Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 180
Văn bản gốc(Tây Tạng)
Trang 24 / 25 (50.000 ký tự/trang)
ནི་བདག་ལས་འདོད་ཆགས་ལ་སོགས་པ་རྣམས་འདུ་བ་ལས་འདོད་ཆགས་ཅན་དུ་ འགྱུར་གྱི། ཕྲད་པ་ལས་ནི་ལྡན་པ་མ་ཡིན་ནོ། །དེའི་བདག་ནི་ཡིད་དང་ལྡན་པ་ཡིན་ཞིང་ཡིད་ནི་གཞན་གྱི་བདག་ཉིད་ཡིན་ལ་དེ་ལ་ཡོད་པའི་འདོད་ཆགས་ལ་སོགས་པ་དང་ལྡན་པ་དང་འདུ་བ་ཡིན་ནོ། །ཡང་ན་རྣལ་འབྱོར་པའི་བདག་གཞན་གྱི་བདག་དང་ལྡན་པ་ཡིན་པས་མི་སྐྱེ་བའི་ཕྲད་པས་དེ་ ལ་ཡོད་པའི་འདོད་ཆགས་ལ་སོགས་པ་དང་ཡང་ལྡན་པའི་འདུ་བ་ཡིན་ནོ། །དེས་ན་ཁྱད་པར་མེད་པའི་ཕྱིར་ཁྱོད་ཀྱི་རྣལ་འབྱོར་པ་ཡང་གཞན་གྱི་འདོད་ཆགས་དང་འབྲེལ་བ་ལས་འདོད་ཆགས་ཅན་དུ་འགྱུར་རོ། །འདུ་བ་དང་ཕྲད་པ་ལ་ཁྱད་པར་ཡོད་ཅེས་ཟེར་བ་ནི། ཐ་དད་རྟོགས་མེད་ཅེས་བྱ་ བའོ། །བདག་གི་ངོ་བོ་ཡང་རང་རིག་པ་དང་མ་འཁྲུལ་བ་ཡིན་ན། ཇི་ལྟར་ཐ་མི་དད་པར་འགྱུར་བ་ཡིན་པ་བསྟན་པ་ནི། བདག་ནི་རང་བཞིན་ཞེས་བྱ་བའོ། །བདག་ནི་རིག་པའི་རང་བཞིན་མ་ཡིན་ཏེ། ཐམས་ཅད་ཀྱང་ཐམས་ཅད་རིག་པར་ཐལ་བར་འགྱུར་རོ་སྙམ་དུ་སེམས་པ་ནི། འོན་ཏེ་ འདི་ནི་ཞེས་བྱ་བའོ། །ལན་ནི་གཟུང་བྱ་ཞེས་བྱ་བའོ། །ལོངས་སྤྱད་པར་བྱ་བ་དང་ལོངས་སྤྱོད་པར་བྱེད་པ་དེ་དག་གཅིག་པའི་དེ་ཉིད་ཡིན་ཞེས་བྱ་བ་འདི་ལ་དཔེ་མེད་པར་བསྟན་པ་ནི། རོ་སོགས་ཞེས་བྱ་བ་སྟེ། ལོངས་སྤྱད་པར་བྱ་བ་ལས་གཞན་པ་ཉིད་ལོངས་སྤྱོད་པར་བྱེད་པ་དེ་ལས་ཀྱང་གཞན་ ཡིན་ན། དེ་ལས་ཀྱང་གཞན་ཡིན་ཞིང་དེ་ལས་ཀྱང་གཞན་ཡིན་པའི་ཕྱིར་ཐུག་པ་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་སྐྱོན་མ་ཡིན་ནོ། །གང་གི་ཕྱིར་འབྲས་བུ་དང་རྒྱུ་ཉིད་བཞིན་དུ་གཟུང་བ་དང་འཛིན་པ་ཉིད་ལ་ཐུག་པ་མེད་པའི་སྐྱོན་མེད་དོ། །དེ་ལྟ་བུའི་དགོངས་པ་ནི་གལ་ཏེ་ཡུལ་ཉམས་སུ་མྱོང་བ་མ་ ཡིན་ན་རྟགས་མེད་པའི་ཕྱིར་ཇི་ལྟར་ལོངས་སྤྱོད་པ་པོར་རྟོགས་པར་བྱེད། དེ་ཉམས་སུ་མྱོང་ན་ཡང་རང་རིག་པ་ཡིན་ན་ཇི་ལྟར་ལོངས་སྤྱོད་པར་བྱེད་པར་རྟོགས་པའི་ཐུག་པ་མེད་པ་མ་ཡིན་ཏེ། ལོངས་སྤྱོད་དང་འདུ་བ་ཅན་ལོངས་སྤྱོད་པ་པོ་ཉིད་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་ནི། །གལ་ཏེ་དེ་དང་ཞེས་བྱ་ བའོ། །ལོངས་སྤྱོད་ཀྱི་གཞི་ལོངས་སྤྱོད་པ་པོ་ཡིན་ན་གཟུགས་ལ་སྤྱོད་པའི་ཡུལ་ཉིད་ལོངས་སྤྱོད་པ་པོར་འགྱུར་བར་བསྟན་པ་ནི། ལོངས་སྤྱོད་ཉམས་སུ་མྱོང་ལས་ཞེས་བྱ་བའོ། །འཇིག་རྟེན་གྱི་ཐ་སྙད་ནི་བདག་བཞིན་དུ་ཡུལ་ཉིད་ལ་ཡང་བློའི་གཞི་ཉིད་དུ་མཚུངས་པ་ཡིན་པར་བསྟན་པ་ནི། དམྱལ་བའི་ ཞེས་བྱ་བའོ། །ལོངས་སྤྱོད་པར་བྱ་བ་ལ་ཡོད་པའི་ལོངས་སྤྱོད་ནི་གཞན་དུ་མི་འཐད་པས་ལོངས་སྤྱོད་པ་པོ་རྗེས་སུ་དཔོག་པ་པོ་ཡིན་ནོ་སྙམ་དུ་སེམས་པ་ཁོ་ནས་ཟེར་བ་ནི། ཅི་སྟེ་རྗེས་སུ་དཔག་བྱ་དེ། །ཞེས་བྱ་བའོ། །གཞན་གྱིས་རིག་པའི་ལོངས་སྤྱོད་པ་པོ་བསལ་ནས་རང་རིག་པ་ཉིད་ཉེ་བར་བསྡུ་བ་ནི། དེའི་ཕྱིར་ བདག་ནི་རང་རིག་པའི་རང་བཞིན་ཉིད་ཅེས་བྱ་བའོ། །ཇི་ལྟར་མེ་ལོང་དང་བའམ། །ཇི་ལྟར་ཤེལ་སྒོང་དག་པ་ལ། །དེ་དང་ཉེར་གནས་གང་དང་གང་། །དེ་ལ་དེའི་གཟུགས་བརྙན་རྟོགས། །ཞེས་བྱ་བའི་རིགས་པས་ཉེ་བའི་རུང་བ་འཛིན་པའི་ཕྱིར་ཐམས་ཅད་ཀྱང་ཐམས་ཅད་རིག་པར་ཐལ་བར་འགྱུར་བ་མ་ ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གནས་སྐབས་པ་སྡུད་པ་ནི། གལ་ཏེ་ངེས་བདག་ཅེས་བྱ་བའོ། །རང་རིག་པའི་བདག་ཉིད་ཤེལ་སྒོང་བཞིན་དུ་དང་བ་ལ། ཚོན་སྔོན་པོ་ལ་སོགས་པ་གཞན་དང་གཞན་གྱི་གཟུགས་བརྙན་ཉིད་འབྱུང་བ་དང་ནུབ་པ་དང་ལྡན་པ་ཡིན་གྱི་རྟོགས་ པའི་ངོ་བོ་ལ་ནི་མ་ཡིན་ཏེ། མངོན་པར་ཤེས་པའི་ཡུལ་ཡིན་ནོ་སྙམ་དུ་སེམས་པ་ནི། ཇི་སྟེ་ཡང་ཞེས་བྱ་བའོ། །ཚོན་སྔོན་པོ་ལ་སོགས་པ་དང་ཐ་མི་དད་པར་རིག་པ་ནི་དེ་ཁོ་ན་བཞིན་དུ་ཐ་དད་པ་མི་རྟག་པར་འགྱུར་རོ་ཞེས་བྱ་བའི་དོན་བསྟན་པ་ནི། བདེ་ལ་སོགས་པ་ཐ་དད་ཕྱིར། །ཞེས་བྱ་བའོ། ། ཐ་དད་པའི་སྔོན་པོ་དང་བདེ་བ་ལ་སོགས་པ་དང་ཐ་མི་དད་པར་རིག་པ་ཡང་སྔོན་པོ་དང་བདེ་བ་ལ་སོགས་པ་བཞིན་དུ་ཐ་མི་དད་པའི་བདག་ཏུ་རིག་པར་བྱེད་པ་མ་ཡིན་པར་བསྟན་པ་ནི། བདག་ཏུ་གྱུར་པས་ནི་ཐ་དད་པའི་སྔོན་པོ་དང་བདེ་བ་ལ་སོགས་པ་རྣམས་དང་། དེ་ཁོ་ན་བཞིན་དུ་ཐ་དད་པས་ཐ་ མི་དད་པར་རང་བཞིན་གཅིག་ཏུ་ཤེས་པ་མ་ཡིན་ནོ། །ཅི་དང་འདྲ་ཞེ་ན། ཇི་ལྟར་དེ་ཉིད་ནི་ཚོན་སྔོན་པོ་ལ་སོགས་པའི་ཐ་སྙད་པ་ནི་ཁྱད་པར་རོ། །གལ་ཏེ་རང་རིག་པ་ཐ་དད་པར་རིག་པ་མ་ཡིན་དུ་ཟིན་ཀྱང་རྣམ་རྟོག་ནི་རིག་པ་ཡིན་ཞེས་ཟེར་བ་ནི། རིག་པ་རིག་པ་ཞེས་བྱ་བའོ། །རྣམ་པར་བརྟགས་ པའི་གཅིག་པ་ཉིད་ནི་རང་གཞན་གྱི་བདག་ཉིད་ལ་ཡང་འགྱུར་རོ་ཞེས་བསྟན་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །འོན་ཏེ་གཞན་གྱི་བདག་གཞན་གྱིས་རིག་པ་མ་ཡིན་པ་ཁོ་ནའོ་ཞེ་ན། རིག་པའི་དངོས་པོ་མིན་ན་ནི། །ཞེས་སྨོས་ཏེ། གཞན་གྱིས་གཞན་གྱི་བདག་མི་རིག་ན་གཞན་ནི་བདག་མེད་པར་ འགྱུར་རོ། །རང་དང་གཞན་གྱི་བདག་དག་ཕན་ཚུན་འཇུག་པ་མ་ཡིན་པར་རིག་པའི་ཕྱིར། དབྱེ་བ་ཡིན་ན་རང་གི་བདག་ལ་ཡང་སྐད་ཅིག་རེ་རེའི་རིག་པ་ཐ་དད་པས་ཐ་དད་པར་འགྱུར་བར་བསྟན་པ་ནི། དེ་ནི་སོ་སོར་རིག་ཅེ་ན། གང་དུའང་གཅིག་པ་ཉིད་མི་འགྱུར། །ཞེས་བྱ་བ་སྟེ། གཅིག་ མི་འགྱུར་ཞེས་བྱ་བ་ནི་རྒྱུན་གཅིག་ལའོ། །སྔ་མ་དང་ཕྱི་མ་དག་ནི་འཁོར་བ་དང་མྱ་ངན་ལས་འདས་པའོ། །བཤད་པའི་ཚིགས་སུ་བཅད་པ་ཉེ་བར་བསྡུ་བ་ནི་དེ་ལྟ་ཡིན་དང་ཞེས་བྱ་བའོ། །བཤད་པ་གཞན་བསྟན་པ་ནི། ཐེར་ཟུག་རྟག་པ་ཉིད་ཡིན་ན། །ཞེས་བྱ་བའོ། །དེ་ཉིད་ལ་ནི་འཁོར་བ་ཉིད་ལ་ སྟེ་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེར་ཞེས་བྱ་བ་ནི་ཐེར་ཟུག་ཏུ་གནས་པ་ཉིད་དེ་ཁོ་ན་ལ་ཡོངས་སུ་རྫོགས་པའི་ཕྱིར་རོ། །སྔར་མཐོང་བ་ངོ་ཤེས་པ་ནི་སྲིད་པ་མ་ཡིན་ལ། སྲིད་ན་ཡང་གང་གི་ཚེ་དངོས་པོ་ཡོད་པ་དེ་ཁོ་ནའི་ཚེ་འབྱུང་བར་འགྱུར་ཏེ། དངོས་པོའི་སྟོབས་ལས་བྱུང་བའི་ཕྱིར་རོ། །དུས་ཕྱིས་ནི་ མ་ཡིན་ཏེ། དངོས་པོ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེའི་རང་བཞིན་ཡོད་པ་ལ་ཞེས་བྱ་བའོ། །ཡུལ་གྱི་སྟོབས་ལ་མི་རྟེན་པ་བག་ཆགས་ལས་བྱུང་བ་སྔར་མཐོང་བ་ངོ་ཤེས་པ་ཚད་མ་མ་ཡིན་པར་བསྟན་པ་ནི། ཡུལ་མེད་པར་ནི་ཞེས་བྱ་བའོ། །ཐེར་ཟུག་ཏུ་གནས་པ་ཡང་འགྱུར་བ་ཅན་མ་ཡིན་ པའི་ཕྱིར་དང་། དམིགས་པའི་རིམ་པ་མེད་པའི་ཕྱིར་མི་རྟག་པ་ཉིད་དུ་མ་རྟོགས་པའི་ཕྱིར་རྟག་པ་ཡིན་ནོ་ཞེས་ཟེར་བ་ནི་གལ་ཏེ་ཐེར་ཟུག་རྟག་ཉིད་ཅེས་བྱ་བའོ། །ཚིགས་སུ་བཅད་པ་འདི་ཉིད་བཤད་པ་ནི། །གལ་ཏེ་ཐེར་ཟུག་ཅེས་བྱ་བའོ། །འགྱུར་བ་ཅན་མ་ཡིན་པ་ཉིད་དང་། དམིགས་པའི་རིམ་ པ་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་གཉིས་པོ་རྟག་པ་ཉིད་དུ་སྒྲུབ་པར་བྱེད་པར་འདོད་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་རིམ་པའི་དམིགས་པར་འདོད་པ་ཡིན་ན། མི་རྟག་པ་ཉིད་དུ་འགྱུར་བར་བསྟན་པ་ནི། དེའི་ཕྱིར་དམིགས་པ་རིམ་པ་དང་ལྡན་པ་ཞེས་བྱ་བའོ། །མ་དམིགས་པ་ཞེས་བྱ་བ་ ནི་ཐེར་ཟུག་ཏུ་གནས་པར་རོ། །མཚུངས་པ་ཉིད་དུ་དམིགས་པ་ཡང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་བ་ནི། ཡང་ན་མཚུངས་པའི་རང་བཞིན་དམིགས་པ་ལས་སྔ་མ་དང་ཕྱི་མ་དང་གཅིག་ཉིད་དུ་ཞེས་བྱ་བ་ལ་སོགས་པས་བཤད་པ་ཡིན་ནོ། །བཤད་པ་གཞན་བསྟན་པ་ནི། ཡང་ན་རྟོགས་ པའི་རང་བཞིན་ཉིད་ཀྱིས་ཞེས་བྱ་བ་སྟེ། སེམས་ཀྱི་བདག་ཉིད་དུ་གཅིག་པ་ཡིན་པའི་ཕྱིར་རྒྱུ་ཐ་དད་པ་མ་ཡིན་ཞིང་། སྔོན་པོ་དང་བདེ་བ་ལ་སོགས་པས་ཀྱང་མ་ཡིན་ཏེ། དབྱེ་བ་ཐམས་ཅད་འཁྲུལ་བ་ཅན་ཡིན་པའི་ཕྱིར་ལ། མ་འཁྲུལ་པ་ཉིད་ནི་ཡོད་པའམ་སེམས་ཀྱི་ངོ་བོ་ཉིད་ཀྱང་རུང་ཐམས་ཅད་དུ་ཐོགས་པ་མེད་པའི་ ཕྱིར་རོ། །རྣམ་གཅོད་མེད་པའི་ཡོད་པ་ཅན། །ཡུལ་དད་དུས་སུ་དངོས་པོ་གང་། །རྟག་པ་དེ་ནི་ཁྱབ་བདག་འདོད། །དེ་ཕྱིར་བདག་ནི་ཁྱབ་བདག་བརྗོད། །ཅེས་བྱ་བའི་དོན་ཏོ། །ལན་ནི། གལ་ཏེ་དེ་ལྟར་ན་ཞེས་བྱ་བ་སྟེ། འཁྲུག་པའི་གནས་སྐབས་ན་ཐ་མི་དད་པར་སྐྱེས་པའི་ངོ་བོ་ཡིན་པའི་ཕྱིར་ སྔ་མའི་ངོ་བོ་དུས་ཕྱིས་ནི་དེ་ཉིད་འཇིག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གྲོལ་བའི་བདག་ཀྱང་འཁོར་བ་པའི་བདག་ཀྱང་ཐ་མི་དད་པ་ཡིན་ན་ནི་འཁོར་བ་པ་ཉིད་དུ་འགྱུར་བར་བསྟན་པ་ནི། དེའི་གནས་སྐབས་ཞེས་བྱ་བའོ། །གལ་ཏེ་གྲོལ་བ་ཞེས་བྱ་བའི་དོན་ལ་སོགས་པའི་ཚིག་ རྐང་པ་གསུམ་བཤད་པ་ནི། གལ་ཏེ་བུམ་པའི་ནམ་མཁའ་ཞེས་བྱ་བའོ། །དབྱེ་བ་མེད་པའི་གནས་སྐབས་ལ་བདག་ཏུ་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་བདག་མེད་པའི་ངོ་བོ་ཉིད་དུ་ཐལ་བར་འགྱུར་བར་བསྟན་པ་ནི། ནམ་མཁའ་ཉིད་དུ་ཉེ་བར་སོན་པ་ཞེས་བྱ་བའོ། །འོ་ན་ནི་བདག་མེད་པ་ ཉིད་དུ་ཞེས་བྱ་བ་ནི་བདག་ཏུ་ཤེས་པའི་ཡུལ་མ་ཡིན་པ་ནི་བདག་མ་ཡིན་པའི་ཕྱིར། སེམས་ཀྱི་ངོ་བོའི་རྟག་ཏུའམ་ཁྱབ་པ་ཅན་ཡང་མ་ཡིན་ཏེ་སྣང་བ་དང་ཉེ་བའི་ཕྱིར་རོ། །ཐག་ཉེ་བའི་སྣང་བཞིན་པ་ནི་ཡུལ་གཞན་ནམ་དུས་གཞན་ལ་མ་ཡིན་ནོ། །དེ་ལྟ་བུ་ཉིད་མ་ཡིན་ན་ཡང་ཁྱད་པར་ཅན་དུ་ མངོན་པར་འདོད་པའི་ངོ་བོ་ཡང་དེ་ལྟར་འགྱུར་བར་བསྟན་པ་ནི། རང་གི་རང་བཞིན་ཙམ་རིག་པ། །ཞེས་བྱ་བའོ། །གཅིག་ལ་མཐོང་བའི་ཡོད་པའི་ངོ་བོའམ་སེམས་ཀྱི་ངོ་བོ་ནི་གཞན་ལ་ཡང་དེ་ཉིད་སྔར་མཐོང་བ་ངོ་ཤེས་པ་མ་ཡིན་ནམ་སྙམ་དུ་སེམས་པ་ནི། འོན་ཏེ་བུམ་པ་ལ་སོགས་པ་ཞེས་བྱ་ བའོ། །སྔར་མཐོང་བ་ངོ་ཤེས་པ་ནི་གྲོལ་བ་དང་འཁོར་བ་དག་ཀྱང་གཅིག་པ་ཉིད་དུ་སྒྲུབ་པར་བྱེད་པ་བསྟན་པ་ནི་ཤིན་ཏུ་གསལ་བར་བྱ་ཞེས་བྱ་བ་སྟེ། སྔར་མཐོང་བ་ངོ་ཤེས་པ་མེད་པ་མ་ཡིན་པའི་ཕྱིར་རོ། །བདག་གོ་ཞེས་བྱ་བ་ལ་སོགས་པ་ཉམས་སུ་མྱོང་བའི་ཡུལ་ནི་ཡུལ་འཁོར་བ་པོའི་བདག་ ནི་གྲོལ་བའི་གནས་སྐབས་ན་ཡང་ཐམས་ཅད་ཉམས་སུ་མྱོང་བ་དང་བུ་དང་ཆུང་མ་ལ་སོགས་པའི་ཡུལ་གྱི་ཐ་སྙད་ཐམས་ཅད་དང་ཡོན་ཏན་ཀུན་ཏེ་ཤེས་རབ་དང་ཡིད་གཞུངས་པ་ལ་སོགས་པ་ལྡོག་པས་དེ་ལ་ཆགས་པའི་རྒྱུ་མཚན་མེད་པའི་ཕྱིར་མེད་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་རྟོག་པ་དང་ལྡན་པ་འདི་ལ་ དོན་དུ་གཉེར་བར་ཇི་ལྟར་འགྱུར་ཞེས་བསྟན་པ་ནི་ཀུན་ལྡོག་པ་ནི་ཉམས་སུ་མྱོང་བ་དང་ཡོན་ཏན་དང་ངོ་བོ་ཆགས་པའི་རྟེན་ཟློག་པ་གང་ལ་གྲོལ་བའི་གནས་སྐབས་ན་ལྡོག་པ་གང་ཡིན་པ་དེ་ལ་ཇི་ལྟར་འདོད་པ་སྟེ་ཆགས་པ་ཇི་ལྟར་བདག་གིར་བྱེད། དེ་ཆགས་པ་ཇི་ལྟར་བདག་གིར་བྱེད་དེ་ཆགས་པའི་རྒྱུ་ མཚན་མེད་ན་ཇི་ལྟར་ཆགས་པ་ཡིན་ཞེས་བྱ་བའི་དོན་ཡིན་ཞིང་། ཆགས་པའི་ཡུལ་ནི་འདི་འདྲ་བ་ཡང་ཇི་ལྟར་གཞན་འདྲ་བར་འདོད་ཅེས་བྱ་བའི་དོན་ཏོ། །རྡོ་བ་དང་རས་བལ་ལ་སོགས་པ་ལ་ཁྱབ་པ་ཅན་ནམ་མཁའི་བདག་ཉིད་དེ། རང་གི་ངོ་བོ་གང་ཡིན་པ་དེ་ཁོ་ན་བདག་ཡིན་ལ། ཐ་སྙད་དུ་ཐམས་ཅད་ནི་དོར་ བྱ་དང་བླང་བྱ་ལ་སོགས་པ་སྟེ། དེ་ལས་འདས་པ་ནི་ཆགས་པའི་ཡུལ་ལས་བཟློག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་འདྲ་བ་ཞེས་བྱ་བ་ནི་སྔ་མའི་ངོ་བོ་ལས་བཟློག་པ་ཐར་པའི་ངོ་བོ་ལ་རྟོག་པ་དང་ལྡན་པ་འཇུག་པ་ལ་བར་དུ་གཅོད་པ་ཡིན་ཏེ་དོན་དུ་གཉེར་བ་མི་འབྱུང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བདག་ལ་ ཆགས་པ་ནི་མངོན་དུ་བྱེད་པར་འགྱུར་ཞེས་བྱ་བ་དང་སྦྱར་རོ། །གྲོལ་བའི་གནས་སྐབས་ན་བདག་ནམ་མཁའ་བཞིན་དུ་དངོས་པོ་མེད་པར་འགྱུར་བར་མི་རིགས་པ་མ་ཡིན་ནམ། བདག་ཏུ་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །འདི་རྣམས་ཀྱི་བདག་དང་བདག་གི་འདི་རྣམས་ཞེས་བྱ་བའི་འབྲེལ་པའམ་ཐུན་ མོང་བ་མ་ཡིན་པ་ཉིད་ནི་འཆིང་བ་ཡིན་པ་ནི་བདག་དང་བདག་གི་ཞེས་བརྗོད་པ་ཡིན་ལ། དེ་ནི་ཐར་པ་ལ་ཡོད་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ་རྣམ་པ་ཀུན་དུ་ཞེས་བྱ་བའོ། །བདག་གོ་ཞེས་བྱ་བར་རིག་པ་འདི་ཡང་། དེའི་མེད་པ་ཁོ་ན་ཡིན་ནོ། །རྨི་ལམ་མཐོང་བ་མ་ཡིན་པའི་གཉིད་ལོག་པ་གྲོལ་བའི་ དཔེར་བྱེད་དོ། །ཡིན་ན་ཡང་བདག་གོ་ཞེས་བདག་ཏུ་ལྟ་བའི་རྣམ་པ་ནི་འབྲེལ་པའི་རྣམ་པའམ་དེ་དང་ཐུན་མོང་མ་ཡིན་པའི་རྣམ་པ་ཡང་བདག་ཏུ་འཛིན་པ་ནི་ཐམས་ཅད་དུ་ཆགས་པའི་ངོ་བོའི་སྙིང་པོ་ཅན་ཁོ་ན་ཡིན་ནོ། །དེའི་ཕྱིར་ཡང་བདག་གི་བ་ལ་མི་ཐུན་མོང་བ་ལའམ། ཐུན་མོང་མ་ཡིན་པ་ལ་ཡང་ ཆགས་པ་འདྲེན་པ་ཡིན་ཏེ་དེ་མེད་ན་རང་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཁོ་བོའི་བཤད་པ་ཡིན་ནོ། །འགྲེལ་པ་མཛད་པ་ནི་གསལ་བ་ཁོ་ན་ཡིན་ནོ། །བདག་ཏུ་འཛིན་པ་ཡོངས་སུ་འདོར་བ་ཡིན་ན་འཇུག་པའི་ཡན་ལག་མེད་དོ། །གང་གི་ཕྱིར་དེ་ཡོད་ན་སྔ་མ་དང་ཕྱི་མ་གཅིག་པའི་སྡུག་བསྔལ་ཅན་སྒྲོ་ བཏགས་ནས་དེ་ལ་སོགས་པ་འཇུག་པ་ཡིན་ནོ། །སྐད་ཅིག་མར་རིག་པའི་བདག་ཉིད་ཀྱི་རིག་པ་ནི་འཇུག་པའི་ཡན་ལག་མ་ཡིན་པ་ཁོ་ནར་བསྟན་པ་ནི། གལ་ཏེ་འདི་ལ་བདག་འཛིན་ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་སོ། །བདག་ཏུ་འཛིན་པ་མེད་ཀྱང་གཞན་གྱི་དོན་ལ་འཇུག་པ་ཡིན་ནོ། ། བདག་ཏུ་སྨྲ་བ་དོན་མེད་པར་བསྟན་པ་ནི་གཞན་གྱིས་ཕྱེད་པ་ཞེས་བྱའོ། །ཡུན་རིང་བདེ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་དགའ་བ་ཙམ་གྱིས་བདག་གི་ངོ་བོ་ནི་རྟག་ཏུ་གསལ་བ་ཡིན་ལ། དེའི་འབྲས་བུ་ཉིད་ཀྱིས་མི་རྟག་པའི་བདེ་བ་ཡོངས་སུ་འདོར་བ་ཡིན་ནོ། །མེད་ པ་ཡང་ཞེས་བྱ་བ་ནི། ཐེ་ཚོམ་ཟ་བ་ཡོད་པ་དང་མེད་པའི་ཐུན་མོང་བ་ཉིད་ཀྱིས་མེད་པའི་ཕྱོགས་ལ་འཇུག་པ་ནི་མེད་པར་ཡང་སྲིད་པའོ། །སྐད་ཅིག་མའི་དངོས་པོ་སྣང་བ་ཙམ་ལ་སྤྲེའུའི་ཟླ་བ་ཞེས་པ་དང་སྦྱར་བ་ཡིན་ནོ། །དེའི་ཕྱིར་དེ་བཞིན་དུ་བདག་ཏུ་ལྟ་བ་ཅན་ནི་བདག་གི་པར་ཆགས་པ་ལྡོག་པ་ལ་ འབད་པ་དང་བཅས་པ་ཡིན་ཡང་ཡོན་ཏན་གྱི་ཆ་མཐོང་བས་དེ་ལ་སྐྱོན་དུ་མཐོང་བ་བསྒྲིབས་པའི་ཕྱིར་མི་རྙེད་པ་ཁོ་ན་ཡིན་པར་བསྟན་པ་ནི། བརྩོན་ཡང་ཞེས་བྱ་བ་སྟེ། ཆགས་པ་དང་བྲལ་བ་ལ་འབད་པ་ཡིན་ཡང་། ཆགས་པ་དང་བྲལ་བ་ལ་གེགས་བྱེད་པ་ཡིན་ནོ། །ཅི་ལས་ཤེ་ན། ཡོན་ཏན་ཆ་བརྟེན་ ནས་གང་ལ་འཇུག་པ་དང་ལྡན་པའོ། །བདག་ཀྱང་བདེ་བ་དང་སྡུག་བསྔལ་སྒྲུབ་པར་བྱེད་པ་པོའི་ངོ་བོ་དང་དེའི་འབྲས་བུའི་ཟ་བ་པོའི་ངོ་བོས་ཀྱང་ཆགས་པ་དང་བྲལ་བའི་ཡུལ་ཡིན་པས་དོར་བྱ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་བདག་ལའང་ཞེས་བྱ་བ། ངོ་བོ་གང་གིས་བདག་དོར་བྱ་ ཡིན་པ་དེ་ཁོ་ན་འདིའི་ངོ་བོ་ཡིན་གྱི། ངོ་བོ་གཞན་མ་ཡིན་པའི་ཕྱིར་བདག་བླང་བྱ་ཉིད་མ་ཡིན་པར་བསྟན་པ་ནི། ད་ནི་ཞེས་བྱ་བ་སྟེ། ཇི་ལྟར་ཏེ་རྣམ་པ་གང་གིས་བདག་འདོར་བ་ནི་དོར་བྱར་བྱེད་པའོ། །དེ་ནི་ཞེས་བྱ་བ་ནི་སྨྲ་བ་པའོ། །བླང་བྱ་ལ་ཆགས་པ་དང་བྲལ་བ་རྣམ་པ་གཞན་ནི་མེད་དོ། །གཏན་ཚིགས་ དེའི་ཕྱིར་སྡུག་བསྔལ་བསྒོམ་པར་བསྟན་པ་དོན་མེད་དོ། །འགྲེལ་པ་མཛད་པས་ནི་རྒལ་བའི་དོན། །ཇི་ལྟར་ཡོད་པ་དེ་ལྟར་མིན། །ཞེས་བྱ་བ་ལ་སོགས་པས་བཤད་དོ། །བདག་གི་བཞིན་དུ་བདག་ཉིད་འདོར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་འདོར་བ་ཡིན་ཞེ་ན། ཆགས་པ་འབའ་ཞིག་འདོར་བ་ཡིན། ། ཞེས་བྱ་བའོ། །ཆགས་པ་དང་བྲལ་བ་ནི་ཆགས་པ་མེད་པ་སྟེ། བྲལ་བའི་སྒྲ་ནི་དགག་པའི་དོན་ཡིན་པའི་ཕྱིར་རོ། །བདག་ལ་ཆགས་པ་དང་བྲལ་བ་ནི་ཐར་པའི་བདེ་བ་ཡིན་གྱི་བདག་ཏུ་འཛིན་པ་ཡོད་པ་ལ་མི་སྲིད་པར་བསྟན་པ་ནི། བདེ་བར་གནས་པ་ནི་ཞེས་བྱ་བའོ། །ད་ནི་ཆགས་བྲལ་གང་ཡིན་མེད། ། ཅེས་བྱ་བའི་དོན་བསྟན་པ་ནི་གལ་ཏེ་བདག་ལས་ཞེས་བྱའོ། །འདི་ལ་ནི་རྒོལ་བ་ལའོ། །སྨྲས་པ་ནི་རྣམ་འགྲེལ་ལོ། །དེ་ནི་ཇི་ལྟར་བདག་འདོར་བ་དེ་བཞིན་དུ་སྡུག་བསྔལ་བསྒོམ་པ་དོན་མེད་པ་མ་ཡིན་ནོ། །ཅི་ལས་ཤེ་ན། དེའི་ཕྱིར་དེ་དོར་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དོར་བ་ནི་ཆགས་པ་དང་བྲལ་བར་ འགྱུར་བ་མ་ཡིན་ཏེ། གཞན་ཡོད་པའི་ཕྱིར་རོ། །བདག་ནི་དོར་བ་ཉིད་དུ་མི་ནུས་སོ་ཞེས་བྱ་བ་བརྟགས་པ་ནི་ཆགས་པ་དང་བྲལ་བ་ལ་ཡང་མཚུངས་པར་བསྟན་པ་ནི་བདག་ལ་ཞེས་བྱ་བ་སྟེ། ཇི་ལྟར་དེ་མེད་པ་དང་ཞེས་བྱ་བ་དང་སྦྱར་རོ། །འོན་ཏེ་ཆགས་པ་ཉིད་ཆགས་པ་དང་བྲལ་བར་འགྱུར་རོ་ཞེས་བྱ་བ་འདི་ ལ་བསྟན་པ་ནི་དེ་ནི་ཞེས་བྱ་བ་ནི་ཆགས་པའོ། །གཞན་ཡང་ཞེས་བྱ་བ་ནི་ཆགས་པ་དང་བྲལ་བའོ། །དེ་ལྟར་ནི་ཆགས་པའི་ངོ་བོས་སོ། །ཟད་པ་དང་ཕྱོགས་གཅིག་ཅེས་བྱ་བའི་བདག་ཉིད་ཀུན་ནམ་ཞེས་བྱ་བའོ། །གཅིག་ནི་ཆ་ཤས་མེད་པའོ། །གཅིག་ལ་ཡང་ཡན་ལག་ཅན་བཞིན་དུ་ཕྱོགས་གཅིག་ ཡོད་པ་ཡིན་ནོ་སྙམ་དུ་སེམས་པ་ལ། གང་ཞིག་ཅེས་བྱ་བ་སྟེ། དེ་ལྟ་ཡིན་ན་ཡན་ལག་ཅན་དེ་ཡན་ལག་རེ་རེ་ལ་ཡོངས་སུ་རྫོགས་པས་ཐ་དད་པ་ཁོ་ན་ཡིན་ནོ། །ཐ་དད་པ་ལ་ཡང་ཐ་མི་དད་པའི་ངོ་བོ་རིག་པའི་གནས་སྐབས་ན་ཡོད་པ་ཡིན་པར་བསྟན་པ་ནི། དེ་ལྟ་ཡིན་ན་ཞེས་བྱ་བའོ། །ཇི་ལྟར་ཐུག་པ་ མེད་པ་ཡིན་ཞེ་ན། གཞན་དང་གཞན་བརྟགས་པས་ཞེས་བྱ་བའོ། །ངོ་བོ་གཅིག་བྱུང་བ་ཡིན་ན་ངོ་བོ་སྔ་མ་བོར་བ་དང་ངོ་བོ་གཞན་བྱུང་བ་ཞེས་བྱ་བའི་རྣམ་པ་འདི་ཉིད་རིགས་པ་ཡིན་ནོ། །དེ་ནི་ཇི་ལྟར་བདག་འདོར་བ། །ཞེས་བྱ་བ་ལ་སོགས་པས་བཤད་པ་ཡིན་པར་བསྟན་པ་ནི། དེའི་ཕྱིར་དེས་ནི་ཞེས་བྱ་ བའོ། །རྣམ་པ་གང་གིས་ཀྱང་ཞེས་བྱ་བ་ནི་ཆགས་པ་དང་བྲལ་བའི་རང་བཞིན་གྱིས་སོ། །རྣམ་པ་གཞན་དུ་སྦྱར་བ་ནི་གལ་ཏེ་བདག་ལ་ཞེས་བྱ་བའོ། །གང་ཞིག་ཅེས་བྱ་བ་ནི་དེ་ཉིད་ཅེས་བྱ་བ་དང་སྦྱར་རོ། །གང་ལ་ཆགས་པ་དང་བྲལ་བ་མེད་པ་དེ་འདོར་བ་མིན་ཞེས་བྱ་བ་དང་སྦྱར་རོ། །ཡུལ་ལ་ལྟོས་ ནས་དོན་མེད་པ་ཡིན་ནོ། །རྣམ་པ་གཞན་གྱིས་ཀྱང་བྱེད་པ་མ་ཡིན་ཏེ། མེད་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དོན་མེད་པ་ཡིན་ན་དེ་ལས་ཀྱང་ཅིར་འགྱུར་ཞེ་ན། སྡུག་བསྔལ་བསྒོམས་པས་ནི་ཞེས་བྱ་བའོ། །སྡུག་བསྔལ་བསྒོམ་པ་ནི་མངོན་དུ་འདོད་ཆགས་དང་བྲལ་བའི་ཕྱིར་ནི་མ་ཡིན་ཏེ། འོན་ཀྱང་ སེམས་ལ་དབང་དུ་འགྱུར་བར་བྱ་བའི་ཕྱིར་ཡིན་ལ་སེམས་དབང་དུ་བྱ་བ་ཡང་སྐྱེས་བུའི་གནས་སྐབས་ཐམས་ཅད་ན་ཡོད་པའི་ཕྱིར་སྡུག་བསྔལ་བསྒོམ་པ་བསྟན་པས་ཅི་དགོས་ཏེ་མ་བསྟན་ཀྱང་ཞེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་བསྟན་པ་ནི། སྡུག་བསྔལ་བསྒོམས་པས་ཏེ་ཉེ་བར་ བསྟན་པས་ཀྱང་ངོ་། །དེ་དག་ཅེས་བྱ་བ་ནི་སྐྱེས་བུའོ། །སྡུག་བསྔལ་ཉིད་ནི་སྡུག་བསྔལ་སྒྲུབ་པར་བྱེད་པའོ། །སྡུག་བསྔལ་དང་འདྲེས་པར་རྣམ་པར་ཤེས་པར་བྱེད་པ་ནི་ངེས་པར་བྱེད་པའོ། །དེ་ནི་ཞེས་བྱ་བ་ནི་ངོ་བོའོ། །སྔར་ཡང་ནི་བསྟན་པའི་སྔ་རོལ་དུ་ཡང་མངོན་དུ་བྱེད་པ་ཁོ་ན་ཡིན་གྱི་དེ་ལས་ཆགས་ པ་དང་མ་བྲལ་ན་ཉེ་བར་བསྟན་པ་ལས་ཀྱང་ཆགས་པ་དང་བྲལ་བར་མི་འགྱུར་ཏེ། གང་གི་ཕྱིར་དེ་ཡང་དེའི་རྗེས་སུ་སྨྲ་བ་ཡིན་ནོ། །སྔར་ཆགས་པ་དང་བྲལ་བའི་ཡུལ་མེད་པར་བསྟན་ནས། ད་ལྟར་ནི་ཆགས་པ་དང་བྲལ་བ་སྒྲུབ་པར་བྱེད་པ་ཉིད་མ་ཡིན་པར་བསྟན་པ་ཡིན་ནོ། །ཁོ་བོ་ཅག་གིས་ནི་འདུ་བྱེད་ པའི་སྡུག་བསྔལ་ཉིད་དུ་རྟོགས་ནས་བླང་བྱ་དང་དོར་བྱ་དང་བྲལ་བའི་ཕྱིར་སྟེའུ་དང་ཙན་དན་དག་གི་འདྲ་བ་ཉིད་ནི་ཆགས་པ་དང་བྲལ་བར་འགྱུར་བའི་ཕྱིར་དེའི་བསྒོམ་པ་བསྟན་པ་ཡིན་ནོ། །ཆགས་པ་དང་བྲལ་པའི་རྒྱུ་མ་ཡིན་པ་ཉིད་ཁོ་ན་བསྟན་པ་ནི། འདིས་ནི་འདོད་ཆགས་དང་བྲལ་བར་འགྱུར་བ་མ་ ཡིན་ནོ། །འདི་ཉིད་གསལ་བར་བྱེད་པ་ནི་སྡུག་བསྔལ་སྒོམ་པ་ཞེས་བྱ་བའོ། །སྡུག་བསྔལ་གྱི་ཚོགས་སུ་མངོན་སུམ་གྱི་ངེས་པ་ཡིན་ཡང་བདེ་བ་འདོད་པས་དབང་བྱས་པའི་ཡིད་ཅན་ནི་དྲན་པ་མེད་པས་ཉེ་བར་ཞི་བ་ལས་མི་ལྡན་པ་མ་ཡིན་ནམ། དགའ་བའི་རོ་ཡིས་ཚིམ་རྣམས་ཀྱིས། །ཞི་བའི་སེམས་ཀྱི་བདེ་ གང་ཡིན། །ནོར་ལ་བརྐམ་པ་དེ་དང་དེར། །རྒྱུག་པ་རྣམས་ལ་ག་ལ་ཡོད། །གཞན་ཡང་རྒྱ་མཚོའི་སྐ་རགས་ཅན་གྱི་ས་གཞི་མ་ལུས་པ་དང་། བ་ལང་དང་རྟ་ལ་སོགས་པ་ཐོབ་ཀྱང་ནོར་ལ་བརྐམ་ཆགས་ཅན་ནི་དེ་རྣམས་ཀྱིས་ཀྱང་ཚིམ་པར་མི་འགྱུར་ལ། འོན་ཀྱང་བདེ་བ་ནི་ནོར་རྙེད་པ་ཡིན་ནོ། །བདེ་བ་ལ་ སྦྱོར་བཞིན་པ་ནི་དེ་ཚོལ་བ་ལ་སོགས་པའི་རྣམ་པར་རྟོག་པས་སྡུག་བསྔལ་བ་ཁོ་ན་ལ་བདེ་བར་མངོན་པར་སེམས་པའི་ཕྱིར་སྡུག་བསྔལ་བསྒོམ་པ་དྲང་སྲོང་རྣམས་ཀྱིས་བསྟན་པ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་རབ་ཏུ་ཞི་བའི་སྟེ། འཁོར་བའི་བདེ་བ་ལ་སྲེད་པར་མི་འགྱུར་བ་ནི་སྡུག་བསྔལ་བསྒོམས་ པས་ཞེས་བྱ་བ་དང་སྦྱར་རོ། །སྡུག་བསྔལ་བསྒོམ་པ་ཡིན་ཡང་བདག་ཏུ་མངོན་པར་ཞུགས་པ་ཅན་ནི་བདག་གི་བ་ལ་ཆགས་པ་ལྡོག་པར་མི་འགྱུར་ཞེས་བསྟན་པ་ནི། འདིར་ནི་ཞི་བ་བདག་ཏུ་ལྟ་བ་ཞེས་བྱ་བའོ། །བདག་ཏུ་ལྟ་བ་ལ་ཡང་ཁ་ཅིག་ཏུ་སྡུག་བསྔལ་གྱི་རྒྱུ་ཉིད་དུ་མཐོང་བ་ལས་འདོད་ཆགས་དང་ བྲལ་བ་ཉིད་སྣང་བ་ཁོ་ན་མ་ཡིན་ནམ། རིགས་པ་དེ་ཉིད་ཀྱིས་ཐམས་ཅད་དུ་དེ་བཞིན་དུ་འགྱུར་བ་སྲིད་དོ་སྙམ་དུ་སེམས་པ་ལ། །གལ་ཏེ་དེ་ལ་ཉེས་པ་ཡིས། །ཞེས་བྱ་བའོ། །བདག་ཏུ་ལྟ་བ་ལ་ཆགས་པ་དང་བྲལ་བས་ལྡོག་པར་སྣང་བ་ཡིན་གྱི་མཐོང་བ་དང་འགལ་བ་སྲིད་པ་ནི་ཚད་མ་མ་ཡིན་ནོ་ཞེས་ དགོངས་པའོ། །ཆགས་པའི་ནུས་པ་ནི་བདག་དང་བདག་གིར་འཛིན་པའོ། །བདག་ཏུ་འཛིན་པ་དང་འབྲེལ་པའི་ཤེས་རབ་ལྡོག་པའི་དོན་དུ་འཕགས་པའི་ཞེས་བྱ་བ་ནི་ཁྱད་པར་རོ། །གཞོམ་པ་དང་ཉེ་བར་ལེན་པ་དག་འཇོམས་པའི་རྒྱུ་དག་མེད་པར་ལྟ་བ་ཡིན་གྱི་བདག་ཏུ་ལྟ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ དོན་ཏོ། །བདག་ཤེས་པ་ནི་ཁམས་གསུམ་པོའི་སྐྱོན་མཐོང་བ་ཅན་གྱི་ཆགས་པ་དང་བྲལ་བ་མ་ཡིན་ནམ། དེ་ཇི་ལྟར་གཅིག་ལ་ཉེས་པས་བློ་ལྡོག་པ་ཡིན་སྙམ་དུ་སེམས་པ་ལ། བླང་དང་དོར་བྱའི་ཁྱད་ཡོད་ན། །ཞེས་བྱ་བའོ། །བདག་ཏུ་སྨྲ་བ་ནི་ཁམས་གསུམ་པོའི་གདོན་མི་ཟ་བར་དོར་བྱ་ཡིན་ ཡང་ཉེ་བར་བླང་བར་བྱ་བ་ལ་བརྟེན་ནས་གདོན་མི་ཟ་བར་བླང་བྱ་ཡིན་ཞིང་། ཉེ་བར་བླང་བྱ་ཡང་བདག་གམ་དེའི་ཆོས་རྣམས་ཀྱང་ཡིན་ལ། དེ་འདི་ཡང་ཉེ་བར་བླང་བྱའི་ནུས་པ་ནི་བྱས་པའི་ཕན་པ་གཞན་ལས་དེའི་ནུས་པའི་ས་བོན་ཡིན་ཞེས་བརྗོད་དེ། དེ་ལ་ཕན་འདོགས་པར་བྱེད་པ་ཡིན་ཡང་རུང་མ་ཡིན་ ཡང་རུང་དེ་ལ་ལྟོས་པའི་ཉེ་བར་བླང་བྱའི་ནུས་པ་དེ་ཉིད་ནི་གནོད་པ་བྱེད་པ་པོ་ལ་རྒྱབ་ཀྱིས་ཕྱོགས་པར་ཉེ་བར་འགྲོ་བའི་ཞེ་སྡང་གི་ས་བོན་ཡིན་པར་ཡང་ཤེས་པར་བྱའོ། །གལ་ཏེ་ཐམས་ཅད་དུ་མི་འགྱུར་བ་དེ་ལྟ་ན་ཇི་ལྟར་འགྱུར་ཞེས་ཟེར་བ་ལ་བསྟན་པ་ནི། རྣམ་གྲངས་ཀྱིས་ཞེས་བྱ་བའོ། །དེའི་རྒྱུ་ཅན་ གྱི་འདོད་ཆགས་དང་ཞེ་སྡང་དག་དེ་ཁོ་ན་བཞིན་དུ་འབྱུང་བ་ཡིན་པར་བསྟན་པ་ནི། འདོད་པ་དང་སྡང་བ་ཞེས་བྱ་བའོ། །བདག་མེད་པར་ལྟ་བ་པོའི་བླང་བྱའི་མ་ཡིན་པའི་ཕྱིར་ནུས་པ་མ་ཡིན་ཞིང་། རྒྱབ་ཀྱིས་ཕྱོགས་པ་ཡང་མ་ཡིན་པའི་ཕྱིར་གང་ཞིག་གང་གི་ས་བོན་ཡིན་ཞེས་བསྟན་པ་ནི། བདག་མེད་ པར་ལྟ་བ་ལ་ནི་ཞེས་བྱའོ། །བདག་ཏུ་ལྟ་བ་ཅན་ཡང་ཁམས་གསུམ་པོ་ལ་ཆགས་པ་དང་བྲལ་བ་མ་ཡིན་ནམ། ཡུལ་གཞན་ཡང་མེད་ན་ཇི་ལྟར་འགའ་ཞིག་ལ་ལྟོས་པའམ་ལྡང་བར་བྱེད་པ་ཡིན་སྙམ་དུ་སེམས་པ་ལ། སྐྱོན་མེད་ཡུལ་ཅན་ཞེས་བྱ་བའོ། །བདག་ལ་ཆགས་པ་ ཡོད་ན་ཁམས་གསུམ་པོ་དེ་ལ་ཕན་འདོགས་པར་བྱེད་པའི་ཆ་དང་ལྡན་པ་ལ་ཆགས་པ་དང་ལྡན་པ་ཉིད་མི་འཐོབ་པས། བསམ་མེད་བདག་ལ་ཆགས་པ་ཡིས། །ཇི་ལྟར་རྙེད་བཞིན་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ་ཞེས་བྱ་བའོ། །སྐྱོན་དང་ལྡན་པ་ཉིད་ལས་རྒྱབ་ཀྱིས་ཕྱོགས་པ་ནི་བདག་གི་བ་ བཞིན་དུ་བདག་ལ་ཡང་ཡིན་ནོ་ཞེས་ཟེར་བ་ནི། འོན་ཏེ་སྐྱོན་བཅས་ཞེས་བྱ་བའོ། །བདེན་ཏེ། སོ་སོའི་སྐྱེ་བོས་ཡོན་ཏན་མཐོང་བས་སྐྱོན་བསྒྲིབས་ནས་ལེན་པར་བྱེད་ལ། སྡུག་བསྔལ་བསྒོམ་པའི་གདམས་ངག་དང་ལྡན་པའི་མཉམ་པར་གཞག་པ་ནི། སྐྱོན་མཐོང་ནས་ཡོན་ཏན་ལེན་པ་ཡིན་ནོ་སྙམ་དུ་ སེམས་པ་ལ། ཡོན་ཏན་མཐོང་བ་ལས་བྱུང་བའི། །ཞེས་བྱ་བའོ། །ཉེས་པ་མཐོང་བ་ནི་བསྒོམ་པ་ལས་བྱུང་བས་ཉེས་པ་མཐོང་བའོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ལུས་དང་དབང་པོ་ལ་སོགས་པ་རྣམས་ལ་ཆགས་པ་ནི་ཡོན་ཏན་མཐོང་བའི་བསྐྱེད་བྱ་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པའི་ཕྱིར་རོ། ། ཞེས་བསྟན་པ་ནི། དེ་ཡང་ཞེས་བྱ་བ་ནི་ཆགས་པའོ། །དེ་ལྟར་ཡོན་ཏན་མཐོང་བ་ལས་སྐྱེས་པ་ནི་མ་ཡིན་ནོ། །བྱིས་སོགས་ལ་ཡང་ཞེས་བྱ་བས་ནི་ལྡོག་པ་མེད་པའོ། །ཡོན་ཏན་ལས་བྱུང་བ་ཡང་མ་ཡིན་ཏེ། ལྡོག་པ་མེད་པ་ཁོ་ནའི་ཕྱིར་ཞེས་བསྟན་པ་ནི། སྐྱོན་ལྡན་ལ་ཡང་ཞེས་བྱ་བའོ། །རྗེས་སུ་འགྲོ་བ་ མེད་པར་བསྟན་པ་ནི། མེད་ཕྱིར་ཞེས་བསྟན་པའོ། །གཞན་དག་ལ་ནི་གཞན་གྱི་ལུས་དང་དབང་པོ་ལ་སོགས་པའོ། །ཡོན་ཏན་དང་ལྡན་པའི་བདག་གི་བ་ལ་མེད་པའི་ཕྱིར་ཡང་རྗེས་སུ་འགྲོ་བ་མེད་པར་བསྟན་པ་ནི། བདག་གི་བ་ལའང་ཞེས་བྱ་བའོ། །གལ་ཏེ་ཡོན་ཏན་མཐོང་བ་ལས་བྱུང་བ་མ་ཡིན་ པ་དེ་ལྟ་ན་ཅིས་བསྐྱེད་པ་ཡིན་སྙམ་དུ་སེམས་པ་ལ་བདག་གི་བློ་བཅོམ་པས་འདིར་དོར་བ་ཡིན་གྱི་བཟློག་པ་མིན་ཞེས་བྱ་བའི་དགོངས་པས་འོན་ཀྱང་བདག་གི་བ་ཞེས་བྱ་བའོ། །ཆགས་པ་བཞིན་དུ་བདག་གི་བའི་བློ་ལ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པར་སྦྱོར་བར་བྱེད་པ་ནི། དེ་ཉིད་ཀྱི་ཕྱིར་ན་ཞེས་ བྱ་བའོ། །དེ་ཡང་ནི་བདག་གི་བའི་བློའོ། །དེའི་ཕྱིར་ཡོན་ཏན་མི་མཐོང་བས་ནི་སྐྱོན་མཐོང་བས་སྤོང་བ་ཡིན་ཞེས་བྱ་བར་སྦྱར་ཏེ། བདག་མེད་པ་མཐོང་བ་ཁོ་ན་ལས་སྤོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་གི་བའི་བློ་དང་ཆགས་པ་དག་གིས་སླར་ཡང་ཡོན་ཏན་མཐོང་བའི་བསྐྱེད་བྱ་ཉིད་ཡིན་པར་ བསྟན་པ་ནི། གཞན་ཡང་ཡོད་མིན་ཡོན་ཏན་ནི། །སྒྲོ་འདོགས་ཞེས་བྱ་བའོ། །ཆགས་པའི་རྒྱུ་ནི་བདག་དང་བདག་གིར་འཛིན་པ་ཡིན་ལ། དེ་དང་འགལ་བ་མ་ཡིན་པ་སྡུག་བསྔལ་བསྒོམ་པ་སྒྲུབ་པ་ཡིན་གྱི་དེའི་འབྲས་བུ་ཆགས་པ་ལ་གནོད་པ་མ་ཡིན་ནོ་ཞེས་ཉེ་བར་བསྡུ་བ་ནི། དེའི་ཕྱིར་གཅིག་ ཉིད་ཅེས་བྱ་བའོ། །འགྲེལ་པར་ནི་ཡོན་ཏན་མཐོང་བ་ནི་སྐྱོན་མཐོང་བ་དང་འགལ་བ་ཅན་དུ་བསྟན་པ་ནི། ཞེན་པས་ཞེས་བྱ་བའོ། །ལྡོག་བྱ་ཆགས་པས་བཟློག་བྱ་མ་ཡིན་པ་ཡང་སྐྱོན་མཐོང་བ་ནི་ལྡོག་པར་བྱེད་པས་ལྡོག་པ་ཁོ་ན་ཡིན་པར་བསྟན་པ་ནི། གནོད་བྱེད་དེ་ཉིད་ཅེས་བྱ་བ་སྟེ།། ལྡོག་བྱ་ཆགས་ པའི་བསྐྱེད་བྱ་ཉིད་ལྡོག་བྱེད་ལ་ཡང་མི་འཇུག་པའི་མཚན་ཉིད་ཡིན་ནོ། །དེ་ལ་ཅིར་འགྱུར་ཞེ་ན། དེ་ལྟ་ཡིན་ན་ཞེས་བྱ་བ་སྟེ། སྐྱོན་དུ་ལྟ་བ་ལྡོག་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །རང་བཞིན་ནི་བདག་མ་ཡིན་པའི་ལུས་ལ་སོགས་པ་ཡིན་ལ། སྐྱེས་བུ་ནི་བདག་ཡིན་ཞིང་། དེ་དང་བྱེ་བྲག་ནི་དབྱེ་བ་སྟེ་དེ་ ཡོངས་སུ་ཤེས་པ་ལས་གྲོལ་བ་ཡིན་ཏེ། དེ་ཡོངས་སུ་མ་ཤེས་པ་ནི་དེ་དང་འགལ་བའི་ཕྱིར་རོ། །དེ་ཡོངས་སུ་མི་ཤེས་པ་ཡང་ཆགས་པ་ལ་སོགས་པའི་སྒྲུབ་བྱེད་ཡིན་པའི་ཕྱིར་འཁོར་བའི་རྒྱུ་ཉིད་ཡིན་པར་བསྟན་པ་ནི། རྟོགས་པ་དག་པའི་ཞེས་བྱ་བའོ། །འདི་ལ་ལན་དུ། གཞན་དང་གཞན་ དོན་གཉེར་ཞེས་བྱ་བ་ལ་སོགས་པ་ནི་འགྲེལ་པ་མཁན་གྱིའོ། །བདེན་མོད་ཀྱི་བདག་ཏུ་སྨྲ་བ་རྣམས་ཀྱིས་སྡུག་བསྔལ་གྱི་ཤེས་པ་ཆགས་པ་དང་བྲལ་བ་མ་ཡིན་ཏེ། འོན་ཀྱང་བདག་མེད་པར་ལྟ་བ་ཡིན་ནོ། །ལུས་དང་དབང་པོ་ལ་སོགས་པ་འདུས་པ་བདག་མ་ཡིན་པ་ལ་བདག་ཏུ་འཛིན་པས་ན་ བཅོམ་པ་ཉིད་དུ་འདོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ནི་དེ་ལ་བདག་སྟོན་པ་མ་ཡིན་ནོ། །འདི་དག་མ་ཡིན་ཏེ། འོ་ན་ཅི་ཞེ་ན། འདོད་པ་དང་། སྡང་བ་དང་། འབད་པ་དང་བདེ་བ་དང་། སྡུག་བསྔལ་ཤེས་པ་ནི་རྟགས་ཅན་ཡིན་ཏེ། འདོད་པ་ལ་སོགས་པ་ནི་འབྲས་བུ་ཡིན་པའི་ཕྱིར་བརྟེན་པ་ཡིན་གྱི་ལུས་ ནི་རྟེན་མ་ཡིན་ཏེ། བྱིས་པ་ལ་སོགས་པའི་སྐབས་ཀྱི་དབྱེ་བས་མི་རྟག་པའི་ཕྱིར་རོ། །གཞན་གྱིས་ཉམས་སུ་མྱོང་བ་གཞན་གྱིས་དྲན་པ་མ་ཡིན་ལ། མ་དྲན་ན་མཚམས་སྦྱོར་བར་བྱེད་པ་མ་ཡིན་ཏེ། གང་གི་ཕྱིར་སྔ་མ་དང་ཕྱི་མའི་ཉམས་སུ་མྱོང་བ་དག་མཚམས་སྦྱོར་བ་ནི་ དྲན་པ་དང་ལྷན་ཅིག་ཡུལ་གཅིག་ཉམས་སུ་མྱོང་བ་སྟེ། རིམ་གྱིས་དོན་དུ་མར་མཐོང་བ་གཅིག་ཏུ་རྟོགས་པར་འགྱུར་བ་ཡིན་ལ་དེ་བཞིན་དུ་སྐྱེས་པའི་བྱིས་པའི་སྐྱེ་བའི་དང་པོ་ལ་སྐྱེ་བ་སྔ་མ་ལ་གོམས་པའི་བདེ་བ་དང་སྡུག་བསྔལ་སྒྲུབ་པར་བྱེད་པ་ལ་དྲན་པའི་རྒྱུན་གྱིས་དགའ་བ་དང་འཇིགས་ པ་ལ་སོགས་པའི་འབྲས་བུ་ལས་སྐྱེ་བ་གཞན་ལ་བྱུང་བ་རྗེས་སུ་དཔོག་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་སེམས་པ་ནི་ཇི་ལྟར་སྡུག་བསྔལ་གྱི་ཤེས་པ་ཐར་པའི་ཡན་ལག་མ་ཡིན་པའི་ཕྱིར་མ་བསྟན་པ་ནི། ཤེས་པར་སླ་བའི་ཕྱིར་ཡང་ཉེ་བར་བསྟན་པར་བྱ་བ་མ་ཡིན་ལ། དེ་བཞིན་དུ་བདག་དང་ ཐ་དད་པའི་ཤེས་པ་ཡང་ངོ་ཤེས་པ་བསྟན་པ་ནི། གཞན་དང་གཞན་ཞེས་བྱ་བ་རིགས་པར་མཐོང་སྟེ། གནས་སྐབས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །ཆགས་པ་ནི་གཅིག་ཉིད་དུ་མཐོང་བས་མ་ཡིན་གྱི། འོན་ཀྱང་ཐ་དད་པས་མཐོང་བས་ཡིན་པར་བསྟན་པ་ནི། ཆགས་མིན་བདག་ལ་ཆགས་པ་སྟེ། ། ཞེས་བྱ་བ་སྟེ། དམིགས་པ་སྟེ་ལོངས་སྤྱོད་ཀྱི་ནང་གི་ཡན་ལག་ནི་ཉེ་བའི་སྒྲུབ་བྱེད་དབང་པོ་ལ་སོགས་པ་རྣམས་སོ། །ཐ་དད་པར་མཐོང་བ་ནི་མི་རྟག་པ་ཉིད་དུ་མཐོང་བའོ། །ཐ་དད་པ་ཡིན་ཏེ་ཞེས་བྱ་བ་ནི་ལྡོག་པའོ། །དེ་ལྟ་ཡིན་ན་ཐར་པ་མེད་པ་ཉིད་དེ་ཞེས་བྱ་བ་ནི་ཐ་དད་པར་བསྟན་པ་ཚད་མ་དང་མ་ འབྲེལ་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདེ་བ་དོན་དུ་གཉེར་བ་ཞེས་བྱ་བ་ནི་བདག་ལ་ཆགས་པ་ཡིན་པའི་ཕྱིར་རོ། །གཙོ་བོ་དང་ཞེས་བྱ་བ་ནི་སྔ་ན་གཅིག་པ་ཡིན་ན་སྤྲོས་པའི་འབྲས་བུ་ལ་གཙོ་བོ་དང་གཅིག་པར་སེམས་པའོ། །རང་ཉིད་སེམས་པའི་ཞེས་བྱ་བའི་ཕྱེད་བཤད་པ་ནི། གཙོ་བོ་ནང་དུ་ ཞུགས་པ་ཞེས་བྱ་བའོ། །ཡུལ་ཉིད་དུ་གཙོ་བོ་རྗེས་སུ་ཞུགས་པ་ཡོད་པ་ཁོ་ན་ཞེས་ཟེར་བ་ནི། ཡུལ་ཉིད་དུ་ཞེས་བྱ་བའོ། །བློ་མེད་པར་ཡང་ཞེས་བྱ་བ་ནི་སྤྲོས་པའི་སྔ་རོལ་ནའོ། །ཕྱེད་ཕྱི་མ་བཤད་པ་ནི། སྐྱེས་བུ་རྣམས་ཀྱི་འདོད་པ་ཡང་། །ཞེས་བྱ་བ་སྟེ། འདི་ཡན་ཆད་འདིའི་བློའི་མངོན་པར་འདོད་ པ་ཡང་གཙོ་བོ་ལས་མ་ཡིན་གྱི་འོན་ཀྱང་ཐོག་མ་མེད་པའི་བག་ཆགས་ལས་ཡིན་ནོ། །གལ་ཏེ་དེ་ལྟ་ན་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཡང་དེ་ལྟར་འབྱུང་བའི་ཕྱིར་གཙོ་བོ་ནི་མཐོ་རིས་ཀྱི་རྒྱུ་མ་ཡིན་ནོ་ཞེས་བསྟན་པ་ནི། གལ་ཏེ་ཐོག་མེད་བག་ཆགས་ལས། །ཞེས་བྱ་བའོ། །བག་ཆགས་ ནི་གཙོ་བོའི་རྣམ་པར་འགྱུར་བ་མ་ཡིན་གྱི་འོན་ཀྱང་རང་རིག་པ་བདག་ཁོ་ནའི་རང་བཞིན་ཡིན་ནོ་ཞེ་ན། འདི་ལ་ཡང་བསྟན་པ་ནི། དེ་ཕྱིར་རང་རྟོགས་ངོ་བོའི་ཕྱིར། །ཞེས་བྱ་བའོ། །ད་ལྟར་བའི་སྡུག་བསྔལ་རིག་པ་ནི་ཀུན་དུ་སྐྱོ་བ་སྒྲུབ་པར་བྱེད་པར་དམིགས་ནས་བསྒོམ་པ་ལས་བྱུང་བ་ལ་ཡང་དེ་ ལྟར་སྲིད་པར་འགྱུར་བ་བསྟན་པ་ནི་གང་ཞིག་ད་ལྟར་ཞེས་བྱ་བའོ། །ཞེ་སྡང་ཡང་ཆགས་པ་དང་བྲལ་བ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་སྐྱོན་མ་ཡིན་ནོ་ཞེས་ཟེར་བ་ལ། ཆགས་བྲལ་མ་ཡིན་ཞེས་བྱ་བ་སྨོས་ཏེ། ཆགས་བྲལ་མ་ཡིན་པ་ནི་ཆགས་པ་མེད་པ་མ་ཡིན་པའོ། །ཅི་ལས་ཡིན་ཞེ་ན། དེ་ཚེ་ཡང་ སྟེ་གང་གི་ཕྱིར་ད་ལྟར་གྱི་སྡུག་བསྔལ་གྱི་དུས་ན་ཡང་གནས་སྐབས་གཞན་གྱི་བདེ་བའི་སྒྲུབ་བྱེད་དུ་འདོད་པའི་ཕྱིར་རོ། །སྡུག་བསྔལ་སྐྱེ་བ་དང་བཅས་པ་འགལ་བ་ཅན་གྱི་རྒྱུད་ལ་ཇི་ལྟར་གནས་སྐབས་གཞན་ཚོལ་བའི་ཕྱིར། འདོད་ཆགས་སྐྱེ་བ་ཡིན་སྙམ་དུ་སེམས་པ་ལ། ཞེ་སྡང་གི་རྒྱུ་སྟེ་སྐྱེ་ གནས་ནི་སྡུག་བསྔལ་གང་གི་ཡིན་པ་དེའི་དངོས་པོ་ནི་ཞེ་སྡང་ངོ་། །དེ་སྲིད་ཙམ་དུ་ནི་སྡུག་བསྔལ་ཡོད་པ་ཙམ་དུའོ། །གནས་པ་ནི་ཀུན་དུ་གནས་པ་གང་གི་ཡིན་པ་དེ་ལྟ་བུ་སྟེ། དེ་ལོག་ན་འགལ་བ་མེད་པའི་ཕྱིར་ཆགས་པ་འབྱུང་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆགས་པ་ཉིད་ཀྱིས་ན་ཞེས་བྱ་བའི་ གང་གི་ཕྱིར་གྱི་སྒྲ་ནི་གཏན་ཚིགས་ཀྱི་དོན་ནོ། །སྡང་བ་དང་ལྡན་པ་ནི་ཞེས་བྱ་བའི་ནིའི་སྒྲ་ནི་ཡང་གི་སྒྲ་ཡིན་ནོ། །ཐར་པ་འདི་ནི་ཞི་བར་མཛོད། །ཅེས་བྱ་བར་སྦྱར་རོ། །གང་གི་ཕྱིར་འདི་ནི་ཐར་པ་མ་ཡིན་ཏེ། སྡུག་བསྔལ་རྗེས་སུ་འཇུག་པའི་ཕྱིར་རོ། །དེ་ནི་ཤིན་ཏུ་བའི་སྡུག་བསྔལ་ལྡོག་པའི་ངོ་བོ་ཡིན་པའི་ ཕྱིར་རོ་ཞེས་བསྟན་པ་ནི། སྡུག་བསྔལ་དང་ལྡན་པས་ཞེས་བྱའོ། །གལ་ཏེ་སྡུག་བསྔལ་གྱི་སྐྱེ་བོ་ཆགས་པ་དང་བྲལ་བ་མ་ཡིན་ལ། དེའི་སྒྲུབ་བྱེད་ཀྱང་མ་ཡིན་ན་དེ་ཅི་ཞིག་ཅེས་བསྟན་པ་ནི། བླང་དང་དོར་བྱ་ཞེས་བྱ་བའོ། །བདག་མེད་པར་ལྟ་བས་དེས་ཕན་འདོགས་པར་བྱེད་པ་མེད་པའི་ཕྱིར་བླང་བྱ་ མ་ཡིན་ལ། གནོད་པ་བྱེད་པ་མ་ཡིན་པའི་ཕྱིར་དོར་བྱ་མ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་སྟེའུ་དང་། བདེ་བའི་རྒྱུ་ཙན་དན་དག་ལས་མཚུངས་པ་རྣམས་ཀྱི་བཏང་སྙོམས་ནི་ཆགས་པ་དང་བྲལ་བ་ཡིན་ནོ། །གནས་སྐབས་འདི་ནི་གོམས་པ་རང་དབང་དུ་གྱུར་པའི་ཐར་པར་འདོད་པ་ཡིན་ ནོ། །འདིས་ཀྱང་ཕན་འདོགས་བཞིན་པར་མ་མཐོང་ན་ཇི་ལྟར་གོམས་པར་བྱེད་པ་ཡིན་ཞེ་ན། འདིའི་མ་གོམས་པ་གང་ཡིན། ཕན་གདགས་བྱ་དང་ཕན་འདོགས་བྱེད་དུ་ཞེན་པའོ། །ཇི་ལྟར་མ་གོམས་པ་ཡིན། འོན་ཏེ་དེ་མེད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་ཇི་ལྟར་མ་གོམས་པ་ཡིན། དེའི་ཕྱིར་དེ་ནི་གྱི་ ནའོ། །ཇི་སྐད་དུ། བདེ་བར་གྱུར་པའམ་སྡུག་བསྔལ་བར་མ་གྱུར་ཅིག་ཅེས་འདོད་པ་ན། ངའོ་སྙམ་པའི་བློ་གང་དེ། །ཞེས་གསུངས་པའོ། །དེ་ལྟར་མཐོང་ན་ལྡོག་པ་མ་ཡིན་ཞིང་། མ་མཐོང་ན་ནི་གྲོལ་བ་ཁོ་ན་ལ་གནས་པ་ཡིན་ནོ། །ཆོས་ཉིད་དང་བདག་མེད་པ་དང་། མཉམ་པ་ཉིད་ནི་བདག་དང་ གཞན་དག་དོར་བྱ་དང་བླང་བྱ་དག་ལ་ཡང་ཆགས་པ་དང་བྲལ་བའི་དོན་དུ་མ་ཡིན་ཞིང་། གལ་ཏེ་སྡང་བའི་དོན་དུ་ཡིན་ན་དེ་ལྟ་ན་ཇི་ལྟར་མདོ་སྡེ་ལས་སྡུག་བསྔལ་གྱི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་ཉིད་ཅེས་གསུངས་སྙམ་དུ་སེམས་པ་ལ། འདུ་བྱེད་ཀྱི་ སྡུག་བསྔལ་ལ་དགོངས་ནས་ཞེས་བྱ་བ་སྟེ། སྡུག་བསྔལ་དང་འགྱུར་བ་ལ་ཡང་སྡུག་བསྔལ་དུ་གསུངས་པ་གང་ཡིན་པ་དེ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ལ་དགོངས་པ་ཁོ་ནས་ཡིན་གྱི་དགོངས་པ་གཞན་གྱིས་ནི་མ་ཡིན་ནོ། །དེ་ལྟ་ན་དེ་ཉིད་ནི་ཞེ་སྡང་གི་རྒྱུ་ཡིན་ནོ་ཞེ་ན། དེ་ཡང་སྟེ་འདུ་བྱེད་ཀྱི་སྡུག་ བསྔལ་ཉིད་རྐྱེན་ལས་སྐྱེས་པ་སྟེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཡིན་ལ། རྐྱེན་ལས་སྐྱེས་པ་དང་བདག་མེད་པར་ལྟ་བའི་རྟེན་ཏེ་དམིགས་པའོ། །འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དེ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་བདག་མེད་པ་ལ་ཡང་གཉིས་མེད་པ་འདི་མཐོང་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ མཐོང་བ་ནི་སྔོན་རོལ་དུ་ཡིན་ལ། བདག་མེད་པ་འདི་ལ་དོན་མེད་ན་བྱང་གྲོལ་གྱི་སྒྲུབ་བྱེད་ཡིན་པར་བསྟན་པ་ནི། སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །ཞེས་བྱ་བ་སྟེ། བདག་མེད་པ་ཁོ་ན་གྲོལ་བའི་ནང་གི་ཡན་ལག་ཡིན་ཏེ། ཆགས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ལ་སོགས་ པ་མཐོང་བ་ནི་དེ་ཉིད་ཀྱི་སྐྱེད་བྱེད་ཡིན་པའི་ཕྱིར་རྟེན་ཡིན་པར་བསྟན་པ་ནི། བསྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་བྱ་བའོ། །འདུ་བྱེད་ཀྱི་སྡུག་བསྔལ་ཉིད་སྡུག་བསྔལ་ཁོ་ན་ཡིན་པ་འདི་ལ་ཤེས་པར་བྱེད་པ་ནི་མི་རྟག་ལས་ཞེས་བྱ་བའོ། །བདག་མེད་པར་མཐོང་བ་ནི་གྲོལ་བའི་ནང་གི་ཡན་ལག་ཡིན་ཞེས་ བྱ་བ་འདི་ལ། སྡུག་བསྔལ་ནི་ཞེས་བྱ་བ་སྨོས་ཏེ། བདག་མེད་པར་མཐར་གསུངས་པ་ཡིན་པ་ཁོ་ནིའི་ཕྱིར་དེ་ཉིད་ཀྱི་ཡན་ལག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྲེལ་པ་མཛད་པ་ནི་སྡུག་བསྔལ་ཉིད་ལ་དགོངས་ནས་བཤད་པ་ནི། རྟོག་གམ་ནི་རིགས་སམ་ཞེས་བྱ་བའོ། །རྣམ་པར་རྟོག་པའི་སྡུད་པར་བྱེད་ པ་ནི། འགྲེལ་པ་དང་མི་མཐུན་པར་འཆད་པ་ཡིན་པར་བལྟའོ། །བདག་མེད་པ་ཉིད་དུ་མཐོང་བ་མེད་ན་མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་དུ་མཐོང་བ་ཡང་གྲོལ་བ་མ་ཡིན་ནོ་ཞེས་ལྡོག་པ་ལས་ནུས་པ་བསྟན་པ་ནི། ཆགས་བྲལ་མིན་དང་ཞེས་བྱ་བ་སྟེ། བདག་ཏུ་ལྟ་བ་ཅན་དེ་འབྲས་བུས་རྒྱུ་བརྗོད་པའི་ཕྱིར་ སྲེད་ལྡན་ནི་ཆགས་པ་དང་ལྡན་པ་སྟེ། བདག་ལ་བདག་གི་བ་ལ་འདོར་བ་དང་ལེན་པར་རྩོམ་པ་དང་ལྡན་པ་ནི་འཁོར་བ་ཁོ་ན་ཡིན་གྱི་གྲོལ་བ་མ་ཡིན་ནོ། །སྐྱེས་བུ་ཉིད་ནི་འདི་དག་ཐམས་ཅད་ལ་དེ་ལྟར་ལྟ་བ་ལ་བདག་གི་བ་མེད་ཅིང་དེ་ལ་ཆགས་པ་ཡང་རྩོམ་པ་མེད་པ་མ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་བདག་ཏུ་ ལྟ་བ་ཅན་གྲོལ་བ་མ་ཡིན་པར་བརྗོད་སྙམས་དུ་སེམས་པ་ནི། ཇི་སྟེ་འགྱུར་ན་ཡང་ཞེས་བྱ་བའོ། །གལ་ཏེ་ཟ་བ་པོ་མ་ཡིན་ན་ཡང་དེ་ལས་ཅིར་འགྱུར་ཞེ་ན། བདག་ཀྱང་མེད་ཅེས་བྱ་བ་སྟེ། བྱ་བ་ལ་སོགས་པའི་ངོ་བོ་དང་བྲལ་བ་ཡོད་པ་ཙམ་ནི་ནམ་མཁའ་བཞིན་དུ་བདག་གི་ངོ་བོར་མི་འགྱུར་བའི་དོན་ཏོ། ། རིག་པ་ཡང་གཞན་ཡིན་ལ་རིག་པར་བྱ་བ་ནི་བདག་ཡིན་ནོ་ཞེས་ལྟ་བ་འདི་ལ་གཟུང་བ་ཐམས་ཅད་ཀྱང་རིག་པར་ཐལ་བར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་ཐམས་ཅད་རིག་པར་ཐལ་ལོ་ཞེས་བྱ་བའོ། །རིག་པར་བྱ་བ་མེད་པར་ཁྱད་པར་མེད་པའི་ཕྱིར་བདག་ཀྱང་ཞེས་བྱ་བའོ། །འཛིན་ པར་བྱེད་པ་མ་ཡིན་ལ་གཟུང་བར་བྱ་བ་ཡང་མ་ཡིན་ཞེས་བྱ་བར་ཁས་ལེན་ན་ཡང་སོ་སོར་སྣང་བ་གསལ་བར་འགྱུར་བ་མ་ཡིན་ཏེ། མངོན་སུམ་དང་འགལ་བའི་ཕྱིར་རོ། །དེའི་ཕྱིར་སྣང་བ་ནི་གཉིས་སུ་མེད་པ་ཡིན་གྱི་མེད་པ་ཡིན་ནོ་ཞེས་བསྟན་པ་ནི། དེའི་ཚེ་སྣ་ཚོགས་གཉིས་མེད་པ། །ཞེས་བྱ་བའོ། ། སོ་སོར་སྣང་བ་ཙམ་ཉིད་རྟག་པའི་ཕྱིར་བདག་གཉིས་སུ་མེད་པ་མ་ཡིན་ཏེ། ཉེ་བའི་རང་རིག་པ་ལ་རྟག་པ་མི་རིགས་པའི་ཕྱིར་རོ་ཞེས་བསྟན་པ་ནི་བདག་ཅེས་བྱ་བ་ཡོད་པར་མི་འགྱུར་ཏེ་ཞེས་བྱ་བའོ། །མངོན་སུམ་གྱིས་སོ་ཞེས་བྱ་བ་ནི་རང་རིག་པས་སོ། །གལ་ཏེ་བདག་མེད་ ན་བདག་དང་བདག་གི་ཞེས་བྱ་བའི་འཇིག་རྟེན་ལ་ཇི་ལྟར་གནོད་པ་མེད་པའི་ཤེས་པ་ཡིན་ཞེ་ན། དེ་ཕྱིར་གྲོལ་འདོད་ཅེས་བྱ་བ་སྟེ། གང་གི་ཕྱིར་བདག་ཏུ་ལྟ་བ་ཅན་གྲོལ་བ་མ་ཡིན་པ་དེའི་ཕྱིར། ཐོག་མ་མེད་པའི་རྒྱུད་དེ་རྒྱུན་གང་གི་ཡིན་པ་དེ་ལ་ཐོག་མ་མེད་པའོ། །རྒྱུད་ཀྱང་དེ་ཡིན་ལ་རིགས་མཐུན་པ་ ཡང་དེ་ཡིན་ནོ། །དེ་གང་གི་ས་བོན་ཡིན་པ་ནི་སེམས་ཅན་དུ་ལྟ་བའི་འོ་ཞེས་བྱ་བ་འདིས་ཡུལ་མེད་པ་ལ་ཡང་ཁྱད་པར་ཅན་གྱི་ས་བོན་ཡིན་པ་ཡོད་པར་བསྟན་པ་ཡིན་ནོ། །བདག་མེད་པ་བསྒོམ་པ་ལ་ནི་གཞན་གྱི་བག་ཆགས་ཅན་གྱི་རྒྱུད་ལ་དེའི་བག་ཆགས་འགལ་བའི་ཕྱིར་བདག་ཏུ་བྱེད་པ་འགགས་པ་ ཡིན་པར་བསྟན་པ་ནི། རྩ་བ་ཉིད་ནས་དབྱུང་བར་གྱིས། །ཞེས་བྱ་བའོ། །བདག་གི་ཤེས་པ་ནི་བྱང་གྲོལ་སྒྲུབ་པར་བྱེད་པ་ལུང་ལས་རྟོགས་པ་མ་ཡིན་ནམ། མངོན་སུམ་གྱིས་གནོད་པ་མ་ཡིན་ཏེ། ཡུལ་ཉེ་བ་མ་ཡིན་པའི་ཕྱིར་རོ། །ལུང་ཡང་སྐྱེས་བུས་བྱས་པ་ནི་དོན་ལ་མི་འཁྲུལ་བས་ཚད་མ་ཡིན་ ཏེ། ཡིད་ཆེས་པས་བསྟན་པའི་ཕྱིར་སྔགས་དང་ཚེའི་རིག་པ་ལྟ་བུའོ། །དེ་ལྟར་ཡང་དབང་པོ་ལས་འདས་པ་ཞེས་བྱ་བ་ལ་སོགས་པ་སྨྲ་བའོ། །སྐྱེས་བུས་བྱས་པ་ཡང་རྒྱུའི་སྐྱོན་མེད་པ་ཉིད་ཀྱིས་འཁྲུལ་པ་མེད་པ་གྲུབ་པ་ཡིན་པར་བསྟན་པ་ནི་སྐྱེས་བུས་མ་བྱས་པ་ཡང་ཞེས་བྱ་བའོ། །བདག་ཡོད་པ་ཉིད་ དུ་མ་དག་ཏུ་ཤེས་པ་ཡིན་ལ་བདག་ཏུ་ཤེས་པ་དེ་ཡང་ཐབས་ལས་བྱུང་བ་ཉིད་ཀྱིས་ཐར་པ་ནི་འབྲེལ་བ་ཅན་དུ་འགྱུར་རོ། །དབང་བསྐུར་བ་ལ་སོགས་པའི་ཆོ་གས་དབྱིག་པ་གསུམ་འཛིན་པ་དང་། ཞི་བ་པའི་འདུས་བྱས་པའི་ལུང་ནི་དེ་ལྟའི་དངོས་པོ་ནི་དོན་ལ་མ་འཁྲུལ་བ་ཡིན་ལ། དེ་ལ་རྒྱུ་ནི་མངོན་སུམ་ལ་རང་གི་ ངོ་བོའི་སྣང་བ་དང་། རྗེས་སུ་དཔག་པ་ལ་འབྲེལ་པ་རྟོགས་པའོ། །འདི་ལ་ནི་དེ་གཉི་ག་མེད་དོ། །རབ་རིབ་ཅན་གྱི་ཤེས་པ་སྐྱེས་བུས་མ་བྱས་པ་ཡང་ཚད་མ་མ་ཡིན། གནོད་པ་ཅན་མ་དམིགས་པ་ནི་རུང་བ་མ་ཡིན་པའི་ཕྱིར་རོ། །ཡིད་ཆེས་པས་བསྟན་པ་ཡང་མ་ཡིན་ཏེ། སྔགས་དང་ཚེའི་རིག་པ་སྨྲ་བ་པོས་ བྱས་པ་ཉིད་ལ་ཚད་མ་མེད་པའི་ཕྱིར་ལ་དེ་དང་འདྲ་བ་གཞན་གྱིས་བྱས་པ་ཡིན་ཞེས་བྱ་བ་ལ་ཡང་ཚད་མ་མེད་ལ། ཚད་མ་མེད་པ་ཉིད་ལ་རྒྱུ་མཚན་ན་དོན་དང་འབྲེལ་པ་མེད་པ་ཁོ་ན་ཡིན་པར་དགོངས་པའོ། །བདག་མེད་པར་བསྟན་པ་དང་འདོད་ཆགས་ལ་སོགས་པ་འགལ་བ་བཞིན་དུ་དབང་བསྐུར་བའི་ཆོ་ག་དང་ སྐྱེས་བུའི་ས་བོན་ལ་སོགས་འགའ་ཡང་སྣང་བ་མ་ཡིན་སྙམ་དུ་སེམས་པ་ལ་བསྟན་པ་ནི། ནུས་མིན་ནི་ནུས་པ་མེད་པའོ། །ས་བོན་ན་སོགས་གྲུབ་ཆོ་ག་ནི་མི་སྐྱེ་བའི་ཆོས་ཉིད་དོ། །གང་གི་ཆེད་དུ་ཞེ་ན། སྐྱེས་བུ་རྣམས་མི་སྐྱེད་པ་ལ་སྟེ་གྲོལ་བ་སྒྲུབ་བྱེད་མ་ཡིན་པར་མངོན་པར་འདོད་པ་རྣམས་ཏིལ་མར་ བསྐུས་པ་ལ་སོགས་པ་རྣམས་ཀྱིས་ས་བོན་ལ་སོགས་པ་རྣམས་ལ་མི་སྐྱེད་པའི་ཆོས་ཉིད་མཐོང་བའི་ཕྱིར་རོ། །སྐྱེད་པ་དང་འགལ་བ་ཅན་རྣམས་ཏིལ་མར་བསྐུས་པ་ལ་སོགས་པ་ལ་སྐྱེ་བ་ལ་འགལ་བ་མེད་པའི་ཕྱིར་དབང་བསྐུར་བ་ལ་སོགས་པའི་ཆོ་ག་ལ་ཡང་དེ་ཁོ་ན་བཞིན་དུ་སྐྱེ་བ་དང་འགལ་བ་མ་ཡིན་ དུ་ཟིན་ཀྱང་ལས་དང་འགལ་བ་ཉིད་དུ་འགྱུར་བ་ཁོ་ན་ཡིན་ནོ། །ཆོས་དང་ཆོས་མིན་ཟད་བྱེད་པ། །དབང་ཕྱུག་ཆེན་པོའི་དབང་བསྐུར་སོགས། །ཞེས་བྱ་བའོ། །འདི་ལྟར་སྐྱེས་བུ་ལྕིད་དེ་ཡང་དབང་བསྐུར་བའི་དེ་མ་ཐག་ཏུ་ཡང་བར་འགྱུར་རོ་སྙམ་དུ་སེམས་པ་ལ་བསྟན་པ་ནི། སྔར་ལྕི་བ་དབང་བསྐུར་བས་ཕྱིས་ ཡང་བ་ཡིན་པའི་ཕྱིར་སྡིག་པ་འཕྲོག་པ་ཡིན་ཏེ། སྡིག་པ་ལྕི་བའི་ཕྱིར་རོ་ཞེས་རྒོལ་བ་ཡིན་ནོ། །དབང་བསྐུར་བས་ལྕི་བ་ཉིད་བསལ་བ་ཡིན་ཏེ། དེ་ཡོད་ན་དེ་མེད་པས་འགལ་བ་རྟོགས་པའི་ཕྱིར་བརྐམ་ཆགས་ལ་སོགས་པ་དང་དེ་འདུ་བྱེད་པའི་སྡིག་པ་ཡང་ལྕི་བ་ཡིན་ཏེ། ལུས་ཅན་མ་ཡིན་པའི་ཕྱིར་རོ། ། ཡང་ན་དབང་བསྐུར་ནི་ཡང་བསྐྱེད་པར་བྱེད་པ་ཡིན་ལ། དེ་ཡང་ལྕི་བ་སྤངས་པ་ཡིན་པའི་ཕྱིར་དེ་དང་འགལ་བ་ཡིན་གྱི་སྡིག་པ་དང་མ་ཡིན་པར་བསྟན་པ་ནི། ལྕི་བ་དང་འགལ་བའི་ཕྱིར་ཡང་བ་ཞེས་བྱ་བའོ། །ཡང་བ་ནི་འབྲས་བུ་འགལ་བ་དང་། ཁྱབ་པར་བྱེད་པ་འགལ་བ་ཡིན་ནོ་སྙམ་དུ་སེམས་པ་ནི་སྡིག་པ་ ཉིད་ཀྱིས་ཞེས་བྱ་བའོ། །འགལ་བ་ཁས་བླངས་ཀྱང་བསྟན་པ་ནི། གཞན་ཡང་ཞེས་བྱ་བ་སྟེ། ལྕི་བ་ནི་སྡིག་པའི་འབྲས་བུ་མ་ཡིན་ཏེ་མངོན་སུམ་དང་མི་དམིགས་པ་མེད་པའི་ཕྱིར་རོ་ཞེས་དགོངས་པའོ། །མི་སྐྱེ་བའི་ཆོས་ཅན་གྱི་ཡང་དབང་བསྐུར་གྱི་ཆོ་ག་དང་སྐྱེ་བ་འགལ་བ་མ་ཡིན་ནོ། །གང་དང་འགལ་བ་ ཡིན་སྙམ་དུ་སེམས་པ་ལ་རྒྱུ་དང་འགལ་བས་འགལ་བ་ཡིན་པར་བསྟན་པ་ནི། ལོག་ཤེས་ཏེ་ཚོགས་པའི་སྙིང་པོ་ཅན་གྱི་བདག་ཏུ་འཛིན་པ་ཡིན་ལ། དེ་ལས་བྱུང་བའི་སྲེད་པ་དེ་ཉིད་སེམས་པ་ཡིན་ལ། དེའི་ནུས་པ་དེ་ཉིད་དམན་པའི་གནས་ཀྱི་འགྲོ་བ་ནི་མངལ་ལ་སོགས་པར་ ཐོབ་པའི་ངོ་བོའི་སྐྱེ་བར་འགྱུར་བའོ། །དེའི་རྒྱུ་ལོག་པའི་ཤེས་པ་དེས་ནི་སྟེ། འགལ་བ་ཅན་གྱི་བདག་མེད་པར་ལྟ་བ་བཅད་པ་ཡིན་ཏེ་སྐྱེ་བ་མེད་པ་ཡིན་ནོ། །དབང་བསྐུར་བ་ལ་སོགས་པའི་ཆོ་ག་ནི་དེ་དང་འགལ་བ་ཅན་མ་ཡིན་པར་ཞེས་དགོངས་པའོ། །འགྲེལ་པ་མཛད་པས་བཤད་པ་ནི་གསལ་བ་ ཁོ་ན་ཡིན་ནོ། །དབང་བསྐུར་བ་ལ་སོགས་པ་དང་བྲལ་བ་འབྱུང་བ་ཆེན་པོ་རྣམས་སྐྱེ་བའི་རྒྱུ་ཡིན་ལ་དབང་བསྐུར་བ་ལ་སོགས་པའི་ཆོ་གས་སེལ་བར་བྱེད་པ་མ་ཡིན་ནམ་ཞེ་ན། བསྟན་པ་ནི་དེ་དག་ཉིད་ནི་ལོག་པའི་ཤེས་པའི་སྲིད་པ་དང་སེམས་པ་དག་ཉིད་ཀྱི་སྐྱེ་བ་ལ་ནུས་པ་ཡིན་ནོ། །གང་གི་ཕྱིར་བདག་ཏུ་ མངོན་པར་ཞེན་ནས་འདོད་ཆགས་སམ་ཞེ་སྡང་ལས་ལོག་པའི་ཤེས་པ་རྩོམ་པར་བྱེད། དམན་པའི་གནས་ལ་སོགས་པ་ཐོབ་པར་བྱེད་པ་ཡིན་གྱི་དབང་བསྐུར་ལས་བཟློག་པ་མ་ཡིན་ལ།། དབང་བསྐུར་དང་ལོག་པའི་ཤེས་པ་ཉིད་འགལ་བ་ཡང་མ་ཡིན་ནོ། །ལོག་པའི་ཤེས་པས་སྲེད་པ་དང་སེམས་པ་དག་སྐྱེ་བའི་ རྒྱུ་ཡིན་པར་མི་རིགས་ཏེ། ལས་རྒྱུ་ཡིན་པའི་ཕྱིར། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་བྱ་བ་ཡིན་ནོ་སྙམ་དུ་སེམས་པ་ལ་སེམས་པ་དེ་དག་ཅེས་བྱ་བ་སྟེ། སེམས་པའི་ལས་དང་། བསམ་པའི་ལས་ཞེས་དགོངས་པའོ། །ཉམས་པ་མེད་པ་སྟེ་མ་ཚང་བ་མེད་པའི་མ་རིག་པ་དང་། སྲེད་པ་དང་། ལས་ཀྱང་ཞེས་བྱ་བ་གསུམ་པ་གཉིས་ཙམ་ལས་འབྱུང་བའི་ཕྱིར་སྲེད་པའི་དབང་ཉིད་ཀྱིས་ཞེས་བྱ་བ་ནི་སྲེད་པའི་ནུས་པའོ། །སྐྱེ་བ་སྔ་མ་ལས་བྱས་པའི་སྦྱིན་པ་ལ་སོགས་པ་ཡང་ལས་ཉིད་མ་ཡིན་ནམ་སྙམ་དུ་སེམས་པ་ལ་དེ་ཡང་རང་གི་འདུ་བྱེད་པ་ལ་རག་ལས་པ་ཡིན་ལ། འདི་ཉིད་ཀྱིས་ཀྱང་འདི་དག་གི་རྒྱུ་ཡིན་གྱི་ སྐྱེ་བའི་དངོས་ཀྱི་རྒྱུ་མ་ཡིན་པར་བསྟན་པ་ནི། སྔར་གྱི་སེམས་པའི་ཞེས་བྱ་བ་ལ་སོགས་པའོ། །སྐྱེ་བ་གཞན་ལ་འབྱུང་བར་འདོད་པ་ནི་བྱེད་པར་འདོད་པའི་ངང་ཚུལ་འདི་དག་ཡིན་པའི་ཕྱིར་སྐྱེ་བ་གཞན་ལ་བྱུང་བའོ། །ལས་ནི་དངོས་སུ་ཞེས་བྱ་བ་ནི་བྱེད་པ་པོའམ། བྱེད་པ་ཡང་སྟེ་འདིས་ཡིན་པའི་ཕྱིར་སྔ་མ་དག་ནི་ སྦྱིན་པ་ལ་སོགས་པའོ། །དེའི་རྒྱུ་ཡིན་པ་ཞེས་བྱ་བ་ནི་རྒྱུའི་རྒྱུ་ཡིན་པའི་ཕྱིར་རོ། །ལོག་པའི་ཤེས་པའི་སྲེད་པ་དང་སེམས་པའི་དབང་གིས་འགྲོ་བ་ཡིན་པར་མི་རིགས་པ་མ་ཡིན་ནམ། འགྲོ་བ་ནི་བགྲོད་པར་བྱ་བ་རྟོགས་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་ལ། རྟོགས་པ་ཡང་བྱེད་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ ཕྱིར་རོ། །ཡང་ན་འགྲོ་བ་ནི་བགྲོད་པར་བྱ་བར་རོ། །བྱེད་པ་ནི་ལས་ཀྱི་དབང་པོ་རྣམས་སོ། །རྟོགས་པའི་རྟེན་ནི་སྒྲ་ལ་སོགས་པ་ལ་དམིགས་པ་ལ་སྟེ་ལོངས་སྤྱོད་ལ་བློ་དང་དབང་པོ་དེ་མ་ཐག་ཡིན་པའི་ཕྱིར་བྱེད་པ་རྣམས་ཉིད་ནི་སེམས་པ་དག་གིའོ་ཞེས་ཟེར་བ་ནི། དེ་ནི་མ་མཐོང་བ་ལས་ཏེ་དེ་ལས་གཞན་དུ་མི་ འཐད་པར་རྟོགས་པ་ལས་སོ། །སེམས་པ་དེ་ཉིད་མཐོང་བ་མ་ཡིན་ཏེ། ཁྱད་པར་ལ་ཚད་མ་མེད་པའི་ཕྱིར་རོ། །བསྟན་བཅོས་ཀྱི་རྗེས་སུ་འཇུག་པས་ཀྱང་ཁྱད་པར་གྱི་སེམས་ཡིན་ན་བདག་ཅག་གི་འདོད་པའི་རྗེས་སུ་འབྲང་བ་ཡིན་ན་སེམས་པ་དེ་དག་ནི་མ་ཡིན་ཏེ། འོན་ཀྱང་དགེ་བ་བཅུ་རྣམས་དང་མི་དགེ་ བ་རྣམས་ཀྱང་བཅུ་ཁོ་ན་ཡིན་ནོ་ཞེས་ཟེར་བ་ནི། རྣམ་པ་བཅུ་ཉིད་དོ་ཞེས་བྱ་བ་སྟེ། མ་མཐོང་བ་དེ་ཡང་དབང་བསྐུར་བ་ལ་སོགས་པ་འགལ་བའི་ཆོ་གས་ཞིག་པའི་ཕྱིར་ཐར་པ་ཡིན་ནོ། །འགལ་བར་ཡང་ཁྱད་པར་ཅན་གྱི་ལུང་ལས་གྲུབ་པ་ཡིན་ནོ། །དེ་ཁས་མི་ལེན་ན་སེམས་པ་དེ་དག་ཀྱང་མི་ འགྲུབ་པོ་ཞེས་ཟེར་བ་ནི། མ་མཐོང་ཞིག་ཕྱིར་ཞེས་བྱ་བའོ། །མ་མཐོང་བ་དེ་འདུ་བྱེད་པ་ལས་ཐོག་མ་མེད་པའི་བྱེད་པས་བསྐྱེད་པའི་བདག་གི་ཆོས་ཡིན་ཞེས་བྱ་བ་དེ་བཞིན་དུ་གཞན་ཡང་སྣ་ཚོགས་པར་འགྱུར་ན། འདི་སེམས་པའི་ངོ་བོ་ཉིད་དུ་འཕངས་པ་ཞེས་བྱ་བའི་དོན་ཏོ། །འདི་ལ་ལན་ནི། ཡོད་ དང་མེད་པའི་ཞེས་བྱ་བ་སྟེ། བྱེད་པ་སྐྱེད་པ་ལ་ཡིད་ཀྱི་བློ་ཁོ་ནའི་ནུས་པ་མཐོང་བ་ཡིན་ནོ། །དབང་རྣམས་རེ་རེ་ལ་གནོད་ཀྱང་། །ཡིད་བློ་ལ་གནོད་ཡོད་མ་ཡིན། །འདི་འགྱུར་ན་ནི་དེ་དག་ཀྱང་། །འགྱུར་བ་དག་ཏུ་མཐོང་བ་ཡིན། །ཞེས་བྱ་བའི་རིགས་པ་ནི། ཡོད་དང་མེད་པའི་རྗེས་འཇུག་ཕྱིར། །ཞེས་ བྱ་བ་འདིས་བསྟན་པ་ཡིན་ནོ། །མ་མཐོང་བ་ཡིན་ན་ཤུགས་ཀྱིས་མ་མཐོང་བ་མ་ཡིན་པར་བསྟན་པ་ནི། གཞན་གྱི་མ་ཡིན་ཞེས་བྱ་བ་སྟེ། ལུང་གི་སྟོབས་ཀྱིས་ཁྱད་པར་རྟོགས་པ་མ་ཡིན་ཞེས་པའི་དོན་ཏོ། །དེ་དག་ནི་བྱེད་པ་རྣམས་ཏེ་དབང་བསྐུར་བ་ལ་ཡང་བློ་ཡོད་པའི་ཕྱིར་རོ། །ཡོད་པ་ནི་རྒྱུན་གྱིས་ འཇུག་པའོ། །ཅིས་མི་འགྲོ་བ་ནི་མངལ་གྱི་གནས་སུ་ཅིས་མི་འགྲོ་བའམ་ཅིས་མ་རྟོགས་པའོ། །བློའི་བསྐྱེད་བྱའི་བྱེད་པ་རྣམས་ཡིན་པར་ནི་བདེན་མོད་ཀྱི་མ་མཐོང་བ་དེའི་ལྷན་ཅིག་བྱེད་པ་ནི་དབང་བསྐུར་གྱིས་གནོད་པ་དེའི་ཕྱིར་དེ་རྣམས་ལྷན་ཅིག་བྱེད་པ་མ་ཚང་བའི་ཕྱིར་སྐྱེ་བ་ གཞན་དུ་སྐྱེད་པར་བྱེད་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། འཛིན་པ་ནི་འཇུག་པ་ལ་འཛིན་པའོ། །འཛུད་པ་ནི་མི་འཇུག་པའོ། །འཁྲུགས་པ་ནི་རྣམ་པར་འགྱུར་བ་ཉིད་དོ། །འགོག་པ་ནི་ཞིག་པའོ། །དེ་དག་ནི་བྱེད་པ་རྣམས་སོ། །སེམས་པའི་དབང་གིས་ནི་བློའི་དབང་གིས་ཏེ། མེད་པར་འགྱུར་བ་དང་སྦྱར་རོ། ། གང་གི་ཚེ་ཞེ་ན། དབང་སོགས་བྱས་མ་ཐག་པ་ཁོ་ནའོ། །མ་མཐོང་བས་ལྷན་ཅིག་བྱེད་པའི་རྒྱུ་ལ་གནོད་པ་བྱེད་པ་ཡིན་ཞིང་བློ་ལ་ནུས་པ་མེད་ན་སྐྱེ་བ་གཞན་བཞིན་དུ་མི་འགྱུར་རོ། །བློ་ཉམས་པས་ན་ཞེས་བྱ་བ་ནི་མཐོང་བའི་ལྷན་ཅིག་བྱེད་པའི་གནོད་པ་སྟེ་འདི་ཡང་རྒྱུ་ཉིད་ལ་ལོག་པར་རྟོགས་པའི་ཕྱིར། བློ་ཙམ་ ཡོད་ཀྱང་བྱེད་པ་རྣམས་ལ་ཁྱད་པར་མེད་པར་ཐལ་བར་འགྱུར་རོ་ཞེས་དགོངས་པའོ། །ཞིང་དང་། ཆུ་དང་། ས་བོན་གྱི་འདུས་པ་བཞིན་དུ་ཡོངས་སུ་གྱུར་པའི་བྱེ་བྲག་ལ་ལྟོས་ནས་དབང་བསྐུར་བ་དང་བློ་དང་མ་མཐོང་བའི་ཕུང་པོ་ལ་ཉེ་བར་གནོད་པ་ཡིན་ན། འབྲས་བུ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། ཤི་མ་ཐག་ ཏུ་ཞེས་བྱ་བའོ། །ཡོངས་སུ་གྱུར་པ་ལ་ལྟོས་པའི་རྒྱུ་ཡང་ཟླ་བ་ཕྱེད་པ་དང་ཟླ་བ་དང་པོ་ལ་སོགས་པ་ལ་ལྟོས་པ་མ་ཡིན་ནོ་ཞེས་བསྟན་པ་ནི། གལ་ཏེ་དེ་ཉིད་ཅེས་བྱ་བའོ། །མ་མཐོང་བས་བསྐྱེད་པའི་ལུས་དང་དབང་པོ་དང་རིག་པ་ལ་སོགས་པ་ནི་ཇི་ལྟར་ཡོད་ལ། དེ་མེད་ན་མེད་པ་མ་ཡིན་ནམ། དེའི་ཕྱིར་ལུས་དང་ དབང་པོ་ལ་སོགས་པ་ཁོ་ན་བཞིན་དུ་བློ་མཚམས་སྦྱོར་བ་ཅན་མ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་དེ་ལྟ་ན་ནི་བློ་ཞེས་བྱ་བའོ། །སྔ་མ་ནི་བློའི་བསྐྱེད་བྱ་དེ་མེད་ན་མི་འབྱུང་ངོ་ཞེས་སེམས་པ་ཡིན་ལ། ད་ལྟར་ནི་མ་མཐོང་བའི་བསྐྱེད་བྱ་དེ་མེད་པས་མི་འབྱུང་བ་ཡིན་ནོ་སྙམ་དུ་སེམས་པ་ནི་ཞེས་བྱ་བ་ནི་ཁྱད་པར་རོ། ། མི་འགྱུར་ཞེས་བྱ་བ་ནི་བྱེད་པ་རྣམས་སུ་མི་འགྱུར་བའི་ཕྱིར་གྲོལ་བ་ཡིན་ནོ། །འདི་ལ་ཡང་ལན་དུ་དྲི་མ་རྣམས་ཀྱི་སྟེ། བདག་ཏུ་འཛིན་པའི་ཆགས་པ་ལ་སོགས་པ་མཚམས་སྦྱོར་བའི་རྒྱུ་རྣམས་དང་། མ་མཐོང་བ་གཞན་གྱིས་ཀྱང་བློ་མཚམས་སྦྱོར་བར་བྱེད་པ་ཁོ་ན་ཡིན་ནོ། །དེ་རྣམས་ཏེ་དྲི་མ་རྣམས་སྔགས་ དང་རྒྱུད་ལ་སོགས་པའམ་དབང་བསྐུར་བས་ཉེ་བར་གནོད་པའི་ཕྱིར་ནུས་པ་མེད་པ་ཡིན་ན་འཚོ་བའི་གནས་སྐབས་ཉིད་ན་ཡང་ནུས་པ་མེད་པར་འགྱུར་བར་བསྟན་པ་ནི་དེ་རྣམས་ཞེས་བྱ་བའོ། །དབང་བསྐུར་བ་ཡིན་ན་ཡང་དྲི་མ་རྣམས་ཀྱིས་མཚམས་སྦྱོར་བར་མཐོང་བ་ཡིན་ནོ། །དེ་ལྟ་ན་དྲི་མ་རྣམས་ཉིད་མ་ མཐོང་བ་ལས་སམ་མ་བྱུང་བ་ཡོངས་སུ་གྱུར་པའི་ཁྱད་པར་ལས་འབྱུང་བ་ནི་ཤི་བ་ཡིན་ན་སླར་མི་འབྱུང་བ་ཡིན་ཏེ། མ་མཐོང་བ་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། འགྲིབ་པ་ནི་གཉེན་པོའོ། །འཕེལ་བ་ནི་རང་གི་ཕྱོགས་སོ། །འཕེལ་ན་ནི་སྐྱོན་རྣམས་སོ། །དེ་ལས་ཅིར་འགྱུར་ཞེ་ན། ཉེས་རྒྱུན་རང་གི་ ས་བོན་གྱི་རྒྱུ་ཅན་ནི་རིགས་མཐུན་པ་སྔོན་དུ་འགྲོ་བ་ཅན་ཡིན་གྱི་མ་མཐོང་བའི་འབྱུང་བ་ཆེན་པོ་ལ་སོགས་པ་ཙམ་སྔོན་དུ་འགྲོ་བ་ཅན་མ་ཡིན་པ། དབང་བསྐུར་བ་ལ་ཡང་ལྡོག་པ་མེད་པ་ནི་གཉེན་པོ་འཕེལ་ན་སྐྱོན་རྣམས་འགྲིབ་པས་རང་གི་ཕྱོགས་རྒྱས་པ་སྟེ། འཕེལ་པའི་ཕྱིར་རང་གི་ས་བོན་གྱི་རྒྱུ་ཅན་ཡིན་ཞེས་ བྱ་བ་ནི་འགྲེལ་པ་མཛད་པའི་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འཕལ་ན་ཞེས་བྱ་བ་དང་སྦྱར་རོ། །དབང་བསྐུར་བ་ལ་སོགས་པའི་ཆོ་གས་ཐར་པ་ཡིན་དུ་ཟིན་ཀྱང་བདག་ནི་མ་ཡིན་ཏེ། རྟག་པ་ཉིད་ཀྱིས་འཁོར་བ་ལ་སོགས་པའི་འབྲས་བུའི་རིམ་པ་མི་རིགས་སོ་ཞེས་བསྟན་པ་ནི། རྟག་པ་ལྟོས་པ་མེད་པའི་ ཕྱིར། །ཞེས་བྱ་བ་སྟེ། ལྟོས་པ་མེད་པ་ནི་འབྲས་བུ་གཅིག་སྐྱེད་པར་བྱེད་པའི་དུས་ཉིད་ན་འབྲས་བུ་གཞན་སྐྱེད་པར་རུང་བ་ཉིད་ཀྱང་ཡོད་པའི་ཕྱིར་རིམ་གྱིས་བསྐྱེད་པ་འབའ་ཞིག་ཁོ་ན་ནི་འགལ་བ་མ་ཡིན་གྱི་བྱེད་པ་དང་ཡང་འགལ་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གང་གི་ཞེ་ན། འདྲ་བའི་བདག་ཉིད་དོ། ། གང་ན་ཞེ་ན། མི་བྱེད་པ་དག་ཅེས་བྱ་བ་སྟེ། མི་བྱེད་པའི་ངོ་བོ་ནི་བྱེད་པའི་དུས་སུ་ཡང་ཡིན་ལ། དེས་ནི་མི་བྱེད་པ་ཁོ་ནར་རིགས་པ་ཡིན་ནོ་ཞེས་དགོངས་པའོ། །དོན་འདི་བསྟན་པར་འདོད་ནས་རྟག་པའི་ཕྱོགས་སློང་པར་བྱེད་པ་ནི། གལ་ཏེ་བདག་མེད་པ་མཐོང་ངོ་ཞེས་བྱ་བ་ལ་སོགས་པའོ། །བཅིངས་པ་ དང་ཐར་པ་དག་ལ་གཞན་ཉིད་དུ་རྒོལ་བ་ཁས་ལེན་པ་ནི། དག་པ་གང་ཡིན་ཞེས་བྱ་བའོ། །ཐ་སྙད་དུ་གཅིག་པ་ཉིད་དུ་བསྟན་པ་ནི། དེ་ལྟ་ཡིན་ན་ཞེས་བྱ་བའོ། །ལོངས་སྤྱོད་པའི་དུས་ན་ཡོད་པ་ཁོ་ན་བྱེད་པོའི་དུས་ཉིད་དུ་ཟ་བ་པོ་ཉིད་དུ་འགལ་བ་ཡིན་པར་བསྟན་པ་ནི། རྒྱུ་དང་འབྲས་བུ་ཞེས་བྱ་བའོ། །བྱེད་པ་ དང་ལོངས་སྤྱོད་པ་དག་ཀྱང་བདག་དེ་ལས་ཐ་དད་པ་ཡིན་ཡང་དེ་དང་འབྲེལ་པའི་ཕྱིར་བྱེད་པ་པོ་དང་ཟ་བ་པོར་ཡང་འགྱུར་བ་ཞེས་ཟེར་བ་ལ། དེ་དག་ལས་ཐ་དད་ན་ཞེས་བྱ་བ་སྨོས་ཏེ། ཐ་དད་པ་ནི་དབྱེ་བ་སྟེ་དེའི་བདག་ཉིད་མེད་པའི་ཕྱིར་བྱེད་པ་པོ་དང་། ཟ་བ་པོ་མ་ཡིན་ཏེ། དེའི་རང་བཞིན་མ་ཡིན་ པ་ལ་ཡང་དེ་ལྟར་མ་རྟོགས་པའི་ཕྱིར་རོ། །འོན་ཏེ་དེ་དག་བྱེད་པའི་ཕྱིར་དེ་ལྟ་བུ་ཉིད་ཡིན་ནོ་ཞེ་ན། ནུས་པ་ཡང་ཞེས་བྱ་བའོ། །བྱེད་པ་པོ་ཉིད་ཡིན་ན་རིམ་གྱིས་བསྐྱེད་པ་མ་ཡིན་ཏེ། སྡོད་པ་ནི་མི་རིགས་པའི་ཕྱིར་རོ། །བྱེད་པ་པོ་ཉིད་མ་ཡིན་ན་ཡང་བྱེད་པ་པོ་ཡང་མ་ཡིན་ནོ་ཞེས་བཀག་པའི་ཕྱིར་ནུས་པ་གྲུབ་པ་མ་ཡིན་ནོ། ། གཞན་གྱིས་ཉམས་སུ་མྱོང་བ་གཞན་གྱིས་མི་དྲན་པ་མ་ཡིན་ནམ། མི་མཐུན་པའི་ཕྱོགས་ལས་ལྡོག་པ་གཅིག་པ་ཉིད་ཀྱིས་ཁྱབ་པར་དྲན་པ་ནི་གཅིག་ཉིད་དུ་རྟོགས་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་གཞན་གྱིས་བྱས་པ་གཞན་ཟ་བ་མ་ཡིན་ཏེ། བྱས་པ་འཇིག་ཅིང་མ་བྱས་པ་འོངས་པར་ཐལ་བར་འགྱུར་བའི་ཕྱིར་བྱེད་ པ་པོ་ཉིད་ལོངས་སྤྱོད་པར་གྲུབ་པོ། །དབུགས་ལ་སོགས་པ་ཡང་བདག་མེད་པ་བུམ་པ་ལ་སོགས་པ་གང་མེད་པས་མེད་པ་ཡིན་ཞིང་། ཡོད་ན་ཡང་རྟོགས་པར་བྱེད་པ་ཡིན་ལ། མི་མཐུན་པའི་ཕྱོགས་ལས་ལྡོག་ལ་མཐུན་པའི་ཕྱོགས་མེད་པའི་ཕྱིར་དེ་ལས་ནི་མ་ཡིན་ནོ། །དེའི་ཕྱིར་རྗེས་སུ་འགྲོ་བ་ལ་མ་འཁྲུལ་ བ་བཞིན་དུ་ལྡོག་པ་ལ་མ་འཁྲུལ་བར་ཡང་གོ་བར་བྱེད་པ་ཡིན་ལ། ཐོས་པ་ཉིད་ནི་ལྡོག་པ་ལ་མི་འཁྲུལ་བ་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡང་མེད་པའི་ཕྱིར་རོ། །འདུས་པ་ཅན་མལ་ཆ་དང་སྟན་ལ་སོགས་པ་གཞན་གྱི་དོན་དུ་མཐོང་བ་ཡིན་ལ། མིག་ལ་སོགས་པ་ཡང་འདུས་པ་ཅན་ཡིན་པའི་ཕྱིར་གཞན་ གྱི་དོན་ཡིན་ནོ། །གཞན་ཡང་འདི་ལས་འདུས་པ་ཅན་ཡིན་ནོ། །བཟློག་པ་ཡིན་ན་དེ་ཡང་གཞན་གྱི་དོན་ཡིན་ལ། དེ་ཡང་དེ་བཞིན་ཡིན་པས་ཐུག་པ་མེད་པའི་ཕྱིར་སྒྲུབ་པར་བྱེད་པའི་ནུས་པ་མ་ཡིན་ནོ། །དེའི་ཕྱིར་མི་མཐུན་པའི་ཕྱོགས་ལ་ཡང་མེད་པ་ལ་གནོད་པ་ཅན་ནི་བདག་དང་བཅས་པ་ཉིད་དུ་སྒྲུབ་པར་བྱེད་ པ་ཡིན་ནོ་སྙམ་དུ་སེམས་པ་ལ། གཞན་གྱིས་ནི་ཉམས་སུ་མྱོང་བ་ཅན་གྱིས་དྲན་པ་ཡིན་ལ། བྱེད་པ་པོ་གཞན་ལོངས་སྤྱོད་པའོ། །སོགས་པའི་སྒྲས་ནི་དབུགས་ལ་སོགས་པ་དང་། ནུས་པ་ཅན་ལ་སོགས་པ་ཡང་གཟུང་ངོ་། །དེ་རྣམས་ནི་བདག་མེད་པ་མི་མཐུན་པའི་ཕྱོགས་ལ་གནོད་པ་ཅན་མ་ཡིན་ནོ། ཅི་ལས་ཤེ་ན། འགའ་ཡང་དྲན་པ་མེད་པའི་ཕྱིར། །ཞེས་བྱ་བ་སྨོས་སོ། །དྲན་པ་ནི་ཉམས་སུ་མྱོང་བ་དྲན་པའི་དུས་ན་ཡོད་པ་གཅིག་བུས་ཁྱབ་པར་དམིགས་པ་ནི་མ་ཡིན་ཏེ། གང་གིས་རྒྱུད་གཞན་ལ་སྟེ། མེད་པས་མེད་པ་ཡིན་པར་རྟོགས་པར་འགྱུར་བ་ཡིན། །མེད་པ་དག་ལྷན་ཅིག་ཡོད་པ་ཙམ་གྱིས་ ཁྱབ་པར་གྲུབ་པ་ཡིན་ཏེ། ཡོད་པའི་རྒྱུན་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དྲན་པའི་བྱེད་པ་པོའི་ཆ་ལ་ཉམས་སུ་མྱོང་བར་བྱེད་པ་པོའི་ཆ་རྗེས་སུ་འཇུག་པ་མ་ཡིན་ནམ་ཞེས་ཟེར་བ་ལ་བརྟེན་པ་ནི། མྱོང་ལས་ཏེ། ཉམས་སུ་མྱོང་བའི་ཁྱད་པར་ལ་དྲན་པ་སྟེ། མ་བརྗེད་པ་ཞེས་དགོངས་པ་སྟེ། ཉམས་སུ་ མྱོང་བའི་བག་ཆགས་ཀྱིས་སྐྱེད་པ་དྲན་པ་ཞེས་བྱ་བའི་དོན་ཏོ། །བདག་ཙམ་ཡང་ཞེས་བྱ་བས་མི་དྲན་པ་མ་ཡིན་ཏེ། གཞན་གྱིས་ཡང་ཉམས་སུ་མྱོང་བ་ཐམས་ཅད་དྲན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །བདག་ཀྱང་ཉམས་སུ་མྱོང་བའི་བག་ཆགས་ཀྱིས་དྲན་པ་ཡིན་ལ། ཉམས་སུ་མྱོང་བའི་བག་ཆགས་ དང་བཅས་པའི་སེམས་ནི་སྐད་ཅིག་རེ་རེ་འཇིག་པའི་འབྲས་བུ་དང་རྒྱུར་གྱུར་པ་ཡིན་ན་ཤུགས་ཀྱིས་བདག་འཐོབ་པ་མ་ཡིན་ནོ། །དབུགས་ལ་སོགས་པ་ཡང་ཐོས་པ་ཉིད་བཞིན་དུ་ལྡོག་པ་མ་ངེས་པ་ཡིན་ཏེ། མཐུན་པའི་ཕྱོགས་ལ་མེད་པ་ཡིན་ན་མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་ལོག་པ་ངེས་པར་མ་ཡིན་ནོ། ། དེ་མེད་པ་ཉིད་ཅེས་བྱ་བ་འདི་ཕྱོགས་མེད་པས་ཐེ་ཚོམ་མི་ལྡོག་པའི་ཕྱིར་རོ། །དེ་ཡང་མཐུན་པའི་ཕྱོགས་ཡོད་པས་མི་མཐུན་པའི་ཕྱོགས་ཡོད་པར་ཁྱབ་པར་བྱེད་པས་ལྡོག་པར་བྱེད་པ་ཡིན་གྱི་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཅན་གྱིས་ལྡོག་པ་མ་ཡིན་གྱི། འོན་ཀྱང་བསྒྲུབ་བྱ་ཕྱིན་ཅི་ལོག་པའི་ཆོས་ དང་འགལ་བ་ཡིན་ལ། དེ་ཡང་མི་རྟག་པ་ཡིན་པའི་ཕྱིར་བདག་ལས་བཟློག་པས་དབུགས་ལ་སོགས་པ་དང་། དེ་བཞིན་དུ་འགལ་བ་ནི་མ་ཡིན་ནོ། །འདུས་པ་ཅན་མལ་ཆ་ལ་སོགས་པ་ལ་འདུས་པ་ཅན་གཞན་གྱི་དོན་གྱིས་ཁྱབ་པ་ཡིན་གྱི་ཐེ་ཙམ་འཛིན་པར་འདོད་པས་ཐུག་པ་མེད་པ་ཡང་མ་ཡིན་ནོ། །གང་གི་ ཕྱིར་དུ་བ་ནི་འབྲས་བུ་ཉིད་ཀྱིས་མེ་རྟོགས་ན་འབྲས་བུ་མ་ཡིན་པ་ཡང་རྟོགས་བྱེད་མ་ཡིན་ཞིང་ཐུག་པ་མེད་པ་ཡང་མ་ཡིན་ནོ། །བྱེད་པ་དྲན་པའམ་ལོངས་སྤྱོད་ཀྱང་དྲན་པ་པོའམ་ལོངས་སྤྱོད་པ་པོ་རྟེན་མེད་ན་མི་འབྱུང་བ་མ་ཡིན་ནམ། འབྱུང་བ་ནི་འབྱུང་བར་བྱེད་པ་པོ་ལ་ལྟོས་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། དྲན་པར་བྱེད་ པ་པོ་འགའ་ཞིག་ཅེས་བྱ་བ་སྨོས་སོ། །རང་དང་གཞན་དག་གི་ཉམས་སུ་མྱོང་བ་དང་ལས་དག་ལ་ཁྱད་པར་མེད་པ་ན་མ་ཡིན་ཏེ། ཁྱད་པར་གང་གིས་དྲན་པ་དང་ལོངས་སྤྱོད་པར་འགྱུར། འབྲས་བུ་དང་རྒྱུ་ཉིད་དང་ཅིག་ཤོས་ཉིད་ཀྱིས་ཁྱད་པར་ཡོད་པའི་ཕྱིར་རོ། །གཞན་ཉིད་ཀྱང་བག་ ཆགས་ལས་བྱུང་བའི་དྲན་པ་ལ་གེགས་བྱེད་པ་མ་ཡིན་ཏེ། གཅིག་ཉིད་ཡིན་ཡང་དེ་མེད་ན་མི་འབྱུང་ངོ་ཞེས་བསྟན་པ་ནི། གལ་ཏེ་གཞན་གྱིས་ཞེས་བྱ་བ་སྟེ། ཉམས་སུ་མྱོང་བ་གཞན་ཉིད་ཀྱང་དྲན་པ་ལ་ལྟོས་པའི་ཕྱིར་བདག་ལ་ཡོད་པ་ཞེས་གཞན་གྱིས་ཞེས་བྱ་བ་ནི་ཁྱད་པར་རོ། །ཇི་ལྟར་རང་དང་གཞན་དག་ གི་ཉམས་སུ་མྱོང་བ་ཉིད་ཀྱིས་སམ་གཞན་ཉིད་ཀྱིས་ཁྱད་པར་མེད་པར་དྲན་པ་ཡིན་ལ། དེ་བཞིན་དུ་བདག་ཉིད་དང་ཡང་ཁྱད་པར་མེད་པར་འགྱུར་རོ། །སྐྱེས་བུ་རེ་རེ་ཞིང་བདག་རྣམས་ཀྱི་གཅིག་པ་ཉིད་ལ་ཁྱད་པར་མེད་པ་ཡིན་ནོ། །ཉམས་སུ་མྱོང་བ་པོ་དང་དྲན་པ་པོའི་ངོ་བོ་དག་ལ་ཁྱད་པར་ཡོད་པའི་ཕྱིར་དྲན་པ་ངེས་ པ་ལས་ཉམས་སུ་མྱོང་བ་པོར་ངེས་པ་ནི་རྣམ་པར་སྨྲ་བ་ལ་གཏན་ཚིགས་ངེས་པ་ཡིན་པའི་ཕྱིར་རིགས་པ་ཡིན་ལ། བདག་ཏུ་སྨྲ་བ་ལ་ནི་མ་ཡིན་ཏེ། རྟག་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །རྟག་པ་ཉིད་ནི་རྒྱུ་མེད་པ་ཉིད་ཀྱིས་རྣམ་པར་དབྱེ་བ་དང་འགལ་བ་ཅན་གྱི་དབྱེ་བ་མེད་པས་ཁྱབ་པ་ཡིན་པར་བསྟན་པ་ནི། ཡིད་ ལ་ཐ་དད་ཅེས་བྱ་བའོ། །ཞག་སྔ་མ་ལ་དམིགས་པའི་དོན་རྣམས་ལ་ཞག་ཕྱི་མ་ལ་བདག་འདི་མཐོང་བར་འགྱུར་རོ་ཞེས་མཐོང་བ་པོའི་དྲན་པ་པོ་དག་གི་གཅིག་པ་ཉིད་དུ་རྗེས་སུ་འབྲེལ་བ་ནི་དེ་མཐོང་བ་མེད་ཀྱང་འགྱུར་རོ་སྙམ་དུ་སེམས་པ་ནི། བདག་གིས་མཐོང་བ་ཞེས་བྱ་བའོ། །བདེན་ཏེ། བདག་གཅིག་ ཡོད་ན་དེ་ལྟར་མཐོང་བར་མི་ནུས་པའི་ཕྱིར་དེ་མཐོང་བ་སྔོན་དུ་འགྲོ་བ་ཅན་དང་རྗེས་སུ་འབྲེལ་པ་མ་ཡིན་པར་བསྟན་པ་ནི། སྐྱོན་འདི་དག་ལ་འང་ཞེས་བྱ་བའོ། །འདི་ལ་ནི་གཅིག་ལའོ། །ཚད་མ་སྐྱེ་བ་ནི་མཐོང་བ་ཡོད་པའོ། །བདག་ཡོད་པ་ཉིད་ཀྱི་ཕྱིར་མཐོང་བ་མེད་ཀྱང་དེ་ལྟར་ཤེས་པ་ནི་མ་ཡིན་ནོ། །འདི་ཡང་ གཞལ་བྱ་རྣམས་ཚད་མའི་དབང་ཡིན་པའི་ཕྱིར་དེ་བསྟན་པ་ནི། བདག་ཡོད་ཀྱང་ཞེས་བྱ་བའོ། །རང་གི་རྟོགས་པའི་ངོ་བོའི་བདག་ནི་ཉེ་བར་རྟོགས་པའི་ངོ་བོ་ཡིན་པའི་ཕྱིར་དེ་ལྟ་བུ་ཉིད་དུ་རིག་པ་མ་ཡིན་པར་བསྟན་པ་ནི། སྔ་མའི་ངོ་བོར་དེ་ཉིད་ཅེས་བྱའོ། །རྗེས་སུ་འབྲེལ་པ་ཁོ་ན་ཚད་མ་ཡིན་ཞེས་ཟེར་བ་ནི། དྲན་པས་ ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་རྒོལ་བ་དགག་པའོ། །ཅི་ལས་ཤེ་ན། རྗེས་སུ་འབྲེལ་པ་ནི་མངོན་སུམ་གྱི་ཚད་མ་མ་ཡིན་ཏེ། ཉེ་བ་མ་ཡིན་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཉིད་ལ་ཡང་མ་ཡིན་ཏེ། རྟག་པས་སྐྱེས་པ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཚད་མ་མིན་ཞེས་བྱ་བའོ། །ཉེ་བ་ ཉམས་སུ་མྱོང་བས་སད་པའི་ཐོག་མ་མེད་པ་ལ་སོགས་པའི་རྗེས་སུ་འབྲེལ་པའི་བག་ཆགས་ནི་སེམས་ཀྱི་རྒྱུན་གྱི་ལྷན་ཅིག་བྱེད་པར་འགྱུར། དེའི་ཕྱིར་ཤུགས་ཀྱིས་བདག་ཐོབ་པ་མ་ཡིན་པར་བསྟན་པ་ནི། དྲན་པ་ཉིད་ཅེས་བྱའོ། །ཇི་ལྟ་བ་ཁོ་ནའི་ལོག་པའི་བག་ཆགས་ནི་སྔ་མ་དང་ཕྱི་མའི་ཉམས་སུ་མྱོང་བ་ དང་དྲན་པ་དག་གཅིག་པ་ཉིད་དུ་མངོན་པར་ཞེན་པར་བྱེད། དེ་ལྟ་བུ་ཁོ་ནར་ད་ལྟར་བ་དག་ལ་ཡང་ཡིན་པར་བསྟན་པ་ནི། དེ་དག་ཅེས་བྱའོ། །སྣང་བའི་རྒྱུན་བཞིན་དུ་མཐོང་བའི་རྒྱུན་ཡང་གཅིག་ཏུ་འཛིན་པར་འབྲས་བུ་ཉིད་ཀྱིས་དེ་ལྟར་མངོན་པར་ཞེན་པར་བྱེད། དེ་ལྟ་བུ་ཁོ་ནར་ད་ལྟར་བ་དག་ལ་ཡང་ཡིན་པར་བསྟན་པ་ནི། དེ་དག་ཅེས་བྱ་བའོ། །སྣང་བའི་རྒྱུན་བཞིན་དུ་མཐོང་བའི་རྒྱུན་ཡང་གཅིག་ཏུ་འཛིན་པའི་འབྲས་བུ་ཉིད་ཀྱིས་དེ་ལྟར་མངོན་པར་ཞེན་པ་ཡིན་པར་བསྟན་པ་ནི། འབྲས་བུ་གཅིག་ཉིད་ལས་ཞེས་བྱ་བའོ། །འདིས་ནི་སྣ་ཚོགས་པའི་དབང་པོ་ལས་བྱུང་བ་མཐོང་བ་རྣམས་དང་། དྲན་པ་རྣམས་ཀྱང་བག་ཆགས་ཀྱི་བསྐྱེད་ བྱའི་རྗེས་སུ་འབྲེལ་པར་བཤད་པ་ཡིན་ནོ། །གལ་ཏེ་བདག་མེད་པ་ཡིན་པ་དེ་ལྟ་ན་རྗེས་སུ་འབྲེལ་པ་ཡང་བརྫུན་པའི་བག་ཆགས་ཀྱི་བསྐྱེད་བྱ་ཡིན་པའི་ཕྱིར་ལ། སེམས་ཀྱི་སྔ་མ་སྔ་མའི་སེམས་ཀྱི་དབང་གི་རྒྱུན་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བདག་ཏུ་འཛིན་པ་དང་ཆགས་པ་ལ་སོགས་པ་རྣམས་ཐོག་མ་ནས་མ་སྐྱེས་པའི་ ཕྱིར་འཁོར་བར་མི་འགྱུར་བ་ཞིག་ན་ཡོད་པ་ཡང་ཡིན་ནོ། །དེའི་ཕྱིར་འཁོར་བ་ནི་གཞན་དུ་མི་འཐད་པས་བདག་གྲུབ་པ་ཡིན་ནོ་སྙམ་དུ་སེམས་པ་ན།། འོ་ན་ཇི་ལྟར་ཞེས་བྱ་བའོ། །བདག་ཡོད་ན་བདག་གོ་ཞེས་བྱ་བའི་བདག་ཏུ་འཛིན་པ་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བ་ནི་ཆགས་པ་འཕེལ་པར་བྱེད་པས་འཁོར་བའི་རྒྱུན་བྱེད་ པ་ཡིན་པར་བསྟན་པ་ནི། བདེན་པ་བཞི་ལ་ཞེས་བྱ་བའོ། །བདག་གོ་ཞེས་བྱ་བ་ནི་བདག་ཏུ་འཛིན་པ་ནི་འཁོར་བའི་རྒྱུ་ཡིན་ནམ། རེ་ཞིག་རྒྱུ་མེད་པ་ཅན་ནི་མ་ཡིན་ཏེ། རྒྱུ་ཡང་ཡུལ་ལམ་བག་ཆགས་ཀྱང་ཡུལ་གྱི་བསྐྱེད་བྱ་བཞིན་དུ་བག་ཆགས་ཀྱི་བསྐྱེད་བྱ་ཡང་ལྡོག་བྱར་མི་འགྱུར་རོ་ཞེས་བསྟན་པ་ནི། དེ་ཉིད་ལ་ནི་ཞེས་བསྟན་པའོ།། །དེ་ ཉིད་ནི་བདེན་བཞི་ལ་སྟེ། དེ་སྟེ་དེ་རྣམས་སྒྲོ་འདོགས་པའི་རྣམ་པ་རྣམས་སོ། །འགལ་དོན་དེ་ཉིད་ནི་ཡུལ་གྱི་དེ་ཉིད་དོ། །རྗེས་སུ་ཐོགས་པ་ཅན་ནི་བདག་གིར་བྱེད་པ་གང་ཡིན་པ་དེ་ནི་ཡུལ་དུ་མའི་ལྷན་ཅིག་བྱེད་པའི་ཕྱིར་སྟོབས་དང་ལྡན་པ་ཉིད་དུ་བསྟན་པ་ཡིན་ནོ། །ཡང་དག་པ་ཞེས་བྱ་བ་ནི་ལྟ་བ་ཕྱིན་ཅི་མ་ལོག་པ་ ནི་ཡུལ་དང་བྲལ་བ་གང་ལས་ཀྱང་འབྱུང་བར་ལོག་པར་ལྟ་བ་ལ་གནོད་པ་ཡིན་ཏེ། དངུལ་དུ་མཐོང་བ་ལ་ཉ་ཕྱིས་སུ་མཐོང་བ་ལྟ་བུའོ། །ལེགས་བསྒོམས་ནི་ཤིན་ཏུ་ངེས་པར་འགྱུར་བའོ། །སྒྲོ་འདོགས་པ་ནི་རྒྱུ་འབའ་ཞིག་མ་ཡིན་གྱི་འབྲས་བུ་ཡང་དེ་བཞིན་དུ་ཡིན་པར་བསྟན་པ་ནི། ཡང་དག་པ་མ་ཡིན་པ་སྒྲོ་འདོགས་པ་ཉིད་ཅེས་ བྱ་བའོ། །རྒྱུའི་ཡང་དག་པ་མ་ཡིན་པའི་སྒྲོ་འདོགས་པ་བསྟན་པ་ནི། ཡང་དག་པ་མ་ཡིན་པ་ནི་རང་རིག་པ་ལས་ཐ་དད་པའོ། །མངོན་སུམ་གྱིས་རིག་པ་མ་ཡིན་པ་ཡང་ཐར་པ་ཇི་ལྟར་ཡིན། དེའི་ཕྱིར་བདག་ཏུ་འཛིན་པ་དང་སྲེད་པ་དག་ཁོ་ནས་དངོས་སུ་ལམ་བརྒྱུད་པས་ཀྱང་བདག་མེད་པ་མཐོང་བ་དང་འགལ་བ་ཡིན་ ལ། ལས་དང་ལུས་དག་གི་ཉེ་བར་ལེན་པ་དག་གིས་ནི་མ་ཡིན་ནོ། །དེའི་ཕྱིར་ཡང་དག་པའི་ལྟ་བ་ཅན་ཡང་དེའི་བསྐྱེད་བྱ་སྲིད་པ་འབྱུང་བ་ཁོ་ན་ཡིན་སྙམ་དུ་སེམས་པ་ལ། ལས་དང་ལུས་དག་གནས་ན་ཡང་། །ཞེས་བྱ་བའོ། །རྒྱུ་གསུམ་ནི་སྲིད་པའི་རྒྱུ་རྣམས་ཏེ། ལས་དང་ལུས་དང་། སྲེད་པའོ། །དེའི་ཕྱིར་སྲེད་པ་མེད་ ན་འདི་ཡོད་པ་རྒྱུ་མ་ཚང་བའི་ཕྱིར་མི་འབྱུང་བ་ནི་རྒྱུ་མ་ཚང་བའོ། །སྲེད་པ་མེད་པ་བཞིན་དུ་ལས་ལ་སོགས་པ་མེད་ན་འང་སྲེད་པ་ཡོད་ན་འབྱུང་ངོ་ཞེས་ཟེར་བ་ནི། དེ་ལྟ་ན་ནི་འོ་ན་ཞེས་བྱའོ། །སྲེད་པའི་གཉེན་པོ་ནི་བདག་མེད་པར་ལྟ་བ་ཡིན་གྱི་ལས་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། གཉེན་པོ་དག་ནི་མེད་ཕྱིར་དང་། ། ཞེས་བྱའོ། །ཡོད་ཀྱང་སྲེད་པའི་ས་བོན་ནི་ལས་གཞན་དང་གཞན་འབྱུང་བ་ཁོ་ན་ཡིན་པར་བསྟན་པ་ནི། ནུས་པ་མེད་ཕྱིར་རོ་ཞེས་བསྟན་པའོ། །འབྱུང་བར་འགྱུར་བའི་ལས་ལ་ལྟོས་ནས་བསྟན་པ་ནི། སྲེད་པ་བཟློག་པ་མ་གཏོགས་པ། །ཞེས་བྱ་བའོ། །ལས་དང་ལུས་དང་འགལ་བ་ཅན་ཉིད་ཀྱི་བདག་མེད་པ་ལས་གཞན་ པར་ལུང་ལས་རྟོགས་པ་མ་ཡིན་པར་བསྟན་པ་ནི། ལུང་ཡང་ཚད་མ་མ་ཡིན་ནོ་ཞེས་བསྟན་པའོ། །ཟླ་བའི་དཀའ་ཐུབ་དང་སྐྲ་འབལ་བ་ལ་སོགས་པ་ནི་མི་མཐུན་པའི་ཕྱོགས་སུ་འགྱུར་བ་མ་ཡིན་ནམ་ཞེས་ཟེར་བ་ལ་བསྟན་པ་ནི། འབྲས་བུ་སྣ་ཚོགས་ཞེས་བྱ་བ་སྟེ། བདེ་བ་དང་སྡུག་བསྔལ་ལ་སོགས་པ་འབྲས་བུ་དུ་མ་ཡོད་པས་གཞན་ དུ་མི་འཐད་པར་བརྟགས་པའི་ལས་ཀྱི་འབྲས་བུའི་མཐར་ཐུག་པ་ནི་དཀའ་ཐུབ་ལས་ཏེ། སྡུག་བསྔལ་ལ་ཉེ་བར་སྤྱོད་པའི་ངོ་བོ་ལས་འབྲས་བུ་ཉིད་ཀྱི་མཐར་ཐུག་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་དགོངས་པའོ། །ནུས་པ་ཐ་དད་ནི་རང་གི་ངོ་བོ་ཐ་དད་པའོ། །ཤིན་ཏུ་རྒལ་དཀའི་ལམ་རྣམས་བྱས་པ་ནི། བདག་ཉིད་རྣམ་པར་སྨད་ པས་བསྲབས་པར་འགྱུར། །བཤགས་དང་སྡོམ་པར་བྱེད་པ་དེ་དག་གི། །གཏན་དུ་དྲུངས་ནས་བཏོན་པ་མ་ཡིན་ནོ། །ཞེས་བྱ་བའི་རིགས་པས་བྱས་པའི་ལས་རྣམས་ཀྱང་ཟད་པར་ཁྱེད་ཅག་འདོད་པ་ཁོ་ན་མ་ཡིན་སྙམ་དུ་སེམས་པ་ལ་བསྟན་པ་ནི། འབྲས་བུ་དེའི་བསྐྱེད་བྱར་ཁོ་བོ་ཅག་འདོད་པ་ནི་རྣམ་འགས་ཞེས་བྱ་བ་བདག་ཉིད་སྨད་པ་ དང་། བཤགས་པ་ལ་སོགས་པས་ཆུང་བ་འམ་གནས་སྐབས་ཀྱི་ཟད་པ་ཡིན་ལ། རིགས་མཐུན་པ་ཅན་ནི་བསྐྱེད་བྱ་གཞན་དུ་མི་འགྱུར་རོ། །དཀའ་ཐུབ་ཉམས་སུ་མྱོང་བའི་ལས་གང་གིས་བསྐྱེད་བྱའི་འབྲས་བུ་ཆུང་བར་འགྱུར་བ་འམ། ཟད་པར་འགྱུར་གྱི། རིགས་མི་མཐུན་པ་ཅན་ནི་མ་ཡིན་ནོ། །རིགས་མི་མཐུན་པའི་ལས་ཀྱི་ བསྐྱེད་བྱ་ཆུང་བར་གྱུར་པ་འམ་ཟད་པར་འགྱུར་རོ་ཞེས་བྱ་བ་ནི་འགྲེལ་པ་མཛད་པའི་ཡིན་ཏེ་དེ་བསྟན་པ་ནི། ལས་གང་གིས་ཞེས་བྱ་བའོ། །སྡིག་པའི་འབྲས་བུ་སྐྱེད་པར་བྱེད་པའི་ནུས་པ་ནི་བསོད་ནམས་ཀྱི་ནུས་པ་དང་འདྲེས་པ་ཡིན་ཏེ། སྡིག་པའི་འབྲས་བུ་ཉམས་སུ་མྱོང་བ་ཁོ་ན་བསོད་ནམས་ཀྱི་འབྲས་བུ་ཡང་ཟད་པས་འདི་དག་ གི་གསལ་བའི་དབྱེ་བ་ལ་ལྟོས་ནས་མང་པོའི་ཚིག་ཡིན་ནོ། །འདི་རྣམས་ཅི་ལས་ཡིན་ཞེ་ན། དཀའ་ཐུབ་ཅེས་བྱ་བའོ། །དཀའ་ཐུབ་ཀྱི་ནུས་པ་ཁོ་ན་ཡིན་པར་ཅི་ལས་ཤེས་ཤེ་ན། ཉོན་མོངས་འགས་ཞེས་བྱ་བའོ། །དེ་ལྟར་གྱུར་པ་ཡིན་ཡང་ནུས་པ་འདྲེས་པ་རྣམས་ཟད་པས་ཅི་ཞིག་བྱ་བ་ལ་ཆ་ནི་ཕྲ་བར་བྱས་པའོ། །དེ་ལས་ཀྱང་ ཅིར་འགྱུར་ཞེ་ན། སྤོང་འགྱུར་ཞེས་བྱ་བའོ། །ཅི་ལས་ཡིན་ཞེ་ན། ཉོན་མོངས་པ་མེད་པ་ལས་སམ། ཉོན་མོངས་པ་བསྲབས་པ་ལས་སྤོང་བར་འགྱུར་བའོ། །གལ་ཏེ་དཀའ་ཐུབ་ཅེས་བྱ་བ་ལ་སོགས་པ་བཤད་པ་ཡང་དོན་འདི་ཉིད་ཀྱི་ཕྱོགས་སྔ་མ་བསྟན་པར་བྱེད་པ་ཡིན་ཏེ། གལ་ཏེ་དཀའ་ཐུབ་ཀྱི་ནུས་པ་ཁོ་བོས་ཁས་ལེན་པ་དེ་ལྟ་ན་ དེའི་འབྲས་བུའི་ཆ་ནི་ནུས་པ་འདྲེས་པ་ལ་སོགས་པ་རྣམས་ཀྱིས་ཉོན་མོངས་པ་མེད་པར་རྩ་བ་དང་བཅས་པར་སྤོང་བར་འགྱུར་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །གལ་ཏེ་སྐྲ་འབལ་བ་དང་ཟླ་བའི་དཀའ་ཐུབ་ལ་སོགས་པའི་ཉོན་མོངས་པས་གཞན་དཀའ་ཐུབ་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་དག་རྩོམ་པ་དང་། བཤགས་པ་དང་སྡོམ་པ་ལ་སོགས་པ་ཡིན་ན་ཁྱོད་ཀྱིས་སྨྲས་པ་དེ་ཁོ་བོ་ཅག་གི་འདོད་པ་ཁོ་ན་ཡིན་ཏེ། འདི་ཉོན་མོངས་པ་མ་ཡིན་པའི་ཆའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། གལ་ཏེ་དཀའ་ཐུབ་ཅེས་བྱ་བ་ལ་སོགས་པའོ། །སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པས་ཉོན་མོངས་པ་བཞིན་དུ། མེ་ལྔ་ བསྟེན་པ་ལ་སོགས་པའི་ཉོན་མོངས་པ་ཡང་དཀའ་ཐུབ་ཁོ་ན་མ་ཡིན་ནམ་ཞེས་ཟེར་བ་ནི་ཉོན་མོངས་ཉིད་ཅེ་ན་ཞེས་བྱ་བའོ། །ལས་ཀྱི་འབྲས་བུ་འདི་ལས་བློ་སྔོན་དུ་འགྲོ་བའི་རྩོམ་པའི་ཉོན་མོངས་པས་སྦྱིན་པ་ལ་སོགས་པ་དང་བྲལ་བའི་ལས་ཀྱི་འབྲས་བུ་ཁོ་ན་ཡིན་ནོ། །དེ་ནི་སྦྱིན་པ་ལ་སོགས་པ་ཉིད་བཞིན་དུ་ལས་སྟོན་ པའི་ལུང་ལས་ལས་ཉིད་ཡིན་ནོ་ཞེ་ན། ཐར་པ་མ་ཡིན་ཏེ། ལས་ཀྱི་འབྲས་བུའི་རྒྱུ་ཡིན་པའི་ཕྱིར་རོ། །ཤིན་ཏུ་བའི་བདེ་བ་འདིའི་འབྲས་བུ་ཡིན་ནོ་ཞེ་ན། འདི་ཡང་མི་རིགས་ཏེ། ཉོན་མོངས་པ་བཞིན་དུ་ཤིན་ཏུ་བའི་བདེ་བ་ཡིན་པར་མི་རིགས་སོ། །བདེ་བ་བཞིན་དུ་ཉོན་མོངས་པ་ཡང་རྒྱུན་དུ་གནས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ འཁོར་བ་བཞིན་དུ་ཐར་པ་མ་ཡིན་ཏེ། ཉོན་མོངས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཉིད་ལས་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ཅན་གྱི་དཀའ་ཐུབ་ལས་སོ། །གཞན་གྱིས་ཞེས་བྱ་བ་ནི་བསོད་ནམས་ཀྱི་མིང་ཅན་གྱི་དཀའ་ཐུབ་ཀྱིས་ཏེ། གང་བྱས་པ་ལས་མ་ལུས་པའི་འབྲས་བུ་དེས་ཞེས་བྱ་བ་ནི་གཞི་མཐུན་པ་མ་ཡིན་པའི་གསུམ་ པའོ། །གཞན་གྱིས་ཞེས་བྱ་བ་ནི་ཉོན་མོངས་པའོ། །ལས་ཀྱི་འབྲས་བུ་ཉིད་ཁོ་ན་གཉི་ག་ལ་གྲུབ་པར་བསྟན་པ་ནི། ཉོན་མོངས་པ་ཞེས་བྱ་བའོ། །ཁས་བླངས་པ་དང་འགལ་བར་བསྟན་པ་ནི། འོ་ན་ནི་ཅི་ལྟར་ཞེས་བྱ་བའོ། །མ་ངེས་པ་ཞེས་བྱ་བ་ལ་སྐྲ་འབལ་བ་ལ་སོགས་པའི་སྡུག་བསྔལ་གྱིས་དེ་ཅི་སྟེ་དེར་མི་འགྱུར། དེའི་ཕྱིར་མ་ངེས་པ་ནི་ཕྱུགས་ཀྱི་ཉོན་མོངས་པས་སོ། །གལ་ཏེ་ཡང་རྒྱལ་སྲིད་ལ་སོགས་པའི་བདེ་བ་འདོར་བ་ནི་འདོད་པ་མེད་པ་ཉིད་ལ་གོམས་པའི་བདག་ཉིད་དུ་གྱུར་པའི་ཕྱིར་གནོད་པ་ཅན་མེད་ན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཡལ་བར་འདུག་པས་གོམས་པས་བདག་ཏུ་གྱུར་པ་ཁོ་ན་གནོད་པ་བྱེད་པ་ཡིན་ པར་བསྟན་པ་ནི། ཇི་ལྟར་རྒྱལ་སྲིད་ཅེས་བྱ་བའོ། །བཏང་སྙོམས་ཀྱི་བདག་ཉིད་ཁོ་ན་ཐར་པ་ཡིན་གྱི་བདེ་བའི་བདག་ཉིད་མ་ཡིན་ཏེ། འདོད་པ་ལ་གནོད་པ་ཡིན་ནོ་ཞེས་ཟེར་བ་ལ། དེའི་ཕྱིར་གྲོལ་གནས་ཞེས་བྱ་བའོ། །ཁྱོད་ཀྱི་ནི་ཡུལ་རྣམས་ལྡོག་པ་ཡིན་ཏེ། མི་ཟ་བའི་ལུས་ཅན་གྱིས་རོ་ལངས་པ་ནི་རོ་ཡང་གཞན་མཐོང་ནས་ ལྡོག་པ་ཡིན་པའི་ཕྱིར། སྐྱོན་དང་འགལ་བ་ཅན་ནི་སྐྱོན་ལས་བྱུང་བའི་ལས་ལྡོག་པར་བྱེད་པར་ནུས་པ་ཡིན་ནོ། །ཅི་ལས་ཤེ་ན། བསྟན་པ་ནི། སྐྱེ་འདོད་ངེས་པ་སྟེ། རྒྱུ་ལ་གནོད་པ་བྱེད་པས་སོ། །བྱས་པའི་ལས་ནི་ཀུན་དུ་བསགས་ཤིང་ཀུན་དུ་བསྟེན་པ་ཇི་ལྟར་ཉམས་པར་འགྱུར། དེ་ནི་མ་བྱས་པ་མ་ཡིན་ཏེ། གང་གི་ཕྱིར་རྒྱུ་མེད་པས་ ནི་འགྱུར་བ་ཡིན། བྱས་པའི་ལས་ནི་འགལ་བར་བྱེད་པ་མེད་པའི་ཕྱིར་དེ་ཉིད་ཤེས་པ་ལ་ཡང་འཁོར་བ་རྒྱས་པར་བྱེད་པ་ཁོ་ན་ཡིན་ནོ། །སྐྱེ་བ་ཐ་མ་ལ་ལས་མ་ལུས་པ་རྣམ་པར་སྨིན་པ་ནི། རྫུ་འཕྲུལ་གྱི་ཆོས་ཅན་ནོ་ཞེས་གང་སྨྲས་པ་ཡང་། དེ་འདི་ལུང་མ་གཏོགས་པ་ཚད་མ་གཞན་གྱིས་རྟོགས་པར་འགྱུར་བ་མ་ཡིན་ཏེ། སྐྱེ་ བ་དུ་མའི་བདེ་བ་དང་སྡུག་བསྔལ་རྣམ་པར་སྨིན་པ་ཁྱད་པར་ཅན་དང་ལྡན་པའི་ལས་ཀྱི་འབྲས་བུ་ལུས་གཅིག་གིས་སྐད་ཅིག་ཙམ་གྱིས་ཉེ་བར་སྤྱོད་པར་ནུས་པ་མ་ཡིན་ནོ། །དེ་ལྟ་ཡིན་ན་ཁྱེད་ཀྱི་ཡང་ལས་ཟད་པ་མ་ཡིན་ཏེ། བཤགས་པ་ལ་སོགས་པ་ཟད་པར་བྱེད་པ་རྣམས་ཉིད་ཀྱང་ལུང་མ་གཏོགས་པར་རྟོགས་པ་མ་ཡིན་ཏེ། སྲེད་པ་ཕྲ་མོ་ཡང་ལས་ཡོད་ན་ཡོད་པ་ཁོ་ན་དེའི་རྒྱུ་ཡིན་པའི་ཕྱིར་ལས་ལས་སྐྱེས་པ་ཕུ་རོན་ལ་སོགས་པའི་འདོད་ཆགས་དང་། སྦྲུལ་ལ་སོགས་པའི་ཞེ་སྡང་དང་། ཕག་ལ་སོགས་པའི་གཏི་མུག་ཡིན་པའི་ཕྱིར་འཁོར་བ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ་བསྟན་པ་ནི། ལས་ལས་ངེས་པ་མ་ཡིན་ཏེ། འོན་ཀྱང་ཚུལ་བཞིན་མ་ཡིན་ པ་ཡིད་ལ་བྱེད་པ་བདག་དང་བདག་གིར་འཛིན་པར་མངོན་པར་འདོད་པ་ལས་ཡིན་ནོ། །ཉེས་པ་རྣམས་ཁོ་ན་ལས་ཀྱི་རྒྱུ་ཡིན་པར་བསྟན