Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 180
Văn bản gốc(Tây Tạng)
Trang 2 / 25 (50.000 ký tự/trang)
ེ། མ་བཟུང་བས་ནི་དེ་ལ་འཇུག་པ་མ་ཡིན་པས། དེ་བཟུང་བའི་དོན་དུ་དང་པོར་དོན་བཟུང་བ་ཡོད་ན་ དེ་ཉིད་ལས་འཇུག་པར་འགྱུར་རོ། །འོན་ཏེ་དོན་འདི་ཉིད་ཅེས་ངེས་པ་མེད་ན་དེས་ནི་དེ་འཛིན་པ་ལ་ལྟོས་པ་ཡིན་གྱི། ཕན་ཚུན་རྟེན་པར་ཐལ་བར་འགྱུར་བ་ནི་མ་ཡིན་ནོ། །མ་འཁྲུལ་བ་ཅན་ཉིད་བཟུང་བ་ལས་དོན་བཟུང་བ་ཡིན་ལ། དེ་བཟུང་བ་ལས་ཀྱང་མ་འཁྲུལ་པ་ཅན་ཉིད་བཟུང་བ་ ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་སྐྱོན་རྣམས་ཀྱིས་སྐྱོན་ཅན་ཡིན་པའི་ཕྱིར་སླུ་བ་མེད་པ་ཅན་ཉིད་ཚད་མ་ཉིད་དུ་མི་རིགས་སོ། །གནོད་པ་མེད་པའི་རྟོགས་པ་ཉིད་ནི་རིགས་པ་ཡིན་ཏེ། སྐྱོན་ཅན་མ་ཡིན་པའི་ཕྱིར་རོ། །དེ་ཡང་ཤེས་པ་སྐྱེས་པའི་དུས་སུ་གནོད་པ་ཅན་མ་བྱུང་བར་ངེས་པ་ནི་ འཇུག་པའི་ཡན་ལག་ཡིན་ནོ། །དེ་ཡང་སྐྱོན་མེད་པར་གོ་བར་མཚུངས་པར་ཤེས་པའི་ཕྱིར་རོ། །མཚུངས་པར་གོ་བ་ནི་གནོད་པ་མེད་པར་རྟོགས་པ་ཡིན་ནོ་ཞེ་ན། འདི་ལ་མི་སླུ་བ་དོན་དུ་གཉེར་བ་ཞེས་སྨོས་ཏེ། འཇིག་རྟེན་པའི་དོན་གྱི་ཐ་སྙད་ཀྱི་ཡན་ལག་ལ་ནི་སྐྱོན་ཡོད་པ་སྲིད་ཀྱང་། དོར་བའི་ཡན་ལག་མ་ཡིན་ཏེ། ཐ་སྙད་ཆད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྐྱོན་རྣམས་ལ་ཡང་ལན་གད་བ་པ་ནི། ཐ་སྙད་ཀྱང་དཔྱད་པར་བྱ་བ་ཡིན་ཏེ། གནོད་པ་མེད་པ་ཉིད་ལ་དོན་དུ་གཉེར་བའི་སྐྱེས་བུ་འཇུག་པ་ནི་མ་ཡིན་ཏེ། དེ་ནི་སྐྱེས་བུའི་དོན་མ་ཡིན་པའི་ཕྱིར་ཏེ་ཤེས་པ་ སྐྱེས་པའི་དུས་ཉིད་དུ་ཐོབ་པའི་ཕྱིར་རོ། །འོན་ཏེ་གནོད་པ་མེད་པ་ཉིད་དུ་འགྱུར་བ་དོན་དུ་གཉེར་བ་ཡིན་པ་དེ་ལྟ་ན་ནི། སྔར་མ་རྟོགས་པ་ཇི་ལྟར་འཇུག་པའི་ཡན་ལག་ཡིན། དེས་ན་དེ་བཞིན་དུ་སྐྱོན་གནས་སོ། །དེའི་ཕྱིར་འཇིག་རྟེན་ནི་སྐྱེས་བུའི་དོན་དུ་གཉེར་བས་འཇུག་པ་ཡིན་པའི་ཕྱིར་ རོ། །འཇིག་རྟེན་པ་ནི་དེ་དང་འབྲེལ་པ་ཅན་ཉིད་ཡིན་གྱི། གནོད་པ་མེད་པ་ཅན་ཉིད་མ་ཡིན་ནོ་སྙམ་དུ་དགོངས་པའོ། །དེའི་ཕྱིར། མི་བསླུ་ཡོན་ཏན་རྣམ་ཤེས་ལ། །ལྷག་པར་མངོན་འདོད་སུ་ཞིག་ཡིན། །དེ་ལ་དང་པོའི་རག་ལས་པར། །གང་གི་སྟོབས་ཀྱིས་འགྱུར་བ་ ཡིན། །ཞེས་བྱ་བས་གསལ་བ་ཡིན་ནོ། །དེ་ལྟར་ནི་འགྱུར་ན། འཇིག་རྟེན་ན་དམ་བཅས་པའི་དོན་དང་ཕྲད་པར་བྱེད་པ་ལ་ནི་མི་བསླུ་བ་ཡིན་གྱི་དམ་བཅས་པ་ཙམ་ནི་མ་ཡིན་ནོ། །དེ་བཞིན་དུ་ཤེས་པ་ཡང་བདག་ཉིད་དུ་འགྱུར་བའམ། གཞན་ལ་ཡང་རུང་བའི་འཇུག་པའི་ཡུལ་ གྱི་དོན་ཉེ་བར་བསྟན་པ་དང་ཕྲད་པར་བྱེད་པ་ནི་མི་བསླུ་བ་ཅན་ཡིན་གྱི་ཤེས་པ་ཙམ་ནི་མ་ཡིན་ནོ། །དེ་ཡང་འཇུག་པར་བྱེད་པ་ན་ཞེས་སྨོས་པའོ། །འཇུག་པའི་ཡུལ་ནི་སྲེག་པ་ལ་སོགས་པའི་དོན་བྱེད་པ་ཅན་གྱི་ཤེས་པའི་ཡུལ་ཡིན་གྱི། སྐད་ཅིག་གམ་སྒྲོ་བཏགས་པ་ཡང་རུང་བས་ཤེས་ པས་བཟུང་བ་ནི་མ་ཡིན་པའི་ཕྱིར་འཇུག་པའི་ཡུལ་ཇི་ལྟར་ཡུལ་ཡིན། བདེན་ཏེ་སྔ་མ་དང་ཕྱི་མའི་སྐད་ཅིག་དག་གཅིག་པ་ཉིད་དུ་ཞེན་པ་ཉིད་ཀྱིས་འཇུག་པའི་ཡུལ་འཛིན་པ་ཡིན་ཏེ། དེ་ཡང་ཡོངས་སུ་བཅད་ནས་ཞེས་སྨོས་པའོ། །དེ་ལྟར་ཡང་མེ་ལ་སྦྱིན་སྲེག་བྱས་པས་མཐོ་རིས་ ཐོབ་པར་འགྱུར་རོ་ཞེས་བྱ་བའི་རིག་བྱེད་ལས་བྱུང་བའི་ཤེས་པ་དང་། དུང་ལ་སེར་པོ་ལ་སོགས་པའི་ཡུལ་ཅན་གྱི་ཤེས་པ་ཙམ་ཚད་མ་ཡིན་པར་སྨྲས་པར་འགྱུར་རོ། །འཇུག་པའི་ཡུལ་དུ་ཉེ་བར་བསྟན་པ་དེ་དང་ཕྲད་པར་བྱེད་པ་ནི་མ་ཡིན་ཏེ། ཐེ་ཚོམ་ལས་དང་མ་ཡིན་པ་ལས་ཀྱང་ངོ་། ། ཕྲད་པར་བྱེད་པ་ནི་ཚད་མ་ཡིན་ཏེ། ཡོངས་སུ་བཅད་པའི་ཡུལ་ལ་ཡང་འཇུག་པ་ན། ཕྲད་པར་སྣང་བའི་ཕྱིར་ཡོངས་སུ་གཅོད་པར་བྱེད་པ་ནི་འཇུག་པ་དང་ཕྲད་པ་དེ་དག་གི་རྒྱུ་མཚན་ཡིན་གྱི་གཞན་ལས་ནི་མ་ཡིན་པའི་ཕྱིར། ཡོངས་སུ་གཅོད་པའི་ངོ་བོ་ཉིད་ཁོ་ན་ཚད་མ་ཡིན་ནོ། ། དེ་ཉིད་ཀྱིས་ན་སྔ་རོལ་ཉིད་དུ་ཡོངས་སུ་བཅད་པ་ནི་རྒྱུ་ཡིན་ནོ། །དེ་ཉིད་ཀྱིས་ན་ཡོངས་སུ་བཅད་པ་ན་ཚད་མའི་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ཡང་དོན་རྟོགས་པ་ནི་འབྲས་བུ་ཡིན་ཞེས་བྱ་བས་བསྟན་ཏོ། །དེ་ལྟར་ཡང་མི་བསླུ་བ་ལ་སོགས་པའི་ ཤེས་པ་གཞན་ལ་ལྟོས་པ་ཉིད་མ་ཡིན་པར་བསྟན་པ་ཡིན་ཏེ། གང་གི་ཕྱིར་དེ་ཉིད་ཀྱིས་ཕྲད་པའི་བར་གྱི་དོན་རྟོགས་པ་ཡིན་ནོ། །མི་བསླུ་བའི་ཤེས་པས་ནི་དགོས་པ་མེད་དེ་བྱེ་བྲག་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཡུལ་ཡོངས་སུ་གཅོད་པ་ན་ཚད་མའི་བྱ་བ་རྫོགས་པ་ཡིན་ལ། རང་ཉིད་ཀྱིས་རྟོགས་པ་ལ་གཞན་ཡང་ཡིན་ནམ་ཞེས་བྱ་བར་ཕྱིས་བྱུང་བ་ཡིན་པར་ཐེ་ཚོམ་ཟ་བས་དེ་ལ་གནོད་པར་བྱེད་པ་མ་ཡིན་ནོ། །དེས་ན་ཕྱི་རོལ་དུ་གྱུར་པའི་ཕྱིར་དང་། རྣམ་གྲངས་ཀྱིས་ངེས་པར་འཛིན་པའི་ཕྱིར་ཡང་ངོ་། །དེ་ཡང་དེ་དང་ལྡན་པ་རྣམས་དེ་ས་བསྡུས་པའི་ཕྱིར་ངེས་པར་རྟོག་ པ་ཡང་ཡིན་ཞེས་གསུངས་པ་དང་། ཡང་གང་དང་གང་རབ་ཏུ་དབྱེ་བ་ཡོད་པ་དག་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ལ། དེ་དག་གིས་ནི་དངོས་པོ་ཐམས་ཅད་བསྡུས་པའི་ཕྱིར་དང་། དེ་དག་གཅིག་པར་ཡང་ངེས་པ་མེད་པའི་ཕྱིར་ལ། དེའི་ཕྱིར་ཐེ་ཚོམ་གྱི་ཡན་ལག་ཡིན་ནོ། །གལ་ཏེ་དེ་ཡང་ཕུང་པོ་གཞན་ དུ་འགྱུར་བ་དེ་ལྟ་ན་ཡང་བདག་མེད་པ་ཉིད་མེད་ནས་ངེས་པར་བདག་དང་བཅས་པ་ཉིད་དུ་འགྱུར་གྲང་ན། རྣམ་པ་གཞན་དུ་འགྱུར་བ་ཡང་སྲིད་པའི་ཕྱིར་ངེས་པ་མེད་པར་འགྱུར་རོ། །གཉིས་པོ་དག་ལས་ཀྱང་རྣམ་པ་གཅིག་ཏུ་ངེས་པ་མེད་པར་མཐོང་ན་ཐེ་ཚོམ་དུ་འགྱུར་གྱི། གཞན་དུ་ན་ནི་མ་ རྟོགས་པ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་མེ་མཐོང་བར་ངེས་ན་གཞན་དུ་མཐོང་བའི་ཕྱིར་ཐེ་ཚོམ་གྱིས་ཚད་མའི་བྱད་པར་ངེས་པ་ལ་གནོད་པར་བྱེད་པ་མ་ཡིན་ཏེ། དེ་ལ་གནོད་པ་ཡིན་ན་རང་ཉིད་མེད་པར་འགྱུར་རོ། །དེ་ཡང་འདིར་བྱུང་བ་གང་གི་ཕྱིར་ཞེས་ལྡོག་པར་འགྱུར། དེའི་ཕྱིར་དེ་ ཙམ་ནི་གཞན་ལ་ལྟོས་པའི་ཚད་མ་ཡིན་གྱི། རང་གི་ཡུལ་ལ་ངེས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་བསམ་པས་འཕངས་པས་མི་སླུ་བ་ཅན་ཉིད་དེའི་ཞེས་ཟེར་བ་ལ་འདི་ལ་ལན་དུ། ཤེས་པའི་རང་གི་ངོ་བོ་ཉིད། །ཅེས་བྱ་བ་སྟེ། སྔོན་པོའི་ཤེས་པ་ནི་སྔོན་པོའི་རང་གི་ངོ་བོ་ཡིན་ལ། དེ་རྟོགས་ པ་ཡང་དེ་ལ་ཚད་མ་མ་ཡིན་ཏེ། དུང་ལ་སེར་པོའི་ཤེས་པ་ཡང་དེ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དུང་ལ་སེར་པོའི་ཤེས་པ་ལ་ཕྲད་པར་བྱ་བ་མེད་པའི་ཕྱིར། དེ་རྟོགས་པ་མ་ཡིན་ཞེས་བྱ་བ་ནི་མི་རིགས་ཏེ། ཅིག་ཤོས་ལ་ཡང་མཚུངས་པའི་ཕྱིར་རོ། །གཅིག་པར་ཞེན་པར་བྱེད་པ་ ནི་སེར་པོའི་ཤེས་པ་ལ་ཡང་མཚུངས་སོ། །དེ་ལྟར་ཞེན་པས་ཕྲད་པར་བྱ་བའི་སེར་པོ་མེད་པའི་ཕྱིར་དེར་འཁྲུལ་པ་ཡིན་ནོ། །གཞན་ལ་ནི་ཕྲད་པར་བྱ་བ་ཡོད་པའི་ཕྱིར་ཚད་མ་ཡིན་ནོ། །འདི་ལ་ཡང་ཕྲད་པར་བྱ་བ་ཡོད་པའི་ཚད་མ་ཅི་ཞིག་ཡོད། ཞེན་པས་ཡིན་ནོ། །འདི་ནི་གཞན་ ལ་ཡང་མཚུངས་སོ། །དེ་ལ་མེད་པར་ཤེས་པ་གཞན་གྱིས་དུས་ཕྱིས་རྟོགས་པ་ཡིན་ནོ། །འདི་ལ་ཡང་དེར་ཞེན་པ་ཕྲད་པར་བྱ་བ་མེད་པར་ཡང་མཐོང་བའི་ཕྱིར། ཡོད་པ་དང་མེད་པར་ཞེན་པ་ཐུན་མོང་མ་ཡིན་པའི་ཕྱིར་ཐེ་ཚོམ་ཡིན་ནོ། །དེ་ནི་ངེས་པ་དང་འགལ་བ་ཅན་མ་ཡིན་ཏེ། རིམ་ གྱིས་ངེས་པའི་ངོ་བོ་མཐོང་བའི་ཕྱིར་རོ། །ཐེ་ཚོམ་དང་ངེས་པ་དག་ཏུ་མི་འགལ་ཞེས་ཟེར་བའི་ཤེས་རབ་མ་ནོར་བ་ཅན་གྱི་བཙུན་པ་ཉོན་མོངས་སོ། །ཐེ་ཚོམ་ལ་ཡང་ཡོད་པ་ཉིད་དམ་མེད་པ་ཉིད་དུ་ངེས་པ་ཡིན་པ་འདི་ལ་འཇིག་རྟེན་ཤིན་ཏུ་གཅོད་པར་བྱེད་པ་ཡིན་ཏེ། འཇིག་རྟེན་ནི་ངེས་པ་ མ་བཟུང་བའི་བདག་ཉིད་ཅན་གྱི་ཤེས་པ་ལ་ཐེ་ཚོམ་ཞེས་ཟེར་ཏེ། སྡོང་དུམ་མམ་མེ་ཞེས་བྱ་བའི་ངེས་པ་མ་བཟུང་བའི་ཕྱོགས་གཉིས་ཀྱི་སྣང་བ་ལས་ཐེ་ཚོམ་ཟ་བའི་ལམ་གྱི་སྒྲས་བརྡར་བྱས་པའི་དོན་ནི་མ་ངེས་པ་ལ་མངོན་པར་དཔྱོད་པ་ཡིན་ཏེ། ཤེས་པ་གཉིས་པོ་དེ་དག་རིམ་གྱིས་སྐྱེ་ བའམ། རིམ་པ་ལས་གཞན་པར་སྐྱེ་ཡང་རུང་བའི་ཤེས་པ་ནི་རིམ་གྱིས་དངོས་པོ་གཉིས་སུ་མ་ངེས་པ་ལ་དཔྱོད་པ་ཡིན་པའི་ཕྱིར། མཐོང་བ་ངེས་པ་ཅན་མ་ཡིན་ཏེ། རིམ་གྱིས་སམ་གཞན་དུ་ཡང་རུང་སྟེ་ཐེ་ཚོམ་ཞེས་བྱའོ། །རིམ་པ་དང་རིམ་པ་མ་ཡིན་པར་འབྱུང་བར་ངེས་པའི་ སྔོན་པོ་ལ་སོགས་པའི་རིགས་པ་རྣམས་ནི་ཐེ་ཚོམ་ཉིད་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་ཕྲད་པར་བྱ་བ་སྔོན་པོར་ཞེན་པའི་ངེས་པའི་རྒྱུ་མེད་པའི་ཕྱིར། ཆ་ཤས་གཅིག་པར་ཞེན་པ་ཡང་རིག་བྱེད་བཞིན་དུ་གཞན་པ་ཉིད་དུ་དོགས་པ་མ་བསལ་བའི་ཕྱིར་ཐེ་ཚོམ་ཉིད་ཡིན་པས་རང་ཉིད་ལས་ཚད་མ་མ་ ཡིན་ནོ། །དེ་ལྟ་ཡིན་ན་ཇི་ལྟར་འཇུག་པར་འགྱུར། ཚད་མ་མ་ཡིན་པ་ཉིད་ཀྱི་ཕྱིར། ཞུགས་ནས་ཀྱང་ཤེས་པ་གཞན་ཉིད་ཀྱིས་ངེས་པར་རྟོགས་པ་ཡིན་གྱི། སྔ་མ་ཉིད་ནི་དེ་ལ་ཚད་མ་མ་ཡིན་ནོ། །སྔ་མས་ཀྱང་ཡུལ་གྱི་ངེས་པ་མ་བཟུང་ལ། ཤེས་པ་ཕྱི་ མའི་དུས་སུ་ཡང་རང་བཞིན་མི་འདོར་བས་ཡུལ་ངེས་པ་ཅན་དུ་མི་འགྱུར་རོ། །ཐེ་ཚོམ་ནི་ཕྱིས་ངེས་པ་དང་ཕྲད་པ་ཅན་བཟུང་བར་འདོད་པ་མ་ཡིན་ནོ། །དེའི་ཕྱིར་གང་དང་གང་གི་འབྲེལ་པ་འཛིན་པ་ཡིན། དུས་ཀྱིས་ཀྱང་དེ་དང་འདྲ་བ་མཐོང་བ་ལས་འཇུག་པ་ཇི་ལྟར་འགྱུར་བ་ཡིན། སྔོན་རོལ་ དུ་ངེས་པ་བཟུང་བ་ཡིན་ན་དེ་དག་གི་འབྲེལ་པ་འཛིན་པས་དེ་དང་མཚུངས་པའི་རྗེས་སུ་དཔག་པས་འཇུག་པ་ཐམས་ཅད་མཚུངས་པ་ཡིན་ནོ། །བདེན་ཏེ། ཕྱི་མ་འབའ་ཞིག་ཉིད་ནི་དེའི་ཚེ་དོན་མེད་ན་མི་འབྱུང་བ་ཉིད་ཀྱིས་གཟུང་བ་ཡིན་གྱི། སྔར་གྱི་ནི་མ་ཡིན་པའི་ཕྱིར་སྐྱོན་མེད་དོ། །དེ་ དང་ལྡན་པ་རྣམས་དེས་བསྡུས་པའི་ཕྱིར་ཞེས་ཀྱང་གང་སྨྲས་པ་ལ་ཕུང་པོ་གཞན་མེད་པར་བསྟན་པས་ཐེ་ཚོམ་གྱི་ཡུལ་དག་གི་གཅིག་མེད་ན་ཅིག་ཤོས་མ་ཡིན་ཞེས་བྱ་བ་ནི་དོན་གྱི་ངེས་པའོ། །ཕུང་པོ་གཞན་ཉིད་ཡོད་ན་ནི་དེ་ལྟར་མི་འགྱུར་རོ་ཞེས་བསྟན་པའི་དོན་དུ་སྟེ། དེ་ལྟར་མ་ ངེས་པ་འཛིན་པ་ལ་ཐེ་ཚོམ་ཟ་བར་རིག་པ་ཡིན་ནོ། །དེ་ཡང་གནས་མ་ཡིན་པ་ལ་མངོན་པར་ཞེན་པ་ཙམ་སྟེ། ཕུང་པོ་གཞན་མེད་པར་བསྟན་པ་ན་ཐེ་ཚོམ་གྱི་ཡན་ལག་ཡིན་གྱི། ངེས་པའི་ཡན་ལག་ནི་མ་ཡིན་ནོ། །དེ་སྐད་དུ་ཡང་། ཚད་མ་རྣམ་པར་ངེས་པ་ལས། བདག་ཡོད་པ་ དང་རྣམ་པར་བཅད་པ་དག་གིས་ཐམས་ཅད་བསྡུས་པའི་ཕྱིར། ཐམས་ཅད་ཁོངས་སུ་གཏོགས་པ་མ་ཡིན་པར་མི་རིགས་ཏེ། ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་ཀྱང་སྨོས་སོ། །ཕུང་པོ་གཞན་མེད་པའི་ཕྱིར་མ་རྟོགས་པ་ཡིན་ནོ། །དེ་ཡང་རྟོགས་པ་ནི་གཉི་ག་རྟོགས་པ་མ་ཡིན་ཏེ། ཐེ་ཚོམ་གྱི་ངོ་བོ་ཉིད་ཀྱི་ཕྱིར་ཏེ། དེ་གཉི་ག་ལས་ཕྱི་རོལ་དུ་གྱུར་པ་ཡིན་ན་ཇི་ལྟར་དེའི་ཁོངས་སུ་གཏོགས་པ་ཡིན་ཞེས་གསུངས་པའོ། །དེ་བསྟན་པ་ནི་གཉི་ག་ལས་ཕྱི་རོལ་དུ་གྱུར་པ་ནི་མེད་པར་ཤེས་པར་བྱ་སྟེ། དེ་མེད་པའམ་གཉི་གའི་ངོ་བོར་ཐེ་ཚོམ་ཟ་བ་ཡིན་ལ། དེ་དག་ ལས་གཅིག་མེད་པར་ངེས་པ་ཡིན་གྱི། ཡུལ་གྱི་ངེས་པ་མ་བཟུང་བའི་ཐེ་ཚོམ་གྱི་ཤེས་པ་ཉིད་ནི་གཅིག་གི་ངོ་བོ་ལ་ངེས་པར་མི་འགྱུར་ཏེ། དེ་མ་གཏོགས་པ་ཉིད་ནི་ཕུང་པོ་གཞན་མེད་པ་ལ་ཐེ་ཚོམ་དུ་འགྱུར་བར་ཐལ་བར་འགྱུར་བའི་ཕྱིར་རོ། །འགལ་བའི་ཕྱིར་མ་ཡིན་ནོ་ཞེ་ན། ཐེ་ཚོམ་ ཟ་བ་ལ་ཡང་མཚུངས་སོ། །དེ་བས་ན་དངོས་པོ་གཅིག་ལ་ངེས་པའི་ཕྱིར་ཤེས་པ་གཞན་ཡིན་པར་བསྟན་གྱི་ཐེ་ཚོམ་ཉིད་ནི་མ་ཡིན་ནོ། །ཕྱི་མ་ཉིད་ནི་དོན་མེད་ན་ནི་འབྱུང་བའི་ཕྱིར་ཚད་མ་ཡིན་གྱི་སྔ་མ་ནི་མ་ཡིན་ནོ། །དེ་ཡང་མ་ཡིན་ཏེ་སྔ་མ་བཞིན་དུ་ཕྱི་མ་ཡང་གཅིག་པ་ཉིད་དུ་ཞེན་པ་ ཅན་ཡིན་ཡང་། ངེས་པ་ཅན་མ་ཡིན་པས་གཞན་པ་ཉིད་དུ་རྟོགས་པ་ཉིད་མ་བསལ་བ་ཡིན་ནོ། །འདི་ལ་སྔ་མ་ལས་བྱེ་བྲག་ཅི་ཞིག་ཡོད། རབ་རིབ་ཅན་གྱི་ཡང་ཕྱི་མ་ལ་ཚད་མར་ཐལ་བར་འགྱུར་ཏེ། དེ་ལ་ཡང་། གཅིག་ལ་ཤེས་པ་གཉིས་ཚད་མ་མ་ཡིན་པར་མི་རིགས་སོ་ཞེས་བྱ་བ་ལ་ སོགས་པ་ལ་ཡང་ཕན་ཚུན་རྟེན་པ་དང་། ཐུག་པ་མེད་པ་ལ་སོགས་སྔ་མ་དང་མཚུངས་སོ། །དེ་ལྟ་ཡིན་ན་མི་སླུ་བ་ཉིད་ཇི་ལྟར་ཡིན། སྨྲས་པ། སྲེག་པ་ལ་སོགས་པར་གཏོགས་པ་ནི་སྐྱེས་བུའི་དོན་ཡིན་ལ། རང་གི་ངོ་བོས་ནི་དེ་ཉིད་ཀྱང་ཕྲད་པར་བྱ་བ་ཡིན་ཏེ། དེའི་དོན་དུ་ཡང་སྐྱེས་བུ་ འཇུག་པ་ཡིན་གྱི། ཕྲད་པར་འདོད་པའི་ཕྱིར་དེ་ལས་ཕྱི་མ་ཚོལ་བ་ནི་མ་ཡིན་ནོ། །དེ་དང་མ་ཕྲད་པ་ཡིན་ན་དེ་འདོད་པས་དེའི་ཐབས་དོན་དུ་གཉེར་བ་ཡིན་ནོ། །ཤེས་པ་སྔ་མ་ནི་རང་གི་ངོ་བོ་རྟོགས་པ་ཡིན་ཡང་ཕྱི་མའི་ཐབས་ཉིད་དོན་དུ་གཉེར་བར་བྱེད་པ་ཡིན་གྱི་རང་གི་ངོ་བོ་ནི་མ་ཡིན་ཏེ། སྐྱེས་བུའི་དོན་མ་ཡིན་པའི་ཕྱིར་ལ། འདིའི་རང་གི་ངོ་བོ་ནི་དུ་བ་དང་འདྲ་བ་ངེས་པ་ཡིན་ནོ། །དེའི་ཐབས་ཉིད་ནི་གོམས་པ་མེད་ན་དུ་བ་ཁོ་ན་བཞིན་དུ་གཞན་ལས་ངེས་པར་བྱ་བ་ཡིན་ལ། གོམས་པ་ཡིན་ན་ནི་དེ་ཉིད་ཁོ་ན་ལས་སོ། །དེའི་འབྲས་བུ་ཡིན་པར་ཕྱིར་དེ་དང་གཅིག་པ་ ཉིད་དུ་ཞེན་པ་ས་དེ་དང་ཡུལ་མཚུངས་པ་ཉིད་དམ། དེ་སྔ་མའི་ཡུལ་ཉིད་ཡིན་ཡང་རུང་། དུང་ལ་སེར་པོའི་ཤེས་པ་ནི་ཕྲད་པར་བྱ་བའི་ཐབས་ཉིད་དམ། དེ་དང་གཅིག་པ་ཉིད་དུ་ངེས་པར་བྱེད་པ་ཉིད་མ་ཡིན་ཏེ། རང་གི་ངོ་བོ་ཙམ་ནི་མེ་མཐོང་བ་པོ་ལ་དུ་བ་ལ་ངེས་པ་ལྟ་བུར་ངེས་པར་ བྱེད་པ་མ་ཡིན་ནོ། །དེས་ན་ཚད་མ་མ་ཡིན་པ་དང་ཐུན་མོང་མ་ཡིན་པའི་ཕྱིར་དང་། ངེས་པ་སྐྱེས་པའི་ཕྱིར་ཐེ་ཚོམ་ཟ་བ་མ་ཡིན་ཏེ། མེའི་ཤེས་པ་ལྟ་བུའོ། །རང་གི་ངོ་བོ་ནི་དང་པོ་མངོན་སུམ་གྱིས་ངེས་པ་དང་གོམས་པ་ཡང་ཡོད་པ་ལས་དེ་དང་འབྲེལ་པ་ཅན་ཉིད་ དམ། དེ་ཉིད་ལ་ངེས་པར་བྱེད་པའི་ཕྱིར་མངོན་སུམ་ཚད་མ་ཡིན་ནོ། །སྔ་མ་ནི་གོམས་པ་མེད་པ་ལ་ཡང་གི་ངོ་བོ་ངེས་པ་ཡིན་ཏེ། ཕྲད་པར་བྱ་བ་ལ་ཐེ་ཚོམ་ཟ་བ་ནི་དེ་རྟོགས་ན་ཕྲད་པར་བྱ་བ་ལ་ཐེ་ཚོམ་ཟ་བ་ལྡོག་པ་ཡིན་ལ། དེ་ལོག་ན་རང་གི་ངོ་བོ་ལ་ངེས་པ་ཡིན་ཏེ། ཕྲད་པར་བྱ་བ་རྟོགས་ པ་དང་འབྲེལ་པ་ཅན་ཉིད་ཀྱིས་ངེས་པར་བྱེད་དོ། །དོན་འཛིན་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་ཏེ། ཚད་མ་མ་ཡིན་ཡང་ཤེས་པའི་ངོ་བོ་ཡིན་པའི་ཕྱིར། ཕྱི་མ་ཡང་སྔ་མ་ལས་བྱེ་བྲག་མེད་པའི་ཕྱིར་འབྲེལ་པ་རིག་པ་མ་ཡིན་ནོ། །དེའི་ཕྱིར་ཡང་དོན་བྱེད་པའི་བྱེད་པ་པོ་ཉིད་མ་ཡིན་མོད་ཀྱི། འོན་ཀྱང་གྲུབ་པ་སྟེ་བདག་ཉིད་ཐོབ་པ་ལ་མི་བསླུ་བའོ། །དེ་དང་འབྲེལ་པ་ཅན་སྔ་མ་ཚད་མ་ཡིན་ཏེ། ཕྲད་པར་བྱེད་པ་སྐྱེད་པར་བྱེད་པའི་ངོ་བོའི་དེ་ཁོ་ན་ཉིད་དུ་རྟོགས་པ་དེ་འབྲས་བུ་སྟེ། དོན་རྟོགས་པ་ནི་འབྲས་བུའོ་ཞེས་གང་གསུངས་པའོ། །དེ་ལྟར་ཡང་དེ་ལ་མ་འཁྲུལ་པ་ཅན་གྱི་ངོ་ བོ་དེ་ཉིད་ཀྱིས་རྟོགས་པར་བྱེད་པའི་ཕྱིར་ཏེ། དེ་ཉིད་ཀྱིས་དེ་ལྟར་རྟོགས་པ་ནི་ཚད་མ་ཉིད་ཡིན་གྱི་དེ་ཉིད་ཀྱི་རྒྱུ་ནི་མ་ཡིན་ཏེ། མེའི་དེ་མ་ཐག་པའི་དུ་བའི་ཤེས་པ་ནི་མེའི་ཤེས་པ་ཡིན་པ་དེ་བཞིན་དུ་ཕྲད་པར་བྱ་བ་ལ་མ་འཁྲུལ་པ་ཅན་ཉིད་ཀྱི་ཤེས་པ་ནི་ཕྲད་པར་བྱ་བའི་ཤེས་པ་ཡིན་ཏེ། མ་འཁྲུལ་ པ་ཅན་ཉིད་རྟོགས་པ་པོ་ཚད་མ་ཡིན་གྱི། རྟོགས་པར་བྱེད་པ་པོ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདིའི་དོན་དང་འདྲ་བ་ནི་ཚད་མ་ཉིད་ཡིན་ནོ་ཞེས་གསུངས་པའོ། །ཕྲད་པར་བྱ་བ་དང་འདྲ་བ་ཕྲད་པར་བྱ་བ་ལ་མ་འཁྲུལ་པ་ཅན་གྱི་ངོ་བོ་ཉིད་ཀྱི་ཡུལ་ངེས་པ་ཡིན་ནོ་ ཞེས་བྱ་བའི་དོན་ཏོ། །དེ་རྟོགས་པ་ཉིད་ནི་ཕྲད་པར་བྱ་བ་རྟོགས་པ་ཡིན་ལ། རྟོགས་པ་ཡོད་ན་འཇུག་པ་ཡིན་ཏེ། རྟོགས་པ་དང་འཇུག་པ་དག་ནི་རྒྱུ་དང་རྒྱུ་ཅན་ཡིན་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ཕྱོགས་འདི་ལ་རིགས་པ་ཡིན་གྱི། ཁྱེད་ཀྱི་ཕྱོགས་ལ་ནི་མ་ཡིན་ཏེ། དེ་མི་སྲིད་པའི་ཕྱིར་རོ། །དོན་ཡང་སོ་སོར་སྣང་བ་མ་ཡིན་ནམ། བདེན་ཏེ། དེ་ལ་ངེས་པའི་རྒྱུ་མེད་པའི་ཕྱིར་ཐེ་ཚོམ་ཅན་ཡིན་ནོ། །དེ་དེ་ལྟ་ཡིན་ན་རང་གི་ངོ་བོའི་ཕྱོགས་ལ་ཡང་མཚུངས་པ་ཡིན་ནོ། །མཚུངས་པ་མ་ཡིན་ཏེ། དེ་ནི་རང་ཉིད་རིགས་པས་ངེས་པ་ཅན་ཡིན་པའི་ཕྱིར་རོ། ། འདི་ལ་ཡང་དོན་ལ་ངེས་པའི་དུས་ཕྱིས་སྐྱེས་པའི་ཐེ་ཚོམ་ནི་དེ་དང་འགལ་བ་ཅན་མ་ཡིན་ནོ། །དེ་ལྟ་ན་ནི་སྒྲ་ལས་བྱུང་བ་ཡང་ངེས་པའི་དུས་ཕྱིས་དེ་དང་འགལ་བ་ཅན་མ་ཡིན་པར་འགྱུར་རོ། །དེ་ཉིད་ནི་ངེས་པའི་རྒྱུ་མཚན་ཅན་མ་སྐྱེས་པའི་ཕྱིར་གཞན་ཉིད་དུ་ཐེ་ཚོམ་ཟ་བ་མ་བསལ་བ་ཡིན་ནོ། ། དེ་ནི་འདི་ལ་ཡང་མཚུངས་སོ། །དེ་བཞིན་དུ་ཕྱི་མ་ལ་ཡང་བཤད་པར་བྱའོ། །ཤེས་པ་ཕྱི་མ་ནི་དོན་ལ་ངེས་པར་བྱེད་པ་ཅན་ཡིན་ཏེ། དེ་མ་ཐག་ཏུ་དོན་བྱེད་པ་བསྐྱེད་པའི་ཕྱིར། དོན་ལ་ནུས་པ་ཅན་གྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །མ་ཡིན་ཏེ། དེའི་ཚེ་ནུས་པ་མི་ཤེས་པའི་ཕྱིར་ཏེ། གཟུགས་ཉིད་མཐོང་བ་ན་ངེས་པ་སྐྱེས་པ་མ་ཡིན་ཏེ། སྔ་མ་བཞིན་དུ་ཐེ་ཚོམ་ཟ་བ་ཡིན་ནོ། །དོན་བྱེད་པའི་ཤེས་པ་ནི་དོན་དང་དོན་བྱེད་པ་ཡང་རིག་པ་ཡིན་ཞེས་བྱ་བ་ནི་མི་རིགས་ཏེ། ཅིག་ཅར་བ་མ་ཡིན་པའི་ཕྱིར་ཏེ། རིམ་པ་མེད་པ་ལ་རིམ་པ་དང་ལྡན་པར་རིགས་པ་ནི་མི་རིགས་སོ། ། དོན་བྱེད་པ་དང་རྗེས་སུ་མཐུན་པ་ཙམ་འདོད་པ་ཡིན་པའི་ཕྱིར་དོན་ཡིན་ནོ། །བདེན་པ་དང་མི་བདེན་པ་འབྱེད་པར་བྱེད་ན་ནི་ཐུག་པ་མེད་པ་ལ་སོགས་པར་འགྱུར་རོ། །ངེས་པ་ཅན་ལས་སྐྱེས་པ་ཡང་གློ་བུར་དུ་དུ་བ་ལས་མེའི་ཤེས་པ་གང་ཡིན་པ་གང་འབྲེལ་པ་ངེས་པ་མེད་ན་ཚད་མ་མ་ཡིན་ ཏེ། དེ་ཡང་ཆེས་ངེས་པ་ཅན་མ་ཡིན་པ་ལས་བྱུང་བ་ཡིན་ནོ། །རྗེས་སུ་དཔག་པ་ལ་ནི་ངེས་པ་ཅན་ལས་སྐྱེས་པ་ཉིད་ལ་སོགས་པ་ངེས་པའི་རྒྱུ་མཚན་ཅན་གྱིས་མངོན་སུམ་ལ་ནི་མ་ཡིན་ཏེ། དེ་ནི་མཐོང་བ་ཉིད་ཀྱིས་དོན་ལ་ངེས་པ་ཡིན་ནོ། །དུང་ལ་སེར་པོ་ལ་སོགས་པ་ཤེས་པའི་ ཡང་མཐོང་བ་ཡོད་ལ། ངེས་པ་ཅན་ལས་སྐྱེས་པ་ཉིད་ལས་གཞན་པའི་བྱེ་བྲག་ནི་མེད་དོ། །དེ་ཡང་། དོན་མེད་ན་ནི་མི་འབྱུང་ཕྱིར། །མངོན་སུམ་ལ་ཡང་ཚད་མ་ཉིད། །ཅེས་གསུངས་པ་སྟེ། དོན་ནི་ཕྲད་པར་བྱ་བའོ། །དེའི་ཕྱིར་གང་ཞིག་ཕྲད་པར་བྱ་བ་མི་འཁྲུལ་བ་ཅན་ཉིད་ དུ་འཛིན་པ་དེ་ཚད་མ་ཡིན་གྱི། གཞན་ནི་ཚད་མ་མ་ཡིན་ཏེ། ཕྱི་རོལ་གྱི་དོན་དུ་སྨྲ་བ་བཞིན་དུ་རིགས་པས་བསྟན་པ་ལས་ཚད་མ་རྣམ་པར་གཞག་པ་ཅི་ཡང་མེད་པར་ངེས་པ་ཡིན་ནོ། །སྔོན་པོའི་ཤེས་པ་ནི་དོན་བྱེད་པའི་ཤེས་པ་ལ་སོགས་པ་བཞིན་དུ་སྔོན་ པོར་རྟོགས་པ་བྱེད་པ་མ་ཡིན་ནམ། དེ་ལས་གཞན་པ་རྣམ་པར་གཅོད་པར་བྱེད་པར་ཡང་མ་འདྲེས་པར་སོ་སོར་སྣང་བའི་ཕྱིར་རོ། །དེ་ཡང་དེ་ཡོངས་སུ་གཅོད་པར་བྱེད་ཅིང་དེ་ལས་གཞན་པ་རྣམ་པར་གཅོད་པར་བྱེད་པ་ཞེས་གསུངས་པའོ། །དེ་ལས་གཞན་པ་རྣམ་པར་གཅོད་པ་དང་ གཞན་ཉིད་ལ་ཐེ་ཚོམ་མེད་པ་ཅན་གྱི་ཡུལ་རྟོགས་པར་བྱེད་པ་ཡིན་ནོ། །རྟོགས་པར་བྱེད་པ་ཉིད་སྤྱིར་བཏང་བ་ཅན་གྱི་ཚད་མ་ཉིད་དམིགས་ཀྱིས་བསལ་བ་ཉིད་དང་འགལ་བ་ཅན་ཡིན་པས་གསལ་བའི་ཕྱིར་གཞན་ལས་ཚད་མ་ཉིད་ཡིན་ཞེས་ཟེར་ཏེ། དེ་ཡང་། དེ་ཕྱིར་རྟོགས་པའི་ བདག་ཉིད་ཅན། །གཉིས་ཀྱིས་རྟོགས་པ་ཚད་མར་འགྱུར། །གཞན་མིན་ཉིད་རྒྱུ་ལས་སྐྱེས་པའོ།། །སྐྱོན་ཤེས་པ་ལས་ངེས་བཟུང་བྱེད། །ཅེས་བསྟན་ཏོ། །དམིགས་ཀྱིས་བསལ་བ་མེད་ན་སྒྲུབ་པའི་ངོ་བོ་ཡིན་པའི་ཕྱིར་ཚད་མ་ཡིན་ནོ། །རྟོགས་པའི་སྤྱི་ནི་མ་ཡིན་ཏེ་ཐེ་ཚོམ་ཡིན་ཏེ་ འགལ་བ་ཅན་གྱིས་སྒྲུབ་པས་བསལ་བ་ཅན་ཡིན་པའི་ཕྱིར་རོ། །བསལ་བ་ཅན་ནི་ཡོད་པ་མ་ཡིན་ཏེ། རང་གི་ངོ་བོ་རིག་པ་ལ་ཡང་ཐལ་བར་འགྱུར་རོ། །སྨྲས་པ། ངེས་པ་ཅན་གྱི་རྒྱུ་མཚན་ལས་བྱུང་བའི་ཤེས་པ་ནི་རྗེས་སུ་དཔག་པ་བཞིན་དུ་འདི་ལྟ་བུ་ཡིན་གྱི། ཅིག་ཤོས་ཆ་ཤས་ གཅིག་ཏུ་ངེས་པ་ཅན་ཡང་དེ་ལྟ་བུ་མ་ཡིན་ནོ། །གང་ལ་ཐེ་ཚོམ་མམ་ཕྱིན་ཅི་ལོག་པ་ཡང་རང་ཉིད་སྐྱེས་པ་ཡིན་ན་དེ་འདི་ལྟ་བུ་ཡིན་གྱི་གཞན་ནི་མ་ཡིན་ནོ་མ་ཡིན་ཏེ། དེ་ལ་ཡང་བྱེ་བྲག་མ་མཐོང་ན་རང་ཉིད་ཁོ་ན་སྐྱེ་བའི་ཕྱིར་རོ། །བྱེ་བྲག་ཀྱང་འདིར་ངེས་པ་ཅན་ལས་སྐྱེས་པ་ཉིད་ཡིན་ལ། དེར་ ངེས་ན་ངེས་པ་ཡིན་ལ། དེ་ལ་མ་ངེས་ན་ཐེ་ཚོམ་ཟའམ་གཞན་ཡང་རུང་བ་ནི་རྣམ་པར་དབྱེ་བའོ། །དེས་ནི། མ་སྐྱེས་པ་ལའང་གནོད་པ་ཅན། །ཚོལ་བའི་རྨོངས་པ་གང་ཡིན་པ། །དེ་ནི་ཐ་སྙད་ཐམས་ཅད་ལ། །ཡིད་གཉིས་ངོ་བོས་ཟད་དེ་འགྲོ། །ཞེས་ཟེར་བ་དེ་བསལ་བ་ཡིན་ཏེ། གང་གི་ ཕྱིར་བྱེ་བྲག་ཏུ་མཐོང་བ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་གྱི་རྨོངས་པ་ནི་དེའི་རྒྱུ་མ་ཡིན་ཏེ་ཐལ་ཆེས་པའི་ཕྱིར་རོ། །སྡོང་དུམ་མམ་ཞེས་བྱ་བ་ལ་སོགས་པ་ཡང་བྱེ་བྲག་མ་མཐོང་བའི་རྒྱུ་ཉིད་ལས་བྱུང་བའི་ཐེ་ཚོམ་ཡིན་ནོ། །རིག་བྱེད་ལས་བྱུང་བའི་ཤེས་པ་ནི་ངེས་པ་ཅན་ལས་སྐྱེས་པ་ཉིད་དུ་ངེས་པ་མ་ཡིན་ནོ། ། འོན་ཏེ་ཚིག་རྣམས་དང་། དེའི་དོན་རྣམས་དང་། དེ་དང་འབྲེལ་པ་ཡང་བརྟག་པ་ཡིན་ཏེ། སྐྱེས་བུས་བྱས་པ་ཉིད་དུ་མི་དྲན་པའི་ཕྱིར་རོ། །བ་ལང་ལ་སོགས་པའི་སྒྲས་བརྗོད་པར་བྱ་བ་ལ་ཐེ་ཚོམ་ཟ་བ་ཡིན་ན། དེའི་བརྡའི་ཚིག་འཕེལ་བ་དང་། ཨ་ལས་ཨཻར་གྱུར་པ་དང་འདྲ་བར་དྲན་ པར་བྱེད་པ་ཡིན་ནོ། །བ་ལང་ཞེས་བྱ་བ་འདི་ལ་དོན་གང་ཡིན་ཞེས་ཐེ་ཚོམ་ཟ་བ་ལ་ལྐོག་ཤལ་ལ་སོགས་པའི་ཁྱད་པར་ཅན་གྱི་གཟུགས་ཅན་ཡིན་ནོ་ཞེས་སྨྲས་པ་ལ་སོགས་པ་དྲན་པར་བྱེད་པ་ཉིད་མ་ཡིན་ནམ། གསལ་བ་ལ་སོགས་པ་མཚན་ཉིད་མི་འདྲ་བའི་གཟུགས་ཅན་ནི་བརྗོད་པར་བྱ་ བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངག་ཉིད་ཀྱང་བརྡར་བྱེད་པ་པོ་ཡིན་ནོ། །དེ་ལ་དྲང་སྲོང་བ་ནི་ཡིན་ནོ་ཞེ་ན། གཞན་ལ་ཡང་རྒད་པོ་ཁ་ཅིག་དང་བྱེ་བྲག་མེད་དོ། །རང་བཞིན་ལས་བྱུང་བ་ལ་ནི་དོན་གྱི་འབྲེལ་པ་ཡོད་ན་དུ་བ་བཞིན་དུ་ཚིག་ལས་ཀྱང་མི་བསླུ་བར་འགྱུར་རོ། །བ་ལང་རྫིའི་ བུམ་པའི་དུ་བ་སླུ་བ་ཅན་ཡིན་པ་དེ་བཞིན་དུ། སོར་མོའི་རྩེ་མོ་ལ་སོགས་པའི་ཚིགས་ཀྱང་དེ་དག་ཙམ་གྱི་སྒྲ་ལས་བྱུང་བ་ཡང་ཚད་མ་མ་ཡིན་པ་མ་ཡིན་ཏེ། དུ་བ་གཞན་བཞིན་ནོ། །དུ་བ་གཞན་ནི་དོན་ལས་ངེས་པ་ཡིན་ནོ། །འདིར་ཡང་ཚིག་རྣམས་ནི་ཚིག་གི་དོན་རྣམས་ལ་ངེས་པ་ཡིན་ཏེ། རང་ཉིད་ཉེ་བ་ལས་དོན་ཉེ་བར་བྱེད་པ་ཡིན་ལ། དེ་ཉིད་ཀྱང་གཅིག་ལ་གཅིག་འབྲེལ་པ་ཡོད་པ་ཡིན་ན་ངག་གི་དོན་ཡིན་ནོ། །ལན་དུ་སྨྲས་པ། གང་གི་ཕྱིར་དུ་བ་ནི་རང་གི་རྒྱུས་འཕངས་པའི་རང་གི་དོན་ལ་ངེས་པར་བྱེད་པ་ཡིན་གྱི། ཚིག་རྣམས་ནི་དེ་ལྟ་མ་ཡིན་ཏེ། སྐྱེས་བུའི་འདོད་པས་ བསྡུ་བ་བྱས་པའི་ཚིགས་རྣམས་ནི་ངག་གི་དོན་གྱི་རྒྱུ་མཚན་ཡིན་གྱིས་གཅིག་གིས་ནི་མ་ཡིན་ཏེ། བསྡུས་པ་ཡང་འདི་ལས་འདི་ཡིན་ཏེ། འདི་ལས་ནི་འདི་མ་ཡིན་ནོ་ཞེས་པའི་ཕྱིར་སྐྱེས་བུས་བྱས་པ་ཡིན་ནོ། །ཚིག་གཞན་རྣམས་ཉིད་ལ་ནི་རེ་རེས་སོ། །ཚིག་གི་དོན་ནི་དོན་གཞན་དང་ ལྡན་པ་ཡིན་པར་སྨྲ་བའི་ཕྱིར་བསྡུས་པ་ནི་དོན་རྟོགས་པའི་ཡན་ལག་མ་ཡིན་ཏེ། དེ་རྣམས་ཀྱང་བརྟགས་པ་དང་དོན་དང་འབྲེལ་པ་ཅན་རྣམས་ནི་སྐྱེས་བུས་མངོན་པར་གསལ་བར་བྱས་པ་འབའ་ཞིག་ཡིན་ནོ། །དེ་ལྟ་ན་ཡང་ཚིག་རྣམས་ནི་དུ་བ་བཞིན་དུ་རང་དབང་ཅན་མ་ ཡིན་ཏེ། འདོད་པའི་གཞན་དབང་ཡིན་པའི་ཕྱིར་རོ། །མངོན་པར་གསལ་བ་མ་ཡིན་པའི་ཚིག་གམ་དེ་བསྡུས་པ་ཡང་རུང་སྟེ། ཡོད་པ་ཙམ་གྱིས་ནི་རྟོགས་པའི་ཡན་ལག་མ་ཡིན་ལ། དེའི་མངོན་པར་གསལ་བ་ཡང་སྐྱེས་བུའི་འདོད་པའི་དབང་གིས་ཡིན་གྱི། དུ་བ་མངོན་པར་ གསལ་བ་ལྟ་བུ་ནི་མ་ཡིན་ཏེ། རང་གི་རྒྱུའི་དབང་ཉིད་ཡིན་པའི་ཕྱིར་རོ། །བདེན་ཏེ་དུ་བ་ནི་དོན་གྱི་དབང་ཉིད་ཀྱིས་དེ་ལ་ངེས་པ་ཅན་ཡིན་གྱི། འདོད་པའི་དབང་གིས་མངོན་པར་གསལ་བ་ཅན་གྱི་སྒྲ་ནི་དོན་ལ་ངེས་པ་ཅན་ཡིན་པར་མི་རིགས་ཏེ། དེའི་རང་དབང་ཅན་མ་ཡིན་པ་དེ་ལ་ངེས་པ་ ཅན་ཡིན་ཞེས་བྱ་བ་ནི་ལོག་པར་སྒྲུབ་པ་ཡིན་ནོ། །རྟག་པ་ཉིད་དང་རང་དབང་ཅན་ཡིན་པ་ཉིད་ཀྱིས་དེའི་དབང་དུ་གྱུར་པ་མ་ཡིན་པ་ནི་དེ་རྗོད་པར་བྱེད་པ་ཉིད་ཀྱིས་ཀྱང་དེ་ལ་ངེས་པ་ཡིན་ནོ་ཞེ་ན། རྗོད་པར་བྱེད་པ་ཉིད་ནི་དེ་རྟོགས་པ་སྐྱེད་པར་བྱེད་པ་ཉིད་ཡིན་ལ། དེ་ལྟར་ན་དེ་ཉིད་ཀྱང་སྡོང་ དུམ་མམ་ཞེས་བྱ་བ་ལ་སོགས་པ་བཞིན་དུ་མ་ངེས་པའི་རྒྱུ་མཚན་སྐྱེད་པར་བྱེད་པ་ཉིད་སྒྲ་ལས་བྱུང་བ་ལ་ཐེ་ཚོམ་གྱི་རྒྱུ་མཚན་ཡིན་པའི་ཕྱིར། དེ་ནི་ཚད་མ་མ་ཡིན་ཏེ། རང་དབང་ཅན་ཡང་ཡིན་ལ་ངེས་པ་ཅན་ཡང་ཡིན་པ་ནི་རིགས་པ་ཆེན་པོ་ཅན་ཡིན་ནོ། །རང་དབང་ཅན་ནི་འདོད་པའི་དབང་ཉིད་ མངོན་པར་གསལ་བའི་དོན་དུ་མ་ཡིན་ནམ་རང་གི་ངོ་བོའི་དོན་དུ་ནི་མ་ཡིན་ནོ་བདེན་ཏེ། མངོན་པར་གསལ་བཞིན་པའི་ངོ་བོ་ལས་གཞན་པར་མི་མཐོང་བའི་ཕྱིར་དང་། དེ་ཡང་གཞན་ཉིད་ཡིན་པས་ངོ་ཤེས་པ་མ་ཡིན་པའི་ཕྱིར་འདོད་པའི་དབང་ཉིད་ཀྱིས་ཡིན་ནོ། །ངོ་ཤེས་པ་ཉིད་ཡིན་ ན་ཡང་འདོད་པའི་དབང་གིས་མངོན་པར་གསལ་བ་ཉིད་ཡིན་པའི་ཕྱིར་འདོད་པའི་དབང་ཉིད་དེ་ཆོག་གོ། །ཡང་རང་གི་ངོ་བོ་ལ་མངོན་པར་གསལ་བའམ་མངོན་པར་བརྗོད་པ་ལ་ལྟོས་པ་མ་ཡིན་ཏེ། དེའི་དབང་གིས་མ་ཡིན་པ་དང་། དོན་གཞན་དུ་ཁྲིད་པའི་ཕྱིར་རོ། །རྗོད་པར་བྱེད་པ་ཉིད་ནི་ རྟོགས་པ་ཙམ་གྱི་རྒྱུ་མཚན་ཉིད་ཡིན་གྱི། ཚད་མའི་ཡན་ལག་མ་ཡིན་པར་བསྟན་ཏོ། །དེས་ན་ཤེས་པ་ཙམ་ལས་དོན་ལ་ངེས་པ་ནི་མ་ཡིན་ཏེ། ངེས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །བརྗོད་པར་བྱ་བ་རྣམས་ལ་སྐྱེས་བུའི་དབང་བྱེད་པས་འཇུག་པ་ཅན་རྣམས་ནི་དངོས་པོ་མཐོང་བ་ཅན་མ་ ཡིན་ཏེ། ཇི་ལྟར་གོམས་པའི་རྣམ་པར་རྟོག་པ་སད་པའི་རྒྱུས་འཇུག་པར་སེམས་པ་ཡིན་ན། རང་གི་ངོ་བོ་ལ་ངེས་པ་ཡིན་གྱི་དེ་དག་ཙམ་གྱིས་མགུ་བ་ནི་མིན་ཏེ། རྨི་ལམ་ལ་སོགས་པ་ལ་ཡང་ཡོད་པའི་ཕྱིར་རོ། །ཕྲད་པར་བྱ་བ་དང་འབྲེལ་བ་ཅན་དུ་ངེས་པ་ཡོད་ན་དེ་ཉིད་ཚད་མ་ ཡིན་ནོ། །ཕྲད་པར་བྱ་བ་ཉིད་ཀྱི་རང་གི་ངོ་བོ་ལ་ངེས་པར་བྱེད་པ་ཡིན་གྱི། ཕྲད་པར་བྱ་བ་དང་འབྲེལ་པ་ཅན་ཉིད་ཀྱིས་ནི་མ་ཡིན་ནོ་བདེན་ཏེ། ཕྲད་པར་བྱ་བ་མ་ཡིན་པ་ཡང་དེའི་འབྲས་བུ་ནི་དེ་ཉིད་ལས་རྟོགས་པ་ཡིན་ཏེ། ནག་པའི་བུ་ལ་ནག་པར་ཤེས་པ་ལྟ་བུའོ། །རྣམ་པ་མང་ པོ་མཐོང་བ་ནས་རྒྱུ་ལ་འབྲས་བུ་ཉིད་དུའམ། འབྲས་བུ་ཉིད་ལ་དེ་ཉིད་དུ་སྒྲོ་འདོགས་པ་ནི་འདྲ་བ་ལས་ཡིན་ཏེ། མཚེ་མ་དག་ལ་སོགས་པ་ལྟ་བུའོ། །འདི་ལ་ཡང་ཕྲད་པར་བྱ་བའི་འབྲས་བུ་ཉིད་ལ་དེ་ཉིད་དུའོ། །དེ་ལྟ་ཡིན་ན་འདིའི་དོན་དང་འདྲ་བ་ནི་ཚད་མ་ཡིན་ནོ་ཞེས་ཅིའི་ཕྱིར་གསུངས། དེའི་འབྲས་བུ་ཉིད་ཀྱི་ངོ་བོ་ནི་དེ་ཉིད་དང་འདྲ་བ་ཡིན་ཏེ། དོན་གྱི་དངོས་ཉིད་མ་སྤངས་པ་ཞེས་བྱ་བ་ཡིན་ཏེ། འདིར་དེ་ཉིད་བརྗོད་པ་ལས་འདི་དོན་དང་འདྲ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །འདི་ལ་ཡང་འདྲ་བ་ཅན་ཁོ་ན་ཡིན་ནོ་ཞེ་ན། བསྲེག་པ་དང་། བཙོ་བ་ལ་སོགས་པ་རྣམས་ནི་མེ་དང་འདྲ་ བ་ཉིད་མ་ཡིན་ལ། དེ་ཉིད་འབྲས་བུ་ཉིད་ནི་ཡིན་པའི་ཕྱིར་ཕྲད་པར་བྱ་བའི་དོན་གྱི་ངོ་བོ་འབྲས་བུ་ཉིད་གང་གི་ཡིན་པའི་དོན་དེ་ཉིད་ཀྱི་ངོ་བོ་ཡིན་པ་དེ་ལྟ་ན། དེ་ཁོ་ན་ཉིད་རྟོགས་པ་འབྲས་བུ་ཡིན་ནོ། །དེ་ཁོ་ན་ཉིད་ནི་དེ་རྟོགས་པ་རྣམ་པར་གཞག་པའི་རྒྱུ་ཡིན་པའི་ཕྱིར་ཚད་མ་ཉིད་ཡིན་ནོ། ། འཇིག་རྟེན་ན་ཡང་དམ་བཅས་པའི་དོན་དང་ཕྲད་པར་བྱེད་པ་ནི་མི་སླུ་བར་བྱེད་པ་པོ་མ་ཡིན་ནམ། དམ་བཅས་པ་ཙམ་ནི་མ་ཡིན་ཞིང་གཞན་དང་ཕྲད་པར་བྱེད་པ་པོ་ཡང་མ་ཡིན་ནོ། །དེ་བཞིན་དུ་ཤེས་པ་ཡང་བདེ་བ་ལ་སོགས་པ་མི་བསླུ་བ་ཅན་ཡིན་གྱི། རྟོགས་པ་ཙམ་མ་རྟོགས་ནས་གཞན་ དང་ཕྲད་པར་བྱེད་པ་པོ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྟོགས་ནས་ཕྲད་པར་བྱེད་པ་ཡིན་ཏེ། རྟོགས་པའི་སྐད་ཅིག་མ་ཉིད་དང་ཕྲད་པར་བྱ་བ་རྟོགས་པ་ཡིན་པར་གཅིག་པ་ཉིད་དུ་ཞེན་པའི་ཕྱིར་རོ། །རྟོགས་པ་ཡོད་ན་ཕྲད་པ་ཡོད་པའི་ཕྱིར་རྟོགས་པ་ཉིད་ཚད་མ་ཡིན་ གྱི་གཞན་ལས་ནི་མ་ཡིན་ནོ། །གཞན་ལས་མ་ཡིན་ཞེས་བྱ་དེ་ལྟ་ནི་མ་ཡིན་ཏེ། ཕྲད་པར་བྱ་བ་དོན་དུ་གཉེར་བ་དེ་དང་འབྲེལ་པ་ཅན་ཁོ་ནའི་ངོ་བོ་ཚད་མ་ཡིན་གྱི་རྟོགས་པ་ཙམ་ནི་ཚད་མ་མ་ཡིན་ནོ། །དེ་ཡང་རྟོགས་པ་མ་ཡིན་པ་ནི་འཇུག་པའི་ཡན་ལག་མ་ཡིན་པའི་ཕྱིར་རྟོགས་པ་ནི་དེ་ལ་ལྟོས་ པ་ཡིན་ནོ། །ཕྲད་པར་བྱ་བ་དང་འབྲེལ་པ་ཅན་གྱི་ཤེས་པའི་ངོ་བོ་ཡང་རྗེས་སུ་དཔག་པའི་ངོ་བོ་བཞིན་དུ་རང་ཉིད་ཀྱིས་ཤེས་པ་ཡིན་ནོ། །དེ་ཉིད་ཤེས་པ་ཡིན་གྱི་དེ་དང་འབྲེལ་པ་ཅན་ནི་མ་ཡིན་ནོ་མ་ཡིན་ཏེ་ནག་པའི་བུ་ལ་ནག་པའི་ཤེས་པ་བཞིན་དུ་དེ་ཉིད་ཤེས་པའི་ཡུལ་ནི་འབྲེལ་པ་ཡིན་པའི་ཕྱིར་རོ། ། དེས་ན་དེ་ཉིད་ནི་ཚད་མ་ཡིན་ལ་དེ་ཤེས་པ་ནི་འབྲས་བུ་ཡིན་ནོ། །དེ་ཡང་དོན་དང་འདྲ་བ་ནི་ཚད་མ་ཡིན་ལ་དོན་རྟོགས་པ་ནི་ཚད་མའི་འབྲས་བུ་ཡིན་ནོ་ཞེས་ཀྱང་གསུངས་པའོ། །དེའི་ཕྱིར་ཤེས་པའི་ངོ་བོ་ལ་སྒྲོ་བཏགས་པས་འཇུག་པ་ཡིན་གྱི་ཕྱི་རོལ་ལ་འཇུག་པ་ནི་མ་ཡིན་ནོ། །ཕྱི་རོལ་ལ་ཡང་ ཤེས་པའི་ངོ་བོར་སྒྲོ་བཏགས་པ་ཡིན་ན། མི་འཇུག་པ་ཁོ་ན་ཡིན་ཏེ། དོན་དུ་གཉེར་བ་ནི་སུ་ཡང་མ་ཡིན་ནོ། །ཤེས་པའི་ངོ་བོ་དང་ཕྱི་རོལ་དག་ནི་སོ་སོ་བ་མ་ཡིན་པའི་ཕྱིར་འཇུག་པ་ཡིན་ནོ་ཞེ་ན། སོ་སོ་བ་མ་ཡིན་ན་ཕྱིའི་དངོས་པོ་དོན་དུ་གཉེར་བ་རྣམས་ཆེས་ཤིན་ཏུ་ཡང་མི་འཇུག་པའི་ ཕྱིར་དེ་གསལ་བ་ཡིན་ནོ། །སྣང་བ་དང་རྣམ་པར་རྟོག་པ་དག་གཅིག་ཏུ་བྱས་ནས་ཞེས་བྱ་བ་ལ་སོགས་པ་དེ་ཁོ་ན་ཉིད་དུ་འདོད་པ་དེ་ལས་བྱུང་བ་ཉིད་ཀྱི་ཡུལ་ཅན་རྣམས་དེ་བཞིན་དུ་བཤད་པར་བྱའོ། །རྟོགས་པ་ཙམ་ཡང་ཚད་མ་ཉིད་ཡིན་ན་ནི་སྒྲ་ལས་བྱུང་བ་ལ་ཡང་འགྱུར་རོ། །སྒྲ་ལས་བྱུང་བ་ཡང་ ཕྱི་རོལ་ཤེས་པར་བྱེད་པ་མ་ཡིན་ནམ། ཤེས་བྱ་དང་ཤེས་བྱེད་ལས་གཞན་པ་ལ་ནི་འབྲེལ་པ་མེད་དོ། །དེ་ལྟ་ནི་མ་ཡིན་ཏེ། ཤེས་བྱ་དང་ཤེས་བྱེད་ཀྱི་དངོས་པོ་ཉིད་དེ་དང་འབྲེལ་པ་ཡིན་གྱི་དེའི་ཤེས་པ་ཙམ་ནི་མ་ཡིན་ནོ། །དངོས་པོ་ཡང་ཤེས་པ་ཉིད་མ་ཡིན་ནམ། ཉེ་བར་དམིགས་ པ་ནི་ཡོད་པ་ཞེས་བརྗོད་དོ་ཞེས་གང་གསུངས་པའོ། །ཕྲད་པར་བྱ་བའི་རང་གི་ངོ་བོའི་ཉམས་སུ་མྱོང་བ་ནི་དམིགས་པ་ཡིན་གྱི་ཤེས་པ་ཙམ་ནི་མ་ཡིན་ནོ། །རིག་བྱེད་ལ་ནི་ཕྲད་པར་བྱ་བའི་འབྲས་བུའི་རིག་པ་ཡོད་པ་མ་ཡིན་ལ། ཡོད་ན་ཡང་དེ་དོན་དུ་གཉེར་བ་རྣམས་འཇུག་པ་མ་ཡིན་ནོ། །རིག་པར་ བྱེད་པ་ནི་ཡོད་ལ། རིག་པར་བྱ་བ་ནི་མེད་པ་དེས་ན་རིག་པར་བྱ་བ་དོན་དུ་གཉེར་བ་རྣམས་འཇུག་པ་ཡིན་ནོ། །མ་ཡིན་ཏེ། རིག་པར་བྱ་བ་དང་འབྲེལ་པ་མི་ཤེས་ན་འཇུག་པ་མེད་པའི་ཕྱིར་རོ། །འདིས་ནི་ངེས་པར་སྦྱོར་བ་ཙམ་ལས་འཇུག་པ་གསལ་བ་ཡིན་ནོ། །ངེས་པར་སྦྱོར་བ་ཡང་དེ་ཉིད་ཀྱི་ ཚེ་ཡོད་པའི་ཕྱིར་འཇུག་པ་མ་ཡིན་ནོ། །ངེས་པར་སྦྱོར་བ་ནི་བསྒྲུབ་པར་བྱ་བ་ཡིན་གྱི་དེའི་ཚེ་ནི་མེད་པ་ཡིན་ནོ། །དེ་ལྟ་ན་ཤེས་པ་དང་འབྲེལ་པ་མི་ཤེས་པའི་ཕྱིར་དེའི་ཤེས་པ་ལས་འཇུག་པ་ནི་མ་ཡིན་ནོ། །དེས་ན་ཕྲད་པར་བྱ་བ་ལ་ངེས་པ་ཅན་ཉིད་ཀྱི་ཤེས་པ་ནི་དེ་ཁོ་ན་ཉིད་ལ་ངེས་པ་ཅན་གྱི་ཚད་ མ་ཡིན་གྱི་གཞན་ལས་ནི་མ་ཡིན་ནོ། །དབང་པོའི་གཟུང་བར་བྱ་བ་ཉིད་དུ་ཐལ་བར་ཡང་མ་ཡིན་ཏེ། རང་གི་ངོ་བོ་ལ་དེ་ཁོ་ན་ཉིད་དུ་སྒྲོ་འདོགས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །འབྲས་བུ་ཙམ་ཉིད་ལ་རྒྱུའི་ཐམས་ཅད་ཉིད་དུ་སྒྲོ་གདགས་པར་བྱ་བ་མ་ཡིན་ནོ། །འདྲ་བ་ཉིད་ནི་གདགས་པའི་རྒྱུ་ མཚན་ཡིན་ནོ། །མ་ཡིན་ཏེ། དེ་མེད་པ་ཡིན་ཡང་གཟུགས་དང་རེག་པ་དག་གིས་རེག་པའི་འབྲས་བུ་གཟུགས་ཡིན་པའི་ཕྱིར་ཏེ། རྒྱུའི་རང་གི་ངོ་བོ་ལ་དེ་ཁོ་ན་ཉིད་དུ་སྒྲོ་བཏགས་པའི་ཡུལ་ཡིན་ཏེ། དེ་ཡང་རྒྱུ་མ་ཡིན་པ་ཡུལ་མ་ཡིན་པར་བསྟན་པ་ནི། རིགས་པ་ཤེས་པས་ཤེས་པའི་ རྣམ་པ་འཇོག་ནུས་པའི་རྒྱུ་ཉིད་ལ་གཟུང་བར་ཤེས་ཀྱང་གསུངས་པའོ། །ཤེས་པའི་རང་གི་ངོ་བོ་ལ་རང་གི་རྣམ་པ་སྟེ། བདག་ཉིད་ཀྱི་ངོ་བོར་འཇོག་པ་སྟེ་སྒྲོ་འདོགས་པར་ནི་རིགས་པ་ཡིན་ཏེ། ཕྲད་པར་བྱ་བ་སྟེ་རྒྱུ་ལ་འབྲས་བུའི་ངོ་བོ་ཉིད་དུ་སྒྲོ་བཏགས་པའི་ཡུལ་ཞེས་བསྟན་ཏོ་ཞེས་བྱ་བའི་ དོན་ཡིན་གྱི། ཤེས་པ་ལ་རང་གི་རྣམ་པ་སྟེ་རང་དང་འདྲ་བར་འདོགས་པར་བྱེད་པ་ནི་མ་ཡིན་ནོ། །འབྲས་བུ་ཉིད་ལ་དེ་ཁོ་ན་ཉིད་དུ་སྒྲོ་འདོགས་པ་ཡང་ཁ་ཅིག་ལ་མཐོང་བ་ལས་ཐམས་ཅད་ལ་ནི་མ་ཡིན་པར་བཤད་ཟིན་ཏོ། །འདི་སྐད་བསྟན་པར་འགྱུར་གྱི་བདག་ཉིད་ཀྱི་ཁོངས་སུ་གཏོགས་པའི་བདེ་བ་ ཇི་ལྟར་རིགས་པ་དེ་བཞིན་དུ་སྔོན་པོ་ཡང་ངོ་། །བདེ་བ་ནི་གཞན་རིག་པ་མ་ཡིན་ཏེ། གཞན་རིགས་པས་ནི་རིག་པ་མ་ཡིན་པའི་ཕྱིར་རོ། །སྔོན་པོ་ལ་ནི་བདེ་བ་ཉིད་ཡོད་པ་ཡིན་ནོ། །མ་ཡིན་ཏེ། དེ་ནི་སྔོན་པོ་བཞིན་དུ་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་རིག་པ་ལ་ཡང་ སྔོན་པོར་སྒྲོ་འདོགས་པ་མ་ཡིན་པས་བདག་ཉིད་རིག་པ་མ་ཡིན་པ་ཉིད་དུ་མི་ཤེས་པའི་ཕྱིར་རོ། །གཉི་ག་ལ་ཡང་ཚོགས་པ་ཡོད་ན་སྔོན་པོ་ལ་སོགས་པ་བཞིན་དུ་ཅིག་ཅར་འབྱུང་བའི་ཕྱིར་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ཞེན་པ་ཡང་གོམས་པ་ལ་ལྟོས་པ་ཡིན་གྱི་བདེ་བ་བཞིན་དུ་སྔོན་པོ་ནི་དུས་དེར་ ཡུལ་ལ་འཇུག་པ་མ་ཡིན་ཞིང་ཕྲད་པར་བྱ་བ་ཡང་ངོ་། །རྟོགས་པ་ལས་ནི་ཕྲད་པར་བྱ་བ་དང་དེར་འབྲེལ་པ་ནི་གཞན་ཉིད་ལས་ཤེས་པར་བྱ་བ་ཡིན་གྱི་དེ་ཙམ་ལས་ནི་མ་ཡིན་ཏེ། ཐེ་ཚོམ་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་ངེས་པ་ཡང་ཡིན་ནོ་ཞེ་ན་མ་ཡིན་ཏེ། རང་གི་ངོ་བོ་ལ་ངེས་པ་ཡིན་པའི་ཕྱིར་ རོ། །དབང་པོ་དང་ཡུལ་ལ་སོགས་པ་རྣམས་ཀྱི་རྒྱུ་མཚན་ལས་སྐྱེས་པའི་རྣམ་པར་ཤེས་པ་ནི་འབྲེལ་པ་གང་ཡིན་པ་ལས་ཡུལ་གྱི་རྗེས་སུ་བྱེད་པ་ཡིན་གྱི་གཞན་ལས་ནི་མ་ཡིན་ཏེ། དེ་ཉིད་ལས་དེ་འཛིན་པ་ཡིན་གྱི་གཞན་ལས་ནི་མ་ཡིན་ནོ། །དེ་ལྟར་ན་གཅིག་ལས་གཅིག་ཏུ་བརྒྱུད་པས་དུབ་ པ་ཡོངས་སུ་འདོར་བར་འགྱུར་བ་ཡིན་ཞེས་གང་སྨྲས་པ་དེ་ནི་མ་ཡིན་ཏེ། འབྲས་བུ་ནི་རང་གི་རྒྱུད་ལས་བྱུང་བས་དེའི་རྣམ་པའམ་གཞན་དུ་ཡང་འབྱུང་བ་ཡིན་ལ། ཤེས་པ་ནི་རང་ཉིད་རིག་པ་ཡིན་གྱི་གཞན་ལས་ཀྱང་ནི་མ་ཡིན་པའི་ཕྱིར་དེ་དང་འདྲ་བ་མ་ཡིན་ནོ། །དེ་དང་འདྲ་བ་ལ་ཡང་རང་ཉིད་ རིག་པ་ཡང་བདག་ཉིད་སྔོན་པོར་རིག་པ་རྙེད་པར་དཀའ་བ་མ་ཡིན་ནོ། །དེ་ལྟར་ཡང་དེ་ཙམ་ཐམས་ཅད་ལ་ཡང་ཡོད་པས་ཐོབ་ཟིན་པའི་ཕྱིར་ཡང་འཇུག་པའི་ཡུལ་མ་ཡིན་ནོ། །དེའི་ཐབས་ཉིད་ཀྱིས་ནི་རྟོགས་པ་དང་ལྡན་པ་རྣམས་ལྟོས་པ་ཡིན་པར་གཞན་ཉིད་ལས་ཤེས་པར་བྱ་བ་ཡིན་གྱི། རང་ཉིད་ ལས་ནི་མ་ཡིན་པའི་ཕྱིར་གཞན་ལས་ཐེ་ཚོམ་ལྡོག་པ་ཙམ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རྣམ་པ་ལས་སྔོན་པོའོ་ཞེས་རྗེས་སུ་དཔོག་པ་ཡིན་ནོ་ཞེ་ན། ཕྲད་པར་བྱ་བ་ལས་གཞན་པ་མ་ཡིན་ཏེ། སྔོན་པོར་མ་དམིགས་པའི་ཕྱིར་རོ། །ལྡོག་པ་ལས་འགྲུབ་པར་འགྱུར་ཞེས་བྱ་བ་ལ་ སོགས་པ་གསུངས་པ་ནི་གལ་ཏེ་མཚུངས་པ་དེ་མ་ཐག་རྐྱེན་ལས་ངེས་པ་མི་སྨྲ་བ་ཞེས་བྱ་བ་སྟེ། དེ་ལྟ་ན་ཡང་ཡུལ་མཚུངས་པའི་དེ་མ་ཐག་པ་ཡུལ་དུ་འགྱུར་རོ་ཞེས་ཀྱང་ངོ་། །ཕྲད་པར་བྱ་བ་ཉིད་དང་རིགས་མཐུན་པ་ལ་གཞན་གྱིས་བར་དུ་མཆོད་པ་འདིའི་དེ་མ་ཐག་པ་ནི་མཚུངས་པ་དེ་མ་ཐག་ པའི་ཤེས་པ་ཞེས་ཀྱང་བསྟན་ཏོ། །དེ་ལྟ་ཡིན་ན་རང་གི་ངོ་བོ་བཞིན་དུ་ཐམས་ཅད་ལ་ཡིན་པའི་ཕྱིར། ཚད་མ་མ་ཡིན་པ་མི་སྲིད་པར་འགྱུར་རོ་མ་ཡིན་ཏེ། འདས་པའི་དེ་མ་ཐག་པ་ནི་ཚད་མ་མ་ཡིན་ཏེ། གཞན་ལས་བཟློག་པ་ཞེས་བྱ་བ་ནི་བྱ་བའི་རྣམ་པར་དབྱེ་བའོ། །རྒྱུ་མ་ཡིན་པ་ཡུལ་ མ་ཡིན་ཞེས་བྱ་བ་མ་ཡིན་ནམ། བདེ་བ་ལ་སོགས་པ་རང་གིས་རིག་པ་ཇི་ལྟར་ཡུལ་ཉིད་ཡིན་ཏེ་རྒྱུ་མ་ཡིན་པའི་ཕྱིར་རོ། །རང་ཉིད་གྲུབ་པའི་རང་གི་ངོ་བོ་ནི་ཕྲད་པར་བྱ་བ་དང་ཐ་དད་པའི་ཕྱིར། ཇི་ལྟར་ཡུལ་ཡིན་ཞེས་ལྟོས་པ་དང་བཅས་པ་ལ་རྒྱུ་ཉིད་ལ་དེ་ཁོ་ན་ཉིད་དུ་སྒྲོ་བཏགས་པའི་ཕྱིར་ཞེས་ བསྟན་ཏོ། །རང་ཉིད་རིག་པ་ལས་དེའི་བདག་ཉིད་ཡིན་པ་འདིས་ཚད་མ་མ་ཡིན་པར་གསལ་བ་ཡིན་ནོ། །བར་མ་ཆད་པར་སྨྲས་པས་ཆོག་གོ། །ཕྲད་པར་བྱ་བའི་འབྲས་བུ་ཉིད་རང་གི་ངོ་བོ་ཡིན་པ་ནི་དེ་མེད་ན་མེད་པའི་ཕྱིར་ཏེ། དུ་བ་ནི་མེའི་འབྲས་བུ་ཉིད་ཡིན་པ་ལྟ་བུའོ། །སྔར་གང་མཐོང་ བ་ཉིད་ཡོད་པ་ལས་ཕྱིས་མཐོང་བར་འགྱུར་བ་གང་ཡིན་པ་དེ་ནི་དེའི་འབྲས་བུ་ཡིན་ཏེ། དེས་དྲངས་པའི་ཕྱིར་མེའི་དུ་བ་ལྟ་བུ་མ་ཡིན་ནམ། དུ་བ་མཐོང་བ་དག་ལྡན་པ་ཙམ་ལས་ཇི་ལྟར་མེ་དམིགས་པར་འགྱུར། དེ་ལ་འདས་པའི་དུས་ཀྱི་མེ་རྗེས་སུ་དཔོག་པར་བྱེད་པ་ནི་མ་ཡིན་ཏེ། སླུ་བ་ ཡིན་པས་ཚད་མ་མ་ཡིན་པའི་ཕྱིར་རོ། །འབྱུང་བར་འགྱུར་བ་ལས་མི་སླུ་བ་ཡིན་གྱི་འདས་པ་ལ་ནི་མ་ཡིན་ནོ། །དེ་ཉིད་འབྱུང་བར་འགྱུར་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། འགལ་བའི་ཕྱིར་རོ། །འབྱུང་བར་འགྱུར་བ་ལ་འབྱུང་བར་འགྱུར་བ་ཡོད་པ་མ་ཡིན་ནོ། །དེའི་འབྲས་བུ་མ་ཡིན་པ་ཡང་ དེ་ལ་མི་བསླུ་བ་ཅན་མ་ཡིན་ཏེ། །ཐལ་ཆེས་པའི་ཕྱིར་རོ། །དེ་དག་གཅིག་པ་ཉིད་དུ་ཞེན་པ་ལས་ཡིན་ནོ་ཞེ་ན། དེ་ལྟ་བྱུང་བར་གྱུར་པ་ལ་ཡང་འབྱུང་བར་འགྱུར་བ་ཉིད་དུ་ཞེན་པ་ཁོ་ན་ཡིན་ནོ། །རྒྱུ་ལ་ཉེ་བར་སྦྱོར་བ་མ་ཡིན་པ་ཅན་ནི་མཐར་ཐུག་གི་བར་དུ་ཡང་ཉེ་བར་སྦྱོར་བ་ཅན་མ་ཡིན་ཏེ། སྐད་ཅིག་ཀྱང་རྒྱུན་མི་འཆད་པར་རྗེས་སུ་འཇུག་པ་ལ་ཉེ་བར་སྦྱོར་བ་མ་ཡིན་པའི་ཕྱིར་རོ། །ཕྲད་པར་བྱ་བ་ཡང་རང་གི་ངོ་བོ་ཡོད་ན་དེ་མི་ཟད་པ་ཡིན་ཏེ། དེ་ཡང་རྒྱུ་ལ་རྒྱུའི་ཆོས་རྗེས་སུ་འཇུག་པ་ཡིན་ཏེ། ཐམས་ཅད་རྒྱུ་ཡིན་པར་ཐལ་བར་འགྱུར་བ་ཡིན་ནོ་ཞེ་ན། དེ་ལྟ་བུ་ནི་ འདས་པ་ལ་ཡང་མཚུངས་སོ། །དེ་ལྟ་མ་ཡིན་ཏེ། འདི་ཡོད་ན་འདི་འབྱུང་ཞེས་བྱ་བར་བྱེ་བྲག་ཏུ་རྟོགས་པའི་ཕྱིར་རོ་ཞེ་ན། དེ་ལ་ཡང་མཚུངས་པ་ཉིད་ཡིན་ཏེ། རྒྱུ་ཚོགས་པ་ཡིས་ཞེས་བྱ་བ་ལ་སོགས་པ་ཡང་། དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་བྱ་བ་སྟེ་འབྱུང་བར་བྱེད་པས་འབྱུང་བ་ སྟེ་རྒྱུའོ། །རང་གི་འབྱུང་བྱེད་ནི་རང་གི་རྒྱུ་ཞེས་བྱ་བའི་དོན་ཏོ། །ཚོགས་པ་ཉིད་ནི་རུང་བ་ཉིད་དུ་རྗེས་སུ་དཔག་པ་ཡིན་པར་གསུངས་པ་མ་ཡིན་ནམ། བདེན་ཏེ། གང་ལ་གེགས་བྱེད་པ་མེད་པའི་ངེས་པ་མེད་ནའོ། །དེའི་དགོས་པ་ནི་དེ་ལྟར་འདས་དུས་གཅིག་རྣམས་ཀྱི་སྟེ་མ་འོངས་པ་རྣམས་ཀྱི་ནི་ མ་ཡིན་ནོ་ཞེས་བྱ་བའི་ཚིག་ལས་སོ། །དེ་མེད་པར་ངེས་པ་ཡིན་ན་མ་འོངས་པའི་འབྲས་བུ་དང་བྱུང་བ་ལས་རྒྱུ་ཉིད་ཤེས་པ་ཡིན་ཏེ། དུ་བ་ལས་མེ་ལྟ་བུའོ། །དེས་ན་ཡང་། ཉོན་མོངས་པ་དང་བཅས་པའི་སེམས་ལ་སོགས་པ་མཐོང་བ་ལས། འཇིག་རྟེན་ཕ་རོལ་དུ་འབྱུང་བར་འགྱུར་བའི་ སེམས་ལ་སོགས་པ་འགྲུབ་པ་ཡིན་ནོ། །འདི་ལས་འཇིག་རྟེན་གཞན་དཔོག་པའང་ཞེས་གང་འཆད་པར་འགྱུར་བའོ། །ཐོས་པ་དང་བསམ་པ་ལ་སོགས་པ་ཤིན་ཏུ་འབད་པ་ཆེན་པོས་བསྒྲུབ་པར་བྱ་བ་མཐོང་བའི་ལམ་ལ་སོགས་པར་འཆི་བའི་དུས་ན་མེད་པའི་ཕྱིར་གགས་བྱེད་པ་མེད་པར་ངེས་པ་ ཡིན་ནོ། །ཉིང་མཚམས་སྦྱོར་ནུས་ལྡན་མཐོང་གང་། །དེ་ཕྱིར་གྱུར་ན་ཕྱིས་གང་མེད། །གང་གིས་མཚམས་སྦྱོར་ལྡན་མེད་ཡིན།། །ཞེས་གང་འཆད་པར་འགྱུར་བའོ། །འདི་ལ་ཡང་། དེས་ན་སྒྲ་ལས་རྒྱུ་ཉིད་དུ། །དུས་གསུམ་དུ་ཡང་ཤེས་བྱ་མིན། །ཞེས་བསྟན་པའོ། །རུང་བ་ ཉིད་དུ་རྗེས་སུ་དཔག་པ་ལ་དེའི་རྒྱུ་ཉིད་ཀྱིས་ངེས་པ་མེད་ན་གཞན་གྱི་རྒྱུ་ཉིད་ཀྱིས་ངེས་པ་ཡོད་ཀྱང་དགོས་པ་ཡོད་པ་མ་ཡིན་ནོ། །དུ་བ་ནི་མེ་མཐོང་བ་ན་གྲུབ་པ་མ་ཡིན་ནམ། རང་ཉིད་ཡོད་ན་ཡོད་པའི་རང་བཞིན་ཅན་གྱི་མེ་ལ་ཉེ་བར་བྱེད་པ་ཡིན་ལ། རང་གི་ངོ་བོ་ལ་ཡང་ཕྲད་པར་བྱ་བ་གྲུབ་པ་ཡིན་ གྱི།། དེ་ལ་རང་གི་ངོ་བོ་ནི་མ་ཡིན་ཏེ། ཇི་ལྟར་རང་གི་ངོ་བོ་ཡིན་པ་དེར་འབྲེལ་པར་ངེས་པ་ཡིན། བདེན་ཏེ། ཕྲད་པར་བྱ་བ་བཞིན་དུ་དེ་ཡང་ཕྲད་པར་བྱ་བ་ལ་མ་འཁྲུལ་པ་ཅན་ཉིད་དུ་གང་གིས་མ་ཤེས་པས་ཤེས་པར་བྱའོ། །ཤེས་པ་ཡིན་ཀྱང་རང་གི་ངོ་བོ་ལ་ཕྲད་པར་བྱ་བར་ཞེན་པ་ལས། དེའི་ འབྲས་བུ་ཉིད་དེ་ཁོ་ན་ཉིད་དུ་ཞེན་པའི་རྒྱུ་མཚན་དུ་བསྟན་ཏེ། དུང་ལ་སེར་པོ་ལ་སོགས་པའི་ཤེས་པ་ནི་དབྱིབས་ལ་སོགས་པའི་ཆ་ལ་ཚད་མ་ཡིན་ནོ། །ཁ་དོག་སེར་པོས་དོན་བྱེད་པ་མེད་ན་དེའི་སྒོ་ནས་དབྱིབས་ཀྱིས་དོན་བྱེད་པ་མེད་པ་ལྟ་སྨོས་ཀྱང་ཅི་དགོས། དེའི་ཚེ་སེར་པོ་མེད་པ་ནི་མ་ཡིན་ཏེ་ སྣང་བའི་ཕྱིར་རོ། །གཞན་དུ་ན་སྔོན་པོ་ཡང་མེད་པ་ཁོ་ན་ཡིན་ནོ། །ཅི་སྟེ་སྔོན་པོ་གཅིག་པུ་ཕྲད་པར་བྱ་བར་འདོད་པ་ཡིན་ན་འདི་ལ་ཡང་དབྱིབས་གཅིག་པུ་འདོད་པ་ཡིན་ཏེ། སེར་པོ་དང་དཀར་པོ་ཐུན་མོང་བ་ཐོབ་པར་འགྱུར་བ་ཁོ་ན་ཏེ་ཁ་དོག་ནི་མ་ཡིན་ནོ། །འོན་ཏེ་བདག་ཉིད་ཐམས་ཅད་ཁོ་ན་ ནས་ཚད་མ་མ་ཡིན་ཏེ། ཆ་ཤས་ཀྱིས་ཀྱང་ཚད་མ་ཉིད་ཡིན་ན་ནི་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་ཁོ་ན་ཚད་མ་ཡིན་ཞེས་སྟོན་པར་བྱེད་པར་མི་འགྱུར་ཏེ། ཐ་ན་སྒྲ་པའི་རྣམ་པར་རྟོག་པ་ཡང་དངོས་པོ་ཙམ་གྱི་ཆ་ལ་མི་བསླུ་བ་ཡིན་པའི་ཕྱིར་རོ། །མ་ཡིན་ཏེ། མི་བསླུ་བ་དང་བསླུ་བ་ཙམ་ གྱིས་ཚད་མ་དང་ཅིག་ཤོས་ཉིད་དུ་ཁས་ལེན་པའི་ཕྱིར་ཏེ། འདོད་པ་དང་ཕྲད་པར་ཡོད་ན་ཚད་མ་ཡིན་ལ། དེ་མེད་པ་ལ་ནི་གཞན་དུའོ། །སེར་པོའི་ཤེས་པ་ལ་དབྱིབས་དང་། འགྲོ་བའི་ཤིང་མཐོང་བ་ལ་ཤིང་དང་། གནས་གཞན་ན་ཡོད་པའི་ནོར་བུའི་ཤེས་པ་ནོར་བུ་དང་། བདེན་ པའི་རྨི་ལམ་གྱི་བུ་རྣམས་སུ་འདོད་པ་ཡིན་གྱི་དུས་ལ་སོགས་པར་མ་ཡིན་པ་དེའི་ཕྱིར། མངོན་པར་འདོད་པའི་ཆ་ཤས་ལ་ཚད་མ་ཉིད་ཡིན་ནོ། །སྒྲ་ལས་བྱུང་བ་ཡང་མངོན་པར་འདོད་པ་སྟོན་པའི་ཕྱིར་ཞེས་གང་འཆད་པར་འགྱུར་བའོ། །རྣམ་པར་རྟོག་པ་ཙམ་ནི་དངོས་པོའི་ཆ་ཤས་ལ་ ཡང་ཚད་མ་མ་ཡིན་ཏེ། མངོན་པར་འདོད་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །འདིས་ནི་ཅི་ནས་ཀྱང་ཐོབ་པར་བྱེད་པ་མ་ཡིན་པར་བཤད་ཟིན་ཏོ། །མངོན་པར་འདོད་པའི་ཡུལ་ནི་རྣམ་པར་རྟོག་པ་ཅན་གྱི་རྗེས་སུ་དཔག་པ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་དབྱེ་བའོ། །ཆ་ཤས་ཀྱིས་ནི་ཚད་མ་དང་ཅིག་ ཤོས་ཉིད་དེ། མངོན་པར་འདོད་པ་དང་ཅིག་ཤོས་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བྱེད་པ་པོ་ལ་གནས་པའི་བྱ་བ་ནི་བྱ་བ་ལ་གནས་པ་ཉིད་ཀྱིས་ངེས་པ་ཅན་དུ་ཤེས་པར་བྱེད་པའི་ཕྱིར་དེ་ཉིད་དང་པོར་ཤེས་པར་བྱ་བ་ཡིན་ཏེ། གལ་ཏེ་དེ་ཤེས་པ་ཡིན་ན་བྱེད་པ་པོ་ལ་གནས་ བས་ཅི་ཞིག་བྱ། དེའི་ཐབས་ཡིན་པ་ཉིད་ཁོ་ནས་འདོད་པ་ཡིན་ནོ་ཞེས་བྱ་བའི་དགོངས་པས་དོན་བྱེད་གནས་པ་ཞེས་བྱ་བ་སྨོས་ཏེ། ཕྲད་པར་བྱ་བ་ཤེས་པ་ནི་འཇུག་པའི་ཡན་ལག་ཡིན་གྱི་རང་གི་ངོ་བོ་ནི་མ་ཡིན་ཏེ། བྱེད་པ་པོ་ལ་གནས་པའི་བྱ་བ་ཁས་ལེན་པ་ཉིད་ཡིན་ན། རང་གི་ངོ་བོ་ སྨྲས་པར་འགྱུར་རོ། །ཕྲད་པར་བྱ་བ་ལ་ལྟོས་པའི་རང་གི་ངོ་བོ་ནི་བྱ་བ་ཡིན་གྱི་རང་གི་ངོ་བོ་ཙམ་ནི་མ་ཡིན་ཏེ། བདེན་ཏེ། རང་གི་ངོ་བོ་ལ་ནི་ཚད་མ་ཉིད་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ། །ཕྲད་པར་བྱ་བ་ལ་ནི་ཚད་མ་ཡིན་ནོ་ཞེས་དགོངས་པ་ཡིན་ནོ། །བྱེད་པ་པོ་ལ་གནས་པའི་བྱ་བ་ཁས་ ལེན་པ་ཡང་དེ་ཉིད་ཡིན་པར་དགོངས་པ་ཡིན་གྱི། རང་གི་ངོ་བོ་ལ་དམིགས་པ་འབའ་ཞིག་ནི་ཇི་ལྟར་ཕྲད་པར་བྱ་བ་ལ་དམིགས་པར་འགྱུར་སྙམ་དུ་དོགས་པ་བསལ་བའི་ཕྱིར། ཕྲད་པར་བྱ་བའི་བྱེད་པ་པོའི་ཤེས་པ་ཚད་མ་ཡིན་པར་བསྟན་ཏེ། དེ་དེ་ལྟར་ཡོངས་སུ་གཅོད་པ་འདིས་དོན་གོ་བ་ ཡིན་ནོ། །དེ་ལ་ཡང་དོན་ནི་འདི་ཡིན་ཏེ་རང་གི་ངོ་བོ་ལ་དམིགས་པ་ལ་ཕྲད་པར་བྱ་བ་ལ་དམིགས་པར་ཞེན་པ་ཡིན་ནོ། །འོན་ཏེ་དོན་བྱེད་པ་ཞེས་བྱ་བས་འཇིག་རྟེན་པ་ཉིད་ཀྱི་ཚད་མ་བསྟན་པ་ཡིན་ལ། དང་པོར་ནི་དེ་འགྲུབ་པའི་ཐབས་སོ། །མ་ཡིན་ཏེ། དེ་ལ་དོན་ཡིན་པར་སྨྲ་ན་འདི་ཡང་ ཤུགས་ཀྱིས་འགྲུབ་པའི་ཕྱིར་རོ། །སྐད་ཅིག་མ་དང་པོའི་ཤེས་པའམ་སྒྲོ་བཏགས་པ་ཡང་རུང་བ་མ་ཡིན་ནམ། འདི་ནི་ཕྲད་པར་བྱ་བ་ཉིད་མ་ཡིན་ཏེ། ཕྲད་པར་བྱ་བ་ཡོངས་སུ་བཅད་པའི་ཕྱིར། དེའི་དོན་ཉིད་ཇི་ལྟར་གོ་བར་འགྱུར། ཕྲད་པའི་ཤེས་པ་ནི་ཕྱི་རོལ་དུ་ཞེན་པའི་ངོ་བོ་ཉིད་ལས་ རྗེས་སུ་དཔག་པ་ལ་ཡོད་པ་ཡིན་ཏེ། གང་གི་ཕྱིར་ཕྱི་རོལ་ལ་ཕྲད་པར་བྱ་བར་ཞེན་པའི་ཕྱིར་རོ། །རང་གི་རྣམ་པ་འདི་ལ་ཕྱི་རོལ་དུ་ཞེན་པ་ཅན་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ཡང་ཐམས་ཅད་དུ་ཕྲད་པར་བྱ་བར་ཞེན་པ་ཅན་ཡིན་ནོ། །དེའི་ནང་དང་ཕྱི་རོལ་ཡང་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཕྱི་རོལ་ ཉིད་དུ་ཞེན་པའི་ཕྱིར་དང་། གྲུབ་པའི་མཐའ་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཡང་ངོ་། །ཕྱི་རོལ་ནི་གྲུབ་པའི་མཐའ་ལ་ཡིན་གྱི་གཉི་ག་མ་ཡིན་པ་ལ་མ་ཡིན་ཏེ། དེ་ནི་རང་རིག་པ་ཡིན་པའི་ཕྱིར། རང་གི་རྣམ་པ་མ་ཡིན་ལ། མངོན་སུམ་གྱིས་གཞན་དུ་རིག་པའི་ཕྱིར། དེས་ནི་ ཕྱི་རོལ་ཡང་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཕྱི་རོལ་དང་རང་གི་རྣམ་པ་དག་ལ་གཅིག་པ་ཉིད་དུ་ཞེན་པས་གཉི་ག་མ་ཡིན་པའི་དེ་ཁོ་ན་ཉིད་དུ་རིག་པའི་ཕྱིར་རོ། །དེ་ཉིད་ལ་ཕྱི་རོལ་དུ་སྒྲོ་བཏགས་པ་ཡིན་ན་ནི་ཡང་དེ་དང་ཕྲད་པའི་ཕྱིར་ཐུག་པ་མེད་པར་འགྱུར་རོ། །དེས་ན་རྗེས་སུ་དཔག་པ་ལ་ལྟོས་ པ་ནི་ཕྱིར་ཡོངས་སུ་བཅད་ཟིན་པ་ཟློས་པ་ཡིན་ནོ། །མངོན་སུམ་ལ་ཡང་སྐད་ཅིག་ཉིད་ལ་ཕྲད་པར་བྱ་བ་ཉིད་ཡིན་པའི་ཕྱིར་དེ་རིག་པ་ཡོད་པ་ཡིན་ནོ། །འོ་ན་ནི་ཤེས་པ་གཉིས་པ་ཐོབ་པ་མ་ཡིན་ནམ། མ་ཡིན་ཏེ། གཅིག་ལ་ཤེས་པ་གཉིས་རིམ་གྱིས་པར་མི་རིགས་པའི་ཕྱིར་རོ། །གཉིས་པ་ ནི་གཞན་མ་ཡིན་ནོ་ཞེ་ན། དེ་ཉིད་དེ་དང་ཕྲད་པ་ཡིན་གྱི་གཞན་མ་ཡིན་པའི་ཕྱིར་ཇི་ལྟར་གཉིས་པ་ཡིན་ནོ། །འཇིག་རྟེན་པའི་མ་ཡིན་པའི་ཕྱིར་སྐད་ཅིག་མ་ཐ་དད་པའི་སྔ་མ་ལ་ཡང་དེ་ཉིད་དང་ཕྱི་མ་ལ་ཡང་དེ་ཉིད་དུ་ཤེས་པའི་ཕྱིར་གཉིས་པ་ཉིད་ཡིན་ནོ། །དེ་ལྟ་ན་ཡང་དེ་ལ་ལྟོས་པ་མ་ ཡིན་ཏེ། སྔ་མ་དང་བྱེ་བྲག་མེད་པའི་ཕྱིར་རོ། །བརྟན་པ་ཉིད་ཡིན་ནོ་ཞེ་ན། དེ་ནི་ཅི་ཡང་མ་ཡིན་ནོ། །དེས་ནི་དོན་བྱེད་ནུས་པར་ཤེས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། སྔ་མ་ཁོ་ནས་དེ་དག་ཙམ་དུ་ཤེས་པའི་ཕྱིར་རོ། །མི་གཞན་གྱི་ཤེས་པ་ལ་ལྟོས་པས་ནི་སྐད་ཅིག་མ་ཡང་ཤེས་པ་ གཉིས་པ་རུང་བ་ཉིད་ཡོད་པའི་ཕྱིར་ཕྲད་པར་བྱ་བ་ཉིད་མ་ཉམས་པ་ཡིན་ནོ། །དེས་ན་ཕ་རོལ་པོའི་བཤད་པ་ལ་ནི་ཟློས་པ་ཉིད་སྤངས་པ་མེད་དོ། །དེའི་ཕྱིར་ཡོངས་སུ་བཅད་ནས་ཏེ། དོན་དང་ཕྲད་པར་ནི་རང་གི་ངོ་བོ་ལ་ཕྲད་པར་བྱ་བ་ཉིད་དུ་ཞེན་པ་སྟེ། ཕྲད་པར་བྱ་བ་ལ་འཇུག་པ་དང་། ཕྲད་པ་ དག་གི་རྒྱུ་ཡིན་པར་གསུངས་པའི་ཕྱིར་སྔ་མ་ཉིད་དམ་པ་མ་ཡིན་ནོ། །མི་བསླུ་བ་ཅན་ཉིད་ཚད་མ་ཉིད་མ་ཡིན་ནམ། ཤེས་པ་ནི་ཤེས་པ་གཞན་ལ་མི་བསླུ་བས་ཚད་མ་ཡིན་ལ། དེ་ཡང་ཤེས་པ་གཞན་ལས་མི་བསླུ་བས་ཐུག་པ་མེད་པའི་ཕྱིར་མི་སྲིད་པ་ཡིན་ནོ། །དེ་བཞིན་དུ་རྨི་ལམ་ ལ་སོགས་པའི་ཤེས་པ་ལ་ཡང་ཡོད་པའི་ཕྱིར་ཁྱབ་ཆེས་པ་ཡིན་ཏེ། དགྲ་ལ་སོགས་པའི་ཡུལ་ལ་ཡང་ཤེས་པ་གཞན་མི་བསླུ་བ་མེད་པའི་ཕྱིར་ཁྱབ་པར་བྱེད་པ་མ་ཡིན་ནོ་སྙམ་དུ་དོགས་པ་ལ་དེ་གནས་པ་དེ་ཞེས་བྱ་བ་སྨོས་ཏེ། གནས་པ་ནི་ཚད་མ་སྟེ་མི་གཡོ་བ་ཡིན་ལ། རྨི་ལམ་ལ་སོགས་པའི་ཤེས་པ་སྟེ། སད་པའི་གནས་སྐབས་ལ་སོགས་པ་ལས་གཡོ་བ་ཡིན་ནོ། །དེའི་ཕྱིར་ཁྱབ་ཆེས་པ་མ་ཡིན་ནོ། །རྣམ་པར་གནས་པའི་ཚིག་སྟེ། གནས་པའི་སྒྲ་སྨོས་པས་ནི་མི་སྲིད་པ་ཉིད་མ་ཡིན་ཏེ། དོན་བྱེད་པའི་ཤེས་པ་འཇུག་པའི་བར་ཆད་མེད་པ་ཉིད་ ཀྱིས་རྣམ་པར་གནས་པ་ཡིན་པའི་ཕྱིར་ཤེས་པ་གཞན་ལ་ལྟོས་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་ཁྱབ་པར་བྱེད་པ་མ་ཡིན་པ་མ་ཡིན་ཏེ། སྒྲ་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པ་ཉིད་ནི་མཐར་ཐུག་པར་འདོད་པའི་ཕྱིར་རོ། །དོན་བྱེད་པའི་ཤེས་པ་ནི་དྲོ་བ་ལ་སོགས་པ་ཉམས་སུ་མྱོང་བ་མི་བསླུ་ བ་མ་ཡིན་ནམ། དེ་ཡང་དེ་ལས་གཞན་པ་གང་ཡིན་པ་ནི་མེད་པའི་ཕྱིར་གང་ལ་མི་བསླུ་བ་ཅན་ཉིད་ཡིན། བདེན་ཏེ། དངོས་པོ་ལ་དབྱེ་བ་མེད་ཀྱང་རྟོགས་པའི་དབྱེ་བ་ལ་མི་རྟག་པ་ཉིད་དམ་བྱས་པ་ཉིད་དག་གིས་གཏན་ཚིགས་དང་། གཏན་ཚིགས་ཅན་ཉིད་བཞིན་དུ་མི་བསླུ་བ་དང་མི་ བསླུ་བ་ཅན་ཉིད་དུ་འགྱུར་རོ། །ཕྲད་པར་བྱ་བའི་ཡུལ་ལ་ཚད་མ་ཉིད་མ་ཡིན་ནམ། སྔ་མ་ལ་ནི་རིགས་ན་ཕྱི་མ་ལ་ནི་མ་ཡིན་ཏེ། ཕྲད་པར་བྱ་བ་ལ་ཐ་དད་པ་མེད་པའི་ཕྱིར་དང་། ཐ་དད་པ་མ་ཡིན་པ་ཡོད་པ་ཡིན་ལ། སྔ་མ་ནི་དེ་ལྟ་བུ་མ་ཡིན་ཏེ། དེས་ན་ཡང་ཕྱི་མ་ཚད་མ་ཉིད་དུ་ཁས་ལེན་ པ་ཡིན་ལ། སྔ་མ་ནི་མ་ཡིན་ཏེ། དེ་ལྟ་བུ་མེད་པའི་ཕྱིར་རོ། །བདེན་ཏེ། ཕྱི་མ་ཉིད་ནི་ཕྲད་པར་བྱ་བ་ལ་བར་དུ་ཆོད་པ་མེད་པའི་ཕྱིར་ཚད་མ་ཡིན་ལ་སྔ་མ་ནི་ཤེས་པའི་ཆ་དང་། ཤེས་བྱའི་ཆ་དག་དང་གཉི་གའི་ཡང་ཐ་དད་པར་ཞེན་པ་ཡིན་པའི་ཕྱིར་ཐ་དད་པ་མེད་པ་ཁོ་ནར་ཚད་མ་ཉིད་ཀྱི་ རྒྱུ་མཚན་ཡིན་ཏེ། དེ་ཡང་ཁ་ཅིག་ཏུ་ནི་བདེན་པ་ཡིན་ལ། ཁ་ཅིག་ཏུ་ནི་སྒྲོ་བཏགས་པ་ཉིད་ཡིན་ནོ། །རྗེས་སུ་དཔག་པ་ནི་ཕྲད་པར་བྱ་བ་ལ་ཐ་དད་པ་མེད་ཀྱང་སྒྲོ་བཏགས་པ་ཡིན་ཏེ། མངོན་སུམ་མ་ཡིན་ལ། གཞན་གྱི་དེ་མ་ཐག་པ་གཞན་མཐོང་བ་ལས་འབྱུང་བའི་ཕྱིར་རོ། །མངོན་ སུམ་ནི་གལ་ཏེ་ཡང་རང་གི་ངོ་བོ་མཐོང་བ་ལས་བྱུང་བ་དེ་ལྟ་ན་ཡང་། ཕྲད་པར་བྱ་བ་དང་དེའི་ངོ་བོ་དག་རྗེས་སུ་དཔག་པའི་ངོ་བོ་དང་ཕྲད་པར་བྱ་བ་བཞིན་དུ་ཐ་དད་པ་མེད་པར་ཞེན་པའི་ཕྱིར་ཚད་མ་ལོག་པ་ཉིད་ཡིན་ནོ། །འདི་དག་ཙམ་ནི་མངོན་སུམ་དང་རྗེས་སུ་དཔག་པའི་དབྱེ་བ་ཡིན་ནོ། ། མངོན་སུམ་དང་ཅིག་ཤོས་དག་གི་སོ་སོར་སྣང་བ་དག་གི་རིག་པར་བྱ་བ་ལ་ནི་ཐ་དད་པ་ཡོད་པ་ཁོ་ན་ཡིན་ཏེ། ཕྲད་པར་བྱ་བ་ཉིད་ཀྱིས་རང་གི་ངོ་བོ་རིག་པ་ཉིད་ནི་མི་བསླུ་བར་རིག་པ་ཡིན་ཏེ། མི་བསླུ་བར་ཤེས་པ་ཉིད་ནི་ཚད་མ་ཉིད་ཡིན་ནོ། །དེས་ན་དུ་བ་ལ་སོགས་པ་ཚད་མར་ཐལ་བར་ འགྱུར་བ་ནི་མ་ཡིན་ནོ། །ཕྲད་པར་བྱ་བ་ལས་ཐ་དད་པའི་མངོན་པའི་ང་རྒྱལ་གྱིས་དེ་རིག་པ་ཡང་དེ་རིག་པ་མ་ཡིན་པའི་ཕྱིར་ཕྲད་པར་བྱ་བའི་རང་གི་ངོ་བོ་ལ་དབྱེ་བ་མེད་པར་རྟོགས་ན། ཚད་མ་ཉིད་ཀྱི་ཡན་ལག་ཡིན་ནོ་ཞེས་བྱ་བའི་དགོངས་པས་གང་ལ་གཞན་གྱིས་དོན་བྱེད་ཅེས་བྱ་བ་སྨོས་ཏེ། སྒྲོ་བཏགས་པའི་དབྱེ་བ་མེད་པ་ལས་བདེན་པའི་དབྱེ་བ་མེད་པ་ཕུལ་དུ་བྱུང་བ་ཡིན་ཞེས་བྱ་བའི་དོན་ཏོ། །སྒྲ་ལས་བྱུང་བ་སྟེ། སྒྲས་སྐྱེད་པའི་ཤེས་པ་ནི་བསླུ་བ་མ་ཡིན་པའི་བསམ་པས་སྨྲ་བ་པོས་མངོན་པར་བསམས་པ་རྟོགས་པའི་དོན་དང་མཚུངས་པའི་རྣམ་པའི་མངོན་པར་འདོད་པ་ སྟོན་པའི་ཕྱིར། གསལ་བར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་འདིའི་དོན་མ་ཡིན་ནམ། དེའི་ཕྱིར་འདི་ལ་ཁྱབ་པར་བྱེད་པ་མ་ཡིན་པ་བསལ་བར། ཇི་སྐད་བསྟན་པ་ཇི་ལྟ་ཡིན། །གལ་ཏེ་འདི་ཡི་དོན་ཡིན་ན། །སྨྲ་བ་པོ་ཡི་བྱ་བ་ཡི། །ཞེས་བྱ་བ་ལ་སོགས་པའི་དོན་གོ་ བར་འགྱུར་རོ། །འདིས་ནི་དེ་ཉིད་ཀྱི་དོན་གསལ་བར་བྱེད་པ་ཡིན་ནོ། །འདི་ཉིད་ཀྱིས་ཆོག་མོད་མི་གསལ་བ་དེས་ཅི་ཞིག་བྱ། བཤད་བྱ་དང་། བཤད་བྱེད་ཉིད་ཡིན་ན་ཡང་དོན་ཐ་དད་པ་ཉིད་ཡིན་ན་ནི་མི་རིགས་སོ་ཞེས་བསྟན་པ་ནི། སྒྲའི་ཡུལ་ཅན་གྱི་ཤེས་ པ་ནི་ཞེས་བྱ་བའོ། །གནོད་པ་མེད་པ་ཅན་གྱི་རྟོགས་པ་ནི་ཕ་རོལ་པོའི་འདོད་པ་མ་ཡིན་ནམ། རང་གི་ངོ་བོ་རྟོགས་པ་ཙམ་གྱིས་ཞེས་བྱ་བས་དེ་རྟོགས་པ་ཙམ་ཇི་ལྟར་དགག་པ་ཡིན། ཀུན་དུ་རྨོངས་པ་འཇིག་རྟེན་པ་མ་ཡིན་པའི་དོན་སྨྲ་བ་པོའི་འདོད་པ་བསལ་བའི་ཕྱིར་ཡང་མ་ཡིན་ཏེ། དེ་རྣམས་ཀྱིས་ཀྱང་ཀུན་དུ་རྨོངས་པ་ལ་སོགས་པ་དང་བྲལ་བར་རྟོགས་པའི་ཡུལ་དུ་ཁས་བླངས་པའི་ཕྱིར་རོ། །དེ་ཉིད་གནོད་པ་མེད་པ་ཅན་གྱི་རྟོགས་པ་ཞེས་བྱ་བ་འདིས་བསྟན་པའི་བྱེ་བྲག་མེད་པའི་རྟོགས་པ་ཙམ་ཚད་མ་ཡིན་ཏེ། དེ་ཡང་ཡོན་ཏན་ གྱིས་བསྐྱེད་པ་མ་ཡིན་ཏེ། སྐྱོན་ལས་ཀྱང་སྐྱེ་བའི་ཕྱིར་རོ། །སྐྱོན་གྱིས་བསྐྱེད་པ་ཡང་མ་ཡིན་ཏེ། དེ་མེད་ཀྱང་འབྱུང་བའི་ཕྱིར་རོ། །དམིགས་ཀྱིས་བསལ་བས་འབའ་ཞིག་དམིགས་ཀྱིས་བསལ་བ་ཡིན་པའི་ཕྱིར། སྤྱིར་བཏང་བ་ལས་བྱུང་བ་ཁོ་ན་ཚད་མ་ཡིན་ནོ་ཞེས་ཁ་ཅིག་ ཟེར་རོ། །དེ་ལ་རང་གི་ངོ་བོ་རྟོགས་ཙམ་གྱིས། །ཞེས་བྱ་བ་སྨོས་ཏེ། དེ་ཡང་དམིགས་ཀྱིས་བསལ་བའི་ཡུལ་ཡོངས་སུ་སྤངས་པ་ལས་ཡིན་པའི་ཕྱིར། སྤྱིར་བཏང་བའི་ཡུལ་ཉིད་མཐར་ཐུག་པ་ཡིན་ཞེས་བྱ་བའི་དོན་ཏོ། །གནོད་པ་ཅན་མེད་པ་ཙམ་ལ་བྱེ་བྲག་ཡིན་གྱི་གཞན་ནི་མ་ཡིན་ ཏེ། ཤེས་པའི་ཁོངས་སུ་གཏོགས་པ་མ་ཡིན་ནམ། དེས་ན་དོན་དུ་གཉེར་བ་པོ་ཡུལ་རྟོགས་པ་ཙམ་ལས་འཇུག་པ་ཡིན་གྱི་བྱེ་བྲག་ལས་ནི་མ་ཡིན་ནོ། །ཚད་མ་མ་ཡིན་པ་ལ་ནི་གནོད་པ་ཅན་གྱི་ཤེས་པ་གཞན་ནམ། ཕྱི་རོལ་གྱི་བྱེ་བྲག་ལ་ལྟོས་པར་བྱ་བ་ཡིན་ན། འདི་ལ་ཡང་དེ་ མེད་པ་ནི་བྱེ་བྲག་ཡིན་ནོ་ཞེས་བྱ་བར་ནི་མི་རིགས་ཏེ། གསོག་ཏུ་གྱུར་པའི་ཕྱིར་རོ། །སྐྱེས་པའི་དུས་ཉིད་ནི་རྙེད་པར་སླ་བ་ཉིད་ཀྱིས་ལྟོས་པ་མེད་པ་ཅན་ཡིན་པའི་ཕྱིར་རོ། །སྐྱེས་པའི་དུས་ཉིད་ན་དེ་མེད་པ་ནི་ཚད་མ་མ་ཡིན་པ་ལ་ཡང་དེ་ཡོད་པ་ཡིན་ཏེ། ཕྲད་པའི་དུས་ན་ཡང་སྐྱེས་པའི་དུས་ ཤེས་པ་མ་ཡིན་པའི་ཕྱིར་གནོད་པ་ཅན་ཡོད་པ་བཞིན་དུ་དེ་མེད་པ་ལ་ཡང་ཐེ་ཚོམ་ཟ་བ་ཡིན་ན་རྟོགས་པ་དང་ལྡན་པ་རྣམས་འཇུག་པ་མ་ཡིན་ནོ། །ཡུལ་རྟོགས་པ་ཙམ་ལས་འཇུག་པ་ཡང་མ་ཡིན་ཏེ། ཚད་མ་མ་ཡིན་པ་ལ་ཡང་ཡོད་པའི་ཕྱིར་རོ། །ཕྲད་པར་བྱ་བའི་ཡུལ་རྟོགས་ པར་བྱ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་སྔར་རང་གི་དུས་འཛིན་པ་ལས་འབྱུང་བ་ཡིན་ཞེས་བྱ་བར་ནི་མི་རིགས་ཏེ། མངོན་སུམ་ནི་ཡོད་བཞིན་པ་ལ་དམིགས་པར་བྱེད་པའི་ཕྱིར་རོ། །དེས་ན་ཡང་དངུལ་དུ་འཛིན་པ་ནི་ཡུན་རིང་པོ་གནས་པ་ཉིད་དུ་འཛིན་པ་འདི་ནི་ལེགས་པར་སྨྲས་པ་མ་ཡིན་ ནོ། །ཕྲད་པར་བྱ་བ་དང་རང་གི་ངོ་བོ་དག་ལ་གཅིག་པ་ཉིད་དུ་ཞེན་པ་ཡོད་ཀྱང་། དེ་ནི་དེ་དག་གི་འབྲས་བུ་ཉིད་ཀྱི་རྒྱུ་མཚན་ཡིན་ཏེ། དེ་ཤེས་ན་འབྱུང་བ་ཡིན་པའི་ཕྱིར་འདི་ལྟ་བུའི་ཡུལ་རྟོགས་པ་ལས་འཇིག་རྟེན་པ་འཇུག་པ་ཡིན་གྱི། ཁྱེད་ཀྱིས་སྨྲས་པའི་རྟོགས་པ་ཙམ་ལས་འཇུག་པ་ནི་མ་ ཡིན་ནོ། །རིག་བྱེད་ལ་ནི་དེ་མི་སྲིད་དོ། །དབང་པོའི་ཡུལ་ལས་འདས་པ་ཉིད་ཀྱིས་ཕྲད་པར་བྱ་བའི་འབྲས་བུ་ཉིད་མི་ཤེས་པའི་ཕྱིར་རོ། །རྗེས་སུ་དཔག་པ་ལ་ནི་རྟགས་དེའི་འབྲས་བུ་ཉིད་ཤེས་པ་ལས་རྟོགས་པ་ཡིན་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །ཡང་ན་འདིའི་དཔེ་ཉེ་བར་ དགོད་པ་ནི་དཔེར་ན་རྟོགས་པ་ཙམ་ནི་ཚད་མ་མ་ཡིན་པ་དེ་བཞིན་དུ་གནོད་པ་མེད་པའི་རྟོགས་པ་ཡང་ཁྱབ་ཆེས་པའི་ཕྱིར་སྙམ་དུ་དགོངས་པའོ། །དཔེར་ན་རྟོགས་པ་ཙམ་ནི་རབ་ཏུ་སྦྱོར་བར་བྱེད་པ་མ་ཡིན་ཞིང་མངོན་པར་འདོད་པ་མ་ཡིན་ལ། དེ་བཞིན་དུ་གནོད་པ་མེད་པ་ཉིད་ཀྱང་སྐྱེས་བུའི་ དོན་མ་ཡིན་པའི་ཕྱིར། རྟོགས་པ་དང་ལྡན་པ་རྣམས་རབ་ཏུ་སྦྱོར་བར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པ་ནི། རྟོགས་པ་ཙམ་དང་འབྲེལ་པ་ནི་ཞེས་བྱ་བའོ། །དེ་ཡང་མཚུངས་པ་ཉིད་དོ་ཞེས་བྱ་བ་འདི་ཡང་རབ་ཏུ་སྦྱོར་བར་བྱེད་པ་མ་ཡིན་པ་ཉིད་ཀྱིས་ཞེས་བྱ་བ་འདི་ལ་ལྟོས་པར་བྱ་བ་ཡིན་ནོ། །རབ་ ཏུ་སྦྱོར་བར་བྱེད་པ་ཉིད་མ་ཡིན་དུ་ཟིན་ཀྱང་ཁྱབ་ཆེས་པ་ཉིད་ཇི་ལྟར་ཡིན། གནོད་པ་མེད་པ་རྟོགས་པ་ནི་ཚད་མ་ཡིན་ཏེ། དངུལ་ལ་སོགས་པའི་ཤེས་པ་ནི་གནོད་པ་ཅན་ཡིན་ལ། ཕྱིས་འདི་མ་ཡིན་ནོ་ཞེས་པ་ལས། དེའི་འོག་ཏུ་ཡང་ཉ་ཕྱིས་སུ་སྟེ་དེ་རྣམས་ལས་ཀྱང་བར་ མས་དང་པོ་བསལ་ནས་ཐ་མར་ཉ་ཕྱིས་ཀྱི་ཤེས་པ་ངེས་པར་བྱེད་པ་མ་ཡིན་ལ། ཉ་ཕྱིས་ཀྱི་ཤེས་པས་ཀྱང་དང་པོའི་དངུལ་དུ་ཤེས་པ་བསལ་ནས། བར་མ་འདི་མ་ཡིན་ནོ་ཞེས་བྱ་བ་ངེས་པར་བྱེད་པ་ཡིན་ཏེ། དེས་ན་ཕན་ཚུན་བསྟེན་པ་མ་ཡིན་ནོ། །དེ་ཡང་། རེ་ཞིག་ཐ་མས་དང་པོ་གཉིས། ། བར་མས་དེ་བཞིན་ཐོག་མཐའ་དག །ཡོངས་གཅོད་དང་པོ་བསལ་ནས་ནི། །ཐ་མ་ཚད་མ་ཉིད་ཡིན་ནོ། །ཞེས་སྨོས་པའོ། །ཡང་འདི་རྣམས་ལས་གང་ལ་གནོད་པར་བྱ་བ་ཡིན། འཇུག་པའི་ངོ་བོ་འབྲས་བུ་ལའོ། །འབྲས་བུ་ལ་ཅི་ཞིག་བྱས་པ་ལས་གནོད་པར་བྱེད་ པ་ཡིན། གལ་ཏེ་དེ་བྱས་པས་གཞན་གྱིས་དེ་ལ་ཅི་བྱར་ཡོད། ཤིང་ལ་སོགས་པ་རྒྱུན་མི་འཆད་པར་འབར་བ་ལ་སོགས་པར་སྣང་ལ་འབར་བ་ལ་སོགས་པ་དེ་ལས་གཞན་བཙལ་བར་བྱ་བར་འགྱུར་བར་ཐུག་པ་མེད་པར་འགྱུར་རོ། །དེའི་ཕྱིར་འབྲས་བུ་ལ་གནོད་པ་བྱེད་ པ་ཁོ་ན་གནོད་པ་ཡིན་ཏེ། དེ་ཡང་། ཤེས་པ་སྔ་མའི་འབྲས་བུ་ནི། །རྣམ་གཅོད་ཕྱི་མ་གནོད་བྱེད་ཡིན། །འབྲས་བུ་འཇོམས་པ་གནོད་བྱེད་པ། །ཡིན་གྱི་ཁྱད་པར་ཅན་གཞན་མིན། །ཞེས་སྨོས་པའོ། །ཡང་ཡུལ་འཕྲོག་པ་ནི་མ་ཡིན་ཏེ་དེ་མི་ནུས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། འདས་པ་ཡང་ནི་ཡུལ་ ལས་ཀྱང་། །རྣམ་གཅོད་ཉིད་ནི་ནུས་མིན་ཏེ། །རྐུན་པོས་ནོར་བླངས་ནས་བྱེད་བ། །དེ་ལས་དབྲོག་པར་སུ་ཡིས་ནུས། །ཞེས་སྨོས་པའོ། །ཡང་ཡུལ་ངེས་པ་ནི་འཇུག་པའི་རྒྱུ་མཚན་ཡིན་ལ། རྒྱུ་མཚན་ལ་གནོད་པ་མེད་པ་ཡིན་ན། ཇི་ལྟར་དེ་ལ་གནོད་པར་བྱེད་པ་ཡིན། འདས་པའི་ཡུལ་ མེད་པ་ཡང་ཤེས་པར་བྱེད་པར་ནུས་པ་ཉིད་ཀྱི་ཕྱིར་ཡུལ་འཕྲོག་པ་ཉིད་གནོད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བསྟན་པ་ནི་སད་པའི་ཤེས་པས་ཞེས་བྱ་བའོ། །བྱེ་བྲག་མ་མཐོང་བ་ལས་ཉ་ཕྱིས་ལ་དངུལ་གྱི་ཤེས་པ་སྐྱེས་པ་ཡིན་ལ། དེ་ལ་གནོད་པར་བྱེད་པ་ནི་བྱེ་བྲག་ཏུ་འཛིན་པ་ཅན་ཡིན་ ནོ། །དེ་ཡང་ཉ་ཕྱིས་ཀྱི་ཤེས་པ་དང་། འོག་ཏུ་ཡང་དེའི་བྱ་བའི་རྗེས་སུ་འབྲངས་པ་ཅན་འདི་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཐ་སྙད་ཀྱི་ཤེས་པའི་རིམ་པ་ཡིན་པས་ཕ་རོལ་སྨྲ་བ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། གནོད་པ་ཞེས་བྱ་བ་འདི་ནི་ཅི་ཞིག་ཅེས་བྱ་བ་སྟེ། ཡུལ་འཕྲོག་པར་ནུས་ པ་ཡིན་ན། དེ་ཉིད་གནོད་པ་ཅན་ཡིན་ནོ་ཞེས་བྱ་བ་འདི་ལ་གལ་ཏེ་གཞན་གྱི་ཡུལ་མེད་པར་ཞེས་བྱ་བ་སྨོས་པ་ལ་དོན་ནི་འདི་ཡིན་ཏེ། ཉ་ཕྱིས་ཀྱི་ཤེས་པ་ནི་རང་གི་ཡུལ་གྱི་ངོ་བོ་འཛིན་པ་ལ་འཇུག་པ་ཡིན་གྱི་གཞན་དུ་བྱེད་པ་ནི་མ་ཡིན་ནོ། །དེ་ཡོངས་སུ་གཅོད་ཅིང་དེ་ལས་གཞན་པ་རྣམ་པར་ གཅོད་པ་ནི་རིག་པ་ཡིན་ནོ་ཞེ་ན། ཤེས་པ་ཐམས་ཅད་དེ་ལྟ་བུ་ཡིན་པའི་ཕྱིར་ཐམས་ཅད་གནོད་པ་ཅན་དུ་འགྱུར་ཏེ། དེ་ལྟར་ཡང་འཆད་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་དོན་དམ་པའི་གནོད་པར་བྱ་བ་དང་། གནོད་པར་བྱེད་པ་ཉིད་ནི་མེད་པ་ཡིན་ལ་དེ་མེད་པའི་ཕྱིར། གནོད་ པ་མེད་པ་ཅན་ཉིད་ཀྱང་མ་ཡིན་ཞེས་བྱ་བ་འདིས་ཁྱབ་ཆེས་པ་གསལ་བར་གྱུར་པ་ཡིན་ནོ། །གལ་ཏེ་འདོད་པ་དང་ཕྲད་པ་ལ་ཉེ་བར་སྦྱོར་བ་ཉིད་ཡིན་པའི་ཕྱིར་གནོད་པ་མེད་པ་ཉིད་ངེས་པར་ཁས་བླངས་པ་ཉིད་ཡིན་ན་ཡང་། དེ་ཡང་གནས་པ་སྟེ་མི་གཡོ་བ་ཡིན་ནོ་ཞེས་བསྟན་པ་ནི་འདི་ནི་ དོན་བྱེད་པ་རྣམ་པར་གནས་པ་མ་ཡིན་ཏེ་ཞེས་བྱ་བའོ། །གནོད་པ་མེད་པ་ཙམ་ཉིད་ནི་ཐུག་པ་མེད་པའི་ཕྱིར་མི་སྲིད་པ་ཉིད་ཡིན་པར་བསྟན་པ་ནི་གནོད་པ་མེད་པ་ཉིད་ཅེས་བྱ་བའོ། །འོན་ཏེ་གནོད་པ་མེད་པ་ཡིན་ན། དོན་ལ་ངེས་པ་སྐྱེད་པའི་ཚད་མ་ཉིད་ལ་འཇུག་པའི་ཡན་ལག་མ་ཡིན་ནམ། དེ་ལ་ཡང་གང་གི་ཚེ་དམིགས་ཀྱིས་བསལ་བར་དོགས་པ་དེའི་ཚེ་སྔ་མ་ལས་བཟློག་པའི་དོན་འཛིན་པ་ཅན་གྱི་ཤེས་པ་གཞན་ནི་ཚད་མ་ཡིན་ལ། དེ་ལ་ཡང་དོགས་པ་ཡོད་ན་ཤེས་པ་བར་མས་བཟུང་བའི་དོན་ལས་བཟློག་པ་འཛིན་པ་ཅན་གྱི་ཤེས་པ་གསུམ་པ་དེ་ཉིད་ལས་སྔ་མ་ཚད་མ་ཉིད་དུ་ ངེས་པས་འདི་ཙམ་གྱིས་ཐ་སྙད་བརྗོད་པའི་ཕྱིར་ཤེས་པ་གཞན་བཙལ་བར་བྱ་བ་མ་ཡིན་ནོ། །དེ་ཡང་། དེ་ལྟར་རྟོགས་བྱེད་ཤེས་པ་ནི། །གསུམ་ཆར་གསལ་བ་མ་ཡིན་ཏེ། །དེ་ཕྱིར་གནོད་པ་སྐྱེ་མིན་པའང་། །གནོད་པ་ཅན་དུའང་དོགས་བྱ་མིན། །ཞེས་སྨོས་པའོ། །གནོད་པ་ཅན་ ལ་ཡང་གནོད་པ་ཅན་དུ་སྣང་བའི་ཕྱིར། གནོད་པ་ཅན་དུའང་དོགས་བྱ་མིན། །ཞེས་ཅིའི་ཕྱིར་སྨྲས་ཤེ་ན། རང་ཉིད་གང་ལ་ཐེ་ཚོམ་སྐྱེས་པ་དེ་ལ་ནི་ཤེས་པ་གཞན་ལས་ལྟོས་པ་ཡིན་གྱི། གང་ལ་མ་སྐྱེས་པ་དེ་ལ་ནི་ནན་གྱིས་བསྐྱེད་པར་བྱ་བ་མ་ཡིན་ནོ། །གཞན་དག་ན་རེ་ནན་གྱིས་ཀྱང་ བསྐྱེད་པར་བྱ་བ་ཡིན་ཏེ། དེ་ཡང་ཤེས་པ་གསུམ་བཞི་སྐྱེས་བཞིན་པ་ཙམ་ལས་ལྡོག་པར་གཞན་དུ་མཐོང་བ་ཡིན་ལ། དེ་བཞིན་དུ་འདིར་ཡང་འགྱུར་བ་ཡིན་ཏེ། དེ་ཁོ་ན་བཞིན་དུ་མཐོང་བའི་ཕྱིར་རོ། །མ་སྐྱེས་པ་ལའང་གནོད་པ་ཅན། །ཚོལ་བའི་རྨོངས་པ་གང་ཡིན་པ། །དེ་ནི་ ཐ་སྙད་ཐམས་ཅད་ལ། །ཡིད་གཉིས་ངོ་བོ་ཟད་དེ་འགྲོ། །ཞེས་བྱ་བ་དང་། ཀུན་ཏའི་བུ་རྣམས་ཐེ་ཚོམ་དང་། །བཅས་ལ་འཇིག་རྟེན་འདི་དང་གཞན། །མེད་ཅེས་ཐེ་ཚོམ་བདག་ཉིད་ཅན། །ཁྱབ་འཇུག་གིས་ནི་སྨད་པ་ཡིན། །ཞེས་སྨོས་པའོ། །རང་གི་ངོ་བོ་རང་གིས་རིག་པས་ ཕྲད་པར་བྱ་བ་དང་འབྲེལ་བ་ཅན་རང་གིས་རིག་པས་ཚད་མ་ཉིད་དུ་འགྱུར་བ་ནི་མ་ཡིན་ཏེ། ཤེས་པ་ལ་སྣང་བཞིན་པ་ཐམས་ཅད་ཕྱི་རོལ་ཉིད་དུ་ཤེས་པའི་ཕྱིར་རང་གི་ངོ་བོ་མ་ཡིན་ལ་མ་ཡིན་པ་ཉིད་དུ་ངེས་པ་ཡིན་ནོ། །ཕྱི་རོལ་ལ་ཡང་ཁ་ཅིག་ལ་དོན་མེད་པའི་ཕྱིར། དེས་ དབེན་པའི་དོན་གྱིས་དམིགས་ཀྱིས་བསལ་བར་དོགས་པ་དང་བྲལ་བ་ཡིན་ན་རང་ཉིད་ལས་ཡིན་ནོ། །ཕྱི་རོལ་ཉིད་དུ་སྣང་བཞིན་པ་ནི་རང་གི་ངོ་བོ་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ། །དམིགས་ཀྱིས་བསལ་བར་དོགས་པ་དང་བྲལ་བ་ཡིན་ན། ཤེས་པར་བྱ་བ་དོན་མ་ཡིན་པ་མ་ཡིན་ཏེ། རང་གི་ངོ་བོ་ལ་ཡང་དེ་བཞིན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཤེས་པར་བྱ་བ་ཡང་སྐད་ཅིག་ཉིད་མ་ཡིན་ཏེ། སྔ་མ་དང་ཕྱི་མའི་དུས་འགལ་བ་མེད་པ་ཅན་ཉིད་དུ་སྣང་བའི་ཕྱིར་རོ། །གནོད་པ་ཅན་དུ་དོགས་པ་ལྡོག་པ་ལ་མི་བསླུ་བ་རྒྱུ་མཚན་མ་ཡིན་ཏེ། གཞན་ཉིད་འཇིག་རྟེན་པ་ ལ་ཡོད་པའི་ཕྱིར་རོ། །དེ་ཡང་། གནོད་པ་ཅན་དོན་གཉེར་བ་ལ། །གང་ཞིག་གང་ལ་ལྟོས་པ་ཡིན། །ཡུལ་དུས་མི་ཡི་གནས་སྐབས་ཀྱི། །དབྱེ་རྣམས་ཐ་སྙད་ཉིད་ལ་ངེས། །ཞེས་སྨོས་པའོ། །ཐག་རིང་པོ་ན་གནས་པ་ཉིད་ཀྱི་ཕྱིར། གང་ལ་ཇི་ལྟ་བ་བཞིན་མཐོང་བ་མ་ཡིན་པར་ དོགས་པ་དེ་ལ་ཐེ་ཚོམ་ལོག་པའི་མཚམས་སྲིད་དུ། ཐག་ཉེ་བར་ཕྱིན་པ་ཉིད་ཡིན་གྱི་དུས་གཞན་ལ་སོགས་པ་ལ་སྡོད་པ་ནི་མ་ཡིན་ཏེ། སྨིག་རྒྱུ་ལ་སོགས་པའི་ཤེས་པ་ལྟ་བུའོ། །དེ་བཞིན་དུ་དམག་གི་དུས་སུ་བ་ལང་ངམ་རྟ་ལ་སོགས་པར་ཐེ་ཚོམ་ཟ་བའམ། འཁྲུལ་པ་གང་ཡིན་པ་དེ་ ལ་ངེས་པར་གསལ་བར་འགྱུར་བ་ནི་མཚམས་ཡིན་ནོ། །མཚན་མོ་སྲིན་པོ་མེ་ཁྱེར་ཡང་། །མེ་དང་འདྲ་བ་ཀུན་གྱིས་མཐོང་། །ཉིན་མོ་གསལ་བར་མཐོང་ཉིད་ཀྱིས། །འཁྲུལ་པ་ཡིན་པར་གོ་བ་ཡིན། །དེ་བཞིན་དུ། ཟླ་བ་གཉིས་དང་ཕྱོགས་རྨོངས་དང་། །རིག་བྱེད་ཡི་གེ་དབྱངས་ སོགས་རྣམས། །སྐྱེས་བུ་གཞན་ལ་ལེགས་དྲིས་ལས། །གཞན་པ་ཉིད་དུ་ངེས་འཛིན་འགྱུར། །འདོད་ཆགས་ཞེ་སྡང་མྱོས་དང་སྨྱོ། །བཀྲེས་སྐོམ་སོགས་ཀྱིས་དབང་ཉམས་པས། །ཤེས་བྱ་དོན་ལ་ལོག་རྟོགས་པའི། །ཕྱིན་ཅི་ལོག་རྣམས་མེད་པས་སོ། །དེ་བཞིན་ཕྲ་བ་བསྐོར་ བ་ལས། །འདྲ་བ་སོགས་རྣམས་ལ་འཁྲུལ་ཉིད། །རྒྱུ་ཡི་ཕྱིན་ཅི་ལོག་གྱུར་ལས། །གཞན་པ་ཉིད་དུ་ངེས་འཛིན་འགྱུར། །དེ་ལྟར་རྒྱུ་ཡི་སྐྱོན་རྣམས་སུ། །གང་ཞིག་གང་ལ་རྟོགས་འགྱུར་བ། །དེ་ཉིད་ཡོད་དང་མེད་པ་ལས། །དེ་ལ་བདེན་དང་བརྫུན་བློ་དག །ཅེས་བྱ་བར་ དོགས་པ་ལ། དང་པོ་གནོད་པ་མེད་པ་ནི། །ཞེས་བྱ་བ་སྨོས་ཏེ། དེ་ཉམས་སུ་མྱོང་བའི་རང་གི་ངོ་བོ་རིག་པ་ཡིན་གྱི། གཞན་ཡང་རིག་པར་བྱ་བ་ནི་མ་ཡིན་ཏེ། རིག་པ་མེད་པའམ་གཞན་རིག་པར་བྱ་བ་ཉམས་སུ་མྱོང་བ་ཡིན་ན་དོན་རིག་པ་མ་ཡིན་པར་ཐལ་བར་འགྱུར་རོ། །ཉམས་ སུ་མྱོང་བ་རིག་པ་ནི་དོན་རྟོགས་པ་ཡིན་ནོ། །ཉམས་སུ་མྱོང་བའི་དོན་རིག་པར་ཇི་སྐད་བསྟན་པ་སྟེ། དོན་གྱིས་ཤེས་པ་ནི་བློ་སྒྲུབ་པར་བྱེད་པ་ཁས་ལེན་པ་ཡིན་གྱི་བློ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །དབང་པོའི་བྱ་བ་དང་དེའི་ཉེ་བར་ཞི་བ་དག་གི་བར་གྱི་གནས་སྐབས་གང་ཡིན་པ་ནི་ ཉམས་སུ་མྱོང་བ་ཡིན་ནོ། །དེ་ལ་ཐ་དད་པ་མ་ཡིན་པ་ཉམས་སུ་མྱོང་བའི་རང་གི་ངོ་བོ་ལ་ནི་དབྱེ་བ་མེད་པའི་ཕྱིར་ཐེ་ཚོམ་ཟ་བ་མ་ཡིན་ལ། ཐ་དད་པ་ཡིན་ན་ནི་འགྱུར་རོ། །བྱུང་བར་གྱུར་པ་ཡང་ཚད་མ་གཞན་གྱིས་ལྡོག་པར་བྱེད་པ་ཡིན་ན་མི་རིགས་ཏེ་བྱེ་བྲག་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ དེ་ནི་རང་གི་ངོ་བོ་བཞིན་དུ་གསལ་བར་ནུས་པ་མ་ཡིན་ཏེ། རང་གི་ངོ་བོ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འགྲོ་བ་ཐམས་ཅད་ཀྱིས་ལོང་ལ་ཐོབ་པ་ཡིན་ནོ། །རང་གི་ངོ་བོ་དང་ཕྲད་པར་བྱ་བ་དག་རང་ཉིད་ལས་ངེས་པ་ཡིན་ནོ། །མངོན་སུམ་དང་མི་དམིགས་པ་སྒྲུབ་པར་བྱེད་པ་ལ་འཁྲུལ་པ་ མེད་པ་ཡིན་ནོ། །རང་གི་ངོ་བོ་ཉིད་ནི་ཕྲད་པར་བྱ་བ་དང་འབྲེལ་པ་ཅན་ཉིད་ཀྱི་ཡུལ་དང་དུས་དང་མིང་དང་གནས་སྐབས་ཀྱི་དབྱེ་བས་ཅི་ནས་ཀྱང་ཐ་དད་པར་བྱེད་པ་ཡིན་གྱི། ཕྱི་རོལ་གྱི་དོན་མེད་པར་རིགས་པ་མ་ཡིན་ཏེ། དེ་ནི་ཕྲད་པར་བྱ་བ་དང་མཚན་ཉིད་མི་འདྲ་བར་ཤིན་ཏུ་མ་མཐོང་ བའི་ཕྱིར་རོ། །ཕྲད་པར་བྱ་བ་ཡང་རང་ཉིད་རིག་པར་བྱ་བའི་ཕྱིར་རོ། །དེའི་ཕྱིར་ཕྱིའི་དོན་དུ་སྨྲ་བ་ལ་ནམ་ཡང་ཐེ་ཚོམ་ལྡོག་པ་ཡོད་པ་མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་རོ། །མེད་ཅེས་ཐེ་ཚོམ་བདག་ཉིད་ཅན། །ཁྱབ་འཇུག་གིས་ནི་སྨད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ཡང་དད་པ་ཙམ་ གྱི་རྩ་བ་ཅན་ཡིན་གྱི། འདིར་ཡང་དང་ཡང་བཟླས་པར་འོས་པ་ནི་མ་ཡིན་ཏེ། གནས་སྐབས་མ་ཡིན་པའི་ཕྱིར་རོ། །འདི་ལྟར་ཡང་ཤེས་པ་གསུམ་པ་ལ་གནོད་པ་ཅན་དུ་དོགས་པ་ཡིན་གྱི། རེ་ཞིག་རང་ཉིད་མ་སྐྱེས་པའི་འབྲས་བུ་ལ་ནི་མ་ཡིན་ཏེ། དང་པོ་མ་སྐྱེས་པ་ ནི་དང་པོ་ཤེས་པ་ལ་ཡང་ཡོད་པའི་ཕྱིར་རོ། །འདིར་ནི་ཕྱིས་སྐྱེས་པ་ཡིན་ནོ། །དེ་ལ་ཡང་ཕྱིས་སྐྱེ་པར་མི་འགྱུར་པ་ཇི་ལྟར་ཡིན། འོ་ན་ནི་བྱེ་བྲག་མཐོང་བ་ལས་ཡིན་ནོ། །མ་ཡིན་ཏེ། བྱེ་བྲག་མེད་པའི་ཕྱིར་རོ། །དེ་དག་ཙམ་གྱི་ཐེ་ཚོམ་དང་བྲལ་བ་ཉིད་ནི་དང་པོར་བསྒྲུབ་པར་བྱ་བ་ཡིན་པའི་ ཕྱིར་དང་། དོན་ལ་མི་བསླུ་བར་ཡང་ཁས་མི་ལེན་པའི་ཕྱིར་རོ། །ཐེ་ཚོམ་མ་སྐྱེས་པ་ཞེས་བྱ་བ་འདི་ཡང་རྟོགས་པ་དང་ལྡན་པའི་ཡུལ་ལ་མི་སྲིད་པའི་ཕྱིར་དང་། བྱེ་བྲག་མ་མཐོང་ན་དགག་པར་བྱ་བ་མ་ཡིན་པའི་ཕྱིར་ཐེ་ཚོམ་སྐྱེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་གི་ངོ་བོ་ཡང་གཞན་ལ་ མི་ལྟོས་པར་ཉམས་སུ་མྱོང་བ་ལ་ཅིས་ཐེ་ཚོམ་མེད་པ་ཡིན། དེ་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །ཕྱི་རོལ་ལ་ཡང་གཞན་ལ་ལྟོས་པས་ཉམས་སུ་མྱོང་བ་ཡང་དེ་ཉིད་ཀྱི་ངོ་བོ་ཡིན་ཏེ། ཕྱི་རོལ་གྱི་ཤེས་པས་གོ་བར་བྱ་བ་ཉིད་ལས་གཞན་པའི་ངོ་བོ་ཡོད་པ་མ་ཡིན་ནོ། །ཡིན་དུ་ཆུག་ཀྱང་དེ་དག་ ཙམ་གྱིས་ཕྱི་རོལ་ཉིད་ཡིན་གྱི། དེ་དག་ཙམ་གྱིས་ཚད་མ་ཉིད་མ་ཡིན་ཏེ།། དེ་དག་ཙམ་ནི་ཚད་མ་ཡིན་པ་ལ་ཡང་ཡོད་པའི་ཕྱིར་རོ། །ཕྱི་རོལ་ཙམ་གྱི་དོན་འདིས་ནི་རྩ་བ་བརྗོད་པ་ཡིན་ཏེ། ཕྱི་རོལ་གྱི་དོན་དུ་སྨྲ་བ་ལ་ཚད་མ་དང་ཚད་མ་མ་ཡིན་པའི་རྣམ་པར་དབྱེ་བ་མི་སྲིད་པ་ཡིན་ནོ་ཞེས་བྱ་ བ་ནི་རྩོད་པའི་གཞི་ཡིན་ནོ། །རང་གི་ངོ་བོ་དང་ཕྲད་པར་བྱ་བ་དག་གི་རང་ཉིད་རིག་པའི་ངེས་པ་དག་གི་འཁྲུལ་པ་མེད་པའི་ཤེས་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ལས་རྙེད་པར་སླ་བ་ཡིན་པར་ཡང་བསྟན་ཟིན་ཏོ། །དུང་ལ་སེར་པོ་ལ་སོགས་པའི་ཤེས་པ་ནི་ཇི་ལྟར་སྣང་བ་ལ་མི་བསླུ་བ་མ་ཡིན་པའི་ ཕྱིར་རང་ཉིད་ཐམས་ཅད་ཀྱིས་ཚད་མ་ཉིད་མ་ཡིན་པ་ཁོ་ནའོ་ཞེས་བྱ་བ་དེ་ཉིད་བསྟན་པ་ནི་དུང་ལ་སེར་པོ་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཡང་ཐ་སྙད་ལ་འཇུག་པ་པོ་གང་ཞིག་སེར་པོ་ལ་སོགས་པའི་ཤེས་པ་ལས། ལན་ཅིག་མིན་པར་མཐོང་བ་འཁྲུལ་པ་ཅན་འདི་སྙམ་དུ་སྤྱོད་དེ། གང་དུ་ འདི་ལྟ་བུར་སྣང་བ་དེར་དབྱིབས་ཀྱིས་བསྒྲུབ་པར་བྱ་བའི་བྱེད་པ་དང་ཕྲད་པར་བྱེད་པ་ཡིན་ཏེ། དེ་ཁོ་ན་བཞིན་དུ་སྔར་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་རབ་ཏུ་བསྒྲུབ་པ་ཡང་རྗེས་སུ་དཔག་པར་བྱ་བ་ཉིད་ལས་འདས་པ་མ་ཡིན་ཏེ། དེ་ཡང་རྗེས་སུ་དཔག་པར་བྱ་བ་ཉིད་ཡིན་པས་རྟོགས་པ་པོ་ལ་ ལྟོས་ནས་ཚད་མ་དང་ཅིག་ཤོས་ཉིད་དུ་རྣམ་པར་གཞག་པ་ཁོ་ན་ཡིན་ནོ། །དེ་ནས་ཁས་བླང་བ་བྱ་བ་འདི་ནི་ཐ་ན་སློབ་མའི་རྣམ་པར་རྟོག་པ་ཙམ་ཡོད་པ་ཙམ་ལ་མི་བསླུ་བ་ཡང་རྟོགས་པ་མེད་པ་འཛིན་པ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་དགའ་ཡང་བདག་ཉིད་ཐམས་ཅད་ཀྱིས་ནི་ཚད་མ་མ་ ཡིན་པར་ཁས་བླངས་པ་ཡིན་ལ། དེ་བཞིན་དུ་མ་འཁྲུལ་པ་འཛིན་པ་ལས་རྟོགས་པ་པོ་ལ་ལྟོས་ནས་སེར་པོ་ལ་སོགས་པའི་ཤེས་པ་ཡང་ཚད་མ་ལ་སོགས་པའི་ཤེས་པ་ཉིད་དུ་རྣམ་པར་གཞག་པ་ཡིན་ནོ། །ཅི་སྟེ་གང་ཞིག་དངོས་པོ་ཉིད་ལ་དབྱེ་བ་གཉིས་མེད་པ་དེ་ནི་ཚད་མ་ཡིན་ན། དེ་ལྟར་ ན་རྗེས་སུ་དཔག་པ་ཇི་ལྟར་ཡིན། རྗེས་སུ་དཔག་པ་ནི་འཁྲུལ་པ་ཡིན་ན་ཡང་འབྲེལ་པ་ཡོད་པ་ལས་ཚད་མ་ཡིན་ནོ། །མངོན་སུམ་ཡང་སྔོན་པོའི་ཡུལ་ཅན་ནི་སེར་པོ་ལ་སོགས་པ་ལ་ཚད་མ་མ་ཡིན་ནོ། །དེ་ཡང་། གཞན་སྒྲུབ་བྱེད་པ་གཞན་ཉིད་ལ། །སྒྲུབ་བྱེད་ལྟར་སྣང་ཡིན་པར་བཤད། ། ཅེས་འབྱུང་བའོ། །དེས་ན་ཡང་ཚད་མ་དང་ཅིག་ཤོས་ཀྱི་ཐ་སྙད་ཆད་པར་འགྱུར་རོ། །དེས་ན་གང་ཞིག་འདོད་པའི་ཆ་ལ་འཁྲུལ་པ་ཅན་མ་ཡིན་པ་དེ་ནི་མ་འཁྲུལ་པ་ཡིན་ལ། གང་ཞིག་དེ་ལ་འཁྲུལ་པ་ཡོད་པ་དེ་འཁྲུལ་པ་ཅན་ཡིན་པ་ནི་རྣམ་པར་དབྱེ་བ་ཡིན་ནོ། །དེས་ན་མངོན་སུམ་ ཡང་། དུང་ལ་སེར་པོ་ལ་སོགས་པའི་ཤེས་པ་ཆ་ཤས་ཀྱིས་ཡིན་ནོ་ཞེས་གཞན་དུ་བསྟན་པ་ཡིན་ནོ། །འདིར་ཡང་རྗེས་སུ་དཔག་པ་ཡིན་པའི་ཕྱིར་རྩོད་པ་མེད་དོ། །ཚད་མ་ནི་དངོས་པོ་ཡུལ་ལ་མ་ཡིན་ནམ། དབྱིབས་ཉིད་ནི་དངོས་པོ་མ་ཡིན་ཏེ། དུ་མ་རྣམས་ལ་གཅིག་ཏུ་སྣང་བའི་ ཤེས་པ་ནི་ཤེས་པའི་བྱ་བའི་རྗེས་སུ་འཇུག་པ་སྟེ་དབྱིབས་ཡིན་ལ། ཁ་དོག་ལ་འཁྲུལ་པ་ཡིན་ན་དེ་ཡང་འཁྲུལ་པ་ཅན་ཡིན་ནོ། །ཇི་སྐད་དུ། དབྱིབས་ནི་སོ་སོར་སྣང་བའི་ཆོས་སོ་ཞེས་སྨོས་སོ། །བདེན་མོད་ཀྱི་དབྱིབས་ནི་ཁ་དོག་ལས་ཐ་དད་པ་ཅན་མ་ཡིན་ཏེ། ཁ་དོག་གི་བྱེ་བྲག་ཉིད་ ཡིན་ནོ། །ཁ་དོག་ཅེས་བྱ་བ་ཙམ་ནི་ཤེས་པའི་རྗེས་སུ་འགྲོ་བ་ཅན་མ་ཡིན། བུམ་པ་ལ་སོགས་པའི་བྱེ་བྲག་རྣམས་སྣང་བའི་ཕྱིར་རོ། །དེ་ལྟར་ཡང་རྩོད་པའི་རིགས་པར་ཡང་། སོར་མོ་རྣམས་བརྐྱང་བ་ལས་ཁུ་ཚུར་གཞན་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བསྟན་ པ་ཡིན་ནོ། །དེ་ནི་འདུས་པ་ཡིན་ནོ་ཞེ་ན། དེ་ཉིད་དབྱིབས་ཡིན་པར་ཁོ་བོ་ཅག་གིས་གོ་བ་ཡིན་ནོ། །དུང་སེར་པོའི་དབྱིབས་ལས་དཀར་པོའི་དབྱིབས་གཞན་ཡིན་པས་དེས་ན་མི་བསླུ་བ་མ་ཡིན་ནོ། །སྔོན་པོའི་སྐད་ཅིག་འཛིན་པ་ཅན་གྱི་ཤེས་པའི་སྐད་ཅིག་གཞན་དང་ཕྲད་པ་ལ་མི་བསླུ་བར་ མེད་པར་འགྱུར་རོ། །སྔོན་པོ་མ་ཡིན་པ་ལས་ལོག་པའི་ཕྱིར་གཅིག་ཉིད་ཡིན་ནོ་ཞེ་ན། འདི་ལ་ཡང་དུང་གི་དབྱིབས་མ་ཡིན་པ་ལས་ལོག་པའི་གཅིག་ཉིད་ཡིན་པའི་ཕྱིར་མཚུངས་སོ། །སེར་པོ་མེད་པ་ཉིད་ཅེས་བྱ་བ་ཡང་མི་རིགས་ཏེ། དམིགས་པ་ནི་ཡོད་པ་ཡིན་ནོ་ཞེས་བསྟན་པ་དང་འགལ་ པའི་ཕྱིར་རོ། །ཁ་དོག་ལས་ལྡོག་པ་ཅན་ནི་དབྱིབས་ཀྱང་མ་ཡིན་ལ་འདུས་པ་ཡང་མ་ཡིན་ནོ། །ལྗང་གུ་ལ་སོགས་པའི་ཁ་དོག་ཙམ་གྱི་དངོས་པོ་ཡིན་ནོ། །དེ་ལྟར་ན་སྔོན་པོ་ནི་སྔོན་པོ་གཞན་ལས་ཐ་དད་པ་མ་ཡིན་པར་འགྱུར་ལ། སེར་པོ་ཡང་སེར་པོ་གཞན་ལས་སོ། །ཤེས་པ་གཅིག་ གི་ཡུལ་མང་པོ་རྣམས་ལ་ཤེས་པའི་བྱ་བ་གཅིག་ཡིན་པའི་ཕྱིར། དེའི་རྗེས་སུ་འཇུག་པ་ཙམ་ནི་དབྱིབས་ཡིན་ལ། རྗེས་སུ་འཇུག་པ་ལ་བྱེ་བྲག་མེད་པའི་ཕྱིར་དབྱིབས་ལ་བྱེ་བྲག་མེད་པས་འགྲོ་བ་རྣམས་ཀྱི་སྣ་ཚོགས་པར་སྣང་བའི་ཡུལ་མེད་པར་གྱུར་བའི་ཕྱིར་ཁ་དོག་གི་བདག་ ཉིད་འདུས་པའི་སྣང་བ་ནི་དབྱིབས་ཡིན་ལ། དེ་ཡང་ཁ་དོག་གི་བྱེ་བྲག་འདུས་བཞིན་པ་ཡིན་ནོ་ཞེས་དེ་དག་ཐམས་ཅད་བསྟན་པ་ནི་གང་གིས་ནམ་ཡང་ཞེས་བྱ་བའོ། །འཇུག་པ་དང་མི་འཇུག་པའི་ཐ་སྙད་ཀྱི་དབྱེ་བ་ལས། ཚད་མ་དང་ཅིག་ཤོས་པ་ཐ་དད་པ་ཡིན་པ་དེ་ལྟར་ཅི་ལས་ཤེས་པར་ བྱ་བ་སྙམ་པ་ལ། ཇི་སྟེ་འདི་ནི་ཞེས་བྱ་བ་སྟེ་རྣ་བའི་རྣམ་ཤེས་ནི་ཤེས་པ་བཞིན་ནམ། སེར་པོའི་ཤེས་པ་བཞིན་དུ་ཕྲད་པར་བྱ་བ་དང་ཐ་དད་པ་མེད་ཀྱང་མངོན་པར་འདོད་པ་ལ་འཇུག་པའི་མཚམས་སུ་ངེས་པས་ཉམས་སུ་མྱོང་བ་དེའི་ཚེ་ཡོད་པ་ཡིན་པའི་ཕྱིར་མ་ཁྱབ་པ་མ་ཡིན་པར་བསྟན་པ་ ནི་སྒྲའི་ཡུལ་ཅན་གྱི་ཞེས་བྱ་བ་སྟེ། དེ་ལྟ་ཉིད་ནི་འཇིག་རྟེན་པའི་ཐ་སྙད་ལ་དཔྱོད་པ་དང་མཐུན་པ་ཡིན་པར་བསྟན་པ་ནི། གླུར་བླངས་ཞེས་བྱ་བ་སྟེ། དྲུག་ལྡན་ལ་སོགས་པ་གླུ་ཐོས་པ་དང་། རོལ་