Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 180

Văn bản gốc(Tây Tạng)

Trang 12 / 25 (50.000 ký tự/trang)
ོན་ཏོ། །རྟག་ཏུ་ཡོད་པ་འམ་མེད་པའམ་རྒྱུ་མེད་པར་ཞེས་བྱ་བ་ལ་སོགས་པའི་རིགས་པ་ནི། འདི་ལ་མཚོན་བྱེད་ཡིན་པར་བྱའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ཡང་འབྲས་བུ་མེད་པའི་དུས་ན་མེད་པའི་ངོ་བོའི་རྒྱུ་ཉིད་ནི་དེའི་དུས་ན་ཡོད་པ་རྟག་པའི་ངོ་བོ་འགལ་བ་ཡིན་པར་
བསྟན་ཏོ། །ས་གཞི་ལ་འདི་ནི་མ་མཐོང་ལ་འདི་མྱུ་གུ་ལ་སོགས་པའི་རྒྱུ་མ་ཡིན་པ་ཡང་མ་ཡིན་ཏེ། དེ་ལྟར་རྟོགས་པའི་རྟག་ཏུ་གནས་པ་ནི་འབྲས་བུ་མེད་པའི་དུས་ན་ཡང་ཡོད་དོ་སྙམ་དུ་སེམས་པ་ལ། མྱུ་གུ་བསྐྱེད་ལ་ས་ལ་སོགས། །ཞེས་བྱ་བ་སྟེ། ཡོངས་སུ་གྱུར་པའི་ས་གཞི་ནི་མྱུ་གུ་ལ་སོགས་པའི་རྒྱུ་ཡིན་
གྱིས་ཙམ་ནི་མ་ཡིན་ལ། ཡོངས་སུ་གྱུར་པ་ཡང་འབྲས་བུ་མེད་པའི་དུས་ན་མེད་པ་ཡིན་ནོ། །དེ་ལྟ་བུ་ཡོད་ན་འབྲས་བུ་མེད་པར་འགལ་བ་ཡིན་ཏེ། དེའི་ཁྱད་པར་ཡོད་ན་འབྲས་བུའི་ཁྱད་པར་མཐོང་བའི་ཕྱིར་ཡོངས་སུ་གྱུར་པར་གྲུབ་པ་ཡིན་ནོ། །ཡང་ན་འབྲས་བུའི་རང་བཞིན་རྒྱུར་བྱས་པའི་

ཁྱད་པར་གྱིས་འགའ་ཞིག་གི་རྒྱུ་ཉིད་དུ་རྟོགས་པ་ཡིན་གྱི་རི་ལ་སོགས་པའི་ཁྱད་པར་འགའ་ཡང་ལས་ཀྱིས་བྱས་པའི་འབྲས་བུའི་ངེས་པ་ལ་སོགས་པ་མ་གཏོགས་པ་དབང་ཕྱུག་གིས་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་ཏེ། མ་ངེས་པའི་ཕྱིར་རོ། །འབྲས་
བུ་ལ་ཁྱད་པར་རག་ལས་པ་ཁོ་ན་ཡིན་པའི་ཕྱིར་རྒྱུ་ཉིད་མཐོང་བ་མ་ཡིན་ལ། གང་གི་ཕྱིར་ས་གཞི་ལ་མྱུ་གུ་ལ་སོགས་པའི་འབྲས་བུའི་བྱེ་བྲག་འགའ་ཡང་རག་ལས་པར་མཐོང་བ་མ་ཡིན་ཞིང་། དེ་རྒྱུ་མ་ཡིན་པ་ཡང་མ་ཡིན་ནོ་སྙམ་དུ་སེམས་པ་ལ། འབྲས་བུ་ཐམས་ཅད་ལ་རྒྱུས་
བྱས་པའི་ཁྱད་པར་ཐམས་ཅད་མཐོང་བ་ལ། མྱུ་གུ་བསྐྱེད་ལ་ས་ལ་སོགས། །རང་བཞིན་ཡོངས་སུ་གྱུར་ནས་ནི། །ཞེས་བྱ་བ་སྟེ། འབྲས་བུ་ལ་ཡོད་པའི་ཁྱད་པར་ལ་རག་ལས་པ་ཁོ་ན་ཡིན་ཞེས་བྱ་བའི་དོན་ཏོ། །འདི་ཅི་ལས་ཤེས་ཤེ་ན། དེའི་གཤོལ་ལ་སོགས་པས་བྱས་པའི་
དབྱིབས་ཡིན་ན། དེའི་ཁྱད་པར་ཏེ་འབྲས་བུའི་ཁྱད་པར་མཐོང་བའི་ཕྱིར། དབང་ཕྱུག་གི་ཁྱད་པར་གྱིས་ཁྱད་པར་དུ་སྣང་བ་ནི་མ་ཡིན་ཏེ། དམིགས་བྱ་བ་མ་ཡིན་པའི་ཕྱིར་ཏེ། དེའི་ཁྱད་པར་ལ་རག་ལས་པས་དབང་ཕྱུག་རྒྱུ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྨན་དུ་མ་ལས་བྱུང་བའི་
འབྲས་བུ་ལ་རྒྱུས་བྱས་པའི་ཁྱད་པར་མཚོན་པ་བསལ་བ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་རྒྱུའི་བྱེ་བྲག་གིས་དེའི་ཁྱད་པར་ཉེ་བར་མཚོན་པ་ནི་བྱ་བླ་བ་ཉིད་ཀྱི་ཕྱིར་ཁྱད་པར་རྗེས་སུ་མཚོན་པ་མ་ཡིན་ཡང་། རྒྱུ་ཉིད་ཡིན་ན་སྲིད་པ་ནི་རྩ་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འབྲས་བུ་མེད་
པའི་དུས་ན་མེད་པ་ནི་རྒྱུ་ཡིན་ལ། དེ་ཉིད་ཁྱད་པར་ཁོ་ནས་ཤེས་པ་ཡིན་ནོ་ཞེས་བྱ་བ་འདི་ལ་ཕྱི་རོལ་བསྟན་ནས་ནང་གི་དཔེ་བསྟན་པ་ནི། གལ་ཏེ་ཇི་ལྟར་ཡུལ་དབང་པོ། །ཞེས་བྱ་བ་སྟེ། འབྲས་བུ་མེད་པའི་དུས་ན་མི་འབྱུང་བའམ་འབྲས་བུ་ལ་ཡོད་པ་མ་ཡིན་ན། འབྲས་བུ་ཙམ་མཐོང་བ་ལས་
དབང་པོ་ལ་སོགས་པ་རྒྱུ་ཡིན་ལ། དེ་ལྟར་དབང་ཕྱུག་ལ་སོགས་པ་གོ་བྱ་ཡིན་ནོ་ཞེ་ན། ལན་ནི་མིན་ཞེས་བྱ་བའོ། །ཅི་ལས་ཤེ་ན། དེ་ལ་ཡང་སྟེ་དབང་པོ་ལ་སོགས་པའི་རྒྱུ་འམ་འབྲས་བུ་རྣམ་ཤེས་ལ་ཁྱད་པར་ཡོད་པ་ཁོ་ན་ཡིན་ནོ། །ཁྱད་པར་དེ་ཉིད་ལྷན་ཅིག་བརྗོད་པས་བསྟན་པ་ནི།

དེ་ལ་དབང་པོ་ལ་སོགས་པ་རྣམས་སོ་སོར་ནུས་པ་མེད་པ་རྣམས་ཚོགས་ཀྱང་། ནུས་པ་མེད་ཀྱང་འགྱུར་ལ། དེའི་ཚེ་ཡང་དེའི་རང་གི་ངོ་བོ་མི་དོར་བའི་ཕྱིར་རོ། །སྡོད་པར་མི་བྱེད་པ་རྣམས་ཀྱི་ཡང་ཉེ་བར་འགྲོ་བའི་རྒྱུ་རྣམས་ཀྱིས་བྱ་བ་མེད་པར་འདུག་པ་ཉམས་པ་རྣམས་ཁོ་ནར་ཉེ་བར་འགྲོ་བར་བྱ་
བའི་ཕྱིར། རྒྱུན་གྱི་ཁྱད་པར་ཡིན་ལ། གཞན་རྣམས་ཀྱི་ནི་ཕན་ཚུན་གྱིས་ཡིན་ཞེས་བྱ་བ་ནི་རྣམ་པར་དབྱེ་བའོ། །ཁྱད་པར་དེ་ཡང་གལ་ཏེ་ཁྱད་པར་གཞན་གྱིས་མ་ཡིན་ན་ནི་ཐུག་པ་མེད་པས་རྒྱུ་མ་ཡིན་པ་ཉིད་དོ། །གལ་ཏེ་གཞན་དུ་ཡིན་ན་འབྲས་བུ་ཉིད་ཅི་སྟེ་མི་བྱེད། སྨྲས་པ་ཉེ་བར་
འགྲོ་བའི་ཁྱད་པར་གྱི་ཁྱད་པར་ཡིན་ན། ལྷན་ཅིག་བྱེད་པ་པོ་ཉིད་ཡིན་གྱི་ཁྱད་པར་གཞན་གྱིས་ནི་མ་ཡིན་ནོ། །འབྲས་བུ་ལ་ནི་ཁྱད་པར་གྱིས་དེ་ལྟར་མ་མཐོང་བའི་ཕྱིར་རོ། །བྱེད་པ་པོ་ཉིད་ཀྱང་རྣམ་པ་གཉིས་ཏེ། ཁྱད་པར་དང་། ལྷན་ཅིག་པ་དག་གོ། །རྒྱུན་གྱི་ཁྱད་པར་མེད་པ་ནི་ལྷན་ཅིག་
བྱེད་པ་པོ་ཙམ་ཁས་ལེན་པ་ཡིན་ན་འབྲས་བུ་བརྗོད་པ་ཙམ་ལ་ཡང་འགྱུར་རོ། །ཚོགས་པ་སྐྱོན་གྱིས་བསྒྲིབས་པ་བསལ་བར་བྱེད་པ་ཡིན་གྱི་ཁྱད་པར་ནི་མ་ཡིན་ནོ་ཞེ་ན། དེ་ཡང་དེའི་ཚེ་ཁོ་ན་ཡིན་པའི་ཕྱིར་ཇི་ལྟར་འབྲས་བུ་དུས་གཞན་ལ་ཡིན། ནུས་པ་ཡོད་པའི་ཕྱིར་སྐྱོན་ཡོད་ཀྱང་ཅིས་མི་
བྱེད། དེའི་ཕྱིར་བྱེད་པ་པོ་ཉིད་མ་ཡིན་པ་གཞན་གྱིས་བསལ་བ་ཡིན་ལ། བྱེད་པ་པོ་ཉིད་ཀྱང་དེའི་ཚེ་ཁོ་ན་མངོན་པར་འབྱུང་བ་ཡིན་པས་སྔ་ན་ཡོད་པ་མ་ཡིན་པའི་ཕྱིར་འབྲས་བུ་མེད་པའི་དུས་ན་མི་འབྱུང་བའི་མི་རྟག་པ་རྣམ་ཀྱི་ཁྱད་པར་གྲུབ་པ་ཡིན་གྱི། འདི་རྟག་པ་རྣམས་ལ་ནི་མི་སྲིད་དོ། །དེ་
བཞིན་དུ་ཁྱད་པར་ནི་རིགས་པའི་རྟོགས་བྱ་འབའ་ཞིག་ཀྱང་མ་ཡིན་ཏེ། དེ་ལྟ་མོད་ཀྱི་སྣང་བ་ཉིད་ཡིན་པར་བསྟན་པ་ནི། མིག་དང་གཟུགས་ཀྱི་ཁྱད་པར་ལས་ཞེས་བྱ་བའོ། །དོན་འདི་རྣམ་འགྲེལ་ལས། ཡོངས་སུ་གསལ་བའི་ཕྱིར་འགྲེལ་པ་མཁན་གྱིས་མ་བཤད་དོ། །འབྲས་བུའི་
ངོ་བོའི་ཁྱད་པར་ལས་བཞིན་དུ་རྒྱུ་ཉིད་ཅེས་ཤེས་པར་བྱ་བ་ཡིན། མ་བྱས་པ་དེའི་བྱེ་བྲག་ཀྱང་དེ་ཉིད་ཤེས་པའི་རྒྱུ་མཚན་མ་ཡིན་པ་ཞེས་བྱ་བ་ནི་མི་གསལ་བའི་ཕྱིར་འདི་འཆད་པར་བྱེད་པ་ནི། མིག་ལ་སོགས་པ་རྣམས་ནི་འབྲས་བུའི་རང་བཞིན་གྱིས་ཞེས་བྱ་བ་ལ་སོགས་པས་སོ། །ཁྱད་པར་

ཉིད་ལ་ཞེས་བྱ་བ་ནི་འབྲས་བུ་ལ་ཡོད་པ་ལས་སོ། །འབྲས་བུ་རྣམ་པར་ཤེས་པ་ནི་མིག་གིས་གཟུགས་འཛིན་པར་སོ་སོར་ངེས་པ་ཡིན་ལ། ཡུལ་ལས་དེ་རྣམ་པ་ཅན་དུ་ཡིད་ལ་བྱེད་པ་ལས་རྟོགས་པའི་རང་བཞིན་ཅན་ཡིན་པའི་ཕྱིར། ཕན་ཚུན་རང་བཞིན་མི་མཐུན་
པའི་འབྲས་བུའི་ཁྱད་པར་གྱིས་མཚན་ཉིད་མི་མཐུན་པ་ཁོ་ན་རྒྱུ་ཡིན་པར་རྟོགས་པར་བྱའོ། །ཁྱད་པར་དེ་གཅིག་སྐྱེད་པར་བྱེད་པ་ལས་ཁྱད་པར་གཞན་མེད་པས་སོ་སོར་ནུས་པ་མེད་པ་རྣམས་ཀྱི་རྒྱུན་ཏེ། འབྲས་བུའི་ཁྱད་པར་ནི་ངེས་པ་ཅན་གྱི་ཁྱད་པར་ཏེ། རྒྱུ་ངེས་པ་ཅན་གྱི་བསྐྱེད་བྱ་
ཡིན་ལ་གཟུགས་འཛིན་པའི་སོ་སོར་ངེས་པ་ལ་སོགས་པ་མེད་ན་རྟོགས་བྱེད་མ་ཡིན་པའི་ཕྱིར། ཚོགས་ཀྱང་རྒྱུ་མ་ཡིན་པ་ཞིག་ཏུ་འགྱུར་བ་ཞིག་ན་ངེས་པ་ཅན་གྱི་རྒྱུའི་བསྐྱེད་བྱ་ངེས་པ་ཅན་གྱི་ཁྱད་པར་རྗེས་སུ་འགྲོ་བ་དང་ལྡོག་པའི་རྟོགས་བྱ་ཡང་ཡོད་པ་ཡིན་ལ། དབང་ཕྱུག་གི་བསྐྱེད་
བྱའི་ཁྱད་པར་རི་ལ་སོགས་པ་ལ་ནི། དེ་ལྟར་རྟོགས་པར་བྱ་བ་མ་ཡིན་ནོ། །ཁྱད་པར་སྐྱེད་པར་བྱེད་པའི་སྒོ་ཁོ་ན་ནས་ཤེས་པ་ཉིད་དབང་པོ་ལ་སོགས་པ་རྣམས་ཀྱི་བསྐྱེད་བྱ་ཡིན་གྱི། དེ་ཙམ་མམ། དེའི་ཁྱད་པར་གྱི་ཁྱད་པར་ཅན་ཉིད་དེའི་རྒྱུ་ཉིད་དུ་གོ་བར་བྱེད་པ་གཞན་ནི་དབང་པོ་ལ་སོགས་པ་
ཉིད་ལ་ཡོད་པར་བསྟན་པ་ནི། མིག་དང་གཟུགས་ཀྱི་ཁྱད་པར་ལས། །ཞེས་བྱ་བ་སྟེ། འདི་ལ་རྣམ་འགྲེལ་དུ་ཡོངས་སུ་མི་གསལ་བ་ཡིན་པའི་དགོངས་པས་འགྲེལ་པ་མཛད་པའི་ཡོངས་སུ་གྱུར་པའི་ཁྱད་པར་ཉིད་ཀྱིས། རྒྱུ་སྐྱེད་པར་བྱེད་པ་ཡིན་པ་དེའི་ཕྱིར་འབྲས་བུ་མི་འབྱུང་བའི་
དུས་ན་མེད་པ་ཡིན་ནོ་ཞེས་བྱ་བ་དེ་ལྟར་རྒྱུ་ཉིད་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར། འོ་ན་ཏེ་མིག་ཕྱེ་བ་ན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་པ་ཡིན་ནོ། །ཡང་ན་གལ་ཏེ་ཇི་ལྟར་ཡུལ་དབང་པོ་ཞེས་བྱ་བ་ནི་འབྲས་བུའི་ཁྱད་པར་རྒྱུ་ཉིད་དུ་གོ་བར་བྱེད་པར་བསྟན་པ་སྟེ། མིག་དང་
གཟུགས་ཀྱི་ཁྱད་པར་ལས། །ཞེས་བྱ་བ་ནི། རྒྱུ་ནི་འབྲས་བུ་མེད་པའི་དུས་ན་མེད་པ་སྒྲུབ་པའི་དོན་དུ་ཡིན་གྱི། འདི་གཉིས་ཀྱང་རྒྱུ་ཉིད་ཡིན་པའི་རྒྱུ་མཚན་དབང་ཕྱུག་ལ་མེད་དོ་ཞེས་བྱ་བར་ཉེ་བར་བསྡུ་བ་བསྟན་པ་ནི། དེའི་ཕྱིར་སོ་སོར་ཞེས་བྱ་བ་སྟེ། སོ་སོར་ནུས་པ་མེད་པ་རྣམས་

ལ་སྟེ། ཁྱད་པར་གཞན་གྱི་ནུས་པ་མེད་པ་རྣམས་ལའང་འབྲས་བུ་ལ་ཡང་སྟེ། སོ་སོར་ནུས་པ་མེད་པ་རྣམས་ལ། གང་དག་ལ་ཡོད་འགྱུར་ན་སྟེ་འབྲས་བུའི་ཡོན་ཏན་གྱི་ཁྱད་པར་ཡོད་ན་འམ། གང་དག་ལ་སྟེ་ཡུལ་ལ་ཡང་རུང་ཡོད་པར་འགྱུར་བ་ཡིན་ན། ཚོགས་པ་ནི་དེ་དག་ཁོ་ན་
རྒྱུ་ཉིད་དུ་ཚད་མས་གྲུབ་པ་ཡིན་གྱི། དབང་ཕྱུག་ལ་སོགས་པ་རྣམས་ནི་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་འབྲས་བུ་མེད་པའི་དུས་ན་རང་ལ་ཡོད་པའི་ཁྱད་པར་མེད་པས། འབྲས་བུ་ལ་ཡོད་པའི་ཁྱད་པར་མེད་པའི་ཕྱིར་ཏེ། དཔེ་གཉིས་ཀྱང་ཡུལ་མང་པོ་ཉིད་བསྟན་པས། བསྟན་
པར་བྱ་བའི་དོན་དུའོ། །སྐད་ཅིག་མ་ཉིད་ལ་སོགས་པར་ཡང་དག་པར་གསུངས་པས་ཀྱང་། རྟོགས་བཞིན་པའི་ཡང་དག་པ་གཟིགས་པ་པོ་ནི། སྐད་ཅིག་པ་སྣ་ཚོགས་པ་ཙམ་གྱི་ངོ་བོ་ཙམ་མམ། འདོད་ཆགས་ལ་སོགས་པས་སོ་སོར་རིག་པ་མ་ཡིན་ནམ། དེས་གསུངས་པའི་གཉེན་པོ་ནི་དེའི་རིག་པ་
མ་ཡིན་པས་དེའི་གཉེན་པོའི་ནུས་པ་མི་ཤེས་པས་བསྟན་པར་འགྱུར་ཏེ། དེ་ཡང་དེ་བཞིན་དུ་འདོད་ཆགས་དང་ལྡན་པ་ཡིན་ལ། ལས་དང་འབྲས་བུ་ཤེས་པའི་སྟོབས་མ་སྐྱེས་པས་སྙིང་རྗེ་དང་ལྡན་པ་ཡིན་ཡང་། གང་གིས་འདི་ནི་བྱང་གྲོལ་གྱི་དོན་ཡིན། འདི་ནི་མཐོ་རིས་ཀྱི་དོན་ཡིན་
ཞེས་ཤེས་པར་འགྱུར་ཤེས་པའི་དུས་ན་ནི་བྱ་བའི་རང་གི་ངོ་བོ་མེད་པའི་ཕྱིར་མངོན་སུམ་གྱིས་ཀྱང་དེ་རིག་པ་མ་ཡིན་ཏེ། ཉེ་བ་ཙམ་འཛིན་པ་ཅན་གྱི་མངོན་སུམ་ནི་དེ་ལྟ་བུ་མ་ཡིན་པ་ལ་ཚད་མ་མ་ཡིན་ཏེ། འབྲས་བུའི་དུས་ན་ནི་དེ་ཤེས་པ་མེད་པ་ཡིན་ལ་དེའི་ཚེ་ནས་དེ་འདས་པ་ཡིན་པས་འདི་ལས་འདི་ཡིན་ནོ་
ཞེས་ཤེས་པ་ནི་མངོན་སུམ་མ་ཡིན་པའི་ཕྱིར་རོ། །འབྲས་བུ་ལས་རྒྱུ་ཙམ་གྱི་ཡུལ་ལ་རྗེས་སུ་དཔོག་པ་ཡང་ཁྱད་པར་རམ་བསོད་ནམས་སམ་ཅིག་ཤོས་ཀྱང་ཡིན་ཞེས་མི་ཤེས་ཏེ། དེ་ལྟ་བུའི་ངེས་པ་ནི་འཇུག་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཤེས་གང་འཇུག་པའི་ཡན་ལག་ཡིན། །
དེ་ཡི་རྩ་བ་བརྟག་བྱ་ལ། །ཅི་ཡང་ཡོད་པའི་ཤེས་པ་ནི། །མི་རྣམས་ལ་ནི་ཅི་ཞིག་དགོས། །རྩ་བ་དེ་ཡང་ཇི་སྐད་བསྟན་པའི་རིམ་པས་རིག་བྱེད་མ་ཡིན་ལ། རྟག་པ་ཉིད་འགའ་ཞིག་ནི་དབང་ཕྱུག་ལ་སོགས་པ་མ་ཡིན་གྱི། བསྒོམ་པ་ལས་བྱུང་བའི་མངོན་སུམ་རྩ་བ་ཡིན་ཞེས་བྱ་བར་

ཡང་མི་རིགས་ཏེ། མཐོང་བ་མེད་ན་བསྒོམ་པ་མི་རིགས་པའི་ཕྱིར་རོ། །འགའ་ཞིག་ཏུ་དངོས་པོ་མཐོང་བ་ན་བསྒོམ་པས་གཞན་དུ་སྣང་བར་འགྱུར་བ་ཡིན་ནོ། །འདོད་པ་དང་མྱ་ངན་དང་འཇིགས་པ་དང་མྱོས་པ་དང་རྨི་ལམ་ལ་སོགས་པས་ཉེ་བར་བསླད་པ་རྣམས་ནི་ཡང་
དག་པ་མ་ཡིན་ཡང་། མདུན་ན་གནས་པ་བཞིན་དུ་མཐོང་བ་ཡིན་ནོ་ཞེ་ན་ཡང་། ཡང་དག་པ་མ་ཡིན་པའི་ཡུལ་ཅན་ཇི་ལྟར་ཚད་མ་ཡིན་ཡང་དག་པའི་ཡུལ་ཅན་ནི་ཚད་མ་ཡིན་ནོ་ཞེ་ན། དེ་ལྟ་ན་དེ་རང་གི་ངོ་བོས་མཐོང་བ་ཡིན་ན་བསྒོམ་བྱར་འགྱུར་རོ། །ཐོས་པ་ཡིན་ནོ་ཞེ་ན། ཐོས་པ་ནི་ཚུལ་
གསུམ་པའི་རྟགས་མཚོན་པར་བྱེད་པ་ཡིན་གྱི་རང་དབང་དུ་ཡང་མ་ཡིན་ལ་ཆོས་ལ་སོགས་པ་ལ་ཡང་། དེ་ལྟ་བུའི་རྟགས་རིག་པ་མ་ཡིན་ཏེ། དབང་པོ་འདས་པ་ཡིན་པའི་ཕྱིར་རོ། །བདེ་བ་ལ་སོགས་པའམ་འགྲོ་བ་སྣ་ཚོགས་པ་ཉིད་ཀྱང་ལས་ལས་བྱུང་བ་མ་ཡིན་ནམ། ལས་ཀྱང་རྗེས་སུ་
སྒྲུབ་པར་བྱེད་ན་འབྲས་བུ་སྟེར་བ་ཡིན་གྱི། མི་ཤེས་ན་རྗེས་སུ་སྒྲུབ་པར་བྱེད་ན་ཡང་མེད་དོ། །ལས་བཞིན་དུ་ཤེས་པ་ཡང་ཡོད་པ་ཉིད་དུ་ངེས་པར་རྟོགས་པ་ཡིན་ནོ། །དེ་ལས་ཡང་བསྒོམས་པ་ལས་བྱུང་བ་མེད་དེ། ད་ལྟར་བཞིན་དུ་མངོན་སུམ་ལ་སོགས་དེ་རྟོགས་པ་མེད་པས་དེ་ལས་
བསྒོམས་པ་མི་རིགས་པའི་ཕྱིར་རོ། །ཉམས་སུ་མྱོང་བ་དྲན་པ་ལ་གོམས་པས་ཀྱང་དེ་ཤེས་པ་མ་ཡིན་ཏེ། དེ་བཞིན་དུ་ཉམས་སུ་མྱོང་བ་མེད་ན་བསྒོམ་པ་ལས་ཀྱང་དེ་དྲན་པ་མེད་པའི་ཕྱིར་འཇིག་རྟེན་ཕ་རོལ་ནི་འཇིག་རྟེན་འདི་བཞིན་དུ་ཉམས་སུ་མྱོང་བ་ཡིན་ན། དྲན་པ་གོམས་པ་
ལས་དྲན་པར་འགྱུར་བ་ཡིན་གྱི་ལས་དང་འབྲས་བུ་དང་འབྲེལ་པ་ནི་མ་ཡིན་ནོ། །སྲིད་པ་སྔ་མ་ལ་ལས་ཉམས་སུ་མྱོང་བའི་འབྲས་བུ་འདི་ལ་ཞེས་བྱ་བ་འཇིག་རྟེན་གཉི་ག་རིག་པ་པོ་དེ་དག་གི་དེ་ཉིད་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་མ་རིག་པ་མ་ཡིན་ནམ། དུ་བའམ་མེ་ནི་རང་གི་
ངོ་བོས་རིག་པ་ཡིན་ན་རྗེས་སུ་འགྲོ་བ་ལ་སོགས་པས་གཏན་ཚིགས་ལ་སོགས་པ་ཉིད་མི་རིག་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེའི་ཚེ་ཡང་ཤེས་པ་དེའི་ཐབས་མེད་པས་མ་ཤེས་པ་ལ་རྗེས་སུ་བསྒྲུབ་པ་མེད་པའི་ཕྱིར་རོ། །འཇིག་རྟེན་ནི་ཤེས་པ་ལ་རྗེས་སུ་བསྒྲུབ་པ་ཡིན་ཏེ། འདི་ནི་བསོད་

ནམས་སོ། །འདི་ནི་སྡིག་པའོ་ཞེས་པའི་ཚིག་གཉིས་པོ་དེ་ལ། རིགས་ངན་མཐར་ཐུག་མི་རིགས་ཀྱི། །བསྟན་བཅོས་དགོས་པ་ཆུང་བ་ཡིན། །ཞེས་བྱ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མངོན་སུམ་ལ་སོགས་པ་མ་གཏོགས་པར་འཇིག་རྟེན་ཚད་མ་ཉིད་མ་ཡིན་པའི་ཕྱིར། འདི་རྣམས་ཡོངས་སུ་དོར་ནས་ནི། །
ལོགས་ན་འཇིག་རྟེན་ཚད་མ་མེད། ཅེས་བྱ་བ་སྟེ། གང་གི་ཕྱིར་འཇིག་རྟེན་ཡང་དེ་ཉིད་ལ་རྩ་བར་འདོད་པ་ཡིན་ཏེ། འཇིག་རྟེན་ན་རྩ་བ་ཉིད་ཡིན་ན་དེ་བཞིན་དུ་བདག་ཅག་ལ་ཡང་དེ་ཉིད་ཡོད་པ་ཡིན་པའི་ཕྱིར། ད་ལྟར་ཐམས་ཅད་ཤེས་པ་ཉིད་བརྟག་པ་ལ་དོན་མེད་དོ། །དྲན་པ་གོམས་པ་
ལས་ཉམས་སུ་མྱོང་བ་དྲན་པས་སྔ་ན་མེད་པའི་ལས་ཀྱི་འབྲས་བུ་དང་འབྲེལ་པ་ལ་སོགས་པ་ཡིན་ན། སྔ་ན་མེད་པའི་རྒོལ་བ་དང་ལན་བཞིན་དུ་ཀུན་ཏུ་སྣང་བར་ནི་མི་རིགས་སོ། །རྒོལ་བ་དང་ལན་དག་གིས་བསྟན་བཅོས་ཀྱི་དོན་དོན་དང་འབྲེལ་བས་སོ་སོར་སྣང་བ་ཡིན་ལ། མཉམ་པར་གཞག་པའི་
བྱེ་བྲག་ལས་རིགས་པ་ཡིན་གྱི་ལས་དང་འབྲས་བུ་དང་འབྲེལ་པ་ཅན་ཡིན་པ་ནི་དེ་བཞིན་དུ་ཅུང་ཟད་ཉམས་སུ་མྱོང་བ་མེད་དོ། །འབྲས་བུ་འགྲོ་བ་སྣ་ཚོགས་པ་ཉིད་ནི་རྒྱུ་ལས་སྣ་ཚོགས་པ་ཉིད་དུ་རྟོགས་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེའི་འབྲས་བུ་ཉིད་ཡོངས་སུ་མ་བཅད་པས་རྒྱུ་ཙམ་དུ་རྟོག་
པ་ཡིན་ན་འབྱུང་བ་སྣ་ཚོགས་པ་ཉིད་ཀྱིས་ཀྱང་རིགས་པས་སྤངས་ཀྱང་ཁྱད་པར་སྤངས་པ་མ་ཡིན་ནོ། །འདི་སྐད་བསྟན་པར་འགྱུར་ཏེ་འཇིག་རྟེན་ཕ་རོལ་གྱི་འབྲས་བུ་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་ནི། འཇིག་རྟེན་འདིར་འབྲས་བུ་མ་ཡིན་ཏེ། གང་གི་རྗེས་སུ་འགྲོ་བ་དང་ལྡོག་པས་རྟོགས་
བྱར་འགྱུར། དེས་ན་འབྲས་བུའི་དུས་ན་དེའི་ངོ་བོ་འདས་པའི་ཕྱིར། དེའི་ཚེ་ཡང་འབྲས་བུ་མ་འོངས་པ་ཡིན་པའི་ཕྱིར་དེ་བསྒྲུབ་པར་བྱེད་པ་ཉིད་ཀྱིས་ཆོས་ཉིད་དམ། དེའི་འབྲས་བུ་ཉིད་ཡིན་པའི་ཕྱིར། དེའི་འབྲས་བུ་ཉིད་དམ་དེའི་སྒྲུབ་བྱེད་དང་འབྲས་བུ་དག་ལ་དབང་བྱེད་པ་ཡིན་ལ། དེ་ཁོ་ན་བཞིན་དུ་
དབང་པོ་ལས་འདས་པ་ཡིན་པའི་ཕྱིར། ཅི་ལས་དེ་ལ་མངོན་སུམ་མམ་རྗེས་སུ་དཔག་པ་འཇུག་པར་འགྱུར། དེ་དག་མེད་ན་མཐོང་བའི་རྗེས་སུ་འབྲང་བའི་སྒོམ་པའི་རྒྱུ་མེད་དོ་ཞེས་རྒྱུ་མི་དམིགས་པ་ཡིན་པས་འབྲས་བུ་དེའི་ཤེས་པ་ཡང་མེད་དོ། །མ་འོངས་པ་ལ་ནི་མངོན་གསུམ་གྱི་ནུས་པ་ཅུང་ཟད་

ཀྱང་མ་མཐོང་ངོ་། །རྟགས་ལ་སོགས་པ་དང་བྲལ་བའི་རྗེས་སུ་དཔག་པ་ལ་སོགས་པ་ཡང་གང་དུ་ཡང་མ་ཡིན་ནོ། །བཅོམ་ལྡན་འདས་དང་འབྲེལ་པ་ཅན་གྱི་མིག་གི་དབང་པོ་ནི་རྣམ་པ་དེ་ལྟ་བུའི་ཤེས་པ་སྐྱེད་པར་བྱེད་པ་ཡང་མ་ཡིན་ཏེ། མིག་གི་ཡིན་པའི་ཕྱིར་བདག་ཅག་གི་མིག་
ལྟ་བུའོ། །གང་གི་རིགས་ཀྱི་ཚད་མས་ཀྱང་། །རིགས་གང་གིས་ནི་དོན་མཐོང་བ། །ད་ལྟར་འཇིག་རྟེན་གྱིས་མཐོང་བ། །དུས་གཞན་དུ་ཡང་དེ་ལྟར་འགྱུར། །ཐག་རིང་པོར་མཐོང་བའི་བྱ་རྒོད་ལ་སོགས་པ་རྣམས་དང་། ཐག་རིང་པོར་ཐོས་པའི་ཕག་ལ་སོགས་པ་རྣམས་ཁྱད་པར་ཅན་དུ་མཐོང་
བ་ལས། ཤིན་ཏུ་ཁྱད་པར་ཅན་གྱི་ཏོག་པ་དེ་ཡང་རང་གི་ཡུལ་འཁོར་བ་ཁོ་ནས་ཁྱད་པར་ཅན་དུ་མཐོང་བའི་ཕྱིར་རོ། །གང་ལ་འང་བྱེ་བྲག་མཐོང་བ་ནི། །དེ་ཡང་རང་དོན་མ་བོར་བས། །རིང་པོར་པ་སོགས་དངོས་ལ་འགྱུར། །གཟུགས་ལ་རྣ་བའི་འཇུག་པས་མིན། །གཟུགས་དང་རོ་ལ་སོགས་པ་
རྣམས། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ལ་མིག་གི་དབང་པོ་ལས་བྱུང་བའི་རྣམ་ཤེས་ཀྱིས་འགའ་ཡང་འཛིན་པ་ཡིན་ཞེས་བྱ་བའི་རྟོག་པ་ཡང་མ་ཡིན་ཏེ། མིག་གིས་ནི་དེ་ལྟ་བུའི་རྣམ་པའི་རྣམ་ཤེས་པ་སྐྱེད་པ་ལ་རྒྱུ་ཉིད་དུ་མ་མཐོང་བའི་ཕྱིར། ལྕེ་ལ་སོགས་པའི་རྗེས་སུ་འགྲོ་བ་ཅན་
གྱི་རོ་ལ་སོགས་པའི་མངོན་དུ་བྱེད་པ་ནི་གཞན་ལས་བྱུང་བ་མ་ཡིན་ཏེ། ལན་ཅིག་ཀྱང་དེ་ལས་མ་བྱུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །བྱུང་ནའང་འབྲས་བུ་མེད་པ་ཉིད་དུ་ཐལ་བར་འགྱུར་ཏེ། གཉི་ག་ཡོངས་སུ་དོར་ནས། དེ་དབང་བྱེད་པ་མ་ཡིན་པའི་ཕྱིར་རོ། །འདི་ཉིད་ནི། ཚད་མ་ཉིད་
ནི་གཅིག་ཉིད་ཀྱིས། །གང་གིས་ཀུན་མཁྱེན་དུ་རྟོགས་བྱེད། །ད་ནི་ངེས་པར་མིག་གིས་ནི། །རོ་ལ་སོགས་ཀུན་རྟོག་པར་བྱེད། །ཅེས་བྱ་བས་ཚིག་འཁྱོག་པོས་བསྟན་པ་ཡིན་ནོ། །སྐད་ཅིག་མ་ཉིད་དམ་རྣམ་པར་རིག་པ་ཙམ་ཉིད་ཚད་མར་རུང་བ་མ་ཡིན་ནམ། ཐོས་པ་དང་བཅས་པ་ལ་
སོགས་པའི་རིམ་གྱིས་སྒོམ་པར་བྱེད་པས་དེའི་ཡུལ་ལམ་དེའི་ཡན་ལག་གི་ཡུལ་གང་ཡང་རུང་བ་ཤེས་པ་དང་། དེ་ཁོ་ན་ཉིད་ལ་སོགས་པའི་འབྲས་བུ་ཉོན་མོངས་པ་ཐམས་ཅད་རབ་ཏུ་སྤངས་པར་འགྱུར་བ་ཁོ་ན་ཡིན་ནོ། །དེ་ལྟར་ཡང་སྦྱིན་པ་ལ་སོགས་པ་རྣམས་ནི་མཐོ་རིས་སྒྲུབ་པར་བྱེད་པ་

ཉིད་ལ་སོགས་པ་ནི་ཤེས་པ་ནི་ཚད་མར་མི་རུང་བའི་ཕྱིར་མ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་ཐམས་ཅད་ཤེས་པ་ཡིན། །དེ་ལས་ཉོན་མོངས་པ་རབ་ཏུ་བཅོམ་པ་ལ་སོགས་དེར་འགྱུར་བ་མ་ཡིན་ཏེ། དེ་ནི་གཞན་ལས་འོངས་པ་ཡིན་པའི་ཕྱིར་རོ། །ད་ལྟར་ཡང་ཤེས་པ་ཆེས་ཤིན་ཏུ་ཆེ་བ་ཡིན་ཏེ།
ཉོན་མོངས་པ་ཆེས་ཤིན་དུ་ཆེན་པོ་བཞིན་དུ་དབང་པོ་ལས་འདས་པའི་ཤེས་པ་མ་མཐོང་བའི་ཕྱིར་ལ། དེ་བཞིན་དུ་དབང་པོ་ལས་འདས་པ་ཉིད་ཀྱིས་ཆོས་ལ་སོགས་པ་ནི་བསྒོམ་པའི་ཡུལ་མ་ཡིན་པའི་ཕྱིར། དེ་ལས་བྱུང་བ་མ་ཡིན་པའི་ཤེས་པ་ནི་ཉེ་བར་བསྟན་པའི་རྩ་བར་འགྱུར་
རོ། །ཇི་སྐད་དུ་ཉེ་བར་བསྟན་པ་ནི་རྨོངས་པ་ལས་ཀྱང་འབྱུང་བའི་ཕྱིར་ནུས་པའི་ཡུལ་ལ་མི་ཤེས་པ་རྣམས་ཀྱི་ཉེ་བར་བསྟན་པ་ཡིན་པར་བརྟག་པར་མི་བྱའོ། །དེའི་ཕྱིར་ཤེས་པ་རྩ་བ་ཡིན་པར་ཤེས་པར་བྱའོ། །མི་ནུས་པའི་ཡུལ་ལ་ནི་ཚད་མ་ཉིད་རྗེས་སུ་སྒྲུབ་པར་འདོད་པས་བཙལ་བར་བྱ་བ་ཡིན་གྱི།
གཞན་གྱི་ཡུལ་ལ་ནི་མ་ཡིན་ཏེ། ལྟོས་པ་མེད་པའི་ཕྱིར་རོ་ཞེས་ཟེར་བ་ནི། ཚད་མ་ལྐོག་གྱུར་དོན་ཤེས་ཡིན། །ཞེས་བྱ་བ་སྟེ། སྐད་ཅིག་མ་ལ་སོགས་པའི་རྨོངས་པས་མ་རྟོགས་པ་ཡིན་ན། ཆོས་ལ་སོགས་པ་བཞིན་དུ་ལྐོག་ཏུ་གྱུར་པ་ཁོ་ན་ཡིན་པའི་ཕྱིར། དེའི་ཤེས་པ་ཡང་ཚད་མ་ཁོ་ན་
ཡིན་ལ། དེ་ཡང་ཉེ་བར་བསྟན་པ་ལ་སོགས་པར་བྱེད་པ་ཡིན་ནོ། །ཉེ་བར་བསྟན་པ་ནི་ཚིག་མ་ཡིན་ནམ། གལ་ཏེ་དེ་ཡིད་ཆེས་པའི་སྐྱེས་བུ་ལས་སེམས་དབང་པོའི་ཡུལ་ཡང་སྟེ་ལོག་པ་མ་ཡིན་པར། བདེན་པར་སྨྲ་བ་ཁོ་ན་ཡིད་ཆེས་པའི་ཚིག་ཡིན་པར་བརྗོད་པ་ཡིན་ལ་དབང་པོའི་ཡུལ་ལ་ཡང་ཞེས་
བྱ་བ་འདིས་ཀྱང་མངོན་སུམ་ལ་སོགས་པ་ཉིད་དུ་ཡིན་ནོ། །དོན་རྟོགས་པར་སྨྲ་བའི་མངོན་སུམ་ལ་སོགས་པའི་ཡུལ་ཅན་གྱི་ཚིག་ནི་ཕྱི་རོལ་གྱི་དོན་ལ་ཚད་མ་ཡིན་གྱི། ལྐོག་ཏུ་གྱུར་པའི་ཤེས་པ་ལ་ནི་མ་ཡིན་ནོ། །ཇི་ལྟར་མཐོང་བ་དོན་སྨྲ་ཉིད། །གལ་ཏེ་ཡིད་ཆེས་ལས་ཡིན་ན། །དབང་པོ་ཞེས་བྱ་
རྩ་བ་སྟེ། །འདི་ནི་ཡོད་ཅེས་དེ་སྨྲས་ཡིན། །བསྡུས་པའི་དོན་ཅན་གྱི་ཡང་སྒྲ། །སྔ་མ་ལ་འམ་ཕྱི་མ་འང་རུང་། །གཉི་ག་ལ་ཡང་རྟོག་པར་བརྗོད། །སོ་སོར་སླར་ཡང་བརྗོད་པ་ཡིན། །འོན་ཏེ་ཡིད་མི་ཆེས་པ་ལས་དང་དབང་པོའི་ཡུལ་མ་ཡིན་པ་ཡང་ཞེས་རྣམ་པར་རྟོག་པའི་དོན་ལ། ཡང་གི་

སྒྲ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ནུས་པའི་དོན་ལ་ཡང་བརྫུན་པ་ཉིད་དུ་མཐོང་བ་ནི་ཡོད་ཀྱང་ནུས་པ་མེད་ནའོ། །འདིས་ཡིད་ཆེས་པ་ལས་ཞེས་བྱ་བས་མི་བདེན་པར་སྨྲ་བའི་ཚིག་དགག་པ་ཡིན་ནོ། །དབང་པོའི་ཡུལ་ཡང་ཞེས་བྱ་བས་བདེན་པར་སྨྲ་
བའི་ཡང་མི་ནུས་པའི་ཡུལ་ཡང་ངོ་ནུས་པའི་ཡུལ་ལ་ཡང་བདེན་པར་སྨྲ་བའི་ཇི་ལྟ་བུར་མཐོང་བའི་དོན་མི་བརྗོད་པའི་ཕྱིར། ལོག་པར་སྨྲ་བ་ལ་སོགས་པ་སྔོན་དུ་སྨྲ་བ་ཅན་སུས་དགག་པར་ནུས། དབང་པོའི་ཡུལ་ཉིད་དུ་བརྗོད་པ་ཁོ་ན་ལས། དོན་ཇི་ལྟར་སྟོན་པ་ཡིན་པར་སྨྲ་བར་
མི་རིགས་ཏེ་ཡུལ་ངེས་པ་ལ་འཁྲུལ་པ་ཡིན་པའི་ཕྱིར་རོ། །བརྗོད་པ་ཡང་སྔ་མ་དེ་ཉིད་ཀྱི་ཚིག་ལས་རྟོགས་པར་བྱ་བ་ཡིན་ལ། མ་རྟོགས་ན་དེ་ལ་དབང་བྱེད་པ་ཉིད་དང་། དེ་བཞིན་མིན་པ་མ་ཡིན་པ་ཉིད་དུ་མ་ངེས་པ་ཡིན་ནོ། །དེས་ན་དོན་ལ་ཤེས་བསྐྱེད་ལ། ཉན་བའི་ཤེས་པའང་
ངག་ལས་ནི། །འདི་ཡིས་ངེས་པར་ཤེས་སོ་ཞེས། །སྨྲ་པོའི་ཤེས་པ་ལ་བློར་འགྱུར། །སྔ་རོལ་ཏུ་ནི་དོན་རྟོགས་ཀྱང་། །དེ་ལ་བརྟེན་ནས་ངེས་པ་ཡིན། །དེས་ན་དོན་ཤེས་གོ་བྱ་ཡང་། །ཚད་མ་དེ་ཉིད་སྔར་བརྟེན་པའོ། །ཤེས་པ་ནི་རྟོགས་བྱ་ཡིན་པར་བདེན་ཏེ། ཡིད་ཆེས་པ་ཙམ་བཞིན་
དུ་དེ་དག་གཞན་ཉིད་ཁོ་ན་ལས་སྨྲ་བ་པོའི་རང་བཞིན་དང་སྤྱོད་ཡུལ་ལ་སོགས་པ་གང་ལས་ཀྱང་འབའ་ཞིག་རྟོགས་པ་ཡིན་གྱི། །ཚིག་ལས་ནི་མ་ཡིན་ཏེ། དོན་ཁོ་ན་དེ་ལས་རྟོགས་པའི་ཕྱིར་ཚིག་ལས་དོན་ངེས་པའི་དུས་སུ་སྨྲ་བ་པོའི་ཤེས་པ་རྟོགས་པར་བྱ་བ་ཡིན་ཏེ། གཞན་དུ་ན་མ་ངེས་པའི་
ཕྱིར་རོ་ཞེས་བྱེ་བྲག་ཙམ་དུ་ཁོ་བོ་ཅག་རྣམས་སྨྲ་བ་ཡིན་གྱི་ཚིག་ལས་སམ་གཞན་ལས་ཞེས་ངེས་པ་ནི་མ་ཡིན་ལ། ཚིག་ཀྱང་ཤེས་པའི་སྒྲུབ་བྱེད་དུ་འདོད་པ་ཡིན་ནོ། །མི་མཁས་པས་ཉེ་བར་བསྟན་པ་ནི། བརྟག་བྱ་མ་ཡིན་ཞེས་བསྟན་ནས། རྨོངས་བ་མེད་ན་རིག་བྱེད་ལས་ཀྱང་ཡིན་ནོ་ཞེས་སྨྲ་བ་
པོས་སོ། །དེའི་ཕྱིར་ཡིད་ཆེས་པ་ལས་ཞེས་བདེན་པར་སྨྲ་བ་ཉིད་དུ་བརྗོད་བཞིན་པའི་ཡུལ་དོན་ཇི་ལྟ་བས་ཤེས་པ་ནི་དབང་པོའི་ཡུལ་ཡང་ཞེས་བྱ་བ་འདིས་བསྟན་པ་མ་ཡིན་ནམ། དེ་བཞིན་དུ་གཞུང་ཉམས་པ་འབའ་ཞིག་མ་ཡིན་ཏེ། འོན་ཀྱང་སྐྱེས་བུས་བྱས་པའི་ཚིག་ཉིད་ལས་སྐྱེས་བུ་འདི་རིག་

པར་བྱེད་པ་ཡིན་ཞེས་བྱ་བར་ཤེས་པར་འགྱུར་བའི་ཕྱིར་འདིས་ནི་བྱས་པ་ལ་བྱེད་པའི་ཕྱིར་མི་མཁས་པ་ཡིན་ནོ། །གཅིག་གི་ཤེས་པ་བརྗོད་བྱ་ཡིན་པར་བསྟན་པ་ཡིན་ལ། ཅིག་ཤོས་ཀྱི་སྐྱོན་མེད་པའི་དོན་དུ་ཡོན་ཏན་བརྗོད་པས་ཐ་དད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལས་ཤེས་པའི་སྒོ་ནས་དོན་ངེས་
པ་ཁོ་ན་བརྗོད་པར་འདོད་པ་ཡིན་པའི་ཕྱིར་ཞེས། སྔ་རོལ་དུ་ནི་དོན་རྟོགས་ཀྱང་། །དེ་ལ་བརྟེན་ནས་ངེས་པ་ཡིན། །ཞེས་བྱ་བས་བསྟན་པ་ཡིན་ནོ། །གང་གི་ཚེ་མཐོང་བ་པོ་ཉིད་དང་བདེན་པར་སྨྲ་བ་ཉིད་ཀྱང་ཡིད་ཆེས་པ་ལས་ཡིན་ཞེས་བསྟན་པ་དེའི་ཚེ་ཡང་བདེན་པར་སྨྲ་བས་དབང་པོ་དང་དབང་པོ་མ་
ཡིན་པའི་ཡུལ་ཐ་མི་དད་པས་ཞེས་དགག་པ་སྤྱིར་བསྟན་ནས། དབང་པོའི་ཡུལ་ལ་སླར་ཡང་བསྐྱེད་པའི་དོན་དུ་དམིགས་ཀྱིས་བསལ་བ་ནི། དབང་པོའི་ཡུལ་ལ་འམ་ཞེས་བྱ་བ་སྟེ། འམ་ཞེས་བྱ་ནི་རྣམ་པར་བརྟག་པའི་དོན་ཏོ། །དམིགས་ཀྱིས་བསལ་བ་ཡོད་ན་སྤྱིར་བཏང་བ་རྣམ་པར་གཅོད་
པར་བསྟན་པ་ནི། །འོན་ཏེ་ཡིད་མི་ཆེས་པ་ལས་དང་དབང་པོའི་ཡུལ་མ་ཡིན་པ་ཡང་ཞེས་བསྡུས་པའི་དོན་ནི། འམ་གྱི་སྒྲ་སྟེ་ཡིད་ཆེས་པའི་ཚིག་གམ་དབང་པོའི་ཡུལ་མ་ཡིན་པ་ནི་ཚད་མ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ལ་བརྟེན་ནས་ཀྱང་ཚིག་མེད་ཀྱང་དེ་སྐྱེས་བུས་ཤེས་པར་འགྱུར་ན་
ཞེས་བྱ་བ་ལ་སོགས་པ་སྦྱར་བ་ཡིན་ནོ། །དེ་ལྟ་ཡིན་ན་འགའ་ཡང་ཉམས་པ་མེད་དོ། །ཡིད་ཆེས་པ་ཡང་དབང་པོ་ལས་འདས་པ་མ་མཐོང་བ་ཡིན་ན། མི་བསྒོམ་པའི་ཕྱིར་རྒྱུ་མེད་པས་དེའི་ཤེས་པ་ཡང་མེད་པ་མ་ཡིན་ནམ། ཇི་ལྟར་ཉེ་བར་བསྟན་པས་དེ་རྟོགས་པ་ཡིན་ཞེས་ཟེར་བ་ནི། དེ་སྒྲུབ་
བྱེད་པ་ལའང་སྟེ་བསྒོམ་པ་ཡང་ངོ་། །མེད་པའི་ཕྱིར་ནི་མཐོང་བ་མེད་པའི་ཕྱིར་རོ། །དབང་པོ་ལས་འདས་པ་རྟོགས་པའི་དོན་དུ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པས་སྨྲ་བ་པོའི་ནན་ཏན་བྱེད་པ་མ་ཡིན་ཏེ། དེ་ཤེས་པ་མེད་ན་ཉེ་བར་བསྟན་པ་ནི་དེ་སྔོན་དུ་འགྲོ་བ་ཅན་མ་ཡིན་པའི་ཕྱིར་དང་། ཉན་
པ་པོ་ནི་དེ་ཤེས་པ་པོ་མ་ཡིན་པའི་ཕྱིར། དེའི་དོན་ནན་ཏན་དུ་བྱེད་པ་མ་ཡིན་ནོ། །ཤེས་པ་པོ་མེད་པར་བསམས་པ་ན། ད་ལྟར་བདག་ཅག་སོགས་རྣམས་ཀྱིས། །རེ་ཞིག་ཀུན་ཤེས་མཐོང་བ་མིན། །ཞེས་བྱ་བ་ནི་ཡིན་གྱི། མངོན་སུམ་ལོག་པ་ནི་མེད་པ་ལ་ཚད་མར་བརྗོད་པ་མ་ཡིན་ནོ། །

ཐམས་ཅད་ཤེས་པ་སྔོན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་འདི་ལ་ཡང་ཚད་མ་མེད་དོ། །ཐམས་ཅད་ཤེས་པ་སྔ་ན་མེད་པ་ཡིན་ཞེས་བྱ་བ་འདི་ལ་ནི་རྗེས་སུ་དཔག་པ་ཉིད་ཚད་མ་ཡིན་ཏེ། འདས་པའི་དུས་སུ་ཡང་ཐམས་ཅད་ཤེས་པས་སྟོང་པ་ཡིན་ཏེ། དུས་ཡིན་པའི་
ཕྱིར་ད་ལྟར་བྱུང་བའི་དུས་ལྟ་བུའི་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་གསལ་བ་བྱེད་པ་བཞིན་དུ། སྔོན་མ་བྱུང་ངོ་ཞེས་བརྟག་པར་ནུས་པ་ཡིན་ནོ། །རེ་ཞིག་ཐམས་ཅད་ཤེས་པ་མ་ཡིན་པ་ཉིད་ཅེས་བྱ་བ་ལས་བརྩམས་ནས། གཞུང་ལུགས་ཐམས་ཅད་ལ་ཡོད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་
ཐམས་ཅད་ཤེས་པའི་ཤེས་པ་ནི་རྒྱུ་མེད་པར་བསྟན་པ་ཡིན་ནོ། །དེའི་ངེས་པའི་རྒྱུ་ཡང་ཞེས་བྱ་བ་ལ་སོགས་པས་ཤེས་པ་པོ་མེད་པར་ཡང་ངོ་། །ཚད་མ་གཞན་གྱི་སྤྱོད་ཡུལ་གྱི་དོན་རྟོགས་པར་བྱེད་པ་པོའི་སྐད་ཅིག་ཉིད་ལ་སོགས་པའི་ངག་ལ། སངས་རྒྱས་ཀྱིས་གསུངས་པ་ཉིད་ཚད་
མ་ཡིན་གྱི་ཁྱབ་པ་དང་ལྡན་པར་དམིགས་པ་མ་ཡིན་ནམ། ད་ལྟར་ནི་མཆོད་རྟེན་ལ་ཕྱག་བྱ་བ་ལ་སོགས་པའི་ངག་ལ་ཡང་དེ་ཉེ་བར་དམིགས་པ་ནི། ཚད་མ་ཉིད་ཀྱི་སྒྲུབ་བྱེད་ཡིན་ཏེ། ཤེས་པ་དེ་ནི་སྟོན་པ་པོའི་ཡིན་པར་རྟོགས་པར་བྱེད་པ་ཡིན་ནོ། །གང་ཡང་དབང་པོ་ལ་སོགས་པ་
དང་འབྲེལ་པ་ཅན་གྱི་ཡུལ་ལ། བདེན་པ་སྨྲ་བ་པོ་ཉིད་མཐོང་ནས་དེའི་ཚིག་ཉིད་ཀྱི་དད་པས་དོན་ལ་ཡང་རྟོགས་པར་བྱེད་པར་འགྱུར་རོ། །སྨྲས་པ་ཚད་མ་གཞན་དང་མི་སླུ་བ་དང་ལྡན་པའི་སྐད་ཅིག་མ་ལ་སོགས་པའི་ངག་ནི་ཚད་མ་ཡིན་གྱི། སངས་རྒྱས་ཀྱིས་གསུངས་པ་ཙམ་གྱིས་རབ་
ཏུ་སྦྱོར་བ་ནི་མ་ཡིན་ནོ། །དེའི་ཕྱིར་རབ་ཏུ་སྦྱོར་བར་བྱེད་པ་ནི་གཏན་ཚིགས་ཡིན་ཏེ། དེས་ན་གཞན་དབང་ཉིད་ཀྱིས་ཀྱང་། །ཚད་མ་ཉིད་དུ་བསྒྲུབ་པ་ཡིན། དེ་ནི་རང་ལས་ཚད་ཉིད་ན། །དབང་པོ་གཞན་སོགས་ལ་གང་ལྟོས། །དེའི་ཕྱིར་གང་ཁོ་ན་སྐད་ཅིག་མ་ལ་སོགས་པའི་ངག་ཚད་
མ་གཞན་མི་སླུ་བའི་ངོ་བོ་ནི་ཚད་མ་ཉིད་དུ་སྦྱོར་བར་བྱེད་པ་དེ་ཁོ་ན་མཆོད་རྟེན་ལ་ཕྱག་བྱ་བ་ལ་སོགས་པའི་ངག་རྣམས་ལ་ཉེ་བར་དམིགས་བཞིན་པའི་ཚད་མ་ཉིད་དུ་སྒྲུབ་པར་བྱེད་པ་ཡིན་ནོ། །སངས་རྒྱས་ཀྱིས་གསུངས་པ་ཇི་ལྟ་བ་ཁོ་ན་འདིར་དབང་པོ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་

གཅོད་པས་ཚད་མ་ཉིད་དུ་དད་པས་ཀྱང་དེ་ཁོ་ན་ཉིད་དུ་འགྱུར་གྱི། རང་དབང་གིས་འཐོབ་པ་ནི་མ་ཡིན་ནོ། །རབ་ཏུ་སྦྱོར་བར་བྱེད་པ་ཉིད་ཡིན་ན་ནི། །མཆོད་རྟེན་ལ་ཕྱག་བྱ་བ་ལ་སོགས་པའི་ངག་འགལ་བ་ཡིན་ལ། ཚད་མ་གཞན་གྱིས་རྟོགས་པའི་དོན་ལས་སངས་རྒྱས་ཀྱིས་གསུངས་པ་ཙམ་
གྱིས་ཚད་མ་མ་ཡིན་པ་སྐད་ཅིག་མ་ལ་སོགས་པའི་ངག་ལྟ་བུའོ། །ཇི་ལྟར་དེ་དག་བདེན་པ་ཉིད། །གཏན་ཚིགས་འདིས་ནི་གྲུབ་པ་ཉིད། །དེ་བཞིན་གཞན་གྱིས་མི་རྟོགས་དོན། །ཚད་མ་མེད་པའི་སྒྲུབ་བྱེད་ཡིན། །འདི་ནི་གཞན་དུ་སྒྲུབ་པར་བྱེད་པ་དང་བཅས་པའི་གཏན་ཚིགས་ཡིན་ཏེ། མཆོད་རྟེན་ལ་ཕྱག་བྱ་བ་ལ་སོགས་པའི་ངག་
ནི་མི་བདེན་པ་ཡིན་ཏེ། དབང་པོ་ལས་འདས་པའི་དོན་རྟོགས་པར་བྱེད་པ་ཉིད་ཀྱིས་སྐྱེས་བུའི་ངག་ཡིན་པའི་ཕྱིར། སྤུ་བཏོགས་པ་ལ་སོགས་པའི་ངག་ལྟ་བུའོ། །འོན་ཏེ་འཇིག་རྟེན་པ་མིན་དོན། །སྐྱེས་བུའི་ངག་ནི་རྒྱུ་ཡིན་ན། ཕན་ཚུན་མཐུན་པའི་ཕྱོགས་ཡིན་ཕྱིར། །རིག་བྱེད་ངག་རྣམས་
བརྫུན་ཉིད་འགྱུར། །གལ་ཏེ་སྦྱོར་བྱེད་མ་ཡིན་པའི་སངས་རྒྱས་ཀྱི་གསུང་ཡང་མཆོད་རྟེན་ལ་ཕྱག་བྱ་བ་ལ་སོགས་པའི་ངག་བདེན་པའི་སྒོ་ནས་ཐམས་ཅད་ཤེས་པ་ཉིད་སྒྲུབ་པར་བྱེད་པ་ཡིན་ན་དེ་ལྟ་ན་སངས་རྒྱས་ཐམས་ཅད་ཤེས་པ་མ་ཡིན་ཞེས་བྱ་བའི་བདག་གི་ཚིག་ཀྱང་བདེན་པར་འགྱུར་ཏེ། བདག་
གིས་སྨྲས་པ་ཡིན་པའི་ཕྱིར་དྲོ་བ་ལ་སོགས་པའི་ངག་ལྟ་བུའོ། །སངས་རྒྱས་ལ་སོགས་པ་རྣམས་ཐམས་ཅད་ཤེས་པ་མ་ཡིན་ཞེས་བྱ་བའི་བདག་གི་ཚིག་ནི་བདེན་པ་ཡིན་ཏེ། བདག་གིས་སྨྲས་པའི་ཕྱིར་དཔེར་ན་མེའི་དྲོ་བ་དང་གསལ་བ་ལྟ་བུའོ། །མཆོད་རྟེན་ལ་ཕྱག་བྱ་བ་ལ་སོགས་པའི་ངག་རྣམས་
སངས་རྒྱས་ཀྱིས་གསུངས་པ་ཉིད། ཐམས་ཅད་ཤེས་པ་མ་ཡིན་ནོ། །ཞེས་བྱ་བ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །བདག་གིས་སྨྲས་པ་ཉིད་མངོན་སུམ་ཡིན་ནོ། །ཞེས་བྱ་བ་ནི་བྱེ་བྲག་སྟེ། བདག་གིས་སྨྲས་པ་མངོན་སུམ་ཡིན། དེ་ཕྱིར་བདག་ནི་གཏན་ཚིགས་འགྱུར། །ཁྱེད་ཀྱི་བསྒྲུབ་བྱ་དེས་གསུངས་
པ། །ཐེ་ཚོམ་ཟ་བའི་མ་གྲུབ་པའོ། །གང་ལ་ཡོད་པ་དགག་པའི་བསྒྲུབ་བྱ་ལ། གཞལ་བྱ་ཉིད་ལ་སོགས་པའི་བསྒྲུབ་བྱ་ཐམས་ཅད་ལ་འཁྲུལ་པ་ཅན་ཡང་མངོན་སུམ་ལ་སོགས་པས་མི་སླུ་བ་ཅན་དུ་སྒྲུབ་པར་བྱེད་པ་ཡིན་ལ། དེའི་ཡོད་པ་ཉིད་དུ་འདོད་པ་སྒྲུབ་པར་བྱེད་ཅེས་པ་ནི། མངོན་

སུམ་ལ་སོགས་མི་སླུ་ཅན། །གཞལ་བྱ་ཉིད་སོགས་གང་གིས་ནི། །ཡོད་པ་ཉིད་ནི་དགག་ནུས་པ། །དེ་ལས་སུ་ཞིག་རྟོག་པར་འགྱུར། །དྲང་སྲོང་བརྒྱད་པོ་ལ་སོགས་པ་བཞིན་དུ། དྲན་པ་ནི་ཐམས་ཅད་ཤེས་པ་ཉིད་ཡོད་པ་ཉིད་ལ་ཚད་མ་མ་ཡིན་ཏེ། རྩ་བ་བཅད་པའི་ཕྱིར་རོ། །རྩ་བ་མ་
བཅད་པའི་དྲན་པ་ནི་ཚད་མར་ཉེ་བར་འཇོག་པར་བྱེད་པས་ཚད་མར་འགྱུར་རོ། །འདི་ནི་ཐམས་ཅད་ཤེས་པའི་དྲན་པ་ནི་ཤཱཀྱའི་དགེ་སློང་ཁ་ཅིག་ལ་གྲགས་པ་ཡིན་ཏེ། ཡོངས་སུ་བཟུང་བའི་ཕྱིར། རྩ་བའི་རྟོག་པ་ལ་ནུས་པ་ཅན་མ་ཡིན་ནོ། །དྲང་སྲོང་བརྒྱད་པོ་ལ་སོགས་པ་རྣམས་ཀྱི་ཁྱད་པར་
ཡིན་ཏེ། མ་ལུས་པ་ཁྱེད་ཀྱི་དྲན་པ་ལས་བཟློག་པས་རྟོགས་པའི་ཕྱིར་ཡིན་གྱི། དྲན་པ་རྣམ་པར་མ་བཅད་པ་ལས་ཐམས་ཅད་ཤེས་པར་རྟོགས་པ་ཡང་མ་ཡིན་ཏེ། རྩ་བ་རྣམ་པར་བཅད་པའི་ཕྱིར་རོ། །འགའ་ཞིག་ཁོ་ནས་ཡོངས་སུ་འཛིན་པའི་ཕྱིར་ཞེས་བྱ་བའི་བསམ་པས་ཞེས་ཟེར་བ་ནི།
ཕྱོགས་གཅིག་མི་སླུ་བ་ཞེས་བྱ་བ་སྟེ། རེ་ཞིག་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་ཞེས་བྱ་བས་རྒྱུ་མེད་པར་བསྟན་པ་ཉིད་ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་ནི་མངོན་དུ་བྱེད་པར་སྲིད་པ་མ་ཡིན་ཏེ་ཞེས་བྱ་བས་གསལ་བར་བྱེད་པ་ཡིན་ཏེ། ཀུན་ཤེས་བྱ་བའི་རྣམ་ཤེས་ནི། །དེ་ཡི་ཤེས་བྱ་ཤེས་མེད་པར། །
གང་ལས་ཞེས་བྱ་བ་ལ་སོགས་པས་ཤེས་པ་པོ་མེད་པ་དང་། ཐམས་ཅད་ཤེས་པ་མེད་པར་ཡང་རིགས་པར་ཚད་མས་གསལ་བར་བྱེད་པ་ཡིན་ཏེ་སངས་རྒྱས་ཀྱི་ཤེས་པའི་ཤེས་བྱ་སྐད་ཅིག་མ་དང་སྟོང་པ་དང་བདག་མེད་པ་ཉིད་དང་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པའི་ཡུལ་རྣམ་པར་རྟོག་
པ་དང་བྲལ་བས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སྐྱེས་བུ་རྣམས་ཀྱིས་ཐམས་ཅད་ཤེས་པར་བཟུང་བ་མེད་པའི་ཕྱིར་ཚད་མ་ཐམས་ཅད་མེད་པས་ན་མེད་པར་རྟོགས་པ་ཡིན་ནོ། །དེའི་གཏན་ཚིགས་ཀྱི་དོན་ནི་འདི་ཡིན་ཏེ། དུས་གསུམ་གྱི་སྐྱེས་བུ་རྣམས་དུས་གསུམ་དུ་ཡང་ཐམས་ཅད་ཤེས་པར་
འཛིན་པ་མ་ཡིན་ཏེ། དེའི་ཤེས་པ་དང་ཤེས་བྱ་དག་རྟོག་པ་དང་བྲལ་བའི་ཕྱིར་བདག་ཅག་ལ་སོགས་པ་བཞིན་དུའོ། །གང་ཞིག་རེས་འགའ་ཡང་མི་འཛིན་པ་དེ་ནི་མེད་པ་ཡིན་ཏེ་རི་བོང་གི་རྭ་ལྟ་བུའོ། །འདི་ནི་ཀུན་ཤེས་ཡིན་ནོ་ཞེས། །དེའི་དུས་སུ་འང་རྟོགས་འདོད་རྣམས། །དེ་ཡི་ཤེས་

བྱ་རྟོགས་མེད་པས། ཇི་ལྟར་རྟོགས་པར་བྱ་བ་ཡིན། ཞེས་བྱ་བའི་དོན་ཏོ། །འོན་ཏེ་དེ་འཛིན་པ་གྲུབ་པའི་དོན་དུ་ཐམས་ཅད་ཤེས་པ་གཞན་འདོད་པ་ཡིན་ན། དེ་ལས་ཀྱང་གཞན་པར་རྟོགས་པ་ཡིན་ཏེ། ཐུག་པ་མེད་པར་འགྱུར་ལ། འདི་ནི་འདོད་པ་ཡང་མ་ཡིན་ནོ། །ཁྱེད་ཀྱིས་ཐམས་ཅད་
ཤེས་པར་ནི། །རྟོགས་པ་འང་མང་པོར་འགྱུར་བ་ཡིན། །གང་ཞིག་ཀུན་ཤེས་མིན་འགྱུར་བ། །དེས་ནི་ཀུན་ཤེས་རྟོགས་པ་མིན། །དེ་བསྟན་པ་ནི་དེའི་ཤེས་བྱ། ཤེས་ནའང་དེ་ཉིད་ཀུན་རིག་འགྱུར། །ཞེས་བྱ་བའོ། །ཐམས་ཅད་ཤེས་པ་ཡིན་ཡང་དེ་ལྟ་ན་ཡང་དེའི་འདོད་ཆགས་དང་བྲལ་
པ་ཉིད་ཡིན་པའི་ཕྱིར་ཉེ་བར་སྟོན་པ་པོ་ཡིན་པས། སླུ་བྱེད་རྣམས་ཀྱིས་བྱས་པ་ཉིད། །མཆོད་རྟེན་ཕྱག་བྱ་སོགས་བསྟན་པ། མངོན་སུམ་ལ་སོགས་མེད་རྣམས་ཀྱིས། །སོ་སོར་རྟོག་པ་ལས་ཡིན་ནོ། །འདི་ནི་འདོད་ཆགས་བྲལ་ཡིན་ན། །བྱ་བ་མེད་པར་རྣམ་པར་གནས། །སོ་སོར་རྟོག་པ་
མེད་པའི་ཕྱིར། གཞན་གྱིས་བསྟན་པར་བྱས་ཉིད་འགྱུར། །ཞེས་ཟེར་བ་ནི། གང་ཞིག་ཆགས་སོགས་དང་བྲལ་ཞིང་། །ཞེས་བྱ་བ་སྟེ། སངས་རྒྱས་ཀྱིས་གསུངས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པ་ཉིད་དུ་བསྟན་པ་ཡིན་ནོ། །ཐམས་ཅད་ཀྱི་ཤེས་པ་དེ་ཡང་རེ་ཞིག་ཐོག་མ་དང་
ཐ་མ་མེད་པ་ཉིད་ཀྱིས་ཐམས་ཅད་ཀྱི་རིམ་གྱིས་རིག་པ་མི་སྲིད་པ་ཡིན་ཏེ། དེ་ཁོ་ན་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་བསྟན་པ་ནི། བྱུང་གྱུར་བྱུང་དང་འབྱུང་འགྱུར་དངོས། །ཞེས་བྱ་བ་སྟེ། ཕྱོགས་གཅིག་པ་ཙམ་གྱིས་ནི་ཐམས་ཅད་ཤེས་པ་མ་ཡིན་ཏེ། ཐམས་ཅད་ཀྱང་དེ་ལྟ་བུ་ཉིད་དུ་
ཐལ་པའི་ཕྱིར་རོ་ཞེས་ཟེར་བ་ནི། ཕྱོགས་གཅིག་ཡོངས་སུ་ཤེས་པ་ནི། སུ་ལ་མེད་ཅེས་བྱ་བ་སྟེ། དེ་ཉིད་ཀྱི་ཕྱིར་སྐད་ཅིག་མ་ཉིད་ལ་ཕྱོགས་གཅིག་ཤེས་པ་མི་སླུ་བས་ཀྱང་ཐ་དད་པར་བྱ་བ་ལ་སོགས་པའི་ཡུལ་གྱི་ཤེས་པ་ལ་ཡོད་པ་སྲིད་པར་བྱ་བ་མ་ཡིན་ནོ་ཞེས་ཟེར་བ་ལ། སྐྱེས་བུ་མང་དུ་
རྟོགས་པ་ལ་ཞེས་བྱ་བའོ། །འོན་ཏེ་ཕྱོགས་གཅིག་ཟོས་པ་དང་བསམས་པ་ལ་སོགས་པ་གཞན་འདྲ་བའི་མི་སླུ་བ་ཡོད་ན་ཤིན་ཏུ་ཁྱད་པར་ཅན་ཤེས་པར་སྲིད་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པས་ཟེར་བ་ནི། ཁྱད་པར་དད་དང་ལྡན་ཞེས་བྱ་བའོ། །འོན་ཏེ་དེ་ཉིད་ཕྱོགས་གཅིག་ཤེས་པ་ཙམ་ཉིད་ལ་

སོགས་པ་གཞན་འདྲ་བའི་ཤེས་པ་ལས་ཐ་དད་པར་བྱ་བ་ལ་སོགས་པའི་ཤེས་པའི་སྲིད་པ་ཡིན་ནོ་སྙམ་དུ་སེམས་པས་ཟེར་བ་ནི་ཕྱོགས་གཅིག་དེ་ཉིད་ཤེས་པ་ནི་ཞེས་བྱ་བ་སྟེ། དེ་ཉིད་ཤེས་པའི་ཤེས་པ་དེས་འབྲེལ་པ་གྲུབ་པ་མེད་པའི་ཕྱིར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །
འོན་ཏེ་ཅིག་ཅར་རིག་པར་བྱེད། །ཅེས་པའི་ཕྱོགས་ཡིན་ན་དེ་ལ་ཡང་སྨྲས་པ་ནི། ཅིག་ཅར་ཐམས་ཅད་རྣམས་ཤེས་ན། ཞེས་བྱ་བའོ། །འོན་ཏེ་མི་མངོན་པར་ཁོ་ནར་ཐམས་ཅད་ཀྱི་ཤེས་པ་བསྟན་པས་བདག་ཅག་ལ་ཕན་བཏགས་པ་ཡིན་ནོ། །སྐྱེས་བུ་དེ་ཡིས་ཉེ་བ་ཙམ། །ཡིད་བཞིན་ནོར་བུ་ཇི་
བཞིན་དུ། ཇི་ལྟར་འདོད་པ་འབྱུང་བ་ནི། །རྩིག་པ་ལ་སོགས་སྟོན་པར་འགྱུར། །ཞེས་བྱ་བ་ནི་མི་རིགས་ཏེ། མི་མངོན་པ་དེ་ལྟ་བུའི་ཤེས་པ་ལས་བྱུང་བའི་བསྟན་པ་རྣམས་མི་ཤེས་པའི་ཕྱིར་རོ། །དེ་ལྟ་ལ་སོགས་བསྟན་པ་ནི། །དད་དང་ལྡན་ན་ལེགས་གྱུར་ན། །རྩིག་པ་ལ་སོགས་ལས་བྱུང་
ཕྱིར། །བསྟན་པ་རྣམས་ལ་ཡིད་ཆེས་མེད། །སྙམ་དུ་སེམས་པ་ལ་ནན་ཏན་དུ་བྱེད་པར་འདོད་པ་རྣམས་ཀྱི་ལྟོས་པ་སྟེ། ནན་ཏན་དུ་བྱ་བའི་ཤེས་པ་ནི་འདི་ལ་མངའ་བ་ཡིན་ནོ་ཞེས་བྱ་བའི་ཚད་མ་བསྟན་པ་ནི། དེས་གསུངས་རྟོགས་པར་བྱ་བའི་ཕྱིར། །ཞེས་བྱ་བ་སྟེ་ཤེས་པ་དང་ལྡན་པ་ཚོལ་
བར་བྱེད་པ་ནན་ཏན་དུ་བྱེད་པའི་ཡན་ལག་ཁོ་ན་ཡིན་པ་ནི་གལ་ཏེ་ནན་ཏན་དུ་བྱ་བ་དེའི་ཤེས་པ་དང་ལྡན་པ་ཡོད་ན་ཡིན་ཏེ་རང་གི་བཞིན་དུ་གཞན་ལ་ཤེས་པ་ཡོད་ཀྱང་དེ་མེད་ན་ནན་ཏན་བྱེད་པ་མེད་པའི་ཕྱིར་རོ། །དེ་ལས་ཡང་རང་གི་ཤེས་པ་མེད་ན་ཇི་ལྟར་གཞན་གྱི་ཤེས་པ་གོ་བར་བྱེད་པ་མ་ཡིན་ཏེ། དེ་
ཡོད་ན་འམ་དེ་ཡིན་དུ་ཆུག་ཀྱང་མངོན་སུམ་བཞིན་དུ་འཇུག་པར་བྱེད་པ་ཡིན་ན་དབང་པོ་ལས་འདས་པ་ལ་ཡང་འགྱུར་རོ། །དེ་ཡང་འཇུག་པར་བྱེད་པ་ཡིན་ནོ་ཞེ་ན། གང་ལ་དེ་ཡིན་པ་ལ་ནི་དེ་བདེན་ན་གཞན་གྱི་ཤེས་པ་གཞན་ལ་འཇུག་པར་བྱེད་པ་ནི་མ་ཡིན་ཏེ། ཚིག་ལ་སོགས་པའི་སྒོ་ནས་གཞན་
ལ་ཡང་དེ་ཚད་མར་གྱུར་པ་ཁོ་ན་ཡིན་པར་འགྱུར་རོ། །དེ་བསྟན་པ་ནི། ཡུལ་ཐག་རིང་སོགས་གཏམ་རྣམས་ལ། །ཡིད་ཅེས་སྨྲས་པ་བློ་གནོད་མིན། །ཞེས་བྱ་བའོ། །ནུས་པའི་ཡུལ་ལ་ཡིན་ན་མི་ནུས་པ་ལ་ཇི་ལྟར་ཡིན། མ་ཡིན་ཏེ་ཐམས་ཅད་ནུས་པ་ཡིན་པའི་ཕྱིར་རོ། །འདི་ལྟར་སྐད་ཅིག་མ་

ཉིད་དང་ཤེས་པ་ཙམ་ཉིད་ཀྱི་ཞེས་པ་ནི་ཡན་ལག་བཞིན་དུ་བྱང་གྲོལ་སྒྲུབ་པར་བྱེད་པར་ནུས་པ་ཡིན་ཏེ། མངོན་གསུམ་ལ་སོགས་པ་སྒྲུབ་བྱེད་ཡིན་པའི་ཕྱིར་རོ། །དྲན་པ་གོམས་པའི་ཟིན་པོ་ཡིན་ན་བློ་གསལ་པོ་སྐྱེས་པས་ཡུན་རིང་པོར་བརྗེད་པ་རྣམས་ཀྱང་དྲན་པར་སྣང་བས། སྔོན་གྱི་གནས་
རྗེས་སུ་དྲན་པ་འབྱུང་བའི་ཕྱིར་མངོན་པར་འབྱུང་སྒྲུབ་པར་བྱེད་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་རྣམ་པར་དཔྱོད་པ་ལས་བྱུང་བ་མ་ཉམས་ཡིན་ལ། དེ་ལ་ཡང་དེ་ཤེས་པ་མེད་པ་ལས་ནན་ཏན་བྱེད་པ་མ་ཡིན་པ་མ་ཡིན་ཏེ། འབྲས་བུ་མཐོང་བའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཡང་འབྱུང་བ་ཡོངས་སུ་གྱུར་པའི་བྱེ་བྲག་
ཅན་གྱི་རྟོག་པས་འབྱུང་བ་ནི་མ་ཡིན་ཏེ། རྣམ་པར་དཔྱོད་པར་འཆད་པར་འགྱུར་བའི་ཕྱིར་རོ། །ཤེས་པ་དེ་ཡང་ཇི་ལྟར་ཡིན་ཞེས་རྣམ་པར་དཔྱད་པ་ཡང་མ་ཡིན་ཏེ། འབྲས་བུའི་ཤེས་པ་དང་འགལ་བའི་ཕྱིར་རོ། །དེའི་སྒྲུབ་བྱེད་ཉིད་ཀྱིས་ཤེས་པ་ཉིད་ལས་འཇུག་པའི་ཡན་ལག་ཀྱང་མ་ཡིན་ཏེ། འདོད་
ཆགས་ལ་སོགས་པས་ཀྱང་གདུངས་པ་བཞིན་དུ་འཇུག་པར་མཐོང་བའི་ཕྱིར་རོ། །དེ་ལྟར་ཡང་དེ་ཁོ་ན་བཞིན་དུ་ཡིན་ནོ་ཞེས་བྱ་བར་ཡང་མི་རིགས་ཏེ། རིག་བྱེད་དང་དབང་ཕྱུག་ལ་སོགས་པའི་ཚད་མ་ཚོལ་བས་སེམས་འཁྲུགས་པའི་ཕྱིར་རོ།། །དེ་བཞིན་དུ་འཇུག་པ་ཡིན་ན་ངེས་པ་ཅན་གྱི་བྱང་གྲོལ་དང་།
མངོན་པར་འབྱུང་བ་ལ་སོགས་པའི་འབྲས་བུ་མངོན་པར་འཐོབ་པའམ། ཅིག་ཤོས་འཐོར་བ་ཞེས་བྱ་བ་ནི་མ་ཡིན་ཏེ། ཇི་སྐད་དུ་དེ་ནི་འདི་རྣམ་པར་མ་དཔྱད་པས་གང་ཡང་རུང་བ་ཉེ་བར་ལེན་པ་ན་རྣམ་པར་ཉམས་པ་ཉིད་དམ་དོན་མེད་པར་འགྱུར་རོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཐུགས་རྗེ་
དང་ལྡན་པ་ངེས་པ་ཅན་སྒྲུབ་པར་བྱེད་པའི་ཤེས་པ་ནི། སྔོན་གྱི་གནས་རྗེས་སུ་དྲན་པའི་རིམ་གྱིས་ཐོབ་ནས་འདོད་པ་དང་མི་འདོད་པའི་རྣམ་པར་དབྱེ་བས་སྒྲུབ་བྱེད་དུ་མ་ཡན་ལག་དང་བཅས་པར་སྟོན་པར་མཛད་ལ། གཞན་གྱིས་ཀྱང་འཇུག་པར་འདོད་པས་དེ་དེ་བཞིན་དུ་འཇུག་པའི་ཡུལ་ལ་མཁས་
པར་འགྱུར་བར་བྱ་བ་མ་ཡིན་ནོ། །དེ་ལ་ཡང་རང་ཉིད་ལས་རིག་པ་མེད་པ་ཡིན་ཏེ། ཇི་སྐད་གསུངས་པའི་གདམས་ངག་མེད་པའི་ཕྱིར་རོ། །དེའི་ཕྱིར་ཤེས་པ་དང་ལྡན་པ་དེ་བཙལ་བར་བྱ་བ་ཡིན་ཏེ། རང་དང་གཞན་ལ་ཤེས་པ་མེད་ན་འཇུག་པར་མི་རིགས་པའི་ཕྱིར་རོ། །དེ་ལ་རང་ལ་ཤེས་པའི་

ཐབས་མེད་ཅེས་ཏེ། གཞན་ལ་མེད་པར་ཤེས་པར་བྱ་བ་མ་ཡིན་ཏེ། བྲབརྟགས་པ་ལ་སོགས་པ་བཞིན་དུ་ཉི་ཚེ་བ་ཡིན་པའི་ཕྱིར་རོ། །སྲིད་པ་ཡིན་ན་ཡང་དེ་ཤེས་པ་ལ་ཡང་དེ་སྔོན་དུ་འགྲོ་བ་ཅན་དུ་བསྟན་པ་ནི། འདི་ཁོ་ན་ཡིན་གྱི་གཞན་མ་ཡིན་ནོ་ཞེས་ཅི་ལས་ཤེས། གལ་ཏེ་བདེ་
གཤེགས་ཀུན་ཤེས་ན། །སེར་སྐྱ་མི་ཞེས་ཚད་མ་གང་། །ཞེས་བྱ་བའི་ཚིག་ལས་སོ། །ཕྱོགས་གཅིག་ལ་མི་སླུ་བས་ཤེས་པ་སྔོན་དུ་འགྲོ་བ་ཅན་གྱི་ཤེས་པ་ཡང་མ་ཡིན་ཏེ། མ་ངེས་པའི་ཕྱིར་དང་སྐྱེས་བུའི་དོན་ཕྲན་ཚེགས་ཀྱི་ཤེས་པ་ནི་ཐམས་ཅད་ལ་རྙེད་བླ་བའི་ཕྱིར་རོ། །བྱང་གྲོལ་དུ་བསྟན་པ་ནི་
སྐྱེས་བུའི་དོན་གྱི་དམ་པ་ཐབས་དང་བཅས་པ་ནི་མི་སླུ་བ་ཅན་ཡིན་པའི་ཕྱིར་དེ་དང་དགོངས་པ་གཅིག་པས་གསུངས་པའི་མཐོ་རིས་ལ་སོགས་པའི་སྐྱེས་བུ་དོན་ཕྲན་ཚེགས་ངག་གི་སྔ་རོལ་ཉིད་དུ་དེ་ཉིད་ཤེས་པ་ཡིན་ཏེ། སྐྱེས་བུའི་དོན་གྱི་དམ་པ་ལ་མི་སླུ་བ་ཡིན་ན་ཅིག་ཤོས་ལ་སླུ་བ་ཡིན་ནོ་ཞེས་ཐེ་ཚོམ་
ཟ་བ་མ་ཡིན་ནོ། །བཟློག་པ་ལ་ནི་དེ་ལྟར་འགྱུར་རོ་ཞེས་བྱ་བའི་བསམ་པའི་དབྱེ་བ་ཤེས་པ་ནི་འཇིག་པའི་ཡིན་ལ། འཇིག་རྟེན་གྱི་ཐབས་དང་ལྡན་པ་ནི་གཞན་དུ་རྣམ་པར་གཞག་པར་མི་རིགས་སོ། །སེར་སྐྱ་ལ་སོགས་པ་ལ་ནི་འདི་མེད་པ་ཡིན་ཏེ་དེའི་ཕྱིར་སླུ་བ་ཅན་ཉིད་དོ། །གཞན་ལས་ཐོས་
ནས་སྨྲ་བ་ཡིན་པར་མི་རིགས་ཏེ། གང་གིས་ཚད་མ་ཡོད་པ་ཅན་གྱི་དངོས་པོའི་བསྒོམ་པས་འདོད་པ་དང་མྱ་ངན་ལས་འདས་པ་བཞིན་དུ་སྔོན་དུ་བྱེད་པ་སྲིད་པའི་ཕྱིར་རོ། །གཙོ་བོ་ཉེ་བར་སྟོན་པ་པོ་ཉིད་གཞན་ཡང་ཞེས་ཅི་ལས་དེ་ལྟ་བུ་ཉིད་ཀྱི་དྲན་པ་རྣམ་པར་གཅོད་པ་མ་ཡིན་པས། རིག་བྱེད་ལ་སོགས་
པ་སྐྱེས་བུས་བྱས་པ་ལ་མ་ཡིན་པ་ལ་སོགས་པ་བཞིན་དུའོ། །རིག་བྱེད་ལ་སོགས་པ་ལ་ནི་སྐྱེས་བུའི་དོན་གྱི་གཙོ་བོ་ལ་མི་སྣང་བར་ཡིད་ཆེས་བ་ཉིད་ཀྱི་ཤེས་པའི་རྒྱུ་མེད་དོ། །དེའི་ཕྱིར་དེ་ལས་གཞན་པ་ལ་ཡང་ཡིད་ཆེས་པ་ཉིད་དུ་ངེས་པ་མེད་པར་བསྟན་པ་ནི་མི་ཤེས་པ་ནི་སྐྱེས་བུའི་དོན་གྱི་གཙོ་བོའི་
དད་པར་བྱ་བའི་ཤེས་པ་སྲིད་པ་མེད་པས་སོ། །སྟོན་པར་བྱེད་པ་ཞེས་བྱ་བ་ནི་ཉེ་བར་བསྟན་པར་བྱ་བ་སྟེ་ནན་ཏན་དུ་བྱ་བའོ། །དེ་ལ་བྱེད་པ་ནི་ནན་ཏན་དུ་བྱ་བའོ། །དེ་ལ། སླུ་བ་ཡིན་པར་དོགས་རྣམས་ཀྱི། །ཞེས་བྱ་བ་ནི་སྐྱེས་བུའི་དོན་གྱི་གཙོ་བོའི་ཤེས་པའི་རིམ་གྱིས་དད་པར་བྱ་བའི་ཤེས་པ་ཁོ་ན་ཚོལ་

བར་བྱེད་པ་ཡིན་ཏེ། ཐབས་དང་བཅས་པའི་སྐད་ཅིག་མ་ཉིད་མཐོང་ན་ཅིག་ཤོས་མི་མཐོང་བ་མ་ཡིན་ཏེ། མཐོང་བའི་སྒྲུབ་བྱེད་བསྒོམ་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་སྐད་ཅིག་མ་ཉིད་ལ་སོགས་པའི་བསྒོམ་པས་སྒྲིབ་པ་མ་ལུས་པའི་ཉེས་པ་སྤངས་པ་ཡིན་ན་དྲན་པ་གོམས་པ་ཕུན་སུམ་ཚོགས་
པ་ལས་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ཐོབ་པ་ལས། ལས་དང་འབྲས་བུ་དང་འབྲེལ་པར་བདེ་བར་རྟོགས་པའི་ཕྱིར་དྲན་པས་གོམས་པ་བཞིན་དུ་གཙོ་བོའི་ཤེས་པ་ཡང་དེ་ལས་མཁོ་བ་ཡིན་ནོ། །དེའི་ཕྱིར་སྐྱེས་བུའི་དོན་གྱི་གཙོ་བོ་རྟོགས་པ་སྔོན་དུ་འགྲོ་བ་ཅན་གྱི་དྲན་པ་གོམས་
བའི་བློ་གསལ་བ་ནི་ཉམས་སུ་མྱོང་བ་དྲན་པའི་རྒྱུ་ཡིན་ཏེ། གེགས་བྱེད་པ་མེད་ན་མཐོང་བ་བཞིན་དུ་སྙིང་རྗེ་གོམས་པ་ཕུལ་དུ་བྱུང་བ་ལས་གེགས་བྱེད་པ་མེད་པར་ཤིན་ཏུ་ངེས་པ་ཡིན་པའི་ཕྱིར་གདོན་མི་ཟ་བར་འབྱུང་བའི་འབྲས་བུ་ནི་རྒྱུ་ཡིན་ལ། མ་འོངས་པའི་འབྲས་བུ་སྔོན་གྱི་གནས་རྗེས་
སུ་དྲན་པའི་འབྲས་བུ་ཡིན་ཏེ། དེ་མེད་ན་མེད་པའི་བྱེ་བྲག་མེད་པའི་ཕྱིར་རོ། །འཇིག་རྟེན་པའི་ཡང་གཙོ་བོ་ལ་མི་སླུ་བས་ཅིག་ཤོས་ལ་ཡང་མི་སླུ་བའི་ཤེས་པ་ལས་ཡིད་ཆེས་པའི་ཤེས་པ་ཡིན་པར་གཙོ་བོའི་དོན་ལ་སླུ་མིན་ལས་གཞན་ལ་རྗེས་སུ་དཔག་པ་ཡང་ཞེས་བྱ་བས་འཆད་པར་འགྱུར་རོ། །འདིར་ནི་དེ་ཡོངས་
སུ་མ་ཤེས་པའི་སྐྱོན་བརྗོད་པ་ཡིན་ལ། འདི་ལ་ཡང་འདིའི་ནན་ཏན་དུ་བྱ་བའི་ཤེས་པ་ནི་རྟོགས་བྱ་ཡིན་པར་བསྟན་པ་ཡིན་ལ། དེ་ལ་ནི་ཡུལ་ཅན་ཐམས་ཅད་དམ། ཡང་ན་ནན་ཏན་བྱ་བ་དང་ནན་ཏན་བྱེད་པར་རང་ཉིད་རྟོགས་པ་དང་ལྡན་པ་ཡིན་ལ། འགའ་ཞིག་ཁས་བླང་པར་བྱ་བ་ཡིན་ནོ། །
གཞན་དུ་ཤེས་པ་ཞེས་བྱ་བ་ནི་རྟོགས་པ་ཡིན་ལ། གང་ལ་དེ་མེད་པ་ནི་འདིའི་མི་ཤེས་པར་སྟོན་པའོ། །དེ་ལས་བྱེད་པ་ནི་བྱེད་པ་སྟེ། ནན་ཏན་ཏུ་བྱེད་ན་སླུ་བ་སྲིད་པ་ཡིན་ཏེ། མངོན་སུམ་དང་རྗེས་སུ་དཔག་པའི་རྒྱབ་རྟེན་དང་བྲལ་བའི་ཉེ་བར་བསྟན་པ་ཙམ་ལས་ནི་བཅོས་མ་མ་ཡིན་པ་
ལས་ཀྱང་དོན་དང་འབྲེལ་པའི་རང་བཞིན་ཅན་མ་ཡིན་པའི་ཕྱིར། དེ་ཙམ་ནན་ཏན་དུ་བྱེད་པ་ནི་རང་གི་རྟོག་པ་ཙམ་ནན་ཏན་བྱེད་པ་བཞིན་དུ་ཡིད་ཆེས་པའི་གནས་མ་ཡིན་ནོ། །དེའི་ཉེ་བར་བསྟན་པ་ནི་རྨོངས་པ་ལས་ཀྱང་འབྱུང་བ་ཡིན་ལ། རྨོངས་པ་མེད་ན་རིག་བྱེད་ལས་ཀྱང་འབྱུང་

ཞེས་པ་གསལ་བ་ཡིན་ཏེ། དོན་དང་འབྲེལ་པ་སྐྱེས་བུས་བྱས་པ་ཉིད་ཀྱིས་རྨོངས་པ་སྲིད་པ་མི་ལྡོག་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟ་བུའི་རྣམ་ཤེས་བསྐྱེད་པ་ལ་མིག་ལ་སོགས་པ་རྒྱུ་མ་ཡིན་ལ། བསྒོམ་པ་ཡང་ཡིན་པར་ནི་མི་འགྱུར་ཏེ། དབང་པོ་ལས་འདས་པའི་ཕྱིར་
རོ། །ཅུང་ཟད་ཀྱང་མངོན་སུམ་གྱི་ནུས་པས་མ་མཐོང་བ་ཡིན་ཞེས་བྱ་བ་ལ་སོགས་པ་ཡང་གསལ་བ་ཡིན་ཏེ། དྲན་པ་གོམས་པ་ལས་ཉམས་སུ་མྱོང་བ་དྲན་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་དྲན་པས་ཤེས་པ་ཡིན་གྱི་མངོན་སུམ་གྱིས་ནི་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཤིན་
ཏུ་གོམས་པ་ལས་གསལ་བར་སྣང་བ་ཉིད་ཀྱིས་མངོན་སུམ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཉེ་བར་བསྟན་པ་ལས་ཤེས་པ་ནི་ཕ་ལ་སོགས་པའི་ཉེ་བར་བསྟན་པ་བཞིན་དུ། རྟོགས་བཞིན་པ་ཡིན་ན་ཁྱེད་ཀྱིས་ཅི་ལས་ཤེས་ཞེས་གླགས་བཙལ་བར་བྱ་བ་མ་ཡིན་ཏེ། ཤིན་ཏུ་གོམས་པ་ལས་ནི་
རྟོགས་པར་མ་བྱས་ཀྱང་ལུས་དང་ངག་གི་ཐ་སྙད་མཐོང་བའི་ཕྱིར་རྟོག་པ་མེད་ན་ཇི་ལྟར་སྟོན་པ་ཡིན་ཞེས་བྱ་བ་གསལ་བ་ཡིན་ནོ། །དེ་གལ་ཏེ་ཡིད་ཆེས་པ་ལས་དབང་པོའི་ཡུལ་ཞེས་སྨྲ་བས། བདེན་པ་སྨྲ་བ་ཉིད་དང་དབང་པོའི་ཡུལ་དུ་སྨྲ་བ་ཉིད་ཡིད་ཆེས་པའི་མཚན་ཉིད་བསྟན་པ་ཡིན་ལ། དེ་ཡང་འཇིག་
རྟེན་ཕ་རོལ་པའི་ལས་རྗེས་སུ་སྒྲུབ་པ་ལ་དགོངས་པ་ཡོད་པ་མ་ཡིན་ལ། དེའི་དོན་ཉིད་དུ་རྟོགས་པ་དང་ལྡན་པ་རྣམས་རྩོམ་པའི་ཕྱིར་སྐྱེས་བུས་བྱས་པ་མ་ཡིན་པ་ཉིད་ལས་སམ། གཞན་ལས་ཀྱང་དེ་འབྱུང་བར་མི་འགྱུར་བའི་ཕྱིར་དབང་པོ་ལས་འདས་པ་མཐོང་བ་དེས་ན་སྐལ་བ་དང་ལྡན་པ་ཡིན་པར་བསྟན་
པ་ནི། ཤེས་ལྡན་ཚོལ་བྱེད་པ་ཞེས་བྱ་བ་སྟེ། འབྲས་བུ་དང་དེའི་ཁྱད་པར་མཐོང་བ་ལས་རྒྱུ་དང་། དེའི་ཁྱད་པར་དག་པ་ཡིན་ལ། དེ་ལས་ཀྱང་དེ་ལས་གཞན་པ་ཡིན། །ཞེས་རྗེས་སུ་དཔག་པས་ངེས་པ་ཡིན་ཏེ། གོམས་པ་ཁྱད་པར་ཅན་གྱིས་ཆེས་གསལ་བ་ལ་ནི་མ་ལུས་པ་མངོན་སུམ་དུ་འགྱུར་བའི་
ཕྱིར་རོ། །ཇི་ལྟར་ཐོག་མ་དང་ཐ་མ་མེད་པ་འགལ་པ་ཡིན། རྣམ་པར་རྟོག་པ་བཞིན་དུ་མངོན་སུམ་གྱི་རྟོགས་པས་བསྒོམ་པ་ཙམ་ལས་འབྱུང་བ་གསལ་བ་ཡིན་པའི་ཕྱིར་ལ། མངོན་སུམ་ཉིད་ཉམས་པ་ཡང་མ་ཡིན་ཏེ། སྐད་ཅིག་མ་གཞན་ལ་ཡང་དེ་དང་འདྲ་བ་ཁོ་ནའི་རྒྱུན་གྱིས་འུ་བུ་ཅག་གི་ཤེས་པ་བཞིན་དུ་

འཇུག་པའི་ཕྱིར་རོ། །གདུལ་བྱ་མཐའ་ཡས་པ་ཉིད་ཀྱིས་ཀྱང་སྐད་ཅིག་མ་རེ་རེ་ལ་ཡང་མངོན་པར་འདོད་པར་བྱེད་པའི་ཕྱིར་ཚད་མ་ཡིན་ཏེ་དེའི་ཕྱིར་ཁྱད་པར་ཡོད་དོ། །ཕ་རོལ་ལ་ཡོད་པའི་འདོད་ཆགས་ལ་སོགས་པ་རིགས་པའི་ཕྱིར་དེས་དེ་དང་ལྡན་པ་ཡིན་ཞེས་བྱ་བ་ལ་སོགས་པའི་རྒོལ་བ་དང་ལན་
རྒྱས་པར་ནི་རྣལ་འབྱོར་བའི་མངོན་སུམ་རྣམ་པར་བཤད་པ་ལས་ཤེས་པར་བྱའོ། །གཟུགས་ལ་སོགས་པ་མངོན་དུ་བྱེད་པ་མིག་ལ་སོགས་པ་རྗེས་སུ་འཇུག་པ་ཅན་ནི་བསྒོམ་པ་ལས་སམ་གཞན་ལས་ཀྱང་ཇི་ལྟར་འགྱུར། གླུར་བླང་བྱ་བ་ལ་སོགས་པ་ཙམ་ལ་སོགས་པ་ཡང་ཁྱད་པར་ཅན་
གྱི་དང་པོའི་དབང་པོ་དང་འབྲེལ་པ་ལས་འབྱུང་བ་ནི་བསྒོམས་པའི་རྗེས་སུ་འཇུག་པའི་ཤེས་པ་གསལ་བར་ཉེ་བར་དམིགས་པ་མ་ཡིན་ནོ་ཞེས་སྨྲ་བ་རྣམས་ཀྱིས་བསྒོམས་པའི་བསྐྱེད་བྱ་བརྗོད་པ་ལ་འདི་ཙམ་ཞེས་བྱ་བ་མེད་དེ། །དབང་པོ་རྣམས་ལྷན་ཅིག་བྱེད་པ་ཉིད་ཀྱིས་རྗེས་སུ་འཇུག་པར་
བྱེད་པ་རྣམས་ཡུལ་སོ་སོར་ངེས་པ་ཡིན་ན་གཞལ་དུ་མེད་པའི་ཕྱིར་ཐམས་ཅད་ཤེས་པ་མ་ཡིན་པ་ཉིད་ལ་སྔོན་པོ་དང་སྔོན་པོ་མ་ཡིན་པའམ། རིག་པའམ་རིག་པར་བྱེད་པ་མ་ཡིན་ཞེས་བྱ་བར་འགྱུར་ཏེ་འགལ་བ་མེད་པའི་ཕྱིར་མ་ཡིན་ཞེས་བྱ་བར་མཚུངས་སོ། །ཐམས་ཅད་མཁྱེན་པ་མ་ཡིན་པ་
ལ་ནི་འགལ་བ་མེད་དོ། །ཐམས་ཅད་ཤེས་པ་མ་ཡིན་པ་ཉིད་ཐམས་ཅད་མཁྱེན་པར་འགྱུར་ཏེ་དཔྱོད་པ་པ་མ་ཡིན་པ་དཔྱོད་པ་བར་འགྱུར་བ་བཞིན་དུའོ། །ཐབས་ཡོད་པའི་ཕྱིར་ཏེ་དྲན་པ་གོམས་པ་ནི་ཐབས་ཡིན་པའི་ཕྱིར་རོ། །མཐོ་རིས་དང་ཐར་པའི་ལམ་ཤེས་པ་ཉིད་ཀྱིས་རྗེས་སུ་སྒྲུབ་པར་འདོད་པ་རྣམས་ཀྱི་བསྙེན་
པར་བྱ་བ་འདི་ཡིན་གྱི། དགོས་པ་མེད་པ་ཐམས་ཅད་ཀྱི་ཤེས་པ་ལས་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། ཐམས་ཅད་རིག་པ་ཞེས་བྱ་བ་ཚད་མ་གཞན་ནི་འདོད་པ་མ་ཡིན་གྱི། འོན་ཀྱང་ཞེས་བྱ་བའོ། །ཐམས་ཅད་ཤེས་པ་ཡིན་པའི་ཕྱིར་ཡང་ཤེས་པ་ཕུལ་དུ་བྱུང་བ་དང་ལྡན་པའི་ཕྱིར་བསྙེན་པར་བྱ་བ་
མ་ཡིན་ནམ། དེ་ཡང་ཐམས་ཅད་ཀྱི་ཤེས་པ་ཆེས་ཤིན་ཏུ་ཡིན་པའི་ཕྱིར་ཐམས་ཅད་ཀྱི་ཤེས་པ་ལ་གུས་པ་མ་བྱས་པས་སྐྱེས་བུའི་དོན་གྱི་ཤེས་པ་ཉིད་ཇི་ལྟར་ཚོལ་བར་བྱེད་སྙམ་དུ་སེམས་པས་ཅིའི་ཕྱིར་ཞེས་ཟེར་བ་ལ། ལན་དུ་དེས་གསུངས་ཞེས་བྱ་བ་སྟེ། རྟོགས་པར་བྱ་བའི་ཕྱིར་ནི་ནན་ཏན་དུ་

བྱ་བའི་དོན་དུ་ཡིན་གྱི། ཤེས་པ་ཁྱད་པར་ཅན་དང་ལྡན་པ་ཉིད་ཙམ་ཁོ་ན་ལས་འདི་བསྙེན་པར་བྱ་བ་ནི་མ་ཡིན་ཏེ། འོན་ཀྱང་ནན་ཏན་དུ་བྱ་བའི་ཡུལ་ཤེས་པ་ཁྱད་པར་ཅན་དང་ལྡན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཡུལ་གཞན་ཤེས་པ་ཁྱད་པར་ཅན་དང་ལྡན་པ་ཤེས་པ་
ཡིན་ན་ཡང་འཇུག་པའི་ཡུལ་ཁྱད་པར་ཅན་དང་ལྡན་པ་མི་ཤེས་ན་མི་འཇུག་སྟེ། རང་ཉིད་དམ་གཞན་གྱིས་ངེས་པར་བརྟགས་པ་ལ་འཇུག་པ་ཡིན་པར་བསྟན་པ་ནི་གཞན་རྗེས་སུ་སྒྲུབ་པར་འདོད་པས་ཞེས་བྱ་བའོ། །ཡུལ་གཞན་ཤེས་པ་ཁྱད་པར་ཅན་དང་ལྡན་པ་ཉིད་ཤེས་ཀྱང་། འཇུག་
པའི་ཡུལ་ཤེས་པ་ཁྱད་པར་ཅན་དང་ལྡན་པ་སྲིད་པ་ཡིན་ན་འཇུག་པར་འགྱུར་བ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། དེ་དེས་ཀྱང་ཞེས་བྱ་བ་སྟེ། འཇུག་པའི་ཡུལ་ཤེས་པ་ལ་ངེས་པ་མེད་ན་འགའ་ཡང་འཇུག་པར་མི་འགྱུར་ཏེ། ཡུལ་གཞན་ལ་ངེས་པ་ཡང་ཡུལ་དེ་ལ་ཐེ་ཚོམ་ཟ་བའི་
ཕྱིར་རོ། །ཐེ་ཚོམ་ཉིད་ནི་འཇུག་པའི་ཡན་ལག་མ་ཡིན་ཏེ། འཇིག་རྟེན་ཕ་རོལ་ལ་སོགས་པ་ལ་སླུ་བར་དོགས་པ་ཡིན་ན། རྟོག་པ་དང་ལྡན་པ་རྣམས་མི་འཇུག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འཇུག་པའི་ཡུལ་ཤེས་པར་ངེས་པ་ཁོ་ན་འཇུག་པ་ཡིན་པར་ནི་བདེན་ཏེ། དེའི་ངེས་
པ་འབའ་ཞིག་བཞིན་དུ་ཡུལ་གཞན་ཤེས་པ་ལ་ངེས་པ་ཡང་དེ་ལ་ཡོད་དོ་ཞེས་བདག་སྨྲ་བ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་དེར་ཡང་ཞེས་བྱ་བའོ། །ཤེས་པ་དེའི་ཤེས་བྱ་ཤེས་པ་མེད་ན་དེའི་ཤེས་པ་ལ་ཇི་ལྟར་ངེས་པ་ཡིན་ཞེ་ན། ལན་དུ་ཐམས་ཅད་དུ་ཤེས་པ་ལ་ཞེས་སྨོས་སོ། །ཉེ་བར་
བསྡུ་བ་ནི་དེའི་ཕྱིར་ཞེས་བྱ་བ་སྟེ། དེ་ཉིད་ཅེས་བྱ་བ་དེ་ནན་ཏན་དུ་བྱ་བ་ཁོ་ན་ཡིན་པར་ཤེས་པར་བྱ་བ་སྟེ། སླུ་བ་ཡིན་པར་དོགས་རྣམས་ཀྱིས། །ཞེས་བྱ་བ་དང་སྦྱར་རོ། །དེས་ནི་ཉེ་བར་བསྟན་པ་ལས་སོ། །ཅི་ལས་ཐེ་ཚོམ་ཟ་བ་ཡིན་ཞེ་ན། མི་ཤེས་ཞེས་བྱ་བ་ནི་རང་ཉིད་ལ་འཇུག་པའི་ཡུལ་ལ་ངེས་
པར་རྟོག་པ་མེད་པར་བསྟན་པ་ཡིན་ལ། མི་ཤེས་པ་ཉེ་བར་སྟོན་པ་ཞེས་བྱ་བ་ནི་གཞན་ལ་ངེས་པར་རྟོག་པ་མེད་པར་བསྟན་པའོ། །འདི་ཚད་མ་ཉིད་དོ་ཞེས་བྱ་བ་འདི་ལ་ཡང་ཤེས་ནས་ཞེས་བྱ་བར་རྗེས་སུ་འཇུག་པ་ཡིན་ཏེ། སྐྱེས་བུའི་དོན་ཤེས་པ་ཁྱད་པ་ཅན་དང་ལྡན་པ་ཉིད་ཀྱི་ཤེས་པ་ལ་ཚད་

མ་ཡིན་ཏེ། རྗེས་སུ་འཇུག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡུལ་གཞན་ཤེས་པ་ཁྱད་པར་ཅན་ལ་ངེས་པ་མ་ཡིན་པ་ཁོ་ན་ཅི་ཞིག་ཅེ་ན། སྲིད་པ་ཡིན་པར་འགྱུར་བར་བསྟན་པ་ནི། གཞན་ལ་ཡང་དེའི་ཞེས་བྱ་བ་སྟེ། སྐྱེས་བུའི་དོན་ཤེས་པ་ཁྱད་པར་ཅན་ལ་སྲིད་པ་ནི་སྒྲུབ་པར་བྱེད་པ་
དང་གནོད་པ་ཅན་མེད་པའི་ཕྱིར་ཐེ་ཚོམ་ཡིན་ལ། འདི་འཇུག་པའི་ཡན་ལག་ནི་མ་ཡིན་ཏེ། འཁྲུལ་པ་སྲིད་པར་འགྱུར་བའི་ཕྱིར་དང་། ཐམས་ཅད་དུ་ཡང་འཇུག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ངེས་པ་ཅན་གྱི་སྐྱེས་བུའི་དོན་གྱི་གཙོ་བའི་ཤེས་པ་ལ་ངེས་པ་ནི་འཇུག་པའི་ཡན་ལག་ཡིན་པར་
བསྟན་པ་ནི་སྐྱེས་བུའི་དོན་གྱི་གཙོ་བོ་ཤེས་པ་ཞེས་བྱ་བ་སྟེ། སྐྱེས་བུའི་དོན་ཀུན་གྱི་གཙོ་བོ་ལས་གཞན་པའི་ཡུལ་ཤེས་པ་ལ་ཇི་ལྟར་ཤེས་པ་ཡིན་ཞེས་རྒོལ་བ་ནི་རིག་བྱེད་དང་དབང་ཕྱུག་ལ་སོགས་པ་རྣམས་བསྙེན་པ་ལ་ཡང་མཚུངས་པ་ཡིན་ལ། དེ་ལ་ཁྱེད་ཀྱི་ལན་གང་ཡིན་པ་དེ་ཁོ་བོ་ཅག་
གི་ཡང་ཡིན་པར་མཚུངས་པར་བསྟན་པ་ནི། ལྷག་མ་ཐམས་ཅད་ནི་ཞེས་བྱ་བའོ། །གལ་ཏེ་རིག་བྱེད་དང་དབང་ཕྱུག་ལ་སོགས་པ་ཡང་བསྙེན་པར་བྱ་བ་མ་ཡིན་དུ་ཟིན་ཀྱང་བདག་ལ་གནོད་པ་ཅི་ཡོད་ཅེ་ན། ཅིའི་ཕྱིར་མི་གནོད་པ་ཡིན་ཏེ་བསྙེན་པར་བྱ་བ་ཐམས་ཅད་དགག་པ། བསྙེན་བྱ་གང་ཁོ་ན་
ཡིན་པ་དེ་ཁོ་ན་ཇི་ལྟར་ཤེས་པ་ཡིན་ཞེས་བྱ་བར་མཚུངས་སོ། །བདག་ཅག་གི་བསྙེན་པར་བྱ་བ་ནི་འགའ་ཡང་མེད་པ་ཁོ་ན་ཡིན་ནོ་ཞེ་ན་དེ་ལྟར་ཡིན་ན་འཇིག་རྟེན་པའི་ཐ་སྙད་ལ་རྗེས་སུ་འཇུག་པར་བྱེད་པས་ཁྱོད་འཇིག་རྟེན་པ་ཡིན་ཏེ། སྐྱེས་བུའི་དོན་གཙོ་བོ་ཤེས་པ་ལ་ངེས་པར་བྱེད་ན་ཤེས་པ་གཞན་
ལ་ཡང་སྲིད་པར་བྱེད་པས་འཇུག་པར་བྱེད་པ་ཡིན་ན་གཞན་ལ་ནི་མ་ཡིན་ཏེ། དེ་ལྟར་ཤེས་པ་མེད་པས་སླུ་བ་ཡིན་པར་དོགས་པ་ཡིན་པའི་ཕྱིར་ཞེས་བསྟན་པ་ནི། གང་ཞིག་ཚད་མས་མཐོང་བ་ཞེས་བྱ་བའོ། །ཤེས་པ་དང་ཉེ་བར་བསྟན་པ་དག་གིས་ཀྱང་ཉེ་བར་བསྟན་པ་མཐོང་བ་ལས་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་
ཟེར་བ་ནི། འོན་ཏེ་ཐམས་ཅད་ཡོངས་སུ་མི་ཤེས་ན་ཞེས་བྱ་བ་སྟེ། ཐམས་ཅད་ནི་ལས་ཀྱི་འབྲས་བུའི་བདག་ཉིད་ཀྱི་འགྲོ་བ་ཡིན་ཏེ། གཞན་ལ་མེད་པའི་ཕྱིར་ལ་གལ་ཏེ་དེ་ཤེས་ན་ཐམས་ཅད་ཀྱི་ཤེས་པ་ཁོ་ན་ཚིག་གསལ་བ་འདི་ཁོ་ནས་བརྗོད་པ་ཡིན་ལ། དེ་ལ་ཡང་ནུས་པ་མེད་པར་བསྟན་པ་ཁོ་ན་

ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་དུ་ལས་དང་འབྲས་བུ་འབྲེལ་པ་མངོན་དུ་བྱེད་པ་ཡོད་པ་ལས་དེ་བཞིན་དུ་ཐམས་ཅད་ཀྱི་ཤེས་པ་འཐོབ་པ་ཡིན་ན་འགའ་ཡང་ཉམས་པ་མེད་ལ་ཤེས་པ་མེད་པ་ཡང་མ་ཡིན་ནོ་ཞེས་བསྟན་པ་ནི། ཚད་མ་མེད་པའི་དངོས་པོ་ལས་ཞེས་བྱ་བ་སྟེ། རིག་
བྱེད་གྲངས་ཅན་ལ་སོགས་པ་ལ་ཚད་མ་མེད་པའི་ཕྱིར་ཉེ་བར་བསྟན་པ་བརྒྱུད་པ་ཁོ་ན་ལས་དོན་གྱི་གཙོ་བོ་ལ་སླུ་བ་མེད་པའི་དོན་དུ་སྐྱབས་སུ་མི་འགྲོ་བ་ཡིན་ཏེ། གཞན་ལས་ཤེས་པ་སྤངས་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པའི་ཚིག་ཕྱེད་སྔ་མ་རྣམ་པར་འགྲེལ་པ་ནི། ཚད་མ་
མེད་པ་བརྟག་པ་ཉིད་ལ་སོགས་པ་ལ་ཞེས་བྱ་བའོ། །ཕྱེད་ཕྱི་མ་བཤད་པ་ནི། ཚད་མ་དངོས་པོ་ཞེས་བྱ་བ་སྟེ། མ་ཤེས་པ་སྟེ་མངོན་དུ་མི་བྱེད་པ་ལ། དེ་ལ་དོགས་པ་ནི་མངོན་སུམ་དུ་བྱེད་པ་སྟེ། མ་ངེས་པའོ། །ཚད་མས་ཡོངས་སུ་བཅད་པ་ནི་མངོན་སུམ་གྱིས་ཡོངས་སུ་བཅད་པ་ལ་གཉིས་སུ་མེད་
པའམ། སྐད་ཅིག་མ་ཉིད་ཀྱི་དངོས་པོ་ལས་དངོས་པོ་རྣམས་ཀྱི་སྔ་མ་དང་ཕྱི་མ་དག་གིས་གཉིས་དང་བྲལ་བ་ཉིད་ནི་དེ་དང་ལྡན་པ་ཉིད་དུ་མཐོང་བ་འགལ་བ་ལས་དེ་དང་ལྡན་པ་ཉིད་དུ་མཐོང་བ་འོངས་པ་ཡིན་ན། །དེ་ལས་ཀྱང་དེ་ལས་བྱུང་བའི་འདོད་ཆགས་ལ་སོགས་པ་རྣམས་ཏེ། དེའི་ཕྱིར་སྐད་ཅིག་
མའམ་གཉིས་སུ་མེད་པ་མངོན་དུ་བྱེད་པ་ནི་དེ་དང་འགལ་བ་སྤངས་པ་མངོན་དུ་བྱེད་པའི་ངོ་བོ་ཡིན་པར་འུ་བུ་ཅག་ལ་སོགས་པའི་ཡང་མངོན་སུམ་ཡིན་པར་གཉིས་སུ་མེད་པ་ལ་སོགས་པ་མངོན་དུ་བྱེད་པ་དེ་ཡང་བསྒོམས་པ་ཁྱད་པར་ཅན་གྱི་ཕུལ་དུ་བྱུང་བར་འགྲོ་བ་ཡིན་ཏེ། སྤངས་པ་ཕུལ་དུ་
བྱུང་བ་དང་ལྡན་པ་ཞེས་བྱ་བ་ཡང་མངོན་སུམ་ཡིན་ནོ། །གཉིས་ཀྱིས་དབེན་པའི་བསྒོམ་པ་ནི་གཉིས་ཀྱི་ངོ་བོར་འགྱུར་བ་ནི་མ་ཡིན་ནོ། །བདེ་བ་དང་འདོད་ཆགས་ལ་སོགས་པ་གཞན་ལས་ཐོས་ནས་སམ། རང་ཉིད་ཀྱིས་རིག་པ་བསྒོམ་བཞིན་པ་ཕུལ་དུ་བྱུང་བར་འགྲོ་བ་ནི་གཟུང་བ་ལ་
སོགས་པའི་ངོ་བོར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་གཉིས་སུ་མེད་པ་ལ་སོགས་པ་བསྒོམས་པས་འདོད་ཆགས་དང་བྲལ་བ་མ་བསླུས་པ་ཡིན་ཏེ། དྲན་པ་གོམས་པ་ཕུལ་དུ་བྱུང་བས་བློ་ཕུལ་དུ་བྱུང་བ་སྐྱེས་པ་ཡིན་ན། ཉམས་སུ་མྱོང་བ་ཐམས་ཅད་དྲན་པའི་ཐམས་ཅད་ཀྱི་ཤེས་པར་འགྱུར་བ་

ཡིན་ནོ་ཞེས་རྟོགས་པ་ཉེ་བར་སྟོན་པ་པོས་བསྟན་པ་ལས་རྟོགས་པ་ཡིན་ནོ། །ཉེ་བར་བསྟན་པ་གཅིག་པུའི་ཡུལ་ལ་ཤེས་པ་ནི་ཉེ་བར་བསྟན་པ་ལས་ཡིན་ཏེ། ཉེ་བར་བསྟན་པ་སྔོན་དུ་འགྲོ་བ་ཅན་དུ་རྟོགས་པ་ཡིན་གྱི་མངོན་སུམ་གྱི་ཡུལ་ལ་ནི་མ་ཡིན་ནོ། །དེའི་ཕྱིར་མངོན་སུམ་གྱི་ཡུལ་གྱི་
ཁྱད་པར་ཅན་གྱིས་ཉེ་བར་སྟོན་པ་པོས་བསྟན་པ་ལས་མངོན་སུམ་ཁོ་ནར་རྟོགས་བཞིན་པ་ནི་ཉེ་བར་བསྟན་པ་ཙམ་གྱི་ཤེས་པ་དང་འགལ་བ་དགག་པར་བྱེད་པ་ཡིན་པའི་ཕྱིར་ཉེ་བར་བསྟན་པ་བརྒྱུད་པ་ཡིན་ན་མངོན་སུམ་གྱི་ཡུལ་ཁྱད་པར་ཅན་ཉེ་བར་བསྟན་པ་ནི། འགལ་བ་ཁྱབ་པ་ཡིན་ནོ་ཞེས་
བྱ་བའི་དོན་ཏོ། །རང་ཉིད་མངོན་སུམ་གྱི་ཡུལ་ཡིན་ན་དེ་ཉིད་ཁོ་ན་འཇུག་པ་མ་ཡིན་ནམ། མངོན་སུམ་གྱིས་ཅི་དགོས། དེ་ནི་དེའི་འཇུག་པར་བྱེད་པ་ཡང་མ་ཡིན་ལ། སླུ་བར་དོགས་པ་ཡང་མ་ཡིན་ཏེ། རང་ཉིད་མངོན་སུམ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། དོགས་སུ་ཆུག་པ་དེ་ལྟ་ན་ཡང་
ཞེས་བྱ་བ་སྟེ། རང་ཉིད་མངོན་དུ་བྱེད་པ་ཁོ་ནས་མགུ་བ་ཡིན་པའི་ཕྱིར་ཉེ་བར་སྟོན་པ་པོ་ནི་དེ་མངོན་དུ་བྱེད་པར་ངེས་པར་འགྱུར་བ་ཡིན་གྱི། མེད་པ་ལས་སམ་ཚད་མ་མེད་པ་ལས་མ་ཡིན་ཞེས་བྱ་བའི་དོན་ཏོ། །ད་ལྟར་བྱུང་བའི་ཤེས་པ་དང་སྤངས་པ་དག་ཕུལ་དུ་བྱུང་བ་ནི་བདག་ཅག་ལ་
སོགས་པ་བཞིན་དུ་ཉེ་བར་སྟོན་པ་པོ་ཡིན་དུ་ཟིན་ཀྱང་། དེའི་ཁྱད་པར་འགོག་པ་མངོན་དུ་བྱེད་པ་ལ་སོགས་པ་བདག་གི་ནི་འབྱུང་བར་འགྱུར་བ་ཡིན་ལ། དེའི་ནི་བྱུང་བར་འགྱུར་བ་ཡིན་པར་ཅི་ལས་ཤེས་སྙམ་དུ་སེམས་པ་ནི་འོན་ཏེ་ཚད་མས་མཐོང་བ་ཡིན་ཡང་ཞེས་བྱ་བ་སྟེ། འདིར་
མངོན་དུ་བྱེད་པ་ཞེས་བྱ་བ་ནི་འགོག་པ་ཡིན་ཞེས་བྱ་བ་ལྟོས་པ་ཡིན་ནོ། །ལན་ནི་དེ་ནི་འདིར་འགྱུར་ཏེ་ཞེས་བྱ་བ་སྟེ། རེ་ཞིག་རང་ཉིད་ལ་ཤེས་རབ་དང་སྤངས་པ་དག་ཕུལ་དུ་བྱུང་བ་མེད་པས་འབྱུང་བར་འགྱུར་བ་དེའི་ཕུལ་དུ་བྱུང་བར་ངེས་པ་མ་ཡིན་ཏེ། རིགས་པ་མཚུངས་པ་ཉིད་ཀྱིས་
སྟོན་པ་པོའི་ཡང་འབྱུང་བར་འགྱུར་བ་ལས་ངེས་པ་མ་ཡིན་ནོ་ཞེས་ཚད་མས་མཐོང་བར་སྟོན་པ་ནི་གོ་བྱེད་ཡིན་པའི་ཕྱིར་ལྟོས་པ་དང་བཅས་པའི་བསྡུ་བ་ཡིན་ནོ། །ཚད་མས་མཐོང་བ་སྟོན་པའམ་དེ་ལྟར་བསྟན་པ་ཡིན་ནོ། །ཉེ་བར་བསྟན་པ་ཡང་ཤེས་པ་སྔོན་དུ་འགྲོ་བ་ཅན་གྱི་མཐོང་བ་ཡིན་

ན་ཤེས་པ་གོ་བྱེད་ཡིན་ལ་མངོན་སུམ་གྱི་ཡུལ་ཉིད་ཀྱི་རང་གི་བྱེ་བྲག་གིས་རྟོགས་བྱའི་ཤེས་པའི་ཁྱད་པར་མངོན་དུ་བྱེད་པར་རྟོགས་པར་བྱེད་པ་ཡིན་པར་བསྟན་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་ཚད་མས་མཐོང་བ་གསུང་བ་ཡིན་ཞེས་བྱ་བའོ། །
དེ་བཞིན་དུ་ཉེ་བར་བསྟན་པའི་ཁྱད་པར་གྱི་ཤེས་པའི་ཁྱད་པར་ནི་མངོན་དུ་བྱེད་པ་ཡིན་ནོ་ཞེས་ཉེ་བར་བསྡུ་བ་ནི། བཅོམ་ལྡན་འདས་ནི་ཚད་མ་ཉིད་དོ་ཞེས་བྱ་བའོ། །མཐོ་རིས་དང་ནི་བྱང་གྲོལ་ལམ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་སྐྱེས་བུའི་
དོན་ལས་གཞན་གྱི་ཡུལ་ཅན་གྱི་ཤེས་པའོ། །བྱུང་གྱུར་བྱུང་དང་འབྱུང་འགྱུར་དངོས། །ཐོག་མཐའ་མེད་པར་རིམ་གྱིས་ནི། །སོ་སོ་རེ་རེ་རྟོག་པ་ནི། །བསྐལ་བའི་བར་དུའང་ནུས་མ་ཡིན། །ཞེས་བྱ་བ་ལ་སོགས་པ་ཡུལ་གཞན་གྱི་ཤེས་པ་བཀག་པ་ནི་ཤེས་པ་དེ་ཁས་བླངས་པ་ཁོ་ནས་
གསལ་བ་ཡིན་པར་བསྟན་པ་ནི། འདིར་ནི་ཆོས་མཁྱེན་འགོག་པ་ཉིད། །ཅེས་བྱ་བ་སྟེ། ཕྱོགས་གཅིག་མཁྱེན་པ་ཞེས་བྱ་བ་ནི་སྐྱེས་བུའི་དོན་གྱི་ངོ་བོ་ཕྱོགས་གཅིག་ཡོངས་སུ་མཁྱེན་པ་ཡིན་པར་སྲིད་ནའོ། །མེ་ནི་གྲང་བའི་སྨན་ཡིན་པའི་ཕྱིར། ཉེ་བར་བླང་བྱ་ཡིན་པར་བསྟན་པ་ནི་མེ་ནི་ཞེས་
བྱ་བ་ལ་སོགས་པའོ། །སྐྱེས་བུའི་དོན་མ་ཡིན་པའི་མཚན་ཉིད་ཅེས་བྱ་བ་ནི་སྐྱེས་བུའི་དོན་གྱི་གཙོ་བོ་ལས་གཞན་པའི་སྐྱེས་བུའི་དོན་ཉིད་མ་ཡིན་པའོ། །ལས་དང་འབྲས་བུ་འབྲེལ་བའི་ཤེས་པ་ནི་དྲན་པ་གོམས་པས་བློ་གསལ་བ་ཡིན་ན། འདི་འབྱུང་ངོ་ཞེས་འདི་དག་བསྟན་པ་མ་ཡིན་ནམ།
དེ་ནི་མི་ཤེས་ཏེ་དེ་ཅི་མེའི་སྦྱིན་སྲེག་ལ་སོགས་པའམ། སྦྱིན་པ་ལ་སོགས་པ་ཡིན་ནོ་སྙམ་དུ་སེམས་པ་ལ། དེས་པའི་ལས་བསྟན་པའི་ཕྱིར། མཐོ་རིས་དང་ནི་བྱང་གྲོལ་ལམ། །ཞེས་བྱ་བ་སྨོས་ཏེ། ཡུལ་རྣམ་པར་དག་པ་གཉིས་ལ་མངོན་སུམ་དང་རྗེས་སུ་དཔག་པ་རྣམ་པར་གཞག་པ་ཡིན་ལ།
སྐྱེས་བུའི་དོན་ཐར་པའི་ལམ་གྱི་ངོ་བོ་ལ་ནི་བསྟན་བཅོས་དེའི་ཕྱོགས་གཅིག་བསྟན་པ་དང་འགལ་བ་ཅན་གཞན་ཚད་མས་ཡོངས་སུ་དཔྱད་བྱ་ཉིད་མ་ཡིན་པའི་ལས་མེའི་སྦྱིན་སྲེག་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཞེས་བྱ་བ་ནི་དངུལ་ཆུ་དང་བཅུད་ཀྱིས་ལེན་དང་དབང་དུ་

བྱེད་པ་ལ་སོགས་པའི་རྣམ་པར་དབྱེ་བས་མི་ཤེས་པས་མགུ་བར་བསྟན་པ་ནི་ཐམས་ཅད་ཤེས་པ་མ་ཡིན་ཞེས་བྱ་བས་ནི་ཐམས་ཅད་མཁྱེན་པའི་ཤེས་པ་མ་ཡིན་ཞེས་བྱ་བ་སྟེ། མི་སླུ་བ་དེ་ནི་ཤེས་པ་སྲིད་པ་དང་མི་འགལ་བའི་ཕྱིར་ཉེ་བར་བསྟན་པ་བརྒྱུད་པ་དོར་བྱ་མ་ཡིན་པར་བསྟན་པ་ནི།
དེའི་ཕྱིར་ཚད་མ་ཅན་གྱི་དོན་གསུངས་པའི་ཕྱིར་ཞེས་བྱ་བ་སྟེ། གང་གི་ཕྱིར་ཤེས་པ་དང་ལྡན་པ་ནན་ཏན་བྱ་བའི་དོན་དུ་བཙལ་བ་ནི། དེ་ཕྱིར་དེ་ཡི་ཡེ་ཤེས་ནི། །ནན་ཏན་བྱ་རྟོགས་རྣམ་དཔྱད་བྱའོ། །ཞེས་བྱ་བའོ། །ཡུལ་གཞན་ནི་མ་ཡིན་ཏེ་དགོས་པ་མེད་པའི་ཕྱིར་དང་མི་ནུས་པའི་ཕྱིར་རོ། །ལས་
དང་འབྲས་བུའི་འབྲེལ་པ་ཤེས་པ་སྲིད་པ་བཞིན་དུ་ཡུལ་གཞན་ཤེས་པ་སྲིད་པ་ནི་དོན་གྱི་གཙོ་བོ་ལ་མི་སླུ་བར་ཁྱད་པར་མེད་པས་སོ། །དེའི་ཤེས་པའི་ཤེས་བྱ་རྣམ་པར་རིག་པ་དང་བྲལ་བ་རྣམས་ཀྱིས་ཇི་ལྟར་གོ་བ་ཡིན་ཞེ་ན། ལས་དང་འབྲས་བུ་ལ་སོགས་པ་ཤེས་པར་མཚུངས་པ་ཡིན་ནོ། །
འོན་ཏེ་རྒྱུ་ཡོད་པ་ལས་དེ་ལ་མི་སླུ་བའི་ཕྱིར་དེ་ཡོད་པ་ཡིན་ནོ་ཞེ་ན། དེ་ནི་གཞན་ལ་ཡང་མཚུངས་སོ། །འདི་ལ་རྣམ་པར་དབྱེ་བས་ཤེས་པ་མེད་དོ་ཞེ་ན་ལ་སོགས་པ་ལ་ཡང་ངོ་། །དེའི་ཕྱིར་ཡུལ་གཞན་ཤེས་པ་དགོས་པ་མེད་པ་ཉིད་ཀྱི་ཕྱིར་བརྟག་བྱ་མ་ཡིན་པར་བསྟན་པ་ནི། དེ་ཡིས་སྲིན་པོའི་
གྲངས་མཁྱེན་པ། །ངེད་ལ་འགའ་ཡང་ཉེར་མཁོ་མེད། །ཅེས་བྱ་བའོ། །དེ་ལྟ་ཡིན་ན་ལས་དང་འབྲས་བུ་ལ་སོགས་པའི་ཤེས་པ་དང་ཤེས་པ་གཞན་ཡང་གང་གི་སྲིད་པར་བྱེད་པ་སྟེ། ཕྱོགས་གཅིག་ཤེས་པ་ཙམ་དུ་མི་འགྱུར་བ་ཡིན་གྱི་ཐལ་ཆེས་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ་རྒྱུ་མཚན་གྱི་ཁྱད་
པར་བསྟན་པ་ནི། དོར་དང་བླང་བྱའི་དེ་ཉིད་ནི། །ཞེས་བྱ་བ་སྟེ། དོན་གྱི་གཙོ་བོ་ལ་མི་སླུ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ནན་ཏན་དུ་བྱ་བའི་ཤེས་པ་རྟོགས་པ་ལ་དོན་གྱི་གཙོ་བོ་མི་སླུ་བ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ཀྱང་རྒྱུ་མཚན་མ་ཡིན་པར་གང་གིས་ཤེས་པར་བྱ་བར་འགྱུར་བར་བསྟན་པ་ནི།
རིང་པོར་མཐོང་ངམ་མིན་ཡང་རུང་། །འདོད་པའི་དེ་ཉིད་མཐོང་བ་ཡིན། །ཞེས་བྱ་བ་སྟེ་ཐག་རིང་པོར་མཐོང་བ་པོའི་རྟོགས་པ་ལ་ཡང་དོན་གྱི་གཙོ་བོ་ལ་མི་སླུ་བ་མེད་ན་ནན་ཏན་བྱ་བ་ཤེས་པ་སྲིད་པ་ཇི་སྐད་བསྟན་པའི་རིམ་པས་མེད་པའི་ཕྱིར་རོ། །དེ་བསྟན་པ་ནི། གལ་ཏེ་རིང་མཐོང་ཚད་ཡིན་ན། །

ཚུར་ཤོག་བྱ་རྒོད་བསྙེན་བཀུར་གྱིས། །ཞེས་བྱ་བའོ། །དེ་ལྟར་རྣམ་པར་འགྲེལ་པར་ནི། །རིང་པོ་མཐོང་བ་ཡོད་དོ་ཞེས་བྱ་བ་སྟེ། དེ་དེ་བཞིན་དུ་རྟོགས་པར་འདོད་པ་པོའི་ཐམས་ཅད་ཀྱི་ཤེས་པ་དགོས་པ་ཅན་མ་ཡིན་ལ་མཐོང་བ་པོ་དང་སྟོན་པ་བོའི་ནི་དགོས་པ་ཡོད་པ་ཁོ་ན་ཡིན་ཏེ།
གཅིག་ཀྱང་ཡོངས་སུ་མི་ཤེས་ན་བསྒྲུབ་པ་མ་ཉམས་པ་མི་རིགས་པའི་ཕྱིར་ཞེས་བརྗོད་པས་ཡོད་པ་ཡང་ཡིན་པར་བསྟན་པ་ནི། ཐམས་ཅད་རིག་པར་མཛད་པ་ཡི། ཐམས་ཅད་མཁྱེན་པ་འགོག་པ་མིན། ཞེས་བྱ་བ་སྟེ། ངེད་ཀྱིས་ཤེས་པར་མི་ནུས་པས་ཏེ་དགོས་པ་ཡོད་པ་ཉིད་ཀྱིས་ཞེས་བྱ་བ་ལ་ལྟོས་པ་ཡིན་
ཏེ། ལ་སོགས་པའི་ཤེས་པ་སྲིད་པ་བཞིན་དུ་དེའི་སྲིད་པར་ཡང་ནུས་པའི་ཕྱིར་རོ། །མཐོ་རིས་དང་བྱང་གྲོལ་གྱི་ལམ་གྱིས་ཤེས་པའི་ངོ་བོའི་ལྐོག་ཏུ་གྱུར་པའི་དོན་ཤེས་པ་པོ་ཉིད་ཚད་མ་ཉིད་ཡིན་གྱི་ཐམས་ཅད་ནི་མ་ཡིན་ཏེ་ནན་ཏན་དུ་བྱ་བའི་ཡུལ་ཡིན་པའི་ཕྱིར་དང་། དོན་གྱི་གཙོ་བོ་ལ་མི་སླུ་
བའི་འབྲས་བུས་ཤེས་པར་བྱ་བ་ཡང་ཡིན་ནོ་ཞེས་ཚད་མ་ཉིད་ཀྱིས་རང་གི་ངོ་བོ་གོ་བར་བྱེད་པ་ཡང་རྟོགས་པར་བྱས་ནས་ད་ནི་རྒྱུ་བསྟན་པ་ནི། སྒྲུབ་བྱེད་ཐུགས་རྗེ་བསྒོམས་ལས་དེ། །ཞེས་བྱ་བ་སྟེ་ཐུགས་རྗེ་ལ་སོགས་པ་བསྒོམ་པའི་རིམ་གྱིས་དྲན་པ་གོམས་པ་ནི་དབང་པོ་ལས་འདས་པ་ཤེས་པའི་
རྒྱུ་ཡིན་ཞེས་བྱ་བའི་དོན་ཏོ། །གཉི་གའི་མཚན་ཉིད་ལ་ཡང་ཞེས་བྱ་བ་ནི་སྐྱེས་བུའི་དོན་གྱི་གཙོ་བོ་ཤེས་པ་དང་ཐམས་ཅད་ཀྱི་ཤེས་པ་ཡང་ངོ་། །སྒྲུབ་པ་གང་ལས་ཞེས་བྱ་བ་ནི་རྫོགས་པའོ། །རྒྱུ་ཡང་གང་ཡིན་ཞེས་བྱ་བ་ནི་དེ་ལྟར་རྫོགས་པ་ཡང་གཞན་གྱི་དོན་ལ་འཇུག་པ་མེད་ན་ཚད་མ་ཉིད་
མ་ཡིན་པའི་ཕྱིར་དེ་ལ་འཇུག་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུ་ཡང་གང་ཡིན་ཞེས་བྱ་བ་འདི་ལ་སྦྱོར་བར་བྱེད་པ་ཡིན་ནོ། །ཡང་ན་སྒྲུབ་པ་ཞེས་བྱ་བ་ཐུགས་རྗེ་བསྒོམས་པའི་སྒོ་ནས་བློ་ཙམ་ནི་ལུས་ལ་བརྟེན་པ་ཉིད་ཀྱིས་དྲན་པ་གོམས་པ་ལས་ཀྱང་སྔོན་གྱི་གནས་ཤེས་པ་མེད་པ་ཁོ་ན་ཡིན་ནོ་
སྙམ་དུ་སེམས་པ་ནི། བློ་ནི་ལུས་ལ་བརྟེན་པའི་ཕྱིར། །ཞེས་བྱ་བ་སྟེ་འཇིག་རྟེན་འདི་ནི་འཇིག་རྟེན་གཞན་གྱི་འབྲས་བུ་ཡིན་ན། དྲན་པ་གོམས་པ་ལས་ལས་དང་འབྲས་བུ་འབྲེལ་པའི་ཁྱད་པར་ཤེས་པ་ནི་སྔོན་གྱི་གནས་ཤེས་པའི་རིམ་གྱིས་འགྱུར་བ་ཡིན་གྱི། འདི་སྲིད་པ་ནི་མ་ཡིན་ཏེ། འཇིག་རྟེན་

འདི་ནི་འཇིག་རྟེན་གཞན་ཙམ་གྱི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྟེན་ནི་བཀག་ཕྱིར་རོ་ཞེས་བྱ་བ་ནི་བློའི་རྟེན་ཉིད་རང་གི་ངོ་བོ་རིག་པ་ལས་གཞན་པ་རིག་པ་མ་ཡིན་ཏེ། གང་གི་ཕྱིར་དཀར་པོ་ལ་སོགས་པའི་ངོ་བོ་ལྟ་བུར་དེ་སྲོག་ལ་སོགས་པ་བཞིན་དུ་རྫས་ལ་བརྟེན་པར་དམིགས་པ་
མ་ཡིན་ནོ། །ཤེས་པ་དང་ལྡན་པ་ནི་སྲོག་དང་ལྡན་པར་དམིགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ལུས་ནི་ཡུལ་མཚུངས་པ་ཉིད་ཀྱིས་དེ་ལྟར་སྒྲོ་བཏགས་པའི་ཕྱིར་རོ། །འོན་ཏེ་ལུས་ལས་གཞན་པོ་ཤེས་པ་ཅན་དང་སྲོག་ཅན་དུ་འགྱུར་བ་དེ་ལྟ་ན་ཡང་འཇིག་རྟེན་ཕ་རོལ་པོ་ཡོད་པའི་ཕྱིར་ཐོག་མ་མེད་
པའི་སྐྱེ་བ་བརྒྱུད་པ་གོམས་པ་ལས་གསལ་བར་འགྱུར་བ་ཡིན་ནོ། །འབའ་ཞིག་པ་གཞན་པོ་འདི་དག་གང་ཁོ་ན་ཡིན་པ་ཁོ་བོ་ཅག་ལ་ངེས་པ་མེད་དོ། །དབུགས་རྔུབ་པ་དང་འབྱིན་པར་བྱེད་པ་གང་ཡིན་པ་དེ་ཡིན་ནོ་ཞེ་ན། ལུས་ཉིད་དབུགས་འབྱུང་རྔུབ་བྱེད་པ་མ་ཡིན་ནམ་གཞན་ནི་མ་ཡིན་ཏེ།
མི་རྟོག་པའི་ཕྱིར་རོ། །གང་གི་ཕྱིར་སྲོག་ལ་སོགས་པ་རྣམས་ནི་གཞན་བའི་ཆོས་ཉིད་དང་འབྲས་བུ་ཉིད་དུ་དམིགས་པ་ནི་མ་ཡིན་ལ། ལུས་ཀྱི་ནི་ཡིན་ཏེ། དེ་ཡང་ཡོད་པ་ཉིད་དུ་དམིགས་པའི་ཕྱིར་རོ་ལུས་ཀྱི་ཡོན་ཏན་དང་ཆོས་མི་མཐུན་པ་ཡང་མ་ཡིན་ཏེ། ཇི་སྲིད་རྫས་ཡོད་པ་ཉིད་ཀྱིས་དེའི་ཡོན་ཏན་
རྣམ་པ་གཉིས་ཡིན་པའི་ཕྱིར་ལུས་ཇི་སྲིད་པ་དེ་སྲིད་དུ་འདིའི་ཡོན་ཏན་གཟུགས་ལ་སོགས་པ་རྣམས་ཡིན་ལ། ཇི་སྲིད་རྫས་ཡོད་པ་ཉིད་དུ་རིང་བ་ལ་སོགས་པ་ཡང་ཡིན། ཚོ་བ་ཉིད་ལ་སོགས་པའི་གནས་སྐབས་གཞན་བསྐྱེད་པས་རིད་པ་མེད་པར་བྱེད་པ་ཡིན་ཏེ། གཟུགས་ལ་
སོགས་པའམ་གཟུགས་ལ་སོགས་པ་གཞན་སྐྱེད་པའི་ཕྱིར་མི་མཐུན་པ་མ་ཡིན་ནོ། །དེ་ལྟ་ཡིན་ན་དེ་སྲོག་ལ་སོགས་པའི་ཡོན་ཏན་རྣམས་ཀྱང་ཞིག་པའི་རྒྱུ་ནི་དེའི་བྲལ་བ་ཉེ་བར་མཚོན་པ་གནས་སྐབས་གཞན་སྐྱེ་བ་ཡོད་པའི་ཕྱིར། ཆོས་མི་མཐུན་པ་ཉིད་མ་ཡིན་ནོ། །དེ་ཡང་འོན་ཏེ་དེ་ལ་
གནས་སྐབས་གཞན་དེ་བཞིན་དུ་འཆི་བ་ལ་ཡང་འདོད་ཅེས་སྨོས་པའོ། །དེ་ལྟ་ཡིན་ན་གང་གི་ཚེ་ལུས་གནས་སྐབས་དེ་ཁོ་ན་ཡིན་ན། སྲོག་ལ་སོགས་པ་དང་བྲལ་བར་གྱུར་པ་ཇི་ལྟར་ཡིན། རེ་ཞིག་གནས་སྐབས་གཞན་ནི་དེ་མེད་པ་མ་རྟོགས་པ་དམིགས་པ་མ་ཡིན་ལ། གང་གི་ཚེ་བྲལ་བ་ཁོ་ན་བྲལ་

བའི་རྒྱུ་ནི་མ་ཡིན་ནོ། །དེ་བསྟན་པ་ནི་འདི་ལ་དབྱེ་བ་འདི་ཙམ་སྟེ། ལུས་ལ་བརྟན་པོ་ཉིད་ཡིན་བའི། །ཚད་ཡོད་དེ་དང་བྲལ་བ་ཡིན། །རྒྱུ་མཚན་ཤེས་པ་མ་ཡིན་ནོ། །ཞེས་བྱ་བའོ། །དམིགས་བྱ་མ་ཡིན་པའི་གནས་སྐབས་གཞན་ནི་བརྟག་པར་འོས་པ་མ་ཡིན་ཏེ། དམིགས་
བྱ་ལུས་ལ་དམིགས་བྱ་མ་ཡིན་པའི་གནས་སྐབས་མི་རིགས་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ལ་ནི་མེ་དང་ཕྲད་པ་བཞིན་དུ་འདིའི་རྒྱུ་གཞན་དུ་རྟོགས་པ་མ་ཡིན་ཏེ། རྫས་མ་ཞིག་ན་དེའི་ཡོན་ཏན་གཞིག་པར་མི་ནུས་པའི་ཕྱིར་རོ། །ནུས་ན་ནི་ཡོན་ཏན་གཞན་སྐྱེད་པར་མི་ནུས་ཏེ། དེ་གཉི་ག་ཡང་
ལུས་ལ་དམིགས་པ་མ་ཡིན་ལ། ཡོན་ཏན་ནི་རྫས་ཞིག་པ་ལས་སམ་རྫས་གཞན་གྱི་གནོད་པས་འཇིག་པར་ཉེ་བར་འགྲོ་བ་མ་ཡིན་ནོ། །དེའི་ཕྱིར་གཏུགས་པས་ཞིག་པར་བྱེད་པ་ཡིན་ནོ། །རེ་ཞིག་ཐམས་ཅད་ཀྱི་འཆི་བ་ལ་ནི་དེ་གཉིས་མཐོང་བ་མ་ཡིན་ཏེ། མ་ཉམས་པའི་ལུས་
ལས་སྲོག་ལ་སོགས་པ་བྲལ་བ་ཡིན་ཏེ། རང་དང་གཞན་གྱི་མངོན་སུམ་མ་ཡིན་པའི་ཕྱིར་འདོད་པ་དང་སྡང་བ་དང་འབད་པ་དང་དགེ་བ་དང་སྡུག་བསྔལ་གྱི་ཤེས་པ་རྣམས་ནི་ལུས་ཀྱི་མ་ཡིན་ཏེ། གཟུགས་ལ་སོགས་པ་དེའི་ཆོས་རྣམས་གཞན་གྱི་དབང་པོ་རྣམས་ཀྱིས་མི་འཛིན་པའི་ཕྱིར་
རོ། །བདེ་བ་ལ་སོགས་པ་ནི་དེ་མ་ཐག་པ་ཡིན་པའི་ཕྱིར་རྟོགས་པ་ཡིན་ཏེ། རྟག་ཏུ་རབ་ཏུ་དགའ་བའི་རང་བཞིན་ཅན་ཡིན་པ་ལ་སོགས་པའི་རྟགས་ལས་གོ་བ་ཡིན་ནོ། །ལུས་ལ་ནི་དེ་རྣམས་ཀྱི་དམིགས་པ་ལོངས་སྤྱོད་པའི་གནས་འདི་ཡིན་པའི་ཕྱིར་རོ། །དེ་རྣམས་གང་གི་ཡིན་པ་དེའི་ལོངས་སྤྱོད་ཀྱི་
གནས་ནི་ལུས་དང་ཡོན་ཏན་ཉིད་ཀྱང་ཡིན་ཏེ། དེ་རྣམས་ཀྱི་སྤྱི་དང་ཁྱད་པར་དང་ལྡན་པ་ཉིད་ཡིན་ན་རོ་ལ་སོགས་པ་བཞིན་དུ་མིག་གི་མངོན་སུམ་མ་ཡིན་པའི་ཕྱིར་རོ། །ཡོན་ཏན་རྣམས་ཀྱང་ཡོན་ཏན་གྱི་རྟེན་དུ་བྱ་བ་མ་ཡིན་པ་གོ་བར་བྱེད་པ་ཡིན་གྱི་ལུས་ལ་སོགས་པ་ནི་གནས་མ་ཡིན་ཏེ། དེའི་
ཡོན་ཏན་དང་ཆོས་དང་ཆོས་ཅན་མི་མཐུན་པའི་ཕྱིར་རོ། །གནས་སྐབས་ཀྱི་དགག་པ་ལ་ཡང་ལྷག་པ་ཅིག་ཤོས་རྟོགས་པ་ཡིན་པའི་ཕྱིར་འདོད་པ་ལ་སོགས་པ་རྣམས་ལས་བདག་གྲུབ་པ་ཡིན་ནོ། །ཡོན་ཏན་ཉིད་ཡིན་པའི་ཕྱིར་བདེ་བ་ལ་སོགས་པ་ནི་རོ་ལ་སོགས་པ་བཞིན་དུ་བརྟེན་པ་ཉིད་ཡིན་ལ།

གང་ལ་བརྟེན་པ་དེ་ཡང་བདག་ཡིན་ནོ་ཞེས་ཟེར་བ་ལ། དེའི་ལན་དུ་བརྟེན་པ་ཉིད་དུ་དམིགས་པའི་རྒྱུ་མཚན་ནི་ཡོན་ཏན་ཉིད་ཡིན་ཏེ། རང་གི་ངོ་བོ་དམིགས་པ་ནི་རྒྱུ་མཚན་མ་ཡིན་ཏེ་ཐལ་ཆེས་པའི་ཕྱིར་རོ། །མིག་གིས་སམ་གཞན་གྱིས་ཀྱང་ཉེ་བར་དམིགས་པ་ལ་ནི་བྱེ་བྲག་ཅི་ཡང་མེད་དོ། །བདེ་
བ་ཅན་ཞེས་བྱ་བ་དང་དབྱིག་པ་ཅན་ཞེས་བྱ་བའི་ཤེས་པའི་རྒྱུ་མཚན་ནི་དེ་དང་འབྲེལ་པ་ཡིན་གྱི་ཡོན་ཏན་ཉིད་ནི་རྒྱུ་མཚན་མ་ཡིན་པའི་ཕྱིར་དང་། ཡོན་ཏན་རྣམས་ནི་གཞན་དབང་ཡིན་པའི་ཕྱིར་ཡོན་ཏན་དང་ལྡན་པ་རྗེས་སུ་དཔག་པར་བྱ་བ་ཡིན་པ་ནི། ཡོན་ཏན་ཉིད་དུ་གྲུབ་ནའོ། །དེའི་ཕྱིར་དེ་ནི།
བདེ་བ་ལ་སོགས་པ་རྣམས་ལ་མ་གྲུབ་པོ། །སྲོག་ཅན་དང་བདེ་བ་ཅན་དང་ཤེས་པ་ཅན་ལ་སོགས་པ་བདེ་བ་ལ་སོགས་པ་དང་འབྲེལ་པ་ཅན་ནི་ལུས་ལས་གཞན་མ་ཡིན་ནོ། །ང་ནི་བདེ་བ་ཅན་ནོ་ཞེས་བྱ་བ་ནི་གཞན་ཡིན་ནོ་ཞེ་ན། མ་ཡིན་ཏེ་ང་འགྲོ་ཞེས་བྱ་བ་ནི་ལུས་ཡིན་པར་རྟོགས་པའི་ཕྱིར་རོ།
བདག་གི་ལུས་བྱ་བ་ཡང་བདག་གི་བདག་ཉིད་དེ་གནས་སྐབས་ནི་དེའི་རྒྱུ་མཚན་ཡིན་ནོ། །ཤེས་པ་ནི་ཤེས་བྱ་རེ་རེ་ལ་ཐ་དད་པ་ཡིན་ལ། ཐ་མི་དད་པའི་བདག་གི་གནས་སྐབས་ཡིན་ཞེས་རྒོལ་བ་དང་མ་མཐོང་བའི་དབྱེ་བ་ཡང་ཤེས་པའི་རྒྱུ་ཅན་ཡིན་ཞེས་བྱ་བའི་ཚིག་ལས་ཡིན་ལ། དེ་བཞིན་དུ་
བོང་ཚོད་དང་གདོང་དང་དབང་པོ་ལ་སོགས་པའི་ཚོགས་པ་ནི་བདག་ཡིན་ཞེས་བྱ་བར་ལྟ་བ་ལ་ནི་དེའི་ལུས་ཞེས་བྱ་བར་འགྱུར་བ་ཁོ་ན་ཡིན་གྱི། འཁྲུལ་པ་ཉིད་ཀྱང་མ་ཡིན་ཏེ། གཞན་ལ་བདག་མ་གྲུབ་པའི་ཕྱིར་རོ། །གཞན་གྱིས་མཐོང་བ་ཡིན་ན་དྲན་པ་མི་འགྲུབ་པའི་ཕྱིར། དྲན་པ་པོ་ཉེ་བར་དམིགས་པ་ཡིན་ནོ་
ཞེས་བྱ་བར་ཡང་མི་རིགས་ཏེ། ཉེ་བར་དམིགས་པ་ཙམ་གྱི་འབྲས་བུ་ཉིད་ནི་དྲན་པ་ཡིན་པའི་ཕྱིར། དེ་ཙམ་གྱིས་འབྲས་བུ་ཉིད་ནི་འདོད་པ་ཡིན་ནོ། །དམིགས་པ་ལ་མི་བརྟེན་པར་དྲན་པ་ཁོ་ནས་འདོད་པ་འཇུག་པ་ཡིན་ཏེ། དམིགས་པ་མཚུངས་པ་འདིའི་བྱེད་པ་པོར་ངེས་པ་མ་ཡིན་ཏེ། ཉ
Luận tạng Tây Tạng (Tengyur) — Tập 180 | Tra cứu Kinh điển | Tàng Kinh Việt