ཡིན་པའི་གཏན་ཚིགས་ཀྱི་ཕྱིར། ཕ་རོལ་གྱི་ཆ་མཐོང་བར་འགྱུར་རོ། །དེས་ན་སྐྱེས་བུ་ཐབས་དོན་ཐམས་ཅད་མཐོང་བར་
འགྱུར་རོ། །མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆ་མེད་པ་ཉིད་ཀྱིས་ཕ་རོལ་གྱི་ཆ་མི་སྲིད་པའི་ཕྱིར་རོ། །ལན་ནི་གཞན་གྱིས་ཞེས་བྱ་བའོ། །དེ་སྐད་དྲིས་པ་ལ་གཞན་གྱི་ལན་བརྗོད་པ་ནི་དེ་ཞེས་བྱ་བ་སྟེ་གཞན་གྱི་མཐོང་བ་ནི་ཕ་རོལ་གྱི་ཆ་ནི་གཞན་ཉིད་དོ་ཞེ་ན། འདི་ལ་བརྗོད་པ་ནི་འོ་ན་ནི་ཞེས་བྱ་བའོ། །འདི་ཞེས་
བྱ་བ་ནི་སྔ་མ་དང་ཕྱི་མའི་ཆ་དང་ལྡན་པའོ། །དེ་ལྟར་གལ་ཏེ་ཐ་དད་པར་ཁས་ལེན་ན། དེའི་ཚེ་སྐབས་ཀྱིས་སྨྲ་བ་ཉམས་སོ་ཞེས་བརྗོད་པ་ལ། གཞན་དག་ཐ་མི་དད་པར་ཁས་བླངས་ནས་བརྗོད་པ་ནི་དེ་ནི་ཞེས་བྱ་བའོ། །གལ་ཏེ་ཕ་རོལ་གྱི་ཆ་དང་ཚུ་རོལ་གྱི་ཆ་དང་གཞན་མ་ཡིན་པ་དེ་ལྟ་ན་ཚུ་
རོལ་གྱི་འཛིན་པའི་དུས་ན། ཕ་རོལ་གྱི་ཆ་ནི་མི་འཛིན་པ་ཉིད་དེ་འོན་ཀྱང་རྣམ་གྲངས་ཀྱིས་འཛིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གཞན་འདི་ཉིད་ཡིན་ནོ་ཞེས་འདིའི་མཐོང་བ་འདི་ཉིད་ཀྱིས་ཕྱིས་མཐོང་བ་ཉིད་ཡིན་ནོ་ཞེས་རྟོགས་པར་ཡང་མི་ནུས་སོ། །གཞན་དུ་མཐོང་བ་

ཉིད་སྟོན་པ་ནི་མཐོང་བ་དང་ཞེས་བྱ་བའོ། །གང་བདག་གིས་མཐོང་བ་དེ་ཉིད་ལ་རེག་གོ་ཞེས་རྟོགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མ་ཡིན་ཏེ་ཞེས་བྱ་བ་ནི་འགོག་པའོ། །སྔ་མ་དང་ཕྱི་མ་བལྟས་པ་དང་རེག་པ་དག་གཅིག་པ་ལ་ཚད་མ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་
ཡང་བཤད་ཟིན་པའི་ཚུལ་གྱིས་གཅིག་ཉིད་དུ་རྟོགས་པ་ཡོད་དོ་ཞེ་ན། ཕན་ཚུན་ཞེས་གསུངས་སོ། །མཐོང་བ་ནི་རེག་པའི་རང་བཞིན་ཡོངས་སུ་སྤངས་པ་དང་རེག་པ་ནི་མཐོང་བའི་རང་བཞིན་སྤངས་ནས་རྟོགས་པ་ཡིན་ཏེ། དེས་ན་འདི་གཉིས་གཅིག་ཏུ་ཇི་ལྟར་འགྱུར་ཞེས་བྱ་བའོ། །དོགས་པ་བསུ་བ་ནི་
མཐོང་བ་དང་རེག་པ་དག་གི་ཕན་ཚུན་གྱི་རྣམ་པར་དབྱེ་བ་ནི་འཛིན་པ་སྟེ། ཤེས་པས་བྱས་པ་ཡིན་ནོ་ཞེ་ན། ལན་ནི་འོ་ན་ནི་ཞེས་པའོ། །ཐམས་ཅད་རྣམ་པར་དབྱེ་བ་ནི་འཛིན་པས་བྱས་པ་ཡིན་གྱི། གཟུང་བར་བྱ་བ་ནི་གཅིག་ཁོ་ནའོ་ཞེས་བརྗོད་པར་བྱ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སུན་འབྱིན་
པ་གཞན་བརྗོད་པ་ནི་དེ་ཡང་ཞེས་བྱ་བ་སྟེ་ཡན་ལག་ཅན་ཡང་ངོ་། །དེ་ལས་ཐ་དད་པའི་སྣང་བ་ལས་ཐ་དད་པར་རོ། །འོ་ན་ཅི་ཞིག་ལུས་ཤེ་ན་སྣང་བ་ཙམ་ཞེས་བྱ་བའོ། །འདིར་རྩོད་པ་ནི་གལ་ཏེ་ཞེས་བྱ་བའོ། །ཅི་གལ་ཏེ་ཤེས་པའི་རིག་པ་ཡིན་པ་དེ་ལྟ་ན་ཡང་གཞན་ཡང་རིག་པར་འགྱུར་ཏེ་དེས་
ཐ་དད་པར་སྣང་བ་ཅི་ལྟར་མི་འཐད་སྙམ་ན་རང་རིག་པ་ཡིན་ན་ནི་ཞེས་བྱ་བ་སྟེ་རང་རིག་པ་ཡིན་པར་འགྱུར་ན་ནི་གཞན་རིག་པ་མ་ཡིན་ཏེ། རང་དང་གཞན་རིག་པ་དག་ནི་ཕན་ཚུན་སྤངས་པས་འགལ་བའི་ཕྱིར་རོ། །དེས་ཞེས་བྱ་བ་ནི་ཕན་ཚུན་རིག་པས་ནའོ། །རྩོད་པ་དེ་ལ་ཡང་རྩོད་པ་ཞེས་པ་ནི་ལྷག་
མའོ། །སོ་སོར་ཞེས་བྱ་བ་ནི་སྔོན་པོས་སེར་པོ་སེར་པོས་ཀྱང་སྔོན་པོ་ཞེས་རྟོགས་པར་ཁས་བླངས་པ་ནའོ། །ཇི་ལྟར་རྒྱུད་གཞན་གྱིས་རིག་པ་ན་འདི་གཉིས་ཡིན་ནོ་ཞེས་མི་རྟོགས་པ་སྟེ་དེ་ཁོ་ན་བཞིན་ཚད་མ་ཞེས་བྱ་བ་རྟོགས་པར་ཡང་འགྱུར་རོ། །འདི་ལྟར་སྔོན་པོས་ནི་སེར་པོ་ཉིད་རིག་
གི་རང་གི་བདག་ཉིད་མ་ཡིན་ལ། སེར་པོས་ཀྱང་སྔོན་པོ་འབའ་ཞིག་རིག་གི་རང་གི་རང་བཞིན་ནི་མ་ཡིན་ནོ། །དེ་ལྟ་ན་ཡང་འདི་ནི་གཉིས་ཡིན་ནོ་ཞེས་ཇི་ལྟར་རྟོགས། རྒྱུད་གཅིག་ལ་གནས་པའི་ཤེས་པས་སྔོན་པོ་ཉམས་སུ་མྱོང་ལ་གཞན་གྱིས་ནི་སེར་པོ་རྟོགས་པ་ནི་འདི་གཉིས་

ཡིན་ནོ་ཞེས་བྱ་བ་ནི། རྟོགས་པར་སྲིད་པ་མ་ཡིན་ནོ། །དེ་བཞིན་དུ་བྱེད་པ་པོས་རང་རིག་པ་མ་ཡིན་པར་འགྱུར་ན། བདག་གིས་སྔོན་པོ་འདི་ཡོངས་སུ་བཅད་དེ་རིག་གོ་ཞེས་རྟོགས་པར་མི་འགྱུར་རོ། །གང་གི་ཚེ་སྔོན་པོས་སེར་པོ་རིག་པ་དེའི་ཚེའམ། སེར་པོས་སྔོན་པོ་
རིག་པ་དེའི་ཚེ་ནི་བདག་ཉིད་རྟོགས་པ་མ་ཡིན་ཏེ། དེས་ན་ཅི་ལྟར་གཞན་གྱི་རྒྱུད་ལ་ཡོད་པའི་ཤེས་པས་སྔོན་པོ་རྟོགས་པས་ན། འདི་བདག་གིས་རིག་པ་ཡིན་ནོ་ཞེས་མི་འགྱུར་བ་དེ་བཞིན་དུ། རང་ཉིད་རྟོགས་པ་ལ་ཡང་མི་འགྱུར་ཏེ་བདག་ཉིད་རྟོགས་པ་མེད་པའི་ཕྱིར་རོ། །ཚིག་
ལེའུར་བྱས་པ་རྣམ་པར་དགྲོལ་བའི་དོན་དུ་རེ་ཞིག་ཕྱོགས་གཞན་བཤད་པ་ནི་གལ་ཏེ་དེ་དག་ཅེས་བྱ་བའོ། །འོན་ཏེ་གང་གིས་རང་གི་རང་བཞིན་རིག་པ་དེ་ཉིད་ཀྱིས་གཞན་ཡང་ཡིན་ནོ། །དེས་ན་གཉིས་སུ་ཇི་ལྟར་ཐལ་ཞེ་ན་རང་གི་ངོ་བོ་རིག་ནི་ཞེས་བྱ་བའོ། །འཇུག་པ་མ་ཡིན་པ་ནི་
བདག་གིར་མི་བྱེད་པ་སྟེ། འདི་བདག་ཉིད་ལ་སྟོན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་དང་གཞན་རིག་པ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བའི་ཕྱིར་རོ། །ད་ནི་ཚིག་ལེའུར་བྱས་པའི་དོན་བརྗོད་པ་ནི་འོན་ཏེ་ཞེས་བྱ་བའོ། །རང་རིག་པ་མ་ཡིན་
ན་ནི་བྱེད་པ་པོ་མི་སྣང་བའི་ཕྱོགས་གང་གི་ཕྱིར་རང་རིག་པ་དང་གཞན་རིག་པ་ཙམ་ཡང་མི་འཐད་པ་དེའི་ཕྱིར་ནའོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི། རང་རིག་པ་ཁས་ལེན་པ་ནའོ། །ཕན་ཚུན་ཐ་དད་པའི་ཕྱིར་རྒྱུད་གཞན་རྟོགས་པ་བཞིན་དུ་གཉི་ག་ཡང་རྟོགས་པར་མི་འགྱུར་རོ། །འདིར་
ཞེས་བྱ་བ་ནི་སྣ་ཚོགས་སུ་སྣང་བ་མེད་པ་ཉིད་དུ་ཐལ་བའོ། །རང་རིག་པ་དང་གཞན་རིག་པ་ཁས་བླངས་པ་ལ་བདག་ཀྱང་སྔ་མའི་ཚུལ་ལས་མ་འདས་ཏེ། དེས་ན་བདག་དེ་ཡང་རང་རིག་པའམ་གཞན་རིག་པར་འགྱུར་ཞེས་པའི་བརྒལ་ཞིང་བརྟག་པ་འདི་ཉིད་ལས་འཕར་བ་མ་
ཡིན་ནོ། །གཞན་ཡང་ཞེས་བྱ་བ་ནི། རང་གི་རང་བཞིན་དུ་མ་ཟད་པའོ། །འདི་ལ་ལན་ནི་རང་བཞིན་དེ་ཉིད་དམ་ཞེས་བྱ་བ་སྟེ། བརྗོད་པར་འདོད་པ་འགའ་ཞིག་དངོས་པོ་དེའི་རང་བཞིན་གྱིས་སོ། །གཞན་གྱིས་ཞེས་བྱ་བ་ནི་སྐབས་སུ་བབ་པ་དེ་ལས་ཐ་དད་པའི་རང་བཞིན་གྱིས་

སོ། །དང་པོ་སེལ་བ་ནི་རང་ཞེས་བྱ་བའོ། །དེ་ཉིད་གསལ་བར་བྱེད་པ་ནི་རང་གི་རང་བཞིན་ཞེས་བྱ་བའོ། །རྣམ་པར་རྟོག་པ་གཉིས་པ་ལ་ཡང་བརྗོད་པ་གཞན་གྱི་སྒོ་ནས་ཞེས་བྱ་བའོ། །རང་ལ་མངོན་དུ་ཕྱོགས་པའི་རང་བཞིན་གང་ཡིན་པ་དེ་ལས་གཞན་པ་ཁོ་ནར་
འགྱུར་བ་གཞན་ལ་མངོན་དུ་ཕྱོགས་པའི་རང་བཞིན་གྱིས་གཞན་རིག་ན་ཞེས་བྱ་བའི་དོན་ཏོ། །དེས་ཞེས་བྱ་བ་ནི་གཞན་ལ་མངོན་དུ་ཕྱོགས་པའི་རང་བཞིན་གྱིས་སོ། །གང་གི་ཕྱིར་རང་ལ་ཕྱོགས་པའི་རང་བཞིན་གྱིས་ནི་རང་གི་རང་བཞིན་ཁོ་ན་རིག་ཅིང་། གཞན་ལ་ཕྱོགས་པས་ཀྱང་རང་བཞིན་
གཞན་ཁོ་ན་རིག་པ་དེས་ནའོ། །གང་ལ་ཡོད་པ་ཞེས་བྱ་བའི་བདག་གོ། །ལན་ནི་འདི་ནི་ཞེས་བྱ་བ་སྟེ་མངོན་དུ་ཕྱོགས་པའོ། །དེ་ཉིད་དོ་ཞེས་བྱ་བ་ནི་དགོས་པ་སྟེ་བདག་ཉིད་དོ། །རང་ལ་མངོན་དུ་ཕྱོགས་པ་དང་། གཞན་ལ་མངོན་དུ་ཕྱོགས་པའི་རང་བཞིན་དག་ལ་འདི་ནི་གཉིས་ཡིན་
ནོ་ཞེས་རྟོགས་པ་དང་ལྡན་པ་ནི་ཞེས་འབྲེལ་ཏོ། །རང་དང་གཞན་ལ་མངོན་དུ་ཕྱོགས་པའི་རང་བཞིན་ཕན་ཚུན་འགལ་བ་དེ་དག་ནི་རང་ལ་མངོན་པར་ཕྱོགས་པའམ། གཞན་ལ་མངོན་དུ་ཕྱོགས་པ་གཅིག་གིས་རིག་པར་མི་འཐད་དེ། དེས་ན་མངོན་དུ་ཕྱོགས་པ་གཞན་གཉིས་ཁས་
བླང་བར་བྱ་དགོས་པར་འགྱུར་རོ། །དེ་བཞིན་དུ་དེ་རིག་པའི་དོན་དུ་གཞན་ཡིན་པས་ན་ཐུག་པ་མེད་དོ། །གང་གི་ཕྱིར་དེ་ལྟར་གཞན་རིག་པ་ལ་ཉེས་པ་ཡོད་པ་དེས་ན། རང་རིག་པའི་རང་བཞིན་གསུམ་ཞེས་བྱ་བ་ནི། རང་དང་གཞན་ལ་མངོན་དུ་མ་ཕྱོགས་པ་གཉིས་བདག་དང་
གསུམ་མོ། །དེའི་ཕྱིར་གསུམ་པོ་དེ་རྣམས་ཕན་ཚུན་ལ་ལུགས་མ་ཤེས་པའི་ཕྱིར་ན། དེ་གསུམ་རིག་པར་བྱ་བའི་དོན་དུའོ། །གལ་ཏེ་རྣམ་པ་རྣམས་མི་བདེན་པ་དེ་ལྟ་ན་ཡང་ཤེས་པ་ནི་ཡོད་པ་ཁོ་ན་མ་ཡིན་ནམ་དེས་ན་སྟོང་པར་ཇི་ལྟར་འགྱུར་སྙམ་ན། འདི་ལྟར་གསུངས་སོ། །དེའི་
ཡང་ཞེས་བྱ་བ་ནི་ཤེས་པའི་ཡང་ངོ་། །གཉི་ག་ཡང་ཞེས་བྱ་བ་ནི་རྣམ་པ་དང་ཤེས་པའོ། །དེ་ལྟར་ནི་སྤང་བར་བྱ་བའོ། །གཉིས་ཀ་ཡང་ཞེས་བྱ་བ་ནི་དོགས་པ་བསུ་བ་སྟེ། རྣམ་པ་དང་ཤེས་པའོ། །འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ཉིད་དྲན་པར་བྱེད་པ་ནི་རང་

རིག་པ་ཞེས་བྱ་བའོ། །རང་རིག་པ་ནི་མེད་དེ་སྣ་ཚོགས་པ་མ་ཡིན་པར་ཐལ་བའི་ཕྱིར་རོ། །གཞན་རིག་པ་ཡང་མ་ཡིན་ཏེ། རང་ཉིད་རིག་པ་ནི་གཞན་རིག་པར་འཇུག་པ་མ་ཡིན་ནོ་ཞེས་བརྗོད་ཟིན་པའི་ཕྱིར་རོ། །རེ་ཞིག་དབུ་མ་པའི་ཕྱོགས་ལ་བརྗོད་པ་ནི། གཟུགས་དང་ཞེས་བྱ་
བའོ། །དངོས་པོ་རྣམས་ཀྱི་རྣམ་པར་གཞག་པ་གང་ཡིན་པའི་དངོས་པོ་རྣམས་ཐ་དད་གནས་པ་འདིར་ཞེས་འབྲེལ་ཏོ། །རྣམ་པར་ཤེས་པར་བྱེད་པས་ན། རྣམ་པར་ཤེས་པ་ཞེས་བྱ་བ་སྟེ། གཟུང་བ་དང་འཛིན་པའི་རྣམ་པ་གང་དག་ཡིན་པ་དེ་དག་ལས་ཕྱི་རོལ་དུ་གྱུར་པའི་རྣམ་པར་ཤེས་པར་
བྱེད་པའི་མཚན་ཉིད་ཀྱི་རྣམ་པར་ཤེས་པ་ནི་ཡོད་པ་མ་ཡིན་ནོ། །དེ་ལྟར་རྣལ་འབྱོར་སྤྱོད་པ་མངོན་པར་འདོད་པའི་སྟོང་པ་ཉིད་བརྗོད་ནས་ཕྱིའི་དོན་དུ་སྨྲ་བས་འདོད་པའི་སྟོང་པ་ཉིད་བརྗོད་པ་ནི། ཕུང་པོ་ལ་སོགས་པ་ཞེས་བྱ་བའོ། །དེ་ལས་གཞན་དག་ཀྱང་ཞེས་བྱ་བ་རྣམ་པར་ཤེས་པར་སྨྲ་བའི་
བསྟན་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དོན་དམ་པ་ཁོ་ན་བཅོམ་ལྡན་འདས་ཀྱིས་བསྟན་པར་རིགས་སོ་ཞེས་བྱ་བར་བསམས་སོ། །ཇི་ལྟ་བའི་རྐྱེན་ཞེས་བྱ་བ་ནི་བདག་ཉིད་ཇི་ལྟ་བའི་རྐྱེན་གྱི་ལྟོས་པ་སྟེ་ལྟོས་པར་བྱེད་པ་གང་ཡིན་པ་དེས་ན། དེ་ཉིད་དེ་ནི་རིག་མ་ཡིན། །ཞེས་བྱ་བ་ནི་རང་
བཞིན་དེ་ཉིད་མ་རིག་པ་སྟེ། དེ་ཁོ་ན་མ་ཡིན་པའི་རྣམ་པ་ཉིད་ཀྱིས་མ་ཤེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ནི་ཞེས་བྱ་བ་ནི་ཚུ་རོལ་མཐོང་བ་རྣམས་ཀྱི་དེའོ། །ཁོ་ན་ཉིད་ཀྱི་དོན་གང་དག་གིས་བཏང་སྙོམས་ཉིད་དུ་མཛད་པའི་བཅོམ་ལྡན་འདས་དེས་སོ། །འཇིག་རྟེན་ཐུགས་ཞེས་བྱ་བ་ནི་
འཇིག་རྟེན་གྱི་ངོར་རོ། །འདི་ཉིད་བཤད་པའི་དོན་དུ་སྔར་བཤད་པའི་རྩོད་པ་ཉིད་དྲན་པར་བྱེད་པ་ནི་གལ་ཏེ་ཞེས་བྱ་བའོ། །ཕྱི་རོལ་གྱི་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ལས་ཕྱི་རོལ་དུ་གྱུར་པའི་དོན་རྣམ་པར་ཤེས་པ་ལ་སོགས་པ་གང་ཡིན་པ་དེས་སྟོན་པ་མཛད་པའོ། །དོན་རྗེས་སུ་
བརྗོད་པས་ཞེས་བྱ་བའི་ཕྱི་རོལ་གྱི་དོན་རྗེས་སུ་བརྗོད་པས་རྟོག་པ་ལ་སོགས་པའི་རང་བཞིན་ཅན་གྱི་བདག་འགག་པ་གང་ཡིན་པ་དེ་བརྗོད་པར་འདོད་པའི་ཕྱིར་ཏེ། འཇིག་རྟེན་ན་གྲུབ་པའི་ཕྱི་རོལ་གྱི་དོན་གང་ཡིན་པ་དེ་ལ་ནི་བདག་མེད་དོ་ཞེས་བྱ་བའོ། །རྗེས་སུ་བརྗོད་པ་ཡང་མི་འཐད་དེ་ཕྱིའི་དོན་དེ་

སྣང་བ་མེད་པའི་ཕྱིར་རོ་ཞེས་བརྩད་པ་ལ་མ་ཡིན་ནོ་ཞེས་གསུངས་སོ། །གང་གིས་འཇིག་རྟེན་གྱི་བསམ་པས་ཀྱང་བཅོམ་ལྡན་འདས་རྗེས་སུ་བརྗོད་པར་མཛད་པར་འཇིག་རྟེན་ཉིད་ལ་ཕྱིའི་དོན་བྱེད་བཞིན་དུ་དེར་མངོན་པར་ཞེན་པའི་བློ་ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། འཇིག་རྟེན་གྱི་
ཞེས་བྱ་བའོ། །འདིར་ཡང་གཞན་གྱི་བློས་གཞན་སྟོན་པར་མཛད་པ་ཉིད་དུ་མི་རིགས་པའི་ཕྱིར། བཅོམ་ལྡན་འདས་ལ་ཡང་འཇིག་རྟེན་གྱི་བློ་མངའ་བ་ཡིན་ནོ་ཞེས་གཞན་གྱིས་རྟོགས་པ་ཡིན་ནོ། །དེ་ཉིད་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །འཇིག་རྟེན་གྱི་བློ་ནི་བཅོམ་ལྡན་འདས་ལ་མི་མངའ་ལ།
གཞན་གྱི་བློས་སྟོན་པར་མཛད་པ་ཡང་མི་སྲིད་དོ་ཞེས་དགོངས་ནས་གསུངས་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །སྔོན་གྱི་ཤུགས་ནི་སྔོན་གྱི་འདུ་བྱེད་པའོ། །འོ་ན་འཇིག་རྟེན་ཐུགས་ནི་ཞེས་བྱ་བ་འདིའི་དོན་ཅི་ཡིན་ཞེ་ན། དེས་ན་ཞེས་བྱ་བའོ། །འཇིག་རྟེན་གཞུག་པའི་དོན་དུ་ཞེས་བྱ་བ་ནི། ཇི་ལྟར་ན་
ཆོས་ཐམས་ཅད་སྟོང་པ་ལ་འཇིག་རྟེན་འཇུག་པར་འགྱུར་ཞེས་བྱ་བ་དེའི་དོན་དུའོ། །བཅོམ་ལྡན་འདས་ནི་འཇིག་རྟེན་གྱི་དེ་ཁོ་ནར་དུ་མར་སྟོན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདྲི་བ་ཉིད་བརྗོད་པ་ནི་རྣམ་པར་དབྱེ་བར་ནུས་པའི་ཞེས་བྱ་བའོ། །སྣ་ཚོགས་ཀྱི་ཤེས་པ་ལ་སྔོན་པོ་ལ་སོགས་པར་
སྣང་བ་གང་ཡིན་པ་དེ་ནི་ཤེས་པའི་ཁྱད་པར་ཤེས་པའི་བདག་ཉིད་དུ་གྱུར་པ་ཡིན་གྱི་གཞན་ལ་སྟོན་པ་གཞན་དང་བཅས་པ་དེ་ལྟ་བུ་ནི་མ་ཡིན་ཏེ། གཞན་སྟོན་པ་མེད་པ་འབའ་ཞིག་པར་གྱུར་པ་ནི་མཐོང་བར་ནུས་པ་མ་ཡིན་ནོ། །སྔོན་པོ་ལ་སོགས་པ་སེར་པོ་ལ་སོགས་པ་དང་ལྷན་ཅིག་པར་དམིགས་
པ་གང་ཡིན་པ་དེ་ནི་འབའ་ཞིག་བལྟ་བར་ནུས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སེར་པོ་ལ་སོགས་པ་བཀབ་ཀྱང་སྔོན་པོ་ལ་སོགས་མཐོང་བ་མ་ཡིན་ནམ། དེས་ན་ཇི་ལྟར་འབའ་ཞིག་མི་མཐོང་ངོ་ཞེས་བརྗོད་སྙམ་ན། སྔོན་པོ་ལ་སོགས་པ་རྣམས་ལ་ནི་རྣམ་དབྱེ་སྟེ་སོ་སོར་འབྱེད་པ་ནི་
དོན་ལ་འཇུག་པར་འགྱུར་རོ། །ཤེས་པའི་ཁྱད་པར་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་པའི་ཤེས་པའི་བདག་ཉིད་དུ་གྱུར་པའི་སྔོན་པོ་ལ་སོགས་པ་གང་ཡིན་པ་ནི་ཞེས་བྱ་བའོ། །གཞན་སྟོན་མེད་ཅེས་བྱ་བ་འདིའི་དོན་ནི། ཡན་འགར་དུ་ཞེས་བྱ་བའོ། །དེ་ལ་ནི་ཞེས་བྱ་བ་ལ་སོགས་པ་བཤད་པའི་དོན་

དུ་ཕྱོགས་སྔ་མ་འགོད་པ་ནི་གལ་ཏེ་ཞེས་བྱ་བའོ། །གཟུགས་ལ་སོགས་པ་དང་ལྷན་ཅིག་ཏུ་འགྱུར་རོ་ཞེ་ན་གལ་ཏེ་ཞེས་བྱ་བ་ནི་ལན་ནོ། །འོན་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །སྒྲའི་སྣང་བ་དང་བྲལ་བ་གཟུགས་ལ་སོགས་པའི་སྣང་བ་ནི་སྒྲའི་སྣང་བ་དང་ལྷན་ཅིག་ཉིད་དུ་མི་འགྱུར་རོ་ཞེས་
བྱ་བའི་དོན་ཏོ། །ལན་ནི་དེ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །ཤེས་པ་ཞེས་བྱ་བ་ནི་སྒྲ་དང་གཟུགས་ལ་སོགས་པར་སྣང་བའི་ཤེས་པ་རྣམ་པར་འབྱེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་དེའི་ཚེ་ཞེས་བྱ་བ་སྟེ། སྒྲར་སྣང་བ་མེད་པའི་དུས་ན་སྔར་གྱི་སྣང་བ་ཞེས་བྱ་བ་སྒྲ་དང་ལྷན་ཅིག་པ་མེད་པའི་
ཕྱིར་རོ། །གལ་ཏེ་སྣང་བ་སྔ་མ་ཉིད་འབའ་ཞིག་པར་འགྱུར་ན། དེའི་ཚེ་རྣམ་པར་འབྱེད་པར་འགྱུར་ན། དེ་ལྟར་ནི་མ་ཡིན་ནོ་ཞེས་དགོངས་པའོ། །སྒྲ་ནི་སྒྲའི་སྣང་བའོ། །དེས་ན་ཐ་དད་པ་ཡིན་ནོ་ཞེས་བྱ་བ་ནི་སྒྲར་སྣང་བ་ནི་གཟུགས་ལ་སོགས་པར་སྣང་བ་ལས་ཐ་དད་པར་འགྱུར་རོ། །
དེ་ནི་ཞེས་བྱ་བ་ནི་སྒྲའོ། །གལ་ཏེ་སྒྲར་སྣང་བ་ཡིན་པ་དེ་ལྟ་ན་ཡང་འདི་ཅི་ཇི་ལྟར་ཤེས་པ་ཡིན་སྙམ་ན། དོན་ནི་རིག་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའོ། །སྒྲ་དང་ལྷན་ཅིག་ཏུ་སྣང་བ་སྔར་གྱི་ཤེས་པའི་རྣམ་པ་ཉིད་ལས་སོ། །ཡན་འགར་བ་ནི་སྒྲ་དང་བྲལ་བའོ་ཞེས་རྣམ་པ་དེ་ལྟར་རྣམ་པར་
འབྱེད་པའོ། །དེས་ན་ཇི་ལྟར་གཉིས་སུ་མེད་པ་ཡིན་ཏེ། སྔ་མ་དང་ཕྱི་མའི་ཤེས་པའི་སྣང་བ་དག་ཐ་དད་པར་ཁྱེད་ཉིད་ཀྱིས་ཁས་བླངས་པའི་ཕྱིར་རོ་ཞེས་བསམས་པའོ། །ཁྱེད་ཀྱི་ལྟ་བ་ཉིད་ཀྱིས་སྔ་མ་དང་ཕྱི་མའི་ཤེས་པ་དག་དབང་ཐ་དད་པར་ཁས་བླངས་ནས་གྲུབ་པའི་མཐའ་འདི་ཁོ་བོ་
ཅག་གིས་བརྗོད་པར་ཟད་ཀྱི། དོན་དམ་པར་ནི་འཆད་པར་འགྱུར་བ་ཉིད་གྲུབ་པའི་མཐར་འགྱུར་རོ་ཞེས་སྟོན་པས་བརྗོད་པ་ནི་དེ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །འདི་མྱོང་བར་གྱུར་ཏོ་ཞེས་བྱ་བ་ཇི་ལྟར་མི་འགྱུར་ཞེ་ན། རང་རིག་པའི་ཞེས་གསུངས་སོ། །འདས་པ་ནི་ཐམས་ཅད་ཀྱི་ཚེ་ལྐོག་
ཏུ་གྱུར་པ་ཁོ་ན་ཡིན་ཏེ། དེ་ནི་རང་རིག་པས་དམིགས་པ་མ་ཡིན་ནོ། །འོན་ཏེ་དྲན་པས་ལྐོག་ཏུ་གྱུར་པ་ཤེས་པར་བྱེད་དོ་ཞེ་ན་ཞེས་འབྲེལ་ཏོ། །ང་ལས་དྲན་པ་འདི་སྐྱེས་སོ་ཞེས་བྱ་བ་འདི་ནི་ཉམས་སུ་མྱོང་བ་ཁོ་ནས་རྟོགས་པ་ཡིན་ནོ་ཞེ་ན། ཉམས་སུ་མྱོང་བའི་ཞེས་སྨོས་སོ། །གང་ཞིག་ཉམས་

སུ་མྱོང་བའི་དུས་ན་ཡོད་པ་དེ་ཉིད་དེས་རྟོགས་པར་བྱ་བ་ཡིན་ལ། དྲན་པ་ནི་ཉམས་སུ་མྱོང་བའི་དུས་ན་ཡོད་པ་མ་ཡིན་ན། དེས་ན་དེ་དེས་ཇི་ལྟར་རྟོགས། གལ་ཏེ་བདག་ནི་ཉམས་སུ་མྱོང་བ་ལས་སྐྱེས་སོ་ཞེས་དྲན་པ་ཉིད་ཀྱིས་ཤེས་སོ་ཞེ་ན། དྲན་པ་འདིས་ནི་ཞེས་བྱ་བའོ། །དེས་ནི་ཞེས་བྱ་
བ་ནི་དྲན་པས་སོ། །གལ་ཏེ་ཉམས་སུ་མྱོང་བ་ཤེས་པ་ཡིན་ན། དེའི་ཚེ་བདག་ཉམས་སུ་མྱོང་བ་ལས་སྐྱེས་སོ་ཞེས་ཀྱང་ཤེས་པར་འགྱུར་བ་ཞིག་ན། ཉམས་སུ་མྱོང་བ་རིག་པ་མེད་དོ། །དེ་ཉམས་སུ་མྱོང་བ་ཉམས་སུ་མྱོང་བ་ཉིད་དོ་སྙམ་ན། ཉམས་སུ་མྱོང་བ་ཡིན་ན་ཡང་ཞེས་གསུངས་སོ། །ཉམས་སུ་
མྱོང་བ་དྲན་པས་མྱོང་བ་ཡིན་ན་ཡང་ཉམས་སུ་མྱོང་བ་ཁོ་ནར་འགྱུར་གྱི་དྲན་པ་ནི་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་སྔ་མ་དང་ཕྱི་མར་འཛིན་པ་མི་འཐད་པ་དེའི་ཕྱིར་ཞེས་བྱ་བའོ། །དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ནི། དུས་གང་གི་སེར་པོ་ལ་སོགས་པ་དང་བཅས་པའི་སྔོན་པོ་དམིགས་པའི་ཚེའོ། །གཅིག་གིས་བྱ་
བ་ནི་འབའ་ཞིག་པའོ། །མཐོང་བ་གང་ཡིན་པ་ཞེས་བྱ་བ་ནི་སྔོན་པོ་འབའ་ཞིག་པའོ། །འདི་ལ་ལན་ནི་འོ་ན་ནི་ཞེས་བྱ་བའོ། །རང་ཉིད་ཀྱིས་རྣམ་པར་དཔྱོད་པར་ཁས་བླངས་པའི་ཕྱིར་རོ། །རང་རིག་པ་ལ་ཞེས་བྱ་བ་ནི་དེ་ནི་རང་ཉིད་ཁོ་ན་རིག་པའི་ཕྱིར་རོ། །གང་ཞིག་གཞན་གྱིས་ཀྱང་དམིགས་པ་
དེ་ནི་ཕྱི་རོལ་ཉིད་དུ་ཐ་སྙད་བྱེད་པ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །སེམས་ཀྱི་ཞེས་བྱ་བ་ནི་སེམས་ཀྱི་རྣམ་པ་ཁོ་ན་གཅིག་ཏུ་འགྱུར་གྱི་དོན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་ན་དོན་གྱི་ཡང་མི་འགྱུར་ཞེ་ན་ཞེས་པ་མ་གཏོགས་པར་ཞེས་བྱ་བ་ཞེས་གསུངས་
སོ། །གཟུང་བར་འདོད་པ་གང་ཡིན་པ་འཛིན་པར་འདོད་པ་གང་ཡིན་པ་དང་། དེ་བཞིན་དུ་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པ་གང་ལ་ཡོད་པའི་བློ་སྣ་ཚོགས་པའི་དེ་ལ་དེ་སྐད་ཅེས་བྱ་བའོ། །དེ་ལྟར་ནི་རེ་ཞིག་དུ་མ་ཉིད་དུ་ཁས་བླངས་ནས་རྣམ་པར་དབྱེ་བར་མི་ནུས་པའི་རང་བཞིན་གྱིས་གཅིག་
ཉིད་དུ་བཤད་པ་ཡིན་ནོ། །དེ་ནི་དུ་མ་ཉིད་མེད་དོ་ཞེས་བརྗོད་པ་ནི་ཡང་ན་ཞེས་བྱ་བའོ། །སྣ་ཚོགས་མ་ཡིན་པ་ལ་ཞེས་བྱ་བ་ནི་རིག་པའི་རང་བཞིན་གཅིག་ལས་སོ། །ཕན་ཚུན་ཐ་དད་པར་གནས་པ་གང་ཡིན་པ་དེ་ནི་མེད་པའི་ཕྱིར་རོ། །རང་རིག་པ་ནི་གདོན་མི་ཟ་བར་རང་བཞིན་གཅིག་ཏུ་ཁས་བླང་བར་

བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྡུལ་ཕྲ་རབ་ཀྱི་མཐར་ཐུག་པའི་ཐ་དད་པ་ནི་རང་རང་གི་རང་བཞིན་ལ་མི་གནས་པའི་ཕྱིར་མི་སྣང་བ་ཁོ་ནར་འགྱུར་རོ། །སྣང་བ་ཡང་ཡོད་དེ་དེས་ན་སྣང་བ་མེད་པའི་ཕྱིར་རིག་པ་རང་བཞིན་གཅིག་ཉིད་དོ། །རིག་པ་རང་བཞིན་གཅིག་ཡིན་པ་དེ་ལས་ཀྱང་ཇི་ལྟར་དུ་མ་ཉིད་རྣམ་
པར་གནས་པར་འགྱུར་ཏེ། ཕྱིར་ལ་གཅིག་ཉིད་གནས་པར་འཐད་པ་ཡིན་ནོ། །དེས་ནི་རང་གི་ངོ་བོ་ཁོ་ནར་རིག་པར་འགྱུར་ལ། རིག་པ་གཅིག་གི་རང་བཞིན་ཡང་གཅིག་ཁོ་ནར་འཐད་པ་ཡིན་ནོ་ཞེས་དགོངས་པའོ། །དངོས་པོ་དང་དངོས་པོ་མེད་པ་དག་གིས་ཞེས་བྱ་བ་ནི་གཉིས་མེད་པའི་དངོས་
པོ་དང་གཞན་གཉིས་ནི་དངོས་པོ་མེད་པ་སྟེ། དེ་དག་གིས་སོ། །གང་གི་ཕྱིར་ཐ་དད་པ་མེད་པ་དེའི་ཕྱིར་ཐ་དད་པའི་དངོས་པོ་མེད་པ་ལས་ཐ་མི་དད་པ་གཉིས་སུ་མེད་པའི་གཞན་དུ་རྣམ་པར་གནས་པར་མི་འགྱུར་རོ། །གལ་ཏེ་ཐ་དད་པའི་དངོས་པོ་གཉིས་དངོས་པོ་མེད་པར་མ་རྟོགས་ན་ནི་དེའི་ཚེ་གཉིས་
དངོས་པོ་མེད་པར་མ་རྟོགས་པས་ནི། གཉིས་མེད་པར་མངོན་པར་འདོད་པ་ཐ་དད་པ་ཉིད་ག་ལས་ཡིན་ཏེ་མ་ཡིན་པ་ཁོ་ནའོ། །དེ་ལྟར་རྟོགས་པར་འགྱུར་མོད། ཉེས་པ་ཅི་ཡོད་སྙམ་ན་ཡང་དེ་ལྟ་ན་ཡང་ཞེས་བྱ་བའོ། །དངོས་པོ་མེད་པ་གཉིས་དང་དངོས་གཉིས་མེད་པ་ཡང་ངོ་། །བུམ་པ་འདི་
ལ་ཀ་བ་མེད་དོ་ཞེས་བྱ་བའི་དགག་པ་ནི་མེད་ཉིད་དངོས་པོ་མེད་པ་མ་ཡིན་ཏེ། ཀ་བ་འགོག་པ་མིན་ཞེས་བྱ་བར་ལྟའོ། །གལ་ཏེ་དེ་ལས་ཀ་བའི་མེད་པ་ཡོད་ན་ནི་དེའི་ཚེ་ཀ་བ་ཡང་འགོག་པར་འགྱུར་རོ། །དེས་ན་འདི་ཡང་ཐ་དད་པ་མེད་དེ་ཞེས་ཐ་དད་པའི་མེད་པ་རྟོགས་པར་བྱ་སྟེ། དེ་ལྟ་མ་ཡིན་ན་
དེ་དགག་པ་མི་འཐད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་གཉིས་མེད་དང་གཉིས་ཀྱི་དངོས་ཡོད་པ་དང་མེད་པ་གང་ཡིན་པ་དེ་དག་གི་ཐ་དད་པའི་རིག་པ་སྟེ་རྟོག་པ་འོངས་སོ། །ཅི་འདྲ་བ་ཞིག་ཅེ་ན་མེད་པ་མེད་པ་ཅན་ཏེ་གདོན་མི་ཟ་བར་འགྱུར་བའོ། །ཐ་དད་པ་མེད་ན་མི་འབྱུང་བ་ཅན་ཞེས་བྱ་བ་ནི་
དངོས་པོ་ཐ་དད་པ་མེད་ན་མི་འབྱུང་བ་ཅན་ནོ། །འོན་ཏེ་གཉིས་དགག་པ་མི་བྱེད་དོ་ཞེ་ན། དགག་པ་མ་རྟོགས་ན་ནི་ཞེས་གསུངས། ཅུང་ཟད་ཀྱང་ཞེས་བྱ་བ་ནི་གཉིས་སམ་གཉིས་མེད་པའོ། །གཉིས་པ་གཞན་ཡང་བརྗོད་པ་ནི་གཞན་ཞེས་བྱ་བའོ། །གཞན་ནི་འགའ་ཡང་རྟོགས་པར་བྱེད་

པ་མ་ཡིན་ཏེ། འོན་ཀྱང་རྣམ་པ་འདིས་བདག་ཉིད་ཁོ་ན་རྟོགས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ནི་ཞེས་བྱ་བ་ནི་སུན་འབྱིན་པའོ། །གང་གི་ཚེ་རྨོངས་པ་སྲིད་པ་དེའི་ཚེ་གཉིས་མེད་པ་ནི་མ་རྨོངས་པའི་རང་བཞིན་ཡིན་ནོ། །རྨོངས་པ་དང་མ་རྨོངས་པ་དག་ཀྱང་ཕན་ཚུན་ཐ་
དད་པ་དེས་ན་ཇི་ལྟར་གཉིས་མེད་པ་ཡིན། རྨོངས་པ་མེད་ན་ནི་བདག་ཉིད་རྟོགས་པར་བྱེད་པ་ཉེ་བར་མཁོ་བ་མ་ཡིན་ནོ། །དེ་ཉིད་བརྗོད་པ་ནི་རྨོངས་པ་གསལ་བས་ན་ཞེས་བྱ་བའོ། །གཞན་ནི་མ་རྨོངས་པའོ། །ཉེས་པ་གཞན་ཡང་བརྗོད་པ་ནི་སྔ་མ་དང་ཞེས་བྱ་བའོ། །དང་པོ་ནི་རྨོངས་པས་
བཟློག་པར་བྱ་བ་ཡིན་ལ། དུས་ཕྱིས་ནི་མ་རྨོངས་པས་འཇུག་པར་བྱ་བ་ཡིན་ནོ་ཞེས་སྔ་མ་དང་ཕྱི་མ་དག་ནི་ཇི་ལྟར་རྟོགས་པ་ཐ་དད་པ་ཞེས་བྱ་བ་འདི་ནི་རྣམ་པ་ཐམས་ཅད་དུ་མ་མཐོང་ངོ་ཞེས་དེ་ལྟར་གཉིས་མེད་པར་སྨྲ་བ་གང་གིས་བསྒྲུབས་པར་འགྱུར་བ་དེ་ལ་རྟོགས་པ་འདི་མ་འབྲེལ་བར་འགྱུར་རོ་
ཞེས་འབྲེལ་ཏོ། །ཡང་ཇི་ལྟར་ན་ཐ་དད་པ་མཐོང་བ་མ་ཡིན་སྙམ་ན་རེ་ཞིག་ཅེས་བྱ་བའོ། །སྔ་མ་དང་ཕྱི་མ་ནི་འདས་པ་དང་མ་འོངས་པའོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ། ད་ལྟར་བ་ཉིད་དུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །གཉིས་པ་བཞིན་ནོ་ཞེས་བྱ་བ་ནི་ད་ལྟར་བ་བཞིན་ནོ། །གལ་ཏེ་འདས་
པའི་ཕྱིར་ན། དེ་སྣང་དུ་ཟིན་ཀྱང་ད་ལྟ་བར་ཇི་ལྟར་འགྱུར་ཞེ་ན་དེའི་ཞེས་བྱ་བའོ། །འོན་ཏེ་མི་སྣང་ངོ་ཞེས་བྱ་བ་ནི་རྣལ་འབྱོར་པའི་མངོན་སུམ་ལ་སྣང་བ་ནི་འདས་པར་མངོན་པར་འདོད་པའི་ཡང་འདས་པ་ཉིད་མ་ཡིན་ན་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་ཇི་ལྟར་འདས་པ་ལ་སོགས་པ་རིག་པ་དམིགས་པ་
ཡིན་ཞེས་བལྟའོ། །དེ་ནི་གནས་སྐབས་ནི་རྣལ་འབྱོར་པའི་གནས་སྐབས་སོ། །གང་དུ་ཞེས་བྱ་བ་ནི་གཉིས་སུ་མེད་པར་སྨྲ་བར་རོ། །གཞན་དག་སྣང་བ་ཉིད་དུ་སྟོན་པ་ནི། རྨི་ལམ་བདེན་པ་ཞེས་བྱ་བའོ། །སྐྱེ་བ་འདི་ཉིད་དུའོ། །འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ལྟར་ཐ་སྙད་བྱེད་པའི་ཕྱིར་རོ་
ཞེས་བདག་གིས་འདས་པ་རྟོགས་སོ་ཞེས་ཐ་སྙད་བྱེད་པའི་ཕྱིར་རོ། །དམིགས་པའི་གནས་སྐབས་ནི་དེ་དག་གིས་ཀྱང་དེ་ད་ལྟར་བ་ཁོ་ནར་དམིགས་པ་ཡིན་ནོ་ཞེས་དགོངས་པའོ། །དེས་ན་ཞེས་བྱ་བ་ནི་མ་རྟོགས་པས་ནའོ། །དེ་ལས་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་ལས་སོ། །ཁྱད་པར་མ་རྟོགས་པར་

ནི་ཁྱད་པར་ཅན་རྟོགས་པ་མ་ཡིན་ནོ། །འདས་པ་དང་མ་འོངས་པ་ཡང་ཐ་དད་པའི་ཁྱད་པར་ཡིན་ནོ་ཞེས་དགོངས་པའོ། །འོ་ན་ཇི་ལྟར་འཇིག་རྟེན་ན་འདས་པ་རྟོགས་པ་ཡོད་སྙམ་ན་འདས་པ་ནི་ཞེས་བྱ་བའོ། །དྲན་པ་དེ་ཉིད་ཀྱིས་འདས་པ་རྟོགས་པར་འགྱུར་རོ་སྙམ་ན་དེ་ཡང་ཞེས་གསུངས་ཏེ། དྲན་པ་
ཡང་ངོ་། །འོན་ཏེ་རྗེས་སུ་དཔག་པས་མ་འོངས་པ་ལས་ད་ལྟར་བ་ཐ་དད་པར་འགྱུར་རོ་ཞེས་བལྟའོ། །རྗེས་སུ་དཔག་པ་ཉིད་ག་ལས་སྐྱེ་སྙམ་ན་བརྟན་པ་ལ་སོགས་པའམ་ཞེས་སྨྲས་སོ། །གང་གི་ཚེ་དངོས་པོ་བརྟེན་པ་མཐོང་བ་དེའི་ཚེ་འདི་ནི་ཡུན་རིང་པོར་གནས་པར་འགྱུར་རོ་ཞེས་ཤེས་པ་ཡིན་ནོ། །
སོགས་པ་སྨོས་པ་ནི་སྙིང་མི་མཐོང་བས་ན་འདི་ནི་རིང་པོ་མི་གནས་སོ་སྙམ་དུ་ཤེས་པར་འགྱུར་རོ། །དེ་བཞིན་དུ་རྒྱུ་མཐོང་བ་ལས་ཀྱང་འབྲས་བུ་རྟོགས་པར་འགྱུར་རོ་དུས་ཕྱིས་འབྲས་བུ་འབྱུང་བར་འགྱུར་རོ་ཞེས་བྱ་བར་རོ། །དེ་ལྟ་ན་ཡང་ཐ་དད་པར་རྟོགས་པར་ནུས་པ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །
འབྱུང་བར་འགྱུར་བའི་དོན་དེ་དང་འབྲེལ་པར་རིག་པའི་རྒྱུ་ལས་འབྱུང་བར་འགྱུར་བའི་དོན་རྗེས་སུ་དཔོག་པར་འགྱུར་བ་ཡིན་ནོ། །གལ་ཏེ་འདིར་ཡང་འབྲེལ་པ་རྟོགས་པ་པ་ཡོད་དོ་ཞེ་ན། རྒྱུད་དང་བརྟན་པ་ཉིད་དག་ལ་ནི་འབྱུང་བར་འགྱུར་བའི་དོན་དང་འབྲེལ་པར་མངོན་སུམ་གྱིས་རིག་པ་མེད་པ་ཉིད་དོ། །གལ་
ཏེ་གཉིས་མེད་པར་སྨྲ་བའི་ལྟར་འབྲེལ་པ་ཞེས་བྱ་བ་མེད་པ་མ་ཡིན་ནམ་དེ་ནི་གཉིས་ལ་བརྟེན་པའི་ཕྱིར་རོ། །དེས་ན་འབྲེལ་པ་ཡོད་ན་རྗེས་སུ་དཔོག་གོ་ཞེས་ཅིའི་ཕྱིར་བརྗོད་སྙམ་ན། འབྲེལ་པ་ལས་ཞེས་གསུངས་སོ། །འདིས་ནི་གཞན་གྱི་ཁས་བླངས་པ་ཁོ་ནས་དེ་སྐད་བརྗོད་པ་ཡིན་ནོ་ཞེས་བཤད་པ་ཡིན་
ནོ། །ཧ་ཅང་ཐལ་བ་ཉིད་ནི་བུམ་པ་ལས་ཀྱང་སྣམ་བུ་དཔོག་པར་ཐལ་ལོ། །འདི་ལ་གཞན་གྱིས་བརྗོད་པ་ནི་མ་མཐོང་བ་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའ་པའིའོ། །གལ་ཏེ་རྗེས་སུ་དཔག་པས་མཐོང་བ་ཉིད་དུ་བརྗོད་ན་ནི་དེའི་ཚེ་རྗེས་སུ་དཔག་པ་དེ་ཉིད་སེམས་པས་ན་ཇི་ལྟར་ན་རྗེས་སུ་
དཔག་པ་དེས་མཐོང་བ་ཞེས་བརྗོད། འོ་ན་མངོན་སུམ་གྱིས་མཐོང་བ་ཉིད་ཡིན་ནོ་ཞེ་ན་རྗེས་སུ་འཇུག་གོ། །དེ་ནི་ཞེས་བྱ་བ་ནི་རྗེས་སུ་དཔག་པའོ། །གལ་ཏེ་རྗེས་སུ་དཔག་པ་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཡིན་མོད། དེ་ལྟ་ན་ཡང་མངོན་སུམ་གྱིས་ཇི་ལྟར་མི་རྟོགས་ཤེ་ན། ལྐོག་ཏུ་གྱུར་པ་ལ་ཡང་ཞེས་

གསུངས་སོ། །ལྐོག་ཏུ་གྱུར་པའི་ཡུལ་ཅན་གྱི་རང་བཞིན་གྱིས་ཇི་ལྟར་རྗེས་སུ་དཔག་པ་བདག་གིར་བྱེད་དེ་ཇི་ལྟར་མངོན་སུམ་གྱིས་རྟོགས་པའི་མཚན་ཉིད་ཡིན། ཡང་ཇི་ལྟར་ན་ལྐོག་ཏུ་གྱུར་པའི་ཡུལ་ཅན་རྗེས་སུ་དཔག་པའི་མངོན་སུམ་གྱིས་མི་རྟོགས་ཤེ་ན། ལྐོག་ཏུ་གྱུར་པ་ཞེས་
གསུངས་སོ། །ཡུལ་དུ་མི་བྱེད་པས་ནི་ཞེས་བྱ་བ་མངོན་སུམ་གྱིས་སོ། །ཡུལ་དེའི་ཁྱད་པར་ཅན་ནི་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པའི་ཡུལ་གྱི་ཁྱད་པར་ཅན་ནོ། །དེའི་ཡུལ་ཅན་གྱི་རྗེས་སུ་དཔག་པ་མངོན་སུམ་གྱིས་མི་རྟོགས་མོད། རྗེས་སུ་དཔག་པ་ཙམ་ནི་རྟོགས་སོ་ཞེ་ན། འོན་ཏེ་ཞེས་གསུངས་སོ། །
གལ་ཏེ་རྗེས་སུ་དཔག་པ་མི་རྟོགས་ན་འོ་ན་ཅི་ཞིག་ཉམས་སུ་མྱོང་སྙམ་ན་རང་གི་ངོ་བོ་ཞེས་གསུངས་སོ། །དེ་ལྟར་ཞེས་བྱ་བ་ནི་རང་གི་ངོ་བོར་རིག་པར་རོ། །འོན་ཏེ་དེ་ཁོ་ན་ལྟར་ཐ་སྙད་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་མཐོང་བའི་མཚན་ཉིད་ཀྱིའོ། །དེ་ལྟ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །
དོགས་པ་ནི་ཐ་དད་པར་ཞེས་བྱ་བའོ། །གྲུབ་པའི་མཐའ་ནི་མཐོང་བ་ཞེས་བྱ་བའོ། །ཐ་དད་པར་མངོན་པར་ཞེན་པར་ནི་མི་རུང་བ་ཡིན་པའི་ཕྱིར་ན། སྤང་བ་ཁོ་ནར་རིགས་སོ་ཞེས་བྱ་བར་དགོངས་པའོ། །དེ་ལྟའོ་ཞེས་བྱ་བ་ནི་ཐ་དད་པར་མངོན་པར་ཞེན་པ་མཐོང་བ་ནི། སྤང་བར་མི་ནུས་སོ་ཞེས་བྱ་བ་འདིའོ། །
ཐ་དད་པ་ཡོད་དོ་ཞེས་བྱ་བ་དེ་ལྟ་བུའོ། །མཚན་ཉིད་ཅན་གྱིས་ཉེ་བར་བསྟེན་པ་གང་ཡིན་པ་དེ་བརྩོན་པའོ། །ངེད་ཀྱི་ཐ་མི་དད་པ་ལ་མངོན་པར་ཞེན་པ་ཡང་མཐོང་བ་ཉིད་ཀྱིས་སྤང་བར་མི་ནུས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཁྱེད་ཀྱི་ཡང་ཞེས་བྱ་བ་ནི་ཐ་མི་དད་པར་སྨྲ་བའིའོ། །དོན་མེད་པ་ཉིད་དོ་ཞེས་བྱ་
བ་ནི་ཐ་དད་པ་ལ་མངོན་པར་ཞེན་པ་ནི་མཐོང་བའི་ཕྱིར་ན་དོར་བར་མི་ནུས་ལ་གཉིས་སུ་མེད་པར་བསྟན་པ་འདི་ཡང་ཐ་དད་པར་མངོན་པར་ཞེན་པ་ཀུན་དུ་རྨོངས་པའི་མཚན་ཉིད་སྤང་བའི་དོན་དུ་བསྟན་པ་ཡིན་ནོ་ཞེ་ན། འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ལྟ་བུ་བརྗོད་པའི་དོན་དུ་ཞེས་བྱ་བ་ནི་ཐ་
དད་པར་མངོན་པར་ཞེན་པ་འདི་ནི་མ་མཐོང་བ་ཁོ་ན་སྟེ། གསལ་བ་ནི་མ་ཡིན་ནོ་ཞེས་དེ་ལྟར་བསྟན་པའི་དོན་དུ་ཉེ་བར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་རེ་ཞིག་མ་མཐོང་ཡང་ཐ་དད་པར་མངོན་པར་ཞེན་པ་དེ་ནི་ཡོད་པ་མ་ཡིན་ནམ། དེས་ན་ཇི་ལྟར་སྤང་ཞེ་ན། དེ་ལྟ་ཡིན་དང་ཞེས་བྱ་བའོ། །མ་

མཐོང་བ་ནི་མེད་པའི་ཕྱིར་ན་མ་མཐོང་བའི་ཐ་དད་པར་ཞེན་པ་ཡང་ཇི་ལྟར་བདེན་ཞེས་བསམས་པའོ། །ཡང་ཇི་ལྟར་ན་ཐ་དད་པ་མཐོང་བ་མེད་སྙམ་ན་འདི་ལྟར་ཞེས་བྱ་བའོ། །ཐ་དད་པ་བརྟེན་པ་སྟེ། རྟོགས་པ་ཡོད་པ་མ་ཡིན་པ་ན་དེ་སྐད་ཅེས་བྱ་བའོ། །གལ་ཏེ་ད་ལྟར་བའི་སྣང་བས་ཐ་དད་པ་མི་རྟོགས་
ན། དེ་ལྟར་ན་འོ་ན་འདས་པ་དང་མ་འོངས་པ་དག་གིས་རྟོགས་པར་འགྱུར་རོ་ཞེ་ན། སྔ་མ་ཕྱི་མའི་ཞེས་བྱ་བའོ། །སོ་སོར་ཞེས་བྱ་བ་ནི་རེ་རེས་ཐ་དད་པར་མི་འཛིན་ཏོ། །རེ་རེས་ཐ་དད་པར་མི་འཛིན་ཡང་འདུས་ལས་ཞེས་བྱ་བ་སྣ་ཚོགས་ནས་དེ་ལྟར་ཞེས་བྱ་བ་ཐ་དད་པར་འཛིན་པར་འགྱུར་རོ། །དཔེར་
ན་བུ་རམ་དང་དོང་གྲ་དག་རེ་རེས་བྱ་བར་མི་ནུས་པའི་འབྲས་བུ་དེ་ཚོགས་ནས་བྱེད་པ་དེ་བཞིན་ནོ་ཞེས་བྱ་བ་ནི་དཔེའི་དོན་ཏོ། །གྲུབ་པའི་མཐའ་ནི་དེར་ནི་ཞེས་བྱ་བའོ། །འབྲས་བུ་གཅིག་པ་ནི་བུ་རམ་དང་དོང་གྲ་དག་གི་ཕྱིར་ཏེ། རྒྱུ་དེས་ན་དུས་ནས་ཏེ་ལོག་ནས་བྱེད་པ་ཡིན་ནོ། །འདིར་ཡང་ཐ་དད་
པར་འཛིན་པའི་མཚན་ཉིད་ཀྱི་འབྲས་བུ་གཅིག་ཡོད་པའི་ཕྱིར་ན་ལོག་ནས་བྱེད་པར་འགྱུར་རོ་ཞེ་ན། འདིར་ནི་ཞེས་གསུངས་སོ། །དེ་ལས་ཐ་དད་པར་རང་བཞིན་ནི་གཟུང་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དྲན་པའི་མཚན་ཉིད་ཀྱི་འབྲས་བུ་ཐ་དད་པ་ཡོད་པ་མ་ཡིན་ནམ། དེས་ན་
ལོག་ནས་བྱེད་པ་ཉིད་མི་འགལ་ལོ་ཞེས་བརྗོད་པ་ནི་དེ་ལས་གཞན་པའི་ཞེས་བྱ་བའོ། །སྔ་མ་དང་ཕྱི་མའི་མྱོང་བ་དག་ལས་བྱུང་བ་གང་ཡིན་པ་སྟེ། དེས་ན་དེ་ལས་ལོག་ནས་བྱེད་པར་འགྱུར་རོ་ཞེས་བྱ་བར་བསམས་པའོ། །ལན་ནི་ཐ་དད་པར་ནི་ཞེས་བྱ་བའོ། །གལ་ཏེ་ཉམས་སུ་མྱོང་བ་དེ་ལྟ་ཡང་
དྲན་པ་ནི་ཡོད་དོ་སྙམ་ན་ཉམས་མྱོང་མེད་པར་ཞེས་གསུངས་སོ། །གཞན་ཡང་གལ་ཏེ་དྲན་པ་ཁོ་ན་ཉམས་སུ་མྱོང་བ་མེད་ཀྱང་སྔ་མ་དང་ཕྱི་མའི་སེམས་དག་ཐ་དད་པར་འཛིན་པར་བྱེད་པ་ཡིན་ན་དེའི་ཚེ་དྲན་པ་འདི་ནི་ཉམས་སུ་མྱོང་བ་ཁོ་ན་ཡིན་ཏེ་དེས་ན་དྲན་པ་དེ་དང་དུས་མཚུངས་པ་ཉིད་ཀྱིས་སེམས་སྔ་
མ་དང་ཕྱི་མ་ཉིད་ནི་རིག་པ་ཡིན་ན་དེ་ཡང་གཉིས་མེད་ཐོབ་པར་འགྱུར་རོ། །དེར་ནི་འབྲས་བུ་གཅིག་པའི་ཞེས་བྱ་བ་ལ་སོགས་པ་འཆད་པ་ནི་བུ་རམ་དང་ཞེས་བྱ་བའོ། །དེས་ཞེས་བྱ་བ་ན་བུ་རམ་དང་དོང་གྲ་དག་གིས་བཟློག་པར་བྱ་བའི་ནད་གང་ཡིན་པ་དེ་ཟློག་པར་བྱེད་པའོ། །སྔ་མ་དང་ཕྱི་མར་རྟོགས་པ་

འབྲས་བུ་ཡིན་ནོ་ཞེ་ན། རྟོགས་པ་ནི་ཞེས་གསུངས་སོ། །དེ་དག་གི་ཞེས་བྱ་བ་ནི་སེམས་སྔ་ཕྱི་དག་གིའོ། །དེ་ཡང་ཞེས་བྱ་བ་ནི་རྟོགས་པའོ། །ཐ་དད་པ་ན་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མའི་སེམས་ཀྱི་རང་བཞིན་ལྟར་ཐ་དད་པ་ཉིད་ཡིན་ནའོ། །གཞན་གྱིས་སྨྲས་པ་ནི་སྔ་མ་དང་ཞེས་བྱ་བའོ། །
མ་ཡིན་ཏེ་ཞེས་བྱ་བ་ནི་འགོག་པའོ། །དེས་ན་དྲན་པ་ཡང་ཞེས་བྱ་བ་ནི་གཉིས་འཛིན་པའོ། །འོ་ན་སློབ་དཔོན་གྱིས་ཇི་ལྟར་དེ་སྐད་བཤད་ཅེས་ཞེས་བྱ་བར་བལྟའོ། །གཟུགས་དང་རེག་པའི་རྣམ་པར་ཤེས་པ་ཐ་དད་ཀྱང་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བའོ། །འདི་ལ་བརྗོད་པ་ནི་ཐ་དད་པར་འཛིན་པ་ཞེས་བྱ་བའོ། །
དེ་ལྟ་བུའི་ཞེས་བྱ་བ་ནི་ཐ་དད་པའིའོ། །འོན་ཏེ་སྔ་མ་དང་ཕྱི་མའི་སེམས་དག་གིས་ཐ་དད་པ་མི་འཛིན་པ་དེ་ལྟ་ན་ཡང་དྲན་པས་འཛིན་པ་ཡིན་ནོ་སྙམ་ན། །གང་གིས་གསུངས་སོ། །གལ་ཏེ་དྲན་པས་སེམས་སྔ་མ་དང་ཕྱི་མ་དག་རང་རིག་གོ་དེ་ཁོ་ནས་དངོས་སུ་བྱེད་དོ་སྙམ་ན་དུས་མཚུངས་པ་ཞེས་བྱ་
བའོ། །འདོད་པ་ཡིན་གྱི་ཞེས་བྱ་བ་ནི་ཁྱེད་འདོད་པ་ཡིན་གྱི། ཉམས་མྱོང་ནི་ཐ་དད་པའི་འཛིན་བྱེད་མིན་ནོ་ཞེས་འབྲེལ་ཏོ། །དེའི་ཕྱིར་ན་ཐ་དད་པར་རིག་པ་འདི་ནི་ཀུན་རྫོབ་ཡིན་པར་འགྱུར་རོ། །ཀུན་རྫོབ་ཉིད་བསྒྲུབ་པ་ནི་འདི་ལྟར་ཞེས་བྱ་བའོ། །ཁོ་བོ་ཅག་གིས་གཅིག་ཏུ་འདོད་པ་གང་ཡིན་པ་དེ་ནི་
སྣ་ཚོགས་ཏེ། དུ་མར་རྟོགས་པ་སྟེ་ཤེས་པར་འགྱུར་རོ། །རྣམ་པ་གང་གིས་ཤེ་ན། མངོན་སུམ་ནི་དེ་ལྟར་འཇུག་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །འོན་ཏེ་རེ་ཞིག་སྣང་བ་ནི་ཡོད་པ་ཡིན་ཏེ་དེས་ན་དེ་ཙམ་ཁོ་ནས་ཐ་དད་པ་རྟོགས་པར་འགྱུར་རོ་ཞེ་ན་སྣང་བ་ཙམ་གྱིས་ཞེས་བྱ་བའོ། །
སྣ་ཚོགས་དང་སྣ་ཚོགས་མིན་ཉིད་ནི་ཐ་དད་པ་དང་ཐ་མི་དད་པར་རྟོགས་པའོ། །གང་གི་ཕྱིར་སྣང་བ་ཙམ་གྱིས་ཐ་དད་པ་དང་ཐ་མི་དད་པ་ཞེས་མི་རྟོགས་པ་དེས་ནའོ། །དྲན་པ་གོམས་པ་ལས་གསལ་བར་གྱུར་པའི་མངོན་སུམ་གང་ཡིན་པ་དེས་སོ། །གང་ཞིག་ཅེས་བྱ་བ་ནི་ཐ་དད་པ་འཛིན་པའོ། །གོམས་
ལས་ཀྱང་ཞེས་བྱ་བ་ནི་མི་གསལ་བའི་མངོན་སུམ་སྣང་བའི་རང་བཞིན་གང་ཡིན་པ་དེ་ཉིད་གོམས་པ་ལས་གསལ་བར་སྣང་བ་ཉིད་ཀྱིས་ལྷག་པར་འགྱུར་བ་ཡིན་ན། མི་གསལ་བའི་མངོན་སུམ་གྱིས་ཐ་དད་པ་གཟུང་བ་ཡང་མ་ཡིན་ནོ། །དེས་ན་གོམས་པ་ལས་སྐྱེས་པས་འཛིན་པར་འགྱུར། དེར་ཡང་ཞེས་

བྱ་བ་ནི་གསལ་བའི་མངོན་སུམ་ལ་ཡང་རྣམ་དབྱེ་དེས་ཞེས་བྱ་བ་ནི་ཐ་དད་པ་དང་ཐ་མི་དད་པའི་རྣམ་པར་དབྱེ་བའོ། །དྲན་པ་དེ་ལས་ནི་དྲན་པ་དང་ཉམས་སུ་མྱོང་བ་དག་ཡན་འགར་བར་མྱོང་བ་སྟེ། ཐ་དད་པར་འཛིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་སྐད་བརྗོད་ན་དེའི་ཚེ་ཡང་དུ་མའི་རང་བཞིན་དེ་ཡང་ཁྱེད་ཀྱི་
འདོད་པས་དྲན་པ་དང་ཉམས་སུ་མྱོང་བ་དག་གི་ཡིན་པས་དེ་ལ་ཡང་རྣམ་དབེན་ཏེ་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་གྱི་འོན་ཀྱང་དྲན་པ་ལ་སྣང་བའི་དྲན་པ་དང་ཉམས་སུ་མྱོང་བ་དག་ཀྱང་གཅིག་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཐ་མི་དད་ཅེ་ན་རང་ངམ་ཞེས་བྱ་བའོ། །དེ་ཉིད་དུ་ཞེས་བྱ་བ་ནི་དོན་དམ་པར་
རོ། །གལ་ཏེ་ཡང་རྣམ་པར་གཅད་པར་བྱ་བ་མི་ནུས་པ་དེ་ལྟ་ན་ཡང་ཐ་དད་པར་འགྱུར་རོ་སྙམ་ན། གང་ཞིག་ལོགས་སུ་བཅད་ནས་སྐྱོ་བར་མི་ནུས་ཤིང་། གཞན་དུ་ཞེས་བྱ་བ་འབའ་ཞིག་བལྟ་བར་ཡང་མི་ནུས་པ་ཐ་དད་ན་ཡང་ཅི་ཞིག་བྱར་ཡོད། ཅིའི་ཕྱིར་ཞེ་ན། བླང་དང་དོར་ཉིད་བྱར་མེད་ཕྱིར་རོ། །དེ་
ནི་འགའ་ཞིག་སྤང་བའམ། བླང་བར་ནུས་པ་སྲིད་དོ། །དེ་དང་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་དང་ངོ་། །དེ་ཐ་དད་པར་སྨྲ་བའི་ལུགས་ལ་ཡང་ཇི་ལྟར་དྲན་པ་གཞན་ཉིད་ཡིན་ཞེ་ན། ཐམས་ཅད་རྒྱུ་དང་ཞེས་བྱ་བ་སྟེ། རྒྱུ་སྐྱེད་བྱེད་དང་རང་གི་ངོ་བོའི་དབྱེ་བ་སྟེ། རྒྱུའི་དབྱེ་བ་དང་བཅས་པའི་རང་གི་ངོ་བོའི་
དབྱེ་བ་ལས་སོ་ཞེས་བྱ་བའི་དོན་ཏོ། །རེ་ཞིག་རྒྱུའི་དབྱེ་བ་ཉིད་བརྗོད་པ་ནི་དེ་ལ་ཞེས་བྱ་བའོ། །དབང་པོའི་ཤེས་པ་ནི་དེ་ལྟར་ཞེས་བྱ་བ་བག་ཆགས་ཙམ་ལས་སྐྱེ་བ་མ་ཡིན་ནོ། །རང་གི་ངོ་བོའི་དབྱེ་བ་བརྗོད་པ་ནི་དྲན་པ་ནི་ཞེས་བྱ་བའོ། །འདི་དག་ནི་ཞེས་བྱ་བ་ནི་དྲན་པ་དང་མྱོང་བ་དག་གོ། །ཀ་བ་ལ་
སོགས་པ་ལྟར་ཞེས་བྱ་བ་ནི་ཇི་ལྟར་ཁྱེད་ཀྱི་ལྟར་ན། ཀ་བ་ལ་སོགས་ཐ་དད་པ་དེ་བཞིན་དུ་ཞེས་སོ། །རྒྱུ་དང་ལྡན་པ་ཉིད་རིག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ལ་དེ་མེད་པའོ། །དེ་མི་འཛིན་ཕྱིར་ཞེས་བྱ་བ་ནི་རྒྱུ་དེ་མི་འཛིན་པའི་ཕྱིར་གལ་ཏེ་མངོན་སུམ་གྱི་རྒྱུ་མི་འཛིན་པའོ། །དེ་ལྟ་ན་ཡང་རྗེས་སུ་
དཔག་པས་འཛིན་ཏོ་སྙམ་ན། རྗེས་སུ་དཔག་པ་ཡང་ཞེས་བྱ་བའོ། །དྲན་པ་ཙམ་དུ་ཟད་ཀྱི་འཛིན་པ་ནི་མ་ཡིན་གྱི་དེའི་རང་བཞིན་མེད་པའི་ཕྱིར་རོ། །འོན་ཏེ་གང་གི་ཚེ་རྒྱུར་མངོན་པར་འདོད་པ་འཛིན་པ་དེ་ཉིད་དུ་འཛིན་མོད་སྙམ་ན་གང་གི་ཚེ་དེ་ཞེས་གསུངས་སོ། །དེ་ནི་རྒྱུ་མངོན་པར་འདོད་པའོ། །འོ་ན་འབྲས་བུ་

འཛིན་པར་འགྱུར་རོ་ཞེ་ན། འབྲས་བུ་འཛིན་པའི་དུས་ན་ཡང་ཞེས་གསུངས་སོ། །འོ་ན་དྲན་པ་ཉིད་ཀྱིས་དེ་རྒྱུ་ཉིད་དུ་རྟོགས་སོ་ཞེ་ན། ཉམས་སུ་མ་མྱོང་བ་ལ་ཞེས་གསུངས་སོ། །རྒྱུ་ནི་མངོན་སུམ་གྱིས་མྱོང་བ་ཁོ་ན་ཡིན་ཏེ། དེས་ན་དྲན་པ་འབྱུང་ངོ་སྙམ་ན་རྒྱུ་ཉིད་དུ་ཞེས་གསུངས་སོ། །
དེ་ཞེས་བྱ་བ་ནི་འདས་ཟིན་པའི་རྒྱུ་ཡང་ངོ་། །གལ་ཏེ་དུས་མཚུངས་པར་མངོན་སུམ་གྱི་རྒྱུ་དང་འབྲས་བུ་ཉིད་དུ་ཉམས་སུ་མྱོང་བ་དེ་ལྟ་ཡིན་ན་ནི་སྔ་མའི་རང་བཞིན་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །འོན་ཏེ་ཞེས་བྱ་བ་ནི་དགོས་པའོ། །ཇི་ལྟར་མངོན་སུམ་མེད་པར་རྗེས་སུ་དཔག་པ་འཇུག་སྟེ། གལ་ཏེ་སྔ་མའི་རང་
བཞིན་ཉིད་ལ་ཡང་མངོན་སུམ་གྱི་སྤྱོད་ཡུལ་དུ་འགྱུར་ན། དེའི་ཚེ་རྗེས་སུ་དཔག་པས་ཀྱང་རྟོགས་པར་འགྱུར་བ་ཞིག་ན། འདི་ཡང་ཡོད་པ་མ་ཡིན་ནོ་ཞེས་སྟོན་པ་ནི། མངོན་སུམ་གྱིས་ནི་ཞེས་བྱ་བའོ། །སྔར་ཞེས་བྱ་བ་ནི་རྒྱུ་འཛིན་པའི་དུས་ནའོ། །སྔ་མ་ཉིད་དུ་ཞེས་བྱ་བ་ནི་རྒྱུའི་རང་བཞིན་སྔ་མར་གྱུར་པ་ཉིད་དོ། །
སྔར་གྱི་མངོན་སུམ་དེས་སྔ་མ་ཉིད་མ་འཛིན་པ་ཅིའི་ཕྱིར་ཞེ་ན། མངོན་སུམ་ཐམས་ཅད་ནི་ཞེས་བྱ་བའོ། །འཛིན་པ་ཕྱི་མ་ལ་ལྟོས་ནས་ཞེས་བྱ་བ་ནི། འབྲས་བུ་འཛིན་པ་ལ་ལྟོས་ནས་སོ། །དེས་ནི་ཞེས་བྱ་བ་ནི་མངོན་སུམ་སྔ་མས་སོ། །ཅིའི་ཕྱིར་མི་འཛིན་ཞེ་ན་རང་བདག་ཉིད་ལ་གནས་ཕྱིར་ཞེས་གསུངས་ཏེ་
གཞན་གྱི་ཚུལ་ལུགས་མི་ཤེས་པའི་ཕྱིར་རོ་ཞེས་དགོངས་པའོ། །རང་བདག་ཉིད་ཀྱི་དུས་གང་ཡོད་པའི་དངོས་པོ་དེའི་རང་གི་ངོ་བོ་འཛིན་པའི་མངོན་སུམ་གྱིས་སོ། །མངོན་སུམ་ཕྱི་མ་ལའང་དེ་བཞིན་ནོ་ཞེས་བྱ་བར་རང་གི་འབྲས་བུའི་རང་གི་ངོ་བོ་འཛིན་པའོ། །རང་གི་དུས་ཀྱིས་རང་ངོ་བོ་ཡོངས་སུ་གཅོད་པ་
སྔ་མ་ལ་ལྟོས་པའི་བདག་ཉིད་ཇི་ལྟར་འཛིན་པར་འགྱུར་ཞེས་རྗེས་སུ་འཇུག་གོ། །དེ་ལ་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མ་ལའོ། །དྲན་པས་ཀྱང་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་རང་བཞིན་གྱིས་སོ། །རིག་པ་མ་ཡིན་པ་ཞེས་བྱ་བ་ནི་མངོན་སུམ་གྱིས་སྤྱོད་ཡུལ་དུ་མ་བྱས་པ་ལའོ། །རྣམ་པར་རྟོག་པ་གཉིས་པ་
སྤང་བའི་དོན་དུ་བརྗོད་པ་ནི་འོན་ཏེ་ཞེས་བྱ་བའོ། །དྲན་པ་ཙམ་ཡིན་གྱི་དེ་ཚད་མ་ནི་མ་ཡིན་ནོ་ཞེ་ན། གང་གིས་ཞེས་བྱ་བ་སྔ་མ་དང་ཕྱི་མ་ལ་ལྟོས་པ་རིག་པ་གང་གིས་འབྲས་བུ་རིག་པར་འགྱུར་བ་དྲན་པ་ཙམ་དེ་ལས་སྔ་མ་དང་ཕྱི་མ་ལ་ལྟོས་པའི་རིག་པར་ཇི་ལྟར་འགྱུར། གཅིག་ཉིད་དུ་ཞེས་བྱ་བ་སྔ་མ་དང་ཕྱི་

མའི་ཞེས་པ་དག་གཅིག་ཉིད་དུ་གཟུང་བའོ། །ངས་འབའ་ཞིག་མཐོང་བ་གང་ཡིན་པ་དེ་ཉིད་ཚོགས་པ་འདི་ཡིན་ནོ་ཞེའམ་བདག་ཉིད་ཚོགས་པར་མཐོང་བ་གང་ཡིན་པ་དེ་ཉིད་འབའ་ཞིག་པ་འདི་ཡིན་ནོ་ཞེས་སྔ་མ་དང་ཕྱི་མ་དག་གཅིག་ཉིད་དུ་ངོ་ཤེས་པ་ཉིད་ལྷག་པར་ཞེན་པ་ཉིད་དེ། དེས་ནི་རྣམ་པར་འབྱེད་པ་སྟེ།
སྔོན་པོའི་རྣམ་པ་ལོགས་སུ་བྱེད་པ་ཡིན་ནོ། །དེས་ན་གཉིས་སུ་མེད་པར་ཇི་ལྟར་འགྱུར་ཞེས་བསམས་པའོ། །འདི་གྲུབ་པའི་མཐའ་པས་བརྗོད་པ་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་དྲན་པའི་རང་བཞིན་ཡིན་ལ་འདི་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་རང་བཞིན་ཡིན་ཏེ་སྐལ་ལྡན་ཆེན་པོ་བཤད་པ་
མཛད་པའི་བཞེད་པས་ནི། དེ་ཉིད་ཀྱིས་མངོན་སུམ་ཡིན་པའི་ཕྱིར་རོ། །དྲན་པ་དང་འདིའོ་ཞེས་འཛིན་པ་དག་མཐོང་བ་ཡིན་ནོ། །དྲན་པ་ཡང་ཚད་མ་མ་ཡིན་ཏེ། དེས་སྔ་མ་དང་ད་ལྟར་བ་གཅིག་ཏུ་ཇི་ལྟར་འཛིན་ཞེས་དགོས་པའོ། །འོ་ན་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །ཇི་ལྟར་ཤིང་རྟ་དང་ཤིང་རྟས་
བསྐྱོད་པའི་སྐྱེས་བུ་དེ་གཉིས་ཐ་དད་པར་རྟོགས་པ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་ནི་དཔེའི་དོན་ཏོ། །འདི་ལ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལྟ་བུ་ཁོ་ནར་ཞེས་བྱ་བ་ནི་ཐ་དད་པ་ཁོ་ནར་རོ། །རྣམ་པར་དཔྱད་པ་ཉིད་བརྗོད་པ་ནི་དྲན་པ་དང་ཞེས་བྱ་བའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་གཅིག་ཏུ་རྟོགས་ནའོ། །དེ་ཉིད་དུ་
ཞེས་བྱ་བ་ནི་དྲན་པ་དང་མངོན་སུམ་གྱི་རྣམ་པ་ཅན་ཉིད་དུའོ། །དྲན་པའམ་མངོན་སུམ་གཅིག་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འགྱུར་མོད་ཅི་སྐྱོན་སྙམ་ན། དེ་ལྟ་ཡིན་ན་ཞེས་གསུངས་སོ། །དྲན་པའི་རྣམ་པས་ཞེས་བྱ་བ་ནི་དྲན་པར་བྱས་སོ། །མ་རྟོགས་པ་ནི་ཉམས་སུ་མ་མྱོང་བའོ། །སྔ་
མ་ཉིད་ཀྱང་མངོན་དུ་བྱེད་པའི་རྣམ་པ་ཁོ་ནས་རྟོགས་སོ་ཞེ་ན། མངོན་སུམ་དུ་ཞེས་གསུངས་སོ། །དོན་རྣམས་ཀྱིས་གཞན་དེ་སྔོན་པོའམ་སེར་པོ་ལ་སོགས་པའི་རང་བཞིན་ཐ་དད་པ་ཉིད་དམ་ཅིག་ཤོས་གཞན་མ་ཡིན་པ་ནའོ། །རྟོགས་པ་ལ་ལྟོས་ཏེ་གྲུབ་པ་མ་ཡིན་པའི་ཐ་དད་པའོ། །གྲུབ་པའི་མཐའ་པས་
བརྗོད་པ་ནི་འདི་ནི་ཞེས་བྱ་བ་སྟེ། ཐ་དད་པའི་ཐ་སྙད་མེད་པར་འགྱུར་རོ་ཞེས་བརྗོད་པ་གང་ཡིན་པའོ། །གཞན་གྱིས་མི་མཚུངས་ཏེ་ཞེས་སྨྲས་སོ། །དེ་དོན་དུ་གཉེར་བ་ཞེས་བྱ་བ་ནི་ཐོབ་པར་བྱ་བ་དོན་དུ་གཉེར་བའོ། །འདི་ཞེས་བྱ་བ་ནི་འཇུག་པའོ། །དེ་ཞེས་བྱ་བ་ནི་ཐོབ་པར་བྱ་བའོ། །ཤེས་ན་ཞེས་བྱ་བ་

ནི་མངོན་དུ་བྱེད་པའི་ཤེས་པས་ཉམས་སུ་མྱོང་བ་ནའོ། །འཇུག་པས་ཀྱང་དེའི་ཡུལ་ཅན་མངོན་དུ་བྱེད་པའི་ཤེས་པ་སྐྱེད་པ་ཉིད་ཐོབ་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གལ་ཏེ་དང་པོ་སྐྱེས་ན་དེའི་ཚེ་ཅིའི་དོན་དུ་འཇུག་པར་བྱེད། མོ་གཤམ་གྱི་བུ་ལ་ཞེས་བྱ་བ་མངོན་དུ་མ་བྱས་པར་ཁྱད་
པར་མེད་པའི་ཕྱིར་རོ། །མོ་གཤམ་གྱི་བུ་དེ་དེ་མེད་པའི་ཕྱིར་དང་ཐོབ་པར་བྱ་བ་འདི་ནི་ཡོད་པའི་ཕྱིར་རོ། །འདི་ཁོ་ན་ལ་འཇུག་གི་མོ་གཤམ་གྱི་བུ་ལ་ནི་མ་ཡིན་པ་ལ་བརྗོད་པ་ནི་དེ་ཉིད་ཅེས་བྱ་བའོ། །མངོན་དུ་བྱེད་པའི་ཤེས་པ་མེད་ན་ཐོབ་པར་བྱ་བ་ནི་ཡོད་ལ་མོ་གཤམ་གྱི་བུ་ཉིད་མེད་དོ་ཞེས་བྱ་བ་འདི་ཉིད་
ཇི་ལྟར་ཤེས་དེ་ལྟར་ན་མཐོང་བ་ལ་སོགས་པ་ལས་ཡོད་པ་ཡིན་ནོ་ཞེས་ཤེས་པ་ཡིན་ནོ་ཞེ་ན། རེག་པ་ལ་སོགས་པ་ཞེས་གསུངས་སོ། །རིག་པ་མེད་པ་ནི་རིག་པ་ཡོད་པ་མ་ཡིན་པའོ། །རིག་ཅེ་ན་ཞེས་བྱ་བ་ནི་མངོན་དུ་བྱས་ཤེ་ནའོ། །འདི་ལ་བརྗོད་པ་ནི་འོ་ན་ཞེས་བྱ་བའོ། །འཇུག་པའི་འབྲས་
བུ་མངོན་དུ་བྱེད་པ་ནི་ཡོད་ཟིན་པའི་ཕྱིར་རོ་ཞེས་དགོངས་པའོ། །དེའི་ཕྱིར་ཁྱད་པར་ལ་ཐ་དད་པ་རིག་པ་ཡིན་ནོ་ཞེ་ན། དེའི་ཚེ་ཁྱད་པར་མ་རྟོགས་པའི་ཕྱིར། ཇི་ལྟར་ཁྱད་པར་ལས་འཇུག་པར་འགྱུར། གལ་ཏེ་སྤྱི་ཁྱད་པར་ལས་ཐ་མི་དད་པ་ཡིན་ན། སྤྱི་དེ་མངོན་དུ་བྱས་པ་ན་ཁྱད་པར་ཡང་མངོན་སུམ་
དུ་བྱས་པས་ནི་ཅིའི་དོན་དུ་འཇུག །སྤྱི་ཐ་དད་པ་དང་ཐ་མི་དད་པ་ཁས་ལེན་ན་ནི་ཇི་ལྟར་དེ་རང་བཞིན་གང་གིས་སྤྱི་ཐ་དད་པའི་རང་བཞིན་དེས་ནི་རྟོགས་སུ་ཟིན་ཀྱང་ཁྱད་པར་མ་རྟོགས་པའི་ཕྱིར་ན། ཁྱད་པར་ཐ་མི་དད་པ་དེ་ལ་མི་འཇུག་པ་ཁོ་ནའོ། །ཇི་ལྟར་དེ་རང་བཞིན་གང་གིས་སྤྱི་ཐ་མི་དད་པའི་རང་བཞིན་དེས་
ནི་སྤྱི་རྟོགས་པ་ན། ཁྱད་པར་ཡང་རྟོགས་པའི་ཕྱིར་ཐོབ་ཟིན་པས་དེས་ཞུགས་པ་ལ་དོན་ཅི་ཡོད། ཅི་མངོན་སུམ་ལས་འཇུག་པ་མཐོང་ངམ་འོན་ཏེ་རྗེས་སུ་དཔག་པ་ལས་ཕྱོགས་དང་པོ་ལ་རེ་ཞིག་བརྗོད་པ་ནི། རང་དོན་རིག་ཕྱིར་ཞེས་གསུངས་ཏེ། རང་གི་ཡུལ་གྱི་རང་བཞིན་ཙམ་ཞིག་མཐོང་བའི་ཕྱིར་
རོ། །འོན་ཏེ་འཇུག་པའི་ཡང་རང་གི་ཡུལ་གྱི་རང་བཞིན་ཉིད་མིན་ན་དེས་ན་དེ་ཡང་མངོན་སུམ་གྱིས་རིག་པ་ཡིན་ནོ་སྙམ་ན། འཇུག་པ་སྔ་ཕྱིའི་ཞེས་གསུངས་སོ། །དེ་ལ་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མའི་རང་བཞིན་ལའོ། །དེའི་ཕྱིར་ཕྱིའི་དོན་ལ་ཡང་རྣམ་པ་ཐམས་ཅད་དུ་ཡང་འཇུག་པའི་འཐད་པ་

ཡིན་པའི་ཕྱིར་ན། ཕ་རོལ་པོས་བདག་ཅག་ལ་གཉིས་པ་ལ་ཡང་ཇི་ལྟར་འཇུག་པ་སྲིད་ཅེས་བྱ་བ་དེ་ལྟ་བུའི་རྣམ་པར་རྩོད་པ་གང་ཡིན་དེ་གསལ་བ་ཡིན་ནོ། །འདི་ཇི་ལྟར་གསལ་སྙམ་ན་དོན་འདི་ནི་ཞེས་བྱ་བ་སྟེ། འདི་ནི་གཞན་ཡིན་ལ་བདག་ནི་གཞན་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་ནི་བདག་
དང་གཞན་ལ་ཡང་མ་གྲུབ་པའི་ཕྱིར་རོ། །དོན་འདི་རང་བཞིན་ལ་གྲུབ་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་གང་ལས་གྲུབ་སྙམ་ན་འདི་ལྟར་སྐྱེ་བ་གྲུབ་པ་ནི་རང་རིག་པ་ཉིད་ཡིན་གྱི་ཞེས་གསུངས་སོ། །འདྲི་བར་བྱེད་པ་བདག་དང་འཆད་པར་བྱེད་པ་གཞན་འདི་ཞེས་དེ་ལྟར་རྣམ་པ་འདིས་རྒོལ་བ་གཉི་ག་ཡང་རང་གི་རྣམ་པར་ཉེ་
བར་བསྒྱུར་བའི་ཤེས་པ་རིག་པ་ཉིད་དཔེར་ན་རྨི་ལམ་གྱིས་རྟོགས་པ་རྒོལ་བ་དང་ཕྱིར་རྒོལ་བའི་རྣམ་པ་ཡིན་གྱི་རྟོགས་པས་ཉེ་བར་བསྒྱུར་བ་རིག་པ་ཙམ་ཡིན་པ་བཞིན་ཏེ་དོན་དམ་པར་ནི་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་ནོ། །སྨྱོན་པའི་རྟོགས་པས་ཡང་མགྱོགས་འགྲོ་ལ་སོགས་པའི་རྣམ་པ་ཅན་གྱི་རྟོགས་པ་རིག་པ་ཙམ་
ཡིན་གྱི། མགྱོགས་འགྲོ་ལ་སོགས་པའི་རྣམ་པ་རྣམ་པར་དབྱེ་བ་ནི་ཡོད་པ་མ་ཡིན་པ་བཞིན་ནོ། །འོ་ན་ནི་ཞེས་བྱ་བ་ལ་སོགས་པས་དོགས་པ་བསུ་ནས་བརྗོད་པ་ནི་འདི་ཞེས་བྱ་བ་ལ་སོགས་པའོ། །གཞན་གྱིས་ཞེས་བྱ་བ་ནི་ཕྱིར་རྒོལ་བས་སོ། །འདི་ལ་བརྗོད་པ་ནི་ཅི་ཞེས་བྱ་བའོ། །ཇི་ལྟར་བྱེད་པ་མ་
མཐོང་སྙམ་ན་ཇི་ལྟར་ཞེས་བྱ་བའོ། །འོ་ན་ཇི་ལྟར་ཞེས་བྱ་བ་ནི་དགོངས་པའོ། །གྲུབ་པའི་མཐའ་ནི་ཁྱེད་ཀྱིས་ཞེས་བྱ་བའོ། །གལ་ཏེ་དུ་བ་ལ་སོགས་པ་མེ་ལ་སོགས་པ་ལ་ཡོད་པར་མངོན་སུམ་གྱིས་དམིགས་པ་ཉིད་མ་ཡིན་ནམ་སྙམ་ན། རྒྱུ་དང་འབྲས་བུའི་ཞེས་གསུངས་སོ། །དོན་ནི་འདི་ཡིན་ཏེ་རེ་ཞིག་
རིག་པ་བདག་ཉིད་ནི་ལྡོག་པ་ཉམས་སུ་མྱོང་བ་མ་ཡིན་ཏེ། ལྡོག་པའི་དུས་ན་རང་ཉིད་མེད་པའི་ཕྱིར་རོ། །རིག་པ་གཞན་གྱི་ཡང་སྤྱོད་ཡུལ་དུ་མི་འགྱུར་བ་ཉིད་དུའོ། །དེས་ཀྱང་དེ་མེད་པར་ཇི་ལྟར་འཛིན་ཞེས་བྱ་བའོ། །ཅི་སྟེ་རེས་འགའ་བ་ཉིད་དུ་ཡང་ཡོད་པ་ཁྱོད་ཀྱིས་རྟོགས་སམ་ཞེས་འབྲེལ་ཏོ། །འོ་ན་
སློབ་དཔོན་གྱིས་དེ་ཇི་ལྟར་བཤད་སྙམ་ན། ཐ་དད་པར་སྨྲ་བ་ལ་ཞེས་གསུངས་སོ། །འདིར་སྣ་ཚོགས་གཉིས་མེད་འདི་ནི་ཚིག་རེ་རེ་ལ་ཡང་ལོག་པར་རྟོགས་པ་བརྒྱ་ཕྲག་དུ་མ་དང་འབྲེལ་པ་ཡིན་མོད་ཀྱི། གཞུང་མངས་ཀྱིས་འཇིགས་པས་ན་བདག་ཅག་གིས་མ་བཀོད་དོ། །དེའི་ཕྱེད་ལ་སོགས་པར་ཞེས་བྱ་བ་ནི།

སྔར་མཐོང་བ་གང་ཡིན་པ་དེའི་ཕྱེད་དམ་ཅུང་ཟད་མ་རྫོགས་པར་ཞེས་བྱ་བའི་དོན་ཏོ། །སེམས་མིན་ཞེས་བྱ་བའི་ཕྱི་རོལ་བའོ། །གལ་ཏེ་དངོས་པོ་ཇི་ལྟ་ཇི་ལྟར་མཐོང་བ་དེ་དེ་ལྟ་བུ་ཁོ་ནར་སྐྱེས་པ་ཡིན་ན། དེའི་ཚེ་ལྐོག་ཏུ་གྱུར་པ་ཉིད་དང་གཞན་གྱིས་བལྟ་བར་བྱ་བ་ཉིད་དུ་ཡང་མ་མཐོང་བ་
དེས་ན་རྟོག་པ་ཉིད་དམ། གཞན་གྱིས་བལྟ་བར་བྱ་བ་ཉིད་དུ་མ་སྐྱེས་པར་འགྱུར་རོ། །སྐྱེས་པ་ཡང་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཕྱི་རོལ་ཉིད་ཉམས་པར་འགྱུར་རོ་སྙམ་དུ་དགོངས་པའོ། །ཕྱོགས་ཉིད་ལ་གནོད་པར་བྱེད་པ་གཞན་བརྗོད་པ་ནི། རྒྱུ་གཞན་གྱིས་ནི་ཞེས་བྱ་བའོ། །ཡང་ཇི་ལྟར་ན་ལྐོག་
ཏུ་གྱུར་པ་ཉིད་དང་གཞན་གྱིས་བལྟ་བར་བྱ་བ་དངོས་པོ་མ་སྐྱེས་ཤེ་ན་དངོས་པོ་ནི་ཞེས་བྱ་བ་གསུངས་སོ། །ཚིག་ལེའུར་བྱས་པ་གཉིས་འགྲེལ་པ་ནི། རྒྱུ་གཞན་ལས་ཞེས་བྱ་བའོ། །འཛིན་པའི་རྣམ་པ་དང་འདྲ་བར་ཞེས་བྱ་བ་ནི་ཤེས་པ་བཞིན་དུའོ། །དོན་ཁོ་ནའོ་ཞེས་བྱ་བ་ནི་ཤེས་པ་མ་ཡིན་པའོ། །
རེ་ཞིག་བདེ་བ་ལ་སོགས་པ་ནི་དམིགས་པར་བྱ་བའི་རང་བཞིན་ཡིན་ཡང་རྣམ་པར་ཤེས་པའི་རང་བཞིན་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི་ནེ་པ་ལས་ཞེས་བྱ་བའོ། །གལ་ཏེ་དེ་ཡང་དོན་གྱི་རང་བཞིན་ཡིན་ན་དེའི་ཚེ་སྔོན་པོ་ལ་སོགས་པ་བཞིན་གཞན་གྱིས་ཅི་སྟེ་དམིགས་ཤེ་ན། ནང་གི་ཞེས་སྨོས་ཏེ་ནང་
ཡིན་པའི་ཕྱིར་གཞན་གྱིས་དམིགས་པ་མ་ཡིན་ནོ་ཞེས་བསམས་པའོ། །གཞན་དག་ཤེས་པ་གྲུབ་པར་བྱ་བའི་དོན་དུ་ཚད་མ་ཉེ་བར་འགོད་པ་ནི་གང་གིས་ཞེས་བྱ་བའོ། །འདི་ལ་བརྗོད་པ་ནི་དེ་ཡང་མིན་ཞེས་བྱ་བའོ། །གང་གི་ཚེ་ཤེས་པ་ཞེས་བྱ་བ་མེད་པ་དེའི་ཚེ། དམིགས་པར་བྱ་བ་རང་ཉིད་
རིག་པ་ཡིན་པར་འགྱུར་རོ། །དེས་ན་ཤེས་པ་ཡོད་པ་ཉིད་སྒྲུབ་པར་བྱེད་པར་ཇི་ལྟར་འགྱུར་གཞན་དག་ཤེས་པ་ཡོད་པར་བསྒྲུབ་པའི་ཕྱིར་སྨྲ་བ་ནི་དམིགས་པར་བྱ་བ་ཉིད་དམིགས་པ་ཞེས་བྱ་བ་ལ། དམིགས་པ་པོ་ནི་བདག་ཡིན་ལ་དམིགས་པར་བྱེད་པ་ཞེས་བྱ་བ་ནི་དམིགས་པའི་བྱ་བ་སྟེ། ཤེས་པ་
ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཤེས་པ་ཞེས་བྱ་བ་ཡོད་པ་མ་ཡིན་ན། དེའི་ཚེ་འདི་གང་གིས་དམིགས་ཞེས་བརྒལ་ཞིང་བརྟག་པ་ན་གལ་ཏེ་དོན་གྱིས་གོ་བ་མི་འཇུག་ན་དེའི་ཚེ་ལན་ཉིད་མེད་པར་འགྱུར་རོ་ཞེས་བྱ་བ་ཡིན་ན། གལ་ཏེ་གཞན་གྱིས་དམིགས་པར་བྱ་བ་གང་

ཡིན་པ་དེ་གཏན་ཚིགས་ཡིན་ན་དེའི་ཚེ་གང་གིས་དམིགས་པར་བྱེད་དེ། མ་གྲུབ་པ་ནི་གཏན་ཚིགས་སུ་མི་རུང་བའི་ཕྱིར་རོ། །གལ་ཏེ་གཞན་གྱིས་དམིགས་པར་བྱ་བ་དེ་ཡང་གཞན་གྱིས་ཏེ། གཞན་གྱིས་དམིགས་པར་བྱ་བའི་མཚན་ཉིད་གཞན་དག་གིས་དམིགས་པ་ཡིན་ན། དེ་ལྟ་ཡིན་ན་རེ་ཞིག་གཞན་
གྱིས་དམིགས་པར་བྱ་བ་ཉིད་ནི་ཤེས་པའི་རྟགས་ཡིན་ལ། གཞན་གྱིས་དམིགས་པར་བྱ་བ་ཉིད་དེ་ཡང་དམིགས་པ་ཡིན་ཏེ། དེས་ན་དེ་ལ་ཡང་གཞན་གྱིས་དམིགས་པར་བྱ་བ་ཉིད་ཡོད་དེ་དེས་ན་དེ་ལ་དེ་རྗེས་སུ་དཔོག་པ་ཡིན་ནོ་ཞེ་ན། འདི་ལ་བཤད་པ་ནི་དེ་ལྟ་ན་ནི་ཞེས་བྱ་བའོ། །གཏན་ཚིགས་དེ་ཡང་གཞན་
གྱིས་དམིགས་པར་བྱ་བ་ཡིན་ལ་དེ་ཡང་གཞན་གྱིས་ཡིན་ན་ཐུག་པ་མེད་དོ། །རྣམ་པར་རྟོག་པ་གཉིས་པ་ལ་བརྗོད་པ་ནི་རང་ཉིད་ཀྱིས་ནི་ཞེས་བྱ་བའོ། །གཟུང་བ་ལ་ཡང་རང་ཉིད་དམིགས་པར་ཐལ་ལོ། །ཇི་ལྟར་འཛིན་པར་བྱེད་པ་རང་ཉིད་ཀྱིས་དམིགས་པར་བྱ་བའི་རང་བཞིན་ཡིན་པ་དེ་བཞིན་དུ་གཟུང་བར་བྱ་བ་
ཡང་ཡིན་པར་ཐལ་ལོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཞེས་བྱ་བས་དོགས་པ་བསུ་ནས་བརྗོད་པ་ནི་གལ་ཏེ་གཞན་ལ་ཞེས་བྱ་བའོ། །གཞན་ལ་ལྟོས་པ་གང་ཡིན་པ་དེ་གཞན་མེད་པར་གཞན་ལ་ལྟོས་པ་ཉིད་དུ་ཇི་ལྟར་འགྱུར་ཏེ། གཞན་ལ་ལྟོས་པ་མ་ཡིན་པ་ཁོ་ན་ཞེས་པའི་དོན་ཏོ། །དེས་ན་གལ་ཏེ་གཞན་ལ་
ལྟོས་པར་རིག་ན་དེའི་ཚེ་གཞན་ཡང་ཡང་རིག་པར་འགྱུར་རོ། །འོན་ཏེ་གཞན་ཐེ་ཚོམ་གྱི་ཡུལ་ཡིན་པ་དེ་ལས་གཞན་ལ་ལྟོས་པ་ཉིད་རྟོགས་པ་ཡིན་ནོ་ཞེ་ན། ཐེ་ཚོམ་ཟ་ན་ཞེས་གསུངས་སོ། །གལ་ཏེ་གཞན་ལ་ལྟོས་པ་ཉིད་ཐེ་ཚོམ་ཟ་བ་དེ་ལྟ་ན་ཡང་ཤེས་པ་ཡོད་པ་ལ་གཞན་ལ་ལྟོས་པ་ཉིད་གཏན་ཚིགས་སུ་
འགྱུར་རོ་སྙམ་ན་གཏན་ཚིགས་གཞན་ལ་ལྟོས་པ་ཉིད་མ་ངེས་པས་ན། ངེས་པར་བྱེད་པ་ཞེས་བྱ་བ་ཤེས་པ་ཡོད་པར་ངེས་པར་བྱེད་པའོ། །བུམ་པ་ལ་སོགས་པ་ལ་རང་བཞིན་གཉིས་ཡོད་དེ་བདག་ལ་ལྟོས་པའི་རིག་བྱ་ཉིད་དོ་ཞེས་ཁས་བླངས་ནས་གཞན་དག་བརྗོད་པ་ནི། འོན་ཏེ་བདག་ལྟོས་ཞེས་བྱ་བའོ། །
འདི་བརྗོད་པ་ནི་དེ་ཙམ་གྱིས་ནི་ཞེས་བྱ་བའོ། །གལ་ཏེ་བུམ་པ་དང་སྣམ་བུ་དང་ལུས་ལ་སོགས་པ་ནི་ཐམས་ཅད་བདག་རིག་པ་ཡིན་ན། དེའི་ཚེ་ཇི་ལྟར་བ་ནི་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །གལ་ཏེ་གཞི་མཐུན་དབང་གིས་ན། །ཞེས་བྱ་བ་འདི་འཇིག་རྟེན་གྱིས་བརྗོད་པ་སྟེ། དཔེར་ན་རྒྱལ་པོའི་བཀའ་དྲིན་

གྱིས། །ཞེས་བྱ་བ་བཞིན་ནོ། །བད