Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 180

Văn bản gốc(Tây Tạng)

Trang 10 / 25 (50.000 ký tự/trang)
་ཉེ་བར་དམིགས་པ་ཅན་གྱིས་རྒྱུ་ཉིད་དུ་དམ་བཅས་པ་ཉིད་ཀྱིས་སེམས་པ་ཅན་མ་ཡིན་པ་བསལ་བ་ཡིན་ནོ། །དེའི་ཕྱིར་བསྒྲུབ་བྱ་གྲུབ་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། ལས་ལས་སྐྱེས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། །བསྒྲུབ་བྱ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བའོ། །ལས་ཁས་ལེན་པ་
ཡིན་ན་དེ་ཉིད་ཀྱིས་ཆོས་སེམས་པ་ཅན་ཙམ་དུ་ཁས་ལེན་པ་ཡིན་པས་རྟོག་པ་ཡང་བར་དུ་འགྱུར་བ་ཡིན་ལ་དབང་ཕྱུག་ལ་ནི་དེ་དང་ཆོས་ཅན་གྱི་རྟོག་པ་ཡང་ཞེས་བྱ་བ་ཡིན་པས་ལྕི་ལ་ཡིན་པར་བསྟན་པ་ནི། གལ་ཏེ་སེམས་པ་ཅན་གྱི་རང་བཞིན་གྱི་ལས་ཡོད་ན་ཞེས་བྱ་བ་སྨོས་སོ། །དེ་ཉིད་འདི་
ཡིན་པ་ནི་སེམས་པ་ཅན་དང་། ཅིག་ཤོས་དང་། བྱེད་པ་པོ་དང་བྱེད་པ་པོ་ཞེས་བྱ་བ་གཉིས་པོ་ཁྱེད་ཀྱི་ལས་ཡིན་པར་བཤད་པ་དང་། བདག་གི་བྱེད་པ་པོ་ཡིན་ཞེས་བྱ་བ་མིང་ཙམ་གྱིས་ཕྱེ་བ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། དེ་ལ་སེམས་པ་མེད་པ་རྣམས་ཞེས་བྱ་བ་སྨོས་སོ། །གང་

གི་ཕྱིར་མིང་ཙམ་གྱིས་ཐ་དད་པར་ཁྱེད་ཇི་ལྟར་འདོད་པ་ཡིན། ཁྱེད་ཀྱིས་ཀྱང་ལས་ནི་ཁས་བླངས་པ་ཡིན་ལ། དེ་ལ་ཡང་སེམས་པ་ཅན་དུ་ལྷག་པར་ཁོ་བོས་བརྗོད་པ་ཡིན་ལ། དེས་ན་ཐ་དད་པའི་དབང་ཕྱུག་དགག་པ་ཡིན་པར་བསྟན་པ་ནི། ལས་ཀྱི་རང་བཞིན་
སེམས་པ་ཉིད། །ཅེས་བྱ་བ་སྟེ། བཤད་པའི་རིགས་པས་ལས་ཀྱིས་བསྐུལ་བ་བྱིན་གྱིས་བརླབས་པར་གྲུབ་པ་ཡིན་ན། སེམས་པ་ཅན་གཞན་ལྷག་པ་ཁོ་ན་ཡིན་ཏེ། དེའི་བྱ་བ་ལྷག་པ་མེད་པའི་ཕྱིར་རོ། །བུམ་པ་ལ་སོགས་པ་ལ་རྫ་མཁན་ལ་སོགས་པའི་ལྷག་མ་ལྟ་བུ་ཡིན་པར་བསྟན་
པ་སྟེ། འདོད་པ་གྲུབ་པ་ཉིད་ལ་གཏན་ཚིགས་སམ་དཔེ་ལ་མ་གྲུབ་པ་ཡིན་ཞེས་སྦྱོར་བར་བྱེད་པ་ནི། དེ་ལྟ་ན་ཡང་དཔེ་མ་གྲུབ་ཅེས་བྱ་བ་ནི་སེམས་པ་ཅན་ལ་ཡང་སེམས་པ་ཅན་གཞན་དུ་རྟོག་པ་ཡིན་ནའོ། །རྫ་མཁན་ལ་སོགས་པ་ལ་ཡང་རང་གི་བྱ་བའི་ཡུལ་ཤེས་པ་ཡིན་པས་ཐམས་ཅད་ཤེས་པ་ལས་
བྱེ་བྲག་མེད་དོ་ཞེས་བྱ་བའི་དོན་ཏོ། །བྱིས་པ་ཉིད་ཀྱི་གནས་སྐབས་ལས་བྱེ་བྲག་ཡིན་པར་སྨྲ་བ་ནི། འོན་ཏེ་རྫ་མཁན་ལ་སོགས་པ་དེ་ཡང་ཞེས་བྱ་བའོ། །དེའི་ཚེ་ཡང་རྒན་པོ་རྣམས་ལས་དེའི་སྒྲུབ་པ་མཐོང་བའི་ཕྱིར། དབང་ཕྱུག་གི་གནས་སྐབས་མེད་པར་བསྟན་པ་ནི། བྱེད་པོ་གྲུབ་ན་ཀུན་
ཤེས་ཉིད། །ཅེས་བྱ་བའོ། །མཐོང་བའི་ཡུལ་ལ་སྐྱེ་བ་པོ་རང་ཉིད་དབང་བྱེད་པ་ཡིན་པར་ནི་བདེན་ན། མ་མཐོང་བ་ལ་ཇི་ལྟར་ཡིན། རྒན་པོ་རྣམས་ཀྱང་དེ་ལ་དབང་མེད་པ་ཉིད་ཡིན་ཏེ། དབང་པོ་ལས་འདས་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། གལ་ཏེ་དེ་ཐམས་ཅད་ཤེས་པ་ཡིན་ཞེས་བྱ་བ་སྨོས་
ཏེ། ད་ལྟར་བ་བཞིན་དུ་དཔྱོད་པ་མེད་པའི་བྱ་བ་མཐོང་བ་ལས་ཕྱིན་ཅི་ལོག་པར་གོ་བ་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དཔྱོད་པ་མེད་པའི་འབྲས་བུ་ནི་དཔྱོད་པ་དང་འགལ་བ་ཡིན་པར་མི་རིགས་ཏེ། གདམས་ངག་དམ་པ་དང་འཚམ་པའི་འབྲས་བུ་སྦྱིན་པ་དག་གི་རྣམ་པར་དཔྱོད་པའི་བྱ་བ་ཡིན་པའི་
ཕྱིར་རོ་སྙམ་དུ་སེམས་པ་ནི། འོན་ཏེ། དོན་དམ་པ་ཉིད་ཀྱི་ཉེ་བར་བསྟན་པ་ཉིད་ཅེས་བྱ་བའོ། །ལན་དུ་དཔྱོད་པ་མེད་པའི་བྱ་བ་བྱེད་པའི་ཕྱིར་དཔྱོད་པ་མེད་པའི་བྱ་བ་ཉིད་ཡིན་པར་བསྟན་པ་ནི། འདི་ནི་ཆོས་མིན་པ་ལའང་ཞེས་བྱ་བ་སྟེ། ཆོས་ཡོད་བཞིན་ཆོས་མ་ཡིན་པ་ལ་འཇུག་པར་བྱེད་པ་ནི། དཔྱོད་པ་

མེད་པ་ཅན་གྱི་བྱ་བ་ཡིན་ལ། དེའི་བྱ་བ་ཡང་དེའི་འབྲས་བུ་སྟེར་བ་ཡིན་ཞེས་བྱ་བའི་དོན་ཏོ། །ཆོས་མ་ཡིན་པ་ཉིད་ནི་ཆོས་མ་ཡིན་པའི་འབྲས་བུ་སྐྱེད་པར་བྱེད་པ་མ་ཡིན་ནམ། དབང་ཕྱུག་ནི་མ་ཡིན་ཏེ། དེས་ན་དཔྱད་པ་མེད་པའི་བྱ་བའི་ལས་སུ་སྟེར་བ་མ་ཡིན་ནོ། །སྙམ་དུ་སེམས་པ་ནི། འོན་ཏེ་འདི་
ཆོས་མ་ཡིན་པ་ཞེས་བྱ་བའོ། །དེ་ལྟ་ན་ཡང་སྡིག་པ་དགག་པར་བྱ་བ་ཡིན་པ་ན། དེའི་འབྲས་བུ་སྟེར་བ་ནི་དཔྱོད་པ་མེད་པའི་བྱ་བ་ཁོ་ན་ཡིན་པར་བསྟན་པ་ནི། དབང་ཕྱུག་གཞན་ནི་ནུས་མེད་པས། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་དབང་ཕྱུག་གཞན་བཞིན་དུ་ན་འདི་ཡང་སྡིག་པ་དགག་པ་ལ་ནུས་
པ་མེད་པ་ཡིན་ན། དེ་ལྟ་ན་སྡིག་པ་དགག་པ་ལ་བཞིན་དུ། སྡིག་ཅན་རྣམས་ལ་དགོས་པ་བྱེད་པ་ཉིད་ཀྱི་ཆོས་དང་། དེའི་འབྲས་བུ་བྱེད་པ་པོ་ཉིད་དུ་མི་འགྱུར་བའི་ཕྱིར། དབང་ཕྱུག་གི་བྱེད་པ་པོ་མ་ཡིན་པར་ཐོབ་པར་བསྟན་པ་ནི། སྡིག་བཞིན་ཐམས་ཅད་དབང་ཕྱུག་གིས། །ཞེས་བྱ་
བའོ། །གལ་ཏེ་ཡང་སྡིག་པ་དང་སྡིག་པ་དགག་པ་དང་དེའི་སྒོ་ནས་ཆོས་དང་དེའི་འབྲས་བུ་རྣམས་འབྱེད་པ་མ་ཡིན་ཏེ་ལྟ་ན་ཡང་། བདག་ཉིད་ཐམས་ཅད་ཀྱི་བྱེད་པ་པོ་མ་ཡིན་ཏེ། སྡིག་པའི་འབྲས་བུ་བྱེད་དོ་སྙམ་དུ་སེམས་པ་ལ། དབང་ཕྱུག་མེད་ན་འཇིག་རྟེན་པ་ཞེས་བྱ་བ་
སྨོས་ཏེ། ཇི་ལྟར་དེ་མེད་ཀྱང་ཆོས་ནི་རང་གི་རྒྱུ་ཁོ་ན་ལས་སྐྱེ་བ་ཡིན་ལ། དེ་བཞིན་དུ་དེའི་འབྲས་བུ་ཡང་ཡིན་པའི་ཕྱིར། རྒྱུ་བཞིན་དུ་འབྲས་བུ་ཡང་དེས་བྱས་པ་མི་སྲིད་པ་ཡིན་ཏེ། དཔྱོད་པ་མེད་པ་ཅན་གྱི་བྱ་བ་ཉིད་ནི་དཔྱོད་པ་ཅན་གྱི་གྲུབ་པ་དང་འགལ་བའི་ཕྱིར་རོ། །ཞེས་བྱ་བའི་དོན་ཏོ། །
ཆོས་མ་ཡིན་པ་ནི་ཆོས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་ལ་བར་དུ་གཅོད་པར་བྱེད་པ་ཡིན་ལ། དེ་ཟད་པའི་དོན་དུ་དེའི་འབྲས་བུ་ཉམས་སུ་མྱོང་བར་བྱེད་དུ་འཇུག་པ་ནི། བདེ་བའི་དོན་དུ་མ་ཡིན་ནམ། དེ་ཇི་ལྟར་དཔྱོད་པ་མེད་པའི་འབྲས་བུ་ཅན་ཉིད་ཡིན་དུ་སེམས་པ་ནི། འོན་ཏེ་དེ་མེད་པར་ནི་
འགལ། །ཞེས་བྱ་བའོ། །ལན་ནི། རྟོགས་པ་དང་ལྡན་ཇི་ལྟར་ན། །ཞེས་བྱ་བ་སྟེ། དེས་མ་བྱས་པ་ལས་ནི་ཆོས་མ་ཡིན་པའི་འབྲས་བུ་མི་འབྱུང་ལ། ཆོས་མ་ཡིན་པ་རྣམས་ཀྱིས་ཀྱང་བར་དུ་བཅད་པས། ཆོས་ཀྱི་འབྲས་བུ་མི་འབྱུང་བའི་ཕྱིར། འབྲས་བུ་གཉི་ག་མེད་པ་ནི་སྲོག་

ཆགས་ཀྱི་ཐར་པ་ཉིད་སྐྱེས་བུའི་དོན་གྱི་གཙོ་བོ་ཡིན་པའི་ཕྱིར། དཔྱོད་པ་ཡོད་པ་ཆོས་མ་ཡིན་པའི་འབྲས་བུ་སྟེར་བ་པོ་ཉིད་བྱེད་པ་པོ་མ་ཡིན་པ་ཉིད་ནི། དཔྱོད་པའི་འབྲས་བུ་ཡིན་ལ་བྱེད་པ་པོ་ཉིད་ནི་དཔྱོད་པ་དང་འགལ་བའི་འབྲས་བུ་ཅན་ཡིན་ཞེས་བྱ་བའི་དོན་ཏོ། །
རྟོགས་པ་དང་ལྡན་པ་ནི་དཔྱོད་པ་དང་ལྡན་པའོ། །རྩེད་མོས་བྱེད་པ་ནི་དཔྱོད་པ་ཡོད་ན་འགལ་བའི་འབྲས་བུ་ཡིན་པས་མི་བྱ་བ་ཡིན་པར་བསྟན་པ་ནི། རྟོག་པ་སྔོན་བྱེད་ག་ལ་ཡིན། །ཞེས་བྱ་བའོ། །ཚིག་ནི་ཤེས་པ་སྔོན་དུ་འགྲོ་བ་ཅན་དུ་མཐོང་བ་མ་ཡིན་ནམ། དེའི་ཡང་ཚིག་ནི་མེའི་སྦྱིན་
སྲེག་ལ་སོགས་པའི་ཡུལ་ལ་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། ཤེས་པའི་བྱེ་བྲག་དང་འབྲེལ་པ་ཅན་ཉིད་དུ་གྲུབ་པ་ཡིན་ན། དེ་ལས་བཟློག་པ་གང་ཡིན་པ་བསལ་བ་ཡིན་ནོ། །ཆོས་མ་ཡིན་པའི་འབྲས་བུ་ནི་རང་ལས་སམ། གཞན་ལས་འབྱུང་བར་འགྱུར་རོ། །སྙམ་དུ་
སེམས་པ་ལ། གལ་ཏེ་བསྟན་བཅོས་གཞན་པ་ཀུན། །ཞེས་བྱ་བ་སྨོས་ཏེ། གཅིག་ལ་གཅིག་གཅད་བྱ་དང་གཅོད་བྱེད་ཉིད་ཀྱིས་འབྲེལ་པ་ཅན་དང་། བྱེད་པར་ནུས་པ་ཅན་གྱི་དངོས་པོ་ཉེ་བར་སྟོན་པ་ཡིན་ན། ཤེས་པ་སྔོན་དུ་འགྲོ་བ་ཅན་གྱི་ཚིག་ཡིན་ཏེ། འབྲེལ་བ་ཅན་མ་ཡིན་པ་ནི་མ་
ཡིན་ནོ། །ཚིག་འདི་ནི་མེའི་སྦྱིན་སྲེག་གིས་མཐོ་རིས་སྒྲུབ་པར་བྱེད་པ་དང་། ཅིག་ཤོས་དག་ནི་འགལ་བ་ཡིན་ཏེ། དོར་བ་དང་བླང་བའི་ཡུལ་ཅན་མ་ཡིན་པ་ཉིད་ཀྱིས་སྨྱོན་པའི་ཚིག་བཞིན་དུ་དཔྱོད་པ་མེད་པ་སྔོན་དུ་འགྲོ་བ་ཅན་ཡིན་གྱི། དཔྱོད་པ་ལ་རྣམ་པར་འཇོག་བྱེད་པ་མ་ཡིན་ནོ། །
སྟོབས་མཚུངས་པ་དང་འགལ་བ་ཡིན་ན་རྣམ་པར་རྟོག་པར་འགྱུར་བ་མ་ཡིན་ནམ། ཆ་བཅུ་དྲུག་པའི་འཛིན་པ་དང་མི་འཛིན་པ་བཞིན་དུ་ཆེས་མཚན་མོའི་དུས་སུ་ཆ་བཅུ་དྲུག་པ་ཅན་འཛིན་པའམ། ཆེས་མཚན་མོ་ཆ་བཅུ་དྲུག་ཅན་མི་འཛིན་པ་ཞེས་བྱ་བའོ། །འདི་ལ་ཡང་མཚུངས་པ་ཡིན་ཏེ།
བར་ཆད་ཡོད་པས་བཀག་པ་ནི་དེའི་ཚེ་ཉིད་མངོན་པ་ལ་སྒྲུབ་པ་ཙམ་ལས་སྒྲུབ་པར་བྱེད་པར་འགྱུར་ཞེས་གོ་བ་མ་ཡིན་ཏེ། ཕན་ཚུན་འགལ་བས་ཚད་མ་ཉིད་མ་ཡིན་པ་ཁོ་ནའི་རྗེས་སུ་མཐུན་པའི་ཕྱིར་རོ། །གཞན་དུ་ན་མ་མཐོང་བའི་དོན་གྱི་ཚིག་ཚད་མ་མ་ཡིན་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །

སངས་རྒྱས་པ་ལ་སོགས་པའི་བསྟན་བཅོས་ནི་གཞན་གྱིས་བྱས་པ་མ་ཡིན་ནམ། དེས་ན་འགལ་བ་མ་ཡིན་པའི་ཕྱིར་ལ། མི་འགལ་བ་ནི་རྗེས་སུ་འགྲུབ་པར་རུང་བར་ཉེ་བར་སྟོན་པར་བྱེད་པ་ནི་དཔྱོད་པ་དང་ལྡན་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་བསྟན་བཅོས་མཐའ་དག་བྱེད་པ་ལས་
མ་ཡིན་ནོ་ཞེས་བྱ་བའོ། །ས་གཞི་ལ་སོགས་པ་དང་རིག་བྱེད་ལ་སོགས་པ་ནི་དཔྱོད་པ་དང་ལྡན་པའི་རྒྱུ་ཅན་ཡིན་ཏེ། འབྲས་བུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མ་ངེས་པ་ཡིན་ཏེ། དེ་རྒྱུ་མ་ཡིན་པ་ལ་ཡང་ཡོད་པའི་ཕྱིར། །ཞེས་བསྟན་པ་ནི། དེའི་ཚེ་བསྟན་བཅོས་གཞན་བཞིན་དུ་ཞེས་བྱ་བའོ། །མ་རིག་པའི་
གཞན་དབང་གི་སེམས་པ་ཅན་གྱི་འབྲས་བུ་མཐོང་བའི་ཕྱིར། དེ་ལས་ཀྱི་ངོ་བོ་ཉིད་ཁོ་ནར་གྲུབ་པ་ཡིན་གྱི་གཞན་མ་ཡིན་པའི་ཕྱིར་འདོད་པ་གྲུབ་པ་ཁོ་ན་ཚད་མས་གྲུབ་པ་ཡིན་པའི་ཉེ་བར་བསྡུ་བ་ནི། དེ་ལ་སྐྱེ་བོ་ཐ་མལ་པ་ཐམས་ཅད་ཅེས་བྱ་བའོ། ། རི་ལ་སོགས་པ་ཤིན་ཏུ་ཆེན་པོ་
ཐམས་ཅད་ཀྱི་བྱ་བ་ལ་བདག་ཅག་ལ་སོགས་པ་ཐམས་ཅད་ཀྱི་བདག་བྱེད་པ་པོ་མ་ཡིན་ནམ། དེ་བཞིན་དུ་བྱེད་པ་པོ་ཉིད་མ་མཐོང་བའི་ཕྱིར་དང་། མི་ནུས་པའི་ཕྱིར་རོ། །འདིའི་ཕྱིར་འབྲས་བུའི་བྱེ་བྲག་མཐོང་བ་ལས་བདག་ཅག་ལ་སོགས་པ་གཅིག་པུ་དང་མཚན་ཉིད་མི་མཐུན་པ་
དབང་ཕྱུག་ཡིན་ནོ་སྙམ་དུ་སེམས་པ་ནི། བདག་ཀུན་བྱེད་པོ་མིན་ཞེ་ན། །ཞེས་བྱ་བའོ། །བདེན་ཏེ་གཅིག་པུ་ལས་མཚན་ཉིད་མི་མཐུན་པར་གོ་བ་ན། དུ་མ་ལས་ཀྱང་ཡིན་གྱི་ཕུལ་དུ་བྱུང་བ་གཅིག་པུ་ནི་མ་ཡིན་ནོ་ཞེས་ལན་འདེབས་པ་ནི། དེའི་ཐམས་ཅད་ཀྱི་ཞེས་བྱ་བ་སྟེ། དེའི་ནི་
ཕུལ་དུ་བྱུང་བའིའོ། །ཐམས་ཅད་ཀྱི་ནི་ས་གཞི་ལ་སོགས་པའིའོ། །ཕུལ་དུ་བྱུང་བ་དང་བྲལ་བའི་བདག་ཉིད་ཁོ་ན་རང་གི་ལས་ཀྱིས་བྱིན་གྱིས་བརླབས་པ་རྣམས་ཀྱིས་མཐོང་བ་ལས་ཐམས་ཅད་ཀྱི་བྱེད་པར་ཁས་ལེན་པ་ཡིན་ན། ཕུལ་དུ་བྱུང་བ་དང་ལྡན་པ་དུ་མར་རྟོགས་པ་ནི་སྐྱོན་
ཅིས་ཏེ་མ་ཡིན་ཞེས་བྱའི་དོན་ཏོ། །ཇི་ལྟར་མཐོང་བ་དེ་ཉིད་དུ་རྣམ་པར་གཞག་པ་ཡིན་ནོ། །བདག་ཅག་ལ་སོགས་པའི་བདག་རྣམས་རང་གི་ལས་ཀྱིས་བྱིན་གྱིས་བརླབས་པ་རྣམས་ཀྱི་ས་གཞི་ལ་སོགས་པ་ཐམས་ཅད་བྱེད་པ་ཡིན་པར་ཡང་འགྱུར་བ་ཡིན་ནམ། སྲོག་ཆགས་རྣམས་

ལ་མཆོག་སྦྱིན་པ་ལ་སོགས་པའི་ལེགས་པ་ནི། དབང་ཕྱུག་གཅིག་པུ་མཉེས་པ་མེད་ན་མི་འགྲུབ་པའི་ཕྱིར་ལེགས་པའི་དོན་དུ་གཉེར་བ་རྣམས་ཀྱིས་མཉེས་པར་བྱ་བའི་དོན་དུ་འདི་འདོད་པར་བྱ་བ་ཡིན་གྱི། ཐམས་ཅད་ཀྱི་བྱེད་པའི་དོན་དུ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི།
འོན་ཏེ་གཞན་དུ་ཀུན་ཤེས་ཉིད། །ཅེས་བྱ་བ་སྟེ། དེའི་འདི་ལྟ་བུ་ཉིད་ལ་ནི་ལུང་ཚད་མ་ཡིན་ནོ་ཞེ་ན། མ་གྲུབ་པས་མ་གྲུབ་པ་སྒྲུབ་པར་བྱེད་པ་ཡིན་ནོ། །དོན་བྱེད་པ་དང་དོན་མི་བྱེད་པ་འདྲེས་པའི་ཕྱིར་འཁོར་བ་བཞིན་དང་དུག་དང་ཟན་འདྲེས་པ་བཞིན་དུ་འདི་དོར་བའི་ཕྱོགས་སུ་བཅུག་པ་
ཁོ་ན་ཡིན་ནོ་ཞེས་བྱ་བར་ལན་འདེབས་པ་བསྟན་པ་ནི། དོན་ནི་དོན་མེད་བྱེད་ནུས་པ། །ཞེས་བྱ་བ་སྟེ། ཕན་བྱེད་པ་མིན་ཕྱིར་ནི་གནོད་པ་བྱེད་པ་ཡིན་ནོ། །འདི་ཇི་སྲིད་དུ་ལེགས་པར་སྦྱིན་པ་སྦྱིན་པར་བྱེད་པ་ངེས་པ་མེད་པ་དེ་སྲིད་དུ། བསྙེན་བཀུར་ལ་སོགས་པ་ལ་འཇུག་པ་མ་ཡིན་པར་བསྟན་
པ་ནི། ཀུན་ཤེས་ཉིད་དུ་གྲུབ་པ་ནི། །ཞེས་བྱ་བའོ། །རྟོགས་པ་ཐམས་ཅད་ཉིད་ནི་མཐོང་བའི་རྗེས་སུ་འབྲངས་པ་ལས་འབྱུང་བ་ཡིན་ལ། དེ་ལས་བཟློག་པའི་དབང་ཕྱུག་ལ་ནི་མ་ཡིན་པར་བསྟན་པ་ནི། ཐམས་ཅད་ཤེས་མིན་བྱེད་པ་པོ། །ཞེས་བྱ་བའོ། །བུམ་པ་ལ་སོགས་
པ་ལ་རྫ་མཁན་ལ་སོགས་པའི་ནུས་པ་མཐོང་བ་ལས་ཡིན་གྱི་རྟོགས་པ་གཞན་ནི་མ་ཡིན་པར་བསྟན་པ་ནི། རང་གི་བྱ་བ་རྫ་མཁན་སོགས། །ཞེས་བྱ་བའོ། །ས་གཞི་ལ་སོགས་པའི་ལས་ཀྱི་ནུས་པ་ཙམ་དུ་རྟོགས་པས་དོན་རྟོགས་པ་མ་ཡིན་པར་བསྟན་པ་ནི། ལས་ཀྱི་ནུས་པས་གྲུབ་
འགྱུར་ན། །ཞེས་བྱ་བའོ། །གལ་ཏེ་མི་ཤེས་པ་མེད་པ་ཙམ་ཁོ་ནས་རྫ་མཁན་ལ་སོགས་པ་འཇུག་པ་ཡིན་ན། དུས་ཐམས་ཅད་དུ་འཇུག་པར་འགྱུར་བ་མ་ཡིན་ནམ། དེ་ལྟ་ནི་མ་ཡིན་པ་དེའི་ཕྱིར། འགའ་ཞིག་གིས་བརྩད་པར་བྱ་བ་ཡིན་པར་སེམས་པ་ནི། གལ་ཏེ་ཤེས་ཀྱང་
རྫ་མཁན་སོགས། །ཞེས་བྱ་བའོ། །འཛུད་བྱེད་དུ་ཡང་དུས་ཐམས་ཅད་དུ་ཅིས་མི་འགྱུར་བ་ཡིན་ཞེས་བྱ་བའི་ལན་དུ། ཁྱད་པར་མེད་པར་དབང་ཕྱུག་ཀྱང་། །ཞེས་བྱ་བ་སྨོས་ཏེ། འོན་ཏེ་གང་གི་ཚེ་ཁོ་ན་དབང་ཕྱུག་གི་བདག་ཉིད་ཀྱི་ཐམས་ཅད་ཤེས་པ་ཉིད་ལ་སོགས་པའི་དབང་ཕྱུག་ཉིད་ཡིན་

པར་གཞན་རྣམས་ཀྱིས་གོ་བར་འདོད་པ་དེའི་ཚེ། སྐུལ་བར་བྱེད་པ་ཡིན་ལ། དེ་མེད་ན་ནི་སྐུལ་བྱེད་མ་ཡིན་པའི་ཕྱིར་རེས་འགའ་བའི་སྐུལ་བྱེད་ཡིན་པར་རིགས་པ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་བདག་ཉིད་ཀུན་ཤེས་པར། །ཞེས་བྱ་བའོ། །རྫ་མཁན་ལ་སོགས་པར་ཡང་
གང་གི་ཚེ་འདོད་པ་དེའི་ཚེ་བྱེད་པ་ཡིན་པར་ཅིས་མི་འགྱུར་བ་བསྟན་པ། དེ་ནི་དེ་ལྟར་གང་གིས་ཤེས། །ཞེས་བྱ་བས། སྐྱེས་བུ་ཡིས་ནི་མཆོག་གཞན་ནི། །དམ་པའི་བདག་ཉིད་ཅེས་བརྗོད་པ། །གང་གིས་ཁམས་གསུམ་ན་བཞུགས་པས། །དབང་ཕྱུག་རྟོགས་པས་
བྱས་པ་ཡིན། །ཞེས་ཟེར་བ་བསལ་བ་ཡིན་པའི་ཕྱིར། །བསྡད་ནས་འཇུག་པ་མ་ངེས་པ་ཉིད་ཡིན་ནོ། །ཡང་ན་ཐེ་ཚོམ་ཟ་བ་ཡིན། །ཞེས་བསྟན་པ་བཤད་པ་ནི། །བདག་ཉིད་བརྟགས་ནས་བྱེད་པ་གང་། །ཞེས་བྱ་བའོ། །བསྟན་བཅོས་ཀྱི་དོན་ལ་སོགས་པའི་ཡུལ་བློ་ནི་
མ་གོམས་པའི་ཡུལ་ལ་གཞན་དང་གཞན་སྔར་མ་བྱུང་བའི་རྒོལ་བ་དང་། ལན་གྱི་རྣམ་པ་ཅན་བསྲེས་པ་དང་། མི་ཤེས་པ་དང་ཡིད་ལ་མི་འདོད་པ་རྣམས་ཀྱིས་རང་ཉིད་སྐྱེད་པར་བྱེད་པར་ནུས་པ་མ་ཡིན་གྱི། གཞན་གྱི་བསྐྱེད་བྱ་ཉིད་ཡིན་ནོ་ཟེར་བ་ནི། ཀུན་གྱི་བློ་ཉིད་དབང་ཕྱུག་ལས། །
ཞེས་བྱ་བ་སྟེ། གོམས་པ་དང་ལྡན་པའི་སྔར་མ་བྱུང་བའི་རྒོལ་བ་དང་ལན་དུ་སྣང་བ་ནི་སྔ་མ་སྔ་མའི་རྒན་པོའི་ཐ་སྙད་ལ་གོམས་པ་ཡིན་པའི་ཤུགས་ཀྱིས་དབང་ཕྱུག་རྒྱུ་མཚན་ཡིན་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་དེ་ལྟར་ས་གཞི་ལ་སོགས་པ་ནི་སེམས་པ་དང་ལྡན་པའི་
འབྲས་བུ་ཉིད་མ་ཡིན་པར་བསྒྲུབས་པ་ལ། གྲངས་ཅན་གྱིས་དམིགས་ནས་དཔེ་དེ་ཉིད་ཀྱིས་བུམ་པ་ལ་སོགས་པ་ལ་ཡང་ཡིན་པར་བསྒྲུབ་པར་འདོད་པས་ཟེར་བ་ནི། ཤིང་སོགས་རྣམས་ཀྱི་དབྱིབས་སེམས་པའི། །ཞེས་བྱ་བ་སྟེ། བུམ་པ་ལ་སོགས་པ་ཡང་འཇི་བའི་གོང་བུ་ལ་
སོགས་པ་ལ། བུམ་པ་ལ་སོགས་པ་ལ་ཕྲ་བའི་གནས་སྐབས་ཀྱིས་བཅུག་པ་ཉིད་ཁོ་ན་མངོན་པར་བྱུང་བ་ཡིན་ཏེ་ཇི་ལྟར་ཤིང་ནི་ཤིང་གིས་བཅུག་པའི་ས་བོན་ལས་ཡིན་པ་ལྟ་བུའོ། །ཤིང་གིས་བཅུག་པ་ཉིད་ཀྱང་གཞན་དག་གི་ནི་ཤིང་གཞན་ལས་ནི་ས་བོན་ཡིན་ལ། ས་བོན་

ལས་ཀྱང་ཤིང་གཞན་ཞེས་བྱ་བའི་བསམ་པས་ཡིན་ལ་གྲངས་ཅན་རྣམས་ཀྱིས་ས་བོན་ལ་གནས་པའི་ཤིང་ཕྲ་མོ་ལས་ཡིན་ཞིང་ཕྲ་བའི་ངོ་བོ་དེ་ཉིད་གཙོ་བོ་ཡིན་ཞེས་ཟེར་ལ། རྫ་མཁན་ལ་སོགས་པ་ནི་གར་མཁན་གར་ལ་སྦྱོར་བ་ལ་འཁོར་འདུས་པ་བཞིན་དུ།
དཔང་པོ་ཡིན་གྱི་འདི་འདིའི་ངོ་བོས་བྱེད་པ་པོ་ནི་མ་ཡིན་ཏེ། འཇི་བའི་གོང་བུ་ལས་གཞན་པ་ཡང་སྐྱེད་བྱེད་དུ་ཐལ་བར་འགྱུར་བའི་ཕྱིར། སྐྱེས་བུའི་འདོད་པ་ལས་འབྱུང་བ་ལ་ངེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ས་བོན་གྱི་རྒྱུའི་ཤིང་ལས་ས་བོན་ཡིན་ལ། དེའི་འབྲས་བུ་ཤིང་གི་
དབྱིབས་དང་ཁ་དོག་ལ་སོགས་པ་སོ་སོར་ངེས་པ་ཡིན་ནོ་ཞེ་ན། ས་བོན་གྱི་རྒྱུའི་ཤིང་ནི་ཞེས་བྱ་བ་སྨོས་སོ། །སྣང་བཞིན་པའི་ས་བོན་ལ་སོགས་པ་ལ་ནི་རྒྱུ་ཉིད་ཡོད་པ་མ་ཡིན་ནམ། རྒྱུ་ལ་ཡོད་པ་དེས་ཇི་ལྟར་དགོས་སྙམ་དུ་སེམས་པ་ལ། དབང་ཕྱུག་ཀྱང་མ་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །
གལ་ཏེ་ས་བོན་ལ་སོགས་པས་སམ་གཞན་གྱིས་ཀྱང་མེད་པར་བྱེད་པ་ཡིན་ན། ས་བོན་གཞན་ལས་ཅིས་མི་བྱེད། མི་ནུས་པའི་ཕྱིར་རོ་ཞེ་ན། འབྲས་བུའི་ངོ་བོ་ཉིད་ནུས་པ་ཡིན་ནོ། །གཞན་ནི་མ་ཡིན་ནོ་ཞེ་ན། གཞན་ལས་ཅིའི་ཕྱིར་མི་འབྱུང་ཞེས་མཚུངས་པར་རྗེས་སུ་སྐྱར་བ་ཡིན་ནོ་ཞེས་
བྱ་བའི་དོན་ཏོ། །མར་མེས་གསལ་བ་ནི་སྔ་ན་མེད་པར་བྱ་བ་མ་ཡིན། དེ་བཞིན་དུ་རྫ་མཁན་གྱིས་ཡིན་པའི་ཕྱིར། ཇི་ལྟར་ནུས་པ་མེད་པ་ཡིན་སྙམ་དུ་སེམས་པ་ལ། དེས་ན་རྫ་མཁན་ལ་སོགས་པའི་སྐྱེས་བུ་ཞེས་བྱ་བ་སྨོས་ཏེ། རེ་ཞིག་གསལ་བ་ནི་དངོས་པོ་ལས་ཐ་དད་པ་མ་ཡིན་ཏེ།
སྔ་མ་བཞིན་དུ་བྱེ་བྲག་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཐ་དད་པ་མ་ཡིན་ན་ཡང་ཅི་ཡང་མ་བྱས་པར་འགྱུར་རོ། །སྔ་མ་དང་ཕྱི་མ་དག་གཅིག་པ་ཉིད་དུ་ཤེས་པའི་ཕྱིར། གཞན་དུ་བྱས་པ་ཡང་མ་ཡིན་ལ། དེ་དང་གཞན་གཅིག་པ་ཡང་མ་ཡིན་ཏེ། འགལ་བའི་ཕྱིར་རོ། །དེའི་ཕྱིར་
གཙོ་བོ་ཁོ་ན་ཆུ་བཞིན་དུ་རླབས་དང་། ཅིག་ཤོས་ཉིད་ཀྱི་འབྲས་བུ་དང་ཅིག་ཤོས་ཉིད་དུ་གནས་པ་ཡིན་གྱི། རྫ་མཁན་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཙོ་བོ་ཁོ་ནའི་རྒལ་བ་དང་འབྱིང་བ་ཡིན་པས་འབྲས་བུ་སྐྱེ་བ་དང་འཇིག་པ་དག་ཡིན་ཞེས་སྟོན་པར་བྱེད་པ་ནི། སྐྱེས་

བུའི་ཉེ་བར་ལོངས་སྤྱོད་པ་ཞེས་བྱ་བ་སྟེ། གང་གི་ཕྱིར་རྒལ་བ་དང་བྱིང་པ་ཡིན་ན། སྐྱེ་བ་དང་འཇིག་པ་དག་ཡིན་ལ་དེའི་ཕྱིར་ཡང་སེམས་པ་ཅན་དང་ཅིག་ཤོས་ཀྱི་རྒྱུའི་ནུས་པ་ཉིད་མེད་པར་ཉེ་བར་སྡུད་པ་ཡིན་ནོ། །དེས་ན་བློ་དང་ལྡན་པ་ཡིན་ཞེས་བྱ་བའོ། །སྐྱེས་བུའི་འདོད་པས་གཙོ་བོར་
མངོན་པར་གསལ་བ་མ་ཡིན་ནམ། འདོད་པ་ཡང་མཐོང་བའི་ཡུལ་ལ་ཡིན་ཞིང་མཐོང་བ་ཡང་འཇི་བའི་གོང་བུ་ལ་སོགས་པའི་གནས་སྐབས་སུ་གསལ་བ་མ་ཡིན་ན་བདག་ཅག་ལ་སོགས་པ་མི་འབྱུང་བའི་ཕྱིར། མཐོང་བར་བྱེད་པ་པོའི་དབང་པོ་ལས་འདས་པ་མཐོང་བ་པོ་འགའ་
ཞིག་ཐོབ་པ་པོ་ཉིད་ནི་འདི་ལ་ཡང་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་སྐྱེས་བུ་སོ་སོ་ནི་ཞེས་བྱ་བ་སྟེ། འབྲས་བུའི་རང་བཞིན་འདོད་པས་དབང་ཕྱུག་རྒྱུ་ཡིན་པར་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །ནུས་པ་ཅན་གྱི་ཚོགས་པ་ལས་རྗེས་སུ་དཔོག་པ་ཡིན་ན། འདོད་པ་འབྱུང་བ་ཡིན་པར་སྨྲ་བ་ནི་འདི་
ལ་བཤད་ཟིན་ཏོ་ཞེས་བྱ་བའོ། །དེའི་འདོད་པ་ཡང་གཙོ་བོ་ནི་སེམས་པ་ཅན་མ་ཡིན་པ་མ་ཡིན་ནམ། མི་ཤེས་པ་ཉིད་ནི་མི་འཇུག་པའི་ཕྱིར་ལ་སེམས་པ་ཅན་ནི་འཇུག་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་པས་ཟེར་བ་ནི། མི་ཤེས་ཕྱིར་ནི་འོ་མ་ནི། །ཞེས་བྱ་བ་སྟེ། སེམས་པ་ཅན་མ་ཡིན་
པ་འདུག་པར་མཐོང་བ་ཡིན་ན་གཞན་འཇུག་པར་བྱེད་པ་ཉིད་ནི་མ་ཡིན་ཏེ། ཇི་ལྟ་བ་མཐོང་བ་དེ་ཉིད་ལ་གནས་པའི་ཕྱིར་ཇི་ལྟ་བ་མ་མཐོང་བ་ལ་ཡང་ཆེས་ཐལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་འདི་ཙམ་གྱི་ནུས་པར་བྱེད་པ་ལ་སོགས་པ་བསྟན་ནས། ད་ནི་གོང་བུ་རྣམས་
ཀྱི་རྗེས་སུ་འགྲོ་བ་བསྟན་པ་ཡིན་པར་བརྗོད་པ་ནི་བུམ་པ་དང་ཁམ་ཕོར་ལ་སོགས་པ་རྣམས་ནི་འཇི་བའི་རྗེས་སུ་འགྲོ་བར་མཐོང་བའི་ཕྱིར། འཇི་བའི་ངོ་བོ་ནི་རྒྱུན་ཡིན་ལ། དེ་བཞིན་དུ་འཇི་བ་དང་ཆུ་ལ་སོགས་པ་རྣམས་ཀྱང་རྗེས་ཀྱི་རྗེས་སུ་འགྲོ་བའི་ཕྱིར་དེའི་ངོ་བོ་ཡིན་ལ། དེ་ལས་ཀྱང་དེའི་ངོ་བོར་རྟོགས་
ན་མཐར་བདེ་བ་ལ་སོགས་པའི་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར། དེའི་བདག་ཉིད་ཅན་གྱི་གཙོ་བོའི་མིང་ཅན་དུ་གནས་པ་ཡིན་ནོ་ཞེས་བྱ་བའི་བསམ་པས་ཟེར་བ་ནི་དེའི་ཕྱིར། མཐར་བདེ་བ་ལ་སོགས་པ་ཞེས་བྱ་བའོ། །གཙོ་བོ་དང་དབང་ཕྱུག་ཀྱང་ཅིའི་ཕྱིར་མ་ཡིན་སྙམ་དུ་སེམས་པ་ལ།

གཉི་ག་བསྡུས་པ་ལ་གནོད་པ་ཅན་བསྟན་པ་ནི། དོན་རྣམས་རྟོགས་པ་སྔོན་འགྲོ་ཅན། །ཞེས་བྱ་བ་སྟེ། སེམས་པ་མེད་པའི་བསྐྱེད་བྱ། ས་གཞི་ལ་སོགས་པ་འབྲས་བུའི་ངོ་བོ་དམིགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་པ་ཅན་གྱི་བསྐྱེད་བྱ་ཁྱིམ་
ལ་སོགས་པའི་ངོ་བོ་ལ་དེ་ལས་གཞན་པ་དང་མཚན་ཉིད་མི་མཐུན་པ་ཡོད་པ་ཉིད་མ་ཡིན་ནམ་སྙམ་དུ་སེམས་པ་ལ། དོན་རྣམས་རྒྱུ་ནི་རྟོགས་པ་དང་། །མི་ལྡན་པ་ནི་ཞེས་བྱ་བ་སྟེ། ས་གཞི་དང་བུམ་པ་ལ་སོགས་པའི་ངོ་བོའི་གཟུགས་ཉིད་དུ་བྱེ་བྲག་མེད་དོ་ཞེས་བྱ་བའི་དོན་
ཏོ། །སེམས་པ་ཅན་མ་ཡིན་པའི་འབྲས་བུའི་ངོ་བོ་མཐོང་བ་ལས། སེམས་པ་ཅན་མ་ཡིན་པ་རྒྱུ་གང་ཡང་ཡོད་པ་མ་ཡིན་ནམ། གཙོ་བོའམ་ཅིག་ཤོས་ཞེས་ཅི་ལས་ངེས་པ་ཡིན་སྙམ་དུ་སེམས་པས་ཟེར་བ་ལ། དེ་ལྟ་ན་གཙོ་བོ་ཉིད་ཅེས་བྱ་བ་སྟེ། འབྲས་བུའི་རྗེས་སུ་འགྲོ་བ་
ལས་ཡིན་པར་རྟོགས་པ་ནི་དེའི་ངོ་བོ་གཙོ་བོ་ཁོ་ནར་འགྱུར་བ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཁྱིམ་དང་བུམ་པ་ལ་སོགས་པའི་བྱེ་བྲག་རྣམས་དང་། ས་གཞི་དང་ཆུ་བོ་ལ་སོགས་པ་རྣམས་ཀྱང་བདེ་བ་དང་སྡུག་བསྔལ་བ་དང་གཏི་མུག་རྣམས་ཀྱི་བདག་ཉིད་ཀྱི་རྗེས་སུ་འགྲོ་
བར་མཐོང་བའི་ཕྱིར། དེའི་བདག་ཉིད་ཅན་གྱི་རྒྱུ་ཡིན་ན། བདེ་བ་ལ་སོགས་པ་རྣམས་དང་སྐྱེས་བུ་རྣམས་ཀྱང་དངོས་པོ་ཉིད་ཀྱི་རྗེས་སུ་འཇུག་པ་ཡིན་ཡང་། དེའི་ངོ་བོ་རྒྱུ་མ་ཡིན་པའི་ཕྱིར། རྗེས་སུ་འགྲོ་བ་མཐོང་བ་མ་ངེས་པ་ཡིན་པར་བསྟན་པ་ནི། དངོས་པོ་ཉིད་ཕྱིར་བདེ་སོགས་དང་། །
ཞེས་བྱ་བ་སྟེ། དེ་ཉིད་ནི་དངོས་པོ་ཉིད་དམ། སེམས་པ་ཅན་ཉིད་དོ། །གང་ཡང་བྱེ་མ་དང་རྡོ་བ་ལ་སོགས་ས་ལ་བུམ་པ་དང་དབྱིབས་ལ་སོགས་པ་མེད་པོ་དང་། མི་སྐྱེ་བ་ནི་འཇི་བའི་གོང་བུ་ལ་ཡོད་པ་དང་། སྐྱེ་བར་གོ་བར་བྱེད་པ་ཡིན་ལ། དེ་ཡང་ཡོད་པ་དང་སྐྱེ་བ་དག་གི་རྗེས་སུ་འགྲོ་
བ་མེད་ན། ཡོད་པ་མེད་པའི་ཕྱིར་མ་ཡིན་ནོ་ཞེས་བཟློག་པ་ངེས་པ་མེད་པའི་ཕྱིར་མི་རིགས་པ་ཡིན་པར་བསྟན་པ་ནི། ཡང་དག་པར་ན་གཙོ་བོ་ལ་དབྱིབས་དང་མདོག་སོགས་ཞེས་བྱ་བ་སྟེ། བྱེ་མ་ལ་སོགས་པ་ལ་ནི་རྒྱུ་མེད་པས་འབྲས་བུ་མི་འབྱུང་བ་ཡིན་གྱི་འབྲས་བུ་མེད་པ་ལས་

ནི་མ་ཡིན་ཏེ། ཁྱེད་ཀྱི་འདོད་པ་ལྟར་ན་གཙོ་བོའི་བདག་ཉིད་ཀྱི་འབྲས་བུ་དེ་ལ་ཡང་ཡོད་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཇི་ལྟར་གཙོ་བོ་ཁ་དོག་ལ་སོགས་པའི་འབྲས་བུ་ཞེས་བྱ་བའོ། །གཙོ་བོ་ཡང་བྱ་བ་རེ་རེ་ཞིང་ཐ་དད་པ་ཡིན་ལ། བྱེ་མ་ལ་ནི་འཇི་བ་ལ་སོགས་པ་ལྟ་བུ་ཡོད་པ་
མ་ཡིན་པ་མ་ཡིན་ནམ་སྙམ་དུ་སེམས་པ་ནི། ཇི་སྟེ་ནུས་པའི་རང་བཞིན་གྱིས། །ཞེས་བྱ་བ་སྟེ། དེར་ནི་ཞེས་བྱ་བ་ལ་ཡང་དེ་ལ་མཐོང་བའི་འཇི་བ་ལ་སོགས་པའི་ནུས་པ་ཡོད་ན་བསལ་བ་ཡིན་ལ། མ་མཐོང་བའི་རྟོགས་པ་ལ་ནི་ཚད་མ་ཡོད་པ་མ་ཡིན་པར་བསྟན་པ་ནི། གཞན་
བཞིན་མཐོང་མེད་དེ་ལ་ནི། །ཞེས་བྱ་བའོ། །བདེན་ཏེ་གང་གི་ཚེ་འཇི་བ་གོང་བུ་ཁོ་ན་ལས་བུམ་པ་ཡིན་པ་དེའི་ཚེ་གཙོ་བོ་མ་ཡིན་ལ། གང་གི་ཚེ་ཡང་འཇི་བ་ལ་སོགས་པ་རྒྱུ་མིན་པ་དེ་ལས་ཀྱང་། དེའི་རྒྱུ་ཞེས་བྱ་བ་ལ་སོགས་པའི་རྟོགས་པ་ཡིན་ན། མཐའི་རྒྱུ་
གཅིག་པུ་གནས་པ་ཡིན་ལ། གང་ལས་འདི་སྤྲོས་པ་དེ་གཙོ་བོ་ཡིན་པར་བརྗོད་དེ། དེ་ཡོད་པར་མཐོང་བ་ཡིན་ན་ཇི་ལྟར་མ་མཐོང་བར་འགྱུར་བ་ཡིན་ཞེས་བྱ་བ་ལ་སྐྱོན་མེད་དོ་སྙམ་དུ་སེམས་པ་ལ། །འབྲས་བུ་འབྲས་བུ་གཞན་ལས་ཏེ། །ཞེས་བྱ་བ་སྨོས་ཏེ། །དེའི་ཚེ་ཡང་
མཐོང་བའི་རྗེས་སུ་འབྲངས་ནས་རྟོགས་པ་ལ་ཡང་དེ་མི་རྟག་པ་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་ན་འབྲས་བུ་ནི་འབྲས་བུ་གཞན་སྔོན་དུ་འགྲོ་བ་ཅན་ཁོ་ན་མཐོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འབྲས་བུ་ནི་མཐོང་བའི་བྱེ་བྲག་གི་བྱེ་བྲག་ཅན་ཁོ་ན་རྒྱུ་ཡིན་པར་རྟོགས་
པར་བྱེད་ཀྱི་ཤིན་ཏུ་མ་མཐོང་བའི་རྟག་པ་ཉིད་ཀྱི་བྱེ་བྲག་ཅན་ཡིན་ནོ་ཞེས་དགོངས་པས་རྒྱུ་མེད་པའི་རྒྱུ་ནི་མ་དམིགས་སོ་ཞེས་པས་རྣམ་པར་འགྲེལ་པ་ཡིན་ནོ། །དབྱེ་བ་རྣམས་ཀྱི་འགྲོ་བ་མཐོང་བ་ལས་རྒྱུར་རྟོགས་པ་ན་རྗེས་སུ་དྲན་པ་གཞན་ཡོད་ན་མི་རྟག་པར་འགྱུར་བ་མ་ཡིན་
ནམ། །མེད་ན་མི་རྟག་པ་ཁོ་ན་ཡིན་ཏེ། རྒྱུར་རྟོགས་པ་ལ་ཚད་མ་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། འོན་ཏེ་ཐ་དད་པ་རྣམས་རྗེས་སུ་འགྲོ་བའི་ཕྱིར་ཞེས་བྱ་བའོ། །དབྱེ་བ་རྣམས་ཀྱི་རྗེས་སུ་འགྲོ་བ་མ་མཐོང་བ་ནི་མོ་ངེས་པ་ཡིན་པས་རྒྱུའི་གོ་བྱེད་པ་མ་ཡིན་ནོ། །དེ་ལྟ་མོད་

ཀྱི་འབྲས་བུ་ནི་ཡིན་ནོ། །དེ་ཡང་མཐོང་བའི་བྱེ་བྲག་ཁོ་ན་ཡིན་གྱི་མ་མཐོང་བའི་བྱེ་བྲག་ནི་མ་ཡིན་ནོ་ཞེས་ལན་འདེབས་པ་ནི། སྙིང་སྟོབས་ལ་སོགས་པ་དང་ཞེས་བྱ་བའོ། །དེ་ལྟ་ཡིན་ན་བདེ་བ་ལ་སོགས་པ་རྣམས་དང་། སེམས་པ་ཅན་རྣམས་ལ་
དངོས་པོ་ཉིད་ཀྱི་རྗེས་སུ་འགྲོ་བ་ལས། དངོས་པོའི་ངོ་བོ་གཅིག་ཡིན་ལ། དེ་ཉིད་ནི་གཙོ་བོ་ཡིན་ནོ་སྙམ་དུ་སེམས་པ་ནི། ཡང་ན་རྒྱུ་གཞན་གཅིག་ཉིད་ཅེས་བྱ་བའོ། །དེ་ལྟ་ཡིན་ན་ཡོན་ཏན་གསུམ་གྱི་བདག་ཉིད་ཀྱི་གཙོ་བོ་སྒྲུབ་པ་ལ་དབྱེ་བ་རྣམས་ཀྱི་རྗེས་སུ་འགྲོ་བ་མཐོང་
བ་ནི་དེ་ལས་བཟློག་པའི་དངོས་པོ་ཉིད་ཙམ་གྱི་བདག་ཉིད་བསྒྲུབ་པ་ཡིན་པའི་ཕྱིར་འདོད་པ་ལ་གནོད་པར་བྱེད་པའི་འགལ་བ་ཡིན་པར་བསྟན་པ་ནི། ཡོན་ཏན་གསུམ་རྫོགས་རང་བཞིན་དུ། །ཞེས་བྱ་བའོ། །ཇི་ལྟར་འདོད་པ་ལ་གནོད་པ་ཡིན་དངོས་པོ་ཉིད་ཀྱི་རྗེས་སུ་འགྲོ་བ་ལས་དངོས་པོའི་
བདག་ཉིད་དུ་གྲུབ་པ་ཡིན་ན་ཇི་ལྟ་བ་ལ་སོགས་པའི་ཡོན་ཏན་གསུམ་གྱི་བདག་ཉིད་ཡིན་ནོ་སྙམ་དུ་སེམས་པ་ནི། དངོས་པོ་རྗེས་སུ་འགྲོ་བའི་ཕྱིར། །ཞེས་བྱ་བའོ། །ཐམས་ཅད་ཀྱི་བདག་ཉིད་ཅན་ནི་ཡོན་ཏན་གསུམ་གྱི་བདག་ཉིད་དམ་ནུས་པ་ཐམས་ཅད་ཀྱི་བདག་
ཉིད་ཡིན་ཏེ། སྤྲོ་བ་ལ་སོགས་པ་ལ་གནས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བ་བཞིན་པའི་དེ་ཉིད་ལ་རྣམ་པར་གཞག་པ་ལས་མཚན་ཉིད་མི་མཐུན་པ་འམ། ཅིག་ཤོས་རྒྱུ་ཡིན་ལ་མཚན་ཉིད་མི་མཐུན་པ་མ་ཡིན་པར་རྟོགས་པ་ཡིན་ནོ། །དེ་ཙམ་གྱི་ནུས་པ་མཐོང་
བས་གནོད་པ་ཅན་དང་། རྟོགས་པ་ལྕི་བ་དང་ཐལ་ཆེས་པར་འགྱུར་རོ་ཞེས་བྱ་བའི་ལན་དུ། ངོ་བོ་ཉིད་ཀྱི་རྣམ་ཀུན་ཏུ། །ཞེས་བྱ་བ་སྨོས་སོ། །རྒྱུ་ཉིད་ལ་ཚད་མ་གང་ཡིན། གང་གིས་མ་མཐོང་བ་ལས་རྟོགས་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་གནོད་པར་བྱེད་པ་ཡིན་ནོ་
སྙམ་དུ་སེམས་པ་ལ། མཚན་ཉིད་མི་མཐུན་པ་མ་ཡིན་པའི་རྒྱུ་ཉིད་ལ་མངོན་སུམ་སྒྲུབ་བྱེད་མ་ཡིན་ཞིང་། རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་ཞེས་བསྟན་པ་ནི། གལ་ཏེ་འདྲ་བ་དང་ཞེས་བྱ་བའོ། །དེ་ལྟ་ན་ནི་འོ་ན་འགའ་ཡང་མ་ངེས་པ་ཞེས་བྱ་བར་མི་འགྱུར་ཏེ། ཞེས་

བྱ་བའི་བྲེ་བྲག་གིས་སམ། ཕྱོགས་སུ་བྱེད་པས་འཁྲུལ་པ་བསལ་བ་ཡིན་ནོ། །བློ་ལ་གྲུབ་པའི་ཚུལ་གསུམ་ཉིད་ནི་ཕྱོགས་དང་མཐུན་པའི་ཕྱོགས་གང་ཡང་རུང་བ་ཉིད་ལྟ་བུ་ཡིན་ན། ཅུང་ཟད་ཀྱང་མ་ངེས་པ་ཡིན་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་འགྲོ་ལྡོག་མེད་པ་ཡིན་
ན་ཇི་ལྟར་ལས་རྟོགས་པ་ཡིན་ནོ་སྙམ་དུ་སེམས་པ་ནི། འདི་ནི་ལས་ཀྱིས་ཡོངས་སུ་གྱུར། །ཞེས་བྱ་བའོ། །ས་གཞི་ལ་སོགས་པ་ཙམ་ལས་འབྲས་བུ་སྣ་ཚོགས་པ་མི་སྲིད་པས་དོན་གཞན་དུ་རྟོགས་པར་བྱེད་ལ། དེས་ན་དེའི་རྟོགས་པ་ལ་རྗེས་སུ་འགྲོ་བ་ལ་སོགས་པ་མི་
འགལ་བ་ཡིན་པ་འཆད་པར་འགྱུར་བ་ཡིན་པར་བསྟན་པ་ནི་འདི་ནི་རེ་ཞིག་གཞག་སྟེ་ཞེས་བྱ་བའོ། །དེ་དེ་ལྟར་དབྱིབས་ལ་སོགས་པ་གཙོ་བོས་བྱས་པ་ཉིད་ལ་ཚད་མ་མེད་པས་བསལ་བ་ཡིན་ན། དབང་ཕྱུག་གིས་བྱས་པ་ཉིད་ཁོ་ནར་འགྱུར་བ་ཡིན་ཡང་། དེ་ལ་ཡང་བདེ་བ་
དང་མི་བདེ་བ་ལ་སོགས་པའི་འབྲས་བུ་སྣ་ཚོགས་པ་ཉིད་མཐོང་བ་ནི་རྣམ་པར་དཔྱོད་པ་དང་། སྙིང་རྗེས་ལ་སོགས་པ་དང་ལྡན་པའི་དབང་ཕྱུག་པ་ལ་བྱེད་པ་པོ་ཉིད་ཡིན་ན། འགལ་བས་ཁྱབ་པ་ཡིན་པར་ནི་གལ་ཏེ་འདི་ཐམས་ཅད་ཤེས་པ་ཉིད་ཡིན་ན། མི་ཤེས་པའི་འགྲོ་བ་རྣམས་མེད་པའི་
ཐ་སྙད་ལ། ཅིའི་ཕྱིར་འཇུག་པར་བྱེད་པ་ཡིན་ཞེས་བསྟན་ཟིན་པ་ཡིན་ལ། རྣམ་པར་དཔྱོད་པ་དང་སྙིང་རྗེ་ལ་སོགས་པ་དང་བྲལ་བའི་དབང་ཕྱུག་གི་ཕྱོགས་ལ་ཡང་། འདོད་ཆགས་ལ་སོགས་པའི་གཉེན་པོ་བསྟན་པ་དོན་མེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་ཀྱང་བསྟན་ཟིན་ཏོ། །
ད་ནི་འདོད་ཆགས་ལ་སོགས་པ་རྣམས་ཀྱི་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ཀྱིས། དབང་ཕྱུག་ཉིད་དང་མི་འགལ་བའི་ཕྱིར་གཉེན་པོ་བསྟན་པ་ནི། བློ་སྔོན་དུ་འགྲོ་བ་མ་ཡིན་པའི་ཕྱིར་མི་རིགས་སོ་ཞེ་ན། བློ་སྔོན་དུ་འགྲོ་བ་མ་ཡིན་དུ་ཟིན་ཀྱང་རྩོད་པ་དང་སླུ་བ་ལ་སོགས་པ་སྔོན་དུ་འགྲོ་བ་དེ་
ནི་ཡོད་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པས་སྨྲས་པ་ནི། འདོད་ཆགས་ལ་སོགས་པ་དང་ལན་ཡང་ཞེས་བྱ་བ་ལ་སོགས་པ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དང་། རིགས་པ་དང་འདོད་ཆགས་དང་བྲལ་བ་ཉིད་ལ་སོགས་པའི་བསྐྱེད་བྱ་འབྲས་བུ་སྣ་ཚོགས་པ་ཉིད་མཐོང་བའི་ཕྱིར།

དེ་ལྟ་བུའི་ངོ་བོ་གཅིག་པུ་ཁོ་ན་ཡིན་ཞེས་བྱ་བར་རྗེས་སུ་དཔོག་པར་བྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ་ལན་ནི། མི་ཤེས་ཆགས་པ་དང་ལྡན་རྣམས། །ཞེས་བྱ་བ་སྟེ། དེ་ལྟ་བུའི་ལས་ཡོད་ན་ཤུགས་ཀྱིས་དེ་ལྟ་བུ་གཞན་མི་འཐོབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་
ལས་ཀྱིས་རྟོགས་པའི་དོན་ཡིན་ཡང་། དག་པ་མ་ཡིན་པ་མ་ཡིན་ནོ་ཞེ་ན། སྨྲས་པ་དག་པའི་བདག་ཉིད་མིན། །ཞེས་བྱ་བ་སྨོས་ཏེ། རང་བཞིན་གྱིས་སམ། དམྱལ་བ་ལ་སོགས་པའི་འཇིགས་པས་དག་པ་ནི། རྩེད་མོ་ལ་སོགས་པ་ལ་རྒྱུ་དང་འགལ་བ་ཡིན་ཞེས་བྱ་བའི་
དོན་ཏོ། །དམྱལ་བའི་སྡུག་བསྔལ་ལ་སོགས་པ་དང་ལྡན་པ་ནི་ལས་མ་ཡིན་ནམ། དབང་ཕྱུག་ནི་མ་ཡིན་ན། དེ་ཇི་ལྟར་དེས་རྟོགས་པའི་དོན་ཡིན། དེ་ཡང་རང་གི་འབྲས་བུ་བསྐྱེད་པ་ལ་བྱེད་པ་པོ་ལ་ལྟོས་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། དེ་ལ་འཇིག་པ་དེ་མེད་པས། །ཞེས་བྱ་བའོ། །
ལས་ཡོད་ན་འདོད་ཆགས་ལ་སོགས་པའི་འབྲས་བུ་འབྱུང་བ་བཞིན་དུ་དབང་ཕྱུག་ལ་ཡང་འགྱུར་ཏེ། རྒྱུ་ཡོད་ལ་གེགས་མེད་ན་འབྲས་བུའི་ངེས་པ་ཁས་བླངས་པའི་ཕྱིར་རོ་ཞེས་བསྟན་པ་ནི། གལ་ཏེ་འདོད་ཆགས་ལ་སོགས་ཀྱིས། །ཞེས་བྱ་བའོ། །འོན་ཏེ་འདི་སྔགས་དང་སྨན་ལ་
སོགས་པས་གེགས་བྱེད་པ་ཡོད་པ་དེས་ན། མི་འགྱུར་བ་ཡིན་ནོ་སྙམ་དུ་སེམས་པ་ལ། བསྒོམས་པའི་སྟོབས་ལས་ཡང་དག་བྱུང་། །ཞེས་བྱ་བ་སྨོས་ཏེ། བཏང་སྙོམས་ཅན་ཉིད་བསྒོམས་པས་ཕུལ་དུ་བྱུང་བར་སོན་པ་ནི། སྡུག་བསྔལ་ཉམས་སུ་མྱོང་བ་ལ་གེགས་བྱེད་
པ་ཡིན་གྱི། གཞན་ནི་མ་ཡིན་པར་ཡང་འཆད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདིའི་བཏང་སྙོམས་དེ་ཉིད་ནི་བསྒོམ་པ་མེད་ཀྱང་རང་བཞིན་ཉིད་ཀྱིས་ཡིན་ནོ། ཞེས་བྱ་བ་འདི་ལ་ཚད་མ་ཡོད་པ་མ་ཡིན་ཏེ། འབྲས་བུ་ནི་རྒྱུ་ལ་ངེས་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེ་ནི་དེ་ལྟར་ཉིད་གྱུར་པ། །
ཞེས་བྱ་བའོ། །དེའི་བཏང་སྙོམས་ཅན་ཉིད་ནི། བསྒོམ་པ་མི་འབྱུང་བ་ཡིན་པར་ཅི་ལས་ཤེས་ཤེ་ན། སྨྲས་པ། དབང་ཕྱུག་དབང་ཕྱུག་ལས་འགྱུར་ཞིང་། །ཞེས་བྱ་བ་སྟེ། གང་གི་ཕྱིར་འབྲས་བུ་ནི་རྒྱུ་དང་འབྲེལ་པ་ཅན་ཡིན་པས་དེ་མེད་ན་མི་འབྱུང་བའི་ཕྱིར། རེ་ཞིག་དབང་

ཕྱུག་ཉིད་རྒྱུ་ཡིན་པར་གོ་བར་བྱེད་པ་ཡིན་ལ། དེ་ལ་བསྒོམ་པ་གང་གིས་བསྐྱེད་བྱའི་བྱེ་བྲག་ཡིན་པ་ནི་དེའི་བསྒོམ་པར་རྟོགས་པར་བྱེད་པ་ཡིན་ལ། གཞན་ནི་གཞན་དུ་རྟོགས་པར་བྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཁྱད་པར་དང་ལྡན་པའི་དབང་ཕྱུག་ཉིད་ནི་རྒྱུའི་ཁྱད་པར་
མེད་ན་མི་སྲིད་པ་ཡིན་པར་བསྟན་པ་ནི། བརྒྱ་བྱིན་ཚངས་པ་ཉིད་སྲིད་པས། །ཡོན་ཏན་ཁྱད་འབྱུང་སྲིད་ན་ནི། །ཞེས་བྱ་བའོ། །བརྒྱ་བྱིན་ཉིད་ལ་སོགས་པའི་དབང་བྱེད་པ་ནི་བྱེ་བྲག་དང་ལྡན་པ་གཞན་ཉིད་ཡིན་ལ། བྱེ་བྲག་དང་མི་ལྡན་པ་འདི་ཡང་གཞན་ཉིད་ཡིན་སྙམ་དུ་སེམས་
པ་ནི། འོན་ཏེ་དེ་ཡང་མེད་ཉིད་ན། །ཞེས་བྱ་བའོ། །གང་ཁོ་ན་ཁྱད་པར་དང་ལྡན་པ་ཕུལ་དུ་བྱུང་བ་ཡོད་ན་འབྱུང་བ་དེ་ཁོ་ན་ཁྱད་པར་མེད་དོ་ཞེས་བྱ་བ་གཞན་མ་ཡིན་པར་བསྟན་པ་ནི། གང་ཞིག་འདི་ལ་སྐུར་འདེབས་པ། །ཞེས་བྱ་བ་སྟེ། གང་གི་ཕྱིར་དེ་ལྟ་ཡིན་ན་འཁོར་བ་ནི་
འདིའི་འབྲས་བུ་ཉིད་ཡིན་པས་ཡོད་པའི་ཕྱིར་འཁོར་བ་པ་ཡིན་ལ། དེ་མེད་པ་ཡིན་ཞེས་བྱ་བར་སྦྱར་རོ། །ཚད་མ་ལ་ཡོད་པའི་དོན་ལ་སྐུར་བ་འདེབས་པ་ནི། ཁས་མི་ལེན་པ་ཡིན་ན་དེ་ལས་བཟློག་པ་ནི་ཆེས་ཤིན་ཏུ་ཡང་ཁས་མི་ལེན་པར་བསྟན་པ་ནི། གང་ཞིག་སྐྱེ་བོ་དམ་པ་
ནི། །ཞེས་བྱ་བའོ། །དེ་དེ་ལྟར་དབྱིབས་ཀྱི་བྱེ་བྲག་དང་ལྡན་པ་ཉིད་ཀྱང་འདོད་པ་ཁོ་ནའི་སེམས་ཅན་བྱིན་གྱིས་རློབ་པ་པོར་སྒྲུབ་པར་བྱེད་པ་མཇུག་སྡུད་པ་ནི། དངོས་པོ་དབྱིབས་དང་འབྲེལ་པའི་ཕྱིར། །ཞེས་བྱ་བའོ། །སེམས་པ་ཅན་ཙམ་ནི་ཤིན་ཏུ་ཆེ་བའི་ས་གཞི་དང་། རི་ལ་སོགས་
པའི་འབྲས་བུ་ལ་བྱེད་པ་པོ་མ་ཡིན་པ་མ་ཡིན་ནམ། དེས་ན་འབྲས་བུའི་བྱེ་བྲག་མཐོང་བ་ལས་རྟོགས་པའི་བྱེད་པ་པོའི་བྱེ་བྲག་ཇི་ལྟར་ཚད་མ་ཅན་མ་ཡིན་སྙམ་དུ་སེམས་པ་ལ། རྒྱུ་མེད་ཡོན་ཏན་ལྡན་པར་གོ། །ཞེས་བྱ་བ་སྟེ། ཁྱད་པར་ཅན་གྱི་སེམས་པ་ཅན་ཉེ་བ་ཙམ་གྱིས་
བྱིན་གྱིས་རློབ་པ་པོ་ཡིན་གྱི། འབྲས་བུའི་བྱེ་བྲག་བྱེད་པ་ཉིད་ཀྱིས་ནི་མ་ཡིན་ཏེ། དེ་ཉིད་ཁོ་ན་ལས་དེ་ལ་ཡང་ཁྱད་པར་མ་ཡིན་ལ། དེའི་ཕྱིར་དེས་དེ་དག་གོ་བའི་དོན་ཡིན་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ལ་མ་ཡིན་དུ་ཟིན་ཀྱང་སྲིད་པ་ཡིན་ནོ་ཞེ་ན། ཡོན་ཏན་ཆེས་ཁྱད་པར་ཅན་དུ་མཐོང་

བའི་ཕྱིར་ཞེས་བྱ་བ་སྟེ། ཁྱད་པར་དང་ལྡན་པའི་རྒྱུ་ལ་ཁྱད་པར་དང་ལྡན་པའི་འབྲས་བུ་མཐོང་ནས་རྒྱུའི་བྱེ་བྲག་སྲིད་པ་ནི་འབྲས་བུའི་བྱེ་བྲག་སྲིད་པ་ཡིན་གྱི། རྒྱུ་མ་ཡིན་པ་ལ་ནི་མེད་དོ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་ཆེས་ཁྱད་པར་ཅན་ཞེས་བྱ་བ་ནི་ཁྱད་པར་དང་ལྡན་
པའི་འབྲས་བུ་མཐོང་བར་བསྟན་པ་ཡིན་ནོ། །མངོན་པར་བརྩོན་པ་ཞེས་བྱ་བ་ནི། རྒྱུའི་ཁྱད་པར་མཐོང་བའོ། །ནུས་པས་ནི་མ་མཐོང་བ་སྲིད་པའི་ཡུལ་བསྟན་པ་ཡིན་ནོ། །རྟག་པ་ལ་ནི་རྒྱུ་སྲིད་པ་མེད་པའི་ཕྱིར། དེ་སྲིད་པ་མ་ཡིན་པར་བསྟན་པ་ནི། ཤིན་ཏུ་མཚན་ཉིད་མི་མཐུན་པ། །
ཞེས་བྱ་བ་སྟེ། རྒྱུ་མི་དམིགས་པའམ། རྒྱུ་འགལ་བ་དམིགས་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་དེ་ལྟར་དབྱིབས་ཀྱི་གཞན་དུ་མི་འགྲུབ་པ་ཉིད་བསྟན་ནས། མ་གྲུབ་པ་ཉིད་བསྟན་པ་ནི། དབྱིབས་ཞེས་བྱ་བ་འདི་དངོས་པོའོ་ཞེས་བྱ་བའོ། །དབྱིབས་ནི་རིང་བ་དང་སྦོམ་པའི་ཚད་དུ་
གྲུབ་པ་ཁོ་ན་མ་ཡིན་ནམ་སྙམ་དུ་སེམས་པ་ལ་བཤད་པ་ནི། རྡུལ་ཕྲ་རབ་དག་ལས་ཐ་དད་པའི་ལུས་ཞེས་བྱ་བ་སྟེ། རྡུལ་ཕྲ་རབ་གཞན་དང་གཞན་མ་རྟོགས་པ་སྦོམ་པ་ཉིད་ཀྱི་དབྱིབས་ནི་མ་ཡིན་ཏེ། གཅིག་ལ་གཉིས་པ་ཉེ་བ་ཡིན་པར་བརྗོད་པས་རྡུལ་ཕྲ་རབ་རྣམས་ལས་ཐ་དད་
པའམ། ཅིག་ཤོས་ཀྱི་དབྱིབས་ནི་མ་མཐོང་བ་ཡིན་པར་བསྟན་ཟིན་ཏོ། །དངོས་པོའི་ཆོས་མ་ཡིན་དུ་ཟིན་ཀྱང་གྲགས་པས་གྲུབ་པ་ཉིད་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་དེའི་འཇིག་རྟེན་གྱི་གྲགས་པ་ཞེས་བྱ་བའོ། །སོར་མོ་བརྐྱང་བ་དང་། ཁུ་ཚུར་གྱི་དབྱེ་བ་བཞིན་
དུ་འདུ་བ་འབའ་ཞིག་གི་དབྱེ་བས་འབྲས་བུ་ཐ་དད་པ་ཡིན་པའི་ཕྱིར། དབྱིབས་ཡོད་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་རྡུལ་ཕྲ་རབ་བདག་ཉིད་ཅེས་བྱ་བའོ། །དེ་ལྟ་ཡིན་ན་རྡུལ་ཕྲ་རབ་རྣམས་མི་མཐུན་པའི་ཕྱོགས་མ་ཡིན་ཏེ། འོ་ན་ཅི་ཞེ་ན་ཕྱོགས་ཡིན་པ་
དབྱིབས་ཀྱང་འབྲས་བུའི་བྱེ་བྲག་ཡིན་ཏེ། མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་འཇུག་པ་ཡིན་པར་བསྟན་པ་ནི། དེ་ལྟ་ཡིན་ན་རྡུལ་ཕྲ་རབ་རྣམས་ཀྱང་ཞེས་བྱ་བ་སྟེ། དབྱིབས་ཀྱི་ཁྱད་པར་དང་ལྡན་པ་ཉིད་ཀྱི་ཕྱིར། འདི་འབྲས་བུ་ཉིད་ཁོ་ན་ཡིན་ནོ། །འབྲས་བུའི་བདག་ཉིད་

ཁོ་ན་དགོད་པ་ནི་འབྲེལ་པ་ཡོད་པའི་ཕྱིར་ལ། གཞན་དུ་ནི་མ་ཡིན་ཏེ། དེ་མེད་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །གང་གི་འདོད་པ་ལ་གཉིས་ཉིད་བཞིན་དུ་དབྱིབས་ནི་འབྲས་བུ་མ་ཡིན་ཏེ། དེའི་ངོ་བོ་ཡང་མ་གྲུབ་པ་ཁོ་ན་ཡིན་ནོ། །འོན་ཏེ་དེ་ལ་ཡང་དེ་ལྟ་བུར་གྱུར་པའི་རྟོགས་
པ་སྐྱེད་པར་བྱེད་པ་རྣམས་ཀྱི། དེ་སྐྱེད་བྱེད་མ་ཡིན་པ་རྣམས་དང་མཚན་ཉིད་མི་མཐུན་པ་དེ་ལྟར་བརྗོད་པ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་དེ་ལྟ་བུར་འཁྲུལ་པ་ཞེས་བྱ་བའོ། །དེ་ལ་རྟོགས་པ་མ་རྟོགས་པ་རྡུལ་ཕྲ་རབ་རྣམས་ལ་འབྲས་བུ་མེད་པར་བསྟན་པ་ནི། གལ་ཏེ་རྡུལ་ཕྲན་
དངོས་སུ་ན། །ཞེས་བྱ་བའོ། །འབྲས་བུ་མེད་ན་དོན་མེད་པའི་བྱ་བ་བསྙོན་པ་ཡིན་པར་བསྟན་པ་ནི། གལ་ཏེ་ངེས་པར་བརྟགས་ན་ནི། །ཞེས་བྱ་བའོ། །འོན་ཏེ་རིག་པ་ཅན་གྱི་བསམ་པས་དབྱིབས་འབྲས་བུ་ཡོད་དེས་ན་འཇུག་པ་ཡིན་ནོ། །ཕ་རོལ་པོས་ཁས་བླངས་པ་ཡིན་ཡང་
རང་ཉིད་མ་མཐོང་ན། དེའི་རིགས་སུ་ཇི་ལྟར་བྱེད་པ་ཡིན་སྙམ་དུ་སེམས་པ་ཉིད་ལ། འོན་ཏེ་དབྱིབས་ནི་གཞན་དག་གི། །ཞེས་བྱ་བ་སྟེ། གཞན་གྱིས་ཁས་བླངས་པའི་ཁས་བླངས་ནི། གཞན་གྱིས་ཁས་བླངས་པའོ། །གོང་དུ་མ་གྲུབ་པ་ལའམ་དཔེ་ལ་ནི་ཞེས་བྱ་བའི་
འགྲེལ་པ་བྱས་པ་དེ་ལ་ལྟོས་ནས། ཡང་ན་དཔེ་ལ་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་སྨོས་པ་ཡིན་ནོ། །སེམས་པ་ཅན་གྱི་རྒྱུ་ཉིད་དུ་སྒྲུབ་པ་ཡིན་པ་ལ། དེས་ན་བསྒྲུབས་པའི་བྱ་བའི་དུས་ན་མ་ངེས་པ་ཉིད་ཡོད་པ་མ་ཡིན་པའི་ཕྱིར། ཇི་ལྟར་སྒྲུབ་པར་བྱེད་པའི་སྐྱོན་ཡིན། ཆུ་
བོ་འགྱུར་ནས་རགས་བརྩིགས་པ་ལ་དགོས་པ་མེད་པ་ཡིན་ནོ་སྙམ་དུ་སེམས་པ་ལ། དབང་ཕྱུག་དེ་ནི་བསྡད་ཅིང་བསྡད་ཅིང་ཞེས་བྱ་བ་སྨོས་སོ། །བསྒྲུབ་བྱ་ལ་ངེས་པའི་སྒྲུབ་བྱེད་རང་གིས་རྟོགས་པ་ཡིན་ན། གཞན་གྱི་དོན་ལ་ཡང་དེ་ལྟ་བུའི་སེམས་པ་ཅན་མ་ཡིན་པའི་བླང་བྱ་
ཡིན་ལ་སེམས་པ་ཅན་སྔོན་དུ་འགྲོ་བ་ཉིད་ལ་ཡང་སྒྲུབ་བྱེད་ཀྱི་ངེས་པ་མེད་དོ། །དེའི་ཕྱིར་སྒྲུབ་བྱེད་ཉིད་དུ་འགལ་བ་ཅན་མ་ཡིན་པའི་བྱེ་བྲག་ལ་ལྟོས་པ་ཅན་ནི་འདོད་པ་ལས་བཟློག་པའི་སེམས་པ་ཅན་གྱི་ཁྱད་པར་འཕངས་པར་གྲུབ་པ་ལ་སྒྲུབ་པར་བྱེད་པ་ཡིན་ནོ། །

མ་འཕངས་པའི་ཁྱད་པར་གྱི་སྤྱི་ནི་རྗེས་སུ་དཔག་པའི་ཡུལ་མ་ཡིན་ཏེ། འཇུག་པར་བྱེད་པའི་ཕྱིར་དང་། འདོད་པའི་ཁྱད་པར་དང་འགལ་བའི་ཕྱིར་རོ། །དེ་ཉིད་ཀྱིས་མ་ངེས་པ་ཡིན་པས་ཁྱད་པར་དང་འགལ་བའི་ཕྱིར་ཁྱད་པར་འཕངས་པ་མ་ཡིན་
ཞེས་བྱ་བའི་དོན་ཏོ། །དེ་ལ་ཡང་ཁྱད་པར་དུ་བསྒྲུབ་པར་བྱ་བ་ལ་རང་ཉིད་མི་ནུས་པ་ཉིད་ཡིན་ན། དབྱིབས་དང་ལྡན་པ་ཉིད་ཁྱད་པར་ཅན་སྒྲུབ་པར་བྱེད་པ་ཁོ་ན་ཡིན་ནོ། །སྙམ་དུ་སེམས་པ་ནི། འོན་ཏེ་འདི་ནི་རང་ཉིད་ནུས་པ་ཡིན། །ཞེས་བྱ་བའོ། །ཁྱད་པར་དང་བཅས་
པའི་གཏན་ཚིགས་ཐུན་མོང་མ་ཡིན་པའམ། མ་གྲུབ་པ་ཡང་ཡིན་པར་བསྟན་པ་ནི། རྫ་མཁན་ལ་སོགས་པ་ཡང་ཞེས་བྱ་བ་སྟེ། སོགས་པའི་སྒྲས་ནི་ལས་བརྗོད་པ་ཡིན་ལ། ལས་ཡོད་པ་ཡིན་ན་ནུས་པ་ནུས་པ་ཅན་གྱི་རྒྱུ་མེད་པ་ཉིད་དུ་མ་གྲུབ་པ་ཡིན་གྱི། དཔེར་ན་རྫ་
མཁན་ཡོད་པ་ཡིན་ཞེས་བྱ་བའི་དོན་ཏོ། །མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་རྫ་མཁན་དང་ལས་ལ་ནུས་པ་མཐོང་བས་བསྒྲུབ་བྱ་དོན་གཞན་ལ་གཞན་གྲུབ་པ་ཉིད་ཡིན་པར་བསྟན་པ་ནི། དབང་ཕྱུག་ལ་ཡང་དབང་ཕྱུག་དམ་པར་ཞེས་བྱ་བའོ། །ཡང་ན་ཐུག་པ་མེད་པ་
ཡིན་ན་རྩ་བ་མ་གྲུབ་པས་བསྒྲུབ་བྱ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་མ་ངེས་པ་ཉིད་ཡིན་ལ། དེ་བཞིན་དུ་ཕན་ཚུན་རྟེན་པ་ཡང་ཡིན་ཞེས་བྱ་བའི་དོན་ཏོ། །འོན་ཏེ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཇི་ལྟར་ཡང་དབྱིབས་སུ་འདོད་པ་ཡིན། དེ་ལ་བྱེ་བྲག་མེད་པའི་ཕྱིར། རྡུལ་ཕྲ་
རབ་རྣམས་ལ་ཡང་འགྱུར་བའི་ཕྱིར། ལྡོག་པ་མ་གྲུབ་པ་དང་ཐེ་ཚོམ་ཟ་བ་ཉིད་ཡིན་པར་བསྟན་པ་ནི། རྡུལ་ཕྲན་དག་ལ་དབྱིབས་མེད་ཅེས། །ཞེས་བྱ་བའོ། །རེ་ཞིག་དངོས་པོ་རྣམས་ནི་མཐའ་ཡས་པས་འཇིག་པ་མེད་པ་མ་ཡིན་ནམ། རི་རབ་བཞིན་དུ་ཆ་ཙམ་ཡང་མི་དཔོགས་
པ་ཉིད་དུ་འགྱུར་བའི་ཕྱིར། མཐར་དངོས་པོ་མེད་པ་ཡང་མ་ཡིན་ཏེ། མེད་པ་ལས་དངོས་པོ་སྐྱེ་བར་ཐལ་བར་འགྱུར་རོ། །དེའི་ཕྱིར་རྡུལ་ཕྲ་རབ་ནི་ཆ་ཤས་མེད་པ་ཡིན་སྙམ་དུ་སེམས་པ་ནི། རགས་པ་གང་ཡིན་པ་དེ་ནི། །ཞེས་བྱ་བ་སྟེ། རྡུལ་ཕྲ་རབ་གཉིས་པའི་ཕ་རོལ་

ནི་ཆ་ཤས་དང་བཅས་པ་མ་ཡིན་ཏེ། མཐའ་ཡས་པ་ཉིད་ཀྱིས་དཔག་ཏུ་མེད་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྣང་བ་ལས་ཕྱི་མའི་ངོ་བོ་ནི་ཚད་མས་རྟོགས་པ་མ་ཡིན་པར་བསྟན་པ་ནི། རྡུལ་བརྒྱད་པ་ལས་ཕ་རོལ་གྱི། །ཞེས་བྱ་བ་སྟེ། མཐའ་མེད་པ་དེ་བསྒྲུབ་པ་ལ་
རྡུལ་ཕྲན་བརྒྱད་པ་ཁོ་ནས་ཚད་མ་ཡིན་ཏེ། དེ་མེད་ན་འདིའི་ངོ་བོ་ཉིད་ཁོ་ན་མེད་པར་འགྱུར་རོ་སྙམ་པའི་དགོངས་པས། འདི་རྡུལ་བརྒྱད་པའི་རང་བཞིན་ནམ། །ཞེས་བྱ་བའོ། །སྣང་བའི་དངོས་པོ་ནི་རགས་པ་ཉིད་ཁོ་ན་ཡིན་པ་ལས་རྡུལ་ཕྲན་གྱི་གོ་བར་བྱེད་པ་ཡིན་ནམ།
གྲངས་ཀྱི་དབྱེ་བས་སོ་སོར་སྣང་བས་ཅི་ཞིག་བྱ་སྙམ་དུ་སེམས་པ་ནི། འོན་ཏེ་ཤིན་ཏུ་དེ་རགས་དེས། །ཞེས་བྱ་བའོ། །ཁ་ཅིག་ལ་ལྟོས་ནས་ཁ་ཅིག་རགས་པ་ཡིན་པ་འདི་ལ་ནི་སྣང་བ་ལས་གཞན་པ་མ་མཐོང་བ་ལ་ལྟོས་བྱ་ཡིན་པའི་ཕྱིར། དེ་མ་གྲུབ་པ་ཡིན་པར་བསྟན་པ་ནི། གང་ཚེ་རྡུལ་
གཉིས་ཅན་སོགས་པ། །ཞེས་བྱ་བའོ། །དངོས་པོ་རྣམས་མཐའ་ཡས་པས། འཇིག་པ་མེད་པར་མི་དཔོགས་པ་ཉིད་དུ་བསྟན་པ་མ་ཡིན་ནམ། མཐར་དངོས་པོ་མེད་པ་ལ་ཡང་དབྱེ་བ་མེད་ན་དབྱེ་བར་མི་རིགས་པའི་ཕྱིར། གང་མཐར་འཇིག་པ་དེ་རྡུལ་ཕྲ་རབ་དུ་དཔོག་པར་བྱེད་པ་ཡིན་
སྙམ་དུ་སེམས་པ་ནི། རྗེས་སུ་དཔག་པ་ལ་ལྟོས་ན། །ཞེས་བྱ་བའོ། །རྗེས་སུ་དཔོག་བཞིན་པ་ཡང་དེ་ཇི་ལྟར་མཐོང་བ་ཁོ་ན་ཡིན་པའི་ཕྱིར། མཚན་ཉིད་མི་མཐུན་པ་ཡང་མ་ཡིན་ལ། དཔག་ཏུ་མེད་པ་ཡང་མ་ཡིན་ཏེ། ཆ་ཤས་མེད་ཀྱང་བློ་ལ་སོགས་པ་འཇིག་པར་མཐོང་
བའི་ཕྱིར། དབྱེ་བ་ཉིད་ཀྱིས་འཇིག་པར་ངེས་པ་མ་ཡིན་ལ། རྒྱུ་ནི་སྣང་བ་གཞན་གྱི་སྣང་བ་ཁོ་ན་ཡིན་ནོ། །སྤྲོ་བ་ལ་སོགས་པ་ལ་མི་སྣང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ་འཇིག་རྟེན་གྱི་ཁམས་ཀྱི་གཞན་གྱི་སྣང་བ་ཡིན་པའི་ཕྱིར་རོ། །དེ་ཉིད་ལ་ཚད་མ་གང་ཡིན་སྤྲོས་པ་ལ་ཡང་གང་
ཡིན་ཞེས་མཚུངས་པ་ཡིན་པར་བསྟན་པ་ནི། ཐུག་པ་མེད་པར་ཐལ་བར་འགྱུར། །ཞེས་བྱ་བ་སྟེ། སྣང་བའི་དངོས་ལས་གཞན་པ་ལ་ནི། མངོན་སུམ་མ་ཡིན་ཞིང་རྗེས་སུ་དཔག་པ་ཡང་མ་ཡིན་ཞེས་བྱ་བའི་དོན་ཏོ། །བོང་བ་ནི་དགོས་པ་ན་ཕྱིས་ཤིང་ཕྱིས་ཤིང་ཇེ་ཆུང་འགྲོ་བ་མ་ཡིན་

ནམ། གང་ལ་ཆུང་ངུར་འགྱུར་དུ་མི་བཏུབ་པའི་མཆོག་ཏུ་ཕྲ་བ་དེ་ལ་རྡུལ་ཕྲ་རབ་ཅེས་བདག་ཅག་རྣམས་ཟེར་རོ། །དེ་ཡང་ཆ་ཤས་དང་བཅས་པ་ཉིད་ཡིན་ན་ཆ་ཤས་དེའི་ཡང་ཆ་ཤས་རྣམས་དང་དེའི་ཆ་ཤས་ཀྱི་ཡང་ཆ་ཤས་རྣམས་ཞེས་བྱ་བའི་རྟོགས་པ་འདི་
ཡང་ཐུག་པ་མེད་པས་མཐའ་མ་མཐའ་མེད་པའི་ཕྱིར། །རྫས་རྣམས་ཐམས་ཅད་ཀྱི་ཚད་དང་ལྕི་བ་ཉིད་དག་གི་གྲངས་དང་འབྲས་བུ་དང་རྒྱུ་དག་གི་མཚུངས་པའི་ཚད་ཉིད་ལ་སོགས་པར་མི་འགྱུར་རོ། དེ་ལྟར་ཡང་བགྲང་དུ་མེད་པའི་ཕྱིར་ཕྲ་བའི་ཕྲ་བ་ཉིད་ཀྱང་ལྡོག་པར་འགྱུར་རོ། །
འོན་ཏེ་དབྱེ་བྱེད་ནི་མཐའ་མེད་པ་མ་ཡིན་ཏེ། དེ་ལྟ་མོད་ཀྱི་ཟད་པའི་མཐའི་བར་དུ་ཡིན་ནོ་སྙམ་ན་ཡང་། དེ་ཡང་མི་རིགས་ཏེ། དབྱེ་བྱ་ཟད་ན་དབྱེ་བྱེད་མི་འཐད་པའི་ཕྱིར་རོ། །དབྱེ་བ་ནི་ཞིག་པ་ཡིན་པ་ལ་དབྱེ་བྱ་མེད་ན་ནི་མི་རིགས་སོ། །དེའི་ཕྱིར་རེ་ཞིག་ས་ཕྱོགས་རྒྱ་ཆེན་པོ་
ལ་ཉེ་བར་དམིགས་པར་སྣང་བ་ནི། ཆ་ཤས་དང་བཅས་པ་ཁོ་ན་ཡིན་པས་ས་ཕྱོགས་དང་བཅས་པའི་དོན་དང་ཕྲད་པ་ཡིན་ཏེ། དོན་དང་རྫས་སུ་ཕྲད་པ་ཡིན་གྱི་དེ་རྒྱ་ཆེ་བ་ནི་མ་ཡིན་ནོ། །གཞུང་ལུགས་དེས་ཆོག་སྟེ་ཚད་མ་ལ་འཇུག་པའི་རྗེས་སུ་འབྲང་བར་བྱའོ། །ཡུལ་ངེས་པ་ལ་དངོས་
པོར་མཐོང་བར་བྱེད་ན་ཚད་མ་ནི་འཇིག་རྟེན་འཇུག་པར་བྱེད་པ་ཡིན་གྱི། ཕྲད་པ་ནི་མ་ཡིན་ཏེ། དེའི་ཕྲད་པ་ནི་དེ་ལ་ཉེ་བ་ལས་དེ་ཡང་ཉེ་བ་ཡིན་པ་དེ་ལྟ་མིན་པ་དེ་ཉིད་ཀྱིས་ན་རྒྱ་ཆེ་བ་དེ་ནི་དུ་བ་བཞིན་དུ་ཡིན་གྱི་ཆ་ཤས་དང་བཅས་པའི་སྣང་བ་མ་གཏོགས་པ་ཆ་ཤས་དང་བཅས་པའམ། ཅིག་
ཤོས་ཉེ་བར་དམིགས་པ་མ་ཡིན་ནོ། །དོན་གྱི་གོ་བས་ཀྱང་དམིགས་པ་མ་ཡིན་ཏེ། གཞན་དུ་ཡང་ཡོད་པའི་ཕྱིར་རོ། །དེ་ལྟར་ན་བུམ་པ་བྱེད་པའི་རྒྱུ་དང་བཅས་པ་ལས་ཁམ་ཕོར་དམིགས་པ་ཡིན་ཏེ། བུམ་པ་ནི་འཇིག་པའི་དངོས་པོའི་ཆོས་ཉིད་ཀྱིས་འཇིག་པ་ཡིན་ཏེ། ཁམ་
ཕོར་ཡང་དེ་དང་བཅས་པ་ལས་དེ་ལས་གཞན་བསྐྱེད་ནས་འཇིག་པ་ཡིན་ལ། དེ་ཡང་དེ་ལས་གཞན་པར་ཐ་མའི་སྣང་བ་རྣམ་པར་འབྱེད་པའི་ལྷན་ཅིག་བྱེད་པ་མེད་པའི་ཕྱིར་འདྲ་བའི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ནོ། །རིག་པའི་བྱེ་བྲག་དང་ལྡན་པ་གཞན་དང་ཕྲད་པ་ལས་འབྲས་བུ་

གཞན་རྩོམ་པར་མི་བྱེད་པར་རང་ཉིད་དངོས་པོའི་ཆོས་ཉིད་ཀྱིས་གཞིག་པ་ཡིན་གྱི་ཆ་ཤས་སུ་ཕྱེ་བ་ཉིད་ཞིག་པ་མ་ཡིན་ཏེ། སྒྲ་དང་བློ་ལ་སོགས་པ་ལ་མ་མཐོང་བའི་ཕྱིར་རོ། །རིགས་པ་འདི་རྫས་ཉིད་ལ་ནི་མ་ཡིན་ཏེ། ཤིང་ལ་མེ་དང་ཕྲད་པ་ལས་ཞིག་པ་ལ་མ་མཐོང་བའི་ཕྱིར་རོ། །གང་
གི་ཕྱིར་མེ་ནི་ཕྲུ་བ་ལ་སོགས་པ་དུམ་བུར་བྱེད་པ་མ་ཡིན་པ་ནི་གཞུང་ལུགས་ཡིན་ལ། དེའི་ཕྱིར་ཐུག་པ་མེད་པའམ་དེ་ཉིད་ཕྲ་མོར་བྱས་པ་ཡང་མ་ཡིན་པའི་ཕྱིར། ཐམས་ཅད་ཞིག་པ་ཡིན་ན་ཇི་ལྟར་ཕྲད་པ་ཡིན། རྡུལ་ཕྲ་རབ་རྣམས་ཡོད་པ་ཡིན་ན་དེ་རྣམས་མཐོང་བ་ཞེས་པ་དེ་ཡིན་
པར་འགྱུར་རོ། །དངོས་པོའི་བསྐྱེད་པ་ནི་རྒྱུ་མེད་ན་མེད་པ་ཡིན་ནོ། །མ་ཡིན་ཏེ། ཐམས་ཅད་འཇིག་པར་ཁས་མ་བླངས་པའི་ཕྱིར་དང་། འགའ་ཡང་དེ་ལྟར་རེག་པ་དང་ལྡན་པས་རེག་པར་ཁས་མ་བླངས་པའི་ཕྱིར་རོ། །གང་ཞིག་བདག་ཉིད་ཐམས་ཅད་ཀྱིས་ཞིག་པ་དེ་ལས་འབྲས་
བུ་འབྱུང་བར་མི་འགྱུར་རོ། །ཤིན་ཏུའོ། །དེ་དང་འདྲ་བ་ཡོད་པ་ལས་དེ་དང་འདྲ་བ་སྐྱེ་བ་ལ་ནི་ཐམས་ཅད་དུ་སྐྱོན་མེད་དོ། །དེ་ལྟར་ན་དེ་ཉིད་སྣང་བའི་ངོ་བོ་ནི་རྡུལ་ཕྲ་རབ་ཡིན་ཏེ། སྣང་བ་གཞན་མེད་པའི་ཕྱིར་རོ་ཞེས་ཁས་ལེན་ན། དེ་དབྱིབས་དང་ལྡན་པ་ཉིད་ཡིན་ནོ་སྙམ་དུ་སེམས་པ་
ཉིད་ནི། །འོན་ཏེ་མཐོང་བའོ་ཞེས་བྱ་བའོ། །སྣང་བའི་ངོ་བོ་ནི་རྡུལ་ཕྲ་རབ་མ་ཡིན་པ་མ་ཡིན་ནམ། གཞན་ཡང་ཚད་མ་མེད་པ་ཅན་ཡིན་པའི་ཕྱིར། །རྒྱུ་མེད་པས་ཆ་ཤས་ཅན་མ་ཡིན་ནོ། །གལ་ཏེ་སྣང་བ་ཉིད་ཀྱི་ངོ་བོ་རྡུལ་ཕྲ་རབ་ཡིན་ལ། དེའི་ཚེ་ཡང་དེ་རྣམས་ཉིད་མང་པོར་སྣང་བ་
ཡིན་ལ། དེའི་ཕྱིར་ཆ་ཤས་ཅན་དུ་འགྱུར་བ་མ་ཡིན་ནོ་ཞེས་སྣང་བ་དང་མི་སྣང་བའི་རྡུལ་ཕྲ་རབ་སྒྲུབ་པ་དང་། དགག་པ་འབྲས་བུ་ཡིན་པར་ཉེ་བར་བསྡུ་བ་ནི། གལ་ཏེ་རྡུལ་ཕྲན་གྲུབ་མིན་ན། །ཞེས་བྱ་བའོ། །ཆ་ཤས་མེད་པའི་རྡུལ་ཕྲ་རབ་དང་། རགས་པ་ནི་འགལ་བའི་འབྲས་བུ་ཡིན་
པར་བསྟན་པ་ནི། ཕྱོགས་གཅིག་གིས་ནི་རེག་ན་དེ་ཞེས་བྱ་བ་སྟེ། རྡུལ་ཕྲ་རབ་རྣམས་ཕྲད་པ་མེད་ན་འབྲས་བུ་རྩོམ་པ་མ་ཡིན་ཏེ། ཕྲད་པ་དང་ཅིག་ཤོས་དག་ལ་དབྱེ་བ་མེད་པར་ཐལ་བར་འགྱུར་རོ། །བདག་ཉིད་ཐམས་ཅད་ཀྱི་ཕྲད་པ་ཡང་མ་ཡིན་ཏེ། ཆ་ཤས་མེད་པའི་རྡུལ་ཕྲ་རབ་རྣམས་ནི་

དབྱེར་མེད་པ་ཉིད་ཀྱིས་རྡུལ་ཕྲ་རབ་གཞན་ལ་ཆུ་ལ་འོ་མ་བཞིན་དུ་རྗེས་སུ་འཇུག་པར་མི་རིགས་པའི་ཕྱིར་ལ་ཕྱོགས་གཅིག་གིས་ཀྱང་མ་ཡིན་ཏེ། ཆ་ཤས་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཕྱོགས་ནི་གཅིག་ཉིད་ཀྱིས་ཞེས་བྱ་བས་ནི་དེ་བདག་ཉིད་ཐམས་ཅད་
ཀྱིས་ཞེས་བྱ་བར་ཉེ་བར་མཚོན་པ་ཡིན་ནོ། །འོན་ཏེ་ཕྱོགས་གཅིག་གིས་མ་ཡིན་ལ། བདག་ཉིད་ཐམས་ཅད་ཀྱིས་ཀྱང་མ་ཡིན་ཏེ། ཆ་ཤས་མེད་པ་ཉིད་ལ་ཆ་ཤས་སུ་རྟོགས་པ་མི་སྲིད་པའི་ཕྱིར། རགས་པ་འབའ་ཞིག་བསྐྱེད་པར་མཐོང་བ་ལས། མཐའི་རྒྱུ་རྣམས་ཀྱི་ཕྲད་པ་ཙམ་
ཡོད་པར་གོ་བ་ཡིན་ནོ་སྙམ་དུ་སེམས་པ་ལ། ཐམས་ཅད་ཕྱོགས་ཀྱི་གཅིག་ཉིད་ཀྱིས། །ཞེས་བྱ་བ་འདི་ལ་ཡང་བདག་ཉིད་ཐམས་ཅད་ཀྱིས་ཞེས་བྱ་བར་ཉེ་བར་མཚོན་པ་ཡིན་ཏེ། གང་གི་ཕྱིར་ཕྲད་པ་ཡོང་ན་འབྲས་བུ་སྐྱེ་བར་མཐོང་བའི་ཕྱིར་དེ་རྟོགས་བཞིན་པ་ནི་ཇི་ལྟར་སྣང་བའི་མཐོང་བའི་
བྱེ་བྲག་ཡིན་གྱི། གཞན་ཡིན་ལ་བྱེ་བྲག་མེད་པའམ། མ་མཐོང་བའི་བྱེ་བྲག་ཅན་གྱི་སྤྱི་ནི་རྗེས་སུ་དཔག་པའི་ཡུལ་མ་ཡིན་པར་བསྟན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །རྡུལ་ཕྲ་རབ་མ་ཡིན་ལ། ཁྱད་པར་གྱི་རིགས་གཞན་ཡང་མ་ཡིན་ནོ། །ཕྲད་པའི་ལྷན་ཅིག་པའི་རྡུལ་ཕྲ་རབ་རྣམས་འབྲས་
བུ་རྩོམ་པར་བྱེད་པ་མ་ཡིན་ནམ། འདི་ལྟ་སྟེ། འབྱར་བ་དང་ཅིག་ཤོས་ཀྱི་དབྱེ་བར་མི་འགྱུར་ལ། དེའི་ཚེ་དེ་རྣམས་གཅིག་ལ་གཅིག་འབྱར་བ་ཡང་མ་ཡིན་ཏེ། འབྱར་བ་ཡང་ཕྲད་པ་ཡིན་ན་འབྲས་བུ་ལ་ཕྲད་པ་གཞན་ལྟོས་པ་ཡིན་པའི་ཕྱིར་ཐུག་པ་མེད་པ་ཡིན་པས་འབྲས་བུ་གཞན་དུ་མི་འགྱུར་རོ་སྙམ་དུ་སེམས་
པས། འོན་ཏེ་ཡང་རྡུལ་ཕྲ་རབ་གཉིས་ཀྱིས་ནི་ཞེས་བྱ་བའོ། །ལན་ནི་གལ་ཏེ་མ་རེག་པར་ཡང་ནི་ཞེས་བྱ་བ་སྟེ། རང་གི་ངོ་བོ་ཉིད་ནི་རྡུལ་ཕྲ་རབ་རྣམས་ཕན་ཚུན་རེག་པ་ནི་ཕྲད་པ་ཡིན་པ་དེ་ལྟ་ན་ཐུག་པ་མེད་པ་ཡང་མ་ཡིན་ནོ། །ཐ་དད་པར་ཡིན་ནོ་དེ་ཁོ་ན་དེ་སྟེ་ཀུན་ཏུ་རེག་པའི་བདག་ཉིད་ཡིན་གྱི་རྡུལ་ཕྲ་རབ་
མ་ཡིན་ནོ། །དེ་ལྟ་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། ཇི་ལྟར་གོང་བུའི་རྣམ་པ་གཅིག །ཅེས་བྱ་བ་སྟེ། འབྱར་བའི་བདག་ཉིད་ཀྱི་ཕྲད་པ་ཡིན་ན། དེའི་ངོ་བོ་དང་བྲལ་བའི་རྡུལ་ཕྲ་རབ་རྣམས་ལ་དེ་ལྟར་རྟོགས་པར་མི་འགྱུར་ཏེ། གཞན་གྱི་ངོ་བོ་གཞན་དུ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །

འོན་ཏེ་ཆ་ཤས་ཅན་རྣམས་ཕྲད་པའི་འབྱར་བའི་བདག་ཉིད་ཀྱི་རྡུལ་ཕྲ་རབ་རྣམས་འདུས་པ་ཤེས་པ་དེའི་ཡུལ་ཡིན་གྱི་རྡུལ་ཕྲ་རབ་ནི་ཡུལ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་ཡན་ལག་ཅན་གཞན་དེར་ཞེས་བྱ་བ་སྟེ། རྡུལ་ཕྲ་རབ་རྣམས་ལ་གཅིག་ཏུ་ཤེས་པ་ནི་རྡུལ་ཕྲ་རབ་ཏུ་གནས་པའི་དངོས་
པོའི་ཡུལ་ཡིན་པའི་ཕྱིར། གཞན་དུ་གྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ན་དེ་ཡོད་པའི་དུས་སུ་རྡུལ་ཕྲ་རབ་རྣམས་ཀྱང་མ་ཞིག་པ་ཡིན་ལ། ཡུལ་དུ་རུང་བ་ཡིན་ཡང་ཅིས་མི་སྣང་བ་ཡིན་ཞེས་བསྟན་པ་ནི། རྟོགས་པའི་ཕྱིར་ན་མཐོང་བར་འགྱུར། །ཞེས་བྱ་བའོ། །གལ་ཏེ་
ཡང་རུང་བའི་ཡིན་ཡང་དེ་རྣམས་ཀྱི་རང་གི་ངོ་བོར་ནི་རུང་བ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། གལ་ཏེ་འུ་ཅག་ལ་སོགས་ཀྱིས། །ཞེས་བྱ་བ་སྨོས་ཏེ། དབང་ཕྱུག་ལ་ལྟོས་ནས་སྣ་ཚོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདུ་བ་ཅན་དག་གི་དང་འདུ་བ་སོ་སོར་མཐོང་བ་ཡིན་ན། ཐ་མི་
དད་པར་གྲུབ་པ་དག་གི་འབྲེལ་པ་ནི་འདུ་བ་ཡིན་པར་མི་འགྱུར་བར་བསྟན་པ་ནི། མཐོང་ན་འདུ་བ་ཇི་ལྟར་ཡིན། །ཞེས་བྱ་བ་སྟེ། གང་གི་ཕྱིར་ཐ་མི་དད་པར་གྲུབ་པ་རྟེན་དང་བརྟེན་པ་ཉིད་ནི། སྣལ་མ་དང་སྣམ་བུ་དག་གི། སྣལ་མའི་ཆ་དང་། སྣལ་མ་དག་ལ་བརྟེན་པའི་ཕྱིར་མི་སྲིད་དོ། །
ཐ་དད་པར་རྟོགས་པ་དང་ལྡན་པ་ཉིད་ནི་དེ་ལ་རུང་བའི་ངོ་བོ་ཡིན་ལ། དེ་ཡང་ཇི་ལྟར་སྣང་བས་ཐ་དད་པ་ཁོ་ན་ཡིན་ཏེ། དབང་ཕྱུག་ལ་ལྟོས་ནས་ཐམས་ཅད་དེ་ལྟར་ཡིན་པའི་ཕྱིར། ཐ་མི་དད་པར་གྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་དང་སྒྲ་དག་གི་དོན་གཅིག་ལ་འདུ་བ་ཅན་དང་།
སྣལ་མ་དང་སྣམ་བུ་དག་གི་འདུ་བ་ཡང་འུ་བུ་ཅག་ལ་སོགས་པ་རྣམས་ཀྱིས་ཐ་དད་པར་མ་མཐོང་བ་ཡང་ཐ་མི་དད་པར་གྲུབ་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། གཞན་དུ་ནི། མཐོང་བ་འཁྲུལ་པ་ཉིད་དུ་འགྱུར། །ཞེས་བྱ་བ་སྟེ། འུ་བུ་ཅག་ལ་སོགས་པ་ནི་སྣལ་མ་དང་སྣམ་བུ་དག་དུ་མ་
ཡང་ཐ་དད་པར་སྣང་བ་མ་ཡིན་ནོ། །སྣལ་མ་རྣམས་ནི་སྣམ་བུ་མ་ཡིན་པ་མ་ཡིན་ནམ། གཅིག་དང་དུ་མ་སོ་སོར་སྣང་བའི་བདག་གི་ཡུལ་ཐ་དད་པའི་ཕྱིར་རོ། །གཅིག་ཏུ་སྣང་བ་མ་ཡིན་ཏེ། གཞན་དུ་ན་དེའི་སྒྲ་ནི་བརྡའི་རྗེས་སུ་འབྲང་བའི་རྟོགས་པ་ཡིན་པའི་ཕྱིར། དེ་བཞིན་དུ་དབང་

ཕྱུག་གིས་ཐ་དད་པར་མཐོང་ལ། འུ་བུ་ཅག་ལ་སོགས་པ་ཐམས་ཅད་ཀྱིས་ཐ་མི་དད་པར་མཐོང་བས་གནོད་པ་ཡིན་ཏེ། འདུ་བ་མེད་པ་ཡང་དེ་དང་འདྲ་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྣང་བའི་མཐའ་མ་ནི་དེ་ལས་གཞན་པ་དང་ཆ་གཅིག་གིས་
ཕྲད་པ་ཡིན་ན། དེའི་ཆ་གཅིག་ཀྱང་དེ་བཞིན་ཡིན་པའི་ཕྱིར། མཐར་ཐུག་པ་མེད་པས་ཕྲ་མོ་དཔག་ཏུ་མེད་པར་འགྱུར་བའི་ཕྱིར། དེ་དང་སྐྱོན་མཚུངས་སོ་སྙམ་དུ་སེམས་པ་ལ། རགས་པ་ཆ་ཤས་ཉིད་དུ་སྔོན་དུ་འགྲོ་བ་ཅན། ཞེས་བྱ་བ་སྨོས་ཏེ། གང་ལ་ཆ་ཤས་ཕྲད་པ་སྔོན་དུ་
འགྲོ་བ་ཅན་ཉིད་དུ་མཐོང་བ་དེ་ལ་དེ་ལྟར་འགྱུར་དུ་ཟིན་ཀྱང་དཔེར་ན་འཇི་བའི་གོང་བུ་སྔོན་དུ་འགྲོ་བ་ཅན་གྱི་བུམ་པ་དང་། སྣལ་མ་སྔོན་དུ་འགྲོ་བ་ཅན་སྣམ་བུ་ལྟ་བུའོ། །སྣང་བའི་མཐའ་མ་ནི་དེ་ལྟ་བུ་ཉིད་དུ་མཐོང་བ་མ་ཡིན་པའི་ཕྱིར་ཆ་ཤས་སྔོན་དུ་འགྲོ་བ་ཅན་ཉིད་དུ་ཅི་ལས་ཤེས། གང་
གིས་དཔག་ཏུ་མེད་པར་འགྱུར། །ཞེས་བྱ་བའི་དོན་ཏོ། །ཆ་ཤས་དང་ཕྲད་པ་མེད་ཀྱང་ཆ་ཤས་དང་བཅས་པར་མཐོང་བ་ཡིན་པར་བསྟན་པ་ནི། ཝ་ཊའི་ས་བོན་ཤིན་ཏུ་ཆུང་། །ཞེས་བྱ་བ་སྟེ། གང་གི་ཚེ་སྔ་ན་ཡོད་པའི་ཡན་ལག་རྣམས་ནི་མ་དམིགས་པའི་ཡོད་པ་མ་ཡིན་ལ། དེའི་ཚེ་
དེ་རྣམས་ཕྲད་པའི་སྒོ་ནས་ཡན་ལག་ཅན་རྩོམ་པར་བྱེད་པ་མ་ཡིན་པར་བསྟན་པ་ནི། ཡན་ལག་ཅན་ཡང་ག་ལ་ཡིན། །ཞེས་བསྟན་པའོ། །ཤིང་ཝ་ཊའི་མྱུ་གུ་ཡང་སྣང་བའི་ཐ་མ་བཞིན་དུ་ཡན་ལག་སྔོན་དུ་འགྲོ་བ་ཅན་ཉིད་ཀྱི་ཕྱོགས་ཁོ་ན་མ་ཡིན་ནམ་སྙམ་དུ་སེམས་པ་ནི་
འོན་ཏེ་ནམ་མཁའི་ཕྱོགས་ཞེས་བྱ་བའོ། །དེ་ལྟ་ཡིན་ན་ཤིང་ཝ་ཊ་རྣམས་ཀྱི་ནུས་པ་མ་ཡིན་ཏེ། མ་མཐོང་བའི་བྱེ་བྲག་གིས་ལྷན་ཅིག་བྱེད་པའི་རྡུལ་ཕྲ་རབ་རྣམས་ཉིད་མྱུ་གུ་ལ་སོགས་པའི་རྒྱུར་འགྱུར་རོ། ཞེས་ལན་དུ་བསྟན་པ་ནི་གནས་པ་ལ་སོགས་པར་བྱེད་དམ་ཅི་ཞེས་བྱ་བ་སྟེ།
མྱུ་གུ་ནི་ཤིང་ཝ་ཊ་ལ་སོགས་པའི་ས་བོན་ལ་ལྟོས་པ་ཡིན་གྱི། མ་མཐོང་བའི་ཡན་ལག་ཚོགས་པས་འཕེན་པར་བྱེད་པ་མ་ཡིན་ཏེ། ཐལ་ཆེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཡན་ལག་དང་བཅས་པའི་སྣམ་བུ་ནི་ཡན་ལག་ཚོགས་པ་ཡིན་ན་འགྱུར་བ་དེ་བཞིན་དུ་སྣང་བའི་

ཐ་མའམ། ཤིང་ཝ་ཊའི་མྱུ་གུ་ཞེས་རྟོགས་པ་ཡིན་ན། ཡན་ལག་བཞིན་དུ་ཡན་ལག་ཅན་ཡོད་པ་ཁོ་ནར་འབྱུང་བར་འགྱུར་རོ་སྙམ་དུ་སེམས་པ་ཁོ་ནས་ཟེར་བ་ནི། འོན་ཏེ་མེད་ཀྱང་དཔེ་ལས་ནི། ཞེས་བྱ་བའོ། །འདི་མཐོང་བ་ཡོད་པ་ཉིད་ཁོ་ན་གང་མི་གསལ་བ་ནི་མར་མེ་ལ་སོགས་པ་
རྣམས་ཀྱིས་གསལ་བར་བྱེད་པ་ཡིན་པ་ནི་སྒྲོན་མའི་དཔེའི་སྟོབས་ཀྱིས་ན་ཞེས་བྱ་བའོ། །མར་མེ་གསལ་བར་བྱེད་པ་ཉིད་ཁོ་ན་དབང་ཕྱུག་མེད་ན་གསལ་བར་བྱེད་པར་མི་འགྱུར་རམ་སྙམ་དུ་སེམས་པ་ལ། དེ་ཡང་སེམས་པས་བྱིན་བརླབས་ན། །ཞེས་བྱ་བ་སྟེ་ཅིའི་ཕྱིར། གཞན་དེ་མི་
མི་བྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཀྱང་ཡོད་བཞིན་པ་ཉིད་ཀྱིས་བྱ་བ་མེད་པའི་ཕྱིར། སེམས་པ་ཅན་གཞན་ཡང་རུང་བྱེད་པ་པོ་མ་ཡིན་པར་བསྟན་པ་ནི། དེ་དེ་དང་དེ་ལས་ཡིན། དེའི་ཕྱིར་སྣང་བའི་ཐ་མའམ། མྱུ་གུ་ནི་ཇི་ལྟ་བུའི་མི་རྟག་པ་ལས་སམ། སེམས་པ་ཅན་མ་
ཡིན་པ་ལས་སྐྱེ་བ་ཡིན་ལ། དེ་ཉིད་དེ་ལ་ནུས་པ་ཡིན་གྱི་རྡུལ་ཕྲ་རབ་རྣམས་ཀྱིའམ། དབང་ཕྱུག་གི་ནི་མ་ཡིན་པའི་ཕྱིར་དེ་ཙམ་གྱི་རྒྱུ་མཚན་ཉིད་ནི་རྒྱུ་མཚན་མེད་པ་དང་འགལ་བ་ཡིན་པར་ཉེ་བར་བསྡུ་བ་ནི། དེས་ན་གང་གང་གང་གང་ལས། །ཞེས་བྱ་བའོ། །དབང་ཕྱུག་ལ་ཡང་མ་མཐོང་
བ་ཡོད་དོ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །འོན་ཏེ། དེ་ལས་ཚད་མ་མ་ཡིན་ན། དབང་ཕྱུག་ལ་ཡང་མི་འགྱུར་རོ། །ཞེས་བསྟན་པ་ནི། མངོན་སུམ་གནོད་པས་མིན་ཞེ་ན། །ཞེས་བྱ་བ་སྟེ། ཕ་རོལ་པོའི་འཁྲུལ་པས་སྒྲོ་འདོགས་པ་དགག་པ་ཡིན་གྱི། ཁྱད་པར་མ་གྲུབ་པ་ཉིད་ལ་
སོགས་པ་རྣམས་སུ་བསྒྲག་པར་བྱ་བ་མ་ཡིན་ནོ། །ས་གཞི་ལ་སོགས་པ་སེམས་པ་ཅན་མ་ཡིན་པའི་ཉེ་བར་ལེན་པ་ཉིད་དམ། ཅིག་ཤོས་ནི་ངེས་པ་ཅན་ཡིན་གྱི་ངེས་པར་བྱེད་པ་ཙམ་དུ་གོ་བར་བྱེད་པ་ཡིན་གྱི་སེམས་པ་ཅན་ནི་མ་ཡིན་ནོ། །ཞེས་བསྟན་ཟིན་ཏོ། །དེ་ལྟར་ཅི་ལས་ཤེས་ཤེ་ན། དབྱིབས་སོགས་ཅི་འདྲ་
བྱིན་རློབ་པོ། །ཡོད་མེད་ཅེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ངེས་པ་ནི་ཡོད་པ་དང་མེད་པ་དག་གིས་ངེས་པར་བྱེད་པ་ཙམ་གྱི་རྗེས་སུ་སྒྲུབ་པར་བྱེད་པ་ཡིན་གྱི། སེམས་པ་ཅན་ནི་མ་ཡིན་ཏེ། དེའི་ཕུལ་དུ་བྱུང་བ་དང་། ཅིག་ཤོས་དག་གི་ཕུལ་དུ་བྱུང་བ་དང་། །ཅིག་ཤོས་དག་མེད་པའི་ཕྱིར་རོ། །

དེ་ཡང་ཅི་འདྲ་བ་ལས་ཇི་ལྟ་བུར་གང་དམིགས་པ་དེ་འདྲ་བ་ཉིད་རྗེས་སུ་དཔོག་པར་བྱེད་དོ་ཞེས་བསྟན་པའོ། །ཡང་ན་ངེས་པ་ཅན་ཙམ་ནི་ངེས་པར་བྱེད་པ་ཙམ་དུ་གོ་བར་བྱེད་པ་ཡིན་པར་འདོད་པ་གྲུབ་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཟིན་ཏོ། །ངེས་པ་ཅན་གྱི་བྱེ་བྲག་གིས་
སེམས་པ་ཅན་ལ་སོགས་པ་ངེས་པའི་བྱེ་བྲག་ནི་ངེས་པའི་བྱེ་བྲག་མཐོང་བ་ཡིན་ན་གོ་བར་བྱེད་པ་ཡིན་གྱི། ངེས་པ་ཅན་ཙམ་མ་ཡིན་ཞིང་ངེས་པའི་བྱེ་བྲག་མ་རྟོགས་པ་ལ་ཡང་མ་ཡིན་པར་བསྟན་པ་ནི། ཅི་འདྲ་བ་ལས་ཇི་ལྟ་བུར་གང་དམིགས་པ་ནི་ཞེས་བྱ་བ་སྟེ། གཞན་དུ་ནི་མ་ཡིན་ནོ་ཞེས་
དཔེ་དང་བཅས་པའི་ལྡོག་པ་བསྟན་པ་ནི། ཐ་དད་དངོས་པོར་རབ་སྒྲུབ་པ། །ཞེས་བྱ་བ་ལ་སོགས་པ་སྟེ། ལྡོག་པའི་ངེས་པ་ཅན་བསྟན་པ་ཉིད་ཀྱི་ཤུགས་ཀྱིས་རྗེས་སུ་འགྲོ་བ་བསྟན་པར་གོ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ན་རིག་བྱེད་དང་ཨ་ཏི་ཧ་སའི་གཙུག་ལག་ལ་སོགས་
པ་དང་། ཁྲོན་པ་རྙིང་པ་དང་ལྷ་རྟེན་ལ་སོགས་པ་རྣམས་ཀྱིས་ཡང་བྱེད་པ་པོ་དྲན་བཞིན་པ་མ་ཡིན་པ་ནི། བློ་ཕུལ་དུ་བྱུང་བ་ལ་སོགས་པའི་རྗེས་སུ་བྱེད་པ་ཡིན་གྱི་སེམས་པ་ཅན་ཙམ་ལ་ནི་མི་སྲིད་པ་ནི་དེའི་བྱེ་བྲག་སྟེ། དབང་ཕྱུག་ཉིད་ལ་སོགས་པའི་བྱེ་བྲག་རྗེས་སུ་དཔོག་པ་ཡིན་ལ། དེ་ལྟ་བུའི་
ཤེས་པ་ཕུལ་དུ་བྱུང་བས་དགོས་པ་ཡིན་ཏེ། བསྙེན་བཀུར་གྱི་གནས་ཡིན་པའི་ཕྱིར་ཏེ་གཞན་གྱིས་ཅི་དགོས། འུ་ཅག་ལ་སོགས་པའི་སེམས་པ་ཅན་ཙམ་ལས་ནི། དེ་ལྟ་བུའི་འབྱུང་བ་མ་ཡིན་ཏེ། དབང་པོ་ལ་འདས་པ་དང་མི་ལས་འཕགས་པ་ལས་དེའི་དོན་རང་བཞིན་ཡིན་པའི་ཕྱིར་དེ་ཁོ་ན་ཚད་མ་
ཡིན་ནོ་ཞེ་ན། ཡོད་མེད་རྗེས་འཇུག་ཅན་གྲུབ་པ། །ཞེས་བྱ་བའོ། །སྙན་དངགས་ལ་སོགས་པ་ཡང་མ་ཡིན་པ་ཙམ་ལས་བྱུང་བ་མ་ཡིན་ལ། བུམ་པ་ལ་སོགས་པ་ཡང་རུང་སྟེ་ཐམས་ཅད་ཀྱིས་དེའི་བྱེད་པ་མ་ཡིན་ལ། དེ་དག་ཙམ་གྱིས་ཐམས་ཅད་ཕུལ་དུ་བྱུང་བའི་སེམས་པ་ཅན་
དུ་སྒྲུབ་པ་མ་ཡིན་ཏེ། དེའི་ཕྱིར་གོམས་པའི་བྱེ་བྲག་དང་ལྡན་པའི་འུ་བུ་ཅག་ལ་སོགས་པ་འགའ་ཁོ་ན་རྫ་མཁན་ལ་སོགས་པ་བཞིན་དུ་རྗེས་སུ་དཔོག་པར་བྱེད་པ་ཡིན་གྱི། ཤིན་ཏུ་དབང་པོ་ལས་འདས་པའི་ནུས་པ་ཅན་ནི་མ་ཡིན་ནོ། །དེ་ལྟ་བུའི་ཕུལ་དུ་བྱུང་བ་མེད་ན་ཇི་ལྟར་དབང་པོ་ལས་

འདས་པའི་ཡུལ་ཉེ་བར་སྟོན་པ་ཡིན་ཏེ། དེ་འདི་ནི་བསྐྱེད་བྱའི་དངོས་པོ་འབྲས་བུ་ལ་ཡང་མཚུངས་པ་ཡིན་ནོ། །དེ་ལ་བརྫུན་པ་ཡིན་གྱི་རིག་བྱེད་ལ་ནི་མ་ཡིན་ཏེ། གྲུབ་པའི་མཐའ་པ་ཐམས་ཅད་དང་། རིགས་ཐམས་ཅད་ཀྱང་ཐ་སྙད་ལ་མི་སླུ་བས་ཚད་མ་ཉིད་ཡིན་པའི་ཕྱིར་རོ།
འདི་ཡང་པར་སིག་རྣམས་དང་ཐོད་པ་ཅན་ལ་སོགས་པ་མང་པོ་རྣམས་ཀྱི་རང་རང་གི་ལུང་རྣམས་ལ་ཐ་སྙད་མི་སླུ་བའི་ཕྱིར། མཚུངས་པ་ཡིན་ཏེ། དོན་ལ་མི་སླུ་བ་ནི་གཉི་ག་ལ་ཡང་མེད་པའི་ཕྱིར། འདི་དང་མི་འདྲ་བའི་བྱིན་གྱིས་རློབ་པ་པོ་འགྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
རིག་བྱེད་རྟག་པ་ཉིད་ཡིན་པས་དག་བྱེད་དང་དག་བྱེད་མ་ཡིན་པའི་རྫས་ཉིད་ཀྱིས་ཤེས་པ་བཞིན་དང་། མེའི་སྦྱིན་སྲེག་ལ་སོགས་པ་སྒྲུབ་པར་བྱེད་པའི་ཤེས་པ་བཞིན་དུ་དབང་ཕྱུག་གི་རང་གི་ངོ་བོའི་ཤེས་པ་ཡིན་ལ། དེ་ཡང་བྱང་གྲོལ་སྒྲུབ་པར་བྱེད་པའི་ཕྱིར། སྐྱེས་བུའི་དོན་གྲུབ་པར་བྱེད་པ་
ཡིན་ནོ་ཞེ་ན། ཡོད་མེད་རྗེས་འཇུག་ཅན་གྲུབ་པ། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་རིག་བྱེད་རྣམས་རྟག་པ་ཉིད་ཡིན་ན། དབང་ཕྱུག་རྟག་པ་ཉིད་རིག་བྱེད་རྟག་པ་ཉིད་བརྗོད་བྱར་འགྱུར་ཏེ། འོན་ཀྱང་བྱེད་པ་པོ་ལས་མ་བྱུང་བ་མ་ཡིན་པའི་ཕྱིར། འགལ་བའི་འབྲས་བུ་བློའི་རྗེས་སུ་འབྲང་བའི་སྦྱོར་བའི་བྱེ་
བྲག་མཐོང་བས་རྟག་པ་བཀག་པ་དེའི་ཕྱིར། དོགས་པའི་སྐྱོན་དེས་དབང་ཕྱུག་མ་གྲུབ་བོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཡུལ་སྟོང་པ་ལ་སོགས་པ་ལ་བྱེད་པ་པོ་མི་དྲན་པའི་ལྷ་རྟེན་རྙིང་པ་ལ་སོགས་པ་མཐོང་ནས། དེ་དང་འདྲ་བའི་བྱེད་པ་པོ་མཐོང་བ་ཡིན་ན། ཇི་ལྟར་མཐོང་བ་ལས་བྱེད་པ་པོ་
རྗེས་སུ་དཔག་པར་རིགས་པ་ཡིན་གྱི། ས་གཞི་ལ་སོགས་པའི་དབྱིབས་ལ་སོགས་པ་རྣམས་ལ་ནི་དེ་ལྟ་བུ་ཡོད་པ་མ་ཡིན་ཏེ། དེ་ལྟ་བུ་ནི་བློ་ལས་བྱུང་བ་ཉིད་ཀྱིས་མ་མཐོང་བའི་ཕྱིར་རོ་ཞེས་བསྟན་པ་ནི། ཡོད་མེད་རྗེས་འཇུག་ཅན་གྲུབ་པ། །ཞེས་བྱ་བའོ། །བློ་སྔོན་དུ་འགྲོ་བ་ཅན་
གྱིས་སྔར་མཐོང་ནས། ལྷ་རྟེན་རྙིང་པ་ལ་སོགས་པ་དག་ལ་དེ་ཉིད་ཀྱི་རྗེས་སུ་བྱེད་པས། བློ་ལ་རྗེས་སུ་དཔོག་པར་བྱེད་པ་མ་ཡིན་ནམ། གཞན་དུ་ནི་མ་ཡིན་ལ་དེ་འདི་ནི་ས་གཞི་ལ་སོགས་པ་ཡང་མཚུངས་པ་ཡིན་ལ། དེ་ལ་ནི་བསྐྱེད་པས་སམ། སེམས་པ་ཅན་གྱིས་ཉེ་བར་ལེན་པ་

ཉིད་ཀྱི་རྗེས་སུ་མི་བྱེད་པ་ནི་མ་ཡིན་ནོ། །མངོན་སུམ་གྱི་རྟོགས་བྱར་ཐ་དད་པ་ཁོ་ན་ཡིན་ནོ་ཞེ་ན། དེ་ནི་གཞན་ལ་ཡང་མཚུངས་སོ། །ཕྱོགས་ལ་ཁྱབ་པར་བྱེད་པ་མཐུན་པའི་ཕྱོགས་ལ་ཡོད་ལ། མི་མཐུན་པའི་ཕྱོགས་ལས་ལོག་པ་ཁྱབ་པ་མ་ཚང་བའམ། སྦྱོར་
བྱེད་ཉིད་ཀྱང་མ་ཡིན་པ་མ་ཡིན་ཏེ། གཏན་ཚིགས་ཉིད་དུ་འདོད་པ་ལས་ཡང་དེ་ལྟ་བུ་ཉིད་དུ་ཐལ་བར་འགྱུར་རོ་སྙམ་དུ་སེམས་པ་ལ། ཐ་དད་དངོས་ལ་རབ་གྲུབ་པ། །ཞེས་བྱ་བ་སྨོས་ཏེ། བུམ་པ་དང་ལྷ་རྟེན་ལ་སོགས་པའི་ངོ་བོ་ནི་ཕུལ་དུ་འབྱུང་བའི་སེམས་པ་ཅན་གྱི་རྗེས་སུ་
འགྲོ་བ་དང་། ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་དེས་ཁྱབ་པ་ཡིན་ལ། སེམས་པ་ཅན་ནི་དེ་ལ་ཁྱབ་བྱེད་དུ་ངེས་པ་ཡིན་ཏེ། དུ་བ་ལ་མེ་ལྟ་བུ་དེ་ཉིད་ལས་འགྲུབ་པར་འགྱུར་གྱི། ཁྱབ་པ་ཅན་མ་ཡིན་པས་གཞི་ལ་སོགས་པའི་ངོ་བོ་ལས་ནི་མ་ཡིན་ནོ། །ལྡོག་པ་ཙམ་ལས་ཁྱབ་པ་
ཙམ་དུ་གྲུབ་པ་ནི་མ་ཡིན་ཏེ། རྟག་པ་ཉིད་ལ་མཉན་པར་བྱ་བ་ཉིད་ལྟ་བུའོ། །བུམ་པ་ལ་སོགས་པའི་ངོ་བོ་ཉིད་ནི་དེའི་ངོ་བོ་མ་ཡིན་ཏེ། གང་གི་རྗེས་སུ་འགྲོ་བར་འགྱུར། བུམ་པ་དང་ལྷ་རྟེན་ལ་སོགས་པའི་ངོ་བོ་ནི་ཆོས་ཅན་གྱི་དབྱེ་བ་མ་རྟོགས་པའི་ཐ་སྙད་པ་མ་ཡིན་ཏེ། དུ་བ་དང་
བྱས་པ་ལྟ་བུའོ། །སྐད་ཅིག་མའི་དབྱེ་བ་ལ་ཡང་རྗེས་སུ་དཔག་པ་ལ་དགོས་པ་ཡོད་པ་མ་ཡིན་ཏེ། རྗེས་སུ་དཔག་པ་ལ་སོགས་པའི་ཐ་དད་ཀྱང་ཡུལ་ངེས་པ་ཅན་ཡིན་པའི་ཕྱིར་རོ། །ངེས་པ་ཅན་ཡང་དེ་དང་གཅིག་པ་ཉིད་ཡིན་ལ། དེ་བཞིན་དུ་ས་གཞི་ལ་སོགས་པའི་ངོ་བོ་ནི་
དེ་ལ་ངེས་པ་མ་ཡིན་ནོ། །དེའི་ཕྱིར་ངེས་སེམས་པ་ཅན་ཉིད་དུ་ངེས་པར་འགྱུར་བ་མ་ཡིན་ཏེ། མདོག་སྐྱ་བ་ཉིད་མེ་ལ་ངེས་པ་མ་ཡིན་པ་ལྟ་བུའོ། །མཐུན་པའི་ཕྱོགས་དང་མཐུན་པའི་ཕྱོགས་མ་ཡིན་པ་དག་ལ་ཡོད་པ་དང་མེད་པ་ཙམ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མ་ཡིན་ཏེ། རྗེས་
སུ་འགྲོ་བ་ལ་སོགས་པའི་སྒྲ་རྣམས་ནི་ངེས་པར་རྗོད་པར་བྱེད་པ་ཡིན་པའི་ཕྱིར། ཁྱབ་པ་ཅན་ལས་ནི་གྲུབ་པ་ཡིན་ལ། ཁྱབ་པ་ཅན་མ་ཡིན་པ་ལས་ནི་མི་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཇི་ལྟར་ན་ས་གཞི་ལ་སོགས་པའི་ངོ་བོ་ངེས་པ་དང་ལྡན་པ་ནི་ངེས་པར་བྱེད་པའི་

ལས་ཀྱིས་འཕངས་པ་ཡིན་པ་དེ་བཞིན་དུ། བུམ་པའི་ངོ་བོ་བཞིན་དུ་སེམས་པ་ཅན་ཡང་ཅིའི་ཕྱིར་མ་ཡིན་ཞེ་ན། ཐ་དད་དངོས་ལ་རབ་གྲུབ་པ། །ཞེས་སྨོས་པ་ཡིན་ཏེ། དངོས་སུ་བའི་འབྲེལ་པའི་རྗེས་སུ་འབྲངས་ནས། གང་ཡང་རུང་བ་ཅུང་ཟད་ཀྱང་གོ་བར་བྱེད་པ་ཡིན་གྱི་
སྐྱེས་བུའི་འདོད་པའི་དབང་གིས་ནི་མ་ཡིན་ནོ། །དེ་ཉིད་ཀྱིས་ནི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བས་བསྟན་པ་ཡིན་ཏེ། ཁྱབ་པར་བྱེད་པ་སྒྲུབ་པར་བྱེད་པ་ཡིན་གྱི་གཞན་དུ་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མདོག་སྐྱ་བ་ཉིད་ནི་མེ་སྒྲུབ་པ་ལ་མ་ངེས་པ་མ་ཡིན་ནམ། ཟླ་བ་དང་
མེ་ཏོག་ཀུན་ད་ལ་སོགས་པ་ལ་དེ་ལ་དེ་མེད་ཀྱང་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་སེམས་པ་ཅན་མ་ཡིན་པའི་ཉེ་བར་ལེན་པའམ་བསྐྱེད་པ་ནི་བློ་དང་ལྡན་པ་མ་ཡིན་པ་ནམ་མཁའ་ལ་སོགས་པ་ལ་ཡོད་པ་ནི་མ་ཡིན་ནོ་ཞེས་བརྒལ་བ་བྱེད་པ་ནི། འོན་ཏེ་འགྱུར་ན་ཡང་། གལ་ཏེ་ཁྱད་པར་
དང་བྲལ་བའི་མདོག་སྐྱ་བ་ཉིད་ལས་ཞེས་བྱ་བའོ། །ལན་ནི། གནོད་པ་མེད་པ་ཙམ་གྱིས་ནི། །ཞེས་བྱ་བ་སྟེ། ཇི་ལྟ་བ་ཁོ་ན་ནི་མདོག་སྐྱ་བ་ཉིད་ནི་མེ་མེད་ཀྱང་ཡོད་པས་མ་འཁྲུལ་བར་མེ་ངེས་པའི་ཕྱིར་སྒྲུབ་བྱེད་མ་ཡིན་ལ། དེ་བཞིན་དུ་ས་གཞི་ལ་སོགས་པའི་ངོ་བོ་ཡང་བློ་དང་ལྡན་པ་
ཡིན་ན། བུམ་པ་ལ་སོགས་པ་ལ་འབྲེལ་པ་ཅན་དུ་དམིགས་པ་མ་ཡིན་ཏེ། གཞན་མཐོང་བ་ཡིན་ན་དེའི་མཐོང་བ་མ་ཡིན་ཏེ། དབང་ཕྱུག་མ་ཡིན་པ་བྱེད་པ་པོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཐལ་ཆེས་པའི་དེ་ཉིད་བསྟན་པ་ནི། དེ་ལྟ་མིན་ལ་རྫ་མཁན་གྱིས། །ཞེས་
བྱ་བ་སྟེ། འཇི་བའི་འགྱུར་བ་ཅན་གྱི་བུམ་པའི་ངོ་བོ་ནི་རྫ་མཁན་གྱི་བསྐྱེད་བྱར་དམིགས་ནས། གཞན་དུ་དེའི་བྱ་བ་ཇི་ལྟ་བ་ཁོ་ན་མ་མཐོང་བ་ཡང་དེ་དང་འདྲ་བར་མཐོང་བ་ལས་གོ་བ་ཡིན་ལ། དེ་བཞིན་དུ་གྲོག་མཁར་ལ་སོགས་པ་ལ་ཡང་གོ་བར་འགྱུར་རོ། །ཁྱིམ་གྱི་ར་བ་དང་མཁར་གྱི་
བ་གམ་ལ་སོགས་པ་དེས་མ་བྱས་པ་ལ་ཡང་མཐོང་བའི་ཕྱིར་རོ། །འདི་ཡང་མ་ངེས་པ་ཁོ་ན་ཡིན་ནོ་ཞེ་ན། སེམས་པ་ཅན་མ་ཡིན་པའི་ཉེ་བར་ལེན་པ་ཡང་བེའུ་ཆེར་བསྐྱེད་བའི་ཆེད་དུའོ། །འོ་མ་ལ་སོགས་པའི་འཇུག་པ་མཐོང་བའི་ཕྱིར། མ་ངེས་པ་ཅན་ཉིད་ཁོ་ནའོ། །འདི་ཡང་

ཕྱོགས་སུ་བྱེད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། དེ་ལྟ་ཡིན་ན་མཐོང་བཞིན་པ་མ་ཡིན་པའི་བྱེད་པ་པོ་གཞན་ཉིད་ཡིན་ན། འཇི་བའི་འགྱུར་བ་ཡིན་པའི་ཕྱིར་ཞེས་བྱེ་བྲག་ཅན་དུ་སྨྲས་པར་འགྱུར་རོ། །བྱེ་བྲག་དང་འཁྲུལ་བའི་ཡུལ་ཕྱོགས་སུ་བྱེད་པ་དག་ལ་བྱེ་བྲག་ཅི་ཡང་མེད་
དོ། །བུམ་པ་ལ་སོགས་པ་དང་ས་གཞི་ལ་སོགས་པ་བུམ་པ་བྱེད་པའི་བྱེད་པ་པོ་ཉིད་ལྡོག་པ་ལ་ཡང་བྱེ་བྲག་ཅན་གྱི་འཇི་བའི་འགྱུར་བ་ཉིད་མི་ལྡོག་པའི་ཕྱིར་འཁྲུལ་པ་མ་ཡིན་ནམ། མ་ཡིན་ཏེ། གྲོག་མཁར་ཉེ་བར་མཚོན་པ་ཉིད་ཀྱིས་དེ་ཉིད་ཕྱོགས་ཡིན་པའི་ཕྱིར་རོ། །ཆུ་དང་མེ་ལ་
སོགས་པ་རྣམས་ཀྱང་ཕྱོགས་ཡིན་ན་ནི་ཁྱད་པར་བྱེད་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ས་འཇིམ་ཙམ་ཕྱོགས་ཡིན་པའི་ཕྱིར་རོ། །བྱེ་བྲག་ཅན་ཉིད་ཀྱིས་འཁྲུལ་པ་མེད་པ་ཁོ་ན་ཡིན་པར་བསྟན་པ་ནི། གྲོག་མཁར་རྫ་མཁན་གྱིས་བྱས་པ་ལ་ནི་ཞེས་བྱ་བ་སྟེ། གྲོག་མཁར་གྱི་ཉེ་བར་མཚོན་
པས་ས་གཞི་ལ་སོགས་པ་ཉིད་ཕྱོགས་སུ་བྱེད་པར་ཡང་བསྟན་པ་ནི། འབྲས་བུ་དེ་ལ་མ་མཐོང་ཞེས་བྱ་བའོ། །བྱེ་བྲག་གི་འཁྲུལ་པ་སྤངས་པ་ཡིན་པར་ཡང་བརྟག་པར་དཀའོ་ཞེ་ན། ཁྱེད་ཀྱི་ཡང་ཕྱོགས་སུ་བྱེད་པ་ཡིན་པས་འཁྲུལ་པའི་ཡུལ་སྤངས་དཀའ་བར་མཚུངས་པ་ཡིན་པར་
བསྟན་པ་ནི། དེ་དབང་ཕྱུག་ལ་ཡང་མེད་དམ་ཅི་ཞེས་བྱ་བའོ། །བྱེད་པ་པོའི་རྗེས་སུ་འཇུག་པའི་ངོ་བོའི་རྒྱུ་ནི་གྲོག་མཁར་ལ་སོགས་པ་བཞིན་དུ་ས་གཞི་ལ་སོགས་པ་ལ་ཡང་མ་གྲུབ་པ་ཉིད་ཡིན་པར་བསྟན་པ་ནི། གལ་ཏེ་དེ་ལྟ་ཡིན་ན། ཁྱེད་ཀྱི་འདི་ཆེས་ཞིབ་ཏུ་རྟོགས་པ་ཡིན་ཏེ་
ཞེས་བྱ་བའོ། །གཞན་ཡང་ཐེ་ཚོམ་ཟ་བའི་མ་གྲུབ་པ་མ་ཡིན་པར་བསྟན་པ་ནི། ས་འཛིན་ཉེར་མཁོ་མེད་པས་དབྱིབས། །ཞེས་བྱ་བ་ལ་སོགས་པའོ། །བུམ་པ་ལ་སོགས་པ་བཞིན་དུ་ས་གཞི་ལ་སོགས་པའི་ངོ་བོ་ཡང་བློ་དང་ལྡན་པའི་འཁྲུལ་པ་ཁོ་ན་མ་ཡིན་ནམ། དེ་ལྟར་
རབ་ཏུ་གྲགས་པའི་ཕྱིར་དྲང་སྲོང་ངན་སྤོང་ལ་སོགས་པ་རྣམས་ཀྱིས། ཀུན་གྱི་སྟོན་པ་ཁྱད་པར་ཅན། །ཕྲ་བ་ལས་ཀྱང་ཕྲ་བ་ནི། །འོད་གསལ་རྨི་ལམ་བློ་ཡི་ཡུལ། །རིགས་པའི་མཐར་ཐུག་སྐྱེས་མཆོག་སྟེ། །འདི་ནི་འབྱུང་བ་ཐམས་ཅད་ལ། །མཚུངས་པར་མངོན་ཁྱབ་ལུས་

རྣམས་ཀྱི། །སྐྱེ་དང་ཆེར་སྐྱེས་འཇིག་རྣམས་ཀྱིས། །རྟག་ཏུ་འཁོར་ལོ་བཞིན་འཁོར་བྱེད། །ཅེས་གང་བསྟན་པའི་འཇིག་རྟེན་ཡང་དེ་ལྟར་བརྗོད་པ་ཡིན་ཏེ། གླིང་གཞན་ནས་སམ། རྒྱ་མཚོའི་ནང་ནས་སམ། ཕྱོགས་ཀྱི་མཐའ་གནས་གློ་བུར་དུ་སྒྲུབ་པར་བྱེད་ཅིང་མངོན་པར་འདོད་
པ་ལ་མངོན་པར་ཕྱོགས་པར་བྱེད་པས་འཇུག་པར་བྱེད་པས་སྒྲུབ་པར་བྱེད་པ་ཉིད་ནི་རིག་བྱེད་ཀྱིས་བྱེད་པ་ཡིན་པའི་ཕྱིར་བྱེད་པ་མ་མཐོང་བ་ལ་ཡང་། བྱས་པའི་བློ་འདི་ལ་ཡང་མ་ཉམས་པ་ཡིན་ནོ། །དེའི་ཕྱིར་བདག་ཅག་ལ་སོགས་པ་དང་མཚན་ཉིད་མི་མཐུན་པའི་བློ་ཅན་ནི། ཉེ་བར་
དམིགས་པའི་ངོ་བོའི་བྱེ་བྲག་མཐོང་བའི་མེའི་བྱེ་བྲག་བཞིན་དུ་འཇིག་རྟེན་གྱིས་སྤང་པར་བྱ་བ་མ་ཡིན་ཏེ། དང་པོ་ཉིད་ཀྱི་གནོད་པའི་བློ་བསལ་བའི་ཡུལ་ཡིན་པའི་ཕྱིར་རོ། །དང་པོའི་དངུལ་གྱི་བློ་ལ་ཡང་བྱེ་བྲག་མཐོང་བ་ལས་ཉ་ཕྱིས་ཀྱི་བློས་གནོད་པར་བྱེད་པ་ཡིན་ལ། འདི་ལ་ནི་བུམ་པ་ལ་
སོགས་པ་དང་ས་གཞི་ལ་སོགས་པའི་བྱེ་བྲག་གནོད་པར་བྱེད་པ་མ་ཡིན་ཏེ། གཉི་ག་ལ་ཡང་བསྒྲུབ་བྱ་གྲུབ་པ་ལ་གནོད་པ་མེད་པའི་ཕྱིར་དང་། རྗེས་སུ་དཔག་པ། གཞན་ཡང་འདི་ལ་གནོད་པར་བྱེད་པ་མ་ཡིན་ཏེ། འཇིག་རྟེན་ཐམས་ཅད་ལ་གྲགས་པས་གནོད་པའི་ཕྱིར་རི་བོང་
ཅན་ཟླ་བ་མ་ཡིན་ཞེས་བྱ་བ་ལྟ་བུའོ་སྙམ་དུ་སེམས་པ་ནི། སྐྱོན་འདི་འབྲས་མཚུངས་མ་ཡིན་ནམ། །ཞེས་བྱ་བའོ། །ལན་དུ་འབྲས་ལ་ཞེས་བྱ་བ་སྨོས་ཏེ། འབྲས་བུ་ཉིད་ལ་སོགས་པ་ལ་སྒྲུབ་པར་བྱེད་པ་ནི་གཏན་ཚིགས་སོ། །སྤྱིས་ཀྱང་ནི་བུམ་པ་དང་ས་གཞི་ལ་སོགས་
པ་ཐུན་མོང་པའི་ངོ་བོས་ཀྱང་ངོ་། །ཡང་གཏན་ཚིགས་འདི་ཅི་ལས་ཤེས་ཤེ་ན། བསྒྲུབ་བྱས་རྗེས་འགྲོ་ཕྱིར་ཞེས་བྱ་བ་སྟེ། བསྒྲུབ་པར་བྱ་བའི་བྱེ་བྲག་ངེས་པར་བྱེད་པ་ཙམ་གྱིས་ས་ལ་སོགས་པའི་ལྷན་ཅིག་བྱེད་པས་འབྲས་བུའི་ངེས་པའི་ངོ་བོའི་རྗེས་སུ་འགྲོ་བ་ལས། འབྲེལ་པ་ཅན་ནི་ཐ་དད་ཕྱིར་ཏེ་བུམ་པ་དང་ས་གཞི་ལ་སོགས་
པ་ཐ་དད་པའི་ཕྱིར་ཐ་དད་པར་ཉེ་བར་བཀོད་པ་ནི་འབྲས་བུ་མཚུངས་པའོ། །དཔེར་ན་འབྲས་བུ་ཉིད་དེ་སྒྲ་བསྒྲུབ་པར་བྱ་བ་ལ་བཙལ་བའི་འབྲས་བུ་སྒྲུབ་བྱེད་ནི་སྤྱིས་ཏེ་བསྐྱེད་པ་དང་མངོན་པར་གསལ་བ་ཐུན་མོང་བའི་ངོ་བོས་ཀྱང་ངོ་།། །གཏན་ཚིགས་ལ་ཞེས་པ་ནི་ཡུལ་གྱི་བདུན་པ་སྟེ། ཐ་དད་

པར་བརྗོད་བའི་སྐྱོན་གྱི་ཡུལ་ཅན་ལ་ལྟོས་ནས་སོ། །དེ་ལྟ་ཡིན་ན་ཡང་སྒྲུབ་བྱེད་ཡིན་པར་ཅི་ལས་ཤེས། རྟག་པ་ལ་ནི་ཤིན་ཏུ་རག་ལས་པར་བྱ་བ་མ་ཡིན་པའི་ཕྱིར། མངོན་པར་གསལ་བ་ཡིན་པར་མི་རིགས་ཞེས་བྱ་བའི་ཕྱོགས་ལ་བསྒྲུབ་བྱས་
ཞེས་བྱ་བ་འབྲས་བུ་ཉིད་ལ་སོགས་པས་དེ་ཙམ་གྱིས་རྗེས་སུ་འགྲོ་བའི་ཕྱིར་ཞེས་བྱ་བ་རྗེས་སུ་འཇུག་པའི་ཕྱིར་ཡིན་ཏེ། གཞན་དུ་ན་མ་ངེས་པ་ཡིན་ནོ། །བསྐྱེད་པ་དང་མངོན་པར་གསལ་བར་རྗོད་བྱེད་ཉིད་ཀྱིས་འབྲས་བུ་མ་ཡིན་པ་ཐུན་མོང་པའི་ཕྱིར་རོ་ཞེས་བྱ་བའི་དགོངས་པས་སྤྱིས་
ཀྱང་སྒྲུབ་པར་བྱེད་པ་ལ་ཞེས་བྱ་བ་བྱེ་བྲག་ཡིན་ནོ་ཞེས་དཔེ་ལ་གནས་པ་ཉིད་ཀྱིས་གསལ་བར་བྱེད་པ་ཡིན་གྱི། སེམས་པ་ཅན་གྱིས་བྱིན་གྱི་བརླབས་པའི་སྒྲུབ་བྱེད་ལ་འབྲས་བུ་དང་མཚུངས་པ་མ་ཡིན་ཏེ། ནུས་པ་ལ་སོགས་པ་དང་ཐུན་མོང་བའི་ངོ་བོ་ཉིད་ནི་སེམས་ཅན་ཕུལ་དུ་བྱུང་བའི་རྗེས་སུ་
བྱེད་པ་ཉིད་ཀྱིས་དེའི་རྗེས་སུ་འགྲོ་བའི་ཕྱིར་རོ། །ས་གཞི་ལ་སོགས་པའི་ངོ་བོ་ནི་དེ་དང་མཚན་ཉིད་མི་མཐུན་པ་ཉིད་ཀྱིས་རྗེས་སུ་འགྲོ་བ་མ་ཡིན་ནོ། །འཇིག་རྟེན་དུ་ནི་བདག་གིས་སྔོན་བྱས་པའི་ལས་སོ་ཞེས་སྨྲ་བ་ནི། ལས་ཁོ་ན་ལ་འབྱིན་བྱེད་དང་། དབང་ཕྱུག་ཅེས་སྨྲ་བ་ཡིན་ནོ། །
ལུང་ཡང་དོན་འདི་ལ་རིགས་པ་ཡིན་གྱི། གཞན་ལ་ནི་མ་ཡིན་ཏེ། སླུ་བ་ཡིན་པའི་ཕྱིར་རོ། །འདིས་ནི་ཇི་ལྟར་བུམ་པ་ལ་སོགས་པ་སེམས་པ་ཅན་ཡོད་ཀྱང་ལས་སྒྲུབ་པ་ཡིན་པ་དེ་བཞིན་དུ། ས་གཞི་ལ་སོགས་པ་ལ་ལས་ཡོད་ཀྱང་བྱིན་གྱིས་རློབ་པ་པོ་སེམས་པ་ཅན་ཅིས་སྒྲུབ་པར་མི་
བྱེད་ཅེས་པ་བསལ་བ་ཡིན་ཏེ། དེས་བྱིན་གྱིས་བརླབས་པའི་ངོ་བོ་མ་མཐོང་བའི་ཕྱིར་རོ། །འདུས་པ་ཉིད་ལ་གཞན་གྱ