Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 180

Văn bản gốc(Tây Tạng)

Trang 11 / 25 (50.000 ký tự/trang)
ི་དོན་ཉིད་ཀྱིས་ཁྱབ་པ་ཡིན་ལ། གཞན་ལ་འགྱུར་ཞིང་དེ་ལ་ཡང་དོན་དེ་ཉིད་ཡིན་པས་ཐུག་པ་མེད་པའི་ཕྱིར། དེ་ཙམ་དུ་ཡང་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་
དུ་བ་ལས་དུ་བའི་ངོ་བོའི་མེ་ལྟ་བུའོ། །དེའི་ཕྱིར་སྒྲུབ་བྱེད་ལས་བཟློག་པའི་བསྒྲུབ་བྱ་ལ་སྒྲུབ་བྱེད་གནས་པ་ཡིན་པའི་ཕྱིར། གཞན་འདུས་པ་མ་ཡིན་པ་ཉིད་ཡིན་ཏེ། དུ་བའི་ངོ་བོ་མ་ཡིན་པའི་མེ་ལྟ་བུར་རྣམ་པར་གནས་པ་ཡིན་ནོ། །དེ་ལྟར་གྲུབ་པ་ཡིན་ན་ཤུགས་ཀྱིས་གྲུབ་པས་

རྗེས་སུ་འགྲོ་བ་མེད་པའམ། འགལ་བ་ཉིད་དམ་བསྒྲུབ་བྱ་མ་ཚང་བ་ཉིད་ཀྱི་སྐྱོན་ཡང་མེད་པ་ཡིན་ཏེ། རྗེས་སུ་དཔག་པ་ཐམས་ཅད་ཆད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཤུགས་ཀྱིས་གྲུབ་པའི་མེ་དང་རྗེས་སུ་འགྲོ་བ་ལ་སོགས་པ་རྣམས་མེད་པས་མ་ཡིན་ནོ་སྙམ་དུ་སེམས་པ་
ལ། བསྒྲུབ་བྱས་ཞེས་བྱ་བ་སྨོས་ཏེ། སྤྱིའི་ངོ་བོས་ཀྱང་རྗེས་སུ་འགྲོ་བ་ལས་འབྲས་བུ་ལ་ནི་དུ་བ་ལ་སོགས་པ་ལ་སྟེ། ཉེ་བར་མཚོན་པའི་དོན་ཡིན་པའི་ཕྱིར་བྱས་པ་ཉིད་ཀྱང་ངོ་། །བྱེ་བྲག་ཏུ་བསྒྲུབ་པར་ནུས་པའི་སྒྲུབ་བྱེད་ཡིན་ཡང་ས་ཕྱོགས་ལ་གནས་པའི་མེ་སྒྲུབ་པ་ནི་མ་ཡིན་ནོ། །
འགལ་བ་ཉིད་དང་བསྒྲུབ་བྱ་མ་ཚང་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་འདི་ནི་འབྲེལ་པ་ཅན་ཐ་དད་པས་བསྒྲུབ་བྱའི་ཁྱད་པར་ཐ་དད་པའམ། རྗེས་སུ་འགྲོ་བ་མེད་པའམ། འགལ་བ་ཉིད་དམ། བསྒྲུབ་པར་བྱ་བ་མ་ཚང་བ་རྣམས་རྗོད་པ་ཉེ་བར་བཀོད་པ་དེ་ཁོ་ན་འབྲས་བུ་མཚུངས་
པའི་སྐྱོན་མ་ཡིན་ནམ། གང་གི་ཕྱིར་འབྲས་བུ་ཡང་རང་བཞིན་གྱིས་བསྒྲུབ་བྱ་དང་རྟག་ཏུ་འབྲེལ་པ་ཡིན་པའི་ཕྱིར་ཐ་མི་དད་པ་ཁོ་ན་ཡིན་ལ། འབྲེལ་པ་མེད་ན་ནི་ཐ་དད་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་ཕྱིན་ཅི་ལོག་དང་མ་ཚང་བ་ཉིད་ཀྱང་མེད་པའི་རྣམ་གྲངས་ཉིད་ཡིན་པའི་ཕྱིར། ཐ་དད་པའི་སྒྲའི་
བརྗོད་བྱ་ཡིན་ཏེ། དཔེར་ན་ལུས་ཀྱི་ཐ་དད་པ་ལ་སོགས་པ་ལྟ་བུའོ། །འདི་སྐད་བསྟན་པར་འགྱུར་ཏེ་མཐོང་བ་དང་འདྲ་བའི་བྱེ་བྲག་ཉིད་ནི་དུ་བ་ཞེས་བྱ་བའམ། མེ་ཞེས་བྱ་བའི་རྣམ་པར་རྟོག་པས་བསྐྱེད་བྱ་ཉིད་དམ། སྐྱེད་བྱེད་ཉིད་ཀྱིས་ཡུལ་ཅན་དུ་བྱས་པ་ནི་སྤྱི་ཡིན་ལ། མཚན་
ཉིད་མི་མཐུན་པ་མ་ཡིན་ཏེ། དེའི་སྐྱེད་བྱེད་མ་ཡིན་པ་ཉིད་ཀྱི་དེའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་བརྡ་ལྟ་བུའོ། །སྤྱིས་ཀྱང་རྗེས་སུ་འགྲོ་བ་ལས་བསྒྲུབ་བྱའི་བྱེ་བྲག་གྲུབ་པ་ལ་མཚན་ཉིད་མི་མཐུན་པའི་བྱེ་བྲག་ཉེ་བར་བཀོད་པས་དེ་མ་ཡིན་པ་འགྲུབ་པའི་གནས་སྐབས་གང་ཡིན། དེས་
ན་བྱེ་བྲག་ཐམས་ཅད་འགྲུབ་པ་ནི་མ་ཡིན་ཏེ། རྗེས་སུ་དཔག་པའི་ཕྱག་རྒྱའི་དབྱེ་བ་ཉེ་བར་བཀོད་པ་འབྲེལ་པ་མེད་པའི་ཕྱིར་རོ། །འདུས་པ་སྟེ་གཞན་ལ་ཡང་མཐར་ཐུག་པ་མེད་པ་མ་ཡིན་ཏེ། སྒྲུབ་བྱེད་ཐམས་ཅད་ལ་མཐར་ཐུག་པ་མེད་པའི་ཕྱིར་རོ། །རིགས་པ་དེ་ཉིད་ཀྱིས་དེ་ལས་ཀྱང་

གཞན་དང་གཞན་དུ་འགྱུར་བ་ཡིན་ནོ་ཞེ་ན། ཡིན་དུ་ཟད་མོད་སྐྱོན་ཅི་ཡོད་དེ། འབྲས་བུ་དུ་བས་འབྲས་བུ་མ་ཡིན་པའི་མེ་མི་འགྲུབ་པའམ། མཐའ་མེད་པ་ཡང་མ་ཡིན་ལ་འདི་ནི་སེམས་པ་ཅན་དུ་སྒྲུབ་པ་ལ་ཡང་མཚུངས་པ་ཡིན་ཏེ། དེ་ལ་ཡང་མཚན་ཉིད་མི་
མཐུན་པའི་ཁྱད་པར་གྲུབ་པའི་ཕྱིར་ལས་གྲུབ་པ་ཁོ་ན་ཡིན་ནོ། །མཐོང་བ་ཁོ་ནའི་བྱེ་བྲག་གི་ཡུལ་ངེས་པ་ཙམ་སྔ་ན་མེད་པའི་རྗེས་སུ་དཔག་པ་ལ་ཡིན་ལ། དེ་ལ་ནི་དེ་དང་ཡང་བྱེ་བྲག་གཞན་ཡང་ཡིན་པའི་ཕྱིར་ཐ་དད་པ་ཡིན་ནོ། །བསྐྱེད་པ་དང་མངོན་པར་གསལ་བ་བསྒྲུབ་བྱར་མཚུངས་
པས་ཀྱང་བཙལ་མ་ཐག་ཏུ་བྱུང་བ་ཉིད་རྗེས་སུ་འཇུག་པའི་ཕྱིར། འབྲས་བུ་ཉིད་ཀྱི་ངོ་བོའི་བསྒྲུབ་བྱ་འགྲུབ་པ་ཡིན་པར་འདོད་པ་ཡིན་ནོ། །མངོན་པར་གསལ་བ་རང་བསྐྱེད་པ་དག་ཐ་དད་པའི་བསྒྲུབ་བྱའི་འབྲེལ་པ་ཅན་གྱི་དབྱེ་བ་ཡིན་ན་ནི། གཏན་ཚིགས་ཀྱི་རྗེས་སུ་མི་འགྲོ་བ་དང་འགལ་
བ་དང་མ་ཚང་བའི་དབྱེ་བ་ཉེ་བར་བཀོད་པའི་སྐྱོན་རྣམས། རྐང་མིག་པའམ། སློབ་དཔོན་བདག་ཉིད་ཀྱིའམ། སྐལ་ལྡན་རྣམ་འགྲེལ་མཛད་པ་རྣམས་ཀྱི་ཡང་འབྲས་བུ་མཚུངས་པའི་སྐྱོན་ཡིན་པར་གོ་བར་བྱའོ། །བསྐྱེད་པ་དང་མངོན་པར་གསལ་བའི་དབྱེ་བ་ལས་འབད་པའི་
འབྲས་བུ་དུ་མ་ཡིན་པར་གང་བསྟན་པ་དེ་ལ། འབྲས་བུ་གཞན་ཉིད་ཡིན་ན་ནི་སྟེ། འབྲས་བུ་དུ་མ་ཉིད་ཡོད་པ་ཡིན་ན་གང་དུ་འབྲས་བུ་གཞན་ཉིད་མི་དམིགས་པ་ལ། རྒྱུ་ཐ་དད་པ་ནི་བསྒྲིབས་པ་ཡིན་པར་འཐད་པའོ། །དེ་ལ་རྩོལ་བ་རྒྱུ་ཉིད་མ་ཡིན་པ་ནི་འབྲས་བུ་ཉིད་ལ་མ་ངེས་པའི་
ཕྱིར་རོ། །སྒྲ་ལ་ནི་བུམ་པ་ལ། རྩིག་པ་ལ་སོགས་པ་དབང་པོའི་གཟུང་བྱར་མཚུངས་པ་བཞིན་དུ། སྒྲིབ་བྱེད་མེད་པ་ཡིན་ལ་དེས་ན་གཏན་ཚིགས་ཁོ་ན་ཡིན་ནོ་ཞེས་བསྟན་པ་ནི། འབྲས་བུ་གཞན་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པའོ། །སྒྲིབ་གཡོགས་མེད་དུ་ཟིན་ཀྱང་མངོན་
པར་གསལ་བ་དང་མངོན་པར་གསལ་བ་མ་ཡིན་པའི་བདག་ཉིད་ཀྱིས་ཁྱད་པར་ཡོད་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ། སྒྲ་ལ་ནི་ཞེས་བྱ་བ་སྟེ། བར་དུ་ཆོད་པ་ཡོད་པ་དང་མེད་པ་དག་ཁོ་ནས་མངོན་པར་གསལ་བ་དང་མངོན་པར་གསལ་བ་ཡིན་པའི་སྤྱི་དང་ཁྱད་པར་དག་གི་དངོས་པོ་

གཞན་ལ་གཞན་དུ་བུམ་པ་ལ་སོགས་པ་ཡང་འཇི་བའི་གོང་བུ་ལ་སོགས་པ་ལས་མངོན་པར་གསལ་བ་ཁོ་ནར་ཐལ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྩ་བ་དང་ཆུ་ལ་སོགས་པ་ཡང་བརྐོས་པ་ལ་སོགས་པས་མངོན་པར་གསལ་བ་ནི་སྔ་ན་ཡོད་པ་ལ་ཚད་མ་འཇུག་པ་ཁོ་ནས་རྟོགས་པ་མ་ཡིན་ནམ།
སྔར་མཐོང་བ་ངོ་ཤེས་པའི་ཚད་མ་དེ་ནི་སྒྲ་ལ་ཡང་ཡོད་པ་ཡིན་གྱི། འཇི་བའི་གོང་བུ་ལ་བུམ་པ་ཡོད་པ་ནི་ཚད་མ་མེད་དོ། །དེས་ན་མངོན་པར་གསལ་བ་དེ་ཇི་ནས་ཀྱང་མ་ཡིན་ནོ། །སྒྲ་ལ་ཡོད་པ་མ་ཡིན་ཞེས་བྱ་བ་ཚད་མ་གང་ལས་ཤེས་པ་ཡིན། བཟློག་པ་ལ་ནི་རྟོགས་པ་ཡིན་ནོ་ཞེས་
བྱ་བའི་དོན་བསྟན་པ་ནི། སྒྲ་ལའང་ཞེས་བྱ་བ་སྨོས་ཏེ། རྟག་པ་ལའང་ཞེས་བྱ་བ་ནི་གཅིག་གི་རང་བཞིན་དུ་གནས་པའོ། །སྔར་མཐོང་བ་ངོ་ཤེས་པ་ནི་སྔ་ན་ཡོད་པར་གྲུབ་པ་ལ་ཚད་མ་མ་ཡིན་ནམ། མ་དམིགས་པའི་དུས་ན་ནི་ཡོད་པ་མ་ཡིན་ཏེ། །སྒྲིབ་པ་མེད་པའི་ཕྱིར་རོ། །བསྒྲིབས་
པ་ནི་དབང་པོའི་གཟུང་བྱར་མཚུངས་པ་ཡིན་ལ། སྒྲ་ལས་གཞན་པ་ཉིད་ལ་རྣ་བའི་དབང་པོས་གཟུང་བར་བྱ་བ་མེད་དོ། །མངོན་པར་གསལ་བ་ནི་ཕུལ་དུ་བྱུང་བ་ལ་རག་ལས་པ་མ་ཡིན་ཏེ། ཕུལ་དུ་བྱུང་བ་ནི་ཐ་དད་པ་དང་ཐ་མི་དད་པ་དག་ལ་ཕུལ་དུ་བྱུང་བ་མ་ཡིན་པ་དང་། མི་རྟག་པ་ཉིད་
ལ་སོགས་པའི་སྐྱོན་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་རིགས་པས་མ་དམིགས་པའི་ཚེ་ན། མེད་པ་བྱས་པ་ཉིད་ལས་ཉེ་བར་དམིགས་པ་ཡིན་པར་གྲུབ་པ་ཡིན་ཏེ། སྔར་མཐོང་བ་ངོ་ཤེས་པ་ནི་དེ་དང་འདྲ་བའི་རིགས་ལ་རྣམ་པར་གནས་པ་ཡིན་ཏེ། རང་གི་ངོ་བོས་འཁྲུལ་པ་ཉིད་ཡིན་ནོ་སྙམ་དུ་
དགོངས་པ་ནི། སྒྲ་ལའང་ཞེས་བྱ་བ་སྟེ། སྐྱེས་པ་ནི་བྱུང་བའོ། །མ་དམིགས་པའི་རྒྱུ་བར་དུ་ཆོད་པ་ལ་སོགས་པ་རྣམས་སམ། ཕུལ་དུ་བྱུང་བ་ལ་རག་ལས་པ་ཡང་མི་སྲིད་པ་ནི་རྗེས་སུ་དཔག་པ་ཡིན་ནོ། །སྔར་མཐོང་བའི་ངོ་ཤེས་པ་ནི་མངོན་སུམ་ཡིན་ལ་མངོན་སུམ་དང་
འགལ་བའི་རྗེས་སུ་དཔག་པ་ནི། ཚད་མར་མི་འགྱུར་བའི་ཕྱིར་མ་དམིགས་པའི་གནས་སྐབས་ན་ཡང་ཡོད་པར་གྲུབ་པས། མ་དམིགས་པའི་རྒྱུ་ནི་ཇི་ལྟ་བུ་ཡང་ཡོད་པར་བརྟག་པ་ཡིན་ནོ་ཞེ་ན། ལན་དུ་སྒྲ་ལ་འང་བར་ཆོད་ལ་སོགས་པ་ཞེས་བྱ་བ་སྨོས་ཏེ། ཁྱེད་ཀྱི་ལ་ཡང་མ་དམིགས་

པའི་ཚེ་ན་ཡོད་པར་སྔར་མཐོང་བ་ངོ་ཤེས་པ་ཉིད་ཀྱིས་ཁས་བླངས་པ་ཡིན་པར་བསྟན་པ་ནི། བུམ་པ་ལ་སོགས་པ་ལ་ཡང་ཞེས་བྱ་བ་སྨོས་ཏེ། བརྒྱུད་ནས་ཞེས་བྱ་བ་ནི་གཞན་ཡོད་པ་ཡིན་ལ། དེས་དམིགས་པ་ལ་བདག་གིས་མཐོང་བ་ཁོ་ན་ཡིན་གྱི་གཞན་མ་
ཡིན་ཞེས་བྱ་བ་ལ་སོགས་པའི་རྗེས་སུ་འབྲང་བ་ཡིན་ནོ། །སྔར་མཐོང་བ་ངོ་ཤེས་པ་ལ་ནི་ཐམས་ཅད་བདག་ཉིད་ཀྱིས་རིག་བྱ་ཡིན་གྱི་བརྒྱུད་པས་ནི་མ་ཡིན་ནོ་ཞེས་ཟེར་བ་ནི། རང་ཉིད་ངོ་ཤེས་པ་ལས་དངོས་སུ་ནི་མ་ཡིན་ནོ་ཞེས་བྱ་བའོ། །གཞན་ཡང་དེའི་ཚེ་ཡོད་པ་ཤེས་
པ་ཙམ་གྱིས་དམིགས་པར་བྱེད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། སྔར་མཐོང་བ་ངོ་ཤེས་པ་ཁོ་ན་ཡིན་ནོ་ཞེས་པའི་བརྒྱུད་པས་ཉམ་ཐག་པ་དང་། སྔར་མཐོང་བ་ངོ་ཤེས་པ་ཡང་ཡིན་ཞེས་བྱ་བ་དེ་ཉིད་ནི་འབད་པ་ཆེས་ཡིན་པར་བསྟན་པ་ནི། གཞན་གྱིས་ཀྱང་ནི་ངོ་ཤེས་ལས། །ཞེས་བྱ་བ་སྟེ།
གང་གི་ཕྱིར་འབྲས་བུ་མཚུངས་པའི་སྐྱོན་ལ། རྐང་མིག་པའི་ལན་ནི་མི་རིགས་པ་དེའི་ཕྱིར། འདི་ལྟ་སྟེ་འབྲས་བུ་མཚུངས་པའི་སྐྱོན་ལ། ཐམས་ཅད་མི་རྟག་པར་སྨྲ་བས་ཁྱད་པར་ཅན་ཡིན་པས་སྤྱིས་ཀྱང་སྒྲུབ་པར་བྱེད་པ་ལ་སྟེ། གཉི་ག་ལྟར་ཡང་སྒྲུབ་པར་བྱེད་པ་སྟེ། འབྲས་བུ་
མཚུངས་པའོ། །གཉི་ག་མ་ཡིན་པ་ལྟར་ཡང་སྒྲུབ་པར་བྱེད་པ་སྟེ། འབྲས་བུ་མཚུངས་པའོ། །གཉི་ག་མ་ཡིན་པ་ལྟར་སྒྲུབ་པར་བྱེད་པ་ཡིན་ན་ནི་མ་ངེས་པ་ཉིད་ཡིན་ནོ་ཞེས་སྔར་བརྗོད་པ་ཉིད་ལན་ཡིན་ནོ། །འབྲས་བུ་ཉིད་ནི་བྱས་པ་ཉིད་དེ་བསྒྲུབ་བྱ་དང་ཅིག་ཤོས་ཀྱི་ཆོས་ཅན་དང་། ཁྱད་པར་
ཅན་ཉིད་ཀྱིས་གཞན་ཉིད་ཡིན་པ་ནི། དེའི་ཆ་ཡིན་གྱི་རང་གི་ངོ་བོ་ནི་མ་ཡིན་ཏེ། དེའི་བསྒྲུབ་བྱས་ཁྱབ་པའི་ཕྱིར་རོ། །རྣམ་གསུམ་ཞེས་བྱ་བ་ནི་བུམ་པ་ལ་ཡོད་པའི་བྱས་པ་ཉིད་ནི་སྒྲ་ལ་མ་གྲུབ་པར་སྣང་བ་དང་། བུམ་པ་ལ་ཡོད་པའི་མི་རྟག་པ་ཉིད་ཀྱིས་ཁྱབ་པའི་ཕྱིར་སྒྲ་ལ་ཡོད་པར་
འགལ་བར་སྣང་བ་དང་། སྒྲ་ལ་ཡོད་པ་བུམ་པ་ལས་ལྡོག་པ་ནི་རྟག་པ་ལས་ཀྱང་ལྡོག་པར་འགྱུར་བ་ཡིན་ནོ་སྙམ་དུ་དགོངས་པས། ཐུན་མོང་མ་ཡིན་པའི་ཕྱིར་མ་ངེས་པར་སྣང་བ་ཡིན་ནོ། །ཆོས་ཅན་ཐ་དད་པའི་རྟོགས་པས་ཆོས་ཐ་དད་པར་རྟོགས་པ་ནི་རྣམ་པར་རྟོག་པར་མཚུངས་པ་

ཅི་ལས་མི་འགྱུར་སྙམ་དུ་སེམས་པ་ལ། རྣམ་པར་རྟོག་པ་མཚུངས་པ་ནི་ཞེས་བྱ་བ་སྨོས་སོ། །བུམ་པ་དང་ས་གཞི་ལ་སོགས་པའི་ཆོས་ཅན་ཐ་དད་པས་དབྱིབས་ལ་སོགས་པའི་དབྱེ་བར་རྟོག་པས་སློབ་དཔོན་གྱི་མཚན་ཉིད་དང་ལྡན་པའི་ཕྱིར་འབྲས་བུ་མཚུངས་པ་ལ་སུན་འདོན་པ་མ་
ཡིན་ནམ་སྙམ་དུ་སེམས་པ་ནི། གལ་ཏེ་འདིར་ཡང་དབྱིབས་ཉིད་ཅེས་བྱ་བའོ། །ལན་ནི། དབྱིབས་ལ་སོགས་པ་དག་གི་སྤྱི། །ཞེས་བྱ་བ་སྟེ། གལ་ཏེ་དབྱིབས་ཀྱི་སྤྱི་ལ་སེམས་པ་ཅན་གྱིས་ཁྱབ་པར་གྲུབ་པ་ཡིན་པ་དེ་ལྟ་ན། ཆོས་ཅན་ཐ་དད་པ་ལས། ཐ་དད་པར་རྟོག་པ་ནི་འབྲས་བུ་
མཚུངས་པར་འགྱུར་རོ། །ཇི་སྙེད་པའི་བུམ་པ་དང་ཁྱིམ་ལ་སོགས་པ་རྣམས་ཀྱི་དབྱིབས་ནི་སེམས་པ་ཅན་སྔོན་དུ་འགྲོ་བར་དམིགས་པ་ཡིན་ཏེ། བྱེད་པ་མ་མཐོང་བ་ཡིན་ཡང་དེ་ཉིད་ཡིན་པར་སྔར་མཐོང་བ་ངོ་ཤེས་པ་ལས་སེམས་པ་ཅན་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་སྤྱིར་འགྱུར་བ་ཡིན་ནོ། །
ས་གཞི་ལ་སོགས་པའི་དབྱིབས་ནི་དེ་བཞིན་དུ་སྤྱིར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མ་མཐོང་བ་ཡང་རེས་འགའ་བ་ཡིན་པའི་ཕྱིར། འབྲས་བུ་ནི་རྒྱུའི་རྟོགས་བྱེད་ཡིན་ན། སེམས་པ་ཅན་གྱི་རྟོགས་བྱེད་མ་ཡིན་ནམ། གང་གི་ཕྱིར་འབྲས་བུ་ནི་བྱེད་པ་པོ་དང་བྱེད་པ་དང་ལས་རྣམས་སྔོན་དུ་འགྲོ་བ་ཅན་དུ་མཐོང་
བ་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པའི་བྱ་བ་དབྱིག་པ་ལ་སོགས་པའི་བྱེད་པ་སྔོན་དུ་འགྲོ་བ་ཅན་དུ་མཐོང་བ་ཡིན་ལ་གཟུགས་ཉེ་བར་དམིགས་པ་ཡང་བྱ་བ་ཁོ་ན་ཡིན་པའི་ཕྱིར་མིག་གི་དབང་པོའི་རྟོག་པ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ནི་ཤིང་སོགས་གཞན་ལ་ཡང་། །ཞེས་བྱ་བ་སྨོས་ཏེ། མཐོང་བ་
ཙམ་གྱིས་རྒྱུ་ཡོད་ན་འབྱུང་བའི་ཕྱིར། བྱེད་པ་པོ་གཞན་དོན་མེད་དོ་ཞེས་བྱ་བའི་དོན་ཏོ། །ཤིང་སོགས་ཞེས་བྱ་བ་ནི་དཔེ་ཡིན་ནོ། །ཁྱིམ་དང་བུམ་པ་ལ་སོགས་པའི་དབྱིབས་ཀྱི་སྤྱི། སེམས་པ་ཅན་གྱིས་ཁྱབ་པའི་དབྱིབས་ཁོ་ན་ཡིན་ནོ་ཞེས་འཛིན་པ་ནས་གཞི་ལ་སོགས་པའི་རྗེས་སུ་
འཇུག་བ་ཁོ་ན་འཛིན་པ་མ་ཡིན་ནམ། གང་གི་ཕྱིར་དེ་ལྟ་བུའི་ཤེས་པ་ལ་དེ་ལ་ཡོད་པའམ་ཅིག་ཤོས་ཞེས་བྱ་བའི་དབྱེ་བ་མེད་དོ་སྙམ་དུ་སེམས་པ་ལ། འབྲེལ་པ་ཅན་གྱི་ཁྱད་པར་ནི། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཁྱད་པར་མཐོང་བ་ལས་བྱུང་བ་ཡིན་ན། དེ་བཞིན་དུ་ཤེས་པ་ནི་ཐམས་

ཅད་ཐུན་མོང་བའི་ཡུལ་དུ་མི་འགྱུར་རོ། །དུ་བ་མཐོང་བ་ལས་འབྲས་བུ་ཉིད་དུ་ཤེས་པ་ནི། འབྲས་བུ་ཙམ་གྱིས་ཡུལ་ཅན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབྲེལ་བ་ཅན་མ་ཡིན་པ་ཉིད་ཙམ་ལ། དཔེ་ནི་མི་རྟག་ཅེས་བྱ་བ་ལ་སོགས་པའོ། །བྱ་རོག་གི་ནག་པོ་ཉིད་དང་ཆུ་
སྐྱར་གྱི་དཀར་པོ་ཉིད་ཅེས་བྱ་བ། བྱཱ་ཀ་ར་ཎའི་བཤད་པ་བྱེད་པའི་ཚིག་ཡིན་པའི་ཕྱིར་བསྡུ་བ་མེད་དོ། །དེ་ལ་ཡོད་པའི་ཡོན་ཏན་རྣམས་ཀྱིས་དྲུག་པའི་ཡོན་ཏན་ཡིན་གྱི། དེའི་བྱེ་བྲག་རྣམས་ཀྱིས་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་འགྲེལ་བའི་ཚིག་ལས། ད་ལྟར་ཉེ་བ་བཞིན་དུའམ།
འབད་དང་གུས་བའི་བསྡུ་བ་ལྟ་བུའི་བསྡུ་བ་ཁོ་ནར་འགྱུར་རོ། །འདིའི་བློ་སྔོན་དུ་འགྲོ་བ་ཡང་ཡིན་ལ་བྱེད་པ་ཡང་ཡིན་པའི་བྱེད་པ་ནི་བྱས་པ་ཉིད། དེའི་རྗེས་སུ་འགྲོ་བ་ནི་གཞན་དུ་མཐོང་བ་ལས། གཞན་དུ་བྱེད་པ་མ་མཐོང་ཡང་རྗེས་སུ་འཇུག་བཞིན་པ་ཉིད་ཡིན་
ནོ། །གལ་ཏེ་ཡང་བྱས་པ་ཉིད་ཀྱིས་རྗེས་སུ་འཇུག་པ་མ་ཡིན་ཡང་དབྱིབས་ཡིན་ནོ་ཞེས་བྱ་བར་རྗེས་སུ་འཇུག་པ་ཁོ་ན་ཡིན་ནོ། །གང་གི་ངོ་བོས་རྗེས་སུ་འཇུག་པ་མ་ཡིན་པ་དེ་ཉིད་ཀྱི་ངོ་བོ་ནི་མེད་དོ། །དེས་ན་སྒྲུབ་བྱེད་མ་ཡིན་ནོ་ཞེས་དོན་ལ་ཐེ་ཚོམ་ཟ་བ་ནི། གལ་ཏེ་བློ་སྔོན་དུ་བྱེད་
པའི་ཞེས་བྱ་བའོ། །ལན་ནི། རྟོགས་པ་ཙམ་གྱིས་སྦྱོར་བའི་ཆོས། །དོན་དང་འབྲེལ་པ་དང་བྲལ་ལས་ཞེས་བྱ་བའི་ཚིག་རྐང་གཉིས་ཀྱིས་གོ་རིམས་བཞིན་དུ། འཇལ་བྱེད་དང་གཞལ་བྱ་མ་གྲུབ་པར་བསྟན་པ་ཡིན་ལ། དེ་ལས་དོན་འབྱུང་བ་སྟེ། ཡོད་པ་ཡིན་ན་དབྱིབས་ཞེས་
བྱ་བ་གཅིག་ཉིད་ལ་ཐ་དད་པ་མཐོང་བས་མངོན་སུམ་གྱིས་གནོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་རིགས་གཞན་ཞེས་བྱ་བའི་བསྡུས་པའི་དོན་ཡིན་ཏེ། རིགས་གཞན་ལ་ནི་ཞེས་བྱ་བ་སྟེ། བུམ་པ་ལ་སོགས་པ་དབྱིབས་ལ་སྟེ་ཁྱབ་བྱ་ལ་ཁྱབ་བྱེད་ཉིད་དུ་སེམས་པ་ཅན་
གྲུབ་བ་ཡིན་ནོ། །ཡང་ན། རིགས་གཞན་ལ་རབ་གྲུབ་པ། ཞེས་བྱ་བ་སྟེ། བུམ་པ་ལ་སོགས་པའི་དབྱིབས་ཀྱི་རིགས་ལ་རབ་ཏུ་མ་གྲུབ་པ་ནི་དབང་ཕྱུག་ཡིན་ཏེ། འདུས་པ་མ་ཡིན་པ་འདི་ལ་ཡང་གོ་རིམས་བཞིན་དུ་དཔེ་ནི་གོའི་སྒྲ་ཡིན་པའི་ཕྱིར་ཞེས་དང་པོའི་དོན་དུ་གསལ་བ་ཡིན་ལ། གཉིས་

པ་ལ་ནི་རྭ་ལྟ་བུའོ། །འདིར་ཚིག་ལ་སོགས་ཤེས་པའི་སོགས་པའི་སྒྲས་གསལ་བར་བྱེད་པར་འགྱུར་བས་རྭ་དང་མཚན་ཉིད་མི་མཐུན་པ་ཅུང་ཟད་བསྟན་པ་ཡིན་པར་བལྟ་བར་བྱའོ། །གྲངས་ཅན་གྱི་ཡང་གསལ་བ་དང་གསལ་བ་མ་ཡིན་པ་ཉིད་ཀྱིས་ཞིག་པ་དང་། ཅིག་ཤོས་ཀྱི་ཐ་
སྙད་ཀྱི་ཡུལ་ནི་དངོས་སུ་བར་གནས་པ་ཁོ་ན་མ་ཡིན་ནམ། ཇི་སྐད་དུ། གསལ་བ་རྣམས་ཀྱི་ནང་ནས་ནི། །མི་གསལ་སོགས་པར་བྱུང་བ་རྣམས། །ཞེས་སྨོས་པ་ཡིན་ནོ་སྙམ་དུ་སེམས་པ་ལ། མི་རྟག་པ་ཉིད་གྲངས་ཅན་ལ་ཞེས་བྱ་བའོ། །མི་གསལ་བ་སྟེ་མ་དམིགས་པ་ཙམ་ལ་
སོགས་པ་གང་གི་ཡིན་པ་དེ་རྣམས་ནི་དེ་ལྟར་ཡིན་ནོ་ཞེས་བསྒྲུབས་པས། དེའི་སྟེ་གྲངས་ཅན་གྱི་མི་གསལ་བ་སྟེ། བྱེ་བྲག་མེད་པས་མ་དམིགས་པ་ཡིན་གྱི། རྗེས་སུ་འགྲོ་བ་ཞིག་པ་ནི་མ་ཡིན་ནོ། །རྗེས་སུ་འགྲོ་བ་མེད་པ་ཞིག་པ་མ་ཡིན་པ་ནི་མ་ལུས་པར་ཞིག་པ་མ་ཡིན་ཏེ།
སྣང་བ་མི་དམིགས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །མངོན་པར་མི་གསལ་བ་སྣང་བ་དང་། ཅིག་ཤོས་ཀྱི་མི་དམིགས་པའི་སྤྱི་མཐོང་བ་ཙམ་ནི་མི་རྟག་པའི་ཐ་སྙད་ཀྱི་ཡུལ་མ་ཡིན་ཏེ། དེ་ཡང་མ་ཡིན་པའི་ཐ་སྙད་དུ་རུང་བ་ལ་ཡང་ཡོད་པའི་ཕྱིར་རོ་ཞེས་བསྟན་པ་ནི། རི་བོང་གི་
རྭ་ལ་སོགས་པ་དང་ཞེས་བྱ་བ་སྟེ། དབང་པོ་ལ་སོགས་པའི་བསྐྱེད་བྱར་མཐོང་བ་ནི་སྣང་བ་ཉིད་ཡིན་ལ། དེ་ཡང་དངོས་པོའི་གནས་སྐབས་སུ་གྱུར་པ་དང་ཐ་མི་དད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །ཐ་དད་པ་དང་ཤེས་པའི་མིང་ཅན་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱིའོ། །
དེས་ན་འདོད་པ་དེ་གཉིས་རྣམ་པར་དཔྱད་པའི་དོན་དུ་སྣང་བ་ཞེས་བྱ་བ་འདི་ཅི་ཞིག་ཅེས་དྲིས་པའོ། །དངོས་པོའི་བདག་ཉིད་དུ་མཐོང་བ་ལོག་ན། དེའི་གནས་སྐབས་ཀྱི་དངོས་པོ་ཉིད་ལྡོག་པར་བསྟན་པ་ནི། གལ་ཏེ་དོན་གྱི་རང་གི་ངོ་བོ་ཞེས་བྱ་བ་སྟེ། སྣང་བའི་དངོས་པོ་ཡོད་ཀྱང་མི་
སྣང་བ་ཉིད་ནི་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །ཐ་དད་པ་མ་མཐོང་བའི་ཕྱོགས་ལ་ཡང་དེ་ཉིད་ཞིག་པ་དང་རྗེས་སུ་འགྲོ་བ་ཡིན་པར་བསྟན་པ་ནི། འོན་ཏེ་སྣང་བའི་བདག་ཉིད་ཅེས་བྱ་བའོ། །མཐོང་བ་ལོག་པ་ནི་མངོན་སུམ་གྱིས་གྲུབ་པ་མ་ཡིན་ནམ། སྣང་བའི་ལྡོག་པ་ཡང་ཁོངས་

སུ་འདུས་པ་མེད་དོ་ཞེས་བྱ་བའི་ཐ་སྙད་དུ་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ལ། གཞན་མེད་ན་ཞེས་བྱ་བ་སྨོས་ཏེ། རེ་ཞིག་མཐོང་བ་ནི་སྣང་བའི་ཁྱབ་བྱེད་མ་ཡིན་ཏེ། ཐ་དད་པའི་ཕྱིར་རོ། །རྒྱུ་ཡང་མ་ཡིན་ཏེ། འབྲས་བུ་ཡིན་པའི་ཕྱིར་རོ། །འབྲས་བུ་ཡིན་པ་གོས་པ་མེད་པ་
ཡིན་ན་འབྲེལ་པ་ཅུང་ཟད་ཀྱང་མེད་པ་ཡིན་ཏེ། དེ་ཉིད་འཇུག་པ་དང་ལྡོག་པ་ཡང་ཡིན་གྱི་དངོས་པོ་ནི་མ་ཡིན་པས། དངོས་པོ་མི་རྟག་པ་ཉིད་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དངོས་པོའི་འབྲས་བུ་ཇི་ལྟ་བ་མཐོང་བ་མེད་ན་མི་འབྱུང་བའི་ཕྱིར་ལ། དེ་བཞིན་དུ་
དངོས་པོའི་རྒྱུ་ཡང་ཡིན་ཏེ། དེ་མེད་པ་ཡང་དེའི་སྣང་བའི་དངོས་པོ་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། དེ་ཡང་ཐམས་ཅད་ཀྱི་ཚེ་ཞེས་བྱ་བ་སྨོས་ཏེ། དེ་དང་འདྲ་བ་མ་ཡིན་པ་ནི་རིག་པར་བྱ་བ་མ་ཡིན་པའི་ཕྱིར། དངོས་པོའི་དེ་བཞིན་པ་ཉིད་ཁོ་ན་རིག་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འཆི་བའི་
སྒྲ་འཇུག་པ་ཙམ་ཉིད་ཅེས་བྱ་བ་ནི་སངས་རྒྱས་པ་ལ་ལྟོས་ནས་ཡིན་ནོ། །ཅི་ལས་ཤེས་ཤེ་ན། རྣམ་ཤེས་ལ་སོགས་འགགས་པ་ནི། །ཞེས་བྱ་བ་སྨོས་སོ། །ཤིང་རྣམས་ལ་ནི་ཡོད་པ་མ་ཡིན་ནམ། དེའི་ཕྱིར་དེ་མེད་ན་ཅི་ལས་མི་འགྱུར་སྙམ་དུ་སེམས་པ་ལ་རྣམ་པར་ཤེས་པ་འགགས་
པ་ནི་ཞེས་བྱ་བ་སྟེ། རྣམ་པར་ཤེས་པ་མེད་པ་ཙམ་ནི་འཆི་བ་མ་ཡིན་ཏེ། དེ་ལྟ་མོད་ཀྱི་ཞིག་པ་ནི་ཡིན་ཏེ། དེ་ཡང་ཡོད་པ་སྔོན་དུ་འགྲོ་བ་ཅན་གྱི་ཡིན་གྱི་ཤིང་རྣམས་ལ་ནི་ཡོད་པ་ཉིད་མེད་དོ་ཞེས་བྱ་བའི་དོན་ཏོ། །རྣམ་ཤེས་མེད་ན་དེ་ཞིག་པའི་འཆི་བ་མེད་དུ་ཆུག་ཀྱང་ཤིང་རྣམས་ལ་
ཤེས་པ་མེད་པའི་བདག་ཉིད་ཀྱི་ཚེ་ནི་ཡོད་པ་ཡིན་ལ། དེ་ཞིག་པའི་འཆི་བ་ནི་འདི་ལ་ཡང་ཡོད་དོ་སྙམ་དུ་སེམས་པ་ལ། ཚེ་ཡང་དེ་བཞིན་ཏེ་ཞེས་བྱ་བ་སྨོས་ཏེ། འགགས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །རྣམ་པར་ཤེས་པ་དང་ཚེ་འདི་གཉིས་ནི་མི་འབྲལ་བ་ཡིན་ཏེ། བདག་གཅིག་
མེད་ན་ཅིག་ཤོས་ཀྱང་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་འབྲལ་བ་ཉིད་བསྟན་པ་ནི། ཚེ་ནི་སྲོག་ཡིན་དྲོད་དང་ནི། །ཞེས་བྱ་བའོ། །མཚན་ཉིད་ཀྱི་རྣམ་གྲངས་སྲོག་ཉིད་ཀྱང་འབྲེལ་པ་ནི། དྲོད་ནི་རྣམ་ཤེས་རྟེན་ཞེས་བྱ་བའོ། །འདིའི་ཕྱིར་ཕྱོགས་གཅིག་ཉིད་ཀྱིས་འཆི་བ་ཡང་

ཤིང་རྣམས་ལ་ཡོད་པ་མ་ཡིན་པར་བསྟན་པ་ནི། འཆི་བའི་ཁས་ལེན་ན་ཞེས་བྱ་བའོ། །དེ་ལྟ་ཡིན་ན་ཤིང་རྣམས་ལ་སངས་རྒྱས་པ་རྣམས་འཇིག་རྟེན་པ་བཞིན་དུ་འཆི་བའི་ཐ་སྙད་ཇི་ལྟར་བྱེད་པ་ཡིན་སྙམ་དུ་སེམས་པ་ལ། དེས་ན་འདི་ཤིང་དག་ལ་ཞེས་བྱ་བ་སྨོས་ཏེ། འདི་ཞེས་བྱ་བ་ནི་སངས་རྒྱས་པའོ། །
གལ་ཏེ་འཆི་བའི་སྒྲའི་རྒྱུ་མཚན་སྐམས་པ་ཡིན་ན་འདམ་ལ་སོགས་པ་ཅིས་མ་ཡིན། དེས་ན་སྒྲ་ངེས་པ་ཅན་ཡིན་པའི་ཕྱིར་སྐམས་པ་ལས་གཞན་པ། དངོས་པོར་གྱུར་པའི་འཆི་བ་ཡིན་ནོ་སྙམ་དུ་སེམས་པ་ནི། འཆི་བའི་སྒྲ་འཇུག་པའི་ཕྱིར་ཞེས་བྱ་བའོ། །སྐམས་པ་རྗོད་པར་བྱེད་པ་ཡང་
ཡིན་པའི་སྒྲ་ནི་རྒན་པོ་རྣམས་ཀྱི་ཤིང་ལ་སོགས་པ་ལ་ངེས་པ་ཡིན་པས། འདམ་ལས་སྐྱེས་པ་བཞིན་དུ་ཡུལ་ངེས་པ་ཅན་ཡིན་ཞེས་ལན་དུ་བསྟན་པ་ནི། འདི་ལ་བརྗོད་པར་འདོད་པའི་གཞན་དབང་ཕྱིར་ཞེས་བྱ་བ་བསྟན་ཟིན་ཏོ། །ཅི་བརྗོད་པར་འདོད་པའི་སེམས་པ་ལས་
སམ། འོན་ཏེ་དོན་གྱི་ངེས་པ་ལས་ཡིན་ཞེས་ཐེ་ཚོམ་ཟ་བ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་དོན་མཐོང་བས་ཞེས་བྱ་བའོ། །སྐམས་པ་མ་གཏོགས་པ་གང་གིས་ཤིང་རྣམས་འཆི་བའི་སྒྲའི་བརྗོད་བྱར་མ་གྲུབ་པ་ཡིན་ན། ཇི་ལྟར་ཐེ་ཚོམ་ཟ་བ་ཡིན། །གཉི་གའི་ཁྱད་པར་དྲན་པའི་
ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདིའི་ལན་དུ། འཆི་བ་གྲུབ་ན་ཞེས་བྱ་བ་སྨོས་ཏེ། མངོན་སུམ་ལ་སོགས་གྲུབ་པ་མེད་ན་བརྡ་འཛིན་པ་མེད་པའི་ཕྱིར། སྒྲ་ནི་དོན་གྱི་འཇོག་བྱེད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དབང་པོ་ལ་སོགས་པའི་སྒྲ་བཞིན་དུ་དབང་པོ་ལས་འདས་པའི་
ཡུལ་ཅན་ནི། རྟག་ཏུ་སྒྲའི་དཔག་བྱ་མ་ཡིན་ནམ་སྙམ་དུ་སེམས་པ་ནི། འོན་ཏེ་སྒྲ་དང་དོན་གྱི་འབྲེལ་པ་ཞེས་བྱ་བ་སྟེ། སྐྱ་བོ་མ་ཡིན་པ་ལས་ལྡོག་པས་མེ་སྒྲུབ་པ་བཞིན་དུ་དབྱིབས་མ་ཡིན་པ་ལས་ལོག་པའི་དངོས་པོ་མ་ཡིན་པ་ཉིད་ནི་སེམས་པ་ཅན་གྱི་སྒྲུབ་བྱེད་མ་ཡིན་ཏེ། དེ་
ཙམ་ལ་དེས་མ་ཁྱབ་པའི་ཕྱིར་རོ་ཞེས། ཐ་དད་དངོས་ལ་རབ་གྲུབ་པ། །ཞེས་བྱ་བས་བསྟན་ཟིན་ཏོ། །རིགས་གཞན་ལ་ནི་རབ་གྲུབ་པ་ཞེས་བྱ་བ་འདིས་ནི་དངོས་པོས་སྟོང་པའི་སྒྲ་གཅིག་པུ་མཐོང་བ་ལས་ནི་བསྒྲུབ་བྱ་འགྲུབ་པ་མ་ཡིན་པའི་ཕྱིར། །ཟློས་པ་མ་ཡིན་པར་ནི། དོན་གཅིག་

ན་ཡང་སྐྱ་བོ་ལས། །ཞེས་བྱ་བས་བསྟན་ཟིན་ཏོ། །ཇི་ལྟར་སྐྱ་བོ་ཉིད་དེ་མི་བྱེད་པ་རྣམ་པར་གཅོད་པའི་བདག་ཉིད་ཀྱིས་དངོས་པོ་ཡིན་ལ། དེ་བཞིན་དུ་དབྱིབས་སམ་བསྐྱེད་པ་ཡང་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་སྒྲ་ཙམ་མཚུངས་པ་ཡིན། དོན་ལ་འཁྲུལ་པ་
ཅན་ཡིན་པར་བྱས་པས་སྒྲ་ལ་ཡང་མ་ཡིན་ནམ། གང་གིས་དེ་ལྟར་ལོག་པར་རྟོགས་པར་བྱེད་ཇི་ལྟར་སྒྲ་མ་ངེས་པ་ཡིན་པ་དེ་བཞིན་དུ། དངོས་པོ་ཡང་ངེས་བརྗོད་པ་མ་ཡིན་པར་བསྟན་པ་ཡིན་ནོ་ཞེ་ན། སྐྱ་བོ་ཉིད་ལ་སོགས་པ་ཉིད་ཀྱིས་བསྟན་པ་ཁོ་ན་ཡིན་ནོ། །ལྡོག་པས་ཐ་དད་པ་
རྗོད་པར་བྱེད་པ་མ་ཡིན་པའི་སྒྲ་བསྡུས་པ་རྗོད་པར་བྱེད་པའི་སྒྲུབ་བྱེད་དུ་ཁས་ལེན་པ་ཡིན་ན། སྐྱོན་འདི་བརྗོད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དངོས་པོ་ཡོད་པའི་ཕྱིར་རོ། །གང་གི་ཕྱིར་བསྐྱེད་པ་ནི་སྒྲ་ཙམ་མ་ཡིན་ལ། བརྟགས་པའི་སྐྱོན་རྣམས་ནི་འདི་དག་ཙམ་མམ་ཞེའམ།
ཡང་དག་པ་མ་ཡིན་ནོ། །དེ་ལྟ་ཡིན་ན་དེའི་སྒྲ་གཅིག་ཡོད་པས་དོན་གཅིག་ཡོད་པར་རློམ་སེམས་པས་ཉེ་བར་དགོད་པར་བྱེད་པ་ཡིན་ཏེ། སྐྱ་བོ་མ་ཡིན་པ་ལས་ལྡོག་པ་བཞིན་དུ། དབྱིབས་མ་ཡིན་པ་ལས་ལྡོག་པ་ནི་མ་ངེས་པ་ཡིན་ལ། དེའི་བྱེ་བྲག་ཉིད་ལ་སེམས་པ་ཅན་
གྱིས་ཁྱབ་པའི་ཕྱིར་རོ་ཞེས་བསྟན་པ་ལ། དེའི་སྒྲ་གཅིག་ཉིད་ཀྱིས་ཡང་དེའི་བྱེ་བྲག་མེད་པར་རྟོགས་པ་དེ་ལ་དེ་སྐད་བསྟན་པ་ཡིན་ཏེ། སྒྲ་གཅིག་ཉིད་ཡིན་ཡང་དོན་གཅིག་ཉིད་མ་ཡིན་ཏེ། གོའི་སྒྲ་གཅིག་ཉིད་ལ་ཡང་དེའི་བརྗོད་བྱ་ལྐོག་ཤལ་ལ་སོགས་པ་དང་ལྡན་པ་དང་།
ཚིག་ལ་སོགས་པ་རྣམས་ཐ་དད་པའི་ཕྱིར་རོ། །དེ་བཞིན་དུ་བསྐྱེད་པ་ལ་སོགས་པ་ནི་དངོས་པོ་ནི་དབྱེ་བ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡང་རྫ་མཁན་ཁོ་ན་ལས་བུམ་པ་ལ་སོགས་པའི་བསྐྱེད་པ་དང་། ས་གཞི་ལ་སོགས་པ་བསྐྱེད་པ་ཡང་རང་གི་ངོ་བོས་ཕན་ཚུན་མཚན་ཉིད་མི་མཐུན་པ་ཉིད་
ཀྱིས་སྒྲ་ཙམ་ཉིད་ཐ་མི་དད་པ་ཡིན་ནོ། །དེ་བཞིན་དུ་བུམ་པ་དང་སྣམ་བུ་ལ་སོགས་པ་རྣམས་ཀྱི་བསྐྱེད་བྱའི་དངོས་པོ་གཅིག་རྗེས་སུ་འཇུག་པ་ནི་ས་གཞི་ལ་སོགས་པ་རྣམས་ལས་ལྡོག་པ་ཡིན་ལ། དེ་བཞིན་ས་གཞི་ལ་སོགས་པ་རྣམས་ཀྱང་ཡིན་པའི་ཕྱིར། དེས་ཀྱང་རིགས་མི་མཐུན་

པའི་དངོས་པོ་ཉིད་ཡིན་ལ། འདིས་ནི་སྐྱ་བོ་ཉིད་ཀྱང་ངེས་པ་ཡིན་ནོ། །འགྲེལ་པ་ཡང་དེ་ལྟ་བུ་ཉིད་དུ་བཤད་པར་བྱའོ། །རང་གི་ངོ་བོས་ཐ་དད་པ་ནི་རང་རིག་པར་བྱ་བ་ཡིན་པའི་ཕྱིར། དེའི་རང་གི་ངོ་བོའི་དབྱེ་བའི་སྒོ་ནས་སྔར་ལན་བསྟན་པ་ནི་མ་ཡིན་ནོ། །བདེན་ཏེ། སྒྲ་ལ་དབྱེ་བ་མེད་པས་
དེའི་དབྱེ་བ་ནི་ཤིང་བཞིན་དུ་མི་སྲིད་པས་འདི་བསྟན་པའི་ཕྱིར་སྐྱོན་མེད་དོ། །འདིས་ནི་འདུས་པ་དང་། འདུས་པ་མ་ཡིན་པ་དག་དང་ལས་དང་རྫ་མཁན་ལ་སོགས་པ་རྣམས་དང་། དབང་ཕྱུག་ལ་སོགས་པ་རྣམས་ཀྱིས་གཞན་སེམས་པ་ཅན་ལ་སོགས་པའི་སྒྲ་གཅིག་ཉིད་ཡིན་ཡང་། དངོས་
སུ་ནི་རིགས་མི་མཐུན་པ་ཉིད་ཡིན་པར་བསྟན་པར་རིག་པར་བྱའོ། །འདུས་པ་ཡིན་པའི་ཕྱིར་དང་རྫ་མཁན་ལ་སོགས་པའི་བསྐྱེད་བྱའི་ངོ་བོའི་བྱེ་བྲག་ལས་ཀྱང་རིགས་གཞན་གང་ཡིན་པ་སྟེ། སྒྲུབ་བྱེད་གཞན་ལ་དེ་ཁྱབ་པར་བྱེད་པ་ཉིད་དུ་གྲུབ་པའི་འདུས་པ་ཅན་མ་ཡིན་པ་དབང་
ཕྱུག་ལ་སོགས་པ་ནི། དེའི་རིགས་སུ་མ་གྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་རིགས་སུ་གྲུབ་པའི་སྒྲ་ཙམ་གྱི་སྤྱི་ལས་སྒྲུབ་བྱེད་བསྒྲུབ་བྱར་མི་རིགས་སོ། །ལྐོག་ཤལ་ལ་སོགས་པ་དང་ལྡན་པ་ཉིད་དུ་གྲུབ་པའི་རྭ་ལ་སོགས་པ་འདུས་པའི་ངོ་བོ་ཉིད་ལ། གོའི་སྒྲ་སྤྱི་ལས་ཚིག་ལ་
སོགས་པ་རྣམས་ཀྱིས་སོགས་པའི་སྒྲ་ནི་གསལ་བར་བྱེད་པ་ཡིན་པའི་ཕྱིར། རྭ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །དེས་ན་རྭ་ལ་སོགས་པ་རྣམས་ཀྱི་བཞིན་དུ་ཚིག་ལ་སོགས་པ་རྣམས་ཀྱང་གོ་བའི་སྒྲ་ལས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སྒྲུབ་བྱེད་དམ་བསྒྲུབ་བྱའི་ངོ་
བོ་ཡང་མཚན་ཉིད་མི་མཐུན་པར་མངོན་སུམ་གྱིས་ངེས་པ་ཡིན་པས་ཚིག་གཅིག་སྦྱར་བས་གཅིག་པར་འགྱུར་བ་མ་ཡིན་ཏེ། དེ་དང་འགལ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །སྒྲ་དེ་དང་འགལ་བར་ཅིས་མི་འགྱུར། དེ་ཡང་གསལ་བར་བྱེད་པ་ཉིད་ཡིན་པར་ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། འདོད་
པའི་དབང་གིས་མངོན་པར་གསལ་བ་ཉིད་ཀྱིས་དོན་ལ་གཞན་དབང་ཉིད་མེད་པའི་ཕྱིར། ཉེ་བར་གནས་པར་བྱེད་པ་མ་ཡིན་པར་བསྟན་པ་ནི། བརྗོད་པར་འདོད་པའི་གཞན་དབང་ཕྱིར། །ཞེས་བྱ་བའོ། །དབང་པོ་ལས་སྐྱེས་པ་བཞིན་དུ་སྒྲ་ལས་བྱུང་བ་ཚད་མ་ཡིན་ཏེ། དོན་མཐོང་

བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དོན་གྱི་རང་གི་ངོ་བོ་མ་མཐོང་བ་ཡིན་ཏེ། དེ་ལ་ཡང་མངོན་སུམ་གྱིས་གཞན་དུ་མཐོང་བའི་ཕྱིར་རོ། །ཤེས་པ་ཐམས་ཅད་ཀྱི་རང་གི་ངོ་བོ་རིག་པ་ནི་དངོས་སུ་བ་ཡིན་ལ། ཐོབ་བྱའི་དོན་རིག་པ་ནི་དེས་བསྐྱེད་པར་བྱ་བ་ཡིན་པ་ཉིད་
ཀྱིས་དེ་དང་འབྲེལ་བ་ཡིན་པའི་ཕྱིར་དེའི་བདག་ཉིད་དུ་ཉེ་བར་བསྟན་པ་ཡིན་ནོ། །དེ་ལས་བྱུང་བ་མ་ཡིན་པ་ལ་སྒྲ་ལས་བྱུང་བ་ལ་ནི་རིགས་པ་འདི་མ་ཡིན་ནོ། །དམིགས་བྱ་ཉིད་ཙམ་ནི་རྒྱུ་ཉིད་མ་ཡིན་ཏེ། ཟླ་བ་གཉིས་ལ་སོགས་པ་རྣམས་ལ་ཡང་དེ་ཡོད་པས་ཤེས་པ་དེ་ཚད་མ་ཉིད་དུ་ཐལ་བར་
འགྱུར་བའི་ཕྱིར་རོ། །དེ་ནི་དབང་པོ་ལས་སྐྱེས་པ་ཡིན་པ་ཡང་ཕྲད་པ་མེད་པའི་ཕྱིར་ཁོ་བོ་ཅག་ཚད་མར་མི་འདོད་དོ། །འདི་སྐད་བསྟན་པར་འགྱུར་ཏེ། ཡུལ་གང་དུ་དུས་གང་གི་ཚེ་རྣམ་པ་གང་དང་ལྡན་པའི་དངོས་པོར་དེས་ཀུན་དུ་མཐོང་བར་བྱས་པ་དེ་ལྟ་བུ་མེད་དོ་ཞེས་བྱ་བའི་
དོན་ཏོ་ཞེ་ན། ཡུལ་གཞན་ལ་སོགས་པ་ལ་ཡང་དེས་མཐོང་བ་མ་ཡིན་ནོ། །གཞན་གྱིས་མཐོང་བ་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་དེའི་ཡུལ་ཡིན་གྱི་གཞན་གྱི་ཡུལ་མ་ཡིན་པའི་ཕྱིར་ཡུལ་མེད་པར་འགྱུར་བ་དེས་ན་ཡང་དེ་ཉིད་དཔག་བྱ་ཡིན་ན་ཇི་ལྟར་དབང་པོ་དང་མི་འཕྲད་པ་ཡིན།
རྣམ་པ་གང་གིས་དཔོག་པ་དེ་དེ་ལ་མེད་པའི་ཕྱིར་རོ་ཞེ་ན། གང་དུ་སྣང་བ་དེ་ན་མེད་པ་ཡིན་ན་གཞན་ན་ཡང་དེ་བཞིན་དུ་མེད་པ་ཡིན་ཏེ། མི་སྣང་བའི་ཕྱིར་རོ། །མེད་པ་ཡང་མ་ཡིན་ཏེ། སྣང་བ་དང་འགལ་བའི་ཕྱིར་རོ། །དེས་ན་ཤེས་པའི་རང་གི་ངོ་བོ་ཁོ་ན་ཡིན་ནོ། །དེའི་ཕྱིར་དམིགས་
བྱ་མ་ཡིན་པ་ཉིད་དམ། རྒྱུ་ཉིད་ཀྱི་ཕྱིར་སྣང་བས་བྱེ་བྲག་མེད་པའི་ཕྱིར། བདག་ཉིད་ཁོ་ན་ཤེས་པ་རྣམས་ཀྱི་སྣང་བ་ཁོ་ན་ཡིན་ནོ། །དེ་ཡང་ཕྲད་བྱ་དང་འབྲེལ་བའི་ཕྱིར་གནོད་པ་མེད་པ་ཡིན་ལ། དེ་མེད་ན་གནོད་པ་མེད་པའི་ཕྱིར་ཚད་མ་ཉིད་དམ་ཅིག་ཤོས་རྣམས་སུ་རྣམ་པར་གཞག་པ་ཡིན་ནོ། །དེ་ལྟར་ནི་
སྒྲ་རྣམས་ནི་ཚད་མ་ཉིད་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་སྒྲ་གཅིག་ཉིད་ལ་ཡང་དོན་གཅིག་པ་མ་ཡིན་ཏེ། ཐ་དད་པར་སྣང་བ་དང་འགལ་བའི་ཕྱིར་རོ་ཞེས་བསྟན་ནས། ད་ནི་རྒོལ་བ་དང་། ཕྱིར་རྒོལ་བདག་ལས་གང་ཡང་རུང་བ་དང་ཁས་ལེན་པ་དང་འགལ་

བའི་ཕྱིར་ཡང་། དོན་མི་འགྲུབ་པ་ནི་སྒྲུབ་བྱེད་མ་ཡིན་པར་བསྟན་པ་ནི། སེམས་པ་མེད་པ་དང་མི་རྟག་པ་ལ་སོགས་པའི་གཏན་ཚིགས་ལས་དང་། སེམས་པ་ཅན་དང་ཤུན་པ་བཤུས་ན་འཆི་བའི་ཕྱིར་ཞེས་དཔྱད་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བློ་ནི་སེམས་པ་ཅན་མ་ཡིན་ཏེ། མི་
རྟག་པའི་ཕྱིར་ཞེས་བྱ་བའི་མངོན་པར་གྲུབ་པ་ཙམ་ནི་རྒོལ་བ་གྲངས་ཅན་ལ་མི་རྟག་པ་ཉིད་ཀྱི་འཇིག་པའི་ངོ་བོ་མ་གྲུབ་པ་ཡིན་ནོ། །ཤིང་རྣམས་ནི་སེམས་པ་ཅན་ཡིན་ཏེ། ཤུན་པ་ཐམས་ཅད་བཤུས་ན་འཆི་བའི་ཕྱིར་ཞེས་བྱ་བ་ངོ་ཚ་མེད་པའི་སྦྱོར་བ་ལས་ཕྱིར་རྒོལ་བ་སངས་རྒྱས་པའི་
རྣམ་ཤེས་ལ་སོགས་པ་འགག་པ་འཆི་བའི་དངོས་པོ་ནི་མ་གྲུབ་པ་ཡིན་ལ། སྒྲ་ནི་གཅིག་པུ་གཉི་ག་ལ་གྲུབ་པ་ཡིན་ཡང་སྒྲུབ་བྱེད་དམ་སྒྲུབ་བྱེད་དུ་འདོགས་པར་བྱེད་པ་ཡང་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་དབྱིབས་སམ། བསྐྱེད་པ་བུམ་པ་ལ་སོགས་པ་དང་མཚན་ཉིད་མི་མཐུན་པ་
ནི་ས་གཞི་ལ་སོགས་པ་སེམས་པ་ཅན་དུ་སྒྲུབ་པར་བྱེད་པ་མ་ཡིན་ལ། ཞིག་པ་ཉིད་ལ་ཡང་སྒྲུབ་པར་བྱེད་པར་མི་འགྱུར་རོ། །བསྐྱེད་པ་ལ་སོགས་པའི་སྒྲའམ་རྟོགས་པ་ཡང་གཅིག་པའི་ཕྱིར། གཅིག་ཉིད་ཁོ་ན་ཡིན་པའི་ཕྱིར། གཉིས་སུ་མེད་པས་གནོད་པ་མ་ཡིན་ན། །དེ་འདི་ནི་སེམས་
པ་ཅན་དུ་སྒྲུབ་པར་བྱེད་པ་ལ་ཡང་མཚུངས་པ་ཡིན་ན། ཇི་ལྟར་དེ་སྤོང་བར་བྱེད་ཅེས་ཟེར་བ་ནི། གལ་ཏེ་ཁྱད་པར་ཡོངས་སུ་བརྟགས་པས་ཞེས་བྱ་བའོ། །དེ་བཞིན་དུ་མི་རྟག་པ་ཉིད་ནི་གྲངས་ཅན་རྒོལ་བ་ལས་མ་གྲུབ་པ་ཡིན་ནོ། །འཆི་བ་ནི་ཕྱིར་རྒོལ་བ་སངས་རྒྱས་པ་ལ་མ་གྲུབ་པ་ཡིན་ཏེ།
དེའི་ཕྱིར་ཡན་གར་བ་ལ་མ་གྲུབ་པ་ཡིན་ནོ། །སྒྲུབ་བྱེད་ཀྱི་སྐྱོན་ཡིན་ན་བསྒྲུབ་བྱ་དང་སྒྲུབ་བྱེད་དང་ཆོས་དང་ཆོས་ཅན་གྱི་རང་གི་ངོ་བོ་དང་། དེའི་བྱེ་བྲག་གི་རྗེས་སུ་འགྲོ་བ་ལ་སོགས་པའི་ཡང་། ཡན་གར་བ་ལ་མ་གྲུབ་པའི་སྐྱོན་དུ་འགྱུར་རོ། །སྒྲུབ་བྱེད་ཁོ་ན་སྐྱོན་ཅན་ཡིན་ལ། །བསྒྲུབ་བྱ་ལ་
སོགས་པ་ནི་མི་རིགས་ཏེ། རིགས་པ་མཚུངས་པའི་ཕྱིར་རོ། །ཕྱོགས་ཀྱི་ཆོས་ཉིད་མ་གྲུབ་པ་ལ་ཇི་ལྟ་བ་ཁོ་ན་ཕྱིར་རྒོལ་བའི་གཏན་ཚིགས་མི་འཐོབ་ལ། དེ་བཞིན་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་སྒྲའི་ཆོས་ཅན་གྱི་ཡོན་ཏན་གསུམ་ལ་སོགས་པ་ལ་སངས་རྒྱས་པ་ལ་སོགས་པ་ལ་མ་གྲུབ་

པའི་བྱེ་བྲག་ཅན་གྱི་ཕྱོགས་ཡིན་ཞིང་གཞི་མ་གྲུབ་པའི་གཏན་ཚིགས་ཡིན་ནོ། །སངས་རྒྱས་པ་མངོན་པར་འདོད་པའི་ཆོས་ཅན་ལ་ནི། ཕན་ཚུན་མ་གྲུབ་བྱེ་བྲག་དང་། །གཞི་མ་གྲུབ་པའི་གཏན་ཚིགས་འགྱུར། །འོན་ཏེ་བདག་གི་འདོད་ཕྱོགས་ན། །རང་ཉིད་
འདི་ནི་གཉིས་སུ་འགྱུར། །དེ་བཞིན་དུ་མི་རྟག་པ་ཉིད་ཀྱི་འཇིག་པ་ཉིད། །གལ་ཏེ་ངེས་པ་ཅན་བརྗོད་ན། །དེ་ཕྱིར་འདི་ལས་གཉེན་པོར་འགྱུར། །ཁྱད་པར་དུ་ཡང་མ་གྲུབ་པའོ། །ངེས་པ་ཅན་གྱི་རྣམ་རྟོག་ཀྱང་། །ལྡོག་དང་འཛིན་པ་དག་ཏུ་ནི། །གོང་དུ་ཡང་ནི་ཁས་བླངས་པ། །
གྲངས་ཅན་རྒྱལ་དཔོག་དག་ཏུ་འགལ། །དེ་ལྟར་ན་གཏན་ཚིགས་དང་འབྲེལ་བ་ལ་སོགས་པའི་རྣམ་པར་རྟོག་པས་མ་གྲུབ་པ་དང་། མ་ངེས་པ་ལ་སོགས་པའི་སྐྱོན་ཡིན་ན། ཐ་སྙད་པ་རྣམས་ཀྱི་ཡུལ་དྲ་བི་ར་པ་དང་། འཕགས་པ་དག་བཞིན་དུ་ཕན་ཚུན་མི་མཐུན་པའི་ཕྱིར། འགྲོ་བ་རྣམས་
ཐ་སྙད་མེད་པར་འགྱུར་རོ།། །དེ་བསྟན་པ་ནི། རྒོལ་བ་གཞན་ལ་ལྟོས་པས་སམ་རྣམ་པར་བརྟག་པས་ཞེས་བྱ་བའོ། །དེ་ཉིད་ཀྱང་གོ་བཞིན་དུ་རྣམ་པར་འགྲེལ་བ་ནི། ནམ་མཁའི་ཡོན་ཏན་སྒྲ་ཡི་ཆོས། །ཞེས་བྱ་བའོ། །འདི་ལ་ལན་དུ། དངོས་པོའི་ངོ་བོར་མ་གྲུབ་ལ། །ཞེས་བྱ་བ་
སྟེ། བསྒྲུབ་བྱ་གང་གིས་ངེས་པའི་ངོ་བོ་གང་ཡིན་དེ་མ་གྲུབ་པ་ལ་ཚུལ་འདི་ནི་དཔེ་དང་དཔེ་ཅན་དག་ཐ་དད་པའི་རྣམ་རྟོག་གི་ངོ་བོའི་སྐྱོན་ཡིན་ནོ། །གང་གི་ཕྱིར་སེམས་པ་ཅན་དང་རྗེས་སུ་འགྲོ་བ་ཅན་གྱི་ངོ་བོ་བུམ་པ་ལ་སོགས་པ་ལ་ཡོད་པའི་ངོ་བོ་ནི་ས་གཞི་ལ་སོགས་པའི་ཆོས་ཅན་ལ་ཡོད་པ་མ་ཡིན་ཏེ།
འཇིག་པ་ཅན་དུ་ངེས་པ་ནི་གཏན་ཚིགས་གཞན་གྱིས་གྲུབ་པ་སྔ་མ་ཉིད་དང་བྲལ་བ་ནི་བུམ་པ་བཞིན་དུ་ས་གཞི་ལ་སོགས་པ་ལ་ཡང་ཡུལ་ལ་སོགས་པའི་ངེས་པ་དང་ལྡན་པ་དེ་ཉིད་ལས་ཡིན་ལ། དེ་ལ་ཡང་ཆོས་ལ་སོགས་པའི་བྱེ་བྲག་གི་རྣམ་པར་རྟོག་པ་ནི་སྐྱོན་མ་ཡིན་ཏེ། བསྒྲུབ་བྱ་ལ་ངེས་
པ་ལས་འདོད་པ་གྲུབ་པ་ལ་གནོད་པ་མེད་པའི་ཕྱིར་རོ། །སྦྱོར་བྱེད་མ་ཡིན་པའི་བྱེ་བྲག་གི་ངོ་བོ་མ་གྲུབ་པ་ཡིན་ཡང་། བསྒྲུབ་བྱ་ལ་ངེས་པ་ཅན་གྱི་སྤྱིའི་ངོ་བོ་ཙམ་གྱི་རྒྱུ་མཚན་ཅན་གྱི་རྗེས་སུ་དཔག་པ་ལ། ནམ་མཁའི་ཡོན་ཏན་ཉིད་མ་གྲུབ་པ་བཞིན་དུ་གཞིའི་སྐྱོན་ཅི་ཡང་མེད་དོ། །ལུང་ལས་གྲགས་

པའི་ཞེས་བྱ་བ་ལ། དཔེ་རྣམ་པར་འགྲེལ་པ་ནི། ཁྱད་པར་ཡོངས་སུ་རྟོགས་པ་ལ་ཡང་ཞེས་བྱ་བ་སྟེ། གྲུབ་ན་ཁྱད་པར་གནོད་པ་ཅན་མ་ཡིན་ལ། མ་གྲུབ་ན་ཡང་ཞེས་རྣམ་པར་འཆད་པ་སྟེ། བུམ་པ་དང་ས་གཞི་ལ་སོགས་པའི་ངོ་བོ་ཡོངས་སུ་རྟོགས་པ་ནི། མི་རྟག་པ་ཉིད་ལ་སྦྱར་བར་
བྱེད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །སེམས་པ་ཅན་དུ་སྒྲུབ་པ་ལ་ནི་དེའི་རྟོགས་པ་སྦྱོར་བྱེད་ཁོ་ན་ཡིན་ཏེ། ངེས་པ་དང་ཅིག་ཤོས་རྣམ་པར་དཔྱད་པའི་ཕྱིར་ཡིན་ནོ་ཞེས་བསྟན་པ་ནི། དངོས་པོའི་ངོ་བོར་མ་གྲུབ་ལ་ཚུལ་འདི་ཞེས་བྱ་བ་ལ་སྟེ། དེ་རྣམ་པར་འགྲེལ་པ་ནི། དབྱིབས་ལ་
སོགས་པ་ལ་ནི་ཞེས་བྱ་བའོ། །ཡང་ན་གྲངས་ཅན་ལ་སོགས་པ་ལ་ལྟོས་ནས་མི་རྟག་པ་ཉིད་ལ་སོགས་པ་གང་ཡང་རུང་བ་མ་གྲུབ་པའི་སྐྱོན་མིན་ལ། ཆོས་དང་ཆོས་ཅན་གྱི་རྗེས་སུ་འགྲོ་བ་ལ་ལྟོས་ནས་ཀྱང་། དེ་ལྟར་རྟོགས་པ་ཡིན་ན། གང་ཡང་གཏན་ཚིགས་ཉིད་དུ་མི་འགྱུར་རོ་
སྙམ་དུ་སེམས་པ་ལ། དངོས་པོའི་ངོ་བོ་མ་གྲུབ་ལ། །ཚུལ་འདི་ཞེས་བྱ་བ་སྨོས་ཏེ། རྒོལ་བ་འམ་ཕྱིར་རྒོལ་བའི་དངོས་པོའི་ངོ་བོ་བསྒྲུབ་བྱའམ། སྒྲུབ་བྱེད་དམ་རྗེས་སུ་འགྲོ་བ་ལ་སོགས་པ་གང་ལ་མ་གྲུབ་པ་དེ་ལ་གཅིག་ལ་མ་གྲུབ་པའི་སྐྱོན་ནི། རིགས་པ་འདི་ནི་རྣམ་པར་དཔྱད་
པར་བྱ་བའི་ཡུལ་ཡིན་ཏེ། ཁྱོད་ཀྱིས་ནི་གཉི་ག་ལ་གྲུབ་པའི་ཆོས་ཅན་ལ་སོགས་པ་ལ་གཅིག་པ་ལ་མ་གྲུབ་པ་ཡིན་པར། མ་གྲུབ་པའི་བྱེ་བྲག་དང་། གཞི་མ་གྲུབ་པའི་གཏན་ཚིགས་འགྱུར་ཞེས་བྱ་བ་ལ་སོགས་པས་སྨྲས་པ་ཡིན་ནོ། །དེ་བསྟན་པ་ནི། ལུང་ལས་གྲགས་པ་
ནི་ཞེས་བྱ་བའོ། །དེ་བཞིན་དུ་བྱས་པ་ཉིད་ཀྱང་དཔེ་དང་དཔེ་ཅན་རྣམས་ཀྱི་གསལ་བ་རྣམས་ལས་མི་གཞན་པའམ། སྣ་ཚོགས་པ་གསལ་བ་རེ་རེས་ཐ་དད་པ་དེ་རྣམས་ལས་གལ་ཏེ། དཔེ་ལ་ཡོད་པ་ཉེ་བར་བཟུང་ན་མ་གྲུབ་པ་ཡིན་ཏེ། གལ་ཏེ་དཔེ་ཅན་ལ་ཡོད་པ་ཡིན་ན་ནི། ཐུན་མོང་
མ་ཡིན་པ་ཉིད་ཡིན་ནོ། །བསྒྲུབ་བྱས་སྟོང་པའི་རྗེས་སུ་འགྲོ་བ་དང་། ཕྱོགས་ཀྱིས་སྟོང་པ་དང་མཐུན་ཕྱོགས་ལ་མེད་པའི་ཕྱིར་མ་ཚང་བའི་སྒྲུབ་བྱེད་ཡིན་པ་དང་། སྣ་ཚོགས་པ་དང་གསལ་བ་སོ་སོ་ལ་གཅིག་ཉིད་པ་རྣམས་ནི། སངས་རྒྱས་པ་དང་དཔྱོད་པ་པ་ལ་སོགས་པ་ལ་མ་

གྲུབ་པ་ཡིན་ནོ། །གཞན་གསལ་བ་སོ་སོ་བའི་གཅིག་པ་ཡང་སངས་རྒྱས་པ་དང་། བྱེ་བྲག་པ་ལ་སོགས་པ་ལ་མ་གྲུབ་བ་ཡིན་ནོ། །དབང་ལས་བྱུང་བ་ཉིད་ལ་སོགས་པ་ལ་དངོས་པོའམ་ཅི་ཞེས་ངེས་པར་རྟོགས་པའི་བྱ་བ་ནི་གསལ་བ་རྣམས་ལས་ཐ་མི་
དད་པའམ། སྣ་ཚོགས་པ་ཉིད་ཀྱི་ཐ་དད་པ་དང་ཐ་མི་དད་པ་རྣམས་གསལ་བ་ཡིན་ནོ། །དེ་ལ་ཐུན་མོང་མ་ཡིན་པ་དང་མ་གྲུབ་པ་དང་བསྒྲུབ་བྱ་མ་ཚང་བ་དང་མཐུན་པའི་ཕྱོགས་ཉིད་ལ་མ་ཚང་བ་ཉིད་ཀྱི་རྗེས་སུ་འབྲངས་ནས་བརྗོད་པར་བྱ་བ་ཡིན་ནོ། །རྒོལ་བ་ལ་ལྟོས་ནས་ཞེས་བྱ་བ་
ལ་སོགས་པ་ནི་སུན་འབྱིན་པའི་ལམ་དངོས་པོ་གཉིས་སུ་མེད་པར་བསྒྲུབ་པ་ལ། གྲུབ་པའི་མཐའ་ཐ་དད་པ་ལ་བརྟེན་པར་མི་རིགས་པའོ་ཞེས་བྱ་བའོ། །གྲུབ་པ་ལ་ཡང་། ཁྱབ་པར་གནོད་མིན་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་པར་བསྟན་པ་ནི། དེ་བཞིན་དུ་ཁྱད་པར་ཡོངས་སུ་
རྟོགས་པ་ལ་ཡང་ཞེས་བྱ་བའོ། །མ་ངེས་པའམ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའོ། །ཐུན་མོང་མ་ཡིན་པ་ཉིད་ཀྱིས་ཞེས་བྱ་བ་ནི་ཕྱོགས་དང་མཐུན་པའི་ཕྱོགས་མཚུངས་པ་ཉིད་ཀྱིས་ཐུན་མོང་གི་མ་ངེས་པའོ། །ནམ་མཁའི་ཡོན་ཏན་ཉིད་དང་ཡོན་ཏན་གསུམ་ཉིད་ལ་སོགས་པའི་ཁྱད་པར་
མ་གྲུབ་པ་ཡིན་ན། སྒྲ་ནི་རང་གི་ངོ་བོའི་ཆོས་ཅན་ཉིད་ཀྱིས་གྲུབ་པ་ཁོ་ན་ཡིན་པར་མི་རིགས་པ་མ་ཡིན་ནམ། གང་གི་ཕྱིར་ཁྱད་པར་མེད་པ་སྤྱི་ལ་ནི་མ་མཐོང་བའི་ཕྱིར་རོ་སྙམ་དུ་སེམས་པ་ལ། ཆོས་ཅན་ཉིད་ནི་ཚད་མས་གྲུབ་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གྲུབ་པའི་མཐའ་ལས་གྲགས་
པའི་ཁྱད་པར་མ་གྲུབ་པ་ཡིན་ཡང་། མངོན་སུམ་གྱི་ཚད་མས་གྲུབ་པའི་དངོས་པོ་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལུང་ལས་གྲགས་པའི་བྱེ་བྲག་མེད་ཀྱང་སྣང་བ་ལས་བྱུང་བའི་ཤེས་པའི་གཟུང་བྱའི་ངོ་བོ་ཁོ་ནས། དོན་གྱི་བྱ་བ་བྱེད་པ་ཡིན་པར་བསྟན་པ་ནི། ཁྱད་པར་ཡོངས་
སུ་རྟོགས་པ་ཡང་། །ཞེས་བྱ་བའོ། །བྱས་པ་ཉིད་ལ་སོགས་པའི་གསལ་བ་རྣམས་ལས་གཞན་པ་མ་ཡིན་པའམ། སྣ་ཚོགས་པའམ་གཞན་མ་ཡིན་པ་ཡང་གསལ་བ་སོ་སོ་ལས་ཐ་དད་པའམ། ཐ་མི་དད་པ་ཡང་རུང་བའོ། །དེ་བཞིན་དུ་སྣ་ཚོགས་པ་ཉིད་ལ་ཡང་བརྗོད་ནས་ཐུན་མོང་

མ་ཡིན་པ་ཉིད་ལ་སོགས་པ་བརྗོད་བྱ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། དེ་ལ་གདོན་མི་ཟ་བར་ཞེས་བྱ་བ་སྨོས་སོ། །གལ་ཏེ་རྒོལ་བ་དང་ཅིག་ཤོས་ལ་ལྟོས་པས་མ་ཡིན་པ་དེ་ལྟ་ན། རྒྱུ་གང་ཡིན་ཞེས་བསྟན་པ་ནི། མི་རྟག་པ་དང་ཞེས་བྱ་བའོ། །ཁྱད་པར་རབ་ཏུ་གྲུབ་པ་ནི་ཞེས་བྱ་བ་སྟེ།
རྒོལ་བ་ལ་སོགས་པ་ལ་ལྟོས་ནས་སོ། །དེའི་ཁྱད་པར་མེད་ན་སྤྱི་ཉིད་མེད་པར་འགྱུར་བ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། ཚད་མས་གྲུབ་པའི་ཁྱད་པར་གཞན་ཡིན་པར་བསྟན་པ་ནི། རྒྱུའི་དེ་མ་ཐག་ཅེས་བྱ་བའོ། །དེའི་ཕྱིར་བསྒྲུབ་བྱའི་སྤྱི་ཞིག་པ་ཉིད་ལ་སོགས་པ་ཡོན་ཏན་ལ་སོགས་པ་ལ་སྐྱ་
བོ་ཉིད་བཞིན་དུ་བསྐྱེད་པ་དང་ལྡན་པ་ཉིད་ལ་སོགས་པ་ནི་སྒྲུབ་བྱེད་ཁོ་ན་ཡིན་ལ། དེའི་ཁྱད་པར་ལ་ནི་དེ་ཙམ་དུ་མ་ངེས་པའི་ཕྱིར་ངེས་པ་ཅན་གྱི་ཁྱད་པར་གྱི་རྣམ་པར་རྟོག་པས་སྒྲུབ་པར་བྱེད་པ་ཉིད་ཡིན་ཏེ། མེ་ལ་སྐྱ་བོ་ཉིད་ཀྱི་བྱེ་བྲག་ལྟ་བུའོ། །སྒྲ་ཡོད་ན་དོན་ཡོད་པ་མ་ཡིན་ཏེ། དེ་ལྟ་བུའི་རྗེས་སུ་
འགྲོ་བ་མ་མཐོང་བའི་ཕྱིར་མི་རྟག་པ་དང་འཆི་བ་ལ་སོགས་པ་ནི་རྒོལ་བ་དང་ཕྱིར་རྒོལ་བ་དག་གིས་ཁས་བླངས་པ་མ་ཡིན་ནོ། །ཇི་ལྟར་ཕྱོགས་དང་མཐུན་པའི་ཕྱོགས་ཐུན་མོང་བ་མ་ཡིན་པ་ནི་སྒྲུབ་བྱེད་མ་ཡིན་པར་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་རྒོལ་བ་དང་ཕྱིར་རྒོལ་བ་ཐུན་མོང་
མ་ཡིན་པ་ཡང་མ་ཡིན་ཏེ། མ་རྟོགས་པའི་ཕྱིར་དང་། དེའི་སྒྲུབ་བྱེད་མ་ཡིན་པའི་ཕྱིར་རོ། །སྒྲ་ལ་གཅིག་ཉིད་མེད་ཀྱང་དོན་ལ་གཅིག་མེད་པའམ་གཏན་ཚིགས་ཉིད་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་གནས་སྐབས་ཀྱི་རྗེས་སུ་འཇུག་པ་ཡིན་པར་བསྟན་པ་ནི། སྒྲ་མ་གྲུབ་ཀྱང་སྟེ་མེད་ཀྱང་། །
དངོས་པོ་གྲུབ་ན་སྟེ་ཡོད་ནའོ། །གྲུབ་པར་འགྱུར་བ་ནི་བསྒྲུབ་བྱའོ། །གལ་ཏེ་ཡང་བསྒྲུབ་བྱ་ཡུལ་གཅིག་པ་ཉིད་ཀྱིས་སྒྲ་གྲུབ་པ་མ་ཡིན་པ་དེ་ལྟ་ན་ཡང་། དོན་གཅིག་པའི་ལུས་ཉིད་ཡོད་པའི་ཕྱིར་རྡུལ་ཕྲ་རབ་རྣམས་ཆ་ཤས་དང་བཅས་པའམ། མི་རྟག་པ་འགྲུབ་པར་མི་རིགས་པ་མ་ཡིན་ནམ།
ལུས་ཉིད་ཀྱིས་བྱས་པའི་མི་རྟག་པ་ཉིད་ལ་སོགས་པ་ནི། བུམ་པ་ལ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བྱས་པ་ཉིད་ཀྱིས་སྦྱར་བ་ཡིན་ནོ། །དེས་ན་ལུས་ཉིད་ནི་སྦྱོར་བྱེད་མ་ཡིན་ནོ། །གཞན་དུ་གྲུབ་པའི་བསྒྲུབ་བྱ་ལ་རབ་ཏུ་སྦྱར་བ་ཡོད་པའི་ཕྱོགས་འདི་ལ་མ་གྲུབ་པའི་ཕྱིར། མ་གྲུབ་པ་ཡིན་ནོ། །དེ་ལྟ་

ཡིན་ན་གཏན་ཚིགས་ལྟར་སྣང་བ་ཐམས་ཅད་མ་གྲུབ་པ་ཁོ་ན་ཡིན་ནོ། །རྒྱུ་མཚན་གཞན་ཡོད་པ་ལས་མི་གཞན་ཐོབ་པ་ཡིན་ཏེ། འདི་ལྟར་ཕྱོགས་དང་མཐུན་པ་མ་ཡིན་པ་དག་ལ་ངེས་པའི་ཕྱིར་ཐུན་མོང་གི་མ་ངེས་པ་ཡིན་ཏེ། ཕྱིན་ཅི་ལོག་པ་དག་ངེས་པའི་ཕྱིར་འགལ་བ་ཡིན་ནོ། །
ཕྱོགས་གཉི་ག་དང་འབྲེལ་བའི་ཕྱིར་གནས་སྐབས་མཚུངས་པ་ཡིན་ནོ། །གནོད་པར་བྱེད་པའི་ཡུལ་ཡིན་པའི་ཕྱིར་དུས་ལས་འདས་པར་སྨྲ་པའོ།། །འདི་ནི་རྒྱུ་མཚན་གཞན་མེད་པའི་ཕྱིར་མ་གྲུབ་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ལྟ་ན་ཡང་དེས་མངོན་པར་འདོད་པའི་དོན་ཞེས་བྱ་བ་སྨོས་ཏེ།
འདིའི་སྦྱོར་བྱེད་གང་ཡིན་དུ་བ་ལ་མེ་བཞིན་དུ་རྒྱུ་མཚན་ཉིད་ལ། རབ་ཏུ་སྦྱོར་བ་ཉིད་ཀྱང་དུ་བ་བཞིན་དུ་རྒྱུ་མཚན་ཉིད་ཡིན་ནོ། །དེ་ལྟ་ན་རོ་ནི་གཟུགས་ལ་སོགས་པའི་སྦྱར་བྱའམ་སྦྱོར་བྱེད་མ་ཡིན་ནོ། །དེ་བཞིན་དུ་ཤིང་ཉིད་ལས་ཤིང་ཤ་པ་ཉིད་དོ།། །འོན་ཏེ་མེད་ན་མི་འབྱུང་བ་བྱས་པ་ཉིད་ལ་
སོགས་པ་སྦྱོར་བྱེད་ཉིད་དམ་ཅིག་ཤོས་ཡིན་ནོ། །དེ་འདི་ནི་ལུས་ཉིད་ལ་སོགས་པ་ཡང་མཚུངས་སོ། །འོན་ཏེ་རྒྱུ་རྡུལ་ཕྲ་རབ་རྣམས་ནི་རགས་པ་ཉིད་ལས་གཞན་དུ་མི་འཐད་པ་ཉིད་ཀྱིས་རྗེས་སུ་དཔག་བྱ་རྣམས་ཀྱི་ཆ་ཤས་དང་བཅས་པ་ཉིད་ཀྱིས་མཐའ་མེད་པའི་ཕྱིར་རི་རབ་དང་ཡུངས་ཀར་
དག་གི་བོང་ཚོད་དང་ལྕི་ཡང་ཉིད་མཉམ་པར་འགྱུར་རོ། །དེའི་ཕྱིར་ཆ་ཤས་མེད་པའི་ཕྱིར་ལ་མི་རྟག་པ་ཉིད་ཡིན་ཡང་རྒྱུའི་རྩ་བ་མེད་པའི་ཕྱིར་དངོས་པོ་མེད་པ་ལས་དངོས་པོ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་རྗེས་སུ་དཔག་པ་ནི་མི་རྟག་པ་ཉིད་ལ་སོགས་པའི་སྒྲུབ་བྱེད་ཀྱི་ལུས་ཉིད་ལ་གནོད་པར་
བྱེད་པ་ཉིད་ཡིན་ཏེ། དེ་མེད་ན་ཆོས་ཅན་མི་འགྲུབ་པས་འདིའི་འཇུག་པ་ཡང་མེད་པའི་ཕྱིར་རོ། །བདེན་མོད་ཀྱི་ཆོས་ཅན་ཙམ་སྒྲུབ་པར་བྱེད་བ་ལ་ལྟོས་ནས་ཆ་ཤས་དང་བཅས་པ་དང་། མི་རྟག་པ་ཡང་སྒྲུབ་པར་བྱེད་པའི་ཕྱིར་སྐྱོན་མེད་དོ། །བོང་ཚོད་དང་ལྕི་ཡང་མཉམ་པ་ཡིན་པ་དང་། ཐམས་
ཅད་དངོས་པོ་མེད་པ་ལས་དངོས་པོ་སྐྱེ་བར་འགྱུར་ཞེས་བྱ་བ་ཡང་། ཇི་ལྟར་མཐོང་བས་དེ་ཉིད་དུ་རྣམ་པར་འཇོག་པའི་ཕྱིར་དང་། དངོས་པོ་གཞན་ཡང་དེ་ཁོ་ན་འདྲ་བར་དུས་གཞན་ཉིད་ཁས་བླངས་པའི་ཕྱིར་ཡང་ངོ་། །མ་གྲུབ་པ་ཉིད་ཀྱིས་སམ་ཁྱད་པར་ལ་ཡང་རྒྱུ་མཚན་གཞན་ཡོད་

པའི་ཕྱིར་མིང་གཞན་འཇུག་པར་མི་རིགས་སོ། །འདི་ཉིད་ཀྱི་མྱུར་དུ་གོ་བ་ཉིད་ཀྱིས་ཕམ་པའི་གཞི་ཉིད་ཀྱིས་མཐར་ཐུག་པ་ཡིན་ཏེ། རྒྱུ་མཚན་གཞན་ལ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྒྲུབ་བྱེད་ལ་སྒྲའི་དབང་ཉིད་དུ་ཐེ་ཚོམ་དུ་གྱུར་པ་དེ་བཞིན་དུ། བསྒྲུབ་བྱ་ལ་
ཡང་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་ཇི་ལྟར་ཞེས་བྱ་བ་སྟེ། དོན་ལ་སྟེ། དབྱིབས་ལ་སོགས་པ་ལ་བརྟེན་པའི་དཔྱད་པ་ནི། བུམ་པ་དང་ས་གཞི་ལ་སོགས་པ་ལ་ཐ་དད་པར་རོ། །དངོས་པོའི་འཁྲུལ་པ་ཞེས་བྱ་བ་ནི། དངོས་པོ་ནི་དོན་དེའིའོ། །དེ་བཞིན་དུ་སྒྲ་གཅིག་གི་
ཡོད་པ་དང་མེད་པ་དག་གིས་སྒྲུབ་བྱེད་གཅིག་གི་ཡོད་པ་དང་མེད་པ་དག་གི་ཚིགས་སུ་བཅད་པ་གཉིས་ཀྱིས་བཀག་པ་ཡིན་ནོ། །དེའི་ཡོད་པ་དང་མེད་པ་དག་གིས་བསྒྲུབ་བྱ་ཡོད་པ་དང་མེད་པ་ནི་མ་ཡིན་ཏེ། དེ་ལྟར་ལྡོག་པར་རྟོགས་པ་མེད་པའི་ཕྱིར་རོ། །དབྱིབས་ཀྱི་ཙམ་ནི་སྒྲུབ་བྱེད་མ་
ཡིན་པ་ཉིད་དེ་ཞེས་བྱ་བ་དེ་ལ་སྒྲུབ་བྱད་གཅིག་ཉིད་ཅེས་པ་ལྟོས་པ་ཡིན་ནོ། །དེ་བཞིན་དུ་སྒྲ་ཡོད་ཀྱང་མི་འབྱུང་ལ་མེད་ཀྱང་འབྱུང་བའི་ཕྱིར། སྒྲུབ་བྱེད་ནི་དེའི་དབང་མ་ཡིན་ནོ་ཞེས་ཟེར་བས་བསྒྲུབ་བྱ་ནི་སྒྲུབ་བྱེད་མེད་ན་སྒྲ་ཡོད་ཀྱང་མི་འགྲུབ་པ་ལ། དེ་མེད་ཀྱང་སྒྲུབ་བྱེད་ཡོད་ན་འགྲུབ་པ་
ཡིན་པས་དེའི་དབང་དུ་འགྱུར་བ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེའི་ཕྱིར་གང་ལ་ཡང་སྒྲ་རྟག་པ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར་རོ། །མི་རྟག་པ་ཡང་ཡིན་ཏེ། མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་གཞལ་བྱ་ཉིད་ལ་སོགས་པའི་སྒྲ་ནི་རང་གི་
བརྗོད་བྱ་ཉེ་བར་འཇོག་པར་བྱེད་པ་ཉིད་ཀྱིས་གཅིག་བསྒྲུབ་བྱའི་ཆོས་ལ་མ་འཁྲུལ་པ་ཡིན་ལ། དེ་དག་ལ་ཡང་སྒྲུབ་བྱེད་འཁྲུལ་པའི་ཕྱིར་དང་། མ་གྲུབ་པའི་ཕྱིར་བསྒྲུབ་བྱ་ནི་དེའི་དབང་དུ་མི་འགྱུར་བའི་ཕྱིར། སྐྱོན་དེ་ཁོ་ནས་སྐྱོན་ཅན་ཡིན་ལ། སྒྲའི་ཡོན་ཏན་གྱིས་ཡོན་ཏན་མ་ཡིན་པར་བསྟན་
པ་ནི། དེ་ཉིད་འཁྲུལ་ལ་སོགས་ཡིན་ན། །ཞེས་བྱ་བ་སྟེ། སྒྲུབ་བྱེད་ཀྱི་ཡོན་ཏན་ཇི་ལྟ་བ་ཁོ་ནས་ཡོན་ཏན་ཡིན་ལ། སྒྲའི་སྐྱོན་གྱིས་སྐྱོན་མ་ཡིན་ཏེ། ཇི་སྐད་དུ་སྒྲ་མ་གྲུབ་ཀྱང་དངོས་པོ་ནི་ཞེས་སྨོས་པའོ། །དེ་བཞིན་དུ་དེ་ཉིད་དེ་སྒྲུབ་བྱེད་ཀྱི་སྐྱོན་གྱི་སྐྱོན་ཡང་ཡིན་གྱི། དེའི་ཚེ་ཡོན་ཏན་དང་ལྡན་

པ་ཉིད་སྐྱོབ་བྱེད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྒྲའི་དངོས་པོའི་དབྱེ་བ་གང་ཡིན་ནས། གང་གིས་དེ་ལྟར་ཡིན་པ་བསྟན་པ་ནི། དངོས་ལས་ཤེས་བྱའི་སྒྲ་ནི་སྒྲུབ་བྱེད་ཀྱི་ཡུལ་ལ་ཡིན་གྱི། བསྒྲུབ་བྱའི་ཡུལ་ལ་ནི་མ་ཡིན་ནོ། །དེ་ལྟ་ཡིན་ན་ནི་སྒྲུབ་བྱེད་ཀྱི་སྦྱོར་བ་
མེད་པར་ཐལ་བར་འགྱུར་རོ། །དེས་ན་སྒྲུབ་པར་བྱེད་པ་ལ་དབང་བར་གྲུབ་པ་ཡིན་པས། དེའི་སྐྱོན་ཁོ་ནས་སྐྱོན་ཅན་ཡིན་ནོ་ཞེས་བྱ་བ་ནི་ཞར་ལ་བྱུང་བ་ཡིན་ནོ། །རིགས་གཞན་ལ་ནི་རབ་གྲུབ་པ། །ཞེས་བྱ་བ་དང་། སྒྲ་མ་གྲུབ་ཀྱང་དངོས་པོ་ནི། །ཞེས་བྱ་བའི་ཚིགས་སུ་བཅད་པ་
གཉིས་ཀྱིས་སྒྲུབ་བྱེད་ལ་སྒྲ་དབང་བྱེད་པ་མ་ཡིན་པར་བསྟན་པས་བསྒྲུབ་བྱ་ལ་སྒྲུབ་བྱེད་དབང་བྱེད་པར་གསུངས་པ་ཡིན་ལ། དངོས་ལ་དངོས་ནི་གྲུབ་ཕྱིར་རོ། །ཞེས་བྱ་བ་འདིས་རྗེས་སུ་སྒྲུབ་པ་ཡིན་ནོ། །གང་དབང་བྱེད་པ་དེ་ཁོ་ནའི་སྐྱོན་གྱིས་བསྒྲུབ་བྱ་འགྲུབ་པ་ལ་གནོད་པས་སྒྲུབ་
བྱེད་ཀྱི་སྦྱོར་བ་སྐྱོན་ཅན་ཡིན་གྱི་སྒྲའི་ཡོན་ཏན་ནི་སྐྱོབ་བྱེད་མ་ཡིན་ནོ་ཞེས་བྱ་བ་འདི་ལ་གཏན་ཚིགས་ཉིད་ཀྱིས་རྣམ་པར་འགྲེལ་པ་ནི། ཇི་ལྟར་སྒྲ་མ་གྲུབ་ཀྱང་ཞེས་བྱ་བ་སྟེ། སྒྲུབ་བྱེད་ཀྱི་ཡུལ་མ་ཡིན་པ་ཉིད་ཀྱིས་བསྒྲུབ་བྱ་ལ་རེག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་
སྒྲ་བསྒྲུབ་བྱ་ལ་དངོས་སུ་རེག་པ་མ་ཡིན་ཡང་སྒྲུབ་བྱེད་ཀྱི་སྒོ་ནས་རེག་པ་ཁོ་ན་ཡིན་ནོ་ཞེ་ན། སྒྲ་ནི་བསྒྲུབ་བྱ་ལ་དངོས་སུ་རེག་པར་ནུས་པ་མ་ཡིན་ཏེ། སྒྲུབ་བྱེད་ཀྱི་སྦྱོར་བ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྒྲུབ་བྱེད་ཀྱི་སྒོ་ནས་ཀྱང་མ་ཡིན་ཏེ།
དེ་ནི་འཁྲུལ་པ་ལ་སོགས་པའི་སྐྱོན་གྱིས་སྒྲུབ་བྱེད་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། རེ་ཞིག་དངོས་པོ་འཁྲུལ་པ་ལ་སོགས་པར་གྱུར་ན་ཞེས་བྱ་བ་སྟེ། དངོས་པའི་ངོ་བོར་མ་གྲུབ་པ་ལ་འདི་ཡིན་ཞེས་བྱ་བས་སེམས་པ་ཅན་བཞིན་དུ་མི་རྟག་པ་ཉིད་ལ་ཡང་བསྐྱེད་པ་ལ་
སོགས་པ་ཙམ་སྒྲུབ་བྱེད་དུ་མི་འགྱུར་རོ། །རྒོལ་བ་ལ་སོགས་པ་ལ་སྟོས་ནས་སམ་གཅིག་ལ་མ་གྲུབ་པ་ནི་མ་གྲུབ་པ་བཞིན་དུ་གྲུབ་ཀྱང་། གྲུབ་མཐའ་ཐ་དད་པ་ལ་བརྟེན་པར་འགྱུར་རོ་ཞེས་བྱ་བའི་ཐལ་ཆེས་པ་བསལ་བ་ཡིན་ནོ། །བསྒྲུབ་བྱའི་རྗེས་འགྲོ་ཕྱིར་འབྲས་ལ། །ཞེས་བྱ་བ་འདིས་ཀྱང་

སེམས་པ་ཅན་ལ་དབྱིབས་ལ་སོགས་པའི་དཔེ་དང་དཔེ་ཅན་དག་ཐ་དད་པ་ཡིན་པར་གསུངས་པས། ལྟག་ཆོད་དུ་སྦྱར་བ་ཡིན་ནོ་ཞེས་རྒོལ་བ་ནི་བསྒྲུབ་བྱ་འབྲས་བུ་ཉིད་ལ་བཙལ་མ་ཐག་ཏུ་འབྱུང་བ་ཉིད་ནི་བསྐྱེད་པ་ལ་ཡོད་པའམ། མངོན་པར་གསལ་བ་ལ་ཡོད་པ་ལ་ལྟག་ཆོད་
དུ་བསྟན་པས་གསལ་བ་ཡིན་ལ། སེམས་པ་ཅན་གྱི་ཁྱད་པར་མ་གྲུབ་པའམ། རྗེས་སུ་དཔག་པ་ཐམས་ཅད་ལ་ཁྱད་པར་མ་གྲུབ་པའི་ཐལ་བར་འགྱུར་བ་གསལ་བ་ཡིན་པའི་ཕྱིར་ཟློས་པ་མ་ཡིན་ནོ། །བུམ་པ་དང་རི་ལ་སོགས་པ་ལ་བསྐྱེད་པའམ་དབྱིབས་ཀྱང་རུང་སྟེ། རིགས་
མི་མཐུན་པ་ཉིད་ཀྱིས་ཐ་དད་པ་ཡིན་ཏེ། དེའི་ཕྱིར་བུམ་པ་ལ་ཡོད་པར་མ་གྲུབ་པའམ། ཡང་ན་ཞེས་བྱ་བ་འདིས་རི་ལ་སོགས་པ་ལ་ཡང་ཡོད་པ་ཐུན་མོང་བ་དང་། ཡང་ན་དཔེ་ལ་ཐེ་ཚོམ་ཟ་བ་ཡིན་ཞེས་བྱ་བ་བསྟན་ནས། ད་ནི་མི་རྟག་པ་ཉིད་ལ་སོགས་པ་བཞིན་དུ། གཞལ་བྱ་ཉིད་དེ་
ཙམ་དུ་ཐུན་མོང་བ་ཡིན་པར་བསྟན་པ་ནི་ཇི་ལྟར་དངོས་པོ་དེ་ཞེས་བྱ་བ་སྟེ། ཇི་ལྟར་དེ་ནི་དབྱིབས་ལ་སོགས་པ་ཙམ་མོ། །དངོས་པོ་ཞེས་བྱ་བ་ནི་ཁྱད་པར་ལ་ལྟོས་པ་མ་ཡིན་པར་བསྟན་པའོ། །རྒྱུ་ནི་ཉེ་བར་དམིགས་པའི་འབྲས་བུ་ལ་ཚད་མ་ཡིན་ཏེ། བུམ་པ་ལ་སོགས་པ་
ལ་དེ་ཙམ་གྱི་སེམས་པ་ཅན་ཙམ་དང་ལྷན་ཅིག་པར་མཐོང་བའི་ཕྱིར་དེ་ཁོ་ན་བཞིན་དུ། རི་ལ་སོགས་པ་ལ་སེམས་པ་ཅན་དང་ལྷན་ཅིག་པར་མ་མཐོང་བའི་ཕྱིར་རྒྱུ་མ་ཡིན་ཏེ། ཚད་མ་མ་ཡིན་པ་ལ་མ་ངེས་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཕྱོགས་ཀྱི་འཁྲུལ་པ་ཡིན་ན་གང་ལ་རྗེས་སུ་དཔག་
པ་མ་ཡིན་པ་མ་ཡིན། མངོན་སུམ་ཉིད་ཀྱང་ནམ་མཁའ་ལ་སོགས་པ་ཕྱོགས་སུ་བྱེད་པས་མི་རྟག་པ་ཉིད་དུ་སྒྲུབ་བྱེད་དུ་འགྱུར་རོ། །དེའི་ཕྱིར་ཕྱོགས་སུ་བྱེད་པ་ནི་འདོད་པས་སྤྲུལ་པ་ཡིན་པའི་ཕྱིར། དེས་དངོས་སུ་བའི་མ་ངེས་པ་ཉིད་གསལ་བ་མ་ཡིན་ནོ། །གང་གི་ཚེ་དེ་ལྟ་ཡིན་པ་
དེའི་ཚེ་དེ་ནི་སྟེ། དབྱིབས་ཙམ་ནི་རྒྱུ་གང་གིས་ཚད་མར་འདོད་ཅིང་། རྒྱུ་གང་གིས་རྒྱུ་མ་ཡིན་པར་མི་འདོད། གཞལ་བྱ་ཉིད་རྒྱུ་ཡིན་ཞེས་བྱ་བར་སྦྱར་བར་བྱ་སྟེ། རིགས་པ་མཚུངས་པའི་ཕྱིར་རོ། །ཡང་ན་དབང་ཕྱུག་ལ་རྒྱུ་ཉིད་འཛིན་པར་བྱེད་པ་མེད་པ་ཡིན་ལ། རྒྱུ་ཉིད་འཛིན་པར་བྱེད་

པའི་ཚད་མ་ནི་ཡོད་པ་ཡིན་པར་བསྟན་པ་ནི། ཇི་ལྟར་དེ་ནི་དབང་ཕྱུག་ཡིན་པར་བཤད་ལ་རྒྱུ་ཉིད་ཀྱིས་ཤེས་འདོད་པ་ནི། གནས་སྐབས་ཀྱི་རི་ལ་སོགས་པ་ལ་ཡིན་གྱི། དེའི་ཆ་ཤས་ལ་སོགས་པ་ལ་ནི་མ་ཡིན་ནོ། །དེ་ལྟ་ཉིད་དེ་དེའི་རྒྱུ་མ་ཡིན་པར་ལྷ་སྦྱིན་ལ་སོགས་པ་
འདོད་པ་ཡིན་གྱི་ཆ་ཤས་ལ་སོགས་པ་ནི་མ་ཡིན་ཏེ། དེ་ལས་བྱུང་བ་ཉིད་དུ་མི་ཤེས་པའི་ཕྱིར་རོ། །དེ་ནི་སྟེ། དབང་ཕྱུག་ཅེས་བྱ་བ་ཁོ་ན་གང་གིས་རྒྱུ་ཡིན་པར་འདོད་ཅིང་། གང་གིས་རྒྱུ་མ་ཡིན་པར་མི་འདོད། དེ་ལྟ་ན་ནི་ལྷ་སྦྱིན་ལ་སོགས་པ་ཡང་རྒྱུ་ཡིན་པར་ཐལ་བར་འགྱུར་ཏེ། དེ་ལས་བྱུང་བ་ཉིད་དུ་ཤེས་པ་མ་ཡིན་
པ་ཉིད་དུ་བྱེ་བྲག་མེད་པའི་ཕྱིར་རོ། །ཆ་ཤས་ལ་སོགས་པའི་རྒྱུས་ལྷ་སྦྱིན་ལ་སོགས་པ་རྒྱུ་ཉིད་དུ་བསྒྲུན་བཟོད་པ་མ་ཡིན་ཏེ། དེ་ལས་བྱུང་བ་ཉིད་དུ་ཤེས་པ་ཡོད་པ་དང་མེད་པ་དག་གིས་བྱེ་བྲག་མེད་པའི་ཕྱིར་རོ་ཞེས་ཀྱང་བསྟན་པ་ནི། ཇི་ལྟར་དེ་ནི་ཆ་ཤས་ལ་སོགས་པའི་དངོས་པོ་སྟེ།
རྒྱུའི་ཡིན་ཏེ་དེ་ལས་བྱུང་བ་ཉིད་དུ་ཤེས་པའི་ཕྱིར་རོ། །དེ་བཞིན་དུ་དེ་རྒྱུ་མ་ཡིན་པར་ཡང་གྲུབ་པ་ཡིན་ཏེ། དེ་ལས་བྱུང་བ་ཡིན་པར་ཤེས་པའི་ཕྱིར་རོ། །གང་གི་ཚེ་དེ་ལྟ་ཡིན་པ་དེའི་ཚེ་དེ་ནི་སྟེ། དབང་ཕྱུག་ཅེས་བྱ་བ་དེ་ལས་བྱུང་བ་མ་ཡིན་པར་ཤེས་པ་ན། གང་གིས་རྒྱུར་འདོད་ཅིང་གང་གིས་རྒྱུ་མ་
ཡིན་པར་མི་འདོད། དེ་ལྟ་ཡིན་ན་ལྷ་སྦྱིན་ལ་སོགས་པ་ལ་ཡང་རྒྱུ་ཡིན་པར་བྱེ་བྲག་མེད་པར་སྔ་མ་བཞིན་དུ་སྦྱར་བར་བྱའོ། །གལ་ཏེ་དེ་ལས་བྱུང་བ་ཉིད་དུ་ཤེས་པ་མེད་ཀྱང་དབང་ཕྱུག་དེ་རྒྱུ་ཡིན་ན་ལྷ་སྦྱིན་ལ་སོགས་པ་ཡང་དེ་བཞིན་དུ་འགྱུར་རོ། །གཞན་དུ་ན་ནི་རྫ་མཁན་གྱིས་ཞེས་བྱ་
བས་འདི་ཐལ་བར་འགྱུར་དུ་བསྒྲུབས་པ་ཡིན་ན། ཅིའི་ཕྱིར་བསྟན་ཞེ་ན། གོང་དུ་ནི་འཇི་བའི་རྒྱུར་འགྱུར་བ་ཉིད་བྱེ་བྲག་དང་བཅས་པ་ནི་དབང་ཕྱུག་ལས་བཟློག་པ་ཡིན་པར་སྒྲུབ་པར་བྱེད་པར་བསྟན་པ་ཡིན་ལ། འདིར་ནི་དེ་ཁོ་ནའི་དབྱིབས་ལ་ཡིན་པའི་ཕྱིར་བཟློག་པ་མ་ཡིན་ནོ། །
ཡང་ན་དབྱིབས་ལ་སོགས་པ་གནས་སྐབས་མཚུངས་པ་ཡིན་པར་བསྟན་པ་ནི། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། དེ་སྟེ་དབང་ཕྱུག་ཅེས་བྱ་བ་གང་གི་རྒྱུ་ཡིན་པ་སྟེ། དེ་ལྟ་ཉིད་དེ་དངོས་པོའི་དབྱིབས་ལ་སོགས་པ་ལ་མི་རྟེན་པའི་བྱེ་བྲག་གོ། །རྒྱུ་མིན་ནི་རྒྱུ་མ་ཡིན་པ་སྟེ། དེ་རྒྱུ་མ་

ཡིན་པ་གང་གིས་ཡིན་པ་དེ་ཡང་བྱེ་བྲག་མེད་པའི་དབྱིབས་ཡིན་ནོ། །འདིའི་རྒྱུད་དབང་ཕྱུག་གམ་ཅིག་ཤོས་ཡིན་ཞེས་དཔྱོད་པར་བྱེད་པ་ཡིན་ཞེས་དེའི་ཕྱིར་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །ཐེ་ཚོམ་གྱི་རྒྱུ་ཡིན་ཡང་མ་ངེས་པ་ནི་མ་ཡིན་ཏེ། མངོན་སུམ་ལྟར་སྣང་བས་
ཀྱང་མ་ངེས་པ་ཉིད་ཐོབ་པའི་ཕྱིར་རོ། །དེའི་ཕྱིར་གཉི་གའི་མཐར་ངེས་པ་ཅན་ནི་མ་ངེས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །རྟག་པའི་ཆོས་མི་དམིགས་པ་བཟློག་པ་ལས་དམིགས་པའི་ངོ་བོ་ནི་ཁྱད་པར་དང་བཅས་པ་ནི་གཏན་ཚིགས་ལྟར་སྣང་བ་མ་ཡིན་པ་མ་ཡིན་ནམ། དེ་བཞིན་དུ་
མི་རྟག་པའི་ཆོས་ཉེ་བར་དམིགས་པ་ཡང་ངོ་། །འོན་ཏེ་མ་དམིགས་པ་ཙམ་ནི་མ་ངེས་པ་ཁོ་ན་ཡིན་ཏེ། ཡོད་པ་དང་མེད་པ་ཐུན་མོང་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དེ་བཞིན་ཡིན་ན་དབྱིབས་ཙམ་ནི་མ་ངེས་པ་ཡིན་གྱི། ཁྱད་པར་ངེས་པ་ཅན་ཡིན་ནོ། །དེ་ལྟར་ཡིན་ཡང་དབྱིབས་ལ་
སོགས་པ་ནི་སྒྲུབ་བྱེད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཤད་པ་མཛད་པ་པོ་ནི་དབང་ཕྱུག་རྟག་པར་ཁས་ལེན་པ་ཡིན་ན། མི་རྟག་པ་ལའང་ཚད་མ་མད། ཅེས་བྱ་བའི་འང་གི་སྒྲ་མཚོན་པ་ཡིན་ལ། དེ་ནི་ནམ་མཁའ་ལ་སོགས་པ་དང་རྟག་པ་ཉིད་དུ་ཁྱད་པར་མེད་པས་
རྒྱུ་ཉིད་དང་ཅིག་ཤོས་ཉིད་དག་ལ་དབྱེ་བ་མེད་པར་འགྱུར་རོ་ཞེས་འཆད་པ་ཡིན་ནོ། །དེ་ཡང་དེ་ལས་བྱུང་བ་ཉིད་ཀྱིས་ཤེས་པ་མེད་པར་བྱེ་བྲག་མེད་པ་ཁོ་ན་ཡིན་པའི་ཕྱིར། རྟག་པ་དང་མི་རྟག་པར་ཁས་ལེན་པ་དག་ལ་བྱེ་བྲག་ཅི་ཡང་མེད་དོ། །དེ་བཞིན་དུ། མཚོན་དང་སྨན་
སོགས་དང་འབྲེལ་ལས། །ཞེས་བྱ་བ་ལ་སོགས་པ་ནི། ཡུལ་ངེས་པར་སྟོན་པ་ཡིན་ནོ། །གཞན་དུ་ན་ཤིན་དུ་འབྲེལ་པར་མི་འགྱུར་རོ་ཞེས་བྱ་བ་ལ་མི་མགུ་བས། ཡང་ན་ཇི་ལྟར་བསྐྱེད་པ་ལས་སྔར་ཞེས་བྱ་བ་སྨོས་སོ། །རྟག་ལས་སྐྱེ་བ་མི་འཐད་ཕྱིར། །ཞེས་བྱ་བ་སྟེ། རྟག་
པ་ཉིད་ཡིན་པས་འབྲས་བུ་ཡོད་པ་དང་མེད་པའི་དུས་སུ་བྱ་བ་མེད་པར་འདུག་པ་ཡིན་པར་བསྟན་ནས། འདིར་ནི་འདོད་ཆགས་ལ་སོགས་པ་དང་བྲལ་བའི་ཕྱིར། རྟག་པ་དང་མི་རྟག་པར་ཁས་ལེན་པ་དང་མཚུངས་པ་ནི་བྱེ་བྲག་གོ། །བཤད་པ་འདི་ལ་ནི་རྒྱུ་ཡིན་པ་དང་། རྒྱུ་མ་ཡིན་པ་ཉིད་

དུ་འཛིན་པར། མཚོན་དང་སྨན་སོགས་ཞེས་བྱ་བ་འདིས་བསྟན་པ་ཡིན་ནོ། །རྒྱུ་ཉིད་ནི་འགའ་ཞིག་གིས་མངོན་སུམ་ཉིད་ཀྱིས་མི་ཤེས་པ་མ་ཡིན་ནམ། འབྲས་བུས་ཀྱང་དབང་པོ་ལ་སོགས་པ་དེ་བཞིན་དུ་དེའི་ཤེས་པ་འབྱུང་བའི་ཕྱིར་ཞེས་བྱ་བ་ནི། སྡོད་འཇུག་
ཅེས་བྱ་བར་སེམས་པ་དེ་ལ་ལན་ནི། སེམས་པ་ཅན་དང་ཅིག་ཤོས་དག་གི་འབྲས་བུ་མཚན་ཉིད་མི་མཐུན་པ་ཡིན་གྱི། སེམས་པ་ཅན་ལ་བྱེ་བྲག་མེད་པར་གོ་བར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ད་ལྟར་ནི་སེམས་པ་ཅན་མ་ཡིན་པའི་འབྲས་བུ་རི་ལ་སོགས་པ་གང་ཡིན་པ་
དེ་ཡང་རྒྱུ་གཅིག་གིས་བསྐྱེད་བྱ་མ་ཡིན་ཏེ། །དེ་ལྟ་མོད་ཀྱི་ཚོགས་པ་ཅན་གྱི་བསྐྱེད་བྱ་ཡིན་ལ། དེ་ལ་ནི་སྣ་ཚོགས་པའི་བདག་ཉིད་ཡིན་པའི་ཕྱིར་སེམས་པ་ཅན་ཡང་ནང་དུ་འདུས་པར་འགྱུར་བར་སྲིད་པ་ཡིན་ཏེ། དབང་པོ་ལས་འདས་པས་ཤེས་པར་དཀའ་བའི་ཕྱིར་དང་། མེད་
པར་ངེས་པ་མེད་པའི་ཕྱིར་རོ། །ཡོད་པ་སྲིད་པ་ནི་འབྲས་བུ་མཐོང་བ་ལས་དགག་བྱ་མ་ཡིན་ཏེ། ཤིན་ཏུ་ཡུན་རིང་པོར་མ་མཚོན་པ་རྣམས་ཀྱང་ཡང་ཉེ་བར་མཚོན་པར་དམིགས་པའི་ཕྱིར་རོ། །འབྲས་བུའི་དབྱེ་བ་ཡང་སེམས་པ་ཅན་ལ་རྗེས་སུ་མི་མཐུན་པ་མ་ཡིན་ཏེ། འབྲས་བུའི་
བསྐྱེད་བྱར་འདོད་པ་ཙམ་ལས་བྱུང་བས་མི་མཚུངས་པའི་ཕྱིར་རོ། །འདི་ལ་མ་གྲུབ་པའམ་ཞེས་བྱ་བ་འདིས་མ་གྲུབ་པ་ཉིད་དེ། ཐེ་ཚོམ་ཟ་བས་མ་གྲུབ་པ་ཉིད་དམ་ལན་བཏབ་པ་མ་ཡིན་ནམ། སེམས་པ་ཅན་དུ་གྲུབ་པར་ངེས་པ་ཡིན་ན། དེ་ཀུན་དབྱུང་བར་བདེན་པ་ཡིན་ན་འདིར་ནི་དེ་སྲིད་པ་ནི།
འབྲས་བུ་ཙམ་མཐོང་བ་ལས་འབྱུང་བ་ཡིན་ནོ་ཞེ་ན། འོན་ཏེ་འགྱུར་ན་ཡང་དབང་ཕྱུག་ཀྱང་བརྒྱ་ཞིག་ལ་ཞེས་བྱ་བ་ལ་སོགས་པར་ཐེ་ཚོམ་ཟ་བ་ནི། འབྲས་བུ་ལ་དེས་བྱས་པའི་ཁྱད་པར་མེད་པས་གསལ་བ་ཡིན་ནོ། །དེ་སྐད་དུ་ཡང་། རང་བཞིན་ནོ་འབྲས་བུ་སྟེ། དེའི་དབྱེ་བ་དེས་བྱས་པ་ནི་
ཁྱད་པར་ཏེ་དེ་མེད་ན་སེམས་པ་ཅན་གྱི་བྱེད་པ་སྲིད་པར་ནི་མི་རིགས་ཏེ། དབང་པོ་ལས་འདས་པའི་བྱེད་པའི་བྱ་བ་ནི་དེས་བྱས་པའི་འབྲས་བུའི་ཁྱད་པར་མཐོང་ན་མིག་གིས་གཟུགས་ཤེས་པ་བཞིན་དུ་ངེས་པ་མ་ཡིན་ལ། བྱེ་བྲག་མེད་ན་དེ་ཡང་མེད་པ་ཡིན་ཏེ། དཔེར་ན་དེ་ཉིད་ལ་རོ་འཛིན་

བཞིན་ནོ། །ཇི་ལྟར་དེ་ཉིད་ལ་རོ་འཛིན་གྱི་སྲིད་པ་མ་ཡིན་པ་ལྟ་བུའོ། །དབང་པོ་ལས་འདས་པ་རྣམས་ཀྱི་བྱ་བ་ཡང་དེས་བྱས་པའི་ཁྱད་པར་ཡོད་པ་དང་མེད་པ་དག་གིས་ཡོད་པ་དང་མེད་པ་དག་གི་ངེས་པ་ནི་རང་གི་ངོ་བོ་བཞིན་དུ་བྱ་བར་དཀའ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ད་ནི་འགྲེལ་པ་རྣམ་པར་འབྱེད་
པ་ཡིན་ཏེ། སྒྲུབ་བྱེད་ནི་གཞན་དུ་མི་འཐད་པ་ཡིན་གྱི། ནམ་མཁའ་ཡོད་ཀྱང་དེ་དང་མཚུངས་པའི་ཡོན་ཏན་ཅན་དེ་མ་ཡིན་པའི་གནས་ལས་སམ་གཞན་ལས་གྲུབ་པ་མ་ཡིན་ཏེ། གཞན་དུ་གྲུབ་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཇི་ལྟར་དབང་ཕྱུག་ཁྱབ་པ་ཉིད་དང་རྟག་པ་ཉིད་ལ་སོགས་པ་སྟེ།
ནམ་མཁའ་ལ་སོགས་པ་དང་མཚུངས་པའི་ཡོན་ཏན་ཅན་གཞན་དུ་གྲུབ་པ་ལ་གཞན་དུ་སེམས་པ་ནི། འོན་ཏེ་དེ་ནི་ཞེས་བྱ་བའོ། །དེ་ལ་ཡང་སྟེ་ཤེས་པ་ལ་ཡང་མཚུངས་པའི་ཕྱིར་རོ་དབྱིབས་བཞིན་དུ་ཤེས་པ་ལ་ཡང་ནམ་མཁའ་ཉིད་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཐོང་བའི་རྗེས་སུ་འབྲངས་
ནས་ཀྱང་རྟོག་པ་ཡིན་ན་བྱེད་པར་འདོད་པ་ཙམ་གྱི་རྒྱུ་མ་ཡིན་པའི་ཕྱིར་བོར་ནས་རྫས་ཙམ་གྱི་མཐར་ཐུག་པ་ཡིན་པའི་ཕྱིར། ནམ་མཁའ་ཁོ་ན་ལ་ཡོད་པ་ཡིན་ནོ་ཞེས་བསྟན་པ་ནི། བྱེད་པར་འདོད་པ་ཙམ་གྱིས་ནི་ཞེས་བྱ་བ་སྟེ། གལ་ཏེ་ཡང་སེམས་པ་ཅན་གྱི་ཁྱད་པར་གྱིས་འབྲས་བུ་ནི་ལས་
ལ་སོགས་པར་མཐར་ཐུག་པ་ཡིན་པར་བསྟན་པ་ནི། གལ་ཏེ་ལས་ལ་སོགས་ཞེས་བྱ་བ་སྟེ། བསལ་ནས་ནི་སྤངས་ནས་སོ། །དེ་ལྟ་མིན་ན་ཞེས་བྱ་བ་ནི། ལས་ལ་སོགས་པའི་ནུས་པ་ཉིད་ཡོད་ཀྱང་གཞན་དུ་རྟོགས་པ་ཡིན་ན་གཅིག་ཏུ་མི་འགྱུར་ཏེ། །འོན་ཀྱང་ཐམས་ཅད་དུ་འགྱུར་ལ།
དེ་ཡང་གཅིག་གི་མ་ཡིན་ཏེ་འོན་ཀྱང་ཐམས་ཅད་ཀྱིའོ། །འབྲས་བུ་ནི་རྒྱུའི་བྱ་བ་ཡོད་ན་འབྱུང་བ་ཡིན་གྱི་དེ་དང་བྲལ་བ་ལ་ནི་འགལ་བའི་འབྲས་བུ་ཡིན་པར་བསྟན་པ་ནི། འདོད་ཆགས་ལ་སོགས་པ་ཐམས་ཅད་ཅེས་བྱ་བའོ། །འདོད་ཆགས་ལ་སོགས་པ་སྤངས་ཀྱང་ལས་ཀྱི་བྱ་བ་དང་བཅས་
པར་འགྱུར་བ་ཡིན་ནོ་སྙམ་དུ་སེམས་པས། འཇིག་རྟེན་གྱི་ལས་ཞེས་བྱ་བའོ། །ལས་ཀྱི་གཞན་དབང་ཉིད་ཡིན་ཡང་རྒྱུ་ཙམ་འགྲུབ་པ་ཡིན་གྱི་བྱེད་པ་པོ་ནི་མ་ཡིན་ཏེ། རང་དབང་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཕ་རོལ་ལས་ཀྱི་གཞན་དབང་ཞེས་བྱ་བའོ། །འདི་ནི་ཕ་རོལ་

ལས་ཀྱི་གཞན་དབང་མ་ཡིན་ཏེ། འོན་ཀྱང་སྙིང་རྗེས་ཡིན་ནོ། །དེས་ན་རང་དབང་མེད་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། དེ་ལ་བརྩེ་ཚུལ་ཞེས་བྱ་བའོ། །བརྩེ་བ་དང་ལྡན་པ་ཡིན་ན་དགེ་བ་གཅིག་པུའི་སྐྱེད་བྱེད་དུ་འགྱུར་ལ། མི་དགེ་བ་ནི་འགལ་བའི་འབྲས་བུ་
ཡིན་པར་བསྟན་བ་ནི། དམྱལ་སོགས་ཞེས་བྱ་བའོ། །འོན་ཀྱང་འཇིག་རྟེན་ལ་མི་དགེ་བའི་ལས་ཡོད་ཀྱང་འདི་ལ་བྱིན་གྱིས་བརླབས་པ་མེད་ན། འབྲས་བུ་བསྐྱེད་པར་ནུས་པ་མེད་པའི་ཕྱིར་འདི་འབའ་ཞིག་བྱིན་གྱིས་རློབ་པ་པོ་ཡིན་གྱི། བྱེད་པ་པོ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི། འཇིག་
རྟེན་ལས་ཉིད་ཅེས་བྱ་བའོ། །དེས་བྱིན་གྱིས་མ་བརླབས་ན་འབྲས་བུ་མེད་ལ། བྱིན་གྱིས་བརླབས་པས་ནི་འབྲས་བུ་དང་ལྡན་པར་བྱས་པ་ཡིན་གྱི། འཕགས་པ་ནི་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དང་ལྡན་པར་འགྱུར་རོ་ཞེས་བསྟན་པ་ནི། འདི་འཕགས་པ་མིན་ཞེས་བྱ་
བའོ། །འདོད་ཆགས་དང་བྲལ་བ་ཡིན་ཡང་གཞན་གྱི་དོན་ལ་འཇུག་པ་ནི་མི་དགེ་བའི་ལས་ལ་བདེ་བར་བྱ་བར་མི་ནུས་པའི་ཕྱིར། མི་བདེ་བར་བྱེད་པ་ཡིན་ནོ་ཞེ་ན། འཕགས་པ་གལ་ཏེ་ཞེས་བྱ་བའོ། །ལས་དེ་ལ་ཇི་ལྟར་བྱ་བ་བསྟན་པ་ནི་བཏང་སྙོམས་ཉིད་ཅེས་བྱ་བའོ། །འོན་ཏེ་འགྲོ་
བ་སྣ་ཚོགས་པ་ནི་བདེ་བ་ཅན་དང་སྡུག་བསྔལ་ཅན་ལ་སོགས་པར་བྱེད་པ་པོ་མེད་ན་ལས་བཞིན་དུ་མ་གྲུབ་པ་དེ་ལྟ་བུར་གོ་བར་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་ཚུལ་འདི་ཞེས་བྱ་བའོ། །ལས་ཡོད་ན་དབང་ཕྱུག་ཡོད་ཀྱང་གཞན་དུ་སྣ་ཚོགས་པ་ཉིད་འགྲུབ་པར་བསྟན་པ་ནི། འདི་
བདག་ཉིད་ལ་ཡང་དབང་མེད་པའི་ཕྱིར་ཞེས་བྱ་བ་སྟེ། རང་གི་ལས་ཏེ་དགེ་བའི་ལམ་མི་དགེ་བའི་འཚམ་པའི་ལས་ཀྱི་སྤྱོད་པ་བྱེད་པ་དང་། ཐོབ་པའི་ངོ་བོ་གང་ཡིན་པ་དེ་དེ་བཞིན་ནོ། །ལས་ཀྱིས་མ་འཕངས་པ་འབྲས་བུ་མེད་པ་མ་ཡིན་ནམ། ལས་མེད་ཀྱང་དགེ་བ་གཅིག་པུ་སྐྱེད་བྱེད་དུ་ཐལ་བར་
འགྱུར་བའི་ཕྱིར་རོ། །འཕེན་བྱེད་མ་ཡིན་པ་ནི་གཉི་ག་ལ་མ་གྲུབ་པ་ཡིན་པར་བསྟན་པ་ནི། དབང་ཕྱུག་གིས་བསྐུལ་ན་ཞེས་བྱ་བའོ། །ས་དང་ས་བོན་ལ་སོགས་པའི་ཚོགས་པ་ལ་ཡོད་པ་ཡང་ཕན་ཚུན་རྟེན་པའི་ཕྱིར། ཕུལ་དུ་བྱུང་བར་སྒྲོ་བཏགས་པ་མ་ཡིན་ནམ་སྙམ་དུ་སེམས་པ་ལ།

གཅིག་ཀྱང་ནི་ཞེས་བྱ་བ་སྟེ། དབང་ཕྱུག་ནི་རྟག་པ་ཉིད་ཀྱི་ཕྱིར་སྒྲོ་བཏགས་པ་ཕུལ་དུ་བྱུང་བ་མ་ཡིན་ལ། ས་བོན་ནི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཚུལ་འདི་ནི་འདི་ལྟ་བུ་ཞེས་བསྟན་པ་ཉེ་བར་བསྡུ་བ་ནི། གལ་ཏེ་དབང་ཕྱུག་ལ་ནི་ནུས་པ་མེད་ན་ཞེས་བྱ་བ་སྟེ། མེད་ན་ཞེས་བྱ་བ་
ནི་མ་ཡིན་ནམ་ཞེས་བྱ་བའི་དོན་ཏོ། །འགྲོ་བ་ལས་ཀྱིས་བསྒྲུབ་པར་འགྱུར། །ཞེས་བྱ་བར་བལྟ་བར་བྱའོ། །ལེགས་པའི་ལས་ཀྱིས་བསྒྲུབས་པ་ནི་དགེ་བའི་ལས་ཀྱི་འབྲས་བུ་སྟེ། དབང་ཕྱུག་གིས་ཕྱིན་ཅི་ལོག་ཏུ་བྱེད་ཅེས་བྱ་བའི་དོན་ཏོ། །འོན་ཏེ་འཇིག་རྟེན་ཡང་ཕྱིན་ཅི་ལོག་པ་
ཁོ་ན་ཡིན་ལ། དེས་ན་དབང་ཕྱུག་ཀྱང་དེ་བཞིན་དུ་ཡིན་ནོ་སྙམ་དུ་སེམས་པ་ལ་འཇིག་རྟེན་རང་དབང་ཞེས་བྱ་བ་སྟེ། འདི་ནི་འཇིག་རྟེན་ནོ། །རང་དབང་ནི་ཕྱིན་ཅི་ལོག་ཏུའོ། །ལན་ནི་ལས་སྨྲ་བ་ཉིད་ཅེས་བྱ་བའོ། །ཡང་ན་སྔ་མ་དང་འདི་ཡང་བསྡུས་ནས་བསྟན་པ་ནི། གལ་ཏེ་དབང་
ཕྱུག་ལ་ནི་ནུས་མེད་ན་ཞེས་བྱ་བ་སྟེ། ནན་གྱིས་བྱེད་པ་ཡིན་པ་དེ་ལྟ་ན་དགེ་བ་མང་པོ་སྐྱེད་པར་བྱེད་པར་འགྱུར་རོ། །གལ་ཏེ་དེ་ཞེས་བྱ་བ་དབང་ཕྱུག་རང་དབང་དུ་བྱེད་པ་སྟེ། དགེ་བ་དང་མི་དགེ་བ་ལ་སོགས་པས་སྣ་ཚོགས་པ་ཡིན་པ་དེ་ལྟ་ན་ལས་ཉིད་སྣ་ཚོགས་པ་ཡོད་པའི་ཕྱིར་སྣ་
ཚོགས་པ་གཞན་ལ་དོན་མེད་དོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པའི་རྒོལ་བའི་ལན་དུ་དེ་དེ་ལྟ་ན་འོ་ན་ནི་ཞེས་བྱ་བ་སྨོས་སོ། །རྒྱུན་གྱིས་སམ་ཞེས་བྱ་བ་ལ་སོགས་པས་ཕྱེད་སྔ་མ་རྣམ་པར་འགྲེལ་པ་ཡིན་ནོ། །དེའི་དབང་དུ་བྱས་ནས་བསྟན་པ་ནི། ཇི་ལྟར་རྫ་
མཁན་ལ་སོགས་པ་ཞེས་བྱ་བའོ། །ལྡོག་པའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་མེད་པའི་དུས་ན་མེད་པ་ནི་ལྡོག་པ་ཡིན་ལ། དེའི་དུས་ན་ཡོད་པའི་རྟག་པ་ནི་དེར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལྟ་བུའི་ལྡོག་པ་དང་མཚན་ཉིད་མི་མཐུན་པ་ནི། གཉི་གའི་དེ་ཡོད་ན་འབྱུང་བ་ཙམ་མ་
ཡིན་པར་བསྟན་པ་ནི། གང་དག་ཡོད་ན་ཞེས་བྱ་བ་སྟེ། རྗེས་སུ་འཇུག་པ་མེད་པ་སྟེ། ཚད་མ་མེད་པ་ཅན་ནོ། །རྟོག་པ་ནི་ཡོན་ཏན་ཅན་གྱི་རྒྱུ་མཐོང་ནས་གཞན་དུ་རྟོག་པ་ཡིན་པ་དེ་ལ་ཡོན་ཏན་ཅན་དུ་མཐོང་ནས་གཞན་དུ་རྟོག་པར་འགྱུར་རོ། །བརྟགས་པའི་ནུས་པས་ཀྱང་གཞན་

དུ་རྟོག་པ་མ་ཡིན་ན། མཐོང་བ་དེ་བཞིན་ཁོ་ན་ཡིན་གྱི་གཞན་དུ་རྟོག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གེགས་ཞེས་བྱ་བ་ནི་བར་དུ་གཅོད་པའོ། །ཐུག་པ་མེད་པ་ལ་སོགས་པ་ཞེས་བྱ་བས་ནི་མ་མཐོང་བའི་རྟོག་པ་ཡིན་ན་མཐོང་བ་ཉམས་པ་ཡིན་ནོ་ཞེས་བྱ་བའི་དོན་
ཏོ། །རྟག་ཏུ་གནས་པ་ཞེས་བྱ་བ་ནི་དེས་བྱས་པའི་འབྲས་བུ་མེད་པའི་དུས་ཀྱི་མེད་པ་མེད་པར་བསྟན་པ་ཡིན་ཏེ་ཉེ་བར་མཚོན་པ་ལ་སོགས་པའི་བར་དུ་ཡིན་ནོ། །གཤོལ་གྱི་བྱེད་པའི་ཁྱད་པར་ཞེས་བྱ་བ་ནི་རྒྱུའི་ཁྱད་པར་ཏེ། དེའི་བསྐྱེད་བྱ་མེད་ན་ངེས་པར་མི་འབྱུང་ངོ་ཞེས་བསྟན་པ་ཡིན་
ནོ། །འགྱུར་བ་ཞེས་བྱ་བ་ནི་དེས་བྱས་པའི་འབྲས་བུ་ལ་ཡོད་པའི་ཁྱད་པར་ཏེ། རྒྱུ་ཉིད་དུ་ཤེས་པར་བྱེད་པ་བསྟན་ཏོ། །མིག་དང་གཟུགས་ཀྱི་ཁྱད་པར་ལས་ཞེས་བྱ་བའི་ཚིགས་སུ་བཅད་པས་འབྲས་བུ་དང་རྒྱུ་ཕུལ་དུ་བྱུང་བ་རྟོགས་པར་བྱེད་པས་རྟག་པ་རྣམས་ཀྱིས་འབྲས་བུ་མེད་
པའི་དུས་ན་མེད་པ་ཉིད་ཀྱི་རྒྱུ་ཉིད་ནི་དེ་གོ་བར་བྱེད་པའི་འབྲས་བུའི་ཁྱད་པར་བཞིན་དུ་མི་སྲིད་དོ་ཞེས་ཡང་ཡང་བརྗོད་པ་དང་ལྷན་ཅིག་བརྗོད་པས་ཁྱད་པར་ཇི་ལྟ་བས་འདིར་ཡང་བསྟན་པ་ཁོ་ན་ཡིན་པར་ཉེ་བར་བསྡུ་བ་ནི་དེས་ན་ཞེས་བྱ་བའོ། །ཡང་དག་པར་བསྟན་པས་གཞན་གྱིས་སམ་ཡང་དག་པར་
རིག་པས་དབྱིབས་ལ་སོགས་པ་རྣམས་ཀྱི་ཚད་མ་འདིའི་རང་གི་ངོ་བོ་འཛིན་པས་རྟོགས་པར་བྱ་བ་མ་ཡིན་ནམ། རང་གི་དུས་ཙམ་འཛིན་པས་ནི་རྟག་པ་ཉིད་སྤངས་པར་ཐལ་བར་འགྱུར་རོ། །དེས་ན། དངོས་ཡོད་རྟོགས་པས་ཚད་ཡིན་ཕྱིར། ཞེས་བྱ་བ་ལ་སོགས་པ་ནི་གནོད་པ་ཅན་མ་ཡིན་ནོ། །
ཚད་མ་ལ་སྣང་བའི་སྐད་ཅིག་མ་ཞེས་བྱ་བར་རྣམ་པར་གཞག་པར་མི་ནུས་ཏེ། དེ་ཉིད་ཀྱི་ཕྱིར་སྒྲུབ་པ་པོ་མེད་དོ། །གཞལ་བྱ་མེད་པའི་རྟག་པར་རྟོགས་པ་ཙམ་འབའ་ཞིག་ཡིན་ཏེ། རྟོགས་པ་ཙམ་ནི་ཚད་མ་ཉིད་མ་ཡིན་ཏེ། གང་གིས་རང་གི་ངོ་བོ་འཛིན་པ་ཉིད་སྐད་ཅིག་མ་
ཡིན། །འབྲེལ་པ་ཅན་ལས་རྟོགས་པ་ཡིན་ན་དེ་མི་འཛིན་པ་ལ་སོགས་པའི་སྐྱོན་དུ་ཡང་འགྱུར་རོ། །འདི་ལ་ནི་རང་གི་ངོ་བོ་མ་གཏོགས་པ་འབྲས་བུའི་བྱ་བ་ཡང་མེད་དོ། །རྟོག་པ་དེ་རྨོངས་པ་ཉིད་ལས་ཤེས་པར་ཡང་མི་རིགས་ཏེ། སྒྲུབ་བྱེད་དང་གནོད་བྱེད་མེད་པས་ཐེ་

ཚོམ་གྱི་ཡུལ་ཅན་ཡིན་པའི་ཕྱིར་དུས་གཅིག་ལ་ངེས་པ་དུས་གཞན་ལ་ཇི་ལྟར་འགྱུར་བ་ཡིན་ཞེས་བྱ་བའི་རྩོད་པ་ཡང་མ་ཡིན་ཏེ། ཡུལ་དང་དུས་ལ་སོགས་པའི་ཁྱད་པར་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་རྟག་པ་ཞེས་བྱ་བར་རྟོག་པར་རྣམ་པར་གཅོད་པར་བྱེད་པའི་ཁྱད་པར་ཡོད་པ་ཙམ་མ་
གཏོགས་པ་བྱེ་བྲག་གང་ཡང་མི་སྣང་ངོ་། །དེ་ལྟ་བུ་མི་ཟད་པ་ཡིན་ལ། འདི་ལྟ་བུའི་འགྲོ་བ་ཐམས་ཅད་མངོན་པར་དབྱུང་བ་ཡང་ཡིན་པའི་ཕྱིར་དེ་ཡང་རྒྱུར་བརྗོད་དོ། །འདི་ལ། བར་མ་ཆོད་པ་ཡོད་པ་ཅན། །དངོས་གང་ཡུལ་དང་དུས་ལ་ནི། །དེ་ནི་རྟག་དང་ཁྱབ་བདག་འདོད། །དེའི་
ཕྱིར་བདག་ནི་ཁྱབ་བདག་བརྗོད། །ཅེས་སྨོས་པའོ། །ལྡོག་པ་མ་གྲུབ་པ་ཡང་མ་ཡིན་ཏེ། དེ་ནི་ཐམས་ཅད་དུ་ཡོད་པས་དེ་མེད་ན་འབྲས་བུ་ཡོད་པར་མི་འགྲུབ་པ་ཁོ་ན་ཡིན་ཏེ། ལྡོག་པ་ཡིན་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་ནི་དེ་ཡིན་ན་རེས་འགའ་འབྱུང་བ་ལས་སོ། །ཐམས་ཅད་དུ་དེ་
ཡོད་པ་ལས་འབྲས་བུ་ཡང་དེ་བཞིན་དུ་ཡོད་པ་མ་ཡིན་ཏེ། དེ་ཡོད་ན་འབྱུང་བ་ཁོ་ན་ཡིན་ནོ་ཞེས་འབྲས་བུ་ཉིད་ཀྱི་རྒྱུ་མཚན་དེ་ཡིན་པའི་ཕྱིར་རོ། །དེ་ཡོད་ན་འབྱུང་བ་དེ་ཁོ་ན་མ་ཡིན་ནམ། གཅིག་ཁོ་ན་རྒྱུ་མ་ཡིན་ཏེ། འོན་ཀྱང་ཚོགས་པ་ནི་སྐྱེད་བྱེད་མ་ཡིན་ཏེ། ལྷན་ཅིག་བྱེད་པ་
རྣམས་ཀྱང་མི་རྟག་པར་འདུས་པ་ཡིན་པའི་ཕྱིར་རོ། །ལྷན་ཅིག་བྱེད་པ་རྣམས་ཀྱིས་དེ་ལ་ཅུང་ཟད་ཀྱང་བྱས་པ་མེད་དོ། །མ་ཚང་བ་ཉིད་དུ་སྔ་ན་ཡོད་པ་དེ་ཚང་བས་ལྡོག་པ་ཁོ་ན་ཡིན་པའི་ཕྱིར་དེ་རྒྱུ་ཡིན་ན་དེས་བྱས་པའི་ཁྱད་པར་སྣང་བ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་ཏེ་ཁྱད་པར་ཐམས་ཅད་དབང་པོའི་
ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཕུལ་དུ་བྱུང་བ་དེས་བྱས་པ་ཡོད་ན་ཡང་འུ་བུ་ཅག་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་ལ། དེའི་ཕྱིར་རང་གི་ངོ་བོ་བཞིན་དུ་རྒྱུ་འདི་ཉིད་ཀྱང་དོར་བྱ་མ་ཡིན་ཏེ། ཐེ་ཚོམ་ཅན་གྱི་དེ་ཉིད་ལྟ་བུའོ། །ལན་ནི། རྟག་ལ་ལྡོག་པ་མེད་པའི་ཕྱིར། ཞེས་བྱ་བ་སྟེ།
གང་སྔར་བྱ་བ་བྱེད་པ་དེའི་འབྲས་བུ་འདས་པ་ཡིན་ཡང་། དེ་ཐེར་ཟུག་ཏུ་ཡོད་པ་ཡིན་ན་ཅིས་འབྲས་བུ་མི་འབྱུང་བ་ཡིན། རྒྱུ་མེད་པ་མ་ཡིན་པ་ནི་མེད་པར་མི་རིགས་སོ། །སྔ་མ་བཞིན་དུ་ལྷན་ཅིག་བྱེད་པ་མེད་ན་མི་བྱེད་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་བྱེད་པ་པོ་ཉིད་ཉམས་པ་ཡིན་པའི་

ཕྱིར་དེ་ཇི་ལྟར་རྟག་ཏུ་ཡོད་པར་འགྱུར། གང་གི་འབྲས་བུ་མེད་པའི་དུས་སུ་མེད་པར་ཤེས་པ་དེ་འབྲས་བུའི་དུས་ན་ཡོད་ན་རྒྱུ་ཉིད་ཡིན་ཏེ། དཔེར་ན་ལྷན་ཅིག་བྱེད་པ་ལྟ་བུ་སྟེ་ཡོད་པ་ཙམ་གྱིས་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་མེད་པའི་དུས་སུ་
མེད་པ་ཉིད་ཀྱིས་རྒྱུ་ཉིད་ཡིན་ལ་རྟག་པ་ཉིད་ནི་དེའི་དུས་སུ་ཡོད་པ་ཡིན་པས་འགལ་བ་ཡིན་ན། ཇི་ལྟར་ཁས་ལེན་པར་བྱེད་སྔར་འབྲས་བུ་འབྱུང་བའི་དུས་སུ་དེ་བྱ་བ་མེད་པར་འདུག་པའི་འབྲས་བུ་དུས་སུ་སྐྱེད་པར་བྱེད་པའི་ངོ་བོ་ནི། རྟག་པ་ཉིད་བྱ་བ་མེད་པའི་ངོ་བོ་དང་འགལ་བ་ཡིན་པར་བསྟན་
པ་ཡིན་ནོ། །དེའི་ཕྱིར་ཟློས་པ་ཉིད་མ་ཡིན་ནོ། །ལྡོག་པ་མེད་པའི་ཕྱིར་འབྲས་བུ་མེད་པའི་དུས་ན་དེ་མེད་པ་མ་ཡིན་པའི་ཕྱིར། དེའི་ཁྱད་པར་གྱི་མི་ནུས་པ་ཉིད་ཀྱིས་རྒྱུ་ཉིད་ཡོད་པ་ཡིན་ཞེས་བྱ་བའི་དོན་ཏོ། །འབྲས་བུ་མེད་པའི་དུས་ན་རྒྱུ་མེད་པ་ཉིད་ཡིན་པའི་ཕྱིར་རྒྱུ་མེད་པ་ཉིད་ནི་ཁྱབ་བྱེད་
ཡིན་པར་བསྟན་པས། དེ་མེད་ན་སྟེ་རྒྱུ་ཡོད་པས་ཁྱབ་བྱ་འབྲས་བུ་མེད་པ་ཡང་ལྡོག་པ་ནི། འབྲས་བུ་ཡོད་པ་ཁོ་ན་ཡིན་པའི་ཕྱིར་རྗེས་སུ་འགྲོ་བ་སྒྲུབ་པ་ཡིན་གྱི། ཡོད་པ་ཙམ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི་གང་དག་ཡོད་ན་ཞེས་བྱ་བའོ། །འདི་སྐད་བསྟན་པར་འགྱུར་
ཏེ་ནུས་པ་ཅན་དང་ནུས་པ་ཅན་མ་ཡིན་པ་ཐ་མི་དད་པ་ལ་ལྟོས་ནས་གཅིག་ཏུ་བསྲེ་བ་ཡིན་ལ། དེ་ཡོད་ན་འབྱུང་བ་ཁོ་ན་རྒྱུ་རྣམས་གདོན་མི་ཟ་བར་དེ་དང་ལྡན་པར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡང་ཤེས་པར་བྱའོ། །ནུས་པ་ཅན་རྒྱུ་ཡིན་ན་འབྲས་བུ་འབྱུང་བ་ཁོ་ན་ཡིན་ལ། དེ་མེད་
པའི་དུས་ན་རྒྱུ་ཡང་མེད་པ་ཁོ་ན་ཡིན་ཏེ། དེ་ཡོད་ཀྱང་མི་འབྱུང་བའི་ཕྱིར། དེ་ལ་དབང་བྱེད་པ་མ་ཡིན་པའི་ཕྱིར་རོ། །གང་ལ་དེ་ལ་དབང་བྱེད་པ་མ་ཡིན་པ་དེ་ཐམས་ཅད་རྒྱུ་ལ་ཁྱབ་པའི་ཕྱིར། ཐུག་པ་མེད་པའི་ཕྱིར་ཐལ་ཆེས་པ་ཡིན་ཏེ། འདི་རྒྱུ་ཡིན་གྱི་འདི་ནི་མ་ཡིན་ནོ་ཞེས་རྣམ་
པར་གནས་པས་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཡང་ན་མཐོང་བའི་རྒྱུ་འདི་ལྟ་བུའི་ཡོན་ཏན་ཅན་ཡིན་པར་དམིགས་ནས། རྒྱུ་གཞན་དུ་རྟོགས་པ་ཡིན་ན། དེ་ལྟ་ན་བརྟག་བྱ་དེ་འདི་ལྟ་བུ་ཞེ་འམ། དེ་བཞིན་དུ་གཞན་དུ་རྟོགས་པར་བྱེད་པ་ཡང་ཡིན་ཏེ། རྒྱུ་མཚན་ལ་བྱེ་བྲག་མེད་

པ་དེའི་ཕྱིར་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་རྟོགས་པར་མི་བྱེད་པ་དེ་དག་ཙམ་གྱིས་མགུ་བ་ཡིན་ན། ཡོངས་སུ་མགུ་བའི་རྒྱུ་ཡོན་ཏན་གཞན་དེ་དག་ཙམ་དུ་འགྲོ་བ་ཅན་རྣམས་ཉིད་ལ་ཡང་ཡོད་པའི་ཕྱིར། མགུ་བར་འགྱུར་རོ། །ཡོན་ཏན་ཅན་གཞན་ཡང་རྒྱུ་ཉིད་དུ་བརྟགས་པ་
རྣམས་ལས་གཞན་དུ་རྟོགས་པ་ཉིད་ཀྱིས་སར་པར་དེའི་གནས་པ་ན་རྒྱུ་ཉིད་ཀྱི་རྣམ་པར་གནས་པ་ཡིན་ལ། དེ་མ་ཡིན་པ་ནི་ཐུག་པ་མེད་པ་ཡིན་ནོ། །མཐོང་བ་རྣམས་ཀྱི་རྒྱུ་རྣམས་ཀྱི་དེ་ཉིད་ཀྱི་ཐུག་པ་མེད་པ་དང་། མཐོང་བའི་ཉམས་པ་དང་མ་མཐོང་བའི་རྟོག་པ་རྣམས་ཡིན་ནོ། །
ཡང་ན་བརྟགས་པ་བཞིན་དུའམ་རྟོགས་བཞིན་པ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར། བརྟགས་པ་དང་བརྟག་བྱ་ཐམས་ཅད་ཀྱི་རྒྱུ་རྣམས་མེད་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་དངོས་པོ་རྣམས་རྒྱུ་མེད་པ་ཅན་དུ་འགྱུར་རོ། །དེ་དག་ལས་གཞན་པའི་རྟོགས་པ་ཡིན་ན་ཡང་
རིགས་པ་མཚུངས་པ་ཉིད་ཀྱིས་བརྟགས་པ་དང་། རྟོགས་བཞིན་པ་ལ་ཡང་ཐལ་བར་འགྱུར་བ་ལ་ཐུག་པ་མེད་པས་རྒྱུ་རྣམས་དང་དེའི་འབྲས་བུ་ཐམས་ཅད་ལས་སར་པ་མ་ཡིན་པ་སྟེ། རྟག་པར་ནམ་མཁའ་ལ་སོགས་པ་བཞིན་དུ་གནས་པར་འགྱུར་གྱི། འཇིག་པ་དང་སྐྱེ་བ་
དག་ཏུ་མི་འགྱུར་རོ་ཞེས་བྱ་བའི་ད