Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 185

Văn bản gốc(Tây Tạng)

Trang 13 / 23 (50.000 ký tự/trang)
ཡིན་ཏེ། དེ་ལྟ་མ་ཡིན་ན་བརྗོད་པར་འདོད་པ་ཙམ་ལས་བྱུང་

བའི་སྒྲ་རྣམས་གང་ལ་མི་སྲིད་པས་ཡིན། དེ་མཐོང་བ་ན་ཞེས་བྱ་བ་ནི་ཤིང་མཐོང་བ་ནའོ། །ཅི་དེ་ལྟར་རྟོགས་པ་མཐོང་ངམ་ཞེ་ན། བདག་གིས་ཞེས་བྱ་བའོ། །མཐོང་བ་ལ་ནི་མཐོང་བཞིན་པའོ། །དེ་ཉིད་བརྗོད་པ་ནི་དེ་ནི་འདི་ཞེས་བྱ་བའོ། །དེ་ཞེས་བྱ་བ་སྣང་བ་ཐ་དད་པ་ཐ་དད་པར་བྱེད་
པ་སྟེ། ཐ་དད་པའི་རང་བཞིན་མ་ཡིན་ནའོ། །དངོས་པོ་འགའ་ཡང་ཐ་དད་པར་མི་འགྱུར་རོ། །འོ་ན་འདིའོ་ཞེས་སྣང་བ་ནི་དོན་བྱ་བ་བྱེད་པའི་དངོས་པོའི་འཛིན་པ་ཡིན་ཏེ། དེས་ན་མངོན་སུམ་དུ་འགྱུར་རོ་ཞེ་ན་འདིའོ་ཞེས་བྱ་བར་སྣང་བ་ཡང་ཞེས་བྱ་བའོ། །འདི་ནི་དེའོ་ཞེས་བྱ་བ་ནི། ཤེས་པ་འདི་ལ་འདིའོ་
ཞེས་བྱ་བར་སྣང་བ་ཡང་མདུན་ན་གནས་པ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པའི་རང་བཞིན་གང་ཡིན་པ་ལྷག་པར་ཞེན་པ་ཡིན་ཏེ། དེས་ན་མངོན་སུམ་དུ་ཇི་ལྟར་འགྱུར་ཏེ། ཐུན་མོང་བའི་དངོས་པོ་མེད་པས་ན་དངོས་པོ་ལ་རེག་པ་ཉིད་མེད་པའི་ཕྱིར་རོ། །འོན་ཏེ་གང་གི་ཚེ་མདུན་ན་གནས་པའི་དངོས་པོ་
གཅིག་ལ་ལྷག་པར་ཞེན་པར་བྱེད་པ་དེའི་ཚེ་ཇི་ལྟར་འགྱུར་ཞེ་ན། ཐུན་མོང་བ་ཉིད་དང་བྲལ་ན་ནི་ཞེས་གསུངས་སོ། །རྣམ་པ་གཞན་གྱི་སྒོ་ནས་རྣམ་པར་རྟོག་པ་མེད་པ་ཉིད་དུ་སྒྲུབ་པས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །ལྐོག་ཏུ་གྱུར་པའི་དོན་ལ་འཇུག་ཅིང་ཞེས་བྱ་བ་ནི། མངོན་སུམ་དུ་གྱུར་པ་ལ་སྒྲ་མཁོ་
བ་མེད་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་སྒྲའི་ཡུལ་ལའོ། །སྒྲ་དང་རྟགས་དང་རྣམ་པར་རྟོག་པ་རྣམས་ནི་ཡུལ་གཅིག་པའི་ཕྱིར་རོ། །འོན་ཏེ་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཡིན་པའི་ཕྱིར་དམིགས་པ་མེད་པ་ཇི་ལྟར་འགྱུར་ཞེ་ན། ལྐོག་ཏུ་གྱུར་པ་ལ་འཇུག་ཀྱང་རང་བཞིན་དངོས་སུ་མེད་པ་ཁོ་ནའོ་སྙམ་ན།
རང་གི་ངོ་བོ་ལ་རེག་ན་ནི་ཞེས་གསུངས་སོ། །ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་ནི་དྲན་པ་དང་མངོན་སུམ་གཉི་ག་ལ་ལྐོག་ཏུ་གྱུར་པ་ལ་འཇུག་པའི་ཕྱིར་རོ། །འོན་ཏེ་སྒྲ་ཡང་རང་གི་མཚན་ཉིད་ཁོ་ན་ལ་འཇུག་པ་ཡིན་ལ། དེ་དང་ཡུལ་མཚུངས་པ་དབང་པོའི་རྣམ་པར་ཤེས་པ་ཡང་དེ་ཉིད་ལ་འཇུག་
པར་འགྱུར་བ་ཡིན་པ་དེས་ན་ཐལ་བ་འདིར་ཇི་ལྟར་འགྱུར་སྙམ་ན། སྒྲའི་ཤེས་པ་ནི་ཞེས་བྱ་བའོ། །རྣམ་འགྲེལ་འདི་ཉིད་ཀྱིས་བཤད་པ་གཉིས་གསུངས་པ་ནི་ཅི་སྟེ་ཞེས་བྱ་བ་ནི་ཅི་སྟེ་ཐུན་མོང་ཡིན་ཡང་། རྣམ་པར་རྟོག་པ་དང་བཅས་པ་ཡིན་ན་ནི། གང་དུ་མངོན་སུམ་ལ་འདོད་པའི་རྗེས་སུ་བྱེད་པ་

མེད་པ་དེ་དམིགས་པ་དང་བཅས་པ་ཡིན་ནོ་ཞེས་དོགས་པ་ནི་འོན་ཏེ་ཞེས་བྱ་བའོ། །ལན་ནི་གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི་དོན་གྱི་རྗེས་སུ་བྱེད་པ་མངོན་སུམ་གྱི་མཚན་ཉིད་ཡིན་ནའོ། །དེ་ལྟ་ན་ཡང་ཇི་ལྟར་རྣམ་པར་རྟོག་པ་མེད་པ་ཡིན་ཞེ་ན། སྒྲའི་རྣམ་པ་ཉིད་ནི་ཞེས་བྱ་བའོ། །དེ་ལྟ་
ཡིན་ན་ཞེས་བྱ་བ་ནི། མངོན་སུམ་རྟོག་པ་དང་བཅས་པ་ཡིན་པར་གྱུར་ནའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་རྣམ་པར་རྟོག་པ་དང་བཅས་པར་མ་གྱུར་ནའོ། །ངེས་སོ་ཞེས་ནས་འཇིག་རྟེན་ཞེས་འབྲེལ་ཏོ། །ངེས་པའི་རྣམ་པར་བརྗོད་པ་ནི་འདི་ནི་ཞེས་བྱ་བའོ། །ཚོགས་པས་ཞེས་བྱ་བ་ནི་བག་
ཆགས་དང་དབང་པོ་ཚོགས་པ་ལས་སོ། །ཤེས་པ་ནི་སྐྱེ་བར་འགྱུར་བ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་མངོན་སུམ་སྐྱེ་བར་འགྱུར་བའོ། །ཚད་མ་ཉིད་སྟོན་པ་འདི་ལྟར་ཞེས་བྱ་བའོ། །ཐ་དད་པ་ནི་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་དོན་གྱི་རྗེས་སུ་བྱེད་པའི་ཤེས་པའོ། །རྒྱུ་ཐ་དད་པ་
ཉིད་སྟོན་པ་ནི་སྒྲ་དང་ཞེས་བྱ་བའོ། །ཅི་སྟེ་ཤེས་པ་གཉིས་གལ་ཏེ་གཅིག་ཏུ་མ་གྱུར་ན་ཐ་སྙད་ཉིད་མེད་པར་ནི་འགྱུར་རོ་ཞེ་ན་ཐ་སྙད་ནི་ཞེས་གསུངས་སོ། །འོ་ན་ཇི་ལྟར་ཐ་སྙད་བྱེད་སྙམ་ན། ཚོགས་པ་ཙམ་གྱིས་ཞེས་གསུངས་སོ། །རྣམ་པར་རྟོག་པ་མེད་པར་ཡང་ཐ་སྙད་སྟོན་པ་ནི་གཞན་ཞེས་བྱ་བའོ། །དེའི་
ཚེ་ཡང་མཐོང་བཞིན་པ་ལ་ཞེན་པ་ཡོད་པ་ཡིན་ནོ་ཞེས་རྣམ་པར་རྟོག་པ་གཞན་ཞེས་བྱ་བའོ། །དེ་ལྟར་ན་རེ་ཞིག་འཇུག་པའི་ཡུལ་དེ་ལ་རྣམ་པར་རྟོག་པ་མེད་ཀྱང་ཐ་སྙད་ཡོད་པར་བསྟན་ནས། ད་ནི་རྣམ་པར་རྟོག་པ་ཡོད་ཀྱང་ཐ་སྙད་མེད་དོ་ཞེས་གསུངས་པ་ནི་སྒྲ་སྦྱོར་བར་བྱ་བའོ། །དོན་བྱ་བ་སྦྱོར་བའི་རང་བཞིན་
ཉིད་དབང་པོའི་རྣམ་པར་ཤེས་པ་འགྱུར་རོ་སྙམ་ན། དོན་བྱ་བ་ཡང་ཞེས་བྱ་བའོ། །རྗེས་སུ་དཔག་པ་མེད་པར་ཐལ་བ་ཞེས་བྱ་བས་ནི། འདས་པ་དང་མ་འོངས་པ་དག་ལ་ཡང་མངོན་སུམ་འཇུག་པས་ན་དེ་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། །བཤད་པ་ནི་གཞན་དུ་ཡང་བལྟ་བར་བྱའོ་ཞེས་བྱ་བ་ནི། དེ་བཞིན་དུ་ཞེས་བྱ་
བའོ། །དཔེར་ན་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དེས་དེ་ཞེས་བྱ་བའི་ཆ་མེད་པ་ཡོད་ཀྱང་འབྱུང་བ་དབང་པོ་ལས་སྐྱེས་པ་ཡིན་པ་དེ་བཞིན་དུ་བློ་གཞན་ཡང་དབང་པོ་ལས་སྐྱེས་པར་འགྱུར་རོ་ཞེས་བྱ་བའི་དཔེའི་དོན་ཏོ། །ཡང་ཇི་ལྟར་ན་འདིའོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་འཇུག་པ་མདུན་ན་གནས་པའི་དངོས་པོ་ངེས་པ་ཉིད་

མི་འཐད་སྙམ་ན་འདི་ལ་ཞེས་སྨོས་སོ། །ངེས་པར་མ་བྱས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པས་མ་བཟུང་བའོ། །གཟུགས་ཞེས་བྱ་བ་ནི་གཟུགས་སོ་ཞེས་བྱ་བའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པས་སོ། །དེ་ལ་ཞེས་བྱ་བ་ནི་གཟུགས་ཀྱི་བློ་ལའོ། །ཅི་སྟེ་ཉམས་སུ་མྱོང་བ་ཉིད་མེད་ཅེས་བྱ་བ་ནི་
གཟུགས་ཀྱི་བློ་ལའོ། །རིག་པ་ཉམས་སུ་མྱོང་བ་མེད་ཀྱང་ཁྱེད་ཀྱི་འདོད་པ་དོན་གྱིས་གོ་བ་ལ་སོགས་པས་ངོ་བོའི་ཐ་སྙད་སྲིད་པ་ཡིན་ན། རྣམ་པར་རྟོག་པ་མེད་པར་གྱུར་པས་གསལ་བའི་རྣམ་པར་ཉམས་སུ་མྱོང་བའི་རང་བཞིན་ལ་ཐ་སྙད་མི་སྲིད་པར་ཇི་ལྟར་འགྱུར་ཞེས་འབྲེལ་ཏོ། །དེ་ལྟར་བློ་ཉམས་སུ་མྱོང་
བ་མེད་པར་ཁས་བླངས་ནས་བརྗོད་པ་ཡིན་ནོ། །དེ་ནི་གཟུགས་ཀྱི་བློ་ལ་ཡང་ཉམས་སུ་མྱོང་བ་ཡོད་པ་ཉིད་དོ་ཞེས་བསྒྲུབ་པ་བརྗོད་པ་ནི་དེ་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི་གཟུགས་མཐོང་དུས་ནའོ། །བདག་གི་གཟུགས་མཐོང་བའི་ཞེས་བྱ་བའི་རྣམ་པ་ཅན་རྣམ་པར་རྟོག་པ་དང་བཅས་པའི་མངོན་སུམ་དེའོ། །
གཟུགས་མཐོང་བ་ཉིད་ཡིན་ནམ་ཞེས་བྱ་བ་ནི་གཟུགས་མཐོང་བའི་རང་བཞིན་ནོ། །བརྟག་པར་བྱ་བ་བདག་ཉིད་ཅེས་བྱ་བ་ནི་བདག་གིས་གཟུགས་མཐོང་བ་ཞེས་བྱ་བའི་རྣམ་པར་བརྟག་པར་བྱ་བ་བདག་ཉིད་རྟོག་པ་ནི། དེའི་ཚེ་རྣམ་པར་རྟོག་པ་གཉིས་ཞེས་བྱ་བ་གཟུགས་ཀྱི་རྣམ་པར་རྟོག་པ་དང་། རང་གི་ངོ་བོའི་
རྣམ་པར་རྟོག་པའོ། །ཅི་སྟེ་དང་པོ་གཟུགས་རྣམ་པར་རྟོག་པ་ཡིན་ལ། ཕྱིས་ནི་བདག་ཉིད་རྣམ་པར་རྟོག་པ་ཡིན། གཅིག་ལ་ཞེས་གསུངས་སོ། །དུས་གཅིག་ཏུ་རྣམ་པར་རྟོག་པ་འབྱུང་བ་ཁོ་ནའོ་ཞེ་ན། མཐོང་བ་ཡང་ཞེས་སྨོས་སོ། །དེ་ཉིད་ཅེས་བྱ་བ་ནི་གཟུགས་ཀྱི་བློའོ། །གཟུགས་ལ་སོགས་པ་ཉམས་སུ་མྱོང་བའི་
བདག་ཉིད་ཅན་དང་རང་གི་ངོ་བོ་མྱོང་བའི་བདག་ཉིད་ཅན་ནོ། །དེའི་ཚེ་རིམ་པ་ཡང་རིམ་པ་མ་ཡིན་པ་ཞེས་བྱ་བ་ནི་བློ་ལྟ་ཡིན་པའི་ཕྱིར། དུས་གཅིག་ཏུ་གཉི་ག་ཡང་འགྱུར། །དོགས་པ་ན་རིམ་པ་མ་ཡིན་པ་ཉིད་ཡིན་པར་འགྱུར་རོ། །གཞན་དག་བསམ་པ་མི་རྟོགས་པས་སྨྲ་བ་ནི། དེ་ཡང་ཞེས་བྱ་བ་སྟེ་རིམ་པ་མེད་པའོ། །
འདི་ལ་བརྗོད་པ་ནི་ཐུག་པ་མེད་པར་ཞེས་བྱ་བའོ། །གལ་ཏེ་བློ་གཅིག་ཅེས་བྱ་བ་ལ་སོགས་པ་ཡང་བཟླས་པར་བྱ་བ་ཡིན་པའི་ཕྱིར་རོ། །གང་གིས་རིམ་མ་ཡིན་པར་འགྱུར་རོ་ཞེས་བརྗོད་པ་ནི། གཅིག་ལ་རིམ་པ་ཇི་ལྟར་མི་རིང་ཞེ་ན། གཟུགས་ལ་ཞེས་བྱ་བའོ། །འོན་ཏེ་གཅིག་ལ་མངོན་པར་ཞེན་པ་ན་གཞན་ལ་

མངོན་པར་ཞེན་པར་མི་འགྱུར་མོད་དེ་ལྟ་བས་ན་ཡང་བློ་གཅིག་ཉིད་ཁོ་ན་རེས་འགའ་ནི་དེ་ལ་མངོན་པར་ཞེན་པར་བྱེད་ལ། རེས་འགའ་གཞན་ཡིན་ནོ་ཞེ་ན་མངོན་པར་ཞེན་པ་མ་ཡིན་པའི་ཞེས་བྱ་བའོ། །དེ་ལ་ཡང་ཞེས་བྱ་བ་ནི་མངོན་པར་ཞེན་པར་བྱེད་པ་ལའོ། །རྣམ་པར་རྟོག་པ་གཉིས་པ་ལ་རྣམ་འགྲེལ་ཉིད་
འགོད་པ་ནི་དེས་ནི་ཞེས་བྱ་བའོ། །དུས་མཚུངས་པའི་རྣམ་པར་ཤེས་པ་ཉམས་སུ་མྱོང་བ། གཟུགས་ཀྱི་རྣམ་ཤེས་ཉམས་སུ་མྱོང་བ་དང་། འདི་ནི་གཟུགས་ཀྱི་རྣམ་ཤེས་མྱོང་བའོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ཅན་ཡོད་པ་ན་གཅིག་པར་རྣམ་པར་རྟོག་པ་གཉིས་སུ་ཐལ་ལོ། །རྣམ་པར་རྟོག་པ་གཉིས་སུ་འགྱུར་མོད་
སྙམ་ན་ཉམས་སུ་མྱོང་བའི་གནོད་པ་བཞག་ནས་སུན་འབྱིན་པ་གཞན་ཉིད་བརྗོད་པ་ནི་དེས་ན་དེ་ལ་ཡང་ཞེས་བྱ་བ་ནི་འདི་ནི་གཟུགས་ཀྱི་རྣམ་པར་ཤེས་པའོ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་རྣམ་པ་ཅན་ལའོ། །གཞན་ལ་དུ་ཞེས་བྱ་བ་ནི་འདི་ནི་གཟུགས་ཀྱི་རྣམ་པར་ཤེས་པའོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་
རྟོག་པ་ཅན་དུའོ། །གཞན་ཕྱིས་འབྱུང་བ་ཉིད་བརྗོད་པ་ནི། མངོན་སུམ་མམ་ཞེས་བྱ་བའོ། །དེའི་ཚེ་ཡང་ཞེས་བྱ་བ་ནི་བློ་ཕྱིས་མ་སྐྱེས་པའི་ཚེ་ཡང་ངོ་། །རིག་པ་ནི་ཞེས་བྱ་བ་ནི་གཟུགས་རིག་པའོ། །འདི་ནི་གྲངས་ཅན་གྱི་ལུགས་ཡིན་ཏེ་དེ་དག་གི་ནི་རིག་པ་རྟག་པ་ཉིད་དུ་ཁས་བླང་བའི་ཕྱིར་རོ། །འདི་ལ་
བརྗོད་པ་ནི་འོ་ན་ཞེས་བྱ་བའོ། །གཟུགས་འཛིན་པའི་རང་བཞིན་གྱི་རིག་པ་བློ་ཕྱི་མས་མི་གཟུང་བའི་འོན་ཀྱང་རིག་པ་ཙམ་ཞིག་མཐུན་པར་འགྱུར་རོ་ཞེས་དགོངས་པའོ། །གལ་ཏེ་གཟུགས་ཉམས་སུ་མྱོང་བར་བགྱི་བས་མ་བཟུང་མོད། དེ་ལྟ་ན་ཡང་གཟུགས་ཀྱི་བློ་ནི་གཟུང་བར་འགྱུར་རོ་ཞེ་ན་བློ་གཞན་ཡང་
ཞེས་གསུངས་ཏེ། གང་གིས་གཟུགས་འཛིན་པའི་རང་བཞིན་མ་བཟུང་བར་བློ་གཟུང་བར་འགྱུར་བ་གཟུགས་འཛིན་པ་ལས་གཟུགས་ཀྱི་བློ་གཞན་ཡང་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་བློའི་རང་བཞིན་རྟོགས་པ་སེམས་པ་ཡོད་པའི་མཚན་ཉིད་ཅན་ཡིན་པས་ཕྱི་མ་འཛིན་པའི་དུས་ན་
ཡང་ཡོད་པ་ཡིན་ནོ་ཞེས་བལྟ་བར་བྱའོ། །ལན་བརྗོད་པ་ནི་འོ་ན་ནི་ཞེས་བྱ་བའོ། །དེའི་ཚེ་ནི་ཕྱི་མ་འཛིན་པའི་དུས་ནའོ། །གང་དུ་ཉེ་བར་མཁོ་བ་ཡིན་ཞེས་བྱ་བ་ནི་རྟོག་པའི་རང་བཞིན་གཟུང་ཡང་གཟུགས་འཛིན་པ་མ་བཟུང་བའི་ཕྱིར་རོ། །གང་ཡང་ཉེ་བར་མཁོ་བ་མེད་དོ། །གཟུགས་འཛིན་པའི་རང་

བཞིན་མ་བཟུང་མོད། ཅི་སྐྱོན་སྙམ་ན་དེས་ན་ཞེས་སྨོས་སོ། །འདི་ཡིན་ནོ་ཞེས་ད་ལྟར་བར་བསྟན་པ་མི་འཐད་དེ་གཟུང་བཞིན་པ་ཉིད་ལ་དེ་ལྟར་བསྙད་པའི་ཕྱིར་རོ། །གཟུགས་འཛིན་པ་དེ་ནི་འདས་པའི་རང་བཞིན་ཁོ་ནར་མངོན་སུམ་གྱིས་འཛིན་པ་དེས་ན་བྱུང་བར་གྱུར་ཏོ་ཞེས་བྱ་བར་འགྱུར་
རོ་ཞེ་ན་དེ་ལྟར་ནི་ཞེས་གསུངས་སོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དེ་ལྟ་ན་ཡང་འདས་པ་ཉིད་ཀྱིས་ནི་བྱུང་བར་གྱུར་ཏོ་ཞེས་བྱ་བར་འགྱུར་ལ། ད་ལྟར་བ་ཉིད་ཀྱིས་ནི་མངོན་སུམ་གྱིས་གཟུང་བ་ཉིད་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱིས་བསམས་པའོ། །ལན་ནི་དེ་ལྟར་ཡིན་ན་ཞེས་བྱ་བའོ། །བློ་
ཕྱི་མའི་དུས་ན་ཅི་ལྟར་གཟུགས་འཛིན་པ་གཉི་གའི་རང་བཞིན་ཡིན་པ་དེ་བཞིན་དུ་སྔར་ཡང་ཡིན་ཏེ་དེས་ན་འདས་པ་ཉིད་ཀྱང་སྔར་ཡོད་དོ་ཞེས་བྱ་བ་འདི་ལྟར་ཞེས་བྱ་བའོ། །ཀུན་གྱི་ཚེ་འདས་པ་ཡིན་གྱི་རྒྱུས་གཟུགས་འཛིན་པ་དེ་ནི་ཀུན་ཚེ་སྟེ། དུས་ཐ་དད་དུ་ད་ལྟར་བ་མ་ཡིན་ནོ། །དེ་ལྟར་ཡིན་དང་
གཟུགས་འཛིན་པ་ཡོད་དོ་ཞེས་བྱ་བ་མི་འཐད་པར་འགྱུར་ཏེ། འདས་པ་ནི་ད་ལྟར་བ་ཉིད་དུ་བསྟན་པ་མི་འཐད་པའི་ཕྱིར་རོ། །འོན་ཏེ་སྔར་གཟུགས་འཛིན་པ་ད་ལྟར་བྱུང་བ་ཡིན་ལ་ཞེས་རིག་པར་བྱའོ། །གཅིག་ཅེས་བྱ་བར་མི་འགྱུར་རོ་ཞེས་བྱ་བ་ནི་ད་ལྟར་དང་འདས་པ་དག་ཕན་ཚུན་སྤངས་ཏེ་འགལ་
བའི་ཕྱིར་རོ། །འོན་ཏེ་འདས་པ་དང་ད་ལྟར་གཅིག་ཡིན་ན་གཉི་ག་ཡང་ད་ལྟར་བ་དང་འདས་པ་ཉིད་དུ་འཛིན་པར་འགྱུར་རོ། །རིམ་གྱིས་གཉི་ག་ཡང་ཡིན་ནོ་ཞེ་ན་རིམ་གྱིས་འཛིན་ན་ཞེས་སྨོས་སོ། །ཇི་ལྟར་མངོན་སུམ་གྱིས་གཟུང་བའི་དངོས་པོ་དེ་ཁོ་ན་ལྟར་རྣམ་པར་འཇོག་པ་ཡིན་ཏེ། དེ་ལྟ་མ་ཡིན་ནམ་
འདྲེས་པ་ཉིད་དུ་མི་འགྱུར་རོ། །མངོན་སུམ་གྱིས་སྔོན་པོའི་རང་བཞིན་དུ་གཟུང་བ་ཡང་སྔོན་པོ་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེ་བཞིན་དུ་གལ་ཏེ་མངོན་སུམ་ལ་རིམ་པར་སྣང་ན་འདི་རིམ་པ་ཅན་ཁོ་ནར་འགྱུར་ཏེ། རིམ་གྱིས་གཟུང་བ་ནི་རིམ་པ་མེད་པར་མི་འཐད་དོ། །རིམ་པ་ཅན་ཡང་ཇི་ལྟར་གཅིག་ཏུ་འགྱུར།
གཅིག་ལ་རིམ་པ་ཅི་ལྟར་མི་འཐད་སྙམ་ན་གཅིག་སྤངས་ནས་ཞེས་བྱ་བའོ། །གལ་ཏེ་ངེས་པ་ལ་རིམ་གྱིས་འཛིན་པ་མི་སྲིད་ན་འོ་ན་དྲན་པར་འགྱུར་རོ་ཞེ་ན་དྲན་པ་ཡང་ཞེས་བྱ་བའོ། །གཟུགས་འཛིན་པའི་རྟོག་པ་གང་ཡིན་པ་སྟེ། མངོན་སུམ་གྱི་རང་བཞིན་ནམ་དྲན་པའི་རང་བཞིན་ནམ། རྗེས་སུ་དཔག་པའི་རང་

བཞིན་ཡིན་ཡང་རུང་སྟེ་མེད་པ་ཁོ་ནར་ཐལ་ལོ། །རྣམ་འགྲེལ་གྱི་ཕྱེད་དང་པོ་བཤད་ནས་ཕྱེད་ཕྱི་མ་འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །མྱོང་བ་འདིའི་རང་གི་ངོ་བོས་རྟོགས་པ་མེད་མོད། ཆད་པ་ཅི་ཡོད་སྙམ་ན་དེ་ལྟ་ན་འདི་སུའི་ཞེས་བྱ་བའོ། །གཞན་གྱི་རྟོག་པ་རྗེས་སུ་དཔག་པའི་རང་བཞིན་གང་ཡིན་པ་དེ་དང་རང་གི་
རང་བཞིན་འཛིན་པ་འདྲ་བ་ཉིད་དུ་འགྱུར་ཏེ། འདི་ནི་རང་གི་བློ་ཡིན་ནོ་ཞེས་རྟོག་པར་མི་འགྱུར་རོ། །གཞན་གྱི་རྟོག་པ་གང་ཡིན་པ་དང་བདག་གི་བློ་གང་ཡིན་པ་ཉིད་གང་ཡང་འདས་པ་དྲན་པ་རང་བཞིན་དུ་ཁྱད་པར་མེད་པའི་ཕྱིར་རོ། །འདི་ཇི་ལྟར་ཤེས་པར་བྱ་བ་ཡིན་ཞེས་བྱ་བ་ནི། འདིའི་དོན་ཅི་ཡིན་ཞེས་བྱ་བའི་
དོན་ཏོ། །འདོད་པ་ཉིད་དོ་ཞེས་བྱ་བ་ནི་རང་རིག་པ་མེད་པར་སྨྲ་བར་རིག་པ་ཅན་ལ་སོགས་པ་ནི་ཇི་ལྟར་གཞན་གྱི་བློ་བློ་གཞན་གྱིས་ཡོངས་སུ་གཅོད་པ་དེ་བཞིན་དུ། རང་གི་བློ་ཡང་ཡོངས་སུ་གཅོད་པར་འདོད་པ་ཉིད་དོ། །དེས་ན་ཇི་ལྟར་དེ་ལ་འདི་ཧ་ཅང་ཐལ་བར་འགྱུར། རྣམ་པར་རྟོག་པ་གཉིས་པ་གསལ་བའི་
དོན་དུ་སྨྲས་པ་ནི་འོན་ཏེ་ཞེས་བྱ་བའོ། །གཞན་གྱི་བློ་གང་ཡིན་པ་དེ་ཡོངས་སུ་གཅོད་པ་དང་། རང་གི་བློ་ཡོངས་སུ་མཚུངས་པ་ཉིད་ཡིན་ན། དེ་ལ་གཞན་གྱིས་སྨྲས་པ་ནི་དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གཞན་གྱི་བློ་ཡོངས་སུ་གཅོད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་གྱི་བློ་ཡོངས་སུ་གཅོད་པ་དང་། རང་གི་བློ་
ཡོངས་སུ་གཅོད་པ་ནི་མཚུངས་པ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསལ་བར་བྱེད་པ་ནི་གཞན་གྱི་བློ་ནི་ཞེས་བྱ་བའོ། །ཇི་ལྟར་ཡོངས་སུ་གཅོད་ཅེས་པ་ནི་རང་གི་བློའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་མངོན་སུམ་དུ་བྱས་པ་ཡང་འདས་པ་ཉིད་དུ་འགྱུར་བའིའོ། །དེ་ཡང་ནི་རྗེས་སུ་དཔག་
པའོ། །མཚུངས་པ་ཉིད་དུ་ཞེས་བྱ་བ་ནི་གཞན་གྱི་བློ་ཡོངས་སུ་གཅོད་པ་དང་། རང་གི་བློ་ཡོངས་སུ་གཅོད་པའོ། །གཞལ་བའི་ཚད་མས་ཞེས་བྱ་བ་ནི། དོན་གྱིས་གོ་བ་ལ་སོགས་པའོ། །ཡང་ཇི་ལྟར་ན་རྗེས་སུ་དཔག་པ་ཉིད་དུ་ཁྱད་པར་མེད་ན་གཞན་གྱི་བློ་བཞིན་དུ་རང་གི་བློ་ཡང་གཞན་འབྲེལ་པ་ཉིད་མི་རྟོག་
སྙམ་པ་གཞན་དུ་ཞེས་བྱ་བའོ། །གཞན་ནི་ཞེས་བྱ་བ་ནི་རང་གི་བློའི་རང་བཞིན་ནོ། །རྣམ་པ་གཞན་དུ་ཞེས་བྱ་བས་ནི་གཞན་གྱི་བློའི་རང་བཞིན་ཉིད་དུའོ། །མངོན་དུ་བྱེད་པའི་རང་བཞིན་དུ་འཛིན་པ་ཡིན་ན་ནི་རྗེས་སུ་དཔག་པའི་དྲན་པ་ལ། རང་གི་བློའི་རང་བཞིན་དུ་ངེས་པ་འདི་སྲིད་པར་འགྱུར་རོ། །ཇི་ལྟར་

སྲིད་སྙམ་ན་འཛིན་པ་སྔ་མའི་རྗེས་འཇུག་ཕྱིར་ཏེ་རྗེས་སུ་འཇུག་པའི་ཕྱིར་རོ། །གལ་ཏེ་མངོན་སུམ་གྱིས་དེའི་རང་བཞིན་ནམ་ཡང་མ་རྟོགས་ན་དེའི་ཚེ་ཇི་ལྟར་རྗེས་སུ་དཔག་པས་ཀྱང་རྟོགས་པར་འགྱུར་ཞེས་བསམས་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་གཞན་དང་འབྲེལ་པ་ཉིད་དུ་མངོན་
སུམ་མེད་པའི་ཕྱིར་རོ། །རང་གི་ཕྱོགས་ལ་སྐྱོན་སྤོངས་པ་ནི་རང་རིག་པ་ཉིད་ཡིན་ན་ཞེས་བྱ་བའོ། །དེ་དང་གཞན་གྱིས་བྱས་པ་ཞེས་བྱ་བ་ནི་རང་རིག་པ་དང་རིག་པ་མ་ཡིན་པས་བྱས་པའོ། །དེ་ལྟ་མ་ཡིན་ན་ནི་ཞེས་པ་རང་གི་ལུས་དང་འབྲེལ་པ་ཉིད་དུ་རྗེས་སུ་དཔག་ན་ནི་གཞན་ཡིན་ནོ་ཞེས་བྱ་བ་རང་གི་བློའོ། །འདི་
ལ་ལན་ནི་བདག་གི་ཞེས་བྱ་བ་ལ་སོགས་པའོ། །འབྱུང་བར་གྱུར་པའི་རྣམ་འགྲེལ་གྱི་དོན་བརྗོད་པ་ནི། འོན་ཏེ་ཞེས་བྱ་བའོ། །རྩོད་པ་འདི་ལ་རེ་ཞིག་རང་ཉིད་ཀྱི་སྐྱོན་བརྗོད་པ་ནི། གཟུགས་ལ་སོགས་པ་ཞེས་བྱ་བའོ། །དེའི་རང་བཞིན་གྱི་བློ་ཞེས་བྱ་བ་ནི་གཟུགས་ཀྱི་རྣམ་པ་ཅན་གྱི་བློ་འཛིན་པ་ཉིད་གཟུགས་
འཛིན་པ་ཡིན་གྱི། གཟུགས་འཛིན་པ་གཞན་ནི་ཡོད་པ་མ་ཡིན་ནོ། །གཟུགས་ཀྱི་བློ་ལ་ཡང་དེ་ལྟར་འཛིན་པ་ཡིན་ནོ་ཞེ་ན། བློ་ནི་དེ་ལྟར་འཛིན་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་བློའི་བློ་དུས་ཕྱི་མ་འབྱུང་བ་དག་ཡིན་པ་དེ་འཛིན་པ་མེད་པའི་ཕྱིར་ཏེ། བློ་གཞན་ཁས་མ་བླངས་པའི་ཕྱིར་རོ། །
དཔེར་ན་གཟུགས་ཀྱི་རྣམ་པ་ཅན་གྱི་ཤེས་པ་རིག་པ་ཉིད་གཟུགས་རིག་པ་ཡིན་པ་དེ་བཞིན་དུ་གལ་ཏེ་གཟུགས་ཀྱི་བློའི་རྣམ་པ་ཅན་རིག་པ་སྲིད་ན་ནི། དེའི་ཚེ་རིག་པ་ཞིག་ན་འོན་ཀྱང་བློའི་རྣམ་པ་ཅན་གྱི་ཤེས་པ་རིག་པ་ནི་སྲིད་པ་མ་ཡིན་ཏེ་ཐ་དད་པ་མི་སྲིད་པའི་ཕྱིར་དང་། རང་རིག་པ་ནི་ཁས་མ་བླངས་པའི་ཕྱིར་རོ། །
བློའི་བློ་ཡང་ཞེས་བྱ་བ་ནི། གཟུགས་ཀྱི་བློའི་བློ་གང་ཡིན་པ་དེ་ཡང་འཛིན་པ་དེ་དེའི་འཛིན་པར་བྱེད་པ་ཡང་གཞན་ཡིན་ན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འགྱུར་ན་ནི་ཞེས་བྱ་བ་ནི་ཐུག་པ་མེད་པར་འགྱུར་བའོ། །ཐམས་ཅད་མ་བཟུང་བ་ཉིད་དུ་བ་ནི་གཅིག་མ་གྲུབ་ན་ཐམས་ཅད་མི་འགྲུབ་པོ་ཞེས་དགོངས་
པའོ། །གཟུགས་ཀྱི་བློའི་བློ་གང་ཡིན་པ་དེ་མ་བཟུང་བ་ཉིད་པ་ཡིན་ན་སྟེ། འཛིན་བྱེད་ཀྱི་བློ་ཕྱི་མ་མེད་ནའོ། །དེ་ཞུགས་པ་ཞེས་བྱ་བ་ནི་གཟུགས་ཀྱི་བློའི་བློ་ལ་ཞུགས་པའི་གཟུང་བ་གཟུགས་ཀྱི་བློའི་མཚན་ཉིད་དོ། །དེ་ལྟ་མིན་ན་གཟུགས་ཀྱི་བློ་མ་རྟོགས་ན་གཟུགས་ཀྱི་བློའི་བློ་གང་ཡིན་པ་དེ་མ་

བཟུང་བ་ཉིད་ཡིན་ན་སྟེ། འཛིན་བྱེད་ཀྱི་བློ་ཕྱི་མ་མེད་ནའོ། །དེ་ཞུགས་པ་ཞེས་བྱ་བ་ནི་གཟུགས་ཀྱི་བློའི་མཚན་ཉིད་དོ། །དེ་ལྟ་མིན་ན་གཟུགས་ཀྱི་བློ་མ་རྟོགས་ན། གཟུགས་ཀྱི་བློ་མ་ཞུགས་པའི་གཟུགས་ཀྱང་མི་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྣམ་འགྲེལ་ལ་བརྗོད་པའི་གནོད་བྱེད་བརྗོད་པ་ནི་བློའི་
བློས་ཞེས་བྱ་བའོ། །ཅི་སྟེ་བློ་དང་པོའི་ཞེས་བྱ་བ་ནི་གཟུགས་ཀྱི་བློ་གཅིག་ཏུ་དེའི་དེ་མ་ཐག་ཏུ་ནི་བློའི་བློའོ། །དེ་བཞིན་དུ་ཡང་གཟུགས་ཀྱི་བློ་དེ་ནས་ཡང་དེའི་བློའི་བློ་ཡིན་ན་ཞེས་བྱ་བའི་དོན་ཏོ། །འཆད་པར་འགྱུར་རོ་ཞེས་བྱ་བ་ནི། རྒྱུན་མི་འཆད་པར་སྣང་མི་འགྱུར། །ཞེས་བྱ་བ་དེར་རོ། །གཅིག་ཏུ་ནི་
རིགས་གཅིག་པར་རོ། །མངོན་སུམ་དུ་གཅིག་ཉིད་ཅེས་བྱ་བ་ནི་མངོན་སུམ་གྱི་ངོ་བོར་གཅིག་པ་ཉིད་གང་ཡིན་པ་དེ་དང་ལྡན་པར་རྟོགས་པར་མི་འགྱུར་རོ། །རིགས་གཅིག་པའི་བློ་མངོན་སུམ་གྱི་རང་བཞིན་གཅིག་ཏུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེས་རྣམ་པར་ཆད་པར་ཞེས་བྱ་བ་སྟེ། བློ་དེ་
ལ་རིགས་མཐུན་པའི་རིགས་བློ་སྔ་མ་དང་། ཕྱི་མ་རྣམས་རྣམ་པར་ཆད་པར་སྣང་བ་ཡིན་གྱི། རྒྱུན་མི་འཆད་པའི་ངོ་བོར་ནི་མ་ཡིན་ནོ། །གཅིག་སྣང་བ་ན་གཉིས་པ་སྣང་བ་མེད་པར་ཐལ་བའི་ཕྱིར་རོ། །དེ་ལྟར་ཡིན་དང་གང་གི་ཚེ་བློ་སྔ་མ་གཅིག་སྣང་བ་དེའི་རྗེས་ཐོགས་ལ་བློ་གཞན་སྣང་བ་དེའི་ཚེ་བློ་སྔ་མ་མི་སྣང་
བའི་ཕྱིར་དེ་ལ་ལྟོས་ནས་བློའི་བློ་དྲན་པར་འགྱུར་རོ་ཞེས་སྔར་བརྗོད་ཟིན་ཏོ། །ཀྱང་གི་སྒྲ་ནི་དེ་ལྟར་ན་ཡང་ཞེས་བྱ་བའི་དོན་ལ་ཡིན་ཏེ་དེ་ལྟ་ན་ཡང་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཤེས་པ་གང་གིས་བརྡར་བྱ་མི་ནུས་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་རྟོག་པ་མེད་པའི་འཛིན་པ་གང་ཡིན་པའི་གཟུང་
བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུར་གྱུར་པའི་གཟུང་བར་བྱ་བ་རང་གི་ངོ་བོ་འཛིན་པ་གང་ལ་ཡོད་པ་ཞེས་དེ་ལ་ཡང་འབྲུ་མང་པོས་བསྡུ་བའོ། །གཞན་དང་ཡང་ཞེས་བྱ་བ་ནི་ལྷན་ཅིག་པའི་དོན་གྱི་གསུམ་པ་ཡིན་ལ། རང་གི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་བྱེད་པ་པོའི་གསུམ་པའོ། །དེ་བཞིན་དུ་ཡིན་པར་
ཁས་བླངས་ན་ནི། དེའི་ཚེ་གཟུགས་ལ་སོགས་པ་ཡང་བྱེད་པ་པོ་འཛིན་བྱེད་གཞན་གྱིས་སྒྲའི་ཆོས་གཞན་དང་ལྷན་ཅིག་སྦྱོར་བར་ནུས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་གི་ངོ་བོས་ཞེས་བྱ་བ་ལ་སོགས་པའོ། །འོ་ན་སྣང་བ་མ་ཡིན་པའི་ཕྱིར་རོ་ཞེ་ན། རང་གི་ངོ་བོས་སྣང་བ་མ་ཡིན་པ་ཞེས་གསུངས་སོ། །མི་

སྣང་བ་ལ་ནི་རང་གི་ངོ་བོ་རྟོགས་པ་ཉིད་མེད་པར་དེ་སྦྱོར་བར་ཅི་ལྟར་འགྱུར། དེ་དང་དོན་གཅིག་ན་ཞེས་བྱ་བ་ནི་སྒྲ་དེ་དང་དོན་གཅིག་པ་དེ་རྟོགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །དེའི་དོན་ཞེས་བྱ་བ་ནི་སྤྱོད་པ་པའིའོ། །དེ་ལྟ་ཡིན་ན་ནི་འདི་བ་ལང་ངོ་སྙམ་པའི་རྣམ་པ་དང་།
བཅས་པ་སྒྲའི་རྣམ་པ་དང་། འདྲེས་པའི་ཤེས་པ་ནི་ཁྱད་པར་ཏེ་རང་གི་མཚན་ཉིད་འཛིན་པ་མ་ཡིན་ནོ། །ཁྱད་པར་སྒྲ་དང་སྦྱོར་བ་མེད་པའི་ཕྱིར་རོ། །རྒྱུ་ཐ་དད་པ་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བ་ཡིན་ནོ། །བརྡའི་དུས་དེ་བརྡའི་ཚེ་ཉམས་སུ་མྱོང་བའི་སྒྲ་གང་ཡིན་པ་དེས་གོམས་པ་ཞེས་བྱ་བའི་བག་ཆགས་གཞན་
པ་གང་ཡིན་པ་དེའི་སྟོབས་ཉིད་ལ་སྟེ། པདྨའི་དབང་གིས་སྐྱེ་བའང་ཡིན་ནོ། །ཉིད་ཀྱི་སྒྲའི་རྣམ་པར་གཅད་པར་བྱ་བ་བརྗོད་པ་ནི་མིག་ལ་སོགས་པ་ཞེས་བྱ་བའོ། །སྤྱིའི་རྣམ་པ་ཉིད་ཀྱང་ཞེས་བྱ་བ་ནི་མི་འདྲ་བ་རྣམས་ལ་ཡང་བ་ལང་བ་ལང་ཞེས་ནང་གི་བའི་མཚན་ཉིད་དོ། །དེ་མིག་ལ་སོགས་པ་ལས་མི་
འབྱུང་བ་ཅིའི་ཕྱིར་ཞེ་ན། བཤད་པ་མིག་ལ་སོགས་པ་ཡོད་ཀྱང་ཞེས་བྱ་བའོ། །དེ་དང་རྗེས་སུ་མཐུན་པའི་བག་ཆགས་གང་ཡིན་པ་དེ་དང་བྲལ་བའི་སེམས་གང་ལ་ཡོད་པའི་སྐྱེས་བུ་ལ་སྒྲ་དང་སྤྱིའི་རྣམ་པ་དེ་མེད་པའི་ཕྱིར་རོ། །མིག་ལ་སོགས་པའི་རྒྱུ་རྗེས་སུ་འབྲེལ་པ་ལ་སྣང་བས་དོན་གང་ཡིན་པ་དེ་དང་ལྷན་
ཅིག་འདི་བ་ལང་ཞེས་བྱ་བའི་རྣམ་པ་འདིས་གཞི་མཐུན་པའོ། །དེ་དང་ཞེས་བྱ་བ་ནི་མངོན་སུམ་གྱི་གཟུང་བ་དང་ངོ་། །དེ་འཛིན་པའི་ཤེས་པ་མངོན་སུམ་གྱི་མཚན་ཉིད་དང་། མིག་ལ་སོགས་པའི་རྒྱུན་གཅིག་ལ་རག་ལས་པའི་ཤེས་པ་གང་ཡིན་པ་དེ་འདིའོ་སྙམ་པས་དེས་གཟུང་བ་མ་ཡིན་པར་མངོན་སུམ་ལ་
སྣང་བའི་གེག་ལ་སོགས་པར་མི་འགྱུར་ཏེ། གཞན་གྱི་གཟུང་བ་དེ་དང་ཡང་གཞི་མཐུན་པ་ཅན་ཉིད་སྲིད་པའི་ཕྱིར་རོ། །ད་ནི་གཞི་མཐུན་པ་ཉིད་མི་སྲིད་དོ་ཞེས་བརྗོད་པ་ནི། རྣམ་པ་གཉིས་ཞེས་བྱ་བ་སྟེ་གསལ་བ་དང་མི་གསལ་བའི་རྣམ་པ་གཉིས་ཉམས་སུ་མྱོང་བ་དེ་ལས་མ་གཏོགས་པའིའོ། །ཁྱད་
པར་མེད་པ་ཉིད་བསྟན་པའི་དོན་དུ་གཞན་གྱི་བརྗོད་པ་ནི་རང་བཞིན་གཉིས་ཞེས་བྱ་བའོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པར་གཞི་མཐུན་པ་མེད་པ་ཉིད་དུ་སྟོན་པར་བྱེད་དོ། །ཤེས་པ་འདི་གཉིས་པོ་འབའ་ཞིག་ཅེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ཤེས་པ་གཅིག་ཡིན་ལ་འདི་ཞེས་བྱ་བ་ནི་ཤེས་པ་

གཉིས་པ་ཡིན་ནོ། །གཉིས་སུ་སྣང་བ་གཞན་ལ་ཞེས་བྱ་བ་ནི་བུམ་པ་དང་སྣམ་བུ་ལ་སོགས་པའོ། །བག་ཆགས་ཞེས་བྱ་བ་ནི་ལན་ནོ། །བག་ཆགས་སད་པ་ཡང་གཞན་ལ་ཅི་སྟེ་མེད་སྙམ་ན་དོན་བྱ་བའི་ཞེས་གསུངས་སོ། །ཤེས་པ་གཉིས་ཞེས་བྱ་བ་ནི་གཞན་སྨྲས་ལའོ། །ལན་ནི་བག་ཆགས་ཞེས་
བྱ་བའོ། །རྣམ་པར་རྟོག་པ་དང་བཅས་པ་དང་། ལྷན་ཅིག་རྐྱེན་རྒྱུ་གཅིག་མངོན་སུམ་གང་ལ་ཡོད་པ་དེའི་དངོས་པོ་ཉིད་དོ། །རྟོགས་པ་མེད་པར་མེད་པ་ནི་ཁྱད་པར་གང་གིས་རྟོགས་པར་འགྱུར་ཞེས་བྱ་བ་འདི་ལ་གཞན་གྱི་ལན་གྱི་དོགས་པ་བསུ་བ་ནི་ཅི་སྟེ་ཞེས་བྱ་བའོ། །བདག་ཉིད་ཐམས་ཅད་དམ་རྣམ་པ་
འགའ་ཡང་སྤྱི་ལས་ཁྱད་པར་ཐ་དད་པ་མེད་པ་གང་ཡིན་པ་དེའི་ཕྱིར་གལ་ཏེ་ཁྱད་པར་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པའི་རིགས་པ་ཡིན་ན། དེའི་ཚེ་ཤེས་པ་ཀུན་གཅིག་ཏུ་འགྲོ་བར་འགྱུར་ཏེ། ཤེས་པ་ཐམས་ཅད་སྤྱི་དང་ཁྱད་པར་གྱི་རྣམ་པ་ཅན་དུ་རྟོགས་པར་འགྱུར་རོ་ཞེས་དགོངས་པའོ། །དེ་དང་ཐ་མི་
དད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྤྱི་ལས་ཐ་མི་དད་པའི་ཕྱིར་རོ། །ཁྱད་པར་དང་བཅས་པའི་སྤྱི་སྒྲའི་ཤེས་པ་ལ་མི་སྣང་བ་ཡིན་ནོ་ཞེ་ན་འདི་ལ་བརྗོད་པ་ནི་དེ་ཉིད་ཅེས་བྱ་བའོ། །ཁྱད་པར་དེ་དང་ལྷན་ཅིག་རྗེས་སུ་ཞུགས་པ་མ་ཡིན་ཏེ་འདྲེས་པ་མ་ཡིན་པ་ནིའོ། །ཕྱིས་ནི་མངོན་སུམ་གྱི་འཛིན་པའི་དུས་ནའོ། །འདི་
ལ་བ་བརྗོད་པ་ནི་འདི་ཉིད་ཅེས་བྱ་བ་སྟེ། སྔར་འབའ་ཞིག་རྟོགས་པ་གང་ཡིན་པའོ། །དེའི་ཚེ་ནི་འདྲེས་པར་གྱུར་པའི་དུས་ནའོ། །སྔར་འབའ་ཞིག་རྟོགས་པ་དེ་རྗེས་སུ་འཇུག་པ་ནི་མ་ཡིན་ནོ། །དེ་ཕྱིས་རྗེས་སུ་འཇུག་པར་མི་འགྱུར་བ་ཅིའི་ཕྱིར་ཞེ་ན། དེ་ནི་ཞེས་གསུངས་སོ། །ཁྱད་པར་དང་མི་འདྲེ་
བའི་རང་བཞིན་གང་གི་རང་གི་ཤེས་པ་སྒྲ་ལས་བྱུང་བ་ལ་སྤྱི་སྣང་བར་འགྱུར་བའི་རང་བཞིན་དེ་ཉིད་ཀྱི་སྤྱི་དེ་དེ་ཁོ་ན་སྟེ། རང་བཞིན་ཡིན་ནོ། །དཔེར་ན་ཨུཏྤ་ལ་སྔོན་པོའི་རང་བཞིན་གང་གི་རང་གི་ཤེས་པ་ལ་སྣང་བ་དེ་ཉིད་དེའི་དེ་ཁོ་ན་ཡིན་ཏེ། སེར་པོའི་རང་བཞིན་གྱིས་ནི་མ་ཡིན་པ་
བཞིན་ནོ། །ཁྱད་པར་དང་མ་འདྲེས་པ་འབའ་ཞིག་པའི་རང་བཞིན་དེ་མངོན་སུམ་གྱི་དུས་ན་མེད་ན་ནི་སྤྱི་ཉིད་མེད་པར་འགྱུར་ཏེ། སྔོན་པོ་མེད་ན་ཨུཏྤ་ལ་བཞིན་ནོ། །འདི་ཉིད་སྟོན་པ་ནི། གལ་ཏེ་སྤྱི་དེ་སྒྲ་ལས་བྱུང་བ་ཤེས་པས་མཐོང་བའི་རང་བཞིན་དེར། མངོན་སུམ་

ལ་སྣང་ན་དེའི་ཚེ་ཇི་ལྟར་རྗེས་སུ་འཇུག་པར་རྟོགས་ཏེ། འབའ་ཞིག་སྣང་བའི་ཕྱིར་མ་རྟོགས་པ་ཁོ་ནའོ། །གལ་ཏེ་སྔར་མཐོང་བའི་རང་བཞིན་འབའ་ཞིག་པ་དེར་སྣང་བ་མ་ཡིན་གྱི། འོན་ཏེ་འདྲེས་པ་ཉིད་དུ་སྣང་བ་ཡིན་པ་དེའི་ཚེ་ཡང་།
ཇི་ལྟར་རྗེས་སུ་འཇུག་པ་རྟོགས་ཏེ་སྔར་མཐོང་བའི་རང་བཞིན་ཏེ། ཞིག་པས་ནི། འདྲེན་པ་གཞན་ཁོ་ན་ཞིག་སྣང་བའི་ཕྱིར་རོ། །གལ་ཏེ་སྣང་བ་མེད་ན་དེ་ནི་གཅིག་མ་ཡིན་ལ་དུ་མ་ཡང་མ་ཡིན་ཏེ། གཅིག་དང་དུ་མ་ཉིད་ལ་དུ་མ་ཡང་མ་ཡིན་ཏེ། གཅིག་
དང་དུ་མ་ཉིད་ནི་སྣང་བ་ལ་སེམས་པའི་ཕྱིར་རོ། །སྤྱི་ཡང་མངོན་སུམ་གྱི་དུས་ན་སྣང་བ་མ་ཡིན་ཏེ། དེས་ན་ཇི་ལྟར་འགྱུར་ཞེས་དགོང་པའོ། །དེས་ན་རྒྱུ་མིག་ལ་སོགས་པ་མེད་པས་སྒྲ་ལས་བྱུང་བའི་ཤེས་པ་ལ་གཅིག་ཏུ་སྣང་བ་མེད་པའི་ཁྱད་པར་ཡང་དུ་མ་
ཉིད་ཡིན་ནོ། །འོན་ཏེ་ཁྱད་པར་ཁོང་དུ་ཆུད་པར་ཁས་ལེན་ཏེ། མིག་ལ་སོགས་པས་ཁྱད་པར་སྐྱེས་པ་ག་ལ་ཡོད་པའི་རིག་པ་སྟེ་རིག་པ་དེ་ལས་སོ། །རྟོག་པ་དང་བཅས་པ་དང་། རྟོག་པ་མེད་པ་དག་གི་རྒྱུ་གཅིག་ཁོ་ན་ཡིན་ཏེ། དེས་ན་དེ་དང་རྒྱུ་མཚུངས་པ་ན་
གཞན་དག་ཀྱང་རྣམ་པར་རྟོག་པ་དང་བཅས་པར་འོས་པ་ཁོ་ནའོ་སྙམ་ན། རྣམ་པར་རྟོག་པ་དང་བཅས་པའི་ཞེས་གསུངས་སོ། །ཕན་ཚུན་སྤངས་ཏེ་གནས་པའི་ངོ་བོ་གང་དག་ཡིན་པའི་ཚོགས་པ་དེ་དག་གི་སྟོབས་ཀྱིས་བསྐྱེད་པའི་དབང་པོའི་རྣམ་པར་ཤེས་པ་ཉིད་ཀྱི་ངོ་བོར་གྱུར་པའི་རྟོགས་པ་གང་ཡིན་པ་དེ་
གཉིས་ལ་དེ་སྐད་ཅེས་བརྗོད་དོ། །རང་གི་ངོ་བོ་སྟེ་རང་བཞིན་གྱི་ཚོགས་པ་གང་ཡིན་པ་དེ་ལས་འབྱུང་བ་སྐྱེས་པ་དེ་ལ་བརྟེན་པ་ལ་དེ་སྐད་ཅེས་བྱ་བའོ། །གཅིག་ནི་རང་བཞིན་དང་ཞེས་བྱ་བའི་དོན་ཏོ། །ཚོགས་པ་ཐ་དད་པ་བརྗོད་པ་ནི་སྦྱོར་བ་ནི་ཞེས་བྱ་བའི་དོན་ཏོ། །དེ་ལ་ནི་ཞེས་བྱ་བ་ནི་དབང་པོའི་རྣམ་པར་ཤེས་
པ་ལའོ། །རྒྱུ་མེད་པ་ཉིད་བརྗོད་པ་ནི། རྒྱུ་མེད་པ་ཞེས་བྱ་བའོ། །ཕྱི་རོལ་སྒྲ་དང་སྤྱི་ལ་སོགས་པ་དང་འབྲེལ་པར་ཁས་བླངས་ནས་རྣམ་པར་རྟོག་པ་མེད་པ་ཉིད་སྒྲུབ་པ་དོན་དུ་བརྗོད་པ་ནི་དེ་ཡང་མི་བདེན་ཏེ་ཞེས་བྱ་བའོ། །གང་ཞིག་དང་འབྲེལ་པ་དེ་ནི་དེར་སྣང་བ་ཁོ་ན་ཡིན་ན། དེས་ན་ཅི་སྟེ་ཚད་མའི་ཡུལ་དུ་

འགྱུར་བ་མ་ཡིན་སྙམ་ན། དེ་ལྟ་ཡིན་ན་ཞེས་གསུངས་སོ། །འོན་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །ཕྱོགས་འདི་ལ་ཡང་རེ་ཞིག་སྒྲ་དང་འདྲེས་པ་ནི་མེད་དོ་ཞེས་བརྗོད་པ་ནི། དེ་ཡང་མི་བདེན་ཏེ་སྒྲ་མི་འཛིན་པ་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་སྣམ་བུ་ལ་སོགས་པ་ལ་སྒྲ་ཡོད་ནའོ། །
ཐེ་ཚོམ་ཟ་བར་མཐོང་བ་ཉིད་དུ་སྒྲུབ་པ་ནི་དོན་ཏེ་ཞེས་བྱ་བ་སྟེ། སྣམ་བུའི་མཚན་ཉིད་ཀྱི་དོན་ཏེ་མངོན་སུམ་གྱིས་གྲུབ་ཀྱང་རྗོད་པར་བྱེད་པའི་བྱེ་བྲག་སྣམ་བུ་ལ་སོགས་པའི་སྒྲ་མི་དྲན་པའི་ཕྱིར་རོ། །གལ་ཏེ་སྣམ་བུ་ལ་སོགས་པ་ལ་མེད་པའི་ཕྱིར་སྒྲ་ལ་སོགས་པ་མངོན་སུམ་ལ་མི་སྣང་མོད་མཚུངས་པའི་རྣམ་པ་
ཉིད་ནི་འགྱུར་རོ་སྙམ་པ་ནི་མཚུངས་པའི་རྣམ་པ་ཉིད་དུ་ན་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །གང་གི་ཚེ་དང་པོ་ཁོ་ནར་བ་ལང་མཐོང་བ་དེའི་ཚེ་མཚུངས་པའི་རྣམ་པ་ཉིད་དུ་ངེས་པ་ཡང་མེད་དོ་ཞེས་བྱ་བར་བསམས་པའོ། །འདི་བ་ལང་ངོ་སྙམ་པ་ལ་སོགས་པའི་ཤེས་པ་རྣམ་པར་རྟོག་པ་དང་བཅས་
པ་ནི་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་འབྲེལ་ཏེ་མ་ལྟོས་པར་ནི་ཞེས་བྱ་བ་ནི་བརྡ་དྲན་པ་ལ་ཞེས་འབྲེལ་ཏོ། །ལྷན་ཅིག་བྱེད་པ་གཞན་དག་ཀྱང་བསྟན་པའི་ཕྱིར་བརྗོད་པ་ནི་གང་གི་ཚེ་ཞེས་བྱ་བའོ། །རྒྱུ་དེས་ན་བརྡ་མ་བཟུང་བ་དང་སྔོན་མཐོང་བ་དང་བྲལ་བ་ལ་ནི་འདི་བ་ལང་ངོ་སྙམ་པའི་ཤེས་པ་མི་འགྱུར་བ་ཉིད་དེ། བརྡ་འཛིན་པ་
དང་སྔོན་མཐོང་བ་ལྷན་ཅིག་བྱེད་པ་མེད་པའི་ཕྱིར་རོ། །དེ་དང་ཞེས་བྱ་བ་ནི་སྔོན་མཐོང་བ་དང་ངོ་། །རེ་ཞིག་སྔར་ཉམས་སུ་མྱོང་བ་ཡོད་པ་ཡིན་ནོ་ཞེས་བསྒྲུབས་ནས་དྲན་པ་ཡང་ཡོད་དོ་ཞེས་སྟོན་པ་ནི་སོ་སོར་པའི་ཞེས་བྱ་བའོ། །སྔོན་གྱི་སེམས་སུ་མྱོང་བ་དང་དྲན་པ་དག་སྲིད་པར་བརྗོད་ནས་ཕྱོགས་ཀྱི་ཆོས་ཉིད་
ཡོད་པར་སྒྲུབ་པའི་དོན་དུ། ད་ལྟར་བའི་རྟགས་མཐོང་བ་སྟོན་པ་ནི་སོ་སོར་ངེས་པའི་ཞེས་བྱ་བའོ། །མཐོང་བ་ཁོ་ནར་སད་བྱེད་དུ་འགྱུར་རོ་སྙམ་ན། སོ་སོར་ངེས་པའི་ཞེས་གསུངས་སོ། །རྒྱུ་དེས་མངོན་སུམ་གྱིས་གཟུང་བའི་དོན་དེ་མཐོང་བ་ནའོ། །དེ་དྲན་པ་ན་ཞེས་བྱ་བ་ནི་རྗོད་པར་བྱེད་པ་དྲན་པའི་བྱ་
བ་ལའོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །འགའ་ཞིག་མངོན་སུམ་གྱི་ཁྱབ་པ་གདོན་མི་ཟ་བར་རྟོགས་དགོས་ཏེ། དེ་ལྟ་མ་ཡིན་ན་རྗེས་སུ་དཔག་པ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་བསམས་པའོ། །ཆ་ཤས་ཞེས་བྱ་བ་ནི་ལན་ནོ། །ཆ་ཤས་རྣམ་པ་ཉིད་ཇི་ལྟར་ཅི་ཡིན་ཞེ་ན། ཆ་

ཤས་རྣམས་ཀྱི་མཚུངས་པ་ཡང་ཞེས་བྱ་བ་ནི་དེ་འདྲ་བའི་ཞེས་བྱ་བའོ། །ཡན་ལག་ཆ་ཤས་ཀྱི་བྱེ་བྲག་རྣམས་སོ། །ཇི་ལྟར་ཞེ་ན་ཇི་སྲིད་དུ་ཞེས་བྱ་བའོ། །དབང་པོའི་བྱེད་པས་སྦྱོར་བ་ནི་ཞེས་བྱ་བ་ནི་བ་ལང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྟེ། དེ་ནི་མངོན་སུམ་ཁོ་ནའོ། །དེ་ལྟ་ཡིན་ན་
ཞེས་བྱ་བ་ནི་ལན་ནོ། །ཕྱོགས་འདི་ན་ནི་མེའོ་ཞེས་བྱ་བའི་རྣམ་པ་འདིས་ས་ཕྱོགས་དང་མེ་སྦྱོར་བར་བྱེད་པ་གང་ཡིན་པ་དེ་ནི་དབང་པོའི་བྱེད་པ་དང་བྲལ་ན་འགྱུར་བ་མ་ཡིན་ནོ། །གལ་ཏེ་དབང་པོའི་བྱེད་པ་དང་མ་བྲལ་བར་མངོན་སུམ་གྱིས་སྦྱོར་བ་ཡིན་ན་རྗེས་སུ་དཔག་པ་ཇི་ལྟར་མངོན་སུམ་ཉིད་མི་འགྱུར་ཏེ། འགྱུར་
བ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྦྱོར་བ་ནི་ཞེས་བྱ་བ་ནི་ཕྱོགས་དང་མེ་སྦྱོར་བ་ནའོ། །ཕྱོགས་ཙམ་ལ་ནི་ཞེས་བྱ་བ་ནི་ཕྱོགས་ཙམ་གྱི་ཡུལ་ལ་མངོན་སུམ་སྐྱེ་བ་ཡིན་ལ། ཕྱོགས་དང་མེ་སྦྱོར་བ་ནི་རྗེས་སུ་དཔག་པ་ལས་ཡིན་ནོ། །ཡང་ཇི་ལྟར་མེ་སྦྱོར་བ་ཉིད་མངོན་སུམ་མ་ཡིན་ཞེ་ན། མེ་ལ་ཞེས་
གསུངས་ཏེ། གང་གི་ཕྱིར་མེའི་ཡུལ་ལ་དབང་པོའི་ཤེས་པ་མེད་པ་དེའི་ཕྱིར། ཇི་ལྟར་དེ་སྦྱོར་བ་མངོན་སུམ་དུ་འགྱུར། གལ་ཏེ་མངོན་སུམ་གྱིས་མེ་མ་བཟུང་བ་དེ་ལྟ་ན་ཡང་དེ་སྦྱོར་བ་ནི་མངོན་སུམ་དུ་འགྱུར་རོ་ཞེ་ན། གང་གི་ཕྱིར་མ་བཟུང་བ་ནི་སྦྱོར་བ་མ་ཡིན་ནོ། །རྗེས་སུ་དཔག་པ་ཁོ་ན་ལས་ཞེས་བྱ་བ་ནི།
མངོན་སུམ་ལས་མ་ཡིན་པའོ། །མངོན་སུམ་གྱིས་མ་བཟུང་བ་ཞེས་བྱ་བ་ནི་མེ་ལ་སོགས་པའོ། །དེ་དང་ཞེས་བྱ་བ་ནི་ས་ཕྱོགས་དང་མེ་རྟོགས་པ་ནི་མེ་ལ་སོགས་པ་སྟེ་མངོན་སུམ་གྱིས་སོ། །དེ་དང་ལྡན་པས་ནི་ཕྱོགས་དང་ལྡན་པར་རྟོགས་སོ་ཞེས་བྱ་བ་ནི་རང་གི་ཚིག་དང་འགལ་བ་ཡིན་ནོ། །གང་
ལ་རྟོགས་པ་ཙམ་ཉིད་མེད་པ་དེ་ལ་རྟོགས་པའི་ཁྱད་པར་ཇི་ལྟར་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་རེ་ཞིག་གྲུབ་པའི་མཐའ་བས་མངོན་སུམ་གྱིས་ནི་སྦྱོར་བ་མི་སྲིད་དོ་ཞེས་བསྟན་པ་ན། གཞན་དག་རྗེས་སུ་དཔག་པས་མི་སྲིད་དོ་ཞེས་བརྗོད་པ་ནི། རྗེས་སུ་དཔག་པའི་ཞེས་བྱ་བ་ལ་སོགས་པའོ། །
རི་ལ་སོགས་པའི་ཕྱོགས་ལ་ནི་རྗེས་སུ་དཔག་པ་འཇུག་པ་མ་ཡིན་ནོ། །གལ་ཏེ་ཕྱོགས་སུ་དཔག་པས་མ་རྟོགས་ཀྱང་མེ་དང་སྦྱོར་རོ་སྙམ་ན་མ་བཟུང་བ་ནི་ཞེས་སྨྲས་སོ། །འོ་ན་ཕྱོགས་ཀྱང་རྗེས་སུ་དཔག་པས་རྟོགས་སོ་སྙམ་ན། མངོན་སུམ་དོན་ནི་ཞེས་བྱ་བའོ། །ས་ཕྱོགས་རྗེས་སུ་དཔག་པར་བྱ་བར་

ཁས་ལེན་ན་ནི་མངོན་སུམ་ཉིད་དུ་མི་འགྱུར་རོ། །འོན་ཏེ་ཚད་མའི་རྣམ་པར་གཞག་པ་ཚོལ་བའི་ཕྱིར་ན་མངོན་སུམ་གྱི་ཡུལ་གང་ཡིན་པ་དེ་ཉིད་རྗེས་སུ་དཔག་པར་བྱ་བ་ཡིན་ནོ་སྙམ་ན་ཚད་མའི་རྣམ་པར་གཞག་པ་ཉམས་པར་ནི་མི་འདོད་དོ་ཞེས་གསུངས་སོ། །འདི་ལ་གྲུབ་པའི་མཐའ་བས་བརྗོད་པ་ནི་དོན་དམ་
དུ་ནི་ཞེས་བྱ་བའོ། །འོ་ན་ཕྱོགས་དང་མེ་ཇི་ལྟར་སྦྱོར་སྙམ་ན། རྣམ་པ་དེ་ལྟའི་ཞེས་བྱ་བའོ། །གཉི་གའི་ཞེས་བྱ་བ་ནི་མངོན་སུམ་དང་རྟགས་ངེས་པའིའོ། །མངོན་སུམ་ནི་རི་ལ་སོགས་པ་ཙམ་འཛིན་པ་ཡིན་ལ་རྗེས་སུ་དཔག་པ་ནི་རྟགས་ཉིད་དེ་རྗེས་སུ་དཔག་པའི་རྒྱུ་ཡིན་པའི་ཕྱིར་དང་ཤེས་པར་བྱེད་
པའི་རྒྱུའི་སྐབས་ཡིན་པའི་ཕྱིར་རོ། །ངེས་པ་ཡང་ཤུགས་ཀྱིས་འཐོབ་སྟེ། དེས་མངོན་སུམ་དང་རྟགས་ངེས་པའི་རྗེས་སུ་བྱུང་བ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་རྣམ་པར་བརྗོད་པ་ནི། འདི་ནི་འདི་ལའོ་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །འདིའི་རྒྱུ་མཚན་བརྗོད་པའི་དོན་དུ་ཕྱོགས་
སྔ་མ་འགོད་པ་བརྗོད་པ་ནི་རྗེས་སུ་དཔག་པ་ཡང་ཇི་ལྟར་སྦྱོར་བར་བྱེད་པའི་རང་བཞིན་དུ་སྐྱེ་བ་ཡིན་ཞེས་བྱ་བའོ། །ལན་བརྗོད་པ་ནི་མངོན་སུམ་གྱིས་དེ་ལྟར་གཟུང་བའི་ཕྱིར་རོ་ཞེས་བྱ་བ་སྟེ། ཆད་པ་ལ་སོགས་པ་གཞན་དུ་གཉི་གའི་རང་བཞིན་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དབང་པོའི་རྣམ་པར་ཤེས་
པ་དྲན་པ་ལས་ཀྱང་འགྱུར་བ་ནི། དེའི་ཚེ་དུས་གཞན་དུ་ཞེས་བྱ་བ་དོན་མེད་པའི་དུས་སུ་ཡང་དབང་པོའི་བློ་འབྱུང་བར་འགྱུར་རོ། །འོན་ཏེ་དུས་གཞན་དུ་ནི་དྲན་པ་ཡང་མེད་པ་ཁོ་ན་ཡིན་པ་དེས་ན་ཇི་ལྟར་དབང་པོའི་རྣམ་པར་ཤེས་པ་སྐྱེ་སྟེ། རྒྱུ་མེད་པར་ཕྱིར་རོ་ཞེ་ན། འབའ་ཞིག་ལ་ཞེས་གསུངས་སོ། །དེའི་ཚེ་
སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི་དོན་མེད་པའི་དུས་ནའོ། །གང་གི་ཕྱིར་དབང་པོའི་རྣམ་པར་ཤེས་པའི་རྒྱུར་གྱུར་པ་དྲན་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་ཅན་གཞན་སྲིད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པར་བསྡེབས་སོ། །དེ་ཁོ་ན་དེ་ལྟར་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པའི་ཤེས་པའི་རྒྱུ་ཉིད་དུའོ། །གཉིས་
ཞེས་པ་ནི་རྣམ་པར་རྟོག་པ་དང་བཅས་པ་དང་རྟོག་པ་མེད་པའོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དྲན་པ་དང་བྲལ་བས་སོ། །དེ་ལྟར་ཞེས་བྱ་བ་ནི་ལྷན་ཅིག་པ་ཉིད་དུའོ། །མངོན་སུམ་སྐྱེད་པ་ན་དྲན་པ་དབང་པོ་ལ་ལྷན་ཅིག་པ་ཉིད་དུ་མཐོང་བ་ཁོ་ནའོ་ཞེ་ན་དྲན་པས་ནི་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་

གྱིའོ། །མིག་ལ་སོགས་པའི་ཤེས་པ་དྲན་པ་ངེས་པའི་རང་བཞིན་དུ་བྱེད་པ་ཡིན་ནོ་ཞེས་སྦྱར་རོ། །ལན་ནི་དེ་ཡང་ཞེས་བྱ་བའོ། །རང་བཞིན་དེ་ཞེས་བྱ་བ་ནི་མངོན་སུམ་གྱིས་གཟུང་བའི་རང་བཞིན་ལྷག་ཆད་མེད་པར་རོ། །ཐ་དད་མེད་ཕྱིར་ཞེས་བྱ་བ་ནི་མངོན་སུམ་སྔ་མའི་ཡུལ་དེའོ། །
དེ་དངོས་མེད་ན་ཞེས་བྱ་བ་ནི་ངེས་པའོ། །འོན་ཏེ་དེ་ལ་ཞེས་བྱ་བ་ནི་ངེས་པ་ལའོ། །དེ་ཞེས་བྱ་བ་ངེས་པའི་ཤེས་པའོ། །དབང་པོའི་ཤེས་པ་ལས་རང་བཞིན་གཞན་དུའོ། །དེ་ཉིད་ལ་ཞེས་བྱ་བ་ནི་མངོན་སུམ་གྱི་མཐོང་བ་ཉིད་ལ་འཇུག་པའོ། །འདིའི་ཞེས་བྱ་བ་ནི་རྣམ་པ་འདིས་འཇུག་པའི་རྣམ་རྟོག་མེད་
པ་ཉིད་དུ་འགྱུར་ཏེ། ཡིད་ཀྱི་མངོན་སུམ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་ཐ་དད་དོ། །དོན་བྱ་དང་སོགས་པའི་སྒྲས་ནི་རིགས་ལ་སོགས་པ་དང་འབྲེལ་པ་གང་ཡིན་པ་དང་། དེ་ཉིད་ཀྱི་སྔ་མ་དང་ཕྱི་མར་ཏེ་གཉིས་པོ་དེར་མི་རྟོགས་པའི་ཕྱིར་རོ། །གལ་ཏེ་དོན་དང་འབྲེལ་པ་ལ་སོགས་པ་རྣམ་པར་རྟོག་པར་མི་བྱེད་
མོད། དེ་ལྟ་ན་ཡང་འདི་ནི་རྣམ་པར་རྟོག་པ་ཉིད་ཡིན་ནོ་ཞེ་ན། རྣམ་པར་རྟོག་པར་མི་བྱེད་པ་ཉིད་ནི་ཞེས་སྨོས་སོ། །དེ་ནི་ཞེས་བྱ་བ་ནི་གསལ་བའི་རྣམ་པ་ཅན་མངོན་སུམ་གྱི་ཡུལ་ནི་དེ་ལྟར་ཞེས་བྱ་བ་རྣམ་པ་གསལ་བ་ཉིད་དུའོ། །དེ་མེད་ན་ཞེས་བྱ་བ་ནི་དྲན་པ་མེད་ནའོ། །དེའི་རང་བཞིན་དུ་ཤེས་པ་
ཞེས་བྱ་བ་ནི། དེའི་རྣམ་པ་གསལ་བར་འཛིན་པའི་ཤེས་པའོ། །ཡོད་ཀྱང་ཞེས་བྱ་བ་ནི་ཡོད་པ་མིན་ཡང་འདིའོ་ཞེས་བྱ་བར་སྣང་བ་དེས་ནི་ཁྱད་པར་གཞན་ཡོད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། ཐ་དད་པར་རྟོགས་པའི་ཁྱད་པར་གཞན་རྟོགས་པ་མེད་པའི་ཕྱིར་རོ། །འཇུག་པ་ལ་ཞེས་བྱ་བ་ནི་དོགས་པ་
བསུ་བ་སྟེ། འདི་ཞེས་བྱ་བར་སྣང་བ་ཞེས་འབྲེལ་ཏོ། །ལན་ནི་དེ་མེད་ཀྱང་ཞེས་བྱ་བ་སྟེ་ཞེས་བྱ་བ་ནི་སྣང་བ་མེད་ཀྱང་ངོ་། །འབྲེལ་པ་གྲུབ་པ་སྟེ་སྒྲ་དང་འདྲེས་པ་ངེས་པར་བྱ་བའི་དོན་དུའོ། །དེ་ཞེས་བྱ་བ་ནི་མངོན་སུམ་གྱི་ཡུལ་གྱི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ནི་སྒྲ་དང་འདྲེས་
པ་ཉིད་དུ་མ་གྲུབ་ན། དེའི་ཚེ་མངོན་སུམ་གྱི་ཡུལ་གྱི་དོན་དེ་རྟོགས་པ་ལ་དྲན་པ་མི་མཁོ་བར་འགྱུར་རོ། །འཇུག་པ་ལ་མཁོ་བ་ཡིན་ནོ་ཞེས་སྨྲས་ཟིན་ཏོ་ཞེ་ན་དང་པོའི་ཞེས་སྨོས་སོ། །འཇུག་པར་བྱེད་པ་ཡང་ཞེས་བྱ་བ་ནི། འཇུག་པ་ལ་ཡང་བྱེད་པ་ཡོད་པ་མ་ཡིན་ནོ་

ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྣམ་པར་རྟོག་པས་དགོས་པ་མེད་ན་དེའི་ཚེ་འདི་ཅིའི་དོན་དུ་འཇུག་ཅེ་ན། འདི་ནི་ཞེས་གསུངས་སོ། །དེས་ཞེས་བྱ་བ་ནི་མིག་ལ་སོགས་པའི་བློས་སོ། །སྤྱི་གཟུང་བ་ན་ཡང་བ་ལང་ཇི་ལྟ་བུ་ཞིག་ཅེས་ཁྱད་པར་འཛིན་པ་ལ་ལྟོས་པར་རྟོགས་པ་ནི་འཇིག་
རྟེན་ན་མཐོང་བ་ཡིན་ནོ། །དེ་ལ་ནི་དབང་པོའི་རྣམ་པར་ཤེས་པ་ལའོ། །མདུན་ན་གནས་པའི་གཟུགས་ཙམ་ལ་མི་འཇུག་པར་རྟོགས་ཏེ་ཤེས་པ་ཡིན་ནོ། །མདུན་ན་གནས་པ་ཙམ་ལ་མི་འཇུག་པ་མཐོང་གི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ཡིན་མོད་དེ་ལྟ་ན་ཡང་བྱེད་པ་
གཞན་ལ་འཇུག་གོ་སྙམ་ན། གཞན་དུ་ཞེས་གསུངས་སོ། །དྲན་པའི་འོག་རོལ་གྱི་དུས་སུའམ་དྲན་པ་ལས་སྔར་མངོན་སུམ་སྐྱེས་ཀྱང་རུང་སྟེ། རྣམ་པར་རྟོག་པ་མ་ཡིན་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། ཡུལ་ཞེས་གསུངས་ཏེ། རྣམ་པར་རྟོག་པ་དང་བཅས་པ་དང་། རྟོག་པ་མེད་པའི་ཡུལ་
གང་ཡིན་པ་དེ་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་མིག་ལ་སོགས་པ་ལ་བརྟེན་ནས་སྐྱེས་པ་གང་ཡིན་པ་དེ་ཁོ་ན་མངོན་སུམ་ཡིན་ན། འོ་ན་ནི་དེའི་ཚེ་ཡིད་ལ་སོགས་པ་མངོན་སུམ་དུ་མི་འགྱུར་ཏེ། མིག་ལ་སོགས་པ་ལ་མི་བརྟེན་པའི་ཕྱིར་རོ་སྙམ་ན། གང་ཞིག་ཅེས་གསུངས་སོ། །གཞན་ལས་ཞེས་
བྱ་བ་ནི་གོམས་པ་ལ་སོགས་པ་ལའོ། །ཡང་ན་ཞེས་བྱ་བ་ལ་སོགས་པའོ། །ཡིད་ལ་སོགས་པ་ཡང་མངོན་སུམ་གྱི་སྒྲས་བརྗོད་པར་བྱ་བ་ཉིད་དུ་བྱེ་བྲག་ཏུ་བཤད་པ་གཞན་གྱི་སྒོ་ནས་སྟོན་ཏོ། །ཅིའི་ཕྱིར་དབང་པོའི་སྒོ་ནས་བསྙད་པར་མི་འཐད་སྙམ་ན། དབང་པོའམ་ཞེས་སྨྲས་སོ། །ཟླ་བ་གཉིས་ལ་
སོགས་པའི་ཤེས་པ་ཡང་དབང་པོ་ལས་སྐྱེས་པས་ན། མངོན་སུམ་དུ་ཐལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡུལ་གྱི་རང་བཞིན་འཛིན་པ་ཐམས་ཅད་ཀྱང་མངོན་སུམ་མ་ཡིན་ཏེ། དེས་ན་དེས་ཀྱང་ཇི་ལྟར་བསྙད་སྙམ་ན། ཡུལ་གྱི་ཞེས་སྨྲས་སོ། །གལ་ཏེ་དབང་པོ་ལ་བརྟེན་པ་ཉིད་མངོན་
སུམ་ཉིད་ལས་འཁྲུལ་པ་ཡིན་མོད། དེ་ལྟ་ན་ཡང་དེས་ཐ་སྙད་བྱེད་པར་འགྱུར་རོ་ཞེ་ན། འཁྲུལ་པ་མེད་པའི་རྒྱུ་མཚན་ཞེས་སྨོས་སོ། །འདི་ལ་ནི་འཁྲུལ་པ་ཡོད་པ་དེས་ན་ཐ་སྙད་དུ་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གྲུབ་པའི་མཐའ་བརྗོད་པ་ནི་ཡུལ་གྱི་ཞེས་བྱ་བའོ། །གཞན་གྱི་དོགས་པ་བསུ་བ་ནི་དེ་

ནི་ཞེས་བྱ་བའོ། །ཡུལ་ནི་རྣམ་པར་འཇོག་པར་ནུས་པའི་རྒྱུ་ཡིན་ན་ཟླ་བ་གཅིག་ནི་དེ་ལྟ་མ་ཡིན་ཏེ། དེས་ན་ཡུལ་དུ་ཇི་ལྟར་འགྱུར། །གྲུབ་པའི་མཐའ་བརྗོད་པ་ནི་འོ་ན་ནི་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་ཟླ་བ་གཉིས་སུ་ཤེས་པ་སྐྱེད་པར་བྱེད་དོ། །ཉམས་ཀྱང་ཅི་སྟེ་
དབང་པོ་མ་ཡིན་སྙམ་ན། དབང་པོ་ནི་ཞེས་བྱ་བའོ། །དེ་ལྟར་རེ་ཞིག་དབང་པོ་ལས་སྐྱེད་པ་དང་ཡུལ་གྱིས་བསྐྱེད་པ་ཐམས་ཅད་མངོན་སུམ་ཡིན་པར་གྲུབ་པའི་མཐའ་མཚུངས་པས་བྱས་ན་གཞན་དག་གི་ཕྱོགས་སྔ་མ་འགོད་པ་ནི་དེ་ལྟ་ན་ནི་འོ་ན་ཞེས་བྱ་བའོ། །རྒྱུ་ཉིད་དུ་ཞེས་བྱ་བ་ནི་མངོན་སུམ་གྱི་
ཤེས་པའི་རྒྱུ་ཉིད་དུ་མཚུངས་པ་ཡིན་ན་དེ་ཁོ་ནར་མིག་ལ་སོགས་པས་ཐ་སྙད་བྱེད་ཀྱི་ཡུལ་གྱི་ནི་མ་ཡིན་ནོ་ཞེ་ན། རྟོག་པ་མངོན་དུ་ཞེས་སྨོས་སོ། །སྦྱར་བར་བྱ་བ་ཡང་དེའི་ཆོས་ཞེས་བྱ་བ་ནི། སྦྱར་བར་བྱ་བ་ནི་གོ་བར་བྱེད་པ་ཉིད་དེའི་ཆོས་ཏེ། ཁྱད་པར་བྱ་བ་ཡིན་ནོ། །གོ་བར་བྱེད་པ་ཉིད་སྟོན་པ་ནི་གང་
དབང་པོ་ལ་བརྟེན་པ་དེ་ཞེས་བྱ་བའོ། །གལ་ཏེ་དབང་པོ་ལ་བརྟེན་པ་ཉིད་ཡིན་ཞིང་། མངོན་སུམ་ཉིད་དུ་མི་འགྱུར་ཏེ། ཟླ་བ་གཉིས་ལ་སོགས་པའི་ཤེས་པ་བཞིན་ནོ། །དེས་ན་ཇི་ལྟར་གོ་བར་བྱེད་པ་ཡིན་སྙམ་ན། ཉམས་པས་ཞེས་གསུངས་ཏེ་དབང་པོས་སོ། །འཁྲུལ་པ་ཞེས་བྱ་བ་ནི་ཡུལ་གྱིས་བསྐྱེད་
ཀྱང་མངོན་སུམ་མ་ཡིན་པའི་མཚན་ཉིད་དོ། །དེ་ནི་ཞེས་བྱ་བ་ནི་ཟླ་བ་གཉིས་ཀྱི་ཤེས་པ་སྐྱེད་པར་བྱེད་པ་སྟེ་ཟླ་བ་གཅིག་པའོ། །ལན་བརྗོད་པ་ནི་དེ་ནི་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་ཟླ་བ་གཅིག་པའོ། །དེའི་ཚེ་དབང་པོ་མ་ཉམས་པའི་མངོན་སུམ་དུ་ཟླ་བ་གཅིག་པོ་ཇི་ལྟར་འགྱུར། དབང་པོ་ཡང་དེ་
བཞིན་དུ་འགྱུར་རོ་ཞེ་ན། དབང་པོ་ཉིད་ནི་ཞེས་སྨོས་སོ། །དེར་ཡང་ཞེས་བྱ་བ་ནི་ནས་མ་ཡིན་པའི་མྱུ་གུར་ཡང་ངོ་། །འོན་ཏེ་ཞེས་བྱ་བ་ནི་དོགས་པའོ། །ཟླ་བ་གཉིས་ཀྱི་ཤེས་པ་ལ་ནི་ཡུལ་གྱི་རང་བཞིན་འཛིན་པ་ཡོད་པ་མ་ཡིན་ནོ་ཞེས་བསམས་པའོ། །ཡུལ་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མིང་དང་
མཚན་མའི་རང་བཞིན་གྱི་ཡུལ་གྱི་རང་གི་ངོ་བོ་ཉིད་འཛིན་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ་ཞེས་བྱ་བ་ནི་སློབ་དཔོན་ཆོས་ཀྱི་གྲགས་པས་སོ། །མ་ངེས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་དོན་གྱི་མཐུ་ལས་སྐྱེས་པ་ཡང་དེའི་རྣམ་པའི་རྗེས་སུ་མི་བྱེད་པའི་ཕྱིར་རོ། །དེ་ཉིད་བརྗོད་ན་ཟླ་བ་གཉིས་ཀྱི་ཤེས་པའོ། །རིགས་

པ་འདིས་ཞེས་བྱ་བ་ནི་དོན་གྱི་མཐུ་ལས་སྐྱེས་པའི་མཚན་ཉིད་ཀྱིས་སོ། །དེ་ནི་དོན་གྱི་མཐུ་ལས་སྐྱེས་པ་མ་ཡིན་པའི་ཕྱིར་རོ། །འོ་ན་སློབ་དཔོན་གྱི་གཞུང་ཇི་ལྟར་གཞུང་གཟུགས་སྙམ་ན་དེའི་ཕྱིར་ཞེས་གསུངས་སོ། །འདིར་ཞེས་བྱ་བ་ནི་དོན་གྱི་མཐུ་ལས་ན། ཡང་དག་སྐྱེ་བ་ཡིན་ཕྱིར་རོ། །ཞེས་བྱ་བ་ནི་
འདིར་རོ་ཇི་ལྟར་ན་དབང་པོ་ལ་དོན་གྱི་ཐ་སྙད་དུ་བརྗོད་ཅེ་ན། བཤད་པ་དོན་དུ་མངོན་པར་ཞེན་པའི་ཕྱིར་རོ། །གང་གི་ཕྱིར་དབང་པོ་ལ་དོན་དུ་མངོན་པར་ཞེན་པ་ཡིན། དོན་གྱི་ཡུལ་ཅན་ཡིན་པའི་ཕྱིར། དེ་སྐད་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དབང་པོའི་རྣམ་པར་ཤེས་པ་དེ་ནི་གཟུགས་འཛིན་པར་
སོ་སོར་ངེས་པར་བྱེད་པའི་མིག་གི་སྟོབས་ཀྱིས་སྐྱེ་བ་ན་སྔོན་པོ་ལ་སོགས་པའི་རང་བཞིན་ཁོ་ནའི་རྗེས་སུ་བྱེད་པར་འགྱུར་གྱི་སྒྲའི་རྣམ་པར་ནི་མ་ཡིན་ནོ། །དེ་ལྟ་ན་ཡང་སྒྲའི་རྣམ་པ་དང་བྲལ་བའི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་དུ་འོན་ཏེ་གཞན་གྱི་སྟོབས་ཀྱིས་གཟུགས་ཀྱི་ངོ་བོ་
རྗེས་སུ་བྱེད་པའི་ཤེས་པ་ནི་སྒྲའི་རྣམ་པ་ཅན་དུའང་འགྱུར་ཏེ། གཟུགས་ཉིད་སྒྲའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེས་དོགས་པ་བསུ་ནས་གང་གིས་དེ་སྣང་བ་ན་དེ་དག་ཀྱང་སྣང་བར་འགྱུར་བ་དོན་ལ་སྒྲའི་ཡོད་པའམ་དེའི་བདག་ཉིད་ནི་མ་ཡིན་ནོ་ཞེས་གསུངས་ཏེ། དེ་ལྟར་བཤད་པར་བྱ་བ་ཡིན་ནོ། །ཁྱབ་
པར་བྱེད་པའི་ཞེས་བྱ་བ་ནི་གོ་བར་བྱེད་པའི་རང་བཞིན་ནོ། །ལོག་པའི་ཕྱིས་ཞེས་བྱ་བ་ནི་ཡུལ་ལ་བརྟེན་པ་ཞེས་བྱ་བའི་ཐ་སྙད་འདི་ལ་གོ་བར་བྱེད་པ་ཉིད་ལྡོག་པ་ཡོད་པ་ཡིན་ཏེ་དེས་ནའོ། །དེའི་བདག་ཉིད་བརྗོད་པ་ནི་རྟོག་པ་སྔོན་དུ་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་སྦྱར་བ་ཉིད་དོ། །བདེན་པ་དེ་གང་ཡིན་ཞེ་ན་
སྐྱེས་བུ་ཞེས་སྨོས་སོ། །སྐྱེས་བུ་ཚད་མ་ཡིན་པ་ཉིད་དུ་ངེས་པར་མི་ནུས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྟགས་ཉིད་ཡིན་པ་ལ་ཁྱབ་བྱར་བརྗོད་པ་ཞེས་བྱ་བ་ནི་དོན་དམ་པར་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གིས་ཞེས་གསུངས་སོ། །རྣམ་པར་རྟོག་པ་དང་བཅས་པའི་ཡུལ་ནི་སྔ་མ་དང་། ཕྱི་མར་
གྱུར་པ་ཡིན་ལ་དེ་ཡང་དེ་ཁོ་ནར་རྣམ་པ་དེ་ལྟར་ཡོད་པ་མ་ཡིན་ཏེ། དངོས་པོའི་ཚོགས་ནི་སྐད་ཅིག་མར་འཇིག་པའི་ཕྱིར་རོ། །དེས་ན་ཡུལ་མེད་པའི་ཕྱིར་ན། ཡུལ་ལ་སྟོན་པ་ཞེས་བྱ་བའི་ཐ་སྙད་དུ་ཇི་ལྟར་འགྱུར་སྙམ་ན། རྣམ་པར་རྟོག་པ་དང་བཅས་པའི་མངོན་སུམ་གྱི་ཞེས་སྨོས་སོ། །འཇིག་རྟེན་ན་དེ་ལྟར་

ན་གྲགས་པ་མེད་དོ་ཞེ་ན་འདི་ནི་ཞེས་གསུངས་སོ། །དེ་ཉིད་གཞུང་འཛུགས་པ་ནི་འདི་ལྟར་ཞེས་བྱ་བའོ། །གལ་ཏེ་འཇིག་རྟེན་ན་དེ་ལྟར་རྟོགས་མོད། དེ་ལྟ་ན་ཡང་ཚད་མ་མ་ཡིན་ནོ་ཞེ་ན། གནོད་པ་མེད་པའི་ཞེས་གསུངས་སོ། །མངོན་དུ་བྱེད་པའི་རྣམ་པས་འཇུག་པ་ཉིད་
ཤེས་པ་ཡིན་པ་དེས་ན། ཇི་ལྟར་རྗེས་སུ་དཔག་པ་ཡིན་སྙམ་ན། མངོན་དུ་བྱེད་པ་ནི་ཞེས་གསུངས་སོ། །སྔ་མ་དང་ཕྱི་མ་དང་སྡོམ་པའི་རང་བཞིན་གྱི་ངོ་ཤེས་པ་ནི་མངོན་དུ་བྱེད་པ་མ་ཡིན་ནོ། །མངོན་དུ་བྱེད་པའི་དེ་ཉིད་ལ་ཡུལ་ལ་བརྟེན་པ་ཞེས་བྱོས་ཤིག་དབང་པོ་ལ་བརྟེན་པའི་ཐ་སྙད་ཀྱིས་ཅི་བྱ་སྙམ་
ན་དེ་ན་ཞེས་གསུངས་སོ། །དེ་ལྟར་ཐ་སྙད་བྱ་བ་ལ་ནི་ཞེས་བྱ་བ་ནི་ཡུལ་ལ་བརྟེན་པ་ཞེས་བྱ་བ་འདིས་བརྗོད་པའི་བྱ་བའི་ཡུལ་ལའོ། །ཡུལ་བརྟེན་པ་ཟླ་བ་གཅིག་གིས་ཤེས་པ་ཡང་མངོན་སུམ་དུ་ཐལ་བའི་ཕྱིར་རོ། །དེ་ལྟ་ན་ཡུལ་ལ་བརྟེན་ནོ་ཞེ་ན། མངོན་སུམ་ཁོ་ནར་བརྗོད་ལ་རག་མོད། ཉེས་
པ་ཅི་ཡོད་སྙམ་ན་མངོན་སུམ་ལ་ཡང་ཞེས་བྱ་བའོ། །ཟླ་བ་གཉིས་པའི་ཤེས་པ་ནི་ཚད་མ་ཉིད་མ་ཡིན་ན་མངོན་དུ་ལྟ་ག་ལ་ཞེས་བསམས་པའོ། །གལ་ཏེ་དབང་པོ་ལ་བརྟེན་པས་ཀྱང་མངོན་དུ་བྱེད་པ་ཙམ་དུ་མཚོན་གྱི་མངོན་སུམ་ཉིད་དུ་ནི་མ་ཡིན་ནོ། །དེས་ན་དབང་པོ་ལ་བརྟེན་པ་ཉིད་ཉེ་བར་
མཁོ་བ་ཇི་ལྟར་ཡིན་སྙམ་ན། མངོན་དུ་བྱེད་པ་ལས་ཞེས་གསུངས་སོ། །མངོན་དུ་བྱེད་པ་ཉིད་མཚོན་པ་ན་མཉམ་པའི་དབང་པོ་ལ་བརྟེན་པ་ཉིད་ཀྱིས་མངོན་སུམ་ཉིད་དུ་མཚོན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། འདི་སྐད་ཅེས་ཞེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་སོ། །དེ་དང་འགལ་བའི་
ཕྱིར་ཞེས་བྱ་བ་ནི་རྟོག་པ་མེད་པ་དང་འགལ་བའི་ཕྱིར་རོ། །དེ་ཁོ་ན་ལྟར་ཞེས་བྱ་བ་ཕན་ཚུན་སྤངས་པའི་རང་བཞིན་ཉིད་དུའོ། །སྤྱི་འཛིན་པ་རྣམ་པར་རྟོག་པ་དང་བཅས་པ་ཉིད་རང་དབང་དུ་བསྒྲུབ་པའི་དོན་དུ་རྣམ་པར་རྟོག་པར་བྱེད་པ་ནི་ཚོགས་ལས་ཞེས་བྱ་བའོ། །དེ་ལས་ཐ་དད་པར་ཞེས་བྱ་བས་
ནི། སྤྱིའི་རྟེན་གྱིས་གསལ་བ་ལས་མ་གཏོགས་པར་ཚོགས་པ་གཞན་སྣང་བ་མེད་པའི་ཕྱིར་རོ། །འདིས་ནི་མི་དམིགས་པ་ཉེ་བར་བཀོད་དོ། །གཞན་ཞེས་བྱ་བ་ནི་གསལ་བ་རྣམས་ལས་ཐ་དད་པའི་ཚོགས་པའི་སྤྱི་ཞེས་བྱ་བའི་མིང་ཅན་ནོ། །གལ་ཏེ་སྣང་བར་འདོད་དུ་ཟིན་ཀྱང་གཞན་ཏེ་སྣང་བ་མེད་དེ་ཚོགས་པ་ནི་

མ་ཡིན་ཏེ། རང་དབང་དུ་རྟོགས་པ་ནི་ཚོགས་པ་ཉིད་དུ་མི་འཐད་པའི་ཕྱིར་ཏེ། དེ་ནི་འབྲེལ་བ་ཅན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཡིན་པ་ཉིད་ན་ཡང་ཞེས་བྱ་བ་ནི་རང་དབང་དུ་སྣང་བ་ཡང་གལ་ཏེ་གསལ་བ་ལ་ལྟོས་ཏེ་སྤྱིའི་རང་བཞིན་ཡིན་པ་དེའི་ཚེ་ཡང་དེ་དག་ཉིད་ཅེས་བྱ་བ་སྤྱིའི་རྟེན་དུ་གྱུར་པའི་གསལ་བ་
རྣམས་ཉིད་དོ། །རྣམ་པར་རྟོག་པ་གཉིས་པ་དགོངས་པ་ནི་འོན་ཏེ་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་ལན་ཏེ། རང་བཞིན་གཞན་བརྟགས་དེ་ཡང་ངོ་། །རྟོག་པའི་ཡུལ་གྱི་ཚོགས་པ་ཉིད་མངོན་སུམ་གྱི་ཡུལ་ཡིན་ནོ་ཞེ་ན་བརྟགས་པའི་ཞེས་སྨོས་སོ། །གཞན་ལས་ཞེས་པ་ལ་ལྟོས་ཏེ། རྒྱུར་གྱུར་པའི་
ནས་པ་མ་སྐྱེས་པའི་རྡུལ་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱ་བའོ། །ཕྲ་མོ་མ་ཡིན་པ་རགས་པ་ནི་དེ་མཐོང་བ་དག་ལ་དེ་སྐད་ཅེས་བྱའོ། །དེས་ན་ཞེས་བྱ་བ་ནི་དེས་ན་གཞན་ཡོད་པ་ནའོ། །ཐམས་ཅད་ཀྱིས་བསྐྱེད་མོད། དེས་ཅིར་འགྱུར་སྙམ་ན་ཤེས་པ་དེ་ནི་ཞེས་གསུངས་སོ། །ཚུན་ཞེས་བྱ་བ་ནི་དོགས་
པའོ། །གྲུབ་པའི་མཐའ་ནི་སྒྲ་ལ་སོགས་པས་ཞེས་བྱ་བའོ། །རང་གི་རྒྱུ་ལ་སོགས་པ་གང་ཡིན་པ་རང་གི་རྣམ་པ་གཏོད་པའི་ནུས་པ་མེད་པ་དེའི་ཕྱིར་ཏེ། དེ་ལས་མི་སྣང་བ་ཡིན་ནའོ། །འོ་ན་ཞེས་བྱ་བ་ལ་སོགས་པས་ནི་འཁྲུལ་པ་ཉིད་དུ་བསྒྲུབས་པ་མངོན་སུམ་ཉིད་དང་འགལ། གཞན་རྟོག་པ་དང་བཅས་
པ་ཉིད་དུ་ཡང་སྒྲུབ་པ་ནི་ལྷག་པར་ཞེས་བྱ་བའོ། །འོན་ཏེ་དེར་ཞེས་བྱ་བ་ནི་མངོན་སུམ་ལའོ། །རྟོག་པ་ལ་ལྟོས་ཏེ་སྣང་བ་ཤར་བ་མེད་པ་གར་ཡིན་པ་དེ་དག་ལ་དེ་སྐད་ཅེས་བརྗོད་དོ། །དེ་ལྟར་གྱུར་ན་རྣམ་པར་རྟོག་པ་དང་བཅས་པ་ནི་མངོན་སུམ་ལ་བརྗོད་པ་མ་ཡིན་ནོ། །འཛིན་པ་ཡིས་ནི་ཞེས་བྱ་བ་ནི་མངོན་
སུམ་གྱིས་སོ། །དེ་ཞེས་བྱ་བ་རྣམ་པར་རྟོག་པའི་རང་བཞིན་ཉིད་སེལ་ཏེ་འདིར་རོ། །ཅིའི་ཕྱིར་ཞེ་ན། མངོན་སུམ་ནི་མངོན་དུ་བྱེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །མངོན་དུ་བྱེད་པ་ཉིད་ལྷག་པར་ཞེན་པར་འགྱུར་རོ་ཞེ་ན། མངོན་དུ་བྱེད་པ་ཉིད་ནི་ཞེས་གསུངས་སོ། །དེ་ཉིད་དུ་ནི་ཞེས་བྱ་བ་ནི་ལྷག་པར་ཞེན་
པ་ཉིད་དུའོ། །དེ་ལས་བཟློག་པ་ནི་མངོན་དུ་བྱེད་པ་ལས་བཟློག་པར་འགྱུར་རོ། །བཤད་ཅེས་བྱ་བ་ནི་སློབ་དཔོན་དབྱིག་གཉེན་གྱིས་སོ། །འདི་དག་ནི་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པའོ། །རྫས་ཀྱི་རང་གི་མཚན་ཉིད་ཅེས་བྱ་བ་ནི་རྡུལ་ཕྲ་རབ་ཀྱི་རང་གི་མཚན་ཉིད་དོ། །འདི་ནི་ཞེས་བྱ་བ་ནི་སྐྱེ་མཆེད་

ཀྱི་རང་གི་མཚན་ཉིད་ཅེས་བྱ་བ་ལ་སོགས་པའོ། །གཏན་ཚིགས་དེའི་ཕྱིར་ན་ཡུལ་ཅན་ཉིད་ཡིན་པར་འགལ་བ་མེད་དོ། །ད་ནི་རྣམ་པར་རྟོག་པ་དང་བཅས་པར་འགྱུར་རོ་ཞེ་ན། གང་ཡང་ཞེས་གསུངས་སོ། །འོ་ན་གང་ཞིག་རྣམ་པར་གཅོད་པའི་དོན་དུ་རྟོག་པ་དང་བྲལ་བ་ཉིད་བརྗོད་པ་རྣམ་
པར་རྟོག་པ་དང་བཅས་པར་བརྗོད་པ་གང་ཡིན་ཞེ་ན། གཞན་ལ་གྲགས་པ་ལ་བརྟེན་ནས་ཞེས་སྨོས་སོ། །གཞན་ལ་རིགས་པ་ཅན་ལ་སོགས་པ་ལའོ། །རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ཞེས་བྱ་བ་འདི་སྔར་མཐོང་བའོ་ཞེས་བྱ་བ་ལྟ་བུའི་རྣམ་པ་ཅན་མ་འདི་ནི་སྔོན་པོ་སྙམ་པ་ལ་སོགས་པའི་རང་བཞིན་ཅན་གྱིས་
སོ། །དེ་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་རྟོག་པ་ཉིད་དོ། །བཟློག་པར་དཀའོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པ་ཉིད་དོ། །གཅིག་གི་ཚེ་ཁོ་ནར་ཞེས་བྱ་བ་གཅིག་ཉིད་ཀྱིས་དུ་མ་མཐོང་ངོ་སྙམ་ན། ཤེས་པ་ཞེས་གསུངས་སོ། །དེ་ལྟར་ན་རེ་ཞིག་གཅིག་གི་ཚེ་རྡུལ་ཕྲ་རབ་དུ་མ་འཛིན་པ་མེད་པའི་ཕྱིར་རྣམ་
པར་རྟོག་པ་ཉིད་དུ་བསྒྲུབས་ནས་རྣམ་པར་མི་རྟོག་པ་ཉིད་གྲུབ་པའི་དོན་དུ་རྡུལ་ཕྲ་རབ་རྣམས་ལ་ཡན་ལག་ཅན་གྱི་རྫས་གཅིག་ཉིད་ཁོ་ནར་ངེས་དགོས་སོ་ཞེས་སྟོན་པ་ནི་ཡང་ན་ནི་ཞེས་བྱ་བའོ། །འདི་ལ་བརྗོད་པ་ནི་དངོས་པོ་དུ་མ་ཤེས་པ་གཅིག་གིས་མི་འཛིན་པ་ག་ལས་ཡིན་ཞིང་། དེའི་ཡན་ལག་གཅིག་པ་
ཡང་ག་ལས་ཡིན། ཅིག་ཅར་འཛིན་པའི་ཕྱིར་ཡན་ལག་ཅན་ཉིད་ཡིན་ཏེ། དེ་ལྟ་མ་ཡིན་ན་ཡིད་གཅིག་ཡིན་པའི་ཕྱིར། དུ་མ་ལ་བྱེད་པ་ཇི་ལྟར་འཇུག་སྙམ་ན། ཏིལ་ཞེས་གསུངས་སོ། །ཡིད་ལ་བྱེད་པ་ཞེས་བྱ་བ་ནི། སྔར་གྱི་ཡིད་ལ་བྱེད་པ་ཙམ་ཉིད་ལ་ཡིད་ཉིད་དུ་གྲགས་ཀྱི། ཡིད་གཞན་ནི་
ཡོད་པ་མ་ཡིན་ནོ། །དེ་ཡང་རྣམ་པར་ཤེས་པ་དུ་མ་བསྐྱེད་པ་ཉིད་བཟློག་པར་མི་ནུས་ཏེ། གཅིག་གིས་ཀྱང་ཤེས་པ་དུ་མ་བསྐྱེད་པ་ལ་འགལ་བ་མེད་པའི་ཕྱིར་རོ། །མགྱོགས་པ་ནི་ཞེས་བྱ་བ་ཅིག་ཅར་འཛིན་པ་སྣང་བ་བསྐྱེད་པ་ནི་མེད་པའི་ཕྱིར་རོ། །ཅིའི་ཕྱིར་མེད་ཅེ་ན་བཤད་ཟིན་པའི་ཕྱིར་རོ་ཞེས་
གསུངས་སོ། །གནོད་བྱེད་གཞན་དག་ཀྱང་བརྗོད་པ་ནི་མགྱོགས་པའི་ཕྱིར་ཞེས་བྱ་བའོ། །འོན་ཏེ་གཅིག་ལ་རིམ་པ་མཐོང་བས་ཐམས་ཅད་ལ་རྟོགས་པ་ཡིན་ནོ་ཞེས་དོགས་པ་བསུ་ནས་བརྗོད་པ་ནི། དེ་ལྟར་ན་ནི་ཞེས་བྱ་བའོ། །གཅིག་ལ་ཟླ་བ་གཉིས་ཀྱི་ཤེས་པ་འཁྲུལ་པའི་ཕྱིར་ཐམས་ཅད་

འཁྲུལ་པ་ཁོ་ནར་ཐལ་ལོ་ཞེས་བྱ་བ་ལ་སོགས་པའི་ནི་ཧ་ཅང་ཐལ་བའོ། །དེ་ལྟར་ཞེས་བྱ་བ་ནི། མགྱོགས་པ་ལས་རིམ་མ་ཡིན་པར་གཟུང་བར་རློམ་པ་ཉིད་དུའོ། །འདི་ལ་ཡང་ཞེས་སྐབས་སུ་བབ་པའི་ཏིལ་དང་འབྲས་ལ་སོགས་པ་ལའོ། །དེ་ཞེས་བྱ་བ་ནི་མགྱོགས་པའོ། །ཅིག་ཅར་
ཞེས་བྱ་བ་ནི་དོགས་པའོ། །དེ་ཉིད་ཀྱང་ཞེས་བྱ་བ་ནི་ལན་ནོ། །འདི་ནི་ཅིག་ཅར་འཛིན་པར་རློམ་པ་ཡིན་གྱི་ཅིག་ཅར་འཛིན་པ་མ་ཡིན་ནོ་ཞེས་བྱ་བ་འདིའོ། །དེ་མ་གྲུབ་པ་ཞེས་བྱ་བ་ནི་འཛིན་པ་མྱུར་བར་མ་གྲུབ་པའོ། །གལ་ཏེ་བློ་རིམ་པ་དང་ལྡན་པ་དང་། སྐད་ཅིག་མ་ཡིན་པ་དེ་ལྟ་ན་ཡང་དོན་ནི་
རིམ་གྱིས་སྣང་བ་ཡིན་ཏེ། དོན་ནི་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དེས་ན་ཐམས་ཅད་ལ་ཅིག་ཅར་འཛིན་པར་རློམ་པ་ཇི་ལྟར་ཡིན་སྙམ་ན། གསལ་བྱ་སྣང་བ་ནི་ཞེས་གསུངས་སོ། །གལ་ཏེ་དོན་སྐད་ཅིག་མ་ཡིན་པ་དེ་ལྟ་ན་ཡང་དུས་ཇི་སྲིད་བློ་གནས་པ་དེ་སྲིད་ཁོ་ནར་དེ་ལྟར་སྣང་བ་ཡིན་ནོ་ཞེས་བྱ་
བའི་དོན་ཏོ། །དེ་ཁོ་ན་ལྟར་ནི་ཅིག་ཅར་ཁོ་ནའོ། །གལ་ཏེ་ཤེས་པ་ཅིག་ཅར་ཁོ་ན་སྐྱེ་ན། འོ་ན་དེའི་ཚེ་ཐམས་ཅད་དུ་ཅིག་ཅར་ཁོ་ན་སྣང་བར་འགྱུར་རོ་ཞེ་ན། གང་དུ་ཞེས་གསུངས་སོ། །ཤེས་པ་རྣམས་ཅིག་ཅར་ཁོ་ན་སྐྱེའོ་ཞེས་བྱ་བར་ཇི་ལྟར་ཤེས་ཤེ་ན་རིམ་གྱིས་འཛིན་པ་ཁས་ལེན་ན་རྣམ་པར་རྟོག་
པ་མེད་པའི་སྣང་བ་མི་སྲིད་པ་ཁོ་ནར་འགྱུར་ཏེ་སྔ་མ་འཛིན་པ་ནི་ཕྱི་མ་འཛིན་པའི་དུས་ན་རྣམ་པར་རྟོག་པ་དང་བཅས་པ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་རྣམ་པར་རྟོག་པ་དང་བཅས་པ་ཡིན་མོད། ཁོ་བོ་ཅག་གི་འདོད་པ་ཁོ་ན་ཡིན་ནོ་ཞེ་ན་བཤད་པ་རྟོག་མེད་ཉིད་དུ་འགྱུར་ན། དོན་གསལ་
བའི་འཛིན་པ་མི་སྲིད་པར་འགྱུར་ཏེ། ཐམས་ཅད་མི་གསལ་བར་སྣང་བ་ཉིད་དུ་འཛིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་ན་དྲན་པར་རྟོགས་པ་ལ་གསལ་བར་སྣང་བ་ཉིད་མི་འཐད་ཅེ་ན། སྔོན་པོ་མཐོང་བའི་དངོས་པོ་སྒྲོ་བཏགས་པ་གང་ཡིན་པ་གསལ་བར་སྣང་བ་ཇི་ལྟར་འགྱུར་ཏེ།
སྒྲོ་བཏགས་པ་གསལ་བར་སྣང་བ་དང་འགལ་བའི་ཕྱིར་རོ། །གཞན་གྱིས་སྨྲས་པ་ཤིན་ཏུ་གོམས་པར་གྱུར་པ་ལས་སྒྲོ་བཏགས་པ་ཡང་གསལ་བར་སྣང་བར་འགྱུར་རོ་སྙམ་ན། འདི་ལ་བརྗོད་པ་ནི་སྒྲོ་བཏགས་པ་གསལ་བར་སྣང་མེད་ནི་རྟོག་པ་མེད་པ་ཁོ་ནར་འགྱུར་ཏེ། གསལ་བར་སྣང་བ་ནི་

རྟོག་པ་དང་བཅས་པར་མི་འཐད་པའི་ཕྱིར་རོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་གསལ་བར་སྣང་བ་ཉིད་ལས་ཡིན་ནོ། །གལ་ཏེ་དེ་ལྟར་ནི་རིམ་གྱིས་སྐྱེ་བ་ཡིན་ཡང་རྣམ་པ་གསལ་བའི་ཕྱིར། རྟོག་པ་མེད་པ་ཉིད་དུ་འགྱུར་མོད། རིམ་གྱིས་སྐྱེ་བ་འགག་པ་ནི་མི་འགྲུབ་པོ་ཞེ་ན། དེ་ལྟ་ཡིན་
དང་ཞེས་གསུངས་སོ། །སྔོན་གྱི་རང་བཞིན་འཛིན་པ་མེད་པའི་ཕྱིར་ཞེས་བྱ་བ་ནི། སྔོན་གྱི་རང་བཞིན་དུ་འཛིན་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པ་ཉིད་ངོ་མཚར་བ་ཡང་མཚན་སྐྱེ་བ་ཡིན་ལ་དེ་བས་ཆེས་སོ། །ཁྲ་བོ་ཞེས་བྱ་བ་ནི་བཅོས་མ་མ་ཡིན་པའི་ཕྱེ་མ་ལེབ་
ཁྲ་བོའི་བདག་ཉིད་དོ། །རྣམ་པར་དབྱེ་བ་དང་ལྡན་པ་ནི་སོ་སོར་བྱེད་པ་དང་ལྡན་པའོ། །དེ་ལ་ཡང་ཞེས་བྱ་བ་ནི་བཅོས་བུ་མ་ཡིན་པའི་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པ་ལ་ཡང་ངོ་དེ་ལ་ནི་རིན་པོ་ཆེའི་ཕུང་པོ་ལའོ། །ཐམས་ཅད་ལ་ཞེས་བྱ་བ་ནི་བཅོས་མ་མ་ཡིན་པའི་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པ་ལ་ཡང་
ངོ་། །དེའི་ཚེ་ན་ནི་བཅད་པ་དང་ཕུག་པ་ལ་སོགས་པའི་དུས་ན་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པ་ལ་ཡན་ལག་ཅན་གྱི་རྫས་ཞིག་མ་ཡིན་པ་ན་ཞེ་ན། ལན་ནི་འདི་སྔ་ཀུན་ལ་ཞེས་བྱ་བ་སྟེ། རིན་པོ་ཆེའི་ཕུང་པོ་ཡང་མ་འབྱར་བའི་དུས་ན་རྫས་ཞིག་ཡིན་ཏེ། དེས་ན་དེར་ཡང་གཅིག་ཉིད་ཡིན་པར་འགྱུར་རོ། །དེ་ལྟ་ཞེས་
བྱ་བ་ནི་མ་འདྲེས་པའོ། །དེ་ལ་ནི་ཞེས་བྱ་བ་ནི་བཅོས་མ་མ་ཡིན་པའི་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པའོ། །དེའི་རེག་པ་རང་བཞིན་གཅིག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྔོན་པོའི་རེག་པ་ཅི་འདྲ་བ་སོར་རེག་པ་དེ་ཡང་དེ་འདྲ་བ་ཡིན་ནོ། །སྔོན་པོ་ལ་སོགས་པའི་རྣམ་པར་དབྱེ་བ་བཞིན་གྱི་ཁྱད་པར་རོ། །རྣམ་པར་དབྱེ་བ་
མེད་པར་ཁྱད་པར་མེད་པའི་རེག་པ་སོགས་པ་གང་ཡིན་པ་དེ་དང་ལྷན་ཅིག་རྒྱུ་བ་ནིའོ། །གཅིག་མ་ཞེས་བྱ་བ་ནི་བཅོས་མ་མ་ཡིན་པའི་ཕྱེ་མ་ལེབ་ཁྲ་བོ་ལའོ། །གཞན་ལ་ཞེས་བྱ་བ་ནི་བཅོས་མ་ལའོ། །དེ་ལ་གཅིག་ཏུ་མངོན་པར་ཞེན་པ་ཉིད་སྐྱབས་སུ་གྱུར་པ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་དེ་ལ་གཅིག་ཏུ་
མངོན་པར་ཞེན་པ་ཡོད་ན། དེས་ན་དེ་ལ་ཡན་ལག་གཅིག་ཉིད་ཡོད་པ་ཡིན་ནོ་ཞེས་རྣམ་པ་དེ་ལྟ་བུའི་རང་བཞིན་དུའོ། །དེ་ནི་ཞེས་བྱ་བ་ནི་གཅིག་ཏུ་མངོན་པར་ཞེན་པ་མཚན་ཉིད་ཀྱི་སྐབས་སོ། །དེས་ན་ཇི་ལྟར་དེར་ཡན་ལག་ཅན་མེད་ཀྱང་གཅིག་ཏུ་མངོན་པར་ཞེན་པ་དེ་བཞིན་དུ་བཅོས་མ་མ་ཡིན་པ་

རྣམས་ལ་ཡང་འགྱུར་རོ་ཞེས་དགོངས་པའོ། །གལ་ཏེ་ཡན་ལག་ཅན་གཅིག་མེད་ན། དེའི་ཚེ་གཅིག་དྲངས་ན་ཐམས་ཅད་འོངས་པ་ཇི་ལྟར་འགྱུར་ཞེ་ན། གཅིག་དྲངས་པ་ཞེས་གསུངས་སོ། །དེར་ཡང་ཞེས་བྱ་བ་ནི། ཁབ་ལོང་དང་ལྕགས་དག་ལའོ། །བཅོས་མའི་དངོས་པོ་རྣམས་ལ་ཡོད་པའི་
ཡོན་ཏན་སྔོན་པོ་ལ་སོགས་པ་གང་ཡིན་པ་དེ་གང་གི་དམིགས་པ་ནི་རིམ་གྱིས་ཁོ་ནར་འགྱུར་བ་ཡིན་ལ། དེ་ལས་གཞན་བཅོས་མ་མ་ཡིན་པ་རྣམས་ལ་ནིའོ། །བློ་གཅིག་ནི་ཞེས་བྱ་བ་བཅོས་བུའི་ཡུལ་ཅན་ནོ། །གཞན་ནི་ཞེས་བྱ་བ་ནི་བཅོས་བུ་མ་ཡིན་པའི་ཡུལ་ཅན་ནོ། །གཅིག་དང་དུ་མའི་རྣམ་
པར་དབྱེ་བ་ཞེས་བྱ་བ་ནི་བཅོས་བུ་མ་ཡིན་པའི་སྣ་ཚོགས་ཀྱང་གཅིག་ཁོ་ན་ཡིན་ལ། བཅོམ་བུའི་ནི་དུ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པའོ། །དེའི་ངོ་བོར་རྣམ་པར་འཇོག་པ་ལ་ཞེས་བྱ་བ་ནི། གཅིག་དང་དུ་མའི་རང་བཞིན་དུ་རྣམ་པར་འཇོག་པ་ལའོ། །དེ་ལྟར་ཞེས་བྱ་བ་གཅིག་དང་དུ་མའི་རང་བཞིན་
རྣམ་པར་འཇོག་པ་ལ་རྩོམ་པ་གེགས་མེད་པ་སྟེ། གེགས་དང་བྲལ་བའི་རྩོམ་པ་གང་ལ་ཡོད་པའི་བློ་དེ་དག་ཀྱང་སྟེ། གཅིག་དང་དུ་མ་སྣང་བ་དང་ལྡན་པ་དག་ཀྱང་ངོ་། །གཅིག་ཏུ་མངོན་པར་ཞེན་པ་ལ་སོགས་པ་ཆོས་མཐུན་པ་ཙམ་དེ་ཉིད་ཀྱིས་རྒྱུ་མཚན་དེས་ཉེ་བར་བཏགས་པའི་ཚད་མ་གང་ལ་ཡོད་ཀྱི་
བློ་གཞན་དེས་སོ། །བྱེད་ན་དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ། ཆོས་མཐུན་པ་འདི་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །འདི་ཉིད་ཚིག་ལེའུར་བྱས་པ་གཉིས་ཀྱིས་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །དོན་རང་བཞིན་སྣ་ཚོགས་པ་དང་འབྲེལ་པ་གྲུབ་པའི་བློ་དེ་དག་ནི་སྣང་བ་གཞན་དག་ལས་ནི་ཞེས་བྱ་བ་མངོན་པར་
སྣང་བའི་ཁྱད་པར་གཅིག་ལས་སྣང་བ་གཞན་སེར་པོའི་རང་བཞིན་ཅན་དོན་མེད་ཅེས་བྱ་བར་བརྗོད་པ་སྟེ། སྣང་བ་གང་ལ་དོན་སྣ་ཚོགས་པ་ཡོད་པ་དེ་ནི་དོན་མེད་དེ་དོན་དུ་མ་ཡོད་པའོ། །དེའི་དངོས་པོ་ནི་དོན་མེད་དེ་དོན་ཐ་དད་པ་ཅན་ཞེས་བྱ་བའི་དོན་ཏོ། །འོན་ཏེ་གཅིག་ཏུ་མངོན་པར་ཞེན་པ་ཡོད་པའི་ཕྱིར་
ན་དེ་འདྲ་བའི་བློ་ཡོད་པ་དག་ལ་ཡང་། གཅིག་ཉིད་ཡིན་ནོ་ཞེ་ན། གལ་ཏེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་ཆོས་མཚུངས་པ་ཙམ་མོ། །འགར་ཡང་མིན་ཞེས་བྱ་བ་ནི། གཅིག་ལ་ཆོས་མཐུན་པ་ཙམ་གྱིས་མི་འགྲུབ་ན་ཐམས་ཅད་ལ་མི་འགྲུབ་སྟེ། ཆོས་མཚུངས་པ་ཙམ་ནི་ཐུན་མོང་ཡིན་པའི་ཕྱིར་རོ། །འགལ་

ཟླ་དང་སྟེ་མི་མཐུན་པའི་ཕྱོགས་དང་ལྡན་པ་ཞེས་བྱ་བ་འབྲེལ་པ་དེ་འཛིན་པས་སོ། །སྟོབས་མཚུངས་པའམ་མི་མཚུངས་པ་ཞིག་སེལ་གྲང་ན། དང་པོ་ལ་བརྗོད་པ་ནི་སྟོབས་མཚུངས་པ་ཉིད་ཡིན་ན་ཞེས་བྱ་བའོ། །གཉིས་པ་ལ་བརྗོད་པ་ནི་སྟོབས་མི་མཚུངས་ན་ཡང་ཞེས་གསུངས་
སོ། །སེལ་བར་བྱེད་པ་གང་ཡིན་པ་དེ་ལྟོས་ཏེ། སྟོབས་མི་མཚུངས་པ་ཉིད་ཡིན་ན་ཡང་ཇི་ལྟར་ཚད་མ་ཡིན་ཏེ། དེས་ཚད་མ་ནི་སེལ་བ་མི་སྲིད་དོ་ཞེས་དགོངས་པའོ། །འོན་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །ལན་ནི་གང་ཞིག་ཅེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་དོན་མེད་ན་མི་འབྱུང་བས་ནའོ། །
དེ་ཉིད་ནི་རྗེས་སུ་དཔག་པའོ། །གཞལ་བྱའོ་ཞེས་བྱ་བ་ནི་ཐ་དད་པའིའོ། །རྒྱུ་ཉེས་པས་གཞལ་བྱ་གཞན་ལ་བློ་རྣམ་པ་གཞན་དུ་ཡང་སྐྱེའོ་ཞེས་བྱ་བ་འདི་ནི་རིགས་པ་ཁོ་ན་ཡིན་ན། ཤེས་པ་ཡོངས་སུ་གསལ་བའི་ངོ་བོ་ཉིད་ལ་ནི། རྒྱུའི་རྐྱེན་སྐྱོ་བ་བརྒྱ་ཕྲག་གིས་ཀྱང་བློ་རྣམ་པ་གཞན་དུ་ཇི་ལྟར་འཐད་དེ།
མི་འཐད་པ་ཁོ་ནའོ། །རིམ་པ་དང་ལྡན་པའི་སྣང་བའི་རང་གི་ངོ་བོ་བཅོས་མའི་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པ་དག་ལ་ནི། རིམ་པ་མེད་པར་འགྱུར་རོ་ཞེས་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། རང་བཞིན་གཅིག་ལ་ནི་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་དུ་མ་ཉིད་དུའོ། །གལ་ཏེ་སྣང་བ་འདི་རང་བཞིན་དུ་མ་
ཉིད་ཡིན་པ་དེ་ལྟ་ན་ཡང་གཅིག་ཅེས་བྱ་བ་ཁྱེད་གཅིག་ཉིད་མངོན་པར་འདོད་པ་ནི་དུ་མ་ཉིད་དུ་སྣང་བ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་རྩོད་པའོ། །འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་རིམ་མ་ཡིན་པ་མི་སྣང་ན་དེའི་ཚེ་རང་གི་ངོ་བོ་ཉིད་མ་ཡིན་ནོ་ཞེས་དགོངས་པའོ། །དེ་ལ་ཞེས་བྱ་བ་ནི་
བཅོས་མའི་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པས་སོ། །རིམ་པ་ཡང་སྣང་བའམ་མ་ཡིན། གལ་ཏེ་རེ་ཞིག་མི་སྣང་བ་འཁྲུལ་པ་ཡིན་ན། དེའི་ཚེ་དངོས་པོ་ཐམས་ཅད་ལ་གཉིད་ལོག་པའི་གནས་སྐབས་ན་འཁྲུལ་པར་འགྱུར་བ་བཟློག་པ་མེད་དོ། །ཕྱོགས་དང་པོ་ལ་བརྗོད་པ་ནི་དེ་ལྟར་དེ་ཉིད་ཅེས་བྱ་བ་སྟེ་རིམ་
པའི་རང་བཞིན་ཉིད་དུའོ། །རྣམ་པ་གཞན་དུ་ཡང་རྣམ་པར་བརྟག་པར་བྱས་ནས་སུན་འབྱིན་པ་ནི་གལ་ཏེ་གཞན་སྣང་ཞེས་བྱ་བའོ། །གལ་ཏེ་ཚུལ་གཞན་གང་ཡིན་མེད་སྣང་ཉིད་བརྗོད་པར་འདོད་པའི་ཚུལ་ལ་འཁྲུལ་པར་བརྗོད་ན། དེའི་ཚེ་བརྗོད་པར་འདོད་པ་དེའི་རང་གི་ངོ་བོར་སྣང་བར་ཇི་ལྟར་

འགྱུར། རང་གི་ངོ་བོ་མི་སྣང་ན་ཡང་སྣང་བ་དེ་མེད་པས་ཇི་ལྟར་འཁྲུལ། འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེའི་ནི་བརྗོད་པར་འདོད་པའིའོ། །འོན་ཏེ་བརྗོད་པར་འདོད་པའི་སྣང་བ་ཡོད་པ་ཉིད་དོ། །འོན་ཀྱང་མ་དམིགས་པ་ཡིན་ནོ་སྙམ་ན། གལ་ཏེ་མི་སྣང་ན་ཡང་ཞེས་བྱ་བའོ། །འཁྲུལ་པ་
ཡང་བརྗོད་པར་བྱ་བ་སྟེ་བློ་གཞན་སྣང་བ་ལ་ཡང་བློ་ཐམས་ཅད་ཡོད་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་བརྗོད་པར་འདོད་པའི་ཚུལ་གྱི་ཡུལ་ཅན་ནོ། །དེ་ཞེས་བྱ་བ་ནི་རིམ་པ་ཡིན་པའོ། །གཞན་དུ་སྣང་བའི་ཕྱིར་ཞེས་བྱ་བ་ནི་རིམ་མ་ཡིན་པའི་ཡུལ་དག་ལ་རིམ་པའི་རང་བཞིན་དུ་སྣང་བའི་ཕྱིར་རོ། །
རིམ་པའི་བློ་ཉིད་འཁྲུལ་པར་འགྱུར་རོ་ཞེས་བྱ་བར་བསམས་པའོ། །འོན་ཏེ་ཏིལ་ལ་སོགས་པ་ཡང་རིམ་པ་ཡིན་པར་མི་འགྱུར་ན། འདི་ལ་བརྗོད་པ་ནི་འོ་ན་ནི་ཞེས་བྱ་བའོ། །གལ་ཏེ་རིམ་མ་ཡིན་པ་ཞེས་བྱ་བ་དངོས་པོ་ཉིད་ཡིན་ན། དེའི་ཚེ་བློའི་རང་བཞིན་ཡང་རིམ་ཡིན་པར་འགྱུར་བ་མ་ཡིན་གྱི།
འོན་ཀྱང་རིམ་པ་དང་ལྡན་པ་ཁོ་ནར་འགྱུར་ཏེ། རིམ་མ་ཡིན་པ་ནི་འགར་ཡང་མི་སྲིད་པའི་ཕྱིར་རོ། །དེ་ལྟ་ན་ཡུལ་ཡང་རིམ་པ་དང་བཅས་པ་ཡིན་ལ་བློ་ཡང་དེ་བཞིན་དུ་ཡིན་པས་ན་འཁྲུལ་པར་མི་འགྱུར་རོ། །གལ་ཏེ་དངོས་པོའི་རང་གི་ངོ་བོའི་བློ་གང་ཡིན་པ་དེ་ལ། བློ་གཞན་འཛིན་པར་བྱེད་པ་ཡིན་ན་སྟེ།
དངོས་པོ་འཛིན་པར་བྱེད་པའི་བློ་ནི་རིམ་ཅན་གྱི་རང་བཞིན་ལ་རིམ་མ་ཡིན་པར་འཛིན་པར་བྱེད་པའི་བློ་གཞན་འབྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བློ་གཞན་དེ་ཡང་རིམ་ཅན་གྱི་དངོས་པོ་འཛིན་པར་བྱེད་པའི་བློ་འཛིན་པར་བྱེད་པ་ཡིན་ན་སྟེ། རིམ་པར་འཛིན་པར་བྱེད་པའི་ངོ་བོ་དེ་ཡང་ཇི་ལྟར་རིམ་པ་མ་ཡིན་པར་
སྣང་བར་འཐད་པར་འགྱུར། འདི་ནི་མ་འཁྲུལ་པའི་ཕྱོགས་ལ་བརྗོད་པ་ཡིན་ལ། འཁྲུལ་པའི་ཕྱོགས་ལ་ནི་གནོད་བྱེད་མདུན་དུ་འཆད་པར་འགྱུར་རོ། །ཡང་ན་གལ་ཏེ་དངོས་པོའི་ཡུལ་ཅན་གྱི་བློ་ལས་དེ་བཞིན་དུ་བློ་གཞན་སྐྱེ་བ་ཡིན་ན། དེའི་ཚེ་རིམ་འཛིན་པའི་རང་བཞིན་ནི་ཞེས་བྱ་བ་རིམ་པ་དང་ལྡན་
པའི་དངོས་པོ་འཛིན་པར་བྱེད་པའི་རང་བཞིན་ནི་རིམ་མ་ཡིན་པར་སྣང་བར་མི་འཐད་དེ། བློ་གཞན་ཉིད་རིམ་མ་ཡིན་པར་སྣང་མོད་དངོས་པོའི་ཡུལ་ཅན་རིམ་པ་དང་ལྡན་པའི་བློ་གོ་ཇི་ལྟར་རིམ་མ་ཡིན་པར་སྣང་བར་འགྱུར། དེས་ན་དངོས་པོ་རྣམས་ཀྱི་རིམ་པ་མེད་པར་འགྱུར་ཏེ། དེའི་བློའི་རིམ་པ་དང་བཅས་པ་ཁོ་

ནར་སྣང་བའི་ཕྱིར་ཏེ། བློའི་སྣང་བ་ཇི་ལྟ་བ་བཞིན་ཡུལ་རྣམ་པར་འཇོག་པའི་ཕྱིར་རོ། །འདི་ཉིད་རྣམ་པར་འགྲེལ་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་འཛིན་པའི་ཞེས་བྱ་བ་ནི་ནོར་བུ་དང་མུ་ཏིག་ལ་སོགས་པར་འཛིན་པར་བྱེད་པའོ། །གལ་ཏེ་བློ་རིམ་མ་ཡིན་པར་སྣང་ན་དངོས་པོ་ཡང་དེ་བཞིན་དུ་
སྣང་བར་འགྱུར་རོ་ཞེ་ན། བློ་འཛིན་པར་བྱེད་པ་ཡང་ཞེས་བྱ་བའོ། །བློའི་བློ་གང་ཞིག་གཞལ་བྱ་ལ་རྣམ་པ་ཐམས་ཅད་དུ་མི་འཇུག་པ་དེའི་སྣང་བའི་དབང་གིས་ཇི་ལྟར་གཞལ་བྱ་དེའི་རང་བཞིན་དུ་ཐ་སྙད་བྱེད་ཅེས་བསམས་པའོ། །རིམ་མ་ཡིན་པར་ཞེས་བྱ་བ་ལ་སོགས་པ་ནི། བཤད་པ་དང་པོ་གནོད་བྱེད་གཞན་
བརྗོད་པའོ། །གལ་ཏེ་དངོས་པོའི་བློ་རིམ་ཅན་ཁོ་ན་ཡིན་ན། དེའི་ཚེ་དེའི་བློའི་བློ་ལ་ཡང་རིམ་མ་ཡིན་པར་སྣང་བའི་ཕྱིར་མི་འཐད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འཁྲུལ་པས་རིམ་མ་ཡིན་པ་དེ་བློའི་བློ་ལ་སྣང་བ་ཡིན་ནོ་ཞེ་ན། དེའི་ཚེ་སྔར་བཤད་པ་དེ་ཉིད་དེ། འཁྲུལ་མེད་ཡིན་པར་ཐལ་ཏེ་ང་རང་གི་ངོ་བོར་
འཛིན་པའི་ཕྱིར་རོ། །ཇི་ལྟར་བློའི་བློས་རིམ་མིན་པར་འཛིན་པ་དེ་བཞིན་དུ་དངོས་པོའི་བློ་དེའི་གཞལ་བྱ་འཛིན་པ་དེ་དེ་ལྟར་དེ་རིམ་མ་ཡིན་པའི་རང་བཞིན་དུ་ཡིན་པ་གང་གིས་བཟློག །གཞལ་བྱ་ཡང་རིམ་མ་ཡིན་པ་ཁོ་ནར་འཛིན་པར་འགྱུར་རོ་ཞེས་དགོངས་པའོ། །ཚིག་ལེའུར་བྱས་པ་བཤད་པའི་ཕྱིར། རེ་
ཞིག་སྔར་བཤད་ཟིན་པ་ཉིད་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་རིམ་རང་བཞིན་དུའོ། །གཅིག་གིས་ནི་བློའི་བློས་སོ། །དངོས་པོའི་ཡུལ་ཅན་གྱི་བློའི་རང་བཞིན་དུ་མི་འཛིན་པར་ཐལ་ལོ། །འོན་ཏེ་དངོས་པོའི་ཡུལ་ཅན་གྱི་བློ་ནི་རང་བཞིན་དུ་མི་འཛིན་པར་ཐལ་ལོ། །འོན་ཏེ་དངོས་པོའི་
ཡུལ་ཅན་གྱི་བློ་ནི་རང་བཞིན་གཅིག་ཉིད་དུ་བློའི་བློས་རྟོགས་པ་དེས་ན། དུ་མ་འཛིན་པར་ཇི་ལྟར་ཐལ་སྙམ་ན། སྔ་མ་དང་ཞེས་གསུངས་སོ། །དངོས་པོའི་ཡུལ་ཅན་སྔ་མ་དང་ཕྱི་མའི་འཛིན་པ་དག་ལ་ནི། གཅིག་ཉིད་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཅིག་ཉིད་དུ་རྟོགས་པ་མེད་པའི་ཕྱིར་རོ། །རང་གི་
ངོ་བོས་གཅིག་ཉིད་མ་ཡིན་མོད། དེ་ལྟ་ན་ཡང་བློ་ཕྱི་མས་གཅིག་ཉིད་རྟོག་པ་ཡིན་ནོ་ཞེས་བྱ་བའི་རྩོད་པ་ལ་ལན་བརྗོད་པ་ནི། རིམ་པ་དང་ལྡན་པ་དེ་ཡང་ཞེས་བྱ་བ་སྟེ་བློ་ཕྱི་མའོ། །གཅིག་ཏུ་ཞེས་བྱ་བ་ནི་འཛིན་པ་སྔ་མ་དང་ཕྱི་མ་རྣམས་སོ། །གལ་ཏེ་རིམ་པ་དང་ལྡན་པ་ཡིན་ན་དེ་ལྟ་ན་ཡང་སྔ་མ་དང་ཕྱི་མའི་འཛིན་པ་

ཐམས་ཅད་དེ་ལྟར་སྣང་བ་དེས་ན། གཅིག་ཉིད་དུ་རྟོགས་པར་འགྱུར་བ་ཡིན་ནོ་ཞེ་ན། འཛིན་པར་བྱེད་པ་རིམ་པ་དང་ལྡན་པ་བློ་ཕྱི་མའི་མཚམས་ཉིད་གང་ཡིན་པ་དེའི་དུས་ལས་འདའ་བ་མ་ཡིན་ནོ། །འཛིན་པ་ཐམས་ཅད་ཀྱང་མཚན་ཉིད་ཐ་དད་པ་ཡིན་ཏེ། དེས་ན་གཅིག་ཉིད་གང་གིས་རྟོགས་
པ་ཞེས་དགོངས་པའོ། །འདི་ནི་ཞེས་དབྱེ་བ་ནི་བློ་ཕྱི་མའོ། །རིམ་མེད་པ་ཉིད་དོ་ཞེས་བྱ་བ་ནི། དེ་ནི་བློ་གཅིག་སྒྲིབ་པ་དེ་ལ་ཞེས་བྱ་བའོ། །དབང་པོས་སོང་ནས་དོན་གཟུང་བར་བྱ་བ་ནི་མ་ཡིན་ཏེ། འོན་ཀྱང་འདུག་བཞིན་དུའོ། །དེའི་ཚེ་བསྒྲིབས་པ་ལ་ཡང་འགྱུར་ཏེ། བསྒྲིབས་པ་དང་མི་བསྒྲིབས་
པ་དག་ལ་དབང་པོ་མི་འགྲོ་བར་ཁྱད་པར་མེད་པའི་ཕྱིར་རོ། །གཞན་རང་གི་ཕྱོགས་ལ་སྒྲིབ་པ་འཐད་པར་སྟོན་པ་ནི། ཕྲད་ནས་ཞེས་གསུངས་སོ། །དབང་པོ་ནི་སྒྲིབ་པ་ལ་ཐོགས་པའི་ཕྱིར་ན། སྒྲིབ་པ་ལས་བརྒལ་ནས་འགྲོ་བར་མི་ནུས་པའི་ཕྱིར་རོ། །གལ་ཏེ་དབང་པོ་མ་སོང་བ་བཞིན་དུ་འཛིན་
ན་ནི། དེའི་ཚེ་ཇི་ལྟར་ཉེ་བར་འཛིན་པ་བཞིན་དུ་ཆོད་པ་ཡང་འཛིན་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རང་གི་ཕྱོགས་ལ་ཉེས་པ་མེད་པར་བརྗོད་པ་ནི། ཤིན་ཏུ་ཐག་རིང་པོར་ཡང་འགྲོ་བ་མེད་པའི་ཕྱིར། ཉམས་པ་འཐད་པ་ཡིན་ནོ་ཞེས་འབྲེལ་ཏོ། །འདི་ཐམས་ཅད་སུན་
འབྱིན་པ་ནི། དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །རུང་བ་ལ་ལྟོས་པའི་ཕྱིར་སྒྲིབ་པ་ཡོད་ན་ཉམས་པར་འཐད་དོ་ཞེས་སྦྱར་རོ། །དཔེ་ཉིད་འཆད་པ་ནི་ཁབ་ལོང་ནི་ཞེས་བྱ་བའོ། །ཐམས་ཅད་ཅེས་བྱ་བ་ནི་དཔག་ཚད་དང་རྒྱང་གྲགས་ན་གནས་པ་རྣམས་ཀྱང་ངོ་། །འོན་ཏེ་དེ་ལ་ཡང་ཞེས་བྱ་བ་ནི་ཁབ་ལོང་ལ་
ཡང་ངོ་། །ལྕགས་དང་ཁབ་ལོང་རེག་པ་ཡོད་པའོ། །ཅི་སྟེ་མ་མཐོང་སྙམ་ན་ཕྲ་བའི་ཕྱིར་ཞེས་བྱ་བའོ། །གྲུབ་པའི་མཐའ་བརྗོད་པ་ནི་འདི་སྐད་ཅེས་བྱ་བའོ། །མིག་གི་འོད་ཟེར་མེད་པ་ཉིད་དོ། །གཞན་གྱིས་ཞེས་བྱ་བ་ནི་སངས་རྒྱས་པས་སོ། །དེ་ཉིད་ཅེས་བྱ་བ་ནི་མིག་གི་འོད་ཟེར་གྱིས་རེག་པ་ཉིད་དོ། །
འདི་ཞེས་བྱ་བ་ནི་མིག་ཕྲད་ནས་འཛིན་པའི་མཚན་ཉིད་དོ། །ཤིན་ཏུ་ཡང་ཞེས་བྱ་བ་ནི། ཤིན་ཏུ་ཡང་ཆད་པ་གཞན་དག་གིས་ཞེས་བྱ་བ་དང་། ཤིན་ཏུ་ཡང་ཚོགས་ཆེན་པོར་བརྟགས་པ་ཞེས་བྱ་བ་དང་། ཤིན་ཏུ་ཡང་བཞད་གད་ཉིད་དུ་འགྱུར་རོ་ཞེས་གསུམ་ཀ་ལ་འབྲེལ་ཏོ། །ཡང་དག་རིག་པ་ནི་དམ་

བཅས་པའི་དོན་བསྒྲུབ་པའི་ཆེད་དུ་འཇུག་པ་མ་ཡིན་ཏེ། དམ་བཅས་པའི་དོན་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདྲེན་པར་མཐོང་བ་ནི་སྐམ་པ་དང་ལྕགས་སྒོམ་ལ་སོགས་པ་ལའོ། །སྔགས་ཀྱི་བདེན་པ་ལ་འགྱུར་མོད་ཉེས་པ་ཅི་ཡོད་སྙམ་ན། དེས་འགུགས་པ་སྟེ་སྔགས་
ཀྱི་འབྲས་བུ་ལ་སོགས་པ་འགུགས་པ་ལ་ཡང་སྔགས་དང་རེག་པར་ཐལ་བས་ན་འདྲེན་པ་ལ་ཐལ་ཆེས་པར་འགྱུར་རོ། །དེར་ཡང་ཞེས་བྱ་བ་ནི་སྔགས་ཀྱིས་དྲངས་པ་ལ་ཡང་ངོ་། །སྔགས་དང་རེག་པར་གྱུར་པ་ཁོ་ནའོ་ཞེ་ན། འདི་ལ་ལན་བཏབ་པ་ནི་སྒྲ་ནི་ཞེས་བྱ་བའོ། །ཡོན་ཏན་ཡིན་པའི་ཕྱིར་རོ་ཞེས་
བྱ་བ་ནི། ནམ་མཁའི་ཡོན་ཏན་ཡིན་པའི་ཕྱིར་རོ། །རེག་པ་ནི་ཁྱེད་ཀྱི་ལྟར་ན་ལྡན་པའི་མཚན་ཉིད་ཀྱི་ཡོན་ཏན་གྱི་ངོ་བོ་ཡིན་ན། དེ་གོ་ཡོན་ཏན་སྒྲ་ལ་ཇི་ལྟར་འགྱུར་ཏེ། ཡོན་ཏན་ནི་ཡོན་ཏན་མེད་པ་ཡིན་པའི་ཕྱིར་རོ་ཞེས་དགོངས་པའོ། །འདི་ཉིད་ཅེས་བྱ་བ་ནི་བསྒྲུབ་པར་བྱ་བ་མཚན་ཉིད་ཀྱི་ཆོས་
སྦྱོར་ན་སྟེ། ཁས་ལེན་ན་དེའི་ཚེ་འགར་ཡང་མ་ངེས་པར་ཡོད་པར་མི་འགྱུར་རོ། །ཡིན་ན་དེའི་ཚེ་ཅིའི་ཕྱིར། དཔག་ཚད་ལ་སོགས་པར་ཤིན་ཏུ་ཐག་རིང་པོ་ན་གནས་པ་མི་མཐོང་ངོ་། །དེ་ལ་ནི་བར་ན་འགའ་ཡང་མེད་པའི་ཕྱིར་ན་ཐོགས་པར་བྱེད་པ་མེད་པ་ཁོ་ནའོ། །དེས་ན་མཐོང་ན་བཟློག་པར་དཀའོ་
ཞེས་དགོངས་པའོ། །འདིར་གཞན་གྱིས་སྨྲས་པ་ནི། མར་མེའི་འོད་བཞིན་དུ་ཞེས་བྱ་བ་སྟེ། མར་མེའི་འོད་མ་ཆོད་པ་རེག་པར་བྱེད་པ་བཞིན་དུ་མིག་གི་འོད་ཁོ་ན་དུས་སུ་མ་ཁྱབ་ན། རྣམ་པར་གནས་པ་མ་ཡིན་ནོ། །འོ་ན་སྔ་མ་དང་ཕྱི་མའི་རང་བཞིན་གྱི་བློ་ཐམས་ཅད་དེ་ལ་སྣང་བའི་ཕྱིར་ན། གཅིག་ཉིད་
དུ་རྟོགས་པ་འཐད་པ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་བསམས་པའོ། །ལན་ནི་