Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 180

Văn bản gốc(Tây Tạng)

Trang 13 / 25 (50.000 ký tự/trang)
ེ་བར་དམིགས་
པའི་རྗེས་སུ་འབྲངས་ནས་དྲན་པའི་བདག་ཉིད་དུ་མཚུངས་པར་འདོད་པ་ཡིན་ནོ། །དེས་ན་བྱེད་པ་པོ་ཡོད་པ་ཡིན་ཏེ། དེ་ནི་དོན་གཉིས་པར་བརྗོད་པ་ཡིན་ནོ། །ཉེ་བར་དམིགས་པ་དེ་ཡང་ཤུ་ཀྲ་དང་རཀྟ་ལ་སོགས་པ་འབྱུང་བའི་འབྲས་བུ་ནི་དེ་ཡོན་ཏན་ཡིན་ནམ། རང་དབང་ཡང་རུང་སྟེ་

ཐལ་ཆེས་པ་མ་ཡིན་ནོ། །འབྱུང་བ་རྣམས་ཉིད་རང་བཞིན་ཁོ་ནས་གཅིག་ལ་གཅིག་ཉིད་ཀྱིས་ཐ་དད་པ་ཡིན་པའི་ཕྱིར་གཅིག་གི་ངོ་བོ་ཉིད་ལ་ཡོངས་སུ་འགྱུར་བའི་ཁྱད་པར་གྱིས། དེ་རྣམས་ལས་སེམས་པ་ཅན་དུ་འགྱུར་བ་ཡིན་ལ། ཡོངས་སུ་གྱུར་པའི་དབྱེ་བ་ལས་
ནུས་པ་དང་མངོན་པར་གསལ་བ་དང་རྗེས་སུ་འཛིན་པ་གང་ཡིན་པ་དེ་རྣམས་ཁོ་ན་ལས་འབྱུང་བའི་བློ་ཡིན་གྱི། བློ་གཞན་སྔོན་དུ་འགྲོ་བ་ཅན་ནི་མ་ཡིན་ནོ། །འབྱུང་བའི་བསྐྱེད་བྱ་བ་ཡང་དབང་པོ་དང་བཅས་པའི་འབྱུང་བའི་བསྐྱེད་བྱ་མ་ཡིན་ནམ། གཞན་ནི་བསྐྱེད་བྱ་མ་ཡིན་ནོ། །དེ་ལྟ་ཡིན་ན་ནུར་
ནུར་པོ་ལ་སོགས་པ་རྣམས་ལ་དེ་མེད་པའི་ཕྱིར་མི་འབྱུང་ངོ་། །མེད་ན་མངལ་དུ་འཕེལ་བར་མི་འགྱུར་རོ། །འོན་ཏེ་དབང་པོ་མེད་པར་ཡང་སེམས་པ་ཅན་ཙམ་དུ་སྐྱེ་བ་ཡིན་ནོ། །ཡིན་ན་ཡང་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཡིན་ཏེ། དབང་པོ་ལ་གཟུགས་འཛིན་པར་སོ་སོར་ངེས་པ་ཡིན་
ཞེས་བརྗོད་པའི་ཕྱིར་རོ། །མ་ཡིན་ཏེ་སེམས་ཙམ་ནི་སེམས་ཙམ་རྩོམ་པར་བྱེད་པ་མ་མཐོང་བའི་ཕྱིར་རོ། །གཉིད་སྟུག་པོས་ནོན་པ་དང་བརྒྱལ་བ་ལ་སོགས་པའི་དུས་སུ་ཡང་སེམས་པ་ཅན་རྣམ་པར་ཆད་པས་བདག་ནི་སེམས་དང་མི་ལྡན་པར་རབ་ཏུ་གཉིད་ལོག་པ་ཡིན་ནོ་ཞེས་དྲན་པ་ཡིན་
ཏེ། གཉིད་ལོག་པར་རྩོམ་པའི་སེམས་ཀྱིས་དེའི་དུས་ཀྱི་རང་གི་ངོ་བོ་རིག་པས་དུས་ཕྱི་མ་ལ་དངོས་པོ་མི་རིག་པའི་ཕྱིར། གཟུགས་ལ་སོགས་པ་རྟོགས་པ་ཁོ་ན་བློ་ཡིན་པའི་ཕྱིར་རོ། །གཞན་དུ་ན་བློ་གཞན་ལས་སྐྱེས་པ་འབྱུང་བ་དང་སེམས་པ་ཅན་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །
ནུར་ནུར་པོ་ལ་སོགས་པ་རྣམས་ལ་རྣམ་ཤེས་ཡོད་དོ་ཞེས་བྱ་བ་དེ་ཡང་གྱ་ཚོམ་དུ་སྨྲ་བ་ཡིན་ཏེ། དབང་པོ་མ་དོད་པའི་ཕྱིར་དེ་ལ་དོན་རྟོགས་པ་མེད་པ་ཡིན་ལ། དོན་རྟོགས་པ་ལས་གཞན་པའི་ངོ་བོ་ནི། ཤེས་པ་ཡིན་པར་མི་རིགས་སོ། །དེས་ན་བརྒྱལ་སོགས་ན་ཡང་འདི། །ཡོད་པ་ཉིད་དུ་
མི་འཐད་དོ། །འདི་ལ་སྨྲས་པ་མ་དང་པའི་སེམས་ལས་ནུར་ནུར་པོ་ལ་སོགས་པའི་ལུས་སུ་རིམ་གྱིས་ཡོངས་སུ་གྱུར་པ་ལས་སེམས་ཉེ་བར་དམིགས་བཞིན་པ་ན་དེ་ཁོ་ན་བཞིན་དུ་ཁས་བླང་བར་འོས་པ་ཡིན་གྱི། སེམས་གཞན་ནམ་བདག་ནི་མ་ཡིན་ཏེ་ཚད་མ་མེད་པའི་ཕྱིར་རོ། །བདག་གོ་

ཞེས་ཀྱང་རིག་པའི་དྲན་པ་ཡིན་གྱི་འདི་ཉིད་ཁོ་ན་རིག་པ་ནི་མ་ཡིན་ཏེ། རྟའོ་ཞེས་རྣམ་པར་རྟོག་པ་ན་བ་གླང་མཐོང་ན་འགལ་བ་དང་རྣམ་པར་རྟོག་པ་མེད་པ་ཉིད་དག་ཏུ་མི་སྲིད་པའི་ཕྱིར་རོ། །ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ན་རིག་པ་མེད་ན་ཁྱེད་ཀྱི་ཇི་ལྟར་དེ་དམིགས་པ་ཡིན་ཞེ་ན་
ཡང་དེ་ཉིད་དམིགས་པ་ཡོད་པ་ཡིན་ཏེ། དེ་ཁོ་ན་ལས་སྐྱེ་བ་ཡིན་པའི་ཕྱིར་རོ། །དེ་ཡང་སྔ་རོལ་ན་ཡོད་པ་ཡིན་ནོ་ཞེ་ན། ཡང་ལུས་མེད་པ་ལ་བདག་གོ་ཞེས་པ་ཡོད་པར་གྱུར་པ་ཡིན་ནོ་ཞེས་བྱ་བ་འདི་ལ་ནི་ཚད་མ་གང་ཡང་མེད་དོ། །བྱུང་བར་གྱུར་པ་རྣམས་ཀྱི་སེམས་པ་ཅན་ལ་རང་དབང་ཡིན་ན།
ཕན་ཚུན་ཡན་ལག་ཅན་དང་ཡན་ལག་ཅན་ཉིད་ཀྱིས་མི་དབྱེ་བར་མི་འགྱུར་བ་མ་ཡིན་ནམ། སེམས་པ་ཅན་ནི་གཅིག་ཁོ་ན་ཡིན་གྱི་ཅིག་ཤོས་མ་ཡིན་པ་ནི་མ་ཡིན་ཏེ། བྱེ་བྲག་མེད་པའི་ཕྱིར་རོ། །སེམས་པ་ཅན་ཉིད་ལ་ནི་ཐམས་ཅད་ཀྱི་ཕན་ཚུན་འབྲེལ་པ་མ་ཡིན་ཏེ། སེམས་པ་ཅན་
གཅིག་དང་འབྲེལ་པ་ལས་གཞན་གང་ཡང་རུང་བའི་ཡན་ལག་ཡིན་པར་ནི་འགལ་བ་ཡིན་ནོ། །འདི་ལ་ཟེར་བ་ནི་བྱུང་བར་གྱུར་པའི་ཁྱད་པར་རམ། དེ་ཡོངས་སུ་གྱུར་པའི་ཁྱད་པར་ཡང་སེམས་པ་ཅན་ལས་ཡིན་ནོ། །འདི་ནི་བདག་གི་ལུས་སོ་ཞེས་བྱ་བ་ལ་སོགས་པ་ལ་ཐ་མི་དད་པ་འདིའི་
ཤེས་པའི་བདག་ཏུ་ཤེས་པ་ནི། རང་ལ་དམིགས་པ་མ་ཡིན་ནམ། བདག་གི་བདག་ཉིད་ཅེས་བྱ་བ་ནི་སྒྲ་གཅན་གྱི་མགོ་བོ་ཞེས་བྱ་བ་བཞིན་དུ་བརྟགས་པ་པ་ཡིན་ནོ། །བདག་གཞན་ལ་དམིགས་པ་ཡིན་ན་ཡང་ཐམས་ཅད་དུ་ལྡོག་པ་གྲུབ་པ་མ་ཡིན་ནོ། །འདིས་ནི། བདག་ཏུ་འཛིན་
པའི་རྣམ་ཤེས་ནི། རང་ཉིད་བདག་ཏུ་འཐད་པ་ཡིན། །ཞེས་བྱ་བ་བསྟན་པ་ཡིན་ནོ། །རེ་ཞིག་དེ་ལྟར། བདག་ཏུ་ཤེས་པའི་རྣམ་ཤེས་ཉིད། །ཅེས་བྱ་བའི་ལན་བླན་པ་ཡིན་ནོ། །གང་གི་ཚེ་ཡང་རིག་པ་དང་ལྡན་པའི་རིག་པ་གཅིག་ཉིད་རྣམ་པར་འཇོག་པར་བྱེད་པ་སྐྱེས་པ་དེའི་ཚེ། བདག་
ལྐོག་ཏུ་མ་གྱུར་པ་ཁོ་ན་ཡིན་གྱི་གཟུང་བྱ་ནི་མ་ཡིན་ནོ། །ཇི་སྐད་དུ། ལྐོག་གྱུར་མིན་པ་མངོན་སུམ་ཡིན། ཞེས་སྨོས་ཏེ། ཇི་ལྟར་རིག་པ་ནི་རིག་པ་གཞན་ལ་མི་ལྟོས་པས་ལྐོག་ཏུ་མ་གྱུར་པ་ཡིན་པ་དེ་བཞིན་དུ། ཤེས་པ་ལ་གཞན་མི་ལྟོས་པས་བདག་མངོན་སུམ་ཡིན་ཏེ། དེ་བསྟན་པ་ནི་

རང་ཉིད་རིག་བྱར་གྲུབ་པ་ཡིན་ཞེས་བྱ་བའོ། །བདག་ཤེས་པ་འདི་ནི་བདག་མཐོང་བར་འགྱུར་བ་ཡིན་ནོ་ཞེས་ཉེ་བར་དགོད་པ་ཡིན་ཏེ། བདག་བདག་ཅེས་ནི་མ་ཡིན་ནོ། །སྔོན་པོར་ཉམས་སུ་མྱོང་བ་ཡོད་ན་གསུམ་ཅར་ལྐོག་ཏུ་མ་གྱུར་པ་ཡིན་གྱི་བདག་ཉམས་སུ་མྱོང་བ་ལ་ནི་ཤེས་
པ་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་བདག་གི་ཤེས་པ་ཡང་མ་སྐྱེས་ན་དོན་ཉམས་སུ་མྱོང་བ་གསུམ་ཆར་ཡང་ལྐོག་ཏུ་མ་གྱུར་བ་ཡིན་པ་དེའི་ཚེ་རྣལ་འབྱོར་པའི་གནས་སྐབས་དང་། ཤི་བ་དང་བརྒྱལ་བ་ལ་སོགས་པ་རྣམས་ལ་དེ་ཇི་ལྟར་ཡིན་ཞེ་ན་ཡང་བདེན་ཏེ་
གང་གི་ཚེ་སྔར་མཐོང་བ་ངོ་ཤེས་པའི་སྟོབས་ཀྱིས་བདག་རྟག་པ་ཡིན་པ་དེའི་ཚེ་དོན་ཉམས་སུ་མྱོང་བ་མེད་ཀྱང་བདག་ཤེས་པ་ཡོད་ན་འགྱུར་བ་ཁོ་ན་ཡིན་ནོ། །གནས་སྐབས་འདི་རེས་འགའ་གཉིད་མ་ལོག་པ་ལ་ཡང་ཡོད་པ་ཡིན་ཏེ། དོན་རིག་པ་མ་ཡིན་ཞིང་བདག་ཏུ་འཛིན་པ་མ་ཡིན་
ལ། གཉིད་སྟུག་པོས་ནོན་པ་ཡང་མ་ཡིན་པར་ཡང་ངོ་། །དེ་ལྟ་ན་ཡང་བདག་ནི་རང་ཉིད་གསལ་བ་ཡིན་ཏེ། དེ་འདི་ནི་ཚངས་པའི་གནས་སྐབས་ཡིན་གྱི་དེ་ལ་ནི་བྱེད་པ་པོ་ཉིད་དམ་ཟ་བ་པོ་ཉིད་དུ་རྟོགས་པ་ཡང་མ་ཡིན་ལ། དེ་དག་ཙམ་ནི་ཞིང་ཤེས་པའི་གནས་སྐབས་བྱེད་པ་པོ་
ཉིད་ལ་སོགས་པ་མི་བདེན་པ་ཡང་མ་ཡིན་ཏེ། བྱ་བ་རྒྱུ་མཚན་ཡིན་པའི་ཕྱིར་བྱ་བ་མེད་ན་ཚངས་པའི་གནས་སྐབས་ལ་མེད་པ་ཡིན་གྱི་མི་བདེན་པའི་ཕྱིར་མེད་པ་ནི་མ་ཡིན་ཏེ། གནོད་པ་ཅན་མེད་པའི་ཕྱིར་རོ། །དེ་ནི་དེ་བཞིན་དུ། རེས་འགའ་བདག་ཏུ་ཤེས་པས་དམིགས། །
རེས་འགའ་དོན་རིག་པ་པོ་ཉིད་ཀྱིས་ལྐོག་ཏུ་མ་གྱུར་པ་ཡིན་ཞིང་རེས་འགའ་དོན་ཉམས་སུ་མྱོང་བ་དང་བདག་ཏུ་ཤེས་པ་ལ་ཡང་མ་ལྟོས་པར་རྟག་པར་བདག་ཉིད་ཀྱི་རང་གི་ངོ་བོ་ལ་གནས་པ་ཁོ་ན་ཡིན་ཞེས་བྱ་བའི་གནས་སྐབས་གསུམ་ཆར་བདག་གི་ཡིན་ནོ། །དེ་ཡང་གནས་སྐབས་གསུམ་
པ་འདི་ནི་ལུས་ཀྱི་གནས་སྐབས་ལ་མི་དགོས་པའི་ཕྱིར་འགྲེལ་པ་མཛད་པ་ལ་སོགས་པས་མ་སྤྲོས་ཏེ། ལས་དང་འབྲེལ་པ་མི་ཤེས་པ་རྣམ་ཀྱི་བློའི་དབྱེ་བ་སྐྱེ་བར་བྱེད་པ་མ་ཡིན་ཞེས་བྱ་བའི་རིགས་པས་སོ། །འདི་སྐད་བསྟན་པར་འགྱུར་ཏེ། ཉིན་ཞག་གཞན་ལ་མཐོང་བ་རྣམས་ལ་ཉིན་

ཞག་ཕྱི་མ་ལ་བདག་འདི་ལྟར་མཐོང་བར་གྱུར་ཏོ་ཞེས་བྱ་བར་འགྱུར་བ་འདི་ལ་བདག་ཅེས་བྱ་བའི་དངོས་པོ་ནི་སྔོན་པོའོ་ཞེས་སྔོན་པོ་ལ་སོགས་པ་རྣམས་ཀྱི་མཐོང་བ་པོ་བརྗོད་པ་ཡིན་གྱི། ལུས་སམ་དབང་པོ་ནི་མ་ཡིན་ལ། དེ་བཞིན་དུ་བསྡུ་བ་དང་དབྱེ་བ་ལ་སོགས་པའི་རྣམ་པར་
རྟོག་པ་མི་རིགས་པས་བདག་གི་ལུས་སམ་དབང་པོ་ཞེས་ཐ་དད་པར་སྣང་བ་ནི་བདག་གི་ལུས་སམ་ཞེས་བྱ་བ་བཞིན་དུ། གནས་སྐབས་ཀྱི་དབྱེ་བའི་རྒྱུ་མཚན་ཉིད་ལ་མི་བརྟེན་པའི་ཕྱིར་རོ། །ཤེས་པ་ནི་བདག་གི་གནས་སྐབས་ནི་བདག་ཅེས་བྱ་བ་ཡིན་པ་དེ་བཞིན་དུ་ལུས་ཀྱི་གནས་
སྐབས་གཞན་གྱི་ངོ་བོ་ནི་ལུས་ཡིན་ཞེས་བྱ་བར་རིགས་ཏེ། ཇི་སྐད་དུ་བདག་གི་ཞེས་བྱ་བའི་དོན་གཙོ་བོ་འདིས། བདག་ལ་གཞན་དུ་ཤེས་པ་མིན། །དེས་འདི་དབྱེ་བའི་རྒྱུར་འགྱུར་རོ། །ཞེས་སྨོས་སོ། །བདག་གི་བདག་ནི་དེ་ལྟ་མ་ཡིན་ནོ་ཞེས་ཟེར་བ་ནི། དབྱེ་བ་ཤེས་པའི་རྒྱུ་ཅན་ཡིན། །
ཞེས་བྱ་བ་སྟེ། ཤེས་པ་ཉིད་མཐོང་བ་པོ་ཡང་མ་ཡིན་ལ། ཁར་རྩང་དང་དེང་གི་དུས་ཀྱི་དབྱེ་བ་ལ་ཡང་འདི་མཐོང་བར་འགྱུར་བ་ཡིན་ནོ་ཞེས་ཐ་མི་དད་པར་སྣང་བའི་ཕྱིར་ཏེ། བདག་ཉིད་འདི་ནི་མངོན་ཤེས་གྱུར། །ད་ལྟའང་བདག་རིག་བྱེད་ཡིན་པའི། །སྐད་ཅིག་དེ་ནི་ཤེས་པའི་ཡུལ། །
གང་ཡིན་དཔྱད་པར་བྱ་བ་ཡིན། །སྔར་འཇུག་པ་ཡི་ཡུལ་ལ་ནི། །ཤེས་གྱུར་ཡིན་པར་སྲིད་པ་ཡིན། །དེ་ལྟར་འདི་མེད་པ་གང་ལས། །ཤེས་ཞེས་བྱ་འདི་མི་བདེན་འགྱུར། །ད་ལྟར་བ་ཡི་གཟུང་བྱ་གང་། །ཤེས་ཞེས་བྱ་བ་འཐད་པ་ཡིན། །དེ་ཕྱིར་ཤེས་གྱུར་བདེན་མིན་ཏེ། །གང་ལས་
ཤེས་གྱུར་འདི་མིན་ཕྱིར། །རྒྱུན་མ་གཏོགས་པའི་རྒྱུད་གཅིག་ཡོད་པ་མ་ཡིན་ལ། ཤེས་པ་ཉིད་དང་འདྲ་བ་ཉིད་ཀྱང་བདག་ཏུ་ཤེས་པའི་ཡུལ་མ་ཡིན་ཏེ། གཞན་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་ཤེས་པོ་ཉིད་འདྲ་ན། །ལུས་གཞན་རྣམས་ལའང་དེར་འགྱུར་ཏེ། །དེ་ལ་ཐམས་
ཅད་ཀྱིས་ཤེས་ན། །བདག་གོ་ཞེས་ཀྱང་དྲན་པར་འགྱུར། །འོན་ཏེ་ཐ་དད་པ་ཉིད་ཡིན་ན་རྒྱུད་གཅིག་ལ་ཡང་སྔ་མ་དང་ཕྱི་མ་དག་ཐ་དད་པ་ཉིད་ཁོ་ན་ཡིན་ནོ། །རྒྱུད་གཅིག་ལ་ནི་སྐྱེས་པ་ཡང་། །སྐད་ཅིག་ལ་དེ་ཞེས་བློར་འགྱུར། །ཇི་ལྟར་ལུས་གཞན་ཤེས་པ་བཞིན། །བུམ་སོགས་ཕྱི་ལའང་གནས་

པ་ནའོ། །སྐད་ཅིག་གཞན་རེ་རེ་ལ་ཤེས་པའམ་ཤེས་བྱར་དམིགས་ནས་ཉམས་སུ་མྱོང་བ་སྔ་མ་སྔ་མའི་བག་ཆགས་ཀྱི་དབང་གིས་བདག་ཅེས་བྱ་བའམ། འདི་ཞེས་བྱ་བའི་སྔ་མ་དང་ཕྱི་མའི་ཤེས་པ་དང་ཤེས་བྱ་དག་གཅིག་པ་ཉིད་དུ་ངེས་པར་བྱེད་པ་ཡིན་ཏེ། སྣ་ཚོགས་
པ་ཉིད་དུ་མ་མཚོན་པའི་ཕྱིར་རོ་ཞེས་བྱ་བར་རྟོགས་པ་ནི་མི་རིགས་ཏེ། སྐད་ཅིག་རེ་རེ་ལ་ཤེས་པའམ་ཤེས་བྱ་དག་ཐ་དད་པར་ཉམས་སུ་མྱོང་བའི་ཕྱིར་རོ། །འདི་ཉིད་ཀྱི་ཕྱིར་མཐོང་བ་ལ་ཡང་མཐོང་བ་ཡིན་ན། ཐ་དད་པའི་ཤེས་པ་ཉམས་སུ་མྱོང་བར་བྱེད་པ་ནི་བག་ཆགས་ཡིན་ནོ། །
དེ་ཉིད་ཀྱིས་ན་ཡུལ་དེ་ལ་སྔར་མཐོང་བ་ངོ་ཤེས་པ་མ་ཡིན་ཏེ། ཡུལ་གང་ཡིན་པ་ཉམས་སུ་མྱོང་བ་མ་ཡིན་པའི་ཕྱིར། བག་ཆགས་ནི་འཁྲུལ་པའི་རྒྱུ་མཚན་ཡིན་ལ། ཤེས་པ་པོ་ལ་ནི་སྔར་མཐོང་བ་ངོ་ཤེས་པ་ལ་ཡང་བག་ཆགས་བྱེད་པ་པོར་འོས་པ་མ་ཡིན་ནོ། །མ་ཡིན་ཏེ། དེ་
མིན་ལ་དེ་ཞེས་ཤེས་པ། །འདི་ནི་འཁྲུལ་པའི་རྒྱུ་ཡིན་ཏེ། །བདག་ཅེས་བ་ཉིད་སྔོན་འགྲོ་བའི། །ཉམས་མྱོང་བག་ཆགས་རྒྱུ་ཡིན་ལ། །དེ་ཡང་བག་ཆགས་ཀྱི་རྒྱུ་ཡིན་ཞེས་བྱ་བ་དེ་ལྟར་བདག་ཅེས་པའི་ཤེས་པ་རྣམས་སམ། ཐོག་མ་མེད་པའི་བག་ཆགས་ཀྱི་རྒྱུ་དང་འབྲས་བུ་ཉིད་ཡིན་ནོ། །
བདག་ཅེས་བྱ་བའི་རྣམ་པར་རྟོག་པ་ལ་སྔོན་པོའི་རྣམ་པར་རྟོག་པ་བཞིན་དུ་ཉམས་སུ་མྱོང་བ་དབང་བྱེད་པ་མ་ཡིན་ནམ། དབང་བྱེད་པ་མ་ཡིན་ན་གཙོ་བོ་ལ་སོགས་པའི་རྣམ་པར་རྟོག་པ་བཞིན་དུ་བག་ཆགས་ཙམ་འབྱུང་བ་ཉིད་ཀྱིས་རིགས་པ་མ་ཡིན་པ་ཉིད་དུ་ཐལ་པར་འགྱུར་བའི་ཕྱིར་རོ། །
བདག་གི་བདག་ཅེས་བྱ་པའི་ཤེས་པ་ལ་ཡང་བདག་ཅེས་བྱ་བ་དང་ཐ་དད་པ་ཡང་ཤེས་པའི་རྒྱུ་ཅན་ཡིན་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་རང་རིག་པའི་ཤེས་པ་ཡིན་ན་བདག་གོ་ཞེས་བྱ་བ་འབྱུང་བ་ཡིན་གྱི། སྔོན་པོ་ལ་སོགས་པ་རིག་པའི་གཞན་རིག་ཡིན་པ་ལ་ནི་མ་ཡིན་ནོ། །
དེའི་ཕྱིར་བདག་གོ་ཞེས་པའི་ཤེས་པ་ནི་རང་རིག་པའི་བྱ་བའི་རྗེས་སུ་འབྲང་བ་ཡིན་ནོ། །དེའི་སྐྱེ་མཆེད་ཉིད་ཀྱིས་ཉེ་བར་འབྲེལ་བ་ཡིན་ལ། ལུས་དང་དབང་པོའི་སྒྲུབ་བྱེད་ཉིད་ཀྱིས་རང་རིག་པ་མ་ཡིན་པ་ལ་བདག་གོ་ཞེས་ཉེ་བར་བཏགས་པ་ཡིན་ནོ། །བདག་གི་ལུས་ཞེས་བྱ་བ་ནི་

བཟློག་པ་སྟེ་གཙོ་བོ་ཡིན་ཏེ། རང་རིག་པ་དང་ཅིག་ཤོས་ཀྱིས་ཕྱེ་བ་ཡིན་པའི་ཕྱིར་རོ། །བདག་གི་ཤེས་པ་ཞེས་བྱ་བ་ཡང་ཤེས་པའི་རྒྱུན་ཡིན་ཏེ་དེའི་སྐད་ཅིག་དང་འབྲེལ་པ་ཅན་དེ་ཡིན་པར་བརྗོད་པ་ཡིན་ནོ། །བདག་ནི་འདི་མཐོང་བར་གྱུར་པ་ཡིན་ནོ་ཞེས་བྱ་བ་ཡང་མཐོང་བའི་གཞི་ལ་
བདག་ཅེས་པ་ཉེ་བར་བཀོད་པ་ཡིན་གྱི་གཞི་གཞན་ལ་ནི་མ་ཡིན་ནོ། །སྣང་བ་ལ་ནི་སྣང་བ་ཁོ་ན་བྱེད་པ་པོ་ཡིན་གྱི། གཞན་ནི་མ་ཡིན་ནོ། །དེའི་ཕྱིར་མཐོང་བའི་བདག་ཉིད་ཁོ་ན་བདག་ཡིན་གྱི་འདས་པ་དང་ད་ལྟར་བའི་དུས་ཀྱི་རྗེས་སུ་འགྲོ་བའི་གཅིག་པུ་ཡིན་པར་ནི་མི་རིགས་ཏེ། སྐད་ཅིག་
རེ་རེ་ལ་སྣང་བ་དང་མཐོང་བ་དག་ཐ་དད་པར་ཉམས་སུ་མྱོང་བའི་ཕྱིར་རོ། །དེ་བདག་གོ་དེ་འདིའི་ཞེས་དབྱེ་བ་མེད་པར་ཡང་རྟོགས་པ་ཡིན་ནོ་ཞེ་ན། བདེན་ཏེ་འདི་དབྱེ་བ་མེད་པར་མངོན་པ་ང་རྒྱལ་བ་ཡིན་ཏེ། ཆང་དང་ཕྱི་རོལ་དུ་ཡང་དམིགས་པ་དང་མ་དམིགས་པར་དབྱེ་བ་མ་ཡིན་པའི་ཕྱིར་
དང་འདྲ་བ་གཞན་འབྱུང་བའི་ཕྱིར། རྣམ་པར་རྟོག་པའི་བག་ཆགས་བསླད་པས་ཞེས་བསྟན་པ་ནི་རྟག་ཏུ་ཡོད་པ་སྟེ། དམིགས་པའི་ཉེ་བར་དམིགས་པ་ཞེས་བྱ་བ་འདིས་རང་རིག་པའི་ཤེས་པར་བྱ་བའི་རྗེས་སུ་འཇུག་པ་ནི། བདག་གོ་ཞེས་པའི་ཤེས་པ་བསྟན་པ་ཡིན་ནོ། །དེའི་ཚེ་
ཡང་ཤེས་པ་ཐམས་ཅད་དུ་ཡོད་ན་དེའི་ཐམས་ཅད་དུ་འབྱུང་བ་ཡིན་ནོ། །དེའི་ཕྱིར་དེ་ཉིད་ད་ལྟར་ཡང་རྗེས་སུ་འཇུག་པའི་ཕྱིར། དེ་ཡོད་པར་ནི་སྔར་གྱི་བདག་ཁོ་ན་ཡིན་ནོ་ཞེས་དོགས་པ་དང་སྲིད་པར་བྱེད་པ་ཡིན་ནོ། །དེས་ཏེ་དེ་ལྟ་བུའི་རྣམ་པ་དེས་བསླུས་པ་ནི་སྐད་ཅིག་གི་བདེ་པས་ཉམས་
སུ་མྱོང་བ་ཡང་མཆོག་ཏུ་མི་འཛིན་ཏེ་ཐམས་ཅད་དུ་འབྱུང་བའི་ཤེས་པ་ལ་ཇི་སྲིད་ཤེས་པ་ཡོད་པར་དེའི་བྱ་བ་དམིགས་ནས་སྔར་གྱི་ཡང་བདག་ཁོ་ན་ཡིན་ནོ་ཞེས་འཁྲུལ་པས་དེ་ཉིད་སྲིད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་སྐད་ཅིག་རེ་རེ་ལ་མཐོང་བའི་དབྱེ་བ་ལ་སྣང་བའི་དབྱེ་བ་
ཉམས་སུ་མྱོང་བ་ཡིན་ཡང་འདྲ་བ་གཞན་བྱུང་བ་དེ་འདི་ཁོ་ན་ཡིན་ནོ་ཞེས་འཁྲུལ་པས་ཐ་དད་པར་མི་འཛིན་ཏོ་ཞེས་བྱ་བ་སྔ་མ་བཞིན་ནོ། །མཐོང་བ་དེ་ཉིད་སྣང་བ་ཡང་ཡིན་པར་འཁྲུལ་པས་བདག་ནི་འདི་མཐོང་བར་གྱུར་ཏེ་ཞེས་རློམ་སེམས་པར་བསྟན་པ་ཡིན་ནོ། །ཡང་ན་བདག་ཅེས་

བྱ་བའི་ཤེས་པ་འདི་ལུས་ལ་སོགས་པ་འདུས་པ་ཉེ་བར་དམིགས་བཞིན་པར་འབྱུང་བ་ཡིན་ན་དེ་ལ་དམིགས་པ་ཡིན་ནོ། །དེ་ལྟར་ཡང་དོན་རིག་པ་གཞན་སྒྲུབ་པ་མ་ཡིན་པ་ནི་བདག་གི་ངོ་བོར་བརྗོད་དོ། །དེ་ཡང་སྐད་ཅིག་རེ་རེ་ལ་གཞན་དང་གཞན་ཡིན་ཏེ། བརྒྱལ་བ་ལ་སོགས་པའི་
གནས་སྐབས་ན་ལྡོག་པ་ཡིན་པའི་ཕྱིར། །འཛིན་པར་བྱེད་པ་ཡོད་པ་ལས་རིག་པ་མ་ཡིན་པ་ཡང་མ་ཡིན་ཏེ། ལྐོག་ཏུ་མ་གྱུར་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །བརྒྱལ་བ་དང་བྲལ་བ་ན་ལུས་འབའ་ཞིག་ཁོ་ན་ལས་འབྱུང་བར་དམིགས་པ་ཡིན་ཏེ། རིག་པ་མ་ཡིན་པའི་བདག་ནམ་མཁའ་དང་
མཚུངས་པར་གྱུར་ནས་གནས་པ་ཡིན་པར་ནི་མི་རིགས་ཏེ། བདག་ནི་གསལ་ཞིང་འབར་བ་ཉིད་ཡིན་ཞེས་ཟེར་བའི་ཕྱིར་ཏེ། བདག་ནི་འབར་བ་ཡང་དག་པར་གསལ་བ་ཡིན་པའི་ཕྱིར་དེ་ཁོ་ན་རིག་པ་ཡིན་ཏེ། རྟོགས་པར་བྱེད་པ་ཉིད་ཀྱིས་འབྲེལ་པ་ཡིན་ལ། དེ་ཡི་ངོ་བོ་གཙོ་ཡང་
ལུས་ལ་བདག །ཅེས་པ་འབྱུང་བ་ཡིན་ནོ། །འབྲེལ་པའི་རྒྱུ་མཚན་ཅན་ཐ་མི་དད་པའི་བློ་འཁྲུལ་པ་ཡིན་ལ། འདུས་པ་ཉིད་ལ་དམིགས་པའི་ཕྱིར་གཙོ་བོ་ཡིན་ནོ། །བདག་གི་ཞེས་བྱ་བ་ནི་རིག་པའི་བདག་ཉིད་ལའམ་འདུས་པ་ལ་ལྟོས་ནས་ཐ་དད་པ་ཡིན་དུ་ཟིན་ཀྱང་དེ་བཞིན་དུ་བདག་གྲུབ་པ་ནི་མ་
ཡིན་ལ། བདག་ཅེས་བྱ་བ་རིག་པ་ལས་གཞན་བདག་གི་གནས་སྐབས་གསུམ་དམིགས་པ་ནི་མ་ཡིན་ཏེ། འགལ་བའི་ཕྱིར་རོ། །སྐད་ཅིག་པར་ཡང་རིག་པ་ནི་གཅིག་ཉིད་དུ་རྗེས་སུ་འབྲེལ་པའི་དོན་བྱེད་པ་ལ་མངོན་སུམ་དུ་དམིགས་པ་ཡིན་ཏེ། བ་ལང་ཁྲ་བོ་མཐོང་བ་ན་ཁུ་ཡུ་ལ་བ་གླང་
ཉིད་དུ་རྗེས་སུ་སྦྱོར་བ་བཞིན་དུ་རྣམ་པར་འཇོག་པར་བྱེད་པ་ཡིན་གྱི་རང་གི་ངོ་བོ་ལ་ནི་མ་ཡིན་ཏེ། མངོན་གསུམ་དང་འགལ་བའི་ཕྱིར་རོ། །སྐྱེས་པ་ནས་བརྩམས་ནས་འཆི་བའི་བར་དུ་རྗེས་སུ་འཇུག་པས་བདག་གཅིག་པུ་ཡིན་ཡང་། སྔ་རོལ་དུ་དང་ཕྱིས་ཀྱང་དེ་ཡོད་པ་ལ་ནི་ཚད་མ་ཅུང་ཟད་ཀྱང་
ཡོད་པ་མ་ཡིན་ནོ། །སྐྱེ་བ་དྲན་པ་ལ་སོགས་པ་མཐོང་བ་ཡིན་ན་དེ་ཉིད་ཡིན་གྱི། དེ་བཞིན་དུ་གཞན་ནི་མ་ཡིན་ནོ། །སྨྲས་པ་བདག་ཅེས་བྱ་བ་འདིས་དེ་འཛིན་པ་ནི་ཡི་གེ་ག་ལ་སོགས་པ་བཞིན་དུ་ཡུལ་མ་ངེས་པ་ཡིན་ནོ། །དེའི་ཕྱིར་ཁྱབ་བདག་དང་། དུས་ངེས་པ་མེད་པ་ཉིད་ཀྱིས་བརྟག་པ་ཡིན་ནོ། །

ཇི་སྐད་དུ། མ་བཅད་པ་ཡིན་ཡོད་པ་ཅན། །དངོས་གང་ཡུལ་དང་དུས་དག་ལས། དེ་བཞིན་དུ་ཡོད་པ་ཡིན་ནོ་ཞེས་དེ་དག་ཙམ་དུ་བསྟན་པར་ནུས་ཀྱི། སྐྱེས་པ་དང་འཇིག་པ་ཞེས་ནི་མ་ཡིན་ནོ། །མཐོ་རིས་འདོད་པས་སྦྱིན་སྲེག་གྱིས་ཤིག་ཅེས་བྱའི། རྒྱུ་ནི་འཇིག་རྟེན་ཕ་རོལ་གྱི་འབྲས་བུ་དང་
འབྲེལ་པ་ཅན་དུ་འཕངས་པ་ཡིན་ལ། དེ་བཞིན་དུ་རྙིངས་པ་མེད་པ་ཞེས་བྱ་བ་ནི་མ་རྙིངས་པའོ་ཞེས་དོན་དུ་སྨྲ་བ་ཡིན་ནོ། །བདག་གི་གཟུགས་ལྟ་བུའི་ལུས་ཀྱི་ཆོས་སམ། ཆ་ཤས་ཅན་ནི་མ་ཡིན་ཏེ། དེ་ལྟར་མ་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་དེ་ཞིག་པ་ཡིན་ན་ཡང་ནམ་མཁའ་བཞིན་དུ་འཇིག་
པ་མ་ཡིན་ནོ། །བ་ལང་དང་རྟ་ཞེས་བྱ་བའི་རྣམ་པར་རྟོག་པ་ངེས་པ་ཅན་མ་ཡིན་པར་སྣང་བ་ཡང་ངེས་པ་ཅན་མཐོང་བའི་སྟོབས་ཀྱིས་འབྱུང་བ་ཡིན་གྱི། དེ་ལྟ་བུ་མ་ཡིན་པའི་ཕྱིར་ཁྱབ་བདག་ནི་མ་ཡིན་ནོ། །དེ་ལྟ་ན་ཡུལ་སྣ་ཚོགས་པ་ལ་དེ་ལ་ངེས་པའི་སྒྲ་དམིགས་པ་ནི་རྗེས་སུ་འབྲེལ་པ་ལས་
རྟག་པ་ཉིད་དུ་ཤེས་པར་གྱུར་གྱི་ཁྱབ་བདག་ཉིད་དུ་ནི་མ་ཡིན་ནོ། །བུམ་པ་ལ་སོགས་པ་མཐོང་བ་བཞིན་དུ་ཡི་གེ་ག་ལ་སོགས་པ་མཐོང་བ་ཡུལ་ངེས་པ་ཅན་ཁོ་ན་ཡིན་ཏེ། ཆ་ཤས་མེད་པ་ཉིད་ཀྱིས་འཇིག་པར་བྱེད་པ་མེད་པའི་ཕྱིར་རྗེས་སུ་འབྲེལ་བས་རྟག་པ་ཉིད་ཡིན་ན། ཁྱབ་བདག་ཉིད་ཡིན་
ནོ། །ཡུལ་ངེས་པ་ཅན་ཡང་ཇི་ལྟར་ཡང་གསལ་བྱེད་འཁྲུལ་པ་ལས་བྱུང་བ་འཁྲུལ་པ་ཡིན་ནོ་ཞེ་ན། ཆ་ཤས་དང་བཅས་པའི་ཐོབ་ལ་སོགས་པ་ཡོད་ན་འཇིག་པ་ཡིན་ཞེས་བྱ་བ་མ་མཐོང་བའི་ཕྱིར་འདི་ཅི་ལས་ཤེས། ཆ་ཤས་མེད་པ་ལ་ཡང་ཁྱད་པར་མེད་དོ། །གྱོ་མོ་རོ་ཞེ་ན།
འདི་ལ་ཡང་དེ་དང་བྲལ་བའི་ཡུལ་ཡོད་དོ། །ཡུལ་ནི་མ་ངེས་པ་ཡིན་ནོ་ཞེ་ན། གྱོ་མོ་ལ་ཡང་བུམ་པ་ལ་རྩོམ་པ་མ་ཡིན་པ་ཅན་བཞིན་དུ་ཡིན་པའི་ཕྱིར་ཁྱད་པར་མཐོང་བ་མ་ཡིན་ནོ། །སྔར་མཐོང་བ་ངོ་ཤེས་པ་ཡང་དེ་དང་གཅིག་པར་འཛིན་པའི་དོན་བྱེད་པའི་རྒྱུ་མཚན་ཡིན་པར་བརྗོད་དོ། །
འདིས་ནི་ལྐོག་ཏུ་མ་གྱུར་པ་རིག་པར་དམིགས་ནས་བདག་ཅེས་བྱ་བ་འབྱུང་བས་ཡུལ་ངེས་པ་ཅན་ལ་སོགས་པ་དང་། བདག་མེད་པ་མ་ཡིན་པར་ལུང་དང་འབྲེལ་པ་ཅན་གྱི་ལུང་ལས་བརྟག་པ་ལ་སོགས་པ་རིགས་པ་ཡང་བཤད་པ་ཡིན་ལ། སྐྱེས་བུས་བྱས་པ་མ་ཡིན་པ་ཉིད་ལ་ཡང་

བསྟན་པ་ཡིན་ནོ། །དེ་ནི་དེ་བཞིན་དུ་ལྐོག་ཏུ་མ་གྱུར་པ་རིག་པ་བོར་ནས། བདག་ཏུ་བྱེད་པའི་ཡུལ་གཞན་སྟོན་པ་ཡིན་ཞེས་པའི་ཐབས་ལས་བྱུང་བ་གཞན་འཕེན་བའི་གནས་སྐབས་གཞན་ཡིན་གྱི། གལ་ཏེ་ཐབས་ཉིད་འགེག་པར་བྱེད་ན་ཐབས་མེད་ན་ཐབས་ལས་བྱུང་
བ་གྲུབ་པར་མི་ནུས་པ་ནི་མ་ཡིན་ཏེ། དེ་ཐབས་ཡོངས་སུ་འདོར་བར་བྱེད་པ་ནི་མ་ཡིན་ནོ་བདག་ཏུ་ཤེས་པ་ཁོ་ན། བདག་རིག་པ་བདག་མ་ཡིན་ནམ། འདི་ལས་ཉིད་ཡོད་པ་ཡང་མ་ཡིན་ཏེ། མངོན་སུམ་ཡིན་པའི་ཕྱིར་རང་རིག་པར་བྱ་བ་དེ་ཡོད་ཅེས་བྱ་བའི་ཚིག་ལས་སོ། །དེ་ནི་གཞན་
གྱིས་མཐོང་བར་མི་ནུས་ཏེ། བདག་གིས་མཐོང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ་འདི་ནི་བུམ་པ་བཞིན་དུ་ལས་ཉིད་ཁས་ལེན་པའི་ཕྱིར་དང་། བྱེད་པ་པོ་ཉིད་མངོན་སུམ་ཡིན་པའི་ཕྱིར་རོ། །བདག་ཏུ་ཤེས་པའི་ཤེས་བྱ་ནི། །རང་ཉིད་བདག་ཏུ་འཐད་པ་ཡིན། །ཞེས་བྱ་བ་ཡང་། འདི་ཤེས་པ་ཡང་
ཡིན་ལ་བུམ་པ་ལ་སོགས་པ་རིག་པ་ཅན་ཡང་ཡིན་པའི་ཕྱིར་རིག་པའོ། །དེ་ནི་དེ་ལྟ་བུའི་བདག་ཏུ་འཐད་པ་ཡིན་ནོ། །དེ་སུས་ཤེས་ཤེ་ན། བདག་རང་ཉིད་ཀྱི་ཤེས་བྱ་ཡིན་ཏེ། རང་རིག་པར་བྱ་བ་བདག་གི་མངོན་སུམ་ཡིན་ཞེས་བྱ་བའི་དོན་ཏོ། །གང་ཞིག་དང་པོ་ཡིན་པ་ལས་ཀྱི་ཤེས་
པ་ནི་ཕྱི་རོལ་དུ་གཙོ་བོ་ཡིན་ཏེ། ཇི་ལྟར་ཡང་འདི་ལ་སྒྲོ་འདོགས་པའི་ཡུལ་དུ་རྣམ་པར་གནས་པ་ཡིན་ལ། དེ་འདི་དང་མངོན་པར་འབྲེལ་བས་འདི་ལས་བྱེད་པ་པོ་དམ་པ་ཡིན་ཏེ། རང་ཉིད་རང་གིས་ཤེས་ཞེས་བྱ་བའི་ཚིག་ཡིན་ནོ། །གཞན་དུ་ན་དམ་པ་ཞེས་བསྟན་པར་མི་འགྱུར་ཏེ། ཕྱི་རོལ་གྱི་
ལས་བྱེད་པ་པོ་ཉིད་དང་མཚན་ཉིད་མི་མཐུན་པ་ཉིད་འདི་ནི་དམ་པ་ཉིད་ཡིན་ནོ། །དེ་ལྟར་ཡང་ཤེས་པ་པོ་ལས་གཞན་པའི་ཡུལ་ཡང་དེར་མི་འགྱུར་ཏེ། རང་བཞིན་གྱིས་ཤེས་པ་པོ་ཡིན་པའི་ཕྱིར་འདིའི་ལས་ཉིད་གཞན་རང་བཞིན་གྱིས་ཡོད་པ་མ་ཡིན་པ་ནི་བརྟགས་པའི་དངོས་པོ་ལས་གཞན་ཞེས་བྱ་
བའི་དོན་ཏོ། །ཤེས་པ་པོར་ཅི་ལས་འགྱུར་བ་ཡིན་ཞེ་ན་ཡང་། ཡང་། བདག་ཏུ་ཤེས་པའི་རྣམ་ཤེས་ནི། །ཐམས་ཅད་ཉིད་དུ་ཤེས་པར་བྱ། །ཞེས་སྨོས་པའོ། །ཐམས་ཅད་ཅེས་སྨོས་པས་ཤེས་པ་པོ་གཟུང་བར་ཡིན་ནོ་ཞེ་ན། མ་ཡིན་ཏེ་མི་སྲིད་པའི་ཕྱིར་རོ། །དེའི་

ཕྱིར་གཞན་ཐམས་ཅད་ཁོ་ན་ཞེས་བྱ་བ་ཡང་མི་འགལ་བའི་ཕྱིར་རོ། །ཤེས་པར་བྱ་བ་ཞེས་བྱ་བ་ནི་ཁྱད་པར་ཡིན་གྱི་བདག་འདི་ཤེས་པར་བྱ་བ་ནི་མ་ཡིན་ཏེ། ཤེས་པ་པོ་ཡིན་པའི་ཕྱིར་རོ། །བདག་འདི་ཞེས་བྱ་བའི་ཤེས་པ་དེ་ཡང་བདག་འདི་ཤེས་པར་གྱུར་ཞེས་རྗེས་སུ་སྦྱོར་བཞིན་པའི་རྣམ་པར་
ཤེས་པས་འབྱེད་པ་ཡིན་ལ། རྣམ་ཤེས་འདི་སྔར་མཐོང་བ་ནི་མ་ཡིན་ཏེ། གང་གིས་དྲན་པར་བྱེད་པའམ། །རྗེས་སུ་སྦྱོར་བར་བྱེད་པར་འགྱུར། །དྲན་དང་སྔར་མཐོང་ངོ་ཤེས་དག །བག་ཆགས་དབང་གིས་བྱུང་བ་ཉིད། །ཤེས་པ་པོ་ཡི་ཡུལ་གཞན་ལ། །སྔར་མཐོང་ངོ་ཤེས་རྙེད་པར་དཀའ། །
དེ་ལྟ་ཡིན་ན་རྟར་རྣམ་པར་རྟོག་པར་བྱེད་པ་ན་བ་གླང་མཐོང་བ་ཇི་ལྟར་ཡིན། བདག་ཏུ་ཤེས་པ་མེད་པའི་ཕྱིར་རོ། །རྟོག་པ་འདི་རྣམས་སོ་སོར་མི་རིགས་པ་ཁོ་ན་སྐྱེ་བ་དང་འཇིག་པ་ནི་མ་ཡིན་ནོ། །རྟག་པའི་ཕྱིར་ཡོད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཤེས་པ་ལས་གཞན་མ་དམིགས་པའི་ཕྱིར་རོ། །བདག་
ཤེས་པར་གྱུར་པ་ཡིན་ནོ་ཞེས་བདག་ཏུ་ཤེས་པའི་ཤེས་པ་པོ་ཉིད་རྗེས་སུ་སྦྱོར་བ་དེ་ལ་ཡང་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཤེས་པ་ལས་གཞན་པའི་མ་དམིགས་པས་གནོད་པའི་ཕྱིར་རོ། །ཤེས་པ་ཉིད་བདག་ནི་མ་ཡིན་ཏེ། ཁས་མི་ལེན་པའི་ཕྱིར་དང་། རང་རིག་པ་ཉིད་ཀྱིས་ལྐོག་ཏུ་གྱུར་པ་ཉིད་
ཁས་མི་ལེན་པའི་ཕྱིར་རོ། །ཀ་བ་ལ་ཡང་དེ་རིག་པ་ལས་གཞན་དུ་འཛིན་པ་པོར་ཉམས་སུ་མྱོང་བ་མ་ཡིན་ལ། དེ་ལྟར་རྟོག་པ་ཡིན་ན་མཐོང་བ་ཉམས་པ་དང་མ་མཐོང་བའི་རྟོག་པ་དང་། རིག་པ་འགལ་བར་ཡང་འགྱུར་རོ། །འོན་ཏེ་ཀ་བ་ལ་སོགས་པའི་ངོ་བོས་དམིགས་བྱ་མེད་པ་ཉིད་དུ་
བརྗོད་པ་ཡིན་ན། རིག་པར་མཐོང་བའི་ཕྱིར་དེ་དང་འགལ་བར་ཡང་ཐལ་བར་འགྱུར་རོ། །ཀ་བ་རིག་པའི་བདག་ཉིད་ཅན་གྱི་རྣམ་ཤེས་ནི་རིག་པ་མ་ཡིན་པའི་བདག་ཉིད་དམིགས་བྱ་མེད་པ་ཉིད་དེ་རིག་པ་དང་འགལ་བ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཤེས་པ་ཉིད་ཤེས་པ་པོ་ཡིན་
པར་ནི་བདེན་མོད་ཀྱི། འབའ་ཞིག་པོ་ནི་རྟག་པ་ཡིན་ཏེ། དེའི་ཕྱིར་བདག་ཏུ་བྱེད་པའི་ཡུལ་ཡང་བདག་ཏུ་འགྱུར་རོ། །ཀ་བའི་ཤེས་པ་པོ་ཉིད་ཀ་བར་ཉམས་སུ་མྱོང་བའི་སྒོ་ནས་དེ་ཞེས་བྱ་བའམ། ཀ་བ་ཞེས་བྱ་བར་ཇི་ལྟར་རྣམ་པར་རྟོག་པར་བྱེད་པ་དེ་བཞིན་དུ། ཤེས་པ་པོ་ཉིད་ཀྱིས་

ཉམས་སུ་མྱོང་བ་ལས་བདག་གོ་ཅེས་འཇུག་པ་ཡིན་ཏེ། ཇི་ལྟར་གོམས་པའི་ལས་ཡིན་གྱི། ཉམས་སུ་མྱོང་བ་མེད་པ་ནི་མ་ཡིན་ནོ། །དེས་འོན་ཏེ་ཤེས་པ་པོ་ཉིད་འདྲ་ན། ལུས་གཞན་རྣམས་ལའང་དེར་འགྱུར་ཏེ། དེ་ལ་ཐམས་ཅད་ཀྱིས་ཤེས་ན། །བདག་པོ་ཞེས་ཀྱང་དྲན་
པར་འགྱུར། །ཞེས་བྱ་བ་འདིས་གསལ་བ་ཡིན་ནོ། །ཤེས་པ་པོ་ཉིད་ལ་སོགས་པ་འདྲ་བ་ལ་སོགས་པ་བདག་ཏུ་བྱེད་པའི་རྒྱུ་མཚན་མ་ཡིན་ཏེ། འོན་ཀྱང་བདག་རིག་པ་རྒྱུ་མཚན་ཡིན་འོན་ཏེ་བདག་ཤེས་པ་པོར་གྱུར་པ་ཞེས་བྱ་བས་སྔ་མ་དང་ཕྱི་མའི་ཤེས་པ་པོ་དག་ཆ་གཅིག་པ་ཡིན་ནོ་ཞེ་ན། དེ་
གཅིག་པ་ཉིད་ཡིན་ན་བུམ་པའི་ཤེས་པའི་དུས་སུ་དེའི་གྱོ་མོ་ཤེས་པར་གྱུར་ལ། དེ་ཤེས་པའི་དུས་སུ་ཡང་བུམ་པ་ཤེས་པར་འགྱུར་རོ། །ཤེས་པ་གཅིག་ཉིད་ཀྱང་གནས་སྐབས་ཐ་དད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་དེ་ལྟ་ཡིན་ན་ཉམས་སུ་མྱོང་བ་ཐ་དད་པ་ནི་གནས་སྐབས་ཐ་དད་པས་རྗེས་སུ་བྱེད་པ་ཡིན་གྱི། དེ་གཅིག་
པ་ཉིད་རྗེས་སུ་བྱེད་པ་ནི་མ་ཡིན་ནོ། །དེའི་གནས་སྐབས་ཡིན་ནོ་ཞེ་ན། མ་ཡིན་ཏེ་དེ་ལས་འགྱུར་བ་མེད་པའི་ཕྱིར་ལ། འགྱུར་བ་ཡིན་ན་ཡང་གནས་སྐབས་ཁོ་ནར་འགྱུར་རོ། །སྔ་མའི་གནས་སྐབས་སུ་ཤི་བ་ཕྱིས་ཡོད་པར་ངོ་ཤེས་པ་ཡིན་ནོ་ཞེ་ན། བདེན་ཏེ། བྲེགས་པའི་སྐྲ་དང་སེན་མོ་ལ་སོགས་པ་
བཞིན་དུ་ཤི་བ་ཡང་ངོ་ཤེས་པ་ནི་འཁྲུལ་པ་ཡིན་ནོ། །གནོད་པ་ཅན་མེད་ན་ཇི་ལྟར་འཁྲུལ་པ་ཡིན། ཤི་བ་ཉིད་དུ་ཤེས་པ་ཁོ་ན་གནོད་པ་ཅན་ཡིན་ནོ། །འདིས་ནི་གཅིག་པུ་བྱེད་པ་པོ་དང་ཟ་བ་པོ་ཉིད་དུ་བཤད་པ་ཡིན་ནོ། །གནས་སྐབས་ཐ་དད་པ་དང་ཐ་མི་དད་པ་དག་གིས་བྱེད་པ་དང་། ཟ་བ་དག་
གིས་ཐ་དད་པའམ་ཐ་མི་དད་པ་ཡིན་གྱི་གནས་སྐབས་ཐམས་ཅད་པའམ། ནམ་མཁའི་ནི་མ་ཡིན་ཏེ། །དེ་དག་ལ་གནས་སྐབས་ཐམས་ཅད་པ་ནི་རྒྱུ་ཡིན་གྱི་ནམ་མཁའི་ནི་མ་ཡིན་ནོ་ཞེས་བྱ་བ་འདི་སུའི་རིགས་པ་ཡིན། ཇི་སྐད་དུ། ཚངས་པ་ཤེས་པས།། ཇི་ལྟར་དངོས་དེ་རྒྱུ་ཡིན་པ། །དེ་ལྟར་དེ་
ཉིད་གང་གི་ཚེ། །རྒྱུ་མིན་དེ་ནི་གང་གི་རྒྱུར། །འདོད་ལ་རྒྱུ་མ་ཡིན་མི་འདོད། །ཅེས་གང་སྨྲས་བའོ། །འཇིག་རྟེན་པ་ཡང་གནས་སྐབས་ཁོ་ན་ཡིན་པར་སྨྲ་བ་ནི། གནས་སྐབས་གཞན་ལས་བྱུང་བའི་བདག་གི་དགེ་བ་དང་མི་དགེ་བའི་འབྲས་བུ་ཡིན་ནོ་ཞེས་ཤེས་ནས་ཀྱང་འགྲོ་བ་རྣམས་འཇུག་

པ་དང་འདོར་བ་ཡང་མཐོང་བ་ཡིན་ནོ། །གང་ཡང་སེམས་པ་ཅན་དང་ཡོད་པའི་རྫས་ཉིད་ནི་གནས་སྐབས་ཐ་དད་ཀྱང་དབྱེ་བ་མ་ཡིན་པའི་ཕྱིར། གནས་སྐབས་ཐམས་ཅད་པར་འགྱུར་བ་ཡིན་ལ། བདེ་བ་དང་སྡུག་བསྔལ་བ་ལ་སོགས་པའི་གནས་སྐབས་ཀྱང་མི་རྣམས་འགྲོ་ཡང་རུང་བ་ན། བདག་གི་
སེམས་པ་ཅན་གྱི་རྫས་ཡོད་པ་ལ་སོགས་པའི་ངོ་བོ་གྲོལ་བ་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་དེ་ཡང་སྔ་མ་དང་ཕྱི་མའི་གནས་སྐབས་ཐ་དད་པ་ལ། དེ་མི་དད་པའི་སེམས་པ་ཅན་ལ་སོགས་པའི་བྱེ་བྲག་ལས་མི་རིགས་སོ། །འདིས་ནི་ཐ་དད་པ་ལ་ཡང་རྒྱུ་ཉིད་དུ་བསྟན་པ་ཡིན་ཏེ། གནས་སྐབས་
རྣམས་ཀྱི་མེད་པ་ལ་སོགས་པ་བཞིན་དུ། རྒྱུ་ཉིད་དུ་བརྗོད་པ་ཡིན་ནོ། །འོན་ཏེ་གནས་སྐབས་ཉིད་སྔ་མ་དང་ཕྱི་མའི་དུས་རྗེས་སུ་སྦྱོར་བར་བྱེད་པ་ཡིན་ན། དེའི་ཚེ་འདི་མེད་པ་ཡིན་ན་ཇི་ལྟར་རྗེས་སུ་སྦྱོར་བར་བྱེད། ཤི་བ་ལ་རྗེས་སུ་སྦྱོར་བར་བྱེད་པ་ཡིན་ན། བྲེགས་པའི་སྐྲ་ལ་རྗེས་སུ་སྦྱོར་བ་བཞིན་དུ་
འཁྲུལ་པ་ཡིན་ནོ། །ནང་དང་ཕྱི་ཡང་སྐད་ཅིག་རེ་རེ་ལ་ཐ་དད་པ་ཡིན་ན་དེ་ཉིད་ལ་རྗེས་སུ་སྦྱོར་བ་ནི་འཁྲུལ་པ་ཡིན་ན་ཇི་ལྟར་འཇུག་པ་ཡིན། རབ་ཏུ་གྲུབ་པ་ཉིད་མེད་ན་ཐ་སྙད་ཐམས་ཅད་མི་འདོད་པ་ཡིན་ཏེ། ཐེར་ཟུག་ཏུ་གནས་པའི་རྟག་པ་གཅིག་པུ་འདོད་པ་དང་། འབྲེལ་པ་ཅན་མཐོང་བ་དང་སྣང་
བཞིན་པ་ནི་ཐ་སྙད་ཀྱི་རྒྱུ་མཚན་དུ་འདོད་པ་མ་ཡིན་ནོ། །རྒྱུན་ནི་རྒྱུ་མཚན་ཡིན་ནོ་ཞེ་ན། རྒྱུན་ཡིན་ཡང་དེ་ནི་སྔ་མ་ཉིད་ཀྱིས་རྗེས་སུ་སྦྱོར་བ་མེད་ན་ཇི་ལྟར་ཐ་སྙད་ཀྱི་རྒྱུ་མཚན་ཡིན། བདག་དང་འདི་ཞེས་བྱ་བ་ཡང་རྗེས་སུ་སྦྱོར་བ་ཡིན་ན་ཐ་སྙད་ཀྱི་ཡན་ལག་ཡིན་པར་ནི་བདེན་ཏེ། དེ་གཅིག་པུ་འཛིན་
པ་སྐྱེད་པར་བྱེད་པ་འབའ་ཞིག་ནི་དེ་མི་བྱེད་པར་རྣམ་པར་གཅོད་པར་བྱེད་པའི་ངོ་བོས་ཡིན་ལ། དེས་ན་འཛིན་བཞིན་པ་ནི་ཐ་སྙད་ཀྱི་རྒྱུ་མཚན་ཡིན་པར་ནི། དེ་མཐོང་བ་ནི་མཐོང་རྣམས་ལ། །རིག་པའི་ནུས་པས་བྱུང་བ་ཡིན། །དྲན་ལས་བྱུང་བ་འདོད་པ་ལས། །ཐ་སྙད་འཇུག་པར་འགྱུར་བ་ཡིན། །
ཞེས་བྱ་བས་བསྟན་པ་ཡིན་ནོ། །འདིས་ནི་བདག་ཅེས་ཏེ་གཅིག་ཏུ་འཛིན་པར་ངེས་པ་ནི་བྱེད་པ་པོ་དང་ཟ་བ་པོར་འགྱུར་གྱི་ཅིག་ཤོས་ནི་མ་ཡིན་ནོ་ཞེས་རྣམ་པར་དབྱེ་བ་ལས། ལས་བྱས་པ་ཡིན་ན་བྱེད་པ་པོ་ཞིག་པ་ཡིན་ལ། བྱས་པའི་ལས་ཀྱི་བྱེད་པ་པོ་མེད་ན་འབྲས་བུ་སྟེར་བའི་ཕྱིར་མ་བྱས་

པའི་ལས་ལ་ཟ་བ་པོ་འབྲས་བུ་དང་ལྡན་པ་འོངས་པ་ཡིན་ནོ་ཞེས་བྱ་བའི་སྐྱོན་བསལ་བ་ཡིན་ལ། བྱས་པའི་ལས་ལ་ནི་འགའ་ཡང་ཞིག་པ་མ་ཡིན་ཏེ། བདག་ཏུ་ཤེས་པའི་ཡུལ་སེམས་ཀྱི་རྒྱུད་མི་འཆད་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །གཉིད་ལོག་པ་དང་བརྒྱལ་བ་ལ་
སོགས་པའི་དུས་ན་ཚང་པ་ཡང་སྐྱེ་བའི་ཕྱིར། ཟ་བ་པོའི་གཞན་ཉིད་ནི་བདག་ཏུ་མི་བྱེད་པའི་ཡུལ་འབྲས་བུ་ཡིན་ན་ནི་འགྱུར་གྱི། སྔ་མ་དང་ཕྱི་མའི་སེམས་ཀྱི་སྐད་ཅིག་དག་ལ་ནི་དེ་ཡོད་པ་ནི་མ་ཡིན་ནོ། །སྐད་ཅིག་མ་ཐ་དད་པའི་སྐྱོན་ཡོད་དོ་ཞེ་ན་ནི། གནས་སྐབས་ཐ་དད་པ་ཡིན་ཡང་
གནས་སྐབས་པ་ནི་མ་ཡིན་ནོ་ནམ་མཁའ་བཞིན་དུ་བྱེད་པ་པོའམ། ཟ་བ་པོ་ནི་གནས་སྐབས་ཀྱི་སྒོ་ནས་དེ་ཉིད་བྱེད་པ་ནི་མ་ཡིན་ལ། བྱེད་པ་པོ་དང་ཟ་བ་པོ་ཉིད་དག་སྐྱེས་བུའི་གནས་སྐབས་ལ་བརྟེན་པ་ནི་མ་ཡིན་ནོ། །དེས་ན་གནས་སྐབས་དང་ལྡན་པ་དེ་ཉིད་ཀྱི་ཕྱིར་བྱེད་པ་པོ་ཁོ་ན་འབྲས་བུ་
ཐོབ་པ་ཡིན་ནོ་ཞེ་ན། འདི་ལ་གནས་སྐབས་ཐ་དད་པའི་རྗེས་སུ་བྱེད་པའི་འབྲས་བུ་ནི་གནས་སྐབས་ཅན་ལས་འགྱུར་བ་མ་ཡིན་ཏེ། གཞན་དུ་ན་ནམ་མཁའ་ལས་ཀྱང་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེའི་གནས་སྐབས་ཡིན་ནོ་ཞེ་ན། ཁྱད་པར་མེད་ན་ནམ་མཁའ་ལས་ཀྱང་འགྱུར་རོ། །
དེ་དང་གཅིག་པར་ཐ་སྙད་འདོགས་པའི་རྒྱུ་མཚན་ནི་གནས་སྐབས་ཅན་ཡིན་གྱི་ནམ་མཁའ་ནི་མ་ཡིན་ནོ་ཞེ་ན། བདེན་མོད་ཀྱི་དེ་གཅིག་ཏུ་འཛིན་པ་ཁོ་ན་དེ་མི་བྱེད་པར་རྣམ་པར་གཅོད་པའི་རྒྱུ་མཚན་མེད་པའི་ཕྱིར་ཇི་ལྟར་བྱེད་པ་པོ་ཉིད་ཡིན། དེ་གཅིག་ཏུ་ཐ་སྙད་འདོགས་པ་གྲུབ་པ་ལ་
གནས་སྐབས་ཅན་ནི་གྲུབ་པ་ལ་ཉེ་བར་གནས་པ་ཡིན་ན། དགོས་པ་མེད་པ་ཅིའི་ཕྱིར་སྐྱོང་བ་ཡིན། དེའི་ཕྱིར་འབྲས་བུ་དང་རྒྱུ་ཉིད་དུ་མ་རྒྱུད་གཅིག་ཏུ་བྱས་པ་ཞིག་པར་སྨྲ་བ་ནི་སྣ་ཚོགས་པ་ཉིད་མ་བོར་ན། དེའི་སྐྱོན་ཡང་མ་བོར་བ་གསལ་བ་ཡིན་ནོ། །རྒྱུད་གཞན་གྱིས་བྱས་པའི་འབྲས་བུ་དེ་
ལས་གཞན་པས་ཟོས་པ་ཡིན་ན། བྱས་པ་ཞིག་པ་ལ་སོགས་པར་འགྱུར་གྱི་དེ་ཉིད་ཀྱི་ཡིན་ན་ནི་ཞིག་པ་མ་ཡིན་ནོ། །འབྲས་བུ་དང་རྒྱུའི་རྒྱུན་གྱི་ཡུལ་ལ་དེ་ཉིད་ཀྱི་ཐ་སྙད་འདི་འཇིག་རྟེན་དུ་མཐོང་བ་ཡིན་ནོ། །དེའི་ཕྱིར་རྒྱུ་ལ་སོགས་པ་ཡོད་པ་ལས་བྱེད་པ་དང་ཟ་བ་ལ་སོགས་པ་མ་ངེས་པ་ཡིན་པར་

སྨྲ་བ་པོ་ནི་ཀླན་ཀ་བཙལ་བྱ་མ་ཡིན་ནོ། །དེའི་ཕྱིར། འཇིག་རྟེན་ཕ་རོལ་ཁས་ལེན་ཀྱང་། །རྣམ་རིག་ཙམ་ཉིད་བདག་སྨྲ་བས། །ཤེས་རྣམས་སྐད་ཅིག་པ་ཉིད་ཕྱིར། །བྱེད་པོ་ཟ་པོ་གཞན་ཉིད་འགྱུར། །ཞེས་བྱ་བ་ནི་མི་བདེན་པ་ཡིན་ནོ། །གང་གི་ཕྱིར་དེ་ཁོ་ན་ཉིད་རིག་པ་པོ་རྣམས་སྐད་ཅིག་མའི་དབྱེ་
བ་ལ་དཔྱོད་པར་བྱེད་པ་ཡིན་གྱི་འཇིག་རྟེན་ནི་རྒྱུ་མེད་པའི་ཕྱིར། རྣམ་པར་དཔྱོད་པར་བྱེད་པ་མ་ཡིན་ནོ། །སྟོབས་དང་སྟོབས་མ་ཡིན་པ་ལ་སོགས་པ་གྲུབ་པའི་དོན་དུ་དེ་ཁོ་ན་ཉིད་ཤེས་པ་རྣམས། རྣམ་པར་དཔྱོད་པར་བྱེད་པ་ཡིན་ལ། འཇིག་རྟེན་ནི་དེ་མངོན་སུམ་གྱིས་མཐོང་ཡང་དགོས་པ་མེད་པའི་ཕྱིར་
དང་། འདྲ་བ་གཞན་བྱུང་བའི་ཕྱིར། །དོན་བྱེད་པ་དོན་དུ་ནི་གཉེར་བ་ནི་འདིའོ། །བདག་གོ་ཞེས་དེ་ལྟར་ངེས་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ངེས་པ་དང་ལྡན་པ་ཡང་འཇུག་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་བདག་མེད་པར་སྨྲ་བའི་ཕྱོགས་ལ་ནི། །བདག་ཤིའི་འོག་ཏུ་འབྲས་བདག་གིར། །མི་འགྱུར་ན་
ཡང་གཞན་གྱིར་འགྱུར། །ཞེས་ནི་སྔར་ཉིད་ཤེས་པ་ཡིན། །དེ་ཕྱིར་འཇུག་པར་མི་འགྱུར་ཡིན། །ཞེས་བྱ་བ་ནི་ངན་པར་སྨྲ་བ་ཡིན་ཏེ། །རིག་པར་བྱ་བ་ཐམས་ཅད་མཁྱེན་པ་ནི་ཉེས་པ་མ་ལུས་པ་ཟད་པ་ནི་གཞན་ནི་སྡུག་བསྔལ་བཙལ་བར་བཞེད་པ་ཁོ་ནས་འཇུག་པའི་ཕྱིར། སེམས་འཇིག་རྟེན་
ཕ་རོལ་པ་ཡིན་པའི་ཕྱོགས་ལ་ཐམས་ཅད་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །སེམས་དེ་ཉིད་ཁོ་ན་འབའ་ཞིག་སྐྱེ་བའི་དང་པོར་ལུས་ཙམ་ལས་སམ། ཕའི་སེམས་ལས་བྱུང་བར་མཐོང་བ་ཡིན་གྱི་སྐྱེ་བ་སྔ་མའི་སེམས་ལས་མ་ཡིན་ཞིང་། འཆི་བའི་སེམས་བཞིན་དུ་འབྱུང་བར་འགྱུར་བའི་སེམས་གཞན་ཡང་
མ་ཡིན་ནོ་སྙམ་དུ་སེམས་པ་ལ། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། །ཧ་ཅང་ཐལ་ཕྱིར་ཞེས་བྱ་བ་སྨོས་ཏེ། དབུགས་འབྱུང་བ་ལ་སོགས་པ་དང་སེམས་དང་དབང་པོ་རྣམས་ཀྱང་བརྟན་པ་ཉིད་དང་། གཡོ་བ་པོ་ཉིད་ལ་སོགས་པའི་གོམས་
པས་དེ་ལྟ་དེ་ལྟ་བུར་འགྱུར་བ་ཡིན་ཏེ། དང་པོ་སྐྱེ་བ་ལ་ཡང་དེ་བཞིན་དེ་རྣམས་སུ་སྣང་བ་ཡིན་གྱི་ཕ་ལ་སོགས་པ་ནི་དེ་ལྟར་གོམས་པ་མ་ཡིན་ཏེ། གླེན་པའི་བུ་ཡང་མཁས་པར་མཐོང་བའི་ཕྱིར་རོ། །དེའི་སྐྱེ་བ་འདི་ལ་གོམས་པ་ཡང་མ་ཡིན་ནོ། །མེས་པོའི་གོམས་པ་ལས་བྱུང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ།

བྱིས་པ་རང་ཉིད་གོམས་པ་བཞིན་དུ་མཚམས་སྦྱོར་བ་འགྱུར་རོ། །རང་གི་གོམས་པ་ནི་མ་ཡིན་ཏེ། མངལ་ན་འདུག་པ་ལ་སོགས་པའི་སྡུག་བསྔལ་མང་པོས་བརྗེད་པ་སྲིད་པའི་ཕྱིར་རོ། །གྲུབ་པའི་དངོས་པོ་ནི་གོམས་པས་པོགས་བྱུང་བ་མ་ཡིན་ནམ། བརྟན་པོ་དང་གཡོ་བ་པོ་ཡང་གྲུབ་པ་
ཡིན་ཏེ། གོམས་པ་གཞན་ཁོ་ན་ལས་བྱེ་བྲག་ཐམས་ཅད་དེ་ལས་བྱུང་བ་ཉིད་ཤེས་པའི་ཕྱིར་བྱེ་བྲག་མེད་པའི་དངོས་པོ་ཙམ་ནི་ལུས་ལས་དང་པོར་གྲུབ་པ་ཡིན་ལ། གོམས་པས་ནི་ཁྱད་པར་དུ་གྱུར་པ་ཡིན་ཏེ། གླེན་པ་ཡང་གོམས་པ་ལས་མཁས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་གླེན་པ་རྣམས་ཀྱི་ནི་གོམས་
པ་དམན་པ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་བུམ་པ་རྫ་མཁན་ལས་བྱུང་བ་ལ་མེད་ཀྱང་ཕྲང་པ་ལས་ཁྱད་པར་ཡིན་ལ། དེ་བཞིན་དུ་ལུས་ལས་བྱུང་བ་ལ་གོམས་པ་ལས་ཁྱད་པར་དུ་འགྱུར་བ་མ་ཡིན་ནམ། འོན་ཏེ་མེ་དང་ཕྲད་པ་ལས་བུམ་པ་གཞན་ཁོ་ན་ཡིན་ན། དབང་པོ་ལ་སོགས་པ་གོམས་
པ་ལས་ཀྱང་གཞན་ཁོ་ན་ཡིན་པར་མཚུངས་སོ། །མཚུངས་པ་མ་ཡིན་ཏེ། མེ་དང་ཕྲད་པའི་སྔ་རོལ་གྱི་རྫ་མཁན་གྱི་བསྐྱེད་བྱའི་བུམ་པ་ནི་གཞན་ཁོ་ནར་མཐོང་བ་ཡིན་ལ། འདི་ལ་ནི་གོམས་པའི་སྔ་རོལ་དུ་དེའི་བསྐྱེད་བྱ་མ་ཡིན་པ་ནི་དེའི་ཁྱད་པར་མ་ཡིན་ལ་དངོས་པོ་ཙམ་ནི་ཉེ་བར་དམིགས་པ་ཡང་མ་
ཡིན་ནོ། །རྗེས་སུ་དཔོག་པར་བྱེད་དོ་ཞེ་ན། དེ་ལྟར་ཡིན་ན་གོམས་པ་ཁོ་ན་མཐོང་བ་ལ་རྗེས་སུ་དཔོག་པར་འགྱུར་ཏེ། མ་མཐོང་བ་ལ་རྗེས་སུ་དཔོག་པ་མེད་པའི་ཕྱིར་རོ། །ཨུཏྤ་ལའི་རྩ་བ་ནི་བ་ལང་གི་ལྕི་བ་ལས་སྐྱེ་བ་དང་། ཨུཏྤ་ལའི་རྩ་བ་ལས་ཀྱང་སྐྱེ་བར་མཐོང་ལ། དེ་བཞིན་དུ་ལུས་ལས་
སྐྱེས་པ་ནི་གོམས་པ་ལས་ཀྱང་འདི་སྐྱེ་བར་འགྱུར་བའི་ཕྱིར་འདི་སྐྱེ་བ་ཡིན་ནོ་ཞེས་རྗེས་སུ་དཔོག་པར་མི་རིགས་སོ། །གང་གི་ཕྱིར་བ་ལང་གི་ལྕི་བ་ལས་སྐྱེ་བའི་ཨུཏྤ་ལའི་རྩ་བ་དང་། མེ་ལས་དུ་བ་ནི་རྒྱུན་གྱི་འཇུག་པ་ཡིན་གྱི། འདི་ལ་ནི་སྐྱེ་བའི་དང་པོ་ལ་གོམས་པ་ལས་མ་བྱུང་བའི་ཁྱད་པར་གང་
ཡང་མེད་དོ། །དུ་བའི་བསྐྱེད་བྱའི་དུ་བ་བཞིན་དུ་མེ་ལ་ཡང་དུ་བ་ཡིན་ནོ་ཞེས་བྱ་བ་འདི་ལ་ཡང་གོམས་པའི་བསྐྱེད་བྱའི་ཁྱད་པར་བཞིན་དུ་ཁྱད་པར་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་དུ་བ་ལས་དུ་བའི་བསྐྱེད་བྱ་དང་འདྲ་བའི་མེ་རྗེས་སུ་དཔོག་པར་མི་འགྱུར་ལ། དེ་དང་འདྲ་བ་ལས་དེའི་རྗེས་སུ་དཔོག་པ་མ་ཉམས་

པ་ཡིན་ནོ། །དེའི་བསྐྱེད་བྱའི་ཡང་རྩ་བ་ཡང་མེ་ཡིན་ནོ་ཞེ་ན། འདི་ལ་ཡང་གོམས་པའི་བསྐྱེད་བྱའི་ཁྱད་པར་འདྲ་བའི་རྩ་བ་གོམས་པ་ཡིན་པའི་ཕྱིར། རྗེས་སུ་དཔག་པ་མ་ཉམས་པ་ཡིན་ནོ། །གོམས་པའི་བསྐྱེད་བྱའི་ཁྱད་པར་ནི་ཁྱད་པར་གཞན་གྱི་རྒྱུན་བྱེད་པ་ཡིན་པ་ནི་མེའི་བསྐྱེད་བྱའི་
དུ་བ་ལས་དུ་བ་གཞན་ལྟ་བུའོ། །དེའི་རྒྱུན་འཇུག་པར་བྱེད་པ་ཙམ་གོམས་པ་ནི་མ་ཡིན་ལ། ནུར་ནུར་པོ་ལ་སོགས་པའི་ལུས་ཀྱི་བསྐྱེད་བྱ་ཉིད་ནི་ཁྱད་པར་དེ་མ་ཡིན་ཏེ། དུ་བ་ཡང་རི་བོ་ཙམ་གྱི་བསྐྱེད་བྱར་འགྱུར་རོ། །རི་བོའི་བསྐྱེད་བྱ་ཉིད་ཡིན་ན། ཐམས་ཅད་དུ་ཐམས་ཅད་ལ་ཡང་འགྱུར་རོ་ཞེ་
ན། འདི་ལ་ཡང་འབྱུང་བའི་བསྐྱེད་བྱ་ཉིད་ཡིན་ན། བོང་བ་ལ་སོགས་པ་ལ་ཡང་འགྱུར་རོ། །བྱེ་བྲག་ཅན་རྣམས་ཀྱི་ནི་སེམས་པ་ཅན་ཡིན་གྱི་བོང་བ་ལ་སོགས་པ་ནི་མ་ཡིན་ཏེ། ཡོངས་སུ་གྱུར་པའི་ཁྱད་པར་ཡང་ངེས་པར་བྱེད་པ་ཡིན་ནོ་ཞེ་ན། ཤི་བ་ལ་འདི་ཐམས་ཅད་ཡོད་པའི་ཕྱིར་
ཕལ་ཆེས་པ་ལས་ཐར་པ་མ་ཡིན་ནོ། །གོམས་པའི་བསྐྱེད་བྱ་ཉིད་ཡིན་ཡང་ཤི་བ་ལ་ཅིས་མི་འགྱུར། གནས་པ་འཕེན་པར་བྱེད་པའི་ལས་ཟད་པའི་ཕྱིར་རོ་ཞེས་འཆད་པར་འགྱུར་བའོ། །ལས་ཀྱི་ནུས་པ་སྣ་ཚོགས་པ་ཉིད་བཞིན་དུ་འབྱུང་བའི་ནུས་པ་སྣ་ཚོགས་པ་ཉིད་དུ་བརྟག་པ་མ་ཡིན་ཏེ།
འབྱུང་བ་རྣམས་ནི་དཔག་ཏུ་ཡོད་པའི་ཕྱིར་རོ། །ས་ཉིད་ལ་སོགས་པའི་ནུས་པ་སྣ་ཚོགས་པ་དེ་རྣམས་ཀྱི་ནུས་པ་མ་མཐོང་བར་རྟག་པ་ཡིན་ནོ་ཞེ་ན། མ་མཐོང་བའི་ནུས་པ་དེ་ཉིད་ལས་ཡིན་པའི་ཕྱིར་ལོག་པར་རྟོགས་པ་མ་ཡིན་ནོ། །སྐྱེ་བ་སྔ་མའི་ལུས་ལས་སྐྱེ་བ་འདིའི་ལུས་ལ་དབང་པོ་ལ་སོགས་
པ་ཇི་ལྟར་འཕོ་བ་ཡིན། སྤྲུལ་གྱི་དུག་གི་ནུས་པ་འཕོ་བ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །སྔགས་ལ་སོགས་པའི་སྟོབས་ཀྱིས་དུག་གཞན་དུ་འཕོ་བ་མ་ཡིན་ནམ། ལས་ཀྱི་སྟོབས་ཀྱིས་འདི་ལ་ཡང་དབང་པོ་ལ་སོགས་པ་གཞན་དུ་འཕོ་བ་ཡིན་པར་མཚུངས་སོ། །གང་གི་ཚེ་དབང་པོ་ལ་སོགས་པ་
འཕོ་བ་དེ་ཉིད་ཀྱི་ཚེ་སེམས་ཀྱང་ཡིན་ཏེ། ཚོགས་པ་གཅིག་པའི་ཕྱིར་རོ། །དེའི་ཕྱིར་ནུར་ནུར་པོ་ལ་སོགས་པ་རྣམས་ལ་རྣམ་ཤེས་ཡོད་ཅེས་བྱ་བ་འདི་ཡང་གྱ་ཚོམ་ཡིན་པར་མཐུན་པ་ཡིན་ནོ། །དེའི་ཚེ་ནི་དབང་པོ་ལས་སྐྱེས་པ་མ་ཡིན་ཏེ། རང་ཡོད་པའི་དུས་སུ་བྱུང་བ་ནི་དེ་ལས་འབྱུང་བའི་ཕྱིར་རོ། །

བདག་གོ་ཞེས་བྱ་བ་བྱུང་བ་ནི་དབང་པོ་དང་བདེ་བ་ལ་སོགས་པ་ང་རྒྱལ་དང་བཅས་པ་ཁོ་ནར་མཐོང་ལ་དེ་ཁོ་ན་བཞིན་དུ་རྒྱུ་ཞེས་བྱ་བའི་དོན་ཏོ། །རང་དབང་ཡོད་ན་ལུས་མེད་པའི་ཕྱིར་ནམ་མཁའ་བཞིན་དུ་ཇི་ལྟར་སེམས་ཀུན་རྒྱུ་བ་ཡིན་ཞེ་ན། རྒྱལ་པོའི་བསྙེན་བཀུར་བ་བཞིན་དུ་རེ་བ་
ལ་གཞན་དབང་ཡིན་པའི་ཕྱིར་རླུང་གིས་བསྐྱོད་བཞིན་པའི་མེ། གཞན་དུ་འགྲོ་བ་ཡོད་སྲིད་ཀྱི། །བློ་ནི་རྒྱུར་གྱུར་ལུས་ཉིད་ལས། །འགས་ཀྱང་སྐྱོད་པར་བྱེད་པ་མིན། །ལུས་མེད་ཕྱིར་ན་འདི་རང་ཉིད། །འཕགས་ནས་འགྲོ་བའང་མ་ཡིན་ནོ། །ཞེས་བྱ་བ་འདི་མ་གྲུབ་པ་ཡིན་ནོ། །དེ་སྐད་དུ་ཡང་།
བདག་ལ་ཆགས་པ་དང་ལྡན་པ། སེམས་ཅན་གཞན་གྱིས་བཀྲི་མིན་པ། །བདེ་སྡུག་དོར་འཐོབ་འདོད་པས་ན། །དམན་པའི་གནས་ནི་ཡོངས་སུ་ལེན། །ཞེས་འཆད་པར་འགྱུར་བའོ། །ཇི་ལྟར་ཡང་སད་པའི་ལུས་ལ་དབང་པོ་ལ་སོགས་པ་རྨི་ལམ་རྨི་བའི་ལུས་ལ་ཀུན་དུ་རྒྱུ་བར་མཐོང་བ་ལྟ་བུའོ། །དེ་ལས་
ཀྱང་སད་པའི་ལུས་ལའོ། །དེ་བཞིན་དུ་སྐྱེ་བ་སྔ་མའི་ལུས་ལས་སྲིད་པ་བར་མ་དོའི་ལུས་ལའོ། །དེ་ལས་ཀྱང་ལུས་འདི་ལ་ཡིན་པའི་ཕྱིར་གནོད་པར་བྱེད་པ་ལ་ལན་གདབ་པར་དཀའ་བ་ཅུང་ཟད་ཀྱང་མེད་དོ། །དེ་ནི་རྨི་ལམ་རྨི་བའི་ལུས་ལ་ནི་མི་བདེན་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་སོ་སོར་སྣང་བ་ལ་མི་བདེན་པ་
ཉིད་དུ་མི་རིགས་པའི་ཕྱིར་རོ། །ཕྱི་རོལ་གྱི་མི་བདེན་པ་ཉིད་ནི་སད་པ་ལ་ཡང་མཚུངས་སོ། །གནོད་པ་ཅན་མེད་པ་ཅི་ལས་ཡིན་ཞེ་ན། གནོད་པ་ཞེས་བྱ་བ་ཡང་སོ་སོར་སྣང་བ་ཙམ་ཉིད་དུ་ངེས་པ་ཕྱི་རོལ་མ་ཡིན་པའི་སོ་སོར་སྣང་བའི་རྒྱུ་མཚན་དུ་བརྗོད་པ་ལ། ཕྱི་རོལ་ཏུ་ཞེན་པའི་གནོད་པ་ཉིད་ནི་བག་
ཆགས་བརྟན་པོ་ཉིད་དང་། བརྟན་པོ་མ་ཡིན་པ་ཉིད་བདག་གིས་ཁ་ཅིག་ཏུ་འབྱུང་ལ། གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་ཡིན་ནོ། །དེའི་ཕྱིར་དང་པོར་སྐྱེས་པ་ལ་དབང་པོ་ལ་སོགས་པ་ནི་སྐྱེ་བ་སྔ་མའི་ལུས་ལས་འོངས་པ་ཡིན་ན། ཇི་ལྟར་འོངས་པ་ཡིན་ཞེས་བྱ་བ་ལྟོས་པ་ལ་མ་མཐོང་
བའི་རྟོག་པ་ལ་ནི་ཚད་མ་མེད་པའི་ཕྱིར། མཐོང་བའི་རྨི་ལམ་རྨི་བའི་ལུས་བཞིན་དུ་སྲིད་པ་བར་མ་དོའི་ལུས་ལས་ཞེས་སྨྲ་བ་ན། སྙན་དངགས་མཁན་གྱིས་བྱས་པའི་ལུས་ལ་རྩོམ་པ་དང་འཇིག་པའི་རྒྱུ་མེད་ན། ཇི་ལྟར་སྐྱེ་བའམ་འཇིག་པ་ཡིན་ཞིང་ཇི་ལྟར་ཡང་མ་མཐོང་བ་ཡིན་ཞེས་བྱ་བའི་

རྒོལ་བ་འདི་ཅི་ལས་ཡིན། བབ་ཆོལ་དུ་སྐྱེ་ཞིང་དེ་ཡང་བབ་ཆོལ་ཁོ་ནར་འཇིག་པ་ཡིན་ལ། ཕྲ་བའི་ངོ་བོ་ལ་སོགས་པ་དང་ལྡན་པ་ཞེས་བྱ་བ་དེ་ནི་ཉེ་བར་རྟོག་པ་ཙམ་ཉིད། ཤེས་པའི་རྒྱུ་བ་ཡོད་པ་ཡང་། །དེ་ལ་ཚད་མ་ཅན་མིན་འགྱུར། །དེ་ཡི་ལུས་གཞན་རྣམས་ལ་ནི། །སླར་ཡང་རྣམ་གཡེང་རྟོག་
པ་ཡིན། །ཞེས་བྱ་བ་དེ་ནི་མི་རིགས་ཏེ། འདི་འདྲ་བ་ཉིད་ནི་རྨི་ལམ་གྱིས་ལུས་ལ་ཡང་མཐོང་བའི་ཕྱིར་རོ། །སྦྱོར་བ་དང་། དངོས་གཞི་དང་། རྗེས་ཀྱི་རྣམས་ལ་ཤེས་པ་གཞན་དང་གཞན་མ་ཡིན་ནམ། དེ་ལ་ཡང་གནས་པར་འདོད་པ་གཅིག་མེད་ན་འབྲས་བུ་འབྱུང་བ་ནི་རིགས་ཀྱི་རྟོག་
པ་ལྟ་བུ་ཡིན་ཏེ། བུ་དང་ཚ་བོ་ལ་སོགས་པ་འགྱུར་བར་བྱ་བའི་རིགས་དང་འདྲ་བའི་བྱེད་པ་པོ་ཉིད་ཁོ་ན་སྒྲུབ་པར་དཀའ་བ་ཡིན་ཏེ། དུས་ཡུན་རིང་པོར་ལས་རྣམས་ལ་སྐྱེ་བར་འདོད་པའི་ཤེས་པ་སྟོང་ཕྲག་རྣམས་ལ་དེ་ནི་རིགས་དང་འདྲ་བ་ལྟ་བུ་ཡིན་ནོ། །འདི་ལ་སྨྲས་པའི་རིགས་དང་འདྲ་བ་
བཞིན་དུ་ཉིན་གཅིག་གི་ཤེས་པའི་ཡུལ་ཉིད་ཀྱིས་དབྱེ་བ་མི་རྟོགས་པའི་ཕྱིར། དཀའ་བ་ཉིད་ཡིན་པས་དམ་པའི་དོན་ལ་ངེས་པར་རྟོགས་པ་ཡང་འབྲས་བུ་ཉིད་ཤེས་པ་མི་དགོས་པའི་ཕྱིར་དང་འབྲས་བུ་ཉིད་ཀྱི་ཤེས་པ་འཇིག་རྟེན་པའི་ཕྱིར་ཞེས་བྱ་བའོ། །མཐོང་བ་ཡང་རིམ་གྱིས་
འབྱུང་བ་དུས་གཅིག་ལ་མ་ཚོགས་པ་དར་ཤ་དང་པོའུ་རྣ་མཱ་ས་ལ་སོགས་པའི་ཡི་གེ་རྣམས་སམ། བསྒོར་བའི་ཆ་ཤས་ལ་སོགས་པའི་རང་གི་དུས་ཙམ་ལ་ཡོད་པ་རྣམས། དོན་གཅིག་ཏུ་བྱེད་པའི་བྱེད་པ་པོ་ཉིད་མཐོང་བ་ཡིན་གྱི། རིགས་དང་འདྲ་བ་ལྟ་བུ་རྟོགས་པ་ནི་མ་ཡིན་ནོ། །དེ་བཞིན་
དུ་དབང་པོ་ལ་སོགས་པ་རྣམས་འཇིག་རྟེན་ཕ་རོལ་ཉིད་དུ་བརྗོད་པ་ནི། སེམས་འཇིག་རྟེན་ཕ་རོལ་པོ་ཉིད་ཡིན་པའི་དཔེ་དོན་ནམ། བདག་ཏུ་བྱེད་པའི་སེམས་འཇིག་རྟེན་ཕ་རོལ་པོའི་ཡུལ་བསྟན་པ་ཡིན་ནོ། །གང་གི་ཚེ་རི་མོ་དང་གླུར་བླང་བར་བྱ་བ་ལ་སོགས་པ་བཞིན་དུ་དབང་པོའི་ཤེས་
པ་ཡང་གོམས་པའི་བསྐྱེད་བྱ་ནི་དེའི་བསྐྱེད་བྱའི་ཁྱད་པར་ཡིན་པའི་ཕྱིར། འཇིག་རྟེན་ཕ་རོལ་པོར་བརྗོད་པ་དེའི་ཚེ་ཡང་། གོམས་པ་ལས་བྱུང་བའི་རྗེས་སུ་འཇུག་པ་ཅན་གྱི་དབང་པོ་ཡིན་གྱི། དེ་མེད་ན་དེ་བཞིན་དུ་འབྱུང་བ་ཡང་རི་མོ་ལ་སོགས་པའི་ཤེས་པར་འགྱུར་བ་མ་ཡིན་ནོ། །ཇི་ལྟར་

དབང་པོ་དེའི་ངོ་བོ་མ་ཡིན་པའི་འབྱུང་བ་ཙམ་ལས་ཀྱང་འབྱུང་བ་ཡིན་ཏེ། སྣ་དང་ལྕེ་དང་མིག་དང་པགས་པ་དང་རྣ་བ་ལ་སོགས་པ་དབང་བ་རྣམས་ནི་འབྱུང་བ་རྣམས་ལས་བྱ་བའི་ཚིག་ལས་སོ། །གོམས་པས་ཀྱང་ཁྱད་པར་དུ་བྱེད་པ་ལ་དེ་བཞིན་དུ་སེམས་པ་ཡང་འགྱུར་རོ་སྙམ་དུ་དོགས་པ་
བཟློག་པའི་དོན་དུ་དབང་པོ་ནི་འཇིག་རྟེན་ཕ་རོལ་ཉིད་དུ་མངོན་པར་བརྗོད་པ་ཡིན་ནོ། །དབང་པོ་འཇིག་རྟེན་ཕ་རོལ་པ་མ་ཡིན་ཞིང་འབྱུང་བའི་བསྐྱེད་བྱ་ཡང་མ་ཡིན་དུ་ཟིན་ཀྱང་གང་གིས་དཔེར་མི་འགྱུར། འོན་ཀྱང་ཇི་སྐད་བསྟན་པའི་ཡིད་ཀྱི་རྣམ་པར་ཤེས་པར་འགྱུར་བའི་འགྱུར་བ་ཅན་ཡིན་པའི་ཕྱིར་
དེའི་བསྐྱེད་བྱ་ཡིན་ནོ། །དེ་ལྟར་ན་སེམས་ནི་དེ་འདྲ་བའི་སེམས་གོམས་པའི་བསྐྱེད་བྱ་ཡིན་ཏེ། དེའི་ཁྱད་པར་གྱི་ཁྱད་པར་ཅན་ཡིན་པའི་ཕྱིར་དབང་པོ་ལྟ་བུའོ། །དེའི་ཕྱིར་འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པ་ལ་གནོད་པ་ཡིན་ནོ། །ཡང་ན་དབང་པོའི་རྒྱུ་ཉིད་ཀྱིས་ནུར་ནུར་པོ་ལ་སོགས་པ་ལའམ། སྐྱེ་བ་སྔ་མའི་
ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པར་རྟོགས་པ་ཡིན་གྱི། འབྱུང་བ་ནི་མ་ཡིན་ཏེ། མ་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་དགོངས་པས་འཆད་པར་འགྱུར་བ་ནི། །འདི་འགྱུར་ན་ནི་དེ་དག་ཀྱང་། །འགྱུར་བ་དག་ཏུ་མཐོང་བ་ཡིན། །ཡིད་ཀྱི་རྣམ་པར་ཤེས་པའི་འགྱུར་བས་འགྱུར་བར་བྱ་བ་ཡིན་པའི་ཕྱིར། དེའི་
འབྲས་བུ་དབང་པོ་རྣམས་ཡིན་ལ། དེ་ཁོ་ནར་རྟོགས་པར་བྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །བདག་ཅེས་བྱ་བའི་བློ་ནི་དེའི་བསྐྱེད་བྱ་རྣམ་ཤེས་ཀྱིས་རྟོགས་པའི་དབང་པོ་རྣམས་སུ་ངེས་པར་བྱེད་པ་ཡིན་གྱི། མ་རྟོགས་པ་ནི་མ་ཡིན་ནམ། མ་མཐོང་བའི་སྔོན་པོ་ལ་འདི་སྔོན་པོའོ་ཞེས་ངེས་པ་ནི་མ་ཡིན་
ནོ། །འོན་ཏེ་དབང་པོ་ལས་སྐྱེས་པའི་ཤེས་པ་རྣམས་ལ་བདག་གོ་ཞེས་ངེས་པར་བྱེད་པ་དེ་ལྟ་ན་ཡང་རིམ་གྱིས་དབང་པོ་བསྐྱེད་བྱ་ཉིད་དུ་ཐལ་བར་འགྱུར་རོ། །འོན་ཏེ་ཡིད་ཀྱི་རྣམ་ཤེས་ཙམ་ནི་ཉེ་བར་རྟོགས་པ་ལ་སོགས་པའི་རྣམ་པ་ཅན་ཡིན་ན། དེ་ཡང་ཇི་ལྟར་དབང་པོས་མཐོང་བའི་རྗེས་སུ་འབྲང་
བ་ནི་རིམ་གྱིས་དབང་པོ་ལས་སྐྱེ་བ་ཁོ་ན་ཡིན་ནོ། །འོན་ཏེ་བདག་ཅེས་བྱ་བའི་ཤེས་པ་བདག་ཉིད་ཁོ་ནར་ངེས་པར་བྱེད་པ་ཡིན་གྱི་དབང་པོ་དང་དེའི་བསྐྱེད་བྱའི་ཤེས་པ་ཡང་མ་ཡིན་ནོ། །ཇི་སྐད་དུ་མ་བོར་བའི་བདག་ཉིད་ལ་འདིར་འགྱུར་གྱི་གཞན་ལ་ནི་མ་ཡིན་ནོ་ཞེས་སྨོས་པ་ནི། བདག་ཉིད་ལ་སོན་པའི་

བདག་ལ་ཡོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་འདིར་དབང་པོའི་ཤེས་པ་བསྟན་པ་ནི་ཀ་བའི་རིག་པ་པོ་ཡིན་གྱི་གཞན་གྱི་ནི་མ་ཡིན་ཏེ། མངོན་སུམ་དང་འགལ་བའི་ཕྱིར་རོ། །དབང་པོ་ལས་སྐྱེས་པ་དེ་ཡང་དེའི་འོག་ཏུ་བདག་གོ་ཞེས་འབྱུང་བ་ཡིན་ལ། དེའི་རང་རིག་པའི་བྱ་བའི་རྗེས་སུ་འབྲང་བ་
ཡིན་ནོ། །དེ་ལྟར་ཡང་། གཅིག་དམིགས་པ་ནི་ཉམས་མྱོང་ལས། །འདི་ཞེས་ཉམས་སུ་མྱོང་བ་མིན། །ཞེས་གསུངས་པའོ། །དམིགས་པ་ཉམས་སུ་མྱོང་བ་ནི་བདག་ཉིད་ཀྱིས་རྟོགས་པ་ལ་དེ་བཞིན་དུ་ངེས་པའི་ཡུལ་ཡིན་གྱི། རང་གི་བདག་ཉིད་ནི་མ་ཡིན་ཏེ། དེ་ལ་རྟོག་པ་མེད་པའི་ཕྱིར་དང་།
ཕྱི་རོལ་ལ་ཡང་རྣམ་པར་རྟོག་པའི་ཕྱིར་དང་། བདག་ནི་སྔོན་པོ་ཤེས་པ་ཡིན་ནོ་ཞེས་རིག་པ་དང་གཞི་མཐུན་པ་ཉིད་ཀྱི་ཕྱིར་རོ། །གཞན་རིག་པར་བྱེད་པ་ནི་བྱ་བ་ཡིན་ལ་དེའི་བྱེད་པ་པོ་ནི་རྐྱེན་གྱི་བརྗོད་བྱ་བདག་གོ་ཞེས་བྱ་བ་ཡིན་ནོ་ཞེ་ན། སྔོན་པོ་རིག་པ་ཁོ་ན་དེ་ལ་བྱེད་པ་པོ་ཡིན་གྱི་གཞན་ནི་མ་
ཡིན་ལ། དེའི་ཡང་ཉམས་སུ་མྱོང་བ་ཡིན་ན་སྔོན་པོར་ཤེས་པར་འགྱུར་རོ། །དེའི་ཕྱིར་དེ་ནི་དེ་ལ་བྱེད་པ་པོ་ཉིད་ཀྱི་བདག་གོ་ཞེས་འཛིན་པ་ཡིན་ནོ། །དེའི་ཕྱིར་ཡང་ཇི་ལྟར་ཡིད་ཀྱི་རྣམ་ཤེས་གོམས་པའི་རྗེས་སུ་འབྲང་བའི་ཁྱད་པར་ཅན་དབང་པོའི་བསྐྱེད་བྱ་ཡིན་གྱི་རང་གི་རིགས་ཀྱི་བསྐྱེད་བྱ་ནི་མ་ཡིན་
ནོ། །དེ་བཞིན་དུ་དེའི་རྗེས་སུ་འབྲང་བའི་ཁྱད་པར་ཅན་གྱི་དབང་པོ་ཡང་འབྱུང་བའི་བསྐྱེད་བྱ་ཡིན་གྱི། དབང་པོ་གཞན་གྱི་བསྐྱེད་བྱར་འགྱུར་བ་ནི་མ་ཡིན་ལ། དབང་པོ་རྣམས་ཡིད་ཀྱི་བསྐྱེད་བྱ་ཉིད་ཡིན་པས་ཀྱང་མ་ཡིན་ནོ། །དེ་རྣམས་ལས་དེའི་ཤེས་པ་ཡིན་པ་ལས་བདག་གཞན་དབང་པོ་གྲུབ་པ་ཡིན་ནོ་
སྙམ་དུ་སེམས་པ་ལ། དབང་རྣམས་རེ་རེ་ལ་གནོད་ཀྱང་། །ཡིད་བློ་ལ་གནོད་ཡོད་མ་ཡིན། །ཞེས་བྱ་བ་སྨོས་ཏེ། དབང་པོ་རྣམས་ནི་ཡིད་ཀྱི་བསྐྱེད་བྱ་ཉིད་དུ་བསྒྲུབ་པས་འདི་འགྱུར་ན་ནི་ཞེས་བྱ་བ་ལ་སོགས་པས་སྐྱེ་བ་ཕྱི་མ་ལ་སྒྲུབ་བྱེད་གཞན་བསྟན་པ་ཡིན་ནོ། །རེ་རེ་ལ་ཞེས་བྱ་བ་ལ་སོགས་
པས་ནི་གོང་དུ་བསྟན་པའི་སྒྲུབ་བྱེད་ལ་གོམས་པའི་རྗེས་སུ་འབྲང་བའི་ཁྱད་པར་ཉིད། རང་གི་རིགས་སྒྲུབ་པ་ལ་མ་ངེས་པ་ཡིན་པར་དོགས་པ་བསལ་བ་ཡིན་ནོ། །དེ་ལྟར་ཐོས་པ་དང་བསམ་པ་ལ་སོགས་པའི་ཤེས་པ་དཔྱོད་པ་དང་སེལ་བ་དང་ཉེ་བར་རྟོགས་པ་ལ་སོགས་པའི་ངོ་བོ་རྣམ་པ་དུ་

མ་ཡིད་ཙམ་ལས་བྱུང་བ་ནི་དབང་པོའི་བྱ་བ་མ་ལུས་པ་བསྡུས་པ་ལས་ཡིན་གྱི། བྱ་བ་བྱེད་པའི་དབང་པོ་དང་ལྡན་པ་ནི་མ་ཡིན་ནོ། །ཡིད་ཀྱི་རྒྱལ་སྲིད་བྱེད་པ་ནི་དབང་པོའི་བྱ་བ་ལ་མི་གནོད་པ་མ་ཡིན་ཏེ། །ཇི་སྐད་དུ་མིག་གཉིས་བཙུམས་ནས་རེ་ཞིག་སོམས་དང་ཞེས་
གསུངས་པའོ། །གང་ཡང་གང་གི་བྱ་བ་ཕུལ་དུ་བྱུང་བ་ཡིན་ན་འགྲིབ་པར་འགྱུར་གྱི། དེའི་འབྲས་བུ་ནི་མ་ཡིན་ཏེ། ཚ་བ་དང་བསྐ་བ་ལ་སོགས་པའི་ཉེ་བར་སྦྱོར་བས་བད་ཀན་ལྟ་བུའོ། །འགྲིབ་པར་འགྱུར་བ་ཡང་དབང་པོའི་བྱ་བ་ཕུལ་དུ་བྱུང་བ་ཡིན་ན། ཡིད་ཀྱིས་ཤེས་པ་བདག་གིར་བྱེད་པ་
དང་བཅས་པ་ཡང་། རང་རིག་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡིད་ཀྱི་བློ་བདག་ཅེས་བྱ་བ་དེ་ལྟ་བུའི་བདག་ཉིད་ཀྱི་རྟོག་པའི་ངོ་བོ་ཞེས་བཤད་པ་ལ་འགལ་བ་མེད་དོ། །ཇི་སྐད་དུ། ང་རྒྱལ་དང་བཅས་ཡིད་ཡིན་ན། སྐྱེ་བའི་རྒྱུན་ནི་ཞི་མི་འགྱུར། །ཞེས་སྨོས་པའོ། །གཞན་ཡང་
ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་པའི་ཞེས་བྱ་བ་ལ་སོགས་པས། དབང་པོ་རྣམས་ནི་ཡིད་ཀྱི་བསྐྱེད་བྱ་ཡིན་པ་ཉིད་ཀྱིས་དེའི་ཐབས་མ་ཡིན་པ་ཉིད་ཀྱི་ཕྱིར། སྒྲུབ་པ་གཞན་གྱི་ཡུལ་ཉིད་བརྗོད་པ་ཡིན་ནོ། །ཡང་ན་རེ་ཞིག་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པས་ཡིད་ཀྱི་གོམས་པའི་
རྗེས་སུ་འབྲང་བའི་ཁྱད་པར་ནི་དབང་པོ་ལས་སྐྱེས་པ་མ་ཡིན་པ་ཉིད་དུ་བརྗོད་པ་ཡིན་ན། དབང་པོ་རྣམས་རང་གི་རིགས་ཀྱི་རྗེས་སུ་དཔག་པ་ལ་མ་ངེས་པ་ཉིད་དུ་ལན་བསྟན་པ་ཡིན་ནོ། །བདག་བློ་དེ་ལྟར་ཡིན་གཞན་ནི། །དེ་རིག་པ་ཡི་འགྲོ་བ་ཤེས། འདི་དེ་བཞིན་དུ་ཡིན་ནམ་མིན། །དེ་ལ་བདག་
འདྲ་ག་ལ་དབང་། །བྱེད་པ་པོ་དང་ཟ་བའི་ཞེས་པ་ནི་སེམས་པའི་ངོ་བོ་ལས་བྱེད་པ་མ་ཡིན་ཏེ། བསམས་ནས་ནི་ལུས་མེད་པ་ནམ་མཁའ་ལྟ་བུར་བྱེད་པ་མེད་པའི་ཕྱིར་ཇི་ལྟར་བྱེད་པ་ཡིན། སེམས་པའི་ལས་དང་བསམས་པ་ཡང་ལས་ཡིན་ཞེས་བྱ་བ་ནི་གྲུབ་མཐའ་ཡིན་པའི་ཕྱིར་ཤེས་པ་སྟེ། སེམས་
པ་བྱིན་གྱིས་བརླབས་པ་ལས་འབྱུང་བ་ཡོངས་སུ་བསྐྱོད་པ་བྱུང་བ་ནི་ཤེས་པ་ཁོ་ན་ཡིན་ལ། འདི་སེམས་པས་བྱིན་གྱིས་བརླབས་པ་ཙམ་དང་། བདག་པོས་བྱིན་གྱིས་བརླབས་པའི་གཡོག་པོ་དང་རྒྱལ་པོ་ཉེ་བ་ན་གནས་པ་ཙམ་གྱིས། རེས་འགའ་མངགས་པས་གཡོ་བར་མཐོང་བ་ཡིན་ནོ། །

དེའི་ཕྱིར་རང་ཉིད་མི་གཡོ་བ་ཡིན་ཡང་། གཡོ་བའི་བྱེད་པ་པོ་ཉིད་དུ་འགྱུར་ཏེ། སེམས་པ་ཡང་དེ་ལྟ་དེ་ལྟར་ཞེས་བྱ་བའི་བདག་ཅན་གྱི་ཀུན་དུ་རྟོག་པ་ཁོ་ན་ཡིན་གྱི། ཤེས་པ་ཉེ་བ་ཙམ་གྱིས་སམ། དེའི་ལས་ཟིན་པ་ཉིད་ཀྱིས་འབྱུང་བ་རྣམས་ཀྱིས་བྱས་པ་ནི་དེས་བྱས་པ་མ་ཡིན་ཏེ། ཀུན་དུ་རྟོགས་
པའི་ཕྱིར་རོ། །ནད་བསལ་བར་བྱ་བའི་དོན་ཏུ་སྨན་བྱིན་པ་ལས་བྲམ་ཟེ་ཤི་བ་ཡིན་ན། བྲམ་ཟེ་གསོད་པ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་དང་། ཤི་བའི་རོ་ཟོས་པ་ལས་མ་ཞུ་བའི་སྐྱོན་གྱིས་མཁའ་འགྲོ་མ་ཤི་བ་ཡིན་ན་ཡང་། ཤི་བ་པོའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། དེའི་ཕྱིར་ཡོད་པ་
དང་མེད་པའི་ཀུན་དུ་རྟོག་པ་དག་གིས་སྐྱེས་བུའི་འདོད་པ་ལ་སྦྱོར་བར་བྱེད་པ་ཡིན་ལ། ཀུན་དུ་རྟོག་པ་རྣམས་ཀྱི་དབྱེ་བས་འདི་ལས་རེ་རེའི་བྱེད་པ་པོ་ཉིད་ཡིན་ཞེས་བྱ་བ་དེ་ཁོ་ན་རིགས་པ་ཡིན་ནོ། །ཀུན་དུ་རྟོག་པ་ཇི་ལྟ་བ་ལས་རྫོགས་པ་ཡིན་ན། གང་བ་ཉིད་ཡིན་ལ་དེ་མ་རྫོགས་པ་ན་ཉུང་བ་ཉིད་
ཡིན་ཞེས་བྱ་བ་ལ་སོགས་པ་ཡང་བཤད་པར་བྱའོ། །ལས་གཞན་རྣམས་ཀྱིས་གང་ལེན་པ། །རང་གི་རང་གི་བྱ་བ་ཡིན། །ཞེས་བྱ་བ་ལ་སོགས་པ་བྱེད་པ་པོ་ཉིད་ཀྱི་རྣམ་པ་རྣམས་ལ་དད་པར་བྱ་བ་མ་ཡིན་ཏེ། ལས་ཟད་པའི་ཕྱིར་རོ། །བདག་ཉིད་མི་ཤེས་པ་རྣམས་ཀྱིས་བྱས་པའི་ལས་ནི་དགོད་
པར་བྱེད་པ་མ་ཡིན་ནོ་ཞེ་ན། ལས་མ་ཟད་པ་ལ་ཡང་དེའི་འཛུད་བྱེད་མ་ཡིན་པ་རྣམས་ཀྱིས་བྱས་པ་ནི་དགོད་བྱེད་མ་ཡིན་པ་ཁོ་ན་ཡིན་ཏེ་འཕེན་བྱེད་མེད་པའི་རལ་གྲིས་མི་གཅོད་པ་བཞིན་དུ། བཙུད་པ་ཉིད་ཡིན་ན་འགྱུར་བ་ཁོ་ན་ཡིན་པའི་ཕྱིར། ཀུན་དུ་རྟོག་པས་འཛུད་བྱེད་ཁོ་ན་བྱེད་པ་པོ་ཉིད། །ཡིན་པའི་
འབྱུང་རྔུབ་དབང་པོ་བློ་དང་ནི། །ཞེས་བྱ་བ་ནི་གྲུབ་པ་ཡིན་ནོ། །གཟུགས་ལ་སོགས་པ་བཞིན་དུ་གཞན་ལ་བརྟེན་པར་མ་དམིགས་པའི་ཕྱིར། གཞན་དབང་ངམ། དེ་བརྟེན་ཉིད་ཀྱི་བློ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། རྟེན་ནི་བཀག་ཕྱིར་རོ་ཞེས་བྱ་བའོ། །བློ་ནི་གཟུགས་ལ་སོགས་པ་བཞིན་དུ་འབྱུང་བ་ལ་བརྟེན་པ་མ་ཡིན་དུ་
ཆུག་ཀྱང་མེ་ལ་དུ་བ་བཞིན་དུ་འབྱུང་བ་རྣམས་ཀྱི་རྒྱུ་ཡིན་ནོ་སྙམ་དུ་སེམས་པ་ལས་འདི་སྔ་མ་ཡང་ཡིན་ལ་རྗེས་སུ་འགྲོ་བའི་བློ་ཡང་ཡིན་པ་ནི་རྒྱུའི་བློ་ཡིན་ཏེ། དེ་དང་བྲལ་བ་ནི་བརྟེན་པའི་འབྲས་བུ་ཉིད་ཀྱི་ཡིན་ལ། གང་འདི་འབྲས་བུ་ཉིད་ལ་འབའ་ཞིག་རྟེན་མ་ཡིན་པར་རིགས་པ་ནི། ཡོན་ཏན་ཉིད་ལ་སོགས་པ་ལ་ཡང་

སྦྱར་བར་ནུས་པ་ཡིན་པར་བསྟན་པ་ནི། འབྲས་བུ་ཉིད་ལ་འམ་ཞེས་བྱ་བའོ། །གཞན་དུ་ཡིན་ཡང་ཞེས་བྱ་བ་ནི་དེ་བདག་ཉིད་ཀྱིས་སྔ་མའི་རྗེས་སུ་འགྲོ་བའི་བློ་དང་བཅས་པའི་ལུས་ནི་རྟེན་ཉིད་ཡིན་ནོ་ཞེས་བྱ་བར་མི་རིགས་སོ། །མ་མཐོང་བའི་ཕྱིར་རོ། །མ་ལ་སོགས་པའི་བློ་ལས་ནུར་ནུར་པོ་
ལ་སོགས་པ་འབྱུང་བ་ལས་སྐྱེས་བའི་བློ་ནི་གཞན་ལས་འབྱུང་བ་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ། །ཇི་སྐད་དུ། གང་དག་ཡོད་ན་གང་གྱུར་ཉིད། །དེ་ལས་གཞན་པ་རྟོགས་པ་ན། །དེ་རྒྱུ་ཉིད་དུ་ཐམས་ཅད་ལ། །རྒྱུ་རྣམས་ཐུག་པ་མེད་པར་འགྱུར། །སྙམ་དུ་སེམས་པ་ནི། གལ་ཏེ་ཕ་མའི་
ལུས་ལ་བརྟེན་པར་ཞེས་བྱ་བའོ། །རི་མོ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་དེའི་དཔེའོ། །རི་མོ་ནི་རྩིག་པ་ལ་བརྟེན་པ་ཅན་ཡིན་ཏེ། སྨིན་པ་ལ་སོགས་པའི་གཟུགས་བཞིན་ནོ་ཞེས་བྱ་བ་ཅན་གྱི་འབྲས་བུ་ཡང་ཞེས་བྱ་བ་ཐ་དད་པ་ནི་དུ་བ་གཞན་ལས་མེ་ཞེས་འདོན་པར་བལྟ་བར་བྱའི།
མེ་གཞན་ལས་ཞེས་བྱ་བ་ནི་བག་མེད་པར་འདོན་པ་ཡིན་ནོ། །མྱོས་པའི་ནུས་པ་ནི་དེའི་བདག་ཉིད་དོ། །སྔ་ན་མེད་པ་ཞེས་བྱ་བ་ནི་ནུས་པ་གཞན་ལས་འབྱུང་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བློ་ཡང་ལུས་དང་ཕྲད་པ་ཅན་དང་འདུ་བ་ཅན་ནི་འབྲས་བུ་འམ་ཐ་མི་དད་པ་ཡིན་གྱི། སྔོན་གྱི་
རིགས་མཐུན་པ་ལས་མི་ལྟོས་པའམ་རྒྱུད་གཞན་དུ་བྱེད་པ་ཡང་མ་ཡིན་ཞེས་བྱ་བའི་དཔེ་ཅན་ལ་སྦྱོར་བར་བྱེད་པ་ནི། དེ་བཞིན་དབང་པོ་དང་སེམས་པ་ཞེས་བྱ་བ་སྟེ། དབང་པོའི་ཁྱད་པར་དང་སེམས་པའི་ཁྱད་པར་ལས་ཀྱང་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་བཤད་པ་ཡང་ཞེས་བྱ་བ་ནི་ཕ་རོལ་པོ་ཁས་
ལེན་པ་འདི་ཉིད་ལ་བཤད་པ་ཡིན་ནོ། །འདི་ལ་ནི་དེ་རྣམས་ལས་སེམས་པ་ཅན་དང་མྱོས་པའི་ནུས་པ་བཞིན་དུ་རྣམ་པར་ཤེས་པ་ཡིན་ཞེས་བྱ་བ་དེ་དག་ཙམ་ལ་དགོངས་པ་ཡིན་གྱི་ལྷག་མ་རྒྱས་པ་ནི་གང་ཡང་ངེས་པར་བརྟག་པར་བྱ་བ་ཡིན་མོད་ཀྱི་ཞར་ལ་འདི་ཉིད་དུ་ངེས་པར་བརྟག་པ་ཡིན་པའི་
ཕྱིར་བཞི་ཁོ་ན་ཞེས་བྱ་བར་གྲངས་ངེས་པར་གཟུང་བ་ཡིན་ནོ། །འབྱུང་བ་ཆེན་པོ་རྣམས་ནི་གཟུགས་ལ་སོགས་པ་ལྔ་ལ་ཡོད་པ་ཡིན་ཏེ། གཞན་འཇིག་རྟེན་གྱི་མ་དམིགས་པས་དེ་སྐད་དུ་ཐ་སྙད་དུ་བྱེད་པའི་ཕྱིར་གཙོ་བོ་ཉིད་མ་ཡིན་པ་ལ་ཡང་མ་ཡིན་ཏེ། །གཙོ་བོ་གཞན་ལ་མཐོང་བའི་ཕྱིར་

རོ། །གཞན་དུ་དམིགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བརྡ་ལས་བྱུང་བའི་མིང་རྗེས་སུ་སྦྱོར་བ་རྣམས་གཅིག་ཏུ་ཤེས་པ་ལས་གཞན་དུ་མི་རྟོག་པའི་ཤེས་པས་ཆ་ཤས་བཞིན་དུའམ། ཡོན་ཏན་བཞིན་དུ་ཡོན་ཏན་ཅན་དམིགས་པ་མེད་པས་ཤེས་པ་གཅིག་ལ་གནོད་པའི་ཕྱིར་རོ། །རྣམ་པར་
རྟོག་པ་ནི་དེ་བཞིན་དུ་བདག་གི་རྗེས་སུ་འབྲང་བ་ཅན་ཐ་དད་པ་ལ། ཐ་མི་དད་པར་རྟོགས་པར་བྱེད་པའི་བྱ་བ་ཅན་གྱི་རྟོགས་བྱ་ནི་ཐ་དད་པ་ལས་གཞན་ཡིན་ཞེས་བྱ་བའི་དོན་ཏོ། །འོན་ཏེ་རོ་ནི་ཞེས་བྱ་བ་ནི་རེག་བྱའི་ཁྱད་པར་གྱི་རོ་སྟེ། ལྕེ་ཡང་རེག་པའི་ཁྱད་པར་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་
ཕྱིར་བཞི་པོ་ཁོ་ནའོ་ཞེས་བྱ་བའི་རྣམ་གྲངས་བསལ་ནས་རྣམ་པར་བཅད་པར་བྱ་བ་མེད་པའི་ཕྱིར་ངེས་པར་གཟུང་བར་གསལ་བར་བྱེད་པ་ནི། སྐད་ཅིག་པ་ཉིད་ལ་སོགས་པ་ཞེས་བྱའོ། །བཞི་ཁོ་ན་ཞེས་བྱ་བ་གྲངས་མ་ཡིན་ནམ། དེ་ཡང་བསྡུས་པའི་བསམ་པས་མ་ཡིན་ལ། རྒྱལ་བའི་
བསམ་པས་ཀྱང་མི་རིགས་པར་བསྟན་པ་ནི། ཐམས་ཅད་པ་ལྟ་བྱ་ཞེས་པའོ། །ཁྱེད་ཀྱི་ཡང་གཟུགས་ལ་སོག་པ་ལྔ་ཞེས་བྱ་བའི་གྲངས་ཇི་ལྟར་ཡིན། བསྡུས་པ་དང་རྒྱས་པའི་རྣམ་པར་རྟོག་པ་སྲིད་པ་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། དེའི་ཕྱིར་རྟེན་ལྔའི་ཞེས་བྱའོ། །ཉིད་དེ་ཉིད་ཅེས་
བྱ་བ་ངེས་པར་གཟུང་བ་གཉིས་པ་ནི་རྣམ་པར་བཅད་པར་བྱ་བ་མེད་པར་མི་རིགས་པར་བསྟན་པ་ནི། ཐམས་ཅད་སྟོང་པར་གང་བརྗོད་པ། །ཞེས་བྱ་བ་སྟེ། གལ་ཏེ་སྟོང་ཉིད་ཅེས་བྱ་བ་སྟེ། འཇལ་བྱེད་དང་གཞལ་བྱ་ཐམས་ཅད་མེད་པ་ཡིན་ནོ། །ཐམས་ཅད་སྟོང་ཉིད་ཅི་འདྲ་དང་། །ཞེས་བྱ་བ་ནི་གཟུང་བ་དང་འཛིན་
པའི་རྣམ་པ་དང་བྲལ་བ་ལྐོག་ཏུ་མ་གྱུར་པ་རིག་པ་ནི། སྟོང་པ་ཉིད་ཡིན་ནོ་ཞེས་འཆད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གཟུགས་ལ་སོགས་པ་ཁོ་ན་འབྱུང་བ་ཆེན་པོ་ལྔ་ཡིན་དུ་ཟིན་པ་དེ་ལྟ་ན་ཡང་། དེ་དག་འདུས་པའི་ངོ་བོ་ལུས་ཀྱི་བསྐྱེད་བྱ་བློ་ཡིན་གྱི། འཇིག་རྟེན་ཕ་རོལ་པ་ནི་མ་ཡིན་
ནོ་སྙམ་དུ་སེམས་པ་ནི། མ་དང་ཕའི་ལུས་ཀྱི་བྱ་བའོ་ཞེས་གཞན་དུ་མ་ཡིན་ཞེས་བྱ་བ་ནི་རང་དབང་ཉིད་དུའོ། །གལ་ཏེ་ཡང་མེ་ལས་བྱུང་བའི་དུ་བ་ནི་དུ་བ་གཞན་ལས་འོངས་པ་ཉིད་དུ་རྟོགས་པ་མ་ཡིན་ཏེ། དེ་ལྟ་མོད་ཀྱི་དབང་པོ་དང་བློ་ལ་སོགས་པའི་གོམས་པའི་བསྐྱེད་བྱའི་ཁྱད་པར་ལས་

རང་གི་རིགས་ལ་ལྟོས་པ་དང་བཅས་པ་ཁོ་ནའི་ལུས་ལས་འབྱུང་བ་ཡིན་པར་བསྟན་པ་ནི། འབྱུང་རྔུབ་ལ་སོགས་པ་ཞེས་བྱ་བ་སྟེ། དུ་བ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཡོ་བ་ལ་སོགས་པ་ཡང་ཞེས་བྱ་བའི་གཡོ་བ་ལ་སོགས་པ་ནི་རང་གོམས་པ་
ལས་བྱུང་བ་ཉིད་དེ། དམ་པ་མ་ཡིན་པ་དང་འགྲོགས་པ་ལ་སོགས་པ་ལ་མཐོང་བ་ཡིན་ན། ཇི་ལྟར་མ་ལ་སོགས་པའི་གོམས་པ་ལས་འབྱུང་བ་ཡིན། ཇི་ལྟར་བྱིས་པ་རང་ཉིད་གོམས་པ་ནི་རྒན་པོའི་གནས་སྐབས་ན་ཡང་དྲན་པ་ཡིན་ལ། །དེ་བཞིན་དུ་མ་ལ་སོགས་པའི་གོམས་པ་ཡང་
རྗེས་སུ་དྲན་པ་ཡིན་ཡང་སྐྱེ་བ་སྔ་མའི་གོམས་པ་ནི། འདུ་བྱེད་པ་ཐམས་ཅད་གཅོད་པར་བྱེད་པའི་འཆི་བའི་འཆི་བ་དང་། མངལ་ན་གནས་པའི་སྡུག་བསྔལ་གྱིས་བར་དུ་བཅད་པའི་ཕྱིར། མི་དྲན་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཕ་དང་མ་སྨོས་པ་ནི་མེས་པོ་ལ་སོགས་པ་ཉེ་བར་མཚོན་པའི་
དོན་དུའོ། །ལུས་ཉིད་ལས་སྐྱེ་བ་མ་ཡིན་པར་མི་རིགས་པ་མ་ཡིན་ནམ། མ་ལ་སོགས་པའི་རྗེས་སུ་བྱེད་པའི་སྒྲིན་པོ་ལ་སོགས་པ་སྐྱེ་བ་སྔ་མའི་གོམས་པ་སྔོན་དུ་འགྲོ་བ་ཉིད་ལ་ཚད་མ་མེད་དོ་སྙམ་དུ་སེམས་པ་ལ། མ་དང་ཕ་ཡི་ལུས་ཙམ་ལས། །ཞེས་བྱ་བ་མ་ཡིན་ཏེ་ཞེས་བྱ་བའི་
རྗེས་སུ་འཇུག་པ་ཡིན་ཏེ། རང་གོམས་པ་ལས་བྱུང་བ་ནི་ཁྱད་པར་མེད་ལ། དེ་མེད་ན་དེ་ལ་ཡང་ཇི་ལྟར་འབྱུང་བ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བསྟན་པ་ནི་གལ་ཏེ་འདོད་པ་ལ་སོགས་པ་ཞེས་བྱ་བའོ། །དེ་ཡང་རྗེས་སུ་དཔག་པའི་ཞེས་བྱ་བ་སྟེ་འབྲས་བུ་དང་རྒྱུ་ཉིད་དུ་འཇིག་པའི་
མཚན་ཉིད་དུ་ཐལ་བར་འགྱུར་ཏེ། ལན་ཅིག་གོམས་པའི་བསྐྱེད་བྱ་ཉིད་དུ་མཐོང་བའི་ཁྱད་པར་ནི། གལ་ཏེ་དེ་མེད་ཀྱང་འབྱུང་བ་ན་རྒྱུ་མེད་པ་ཅན་དུ་འགྱུར་རོ། །དེ་ལྟ་ཡིད་ཡིན་ན་ཡང་ཆོས་ཅན་ཡང་དེ་ལྟར་འགྱུར་བའི་ཕྱིར་སྣ་ཚོགས་པ་རྒྱུ་མེད་པ་ཅན་དུ་འགྱུར་རོ་ཞེས་བྱའི་རིགས་
པ་ནི་རྗེས་སུ་དཔག་པའི་ལེའུ་ལས་སོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་འབྲས་བུ་འམ་རྒྱུ་ཡང་རུང་བ་ཅུང་ཟད་ཁས་ལེན་པ་དེ་ལྟ་ཡིན་ན། རིགས་པ་མཚུངས་པའི་ཕྱིར་འདི་ཡང་ཁས་བླང་བྱ་ཡིན་ནོ་ཞེས་བསྟན་པ་ནི། གལ་ཏེ་འབྱུང་རྔུབ་ལ་སོགས་པ། །ཞེས་བྱ་བ་སྟེ། སྐྱེ་བ་སྔ་མའི་གོམས་

པ་ཁས་ལེན་པ་ཡིན་ན། རིགས་པ་དེ་ལ་གནོད་པར་འགྱུར་ཏེ། གང་གི་ཕྱིར་འབྲས་བུ་དང་རྒྱུ་ཉིད་དུ་ཡང་འགྱུར་ལ། འཇིག་རྟེན་ཕ་རོལ་མེད་པར་ཡང་མི་རིགས་ཏེ། འགལ་བའི་ཕྱིར་རོ་ཞེས་བསྟན་པ་ནི། རང་གི་གོམས་པ་དང་བྲལ་བ་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་
ཏེ་གོམས་པའི་བསྐྱེད་བྱའི་ཁྱད་པར་ལུས་ལས་ཀྱང་འབྱུང་བ་ཡིན་པ་དེ་ལྟ་ན། གཞན་གྱི་བསྐྱེད་བྱ་ཉིད་ཀྱི་དུས་སུ་རྒྱུ་དེ་ཉིད་བོར་བའི་ཕྱིར། དེའི་ཚེ་ན་ཡང་དེ་རྒྱུ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་དང་དེ་མ་ཡིན་པ་ཡོད་ན་འབྱུང་བའི་ཕྱིར། དེའི་བསྐྱེད་བྱ་ཉིད་དུ་གོ་བར་བྱ་བ་མ་ཡིན་
སྙམ་དུ་སེམས་པ་ལ། བསྐྱེད་བྱ་སྐྱེད་བྱེད་ཀྱི་ཞེས་བྱ་བ་སྟེ། ཡོད་ན་འབྱུང་བ་ཙམ་ལས་ནི་དེའི་འབྲས་བུ་ཉིད་མ་ཡིན་ཏེ། འོན་ཀྱང་དེ་མེད་ན་མེད་པའི་ཁྱད་པར་ཅན་ཡོད་ན་འབྱུང་བ་ཡིན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་སྟེ་ཉེ་བར་བསྡུ་བ་ཡིན་ཏེ། གོམས་པའི་བསྐྱེད་བྱ་ཉིད་ཀྱི་
ཁྱད་པར་ཡིན་པའི་ཕྱིར། རིགས་མཐུན་པའི་མིག་ལ་སོགས་སྔོན་དུ་འགྲོ་བ་ཅན་གྱི་ཡང་མིག་ལ་སོགས་པ་ཡིན་གྱི། མ་ལ་སོགས་པའི་རིགས་མཐུན་པའི་སྔོན་དུ་འགྲོ་བ་ཅན་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རང་གོམས་པ་སྔོན་དུ་འགྲོ་བ་ཅན་གྱི་རིགས་མཐུན་པ་ལ་སོགས་པ་སྔོན་
དུ་འགྲོ་བ་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་སྐྱེད་བྱ་ཉིད་ཡིན་པའི་དུས་སུ་དེའི་བསྐྱེད་བྱ་ཉིད་འདོར་བར་བྱེད་པ་མི་རིགས་པ་མ་ཡིན་ནམ། དུ་བ་ལ་སོགས་པ་ཡང་མ་མཐོང་བའི་ཕྱིར་རོ། །གང་གི་ཕྱིར་དུ་བ་ནི་དུ་བ་ལས་དང་བ་ལང་རྫིའི་བུམ་པ་ལ་ཡང་འབྱུང་བ་ནི་མེ་ལས་ཀྱང་
འབྱུང་བ་ཡིན་ནོ། །དེ་བཞིན་དུ་མིག་ལ་སོགས་པ་ལ་ཡང་དེ་གཞན་ལས་ཀྱང་འབྱུང་བ་ནི་ལུས་ལས་ཀྱང་འབྱུང་བ་ཡིན་ནོ་སྙམ་དུ་སེམས་པ་ནི། དུ་བ་དུ་བ་ལས་སྐྱེ་བ་ཞེས་བྱ་བའོ། །འདི་ལ་ལན་ནི། དུ་བ་ལས་བྱུང་དུ་བ་ནི། །ཞེས་བྱ་བ་སྟེ། བ་ལང་རྫིའི་བུམ་པའི་དུ་བ་ནི་མེའི་
བསྐྱེད་བྱའི་དུ་བའི་རྒྱུན་ལས་རིགས་གཞན་པ་ཡིན་གྱི། སྐྱེ་བའི་དང་པོའི་མིག་ལ་སོགས་པའི་ཁྱད་པར་རྣམས་ནི་མ་ཡིན་ཏེ། དེ་ལས་གཞན་བའི་གོམས་པའི་བསྐྱེད་བྱ་ལས་རིགས་བཞན་པ་ཡིན་ནོ། །དེ་བཞིན་དུ་རི་མོ་ལ་སོགས་པ་ཡང་བཤད་པར་བྱ་བའོ་ཞེས་བྱ་བའི་དོན་ཏོ། །དེ་

ཉིད་ཅེས་བྱ་བ་ནི་ཆོས་ཅན་གྱི་ཚིག་གོ། །དེ་ལྟ་བུར་གྱུར་པས་ཞེས་བྱ་བ་ནི། ཁྱད་པར་གྱི་ཚིག་སྟེ། ཆོས་ཅན་དང་དེའི་ཁྱད་པར་ཡང་དེ་ཁོ་ན་ཡིན་ལ། དེ་ལྟ་ཡིན་དང་དེའི་འོག་ཏུ་གོམས་པ་ཡོད་ན་དེ་ཉིད་འབྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གོམས་པའི་འབྲས་བུ་
ཡང་སྐྱེ་བ་ལ་སོགས་པའི་འབྱུང་བའི་ཁྱད་པར་མ་ཡིན་ནམ། ཇི་ལྟར་འདས་པའི་སྐྱེ་བ་ལ་གོམས་པར་གོ་བར་བྱེད་པ་ཡིན། འདི་ལ་སྐྱེ་བ་འདིའི་ཞེས་བྱ་བ་སྨོས་ཏེ། མཐོང་བ་གོམས་པ་ལས་བྱུང་བའི་ཁྱད་པར་དང་ལྡན་པའི་ཁྱད་པར་ནི། འདས་པའི་གོམས་པར་གོ་བར་བྱེད་པ་ཡིན་གྱི་འགའ་
ཞིག་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བའི་དངོས་པོ་ལ་ཁྱད་པར་དེ་འབའ་ཞིག་ཉེ་བར་དམིགས་པ་མ་ཡིན་ནམ། ཇི་ལྟར་གོམས་པའི་བསྐྱེད་བྱ་ཡིན། །དེ་དང་ལྷན་ཅིག་མ་དམིགས་ན་དེའི་བསྐྱེད་བྱ་འགར་ཡང་རྟོགས་པ་མ་ཡིན་ཞེས་བྱ་བ་འདི་ལ། དེ་གོམས་པ་དང་འབྲེལ་བ་ལ་ཞེས་བྱ་བ་
སྨོས་ཏེ། སྐྱེ་བ་འདི་ལ་ཡང་ཡུལ་གཞན་ནས་འོངས་པའི་མཁས་པ་དེའི་བློ་ལ་སོགས་པའི་ཁྱད་པར་གོམས་པའི་བསྐྱེད་བྱ་རྣམས་རྟོགས་པ་ཡིན་ཏེ། འདས་པ་ཁོ་ནའི་གོམས་པ་ལ་ལྟོས་ནས་ཡིན་པར་བསྟན་པ་ནི། འདས་པར་གོམས་པ་དེའི་ཚེ་ཞེས་བྱ་བའོ། །འདི་ལ་ཡང་སྐྱེ་བ་སྔ་མའི་གོམས་པ་
སྔོན་དུ་འགྲོ་བ་ཅན་དུ་སྒྲུབ་པ་ཡིན་ན་དེ་ལས་བཟློག་པ་སྐྱེ་བ་འདི་པའི་གོམས་པ་སྔོན་དུ་འགྲོ་བ་ཅན་ཉིད་དུ་སྒྲུབ་པར་བྱེད་པའི་ཕྱིར་འགལ་བ་ཡིན་ནོ་ཞེས་ཟེར་བ་གང་ཡིན་པ་དེ་བསལ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ལ་གོམས་པ་མེད་པའི་ཁྱད་པར་ལས་གོམས་པའི་བསྐྱེད་བྱ་ཉིད་ཁོ་ན་ཡིན་པར་
བསྟན་པ་ནི་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྟེ། དེའི་བསྐྱེད་བྱ་ལས་འདི་རྟོགས་པ་དེ་ཇི་ལྟ་བ་བཞིན་དུ་དེའི་བསྐྱེད་བྱའི་ཁྱད་པར་ལས་དེའི་ཁྱད་པར་རྟོགས་པ་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་གཞན་ལས་བྱུང་བ་རེས་འགའ་ཡང་མི་དམིགས་པ་མ་ཡིན་ན་ཇི་ལྟར་རྟོགས་པ་ཡིན་ཞེས་བྱ་བ་འདི་ལ། འབྲས་
བུ་ནི་རྒྱུ་དང་ལྷན་ཅིག་ཅེས་བྱ་བ་སྨོས་ཏེ། དེའི་འབྲས་བུ་ཉིད་དུ་གཞན་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་དང་ལྷན་ཅིག་དམིགས་པའི་ཕྱིར། དེའི་འབྲས་བུ་ཉིད་དུ་གཞན་ལ་མཐོང་བ་མ་ཡིན། གཞན་ལ་ནི་མ་ཡིན་ནོ་ཞེ་ན། འབའ་ཞིག་ཀྱང་དེའི་འབྲས་བུ་ཉིད་ཁོ་

ན་ཡིན་པར་ལན་ཅིག་དེའི་འབྲས་བུ་ཉིད་དུ་དམིགས་པའི་ཕྱིར་དུ་བ་ལྟ་བུའོ་ཞེས་བསྟན་པ་ནི། རྒྱུ་མ་མཐོང་བ་ཡང་ཞེས་བྱ་བའོ། །ཀྱེ་སམ་པ་ཞེས་བོས་ནས། ཇི་ལྟར་གནས་པ་ཡིན་ཞེས་བྱ་བ་ནི། ལྟོ་བ་ན་ཞེས་པ་དང་སྦྱར་རོ། །མ་ཡི་ལྟོ་ནས་སྐྱེས་མིན་གྱི། །ཞེས་བྱ་བ་དང་ཡང་སྦྱར་རོ། །
འདི་ནི་སྐྱེ་བ་སྔ་མ་ལས་མ་འོངས་པ་ཉིད་ཀྱི་དཔེ་ཡིན་ནོ། །མ་ཧེ་འདི་དག་ཅེས་བྱ་བ་ནི་གོམས་པའི་བསྐྱེད་བྱ་སྐྱེ་བ་ལ་སོགས་པ་ལས་བྱུང་བའི་དབྱེ་བའི་དཔེ་ཡིན་ནོ། །ཚོང་དུས་ནས་འོངས་པ་ཞེས་བྱ་བ་ནི་གོམས་པ་དང་ལྷན་ཅིག་ཡོད་པས་དེའི་བསྐྱེད་བྱ་ཉིད་མ་ཡིན་པའི་ཕྱིར། འབྱུང་བ་ཙམ་གྱིས་བསྐྱེད་
བྱ་ཉིད་ཀྱི་དཔེ་ཡིན་ནོ། །གལ་ཏེ་ལུས་ཀྱི་རྣམ་པ་ཡོངས་སུ་འགྱུར་བའི་འབྱུང་བ་རྣམས་ལས་སེམས་པ་ཅན་ཡིན་ན། ཤི་བའི་ལུས་ལ་ཡང་འགྱུར་རོ་ཞེས་བསྟན་པ་ནི། མཐའ་དག་སྲོག་ཆགས་ཀྱི་རང་བཞིན་དུ་ཅི་སྟེ་མི་འགྱུར་ཞེས་བྱ་སྟེ། མཐའ་དག་ཅེས་བྱ་བ་ནི་ཤི་བ་ཡང་ངོ་། །གསོན་པོའི་ལུས་
ས་ལ་སོགས་པ་རྣམས་ཉིད་འགའ་ཞིག་ཡོངས་སུ་གྱུར་པའམ་ནང་གི་ཁྱད་པར་རམ། སེམས་ཅན་གྱི་གཞི་གཞན་ས་ལ་སོགས་པ་ཁོ་ན་ཡིན་ལ། ཤི་བ་ནི་དེ་དང་བྲལ་བ་ཡིན་ནོ། །དེའི་ཕྱིར་དེ་ལས་སེམས་པ་ཅན་མ་ཡིན་ནོ་སྙམ་དུ་སེམས་པ་ནི། ཡོངས་སུ་གྱུར་པའི་རྣམ་པའི་བྱེ་བྲག་ཅེས་བྱ་བའོ། །ཡོངས་
སུ་གྱུར་པ་དེའམ། དེའི་ཁྱད་པར་ནི་ལུས་ཡོངས་སུ་གྱུར་པའི་ཁྱད་པར་མ་ཡིན་ནམ། གསོན་པོའི་ལུས་བཞིན་དུ་ཤི་བ་ལ་ཡང་འགྱུར་རོ་ཞེས་བསྟན་པ་ནི་ཡོངས་སུ་གྱུར་པའི་བྱེ་བྲག་དེ་ཉིད་ཅེས་བྱ་བའོ། །འོན་ཏེ་དེའི་འབྲས་བུའི་བསྐྱེད་བྱ་མ་ཡིན་པ་དེ་ལྟ་ན་ཡང་ཐོག་མ་མེད་པ་སྔ་མ་སྔ་མའི་རང་གི་
རྒྱུ་ཙམ་ལས་བྱུང་བ་འབའ་ཞིག་ལུས་ལས་འབྱུང་བ་ཡིན་ལ། ལུས་ཡོད་ཀྱང་རེས་འགའ་མི་འབྱུང་བ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་གང་ལས་འགའ་ཞིག་ཅེས་བྱ་བ་ནི་གསོན་པོའི་ལུས་སོ། །གཞན་མ་ཡིན་པ་ཞེས་བྱ་བ་ནི་ཤི་བའི་ལུས་སོ། །ལན་ནི་གལ་ཏེ་ཡོངས་སུ་གྱུར་བའི་ཁྱད་པར་ཞེས་
བྱ་བ་སྟེ། གལ་ཏེ་ཡོངས་སུ་གྱུར་པའམ། གཞན་ཡང་རང་གི་རྒྱུ་ལས་བྱུང་བའི་ཁྱད་པར་ནི་ཕུལ་དུ་བྱུང་བའི་ངོ་བོ་ཡིན་པའི་ཕྱིར། སྣང་བ་ཡིན་ཏེ། མི་དམིགས་པ་མ་ཡིན་ནོ་ཞེས་བྱ་བར་འགྱུར་ཏེ། ཇི་ལྟར་རྟོག་པར་བྱེད་པ་མ་ཡིན་པ་ནི་རྟོག་པ་དང་མངོན་སུམ་འགལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་

ཏོ། །མཐོང་བའི་ཁྱད་པར་གྱི་རྒྱུ་ནི་གོམས་པ་ཡིན་ན། མཐོང་བ་ཡང་རྟོག་པའི་ཡུལ་མ་ཡིན་པར་བསྟན་པ་ནི། འོན་ཏེ་འབྲས་བུ་མཐོང་བ་ཉིད་ལས་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་གོམས་པའི་རྒྱུ་གྲུབ་པའོ། །འབྱུང་བར་འགྱུར་བའི་འཇིག་རྟེན་ཕ་རོལ་སྒྲུབ་པ་ལ་འབྲས་
བུའམ། རང་བཞིན་གྱི་གཏན་ཚིགས་ཡོད་པ་མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་འཇུག་པ་མེད་དོ་ཞེས་ཟེར་བ་ནི། འབྲས་བུ་ལས་སྐྱེ་བ་སྔ་མའི་རྒྱུ་གྲུབ་མོད་ཅེས་བྱ་བའོ། །འབྲས་བུའམ་རང་བཞིན་གྱི་གཏན་ཚིགས་དེའི་ངེས་པ་ལ་མ་ཡིན་དུ་ཟིན་ཀྱང་འགལ་བ་དམིགས་པ་ཅན་ཡིན་ནོ། །དེ་
ལྟར་ཡང་མཚམས་སྦྱོར་བའི་གཅིག་གི་རང་བཞིན་གྱི་སེམས་དང་དབང་པོ་ལ་སོགས་སྐྱེ་བ་སྔ་མ་ལ་དམིགས་པ་ནི་དེའི་མེད་པ་མཚམས་སྦྱོར་བ་མ་ཡིན་པ་དང་། འགལ་བ་ཡིན་པར་བསྟན་པ་ནི་མཐོང་བ་གང་ཞེས་བྱ་བ་སྟེ། མཚམས་སྦྱོར་བ་ཞེས་བྱ་བ་ནི་སྐྱེ་བ་འདིའི་ངོ་བོ་མངོན་སུམ་མོ། །སྐྱེ་བ་སྔ་
མའི་ཇི་ལྟར་ཡིན་པ་བསྟན་པ་ནི། རྗེས་སུ་དཔག་པས་ཞེས་བྱ་བའོ། །གཡེར་བག་ཅན་གྱི་རང་བཞིན་འབྱུང་བ་ནི་དེ་དང་མི་འགལ་བ་མ་ཡིན་ནམ། དུ་བ་སྐྱེད་པར་བྱེད་པའི་མེ་ནི་དེའི་མེད་པ་སྐྱེད་པར་བྱེད་པ་མ་ཡིན་ཏེ། མེ་ལས་བྱུང་བའི་དུ་བ་མེ་མ་ཡིན་པ་ཡོངས་སུ་གཅོད་པས་ཇི་ལྟར་འབྱུང་བ་དེ་བཞིན་དུ།
དུ་བ་སྐྱེད་པར་བྱེད་པའི་མེ་ཡང་དུ་བ་མ་ཡིན་པ་ཡོངས་སུ་གཅོད་པས་སྐྱེད་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་གཡེར་བག་ཅན་ལ་སོགས་པ་ཞེས་བྱ་བ་སྟེ། དེ་གོམས་པ་ཞེས་བྱ་བ་ནི་གཡེར་བག་ལ་གོམས་པ་ལས་སོ། །གཡེར་བག་མེད་པ་ལས་ཞེས་བྱ་བ་རྣམ་པར་འབྲེལ་བ་ནི་མི་
གསལ་བ་དང་ཞན་པ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་མི་གསལ་བ་དང་ཞན་པ་ཉིད་དོ། །གལ་ཏེ་ཡང་ཐོག་མ་མེད་པ་ཉིད་མ་གྲུབ་ཀྱང་མཐའི་གནས་སྐབས་ལ་ཇི་ལྟར་མཚམས་མི་སྦྱོར་བ་ཡིན་ནོ། །བར་མའི་གནས་སྐབས་ལ་མཚམས་སྦྱོར་བ་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། ཐོག་མ་མེད་པ་ཉིད་མ་ཡིན་ནམ་ཞེས་བྱ་
བ་སྟེ། ཡོད་པ་མ་ཡིན་པ་ཁོ་ན་འབྱུང་བ་ཇི་ལྟ་བ་ཡོད་པ་དེ་བཞིན་དུ་ཡོད་པ་ཉིད་ནི་འབྱུང་བ་མ་ཡིན་ཏེ་དུ་བ་ལྟ་བུ་ཡིན་ནོ། །ཐོག་མ་མེད་པ་ཉིད་ཡིན་ན་རྟག་ཏུ་ཡོད་པ་ཁོ་ན་ཡིན་པའི་ཕྱིར། མི་གཅོད་པའི་ཆོས་ཅན་ཉིད་དུ་ངེས་པར་བཟུང་བའི་ཕྱིར་མཚམས་མི་སྦྱོར་བ་བཀག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔ་ན་མེད་པའི་

སེམས་ཅན་ཡིན་ཞེས་ཁས་ལེན་པ་དང་འགལ་བ་ཡིན་ནོ། །ཞན་པ་ཉིད་ཀྱང་གོམས་པའི་བསྐྱེད་བྱར་མཐོང་བ་དེའི་ཚེ། སྐྱེ་བ་དང་པོ་ལ་ཡང་དེ་བཞིན་དུ་འགྱུར་བའི་ཕྱིར། ཐོག་མ་མེད་པ་ཁོ་ན་ཡིན་པར་བསྟན་པ་ནི། ཞན་འཇུག་ཅེས་བྱ་བ་སྟེ། དེ་སྔོན་དུ་འགྲོ་བ་ཅན་ཞེས་བྱ་བ་ནི་གོམས་པ་སྔོན་དུ་འགྲོ་བ་ཅན་
ནོ། །འདི་མཐོང་བ་ཡིན་པར་བསྟན་པ་ནི། མིག་ལ་སོགས་པ་ཞན་པ་ནི། །ཞེས་བྱ་བ་སྟེ། དེ་ལས་ཞེས་བྱ་བ་ནི་ཞན་པ་ཉིད་ལས་ཏེ། གོམས་པ་ལས་གཡེར་བག་ཅན་ཉིད་དུ་འགྱུར་བ་ཡིན་ཞེས་བྱ་བའི་དོན་ཏོ། །གོམས་པ་ལས་གཡེར་བག་ཉིད་གང་གི་ཚེ་ཡིན་པར་བསྟན་པ་ནི། གཉིད་སད་པ་ཞེས་བྱ་བའོ། །
ཡང་ན་གལ་ཏེ་གཉིད་ལོག་པ་ལ་སོགས་པ་གོམས་པ་ལས་ཞན་པ་ཉིད་དང་། སད་པ་གོམས་པ་ལས་གཡེར་བག་ཉིད་ཡིན་པ་དེའི་ཚེ། གཉིད་ལོག་པ་རྩོམ་པ་དང་སད་པ་རྩོམ་པ་ལ་ཇི་ལྟར་ཞན་པ་ཉིད་དང་གཡེར་བག་ཉིད་ཡིན། དེ་གོམས་པ་ཡང་མ་ཡིན་ཏེ། དེའི་གནས་སྐབས་རྩོམ་པས་དེ་
ལས་འབྱུང་བའི་བག་ཆགས་ནི། དེའི་རྩོམ་པ་པོ་སད་པ་ཡིན་པའི་ཕྱིར་ཞེས་བསྟན་པ་ནི། གཉིད་ལོག་པ་ལས་སད་པ་ཞེས་བྱ་བ་སྟེ། སྐྱེ་བའི་དང་པོ་ལ་ཡང་ཇི་ལྟ་བའི་བག་ཆགས་སད་པ་ལས་ཞན་པ་ཉིད་དང་། གཡེར་བག་ཉིད་ཀྱི་མིག་ལ་སོགས་པར་འགྱུར་བའི་ཕྱིར། འབྱུང་བ་ལས་བྱུང་བ་ཉིད་
ཀྱིས་ཐོག་མ་མེད་པ་ཉིད་ཉམས་པ་ནི། མ་ཡིན་ནོ་ཞེས་གནས་སྐབས་ལ་སྦྱོར་བར་བྱེད་པ་ནི། དེས་ན་སྐྱེ་བ་དང་པོར་ཡང་། །ཞེས་བྱ་བ་སྟེ། གཉིད་ལོག་པ་དང་སད་པ་བཞིན་དུ་ཞན་པ་ཉིད་དང་གཡེར་བག་ཉིད་དུ་སྐྱེ་བའི་དང་པོ་ལ་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལུས་གཅིག་ལ་ཀུན་དུ་རྒྱུ་བར་མཐོང་བ་
ལས་ལུས་གཞན་ཀུན་དུ་རྒྱུ་བ་ཡིན་པར་སྒྲུབ་པ་ལ་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པས་འགལ་བ་མ་ཡིན་པར། ཇི་ལྟར་ལུས་གཞན་ལ་བརྟེན་པ། །ཞེས་བྱ་བའོ། །ལན་ནི། ཇི་ལྟར་རྫས་གཞན་ལ་བརྟེན་པ། །ཞེས་བྱ་བ་སྟེ། ལུས་གཅིག་བཞིན་དུ་ལུས་གཞན་ལ་ཀུན་དུ་རྒྱུ་བར་མཐོང་བ། དེ་ལ་
ལུས་གཅིག་ལ་ཀུན་དུ་རྒྱུ་བ་མེད་ན་ལུས་གཞན་ལ་འབྱུང་བ་ཡིན་ཞེས་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདེ་བའི་ལུས་ལ་ཀུན་དུ་རྒྱུ་བར་སྒྲུབ་པ་འདི་ལས་བཟློག་པར་སྒྲུབ་པར་བྱེད་པ་འགལ་བ་མ་ཡིན་ནམ་ས