Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 180
Văn bản gốc(Tây Tạng)
Trang 14 / 25 (50.000 ký tự/trang)
ྙམ་དུ་སེམས་པ་ལ། དཔེར་ན་རྨི་ལམ་རྨི་བའི་ལུས་ལ་ཡང་མངོན་དུ་བྱེད་པ་ཡིན་ན་ བདེན་པ་ཁོ་ན་ཡིན་ནོ། །རྣམ་པར་དབྱེ་བ་ནི་འཇིག་རྟེན་པའི་རྣམ་པར་རྟོག་པས་སྤྲུལ་པ་ཁོ་ན་ཡིན་པར་བསྟན་པ་ནི། རང་བཞིན་མངོན་དུ་བྱེད་པ་ལ་ཞེས་བྱ་བ་སྟེ། དེས་ན་དེ་བཞིན་དུ་ཐོག་མ་མེད་པ་ཉིད་ཀྱིས་མི་གཅོད་པའི་ཆོས་ཅན་ཉིད་དུ་རབ་ཏུ་བསྒྲུབས་ནས་གཅོད་པ་ནི་འགལ་ བ་དམིགས་པ་ཡིན་པར་བསྟན་པ་ནི། དེའི་ཕྱིར་སྔ་མ་དང་ཕྱི་མ་མཚམས་སྦྱོར་ནུས་པ་ཞེས་བྱ་བ་སྟེ། ཚོགས་པ་མེད་པ་ཉིད་ཀྱིས་འབྲས་བུ་མི་འབྱུང་བ་ལ་ཁྱབ་པ་ཡིན་ན། རྒྱུ་རྣམས་ཚོགས་པ་ཉིད་ནི་འགལ་བ་ཁྱབ་པ་ཡིན་པར་བསྟན་པ་ནི། རྒྱུ་མ་ཚང་ན་ཞེས་བྱ་བའོ། །མ་ཚང་བ་ཉིད་ཀྱིས་མེད་པ་ལ་ ཁྱབ་པ་ཡིན་པ་མ་ཡིན་ནམ། ཚང་བ་ལ་ཡང་ཡོད་པའི་ཕྱིར་རོ། །འབྲས་བུ་ཉིད་ནི་དེ་ལས་རེས་འགའ་འབྱུང་བའི་ཕྱིར་ཏེ། དེའི་ཕྱིར་ཚོགས་པ་ཉིད་ནི་ཁྱབ་པར་བྱེད་པ་འགལ་བ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་འདི་ལ་འགལ་བ་ཅི་ཞིག་ཡོད་ཅེ་ན་ཞེས་བྱ་བའོ། །དེ་ལ་རེས་འགའ་འབྱུང་ བ་ཙམ་ནི་འབྲས་བུ་མ་ཡིན་ཏེ། རྒྱུ་མ་ཡིན་པ་ལ་ཡང་དེ་ཙམ་ཡོད་པའི་ཕྱིར་རོ། །འོན་ཏེ་དེ་ཡོད་ཀྱང་ཁ་ཅིག་ཏུ་མི་འབྱུང་བའི་ཕྱིར་རྒྱུ་ཉིད་མ་ཡིན་ཞིང་འབྲས་བུ་ཉིད་ཀྱང་མ་ཡིན་ལ་དེ་འདི་ནི། འདི་ཡང་མཚུངས་པ་ཡིན་པར་བསྟན་པ་ནི། རྒྱུ་དང་འབྲས་བུའི་དངོས་པོ་མེད་པ་ཞེས་བྱ་བ་སྟེ། ཚང་བ་ལ་ཡང་འབྲས་བུ་མེད་ན། དེ་ནི་ རྒྱུ་དང་འབྲས་བུ་མ་ཡིན་ནོ་ཞེས་ཤེས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་རྒྱུ་མ་ཡིན་པ་ལས་འབྲས་བུ་འདིའི་ཁྱད་པར་གདོན་མི་ཟ་བར་འབྱུང་བ་ཁོ་ན་ཡིན་པར་བསྟན་པ་ནི། འབྲས་བུ་ནི་རྒྱུའི་གཞན་དབང་ཡིན་པར་ཞེས་བྱའོ། །དེ་མེད་ན་མི་འབྱུང་བས་ཞེས་བྱ་བ་ནི། རྒྱུ་མ་ཡིན་པ་འདིའི་ཁྱད་པར་མ་ ཡིན་ནམ། དེ་མེད་ན་འབྲས་བུ་འབྱུང་བ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་དེ་མེད་ན་ཞེས་བྱ་བའོ། །རེས་འགའ་འབྱུང་བ་ཙམ་ནི་འཁྲུལ་པ་ཉིད་ཡིན་པའི་རྒྱུ་ཉིད་དུ་མ་གྲུབ་པ་ཡིན་ལ། དེའི་མེད་པས་སྦྱར་བའི་མེད་པ་མི་འགྲུབ་པར་བསྟན་པ་ནི་དེ་མེད་ན་ཞེས་བྱ་བའོ། །གལ་ཏེ་རེས་འགའ་འབྱུང་བ་ འཁྲུལ་པ་ཡིན་ན། དེ་ཡོད་ན་གདོན་མི་ཟ་བར་འབྱུང་བ་ཡིན་ཞེས་ཇི་ལྟར་ཤེས་པ་ཡིན་སྙམ་དུ་སེམས་པ་ནི། གལ་ཏེ་དེ་ཡོད་ན་ཞེས་བྱ་བའོ། །ལན་ནི་དེ་ལྟར་ཡོངས་སུ་དཔྱད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། གང་གི་བྱེད་པ་དེའི་ཚེ་དེ་ལ་དེ་བྱེད་པ་པོ་ཉིད་ཀྱི་རང་བཞིན་ཉིད་དུ་གོ་བ་ཡིན་ཞེས་བྱ་བའི་དོན་ཏོ། ། རྒྱུ་མ་ཡིན་པ་ལ་ཡང་དེ་བཞིན་དུ་གོ་བར་གྱུར་པ་མ་ཡིན་ནམ། རེས་འགའ་བྱུང་བ་ནི་དེ་ལ་ཡང་འབྱུང་བའི་ཕྱིར་རོ་སྙམ་དུ་སེམས་པ་ལ་དེ་མེད་ན་མི་འབྱུང་ངོ་ཞེས་བྱ་བ་སྟེ། དེ་ཡོད་ན་འབྱུང་བ་དང་དེ་མེད་ན་མི་འབྱུང་བ་ཞེས་བྱ་བ་འདིས། ངེས་པར་ཁྱད་པར་ཅན་དུ་འབྱུང་བར་བྱེད་པ་ཡིན་ནོ་ཞེས་ཤེས་པར་བྱེད་པ་ཡིན་ལ། དེ་ལྟ་ཡིན་ན་རྒྱུ་ཡོད་ན་གདོན་མི་ཟ་བར་འབྱུང་བའི་འབྲས་བུ་ནི་ཁྱབ་པར་བྱེད་པ་ཡིན་གྱི། འབྱུང་བ་ལ་སོགས་པ་གཞན་ལས་ཀྱང་འགྱུར་རོ་ཞེས་བསལ་བ་ཡིན་ཏེ། དེ་མེད་ན་མི་འབྱུང་བ་ཞེས་བྱ་བས་ནི་གཉི་ག་ཁྱབ་བྱེད་ཉིད་དུ་རྟོགས་པའི་ཕྱིར་རོ། །འདི་ཉིད་ནི་རྒྱུ་ཚོགས་པའི་སྟེ། མཐའི་གནས་སྐབས་ཐོབ་ པས་གཞན་ལ་མི་ལྟོས་པའི་ནུས་པ་ཡོངས་སུ་གྱུར་པས་འབྲས་བུ་སྐྱེ་བར་ཏེ། གདོན་མི་ཟ་བར་སྐྱེ་བར་རྗེས་སུ་དཔོག་པའོ། །དེ་ནི་ཞེས་བྱ་བ་ནི་འབྲས་བུ་སྐྱེ་བའོ། །རང་ཡང་འདི་ཡིན་ལ་གཞན་ཡང་འདི་ཡིན་པ་ནི་རང་བཞིན་ཏེ་རྒྱུ་ཡིན་ལ་དེ་མེད་ན་མི་འབྱུང་བའི་ཕྱིར་འབྲས་བུ་ཡང་ཁྱབ་བྱེད་ཡིན་པའི་ཕྱིར། རྒྱུ་ཡང་ཡིན་ནོ། །འབྲེལ་པ་རྗེས་སུ་དྲན་པ་ལ་སོགས་པར་ཇི་སྲིད་དུ་བྱེད་པར་དེ་སྲིད་ཁོ་ན་འབྲས་བུ་མངོན་སུམ་ཉིད་མ་ཡིན་ནམ་ཞེས་རྗེས་སུ་དཔོག་པ་ཡིན། བདེན་ཏེ་ཐམས་ཅད་ལ་མངོན་སུམ་སྐྱེ་བ་མ་ཡིན་ལ། དབང་པོ་ལས་འདས་པའམ། དེ་མ་ཐག་ཏུ་ནུས་པ་ཡོངས་སུ་གྱུར་པས་འབྲེལ་པ་ཅན་ལ་ཡང་ རྗེས་སུ་དཔག་པ་འཇུག་པ་ཡིན་པའི་ཕྱིར་རོ། །ཡང་ན་རང་བཞིན་འགལ་བ་དམིགས་པའམ། ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །དེ་མ་ཐག་ཏུ་ཞེས་ཇི་སྐད་བསྟན་པ་ཡིན་ནོ། །གཉི་ག་ལ་ཡང་ཞེས་བྱ་བ་ནི་དེ་མེད་ན་མི་འབྱུང་བ་དང་། དེ་ཡོད་ན་གདོན་མི་ཟ་བར་འབྱུང་བ་ལས་རྒྱུ་ཉིད་ཡིན་ པར་རོ། །དེས་ན་དེ་བཞིན་དུ་མ་ཚང་བས་ཁྱབ་པའི་འབྲས་བུ་མི་འབྱུང་བ་ཡིན་ལ་ཚང་བ་ཡང་མ་ཚང་བ་དང་འགལ་བའི་ཕྱིར་མི་འབྱུང་བས་ཁྱབ་པར་བྱེད་པ་འགལ་བའམ། འགལ་བ་ཁྱབ་པར་གྲུབ་པ་ཡིན་ནོ་ཞེས་ཉེ་བར་བསྡུ་བ་ནི་དེའི་ཕྱིར། ཇི་ལྟར་མཐོང་བ་ཞེས་བྱ་བའོ། །མངོན་སུམ་ཉེ་བའི་ཡུལ་ ཡིན་པའི་ཕྱིར་ཁྱབ་བྱ་ཉིད་དུ་འཛིན་པའི་བྱ་བ་ཅན་མ་ཡིན་པ་མ་ཡིན་ནམ། རྣམ་པར་རྟོག་པས་ཉེ་བར་བསླད་པ་ཡིན་གྱི་དངོས་པོ་འཇོག་པར་བྱེད་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི། དེ་ལྟར་མཐོང་བ་མེད་པའི་ཕྱིར། །ཞེས་བྱ་བ་ནས། འདི་ཡོད་པར་ནི་ཇི་ལྟར་མཐོང་། །ཞེས་བྱ་བའི་བར་དུ་སྟེ། ཁྱབ་པ་ ཅན་གྱི་རྗེས་སུ་འགྲོ་བ་ལ་སོགས་པ་ཅན་ཁོ་ན་འབྲས་བུ་ཉིད་ལ་སོགས་པ་ཡིན་ཞེས་བྱ་བའི་དོན་ཏོ། །ལན་དུ་ཟེར་བ་ནི། གལ་ཏེ་ཁྱབ་པར་མ་མཐོང་བའི་ཕྱིར་ཞེས་བྱ་བའོ། །འདི་ཐ་སྙད་དུ་ཡིན་ཞེས་བྱ་བ་ནི་རྣམ་པར་རྟོག་པས་བརྫུན་པ་འཛིན་པའི་ནུས་པ་ལས། དེ་འདྲ་བའི་བག་ ཆགས་ལས་བྱུང་བ་ཅི་ལས་ཉམས་སུ་མྱོང་བ་དང་འབྲེལ་པ་འགའ་ཞིག་གི་འབྲས་བུ་དང་འབྲེལ་པ་དང་། དེ་མེད་པ་ཡང་གཞན་དུ་འཇོག་པར་བྱེད་པའི་ཐ་སྙད་དང་ལྡན་པ་རྣམས་ཡིན་ནོ། །གཉིས་སུ་མེད་པར་ལྟ་བ་ཉིད་ནི་འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །མེད་པར་སྨྲ་བ་རྣམས་ ནི་ལྟ་བ་མ་ཡིན་ནམ། དེ་ལྟ་མ་ཡིན་ཏེ། འཇིག་རྟེན་ཕ་རོལ་སྒྲུབ་པ་ལ་འབད་པས་བསྒྲུབ་པར་བྱ་བ་མྱ་ངན་ལས་འདས་པ་གང་ཡིན་པ་དེ་གཉིས་སུ་མེད་པ་ཡོད་ན། འབད་པ་མེད་པས་འགྲུབ་པའི་ཕྱིར་འདི་ནི་ཡོད་པར་སྨྲ་བའི་ལྟ་བ་དམ་པ་ཡིན་ལ། སྐྱེས་བུའི་དོན་མཐོ་རིས་དང་བྱང་གྲོལ་ལ་སྐུར་ པ་འདེབས་པའི་ལྟ་བ་ནི་མེད་པར་སྨྲ་བའི་ལྟ་བ་ཡིན་པར་བསྟན་པ་ནི། གལ་ཏེ་གཉིས་མེད་ཀྱིས་ཚིམ་ན། །ཞེས་བྱ་བ་སྟེ། གང་གི་ཕྱིར་གཉིས་སུ་མེད་པའི་ལྟ་བ་ནི་ཕྱིན་ཅི་ལོག་པ་དང་འགལ་བའི་ཕྱིར། དེའི་བསྐྱེད་བྱ་སྐྱེ་བ་ལ་སོགས་པ་ལྡོག་པར་བྱེད་པ་དང་། གནས་པའི་རྒྱུ་ཞིག་ན་ཟིན་བ་ ལྡོག་པ་ཡིན་ནོ། །ཡང་ན་འདས་པའི་བདེ་བའི་སྒྲུབ་བྱེད་དང་མ་འོངས་པའི་ཡང་དྲན་པའི་ཀུན་ཏུ་རྟོག་པ་དག་གིས་རྟོག་བཞིན་པ་ནི་བག་ཆགས་སད་པས་སྡུག་བསྔལ་གྱི་རྒྱུ་ཡིན་ལ། དེ་བཞིན་དུ་ད་ལྟར་བ་ཡང་ཡིན་ཏེ། མི་ཤེས་པ་ནི་དོན་གྱི་སྒོ་ནས་བྱེད་པ་མ་ཡིན་ཞེས་བརྗོད་པས་སོ། །གཉིས་ སུ་མེད་པ་ལ་གང་ལ་ལ་གང་གིས་འཛིན་པ་ལས་བག་ཆག་སད་པའམ་སྡུག་བསྔལ་བ་ཡང་མ་ཡིན་ཏེ། བདེ་བ་མང་དུ་བསྒོམས་པས་དེའི་བག་ཆགས་སད་པ་ལ་གེགས་བྱས་པའི་ཕྱིར་རོ། །དབང་པོ་ལས་བྱུང་བའི་སྡུག་བསྔལ་ཉིད་ཀྱང་མ་ཡིན་ཏེ། བསྒོམ་པས་ཁྱད་པར་ཅན་དུ་འགྱུར་བའི་ ཕྱིར་རོ། །གཟུགས་ལ་སོགས་པ་ནི་དེའི་ཁྱད་པར་ལས་ཁྱད་པར་ཅན་དུ་འགྱུར་པ་མ་ཡིན་ནོ། །འོ་ན་ནི་ཕྱི་རོལ་དང་ནང་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་ལ་བརྟེན་ནས། དེ་ལས་བཟློག་པའི་གཉིས་སུ་མེད་པ་ལ་སྐུར་པ་འདེབས་པར་བྱེད་པ་ཡིན་ནོ། །དེ་ལྟ་ཡིན་ན་འཇིག་རྟེན་སྒྲུབ་པར་ བྱེད་པ་ལ་སོགས་པའི་རྣམ་པར་རྟོག་པ་ལས་དེ་རྗེས་སུ་བསྒྲུབ་པར་འགྱུར་བ་ཡིན་གྱི་འདོད་ཆགས་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། ཐ་སྙད་འཇུག་པར་བྱེད་ན་ནི། །ཞེས་བྱ་བ་ཕྱེད་ཕྱི་མ་རྣམ་པར་འབྲེལ་པ་ནི་ཉེ་བར་བསླད་པ་ཡིན་གྱི་འོག་ཏུ་ཞེས་བྱ་བ་སྟེ། རབ་ཏུ་ཞི་བ་ནི་ཐར་པའོ། ། འདོད་ཆགས་ཀྱི་རྗེས་སུ་སྒྲུབ་པ་ནི་མཐོང་བའི་ཆོས་ལ་ཡང་སྨད་པ་ཡིན་པར་བསྟན་པ་ནི། འདོད་ཆགས་ལ་སོགས་པས་ཉེ་བར་བསླད་པ་ནི་ཞེས་བྱ་བ་སྟེ། རྣམ་པར་རྟོག་པ་ལ་བརྟེན་ནས་འཇིག་རྟེན་ཕ་རོལ་པ་ལ་དཔྱོད་པ་ནི་དེའི་ཡུལ་གཟུང་བ་དང་འཛིན་པ་དང་ཡན་ལག་ཅན་དང་། བདག་དང་བདག་ གི་རྣམས་རྗེས་སུ་བསྒྲུབ་པ་ནི་འཇིག་རྟེན་ཕ་རོལ་ལ་ཡིན་གྱི། དགྲ་ལ་སོགས་པ་རྗེས་སུ་སྒྲུབ་པ་ནི་མི་འགྱུར་རོ་སྙམ་དུ་སེམས་པ་ལ། འདི་ལྟར་ཞེས་བྱ་བ་སྨོས་ཏེ་མཐོང་བའི་རྗེས་སུ་འབྲང་བའི་རྣམ་པར་རྟོག་པ་ནི། ཐ་སྙད་ཀྱི་མཚན་མ་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ནོ། །དེའི་ཕྱིར་གཉིས་སུ་མེད་པ་ ལ་སོགས་པ་ལས་ལྡོག་པ་ནི་མ་ཡིན་ནོ་ཞེས་མཐོང་བའི་རྗེས་སུ་འབྲང་བའི་དགོས་པ་བསྟན་པ་ནི། ངེས་ན་ཞེས་བྱ་བ་སྟེ་རྣམ་པར་རིག་པ་ཙམ་དུ་སྨྲ་བ་ལ་མིག་ལ་སོགས་པ་ལ་ནི་རྨི་ལམ་བཞིན་དུ་མངོན་དུ་བྱེད་པ་ཙམ་གྱིས་མི་བདེན་པ་ཡིན་ལ། དོན་བྱེད་པ་ལ་མི་སླུ་བ་ནི་བདེན་པ་ཡིན་ཏེ། གོམས་པའི་ ཁྱད་པར་གྱི་ཁྱད་པར་ཅན་ཡིན་པའི་ཕྱིར། རྣམ་པར་ཤེས་པ་ཙམ་ཕྱི་རོལ་ཡིན་ཡང་འདོད་པ་ཙམ་འབྱུང་བ་ཡིན་ཏེ། གོམས་པའི་བསྐྱེད་བྱ་ཡིན་པའི་ཕྱིར་རོ། །ཕྱི་རོལ་གཞན་དང་མཚན་ཉིད་མི་མཐུན་པ་ནི་རྣམ་པར་ཤེས་པ་ཁོ་ན་བཞིན་དུ་འཇིག་རྟེན་ཕ་རོལ་པ་ཡིན་ཞེས་ཉེ་བར་བསྡུ་བ་ནི། མིག་ལ་སོགས་པ་བདེན་པ་ཉིད་དམ་ཞེས་བྱ་བའོ། །འབྲས་བུའི་ཁྱད་པར་མཐོང་བ་ལས་མ་མཐོང་བའི་ཁྱད་པར་རྟོགས་པ་ཡིན་ན་ནུས་པ་ཅན་ཉིད་ཀྱིས་མཐོང་བ་ཁོ་ན་གོམས་པའི་བརྟག་བྱ་ཡིན་ཞེས་བྱ་བ་ནི་མི་རིགས་ཏེ། འབྱུང་བའི་ཁྱད་པར་ཡང་སྲ་བ་ཉིད་ལ་སོགས་པ་མཐོང་བའི་ཕྱིར་རོ་སྙམ་དུ་ སེམས་པ་ནི། གལ་ཏེ་འབྱུང་བ་ཆེན་པོའི་ཁྱད་པར་ཞེས་བྱ་བའོ། །ལན་ནི། གང་དུ་དྲོད་གཤེར་སོགས་སྐྱེ་བའི། །ཞེས་བྱ་བ་སྟེ། སྲ་བ་ཉིད་ལ་སོགས་པའི་ཁྱད་པར་གྱི་སྲོག་ལ་སོགས་པ་ནི་ངེས་པ་ནི་མ་ཡིན་ཏེ། དེ་མེད་ཀྱང་ཁྱད་པར་གཞན་ལ་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་ཤི་བའི་ལུས་དང་། གཞན་ལ་ཡང་སྲོག་ཆགས་མཐོང་བ་ཡིན་ལ། དེས་ན་འབྱུང་བ་ཡོངས་སུ་གྱུར་བ་ཐམས་ཅད་སྲོག་ལ་སོགས་པ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ཤི་བའི་ལུས་དང་བོང་བ་ལ་སོགས་པ་ལ་ཡང་དེ་དང་འདྲ་བར་ཐལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་དབྱེ་བ་ཞེས་བྱ་བ་ནི་ ནི་ངེས་པའོ། །དེའི་ཕྱིར་ངེས་པ་ཅན་ནི་དེའི་ཕྱིར་ངེས་པར་བྱེད་པ་གཞན་བརྟག་པར་བྱ་བ་ཡིན་པར་བསྟན་པ་ནི། སེམས་པའི་མཚན་ཉིད་ཀྱིས་ལས་ཙམ་ཞེས་བྱ་བ་སྟེ། ངེས་པ་ཅན་དང་ངེས་པ་ཅན་མ་ཡིན་པའི་འབྲས་བུ་ཆུ་ལ་སོགས་པ་ལས་སྣང་བཞིན་པ་ནི་མ་ངེས་པ་ཅན་མ་མཐོང་བར་གོ་བར་བྱེད་ པ་ཡིན་ལ། ངེས་པ་ཅན་དང་ངེས་པ་ཅན་མ་ཡིན་པ་ལ་ཡང་དེ་ཉིད་སྦྱོར་བར་བྱེད་པ་བསྟན་པ་ནི་དེའི་ཚེ་རིགས་མཚུངས་པ་ཐམས་ཅད་ཅེས་བྱ་བ་ནི་ངེས་པའོ། །བཙགས་ནས་ནི་ཆུ་ཚགས་ཀྱིས་སོ། །མི་འདྲ་བ་ཞེས་བྱ་བ་ནི་ངེས་པ་མེད་པའོ། །དེ་ཉིད་བསྟན་པ་ནི་མགོ་དམར་བ་ཞེས་བྱ་བའོ། ། ངེས་པ་ཅན་ལ་ངེས་པ་ཅན་མ་ཡིན་པར་སྣང་བ་ཉིད་མ་ཡིན་པར་བསྟན་པ་ནི། དེ་དངོས་ཞེས་བྱ་བའོ། །མཐོང་འདོད་དམ་ཅི་ཞེས་བྱ་བ་ལ། ངེས་མེད་ལས་ཞེས་བྱ་བ་སྨོས་སོ། །སྲོག་ཆགས་ཀྱི་ཁྱད་པར་ནི་མཐོང་བའི་ས་བོན་ལས་ངེས་པ་ཅན་དང་། ངེས་པ་ཅན་མ་ཡིན་པར་ནམ་ཡང་སྣང་བ་མ་ ཡིན་པར་བསྟན་པ་ནི། ནམ་ཡང་ཞེས་བྱ་བའོ། །དེའི་ཕྱིར་མཐོང་བར་བྱེ་བྲག་མེད་པ་ལ་ཡང་ཁྱད་པར་དང་ལྡན་པའི་འབྲས་བུ་ནི། ཁྱད་པར་དང་ལྡན་པར་མ་མཐོང་བར་གོ་བར་བྱེད་པ་ཡིན་པར་བསྟན་པ་ནི། ལས་ཉིད་ངེས་པར་བྱེད་པ་ཡིན་ཞེས་བྱ་བའོ། །དོན་མེད་པའི་སྐྱེ་བོ་དང་འདྲ་བ་དང་། མ་ལ་ སོགས་པའི་རང་བཞིན་ཕྱིན་ཅི་ལོག་པར་མཐོང་བ་ལས། དེའི་བསྐྱེད་བྱ་ཉིད་མ་ཡིན་ལ་ཕྱིན་ཅི་མ་ལོག་པར་མཐོང་བ་ཡིན་ན། དེའི་བསྐྱེད་བྱ་ཉིད་དུ་མཐོང་བ་ཡིན་ནོ་ཞེ་ན། གལ་ཏེ་འདོད་པ་ལ་སོགས་པ་ཕ་མའི་རང་བཞིན་ཞེས་བྱ་བའོ། །གོམས་པའི་རྗེས་སུ་འབྲང་བའི་ཁྱད་པར་ནི་སྲིད་པ་ལ་ཡོད་པ་ཡིན་ལ། འདོད་པ་ལ་ སོགས་པ་ནི་གོམས་པའི་རྒྱུ་མཚན་ཡིན་ཏེ། གང་གིས་གང་ཁོ་ན་དོར་བ་དང་ལེན་པར་འདོད་པ་དང་གོམས་པར་བྱེད་པ་དེ་འདིའི་གོམས་པ་ཇི་ལྟ་བ་བཞིན་དུ་འགྱུར་བ་ཡིན་ལ། མ་ལ་སོགས་པ་རང་བཞིན་ཡང་འདིས་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་གོམས་པར་གྱུར་པ་དེའི་ཕྱིར། འདི་འབྱུང་བ་ ཡིན་གྱི་དེ་བཞིན་དུ་དུ་བ་ལ་སོགས་པ་གོམས་པ་སྔོན་དུ་འགྲོ་བ་ཅན་མ་ཡིན་ཏེ། རང་གི་རྒྱུ་ལ་རག་ལས་པའི་ཕྱིར་རོ། །འདོད་པ་རག་ལས་པ་དང་། ཅིག་ཤོས་དག་ལ་དབྱེ་བ་མེད་པར་ཁས་བླངས་པ་ཡིན་ན། རྣམ་པར་དབྱེ་བ་དང་ལྡན་པའི་འབྲས་བུའི་སྤྱི་ལ་སོགས་པ་ཉིད་དུ་མི་འགྱུར་ཏེ། དེའི་ཁྱད་ པར་འཇིག་པར་བྱེད་པའི་ཚད་མས་སྤྱི་འཇོག་པར་བྱེད་པ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། འབྲས་བུའི་ཆོས་ནི་འདི་ཡིན་ཏེ། ཞེས་བྱ་བའོ། །དུ་བ་ལ་སོགས་པ་ཡང་རང་གི་རྒྱུ་ལ་རག་ལས་པ་ཡིན་ན། དེ་ལས་གཞན་པ་ལས་འབྱུང་བར་མི་འགྱུར་བ་ཞིག་ན། བསྲུབ་ཤིང་བསྲུབས་པ་དང་། མེ་ གཞན་ལས་ཀྱང་མི་འབྱུང་བར་མཐོང་ལ། ཨུཏྤ་ལའི་རྩ་བ་དང་བ་ལང་གི་ལྕི་བ་ལས་ཀྱང་ཨུཏྤ་ལའི་རྩ་བ་འབྱུང་བ་དེའི་ཕྱིར་གོམས་པ་ལས་ཁྱད་པར་གང་ཡིན་པར་བསྟན་པ་དེ་ཡང་གཞན་དུ་ཡིན་ནོ། །འདོད་པ་ལ་རག་ལས་པ་ནི་མ་ཡིན་ཏེ། འོན་ཀྱང་རང་གི་རྒྱུ་ལ་རག་ལས་པ་ཡིན་པའི་ཕྱིར་ ཐལ་ཆེས་པ་མ་ཡིན་ནོ། །ཡང་ན་དུ་བ་ལ་སོགས་པ་ཡང་འདོད་པ་ལ་རག་ལས་པ་ཡིན་གྱི། རང་གི་རྒྱུ་ལ་རག་ལས་པ་ནི་མ་ཡིན་ཏེ། གང་གི་ཕྱིར་ཁྱད་པར་གང་ཡིན་པ་གཞན་དུ་ཡང་གཞན་གྱི་བསྐྱེད་བྱར་ཡང་འགྱུར་བ་དེ་གོམས་པ་ལས་བྱུང་བ་ཡིན་པར་བརྗོད་པ་ཡིན་ན། དུ་བ་ལ་སོགས་པ་ ཡང་དེ་བཞིན་དུ་ཡིན་ནོ་སྙམ་དུ་སེམས་པ་ནི། དུ་བ་དུ་བ་ལས་ཞེས་བྱ་བའོ། །ལན་དུ། དུ་བ་ལས་བྱུང་དུ་བ་ནི། ཅི་འདྲ། ཞེས་བྱ་བ་སྟེ། རང་གི་རྒྱུ་ལ་རག་ལས་པའི་ཁྱད་པར་ནི་གོམས་པ་དང་། གཞན་ལས་ཁྱད་པར་ཅན་དུ་འགྱུར་བ་ནི་མ་ཡིན་ཏེ། དེ་ཡང་སྐྱེ་བའི་དང་པོར་དེ་ཁོ་ན་བཞིན་དུ་མཐོང་ བ་ཡིན་གྱི། འདོད་པ་ལ་རག་ལས་པ་ནི་མ་ཡིན་ཏེ། དེ་གོམས་པས་ཁྱད་པར་དུ་མི་འགྱུར་བ་མ་ཡིན་ལ། མེའི་བསྐྱེད་བྱ་དུ་བ་ལ་སོགས་པ་མེའི་ཁྱད་པར་གྱིས་ཁྱད་པར་དུ་འགྱུར་བ་མ་ཡིན་ནོ། །འོན་ཏེ་དུ་བ་ཡང་ཁྱད་པར་དང་ལྡན་པའི་འདོད་པ་ལ་རག་ལས་པ་ཁོ་ན་ཡིན་པའི་ཕྱོགས་ཡིན་པ་དེ་ལྟ་ན་ཡང་ཐལ་ ཆེས་པ་ཡིན་ཏེ། འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པ་རྣམས་དེ་ལྟ་བུ་ཁས་མི་ལེན་པའི་ཕྱིར་རོ། །དེ་སྨྲ་བ་རྣམས་ནི་འདོད་པ་ཁོ་ན་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་དང་འདྲ་བ་ཁོ་ན་ཡིན་ཏེ། འབའ་ཞིག་ཚད་མ་མེད་པའི་ཕྱིར་ཁས་ལེན་པ་མ་ཡིན་ནོ་ཞེས་བྱ་བའི་དགོངས་པ་བསྟན་པ་ནི། དུ་ བ་ཞེས་བྱ་བ་སྟེ། དུ་བ་དེ་གཞན་ལས་ཀྱང་སྟེ། གོམས་པ་ལས་ཀྱང་སྐྱེ་བ་མིན་ཏེ། ཁྱད་པར་དུ་འགྱུར་བ་མ་ཡིན་ཀྱང་། མེ་ལས་ཀྱང་སྐྱེ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གནས་པ་ནི་གོམས་པའི་ཁྱད་པར་ཅན་དུ་འགྱུར་ཏེ། གོམས་པའི་བསྐྱེད་བྱ་ཡང་ཞེས་ བྱ་བའི་དོན་ཏོ། །མེའི་བསྐྱེད་བྱའི་མེ་བསྲུབས་པའི་མེ་ནི་ནུས་པ་ལས་ཁྱད་པར་ཡིན་ཏེ། མེ་དེ་ལ་བསྲེགས་པའི་ལྕགས་ཀྱི་རེང་བུ་དང་བསྲེགས་པའི་རྨ་ལ། དེའི་མོད་ལ་ཤ་སར་སྐྱེ་བ་ཐོས་པ་ཡིན་ནོ། །ས་བོན་དང་རྩ་བ་ལས་སྐྱེས་པ་ཤིང་ཀ་ད་ལི་ལ་སོགས་པའི་རང་གི་ངོ་བོ་ལས་ཁྱད་པར་ཡིན་ ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ལ་ཡང་གོ་བར་བྱའོ། །དེའི་ཕྱིར་ལུས་ཉིད་དབུགས་འབྱིན་པར་བྱེད་པ་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པར་གང་སྨྲས་པ། རང་གི་རིགས་ལ་ལྟོས་པ་མེད་པར་མི་རིག་པ་ཁོ་ན་ཡིན་ནོ་ཞེས་ཉེ་བར་བསྟན་པ་ནི། རིགས་མཚུངས་པ་ཡིན་ནོ་ཞེས་བྱ་བ་ནི་ ལེགས་པར་བརྗོད་པ་ཡིན་ནོ་ཞེས་བྱའོ། །རང་བཞིན་དང་འབྲས་བུ་ཡང་ཡོད་པའི་སྒྲུབ་བྱེད་ཡིན་ཏེ། འདི་ལ་གཉིས་ནི་དངོས་པོ་སྒྲུབ་པར་བྱེད་པ་དག་ཡིན་ནོ་ཞེས་བྱ་བའི་ཚིག་ལས་སོ། །བདག་ཉིད་མ་ཡིན་པའི་དངོས་པོའི་ངོ་བོ་ལ་རང་བཞིན་གྱིས་འབྲེལ་པ་ཡིན་པའི་ཕྱིར། འབྲས་བུ་གོ་ བྱེད་ཡིན་གྱི་རྒྱུ་ནི་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །རྒྱུ་རྣམས་ནི་གདོན་མི་ཟ་བར་དེ་དང་ལྡན་པར་འགྱུར་བ་མ་ཡིན། ཚོགས་པ་རྣམས་ཡིན་ན་འགྱུར་རོ་ཞེ་ན་མ་ཡིན་ཏེ། བར་དུ་ཆོད་པ་སྲིད་པའི་ཕྱིར་རོ། །དེ་མེད་ན་ཡིན་ནོ་ཞེ་ན། འདི་ལ་བར་དུ་གཅོད་པ་འབྱུང་བར་མི་འགྱུར་ རོ་ཞེས་བྱ་བ་འདི་ནི་ཤེས་པར་དཀའ་བ་ཡིན་ཏེ། རེས་འགའ་མ་མཐོང་བ་རྣམས་ཀྱང་ཡང་ཡོད་པར་མཐོང་བས་ཐེ་ཚོམ་ཟ་བའི་ཕྱིར་རོ། །འབྲས་བུ་ལ་རུང་བ་ཉིད་ཀྱི་རྗེས་སུ་དཔོག་པ་ཡིན་ནོ་ཞེ་ན། རུང་བ་ཉིད་ཀྱང་འབྲས་བུ་ལ་བར་དུ་གཅོད་པ་མེད་ན། འདི་ཉིད་སྟོབས་དང་ལྡན་པ་ཁོ་ན་ཡིན་ལ། དེའི་ཕྱིར་མེད་པར་ངེས་པ་ཡིན་ན་ནུས་པ་ཅན་ཁོ་ན་ཡིན་ནོ། །དེའི་ཕྱིར་མེད་པ་ལ་ཐེ་ཚོམ་ཟ་བ་ཁོ་ན་ཡིན་གྱི། འདས་པ་ལ་ངེས་པར་བྱེད་པའི་འབྲས་བུས་ཀྱང་དགོས་པ་ཅི་ཡང་མེད་པ་ཡིན་ཏེ། འགའ་ཡང་འདས་པ་ལ་འཇུག་པར་བྱེད་པ་མ་ཡིན་ལ། འཇུག་པའི་ཡུལ་ཉེ་བར་མཐོང་བ་ཡིན་ན་ཚད་ མ་ཡིན་གྱི། སྲིད་པ་གྲུབ་པ་ཙམ་ནི་དགོས་པ་མེད་པའི་རྒྱུ་མཚན་མ་ཡིན་ནོ། །དེ་ཡི་སྲིན་བུའི་གྲངས་མཁྱེན་པ། ངེད་ལ་མགར་ཡང་ཉེར་མཁོ་མེད། །ཅེས་བྱ་བས་ཀྱང་བཀག་པའི་ཕྱིར་རོ། །དུ་བ་ལས་སམ་ཚིག་ལས་མེའམ། སྨྲ་བ་པོ་དེའི་ཚེ་རྗེས་སུ་དཔོག་པ་ནི་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། ། འདས་པ་ཉིད་ཀྱང་དེའི་དུས་སུ་དཔོག་པ་མ་ཡིན་ཏེ། ལྟོས་པ་མེད་པ་ཉིད་ཀྱི་རྒྱུ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་ཡོད་པ་མ་ཡིན་པའི་འབྲས་བུ་ནི་རང་སྒྲུབ་པ་ལ་གཞན་ལ་ལྟོས་པ་ཡིན་གྱི་ཡོད་པ་ནི་མ་ཡིན་ནོ། །དེ་དང་ཚོགས་པ་གཅིག་པ་ལ་རག་ལས་པའི་ཕྱིར། །དུ་བས་རང་གི་དུས་ཀྱི་མེ་རྗེས་སུ་ དཔོག་པར་བྱེད་པ་ཡིན་ནོ་ཞེ་ན། འབྲས་བུ་སྨྲ་བ་དོན་མེད་པར་འགྱུར་རོ། །དེའི་ཆེད་ཁོ་ན་ལ་དེ་སྨྲ་བ་ཡིན་ནོ་ཞེ་ན། དེ་ཡང་འདས་པའི་བྱེད་པ་པོའི་ཚིག་ལ་འམ་དབུགས་འབྱུང་བ་ལ་སོགས་པ་ལ་ནུས་པ་མེད་པ་ཡིན་ལ་དེས་རང་གི་དུས་ཀྱི་བྱེད་པ་པོའམ་དབུགས་འབྱིན་པ་ལ་སོགས་པ་རྗེས་སུ་ དཔོག་པར་བྱེད་པ་མ་ཡིན་ལ། དུ་བ་ལ་སོགས་པ་གང་ལ་དཔོག་བ་དེ་ཡང་། དུ་བ་བཞིན་དུ་འཇུག་པའི་ཡུལ་མ་ཡིན་ལ། འདས་པ་ཡང་འཇུག་པའི་ཡུལ་མ་ཡིན་ཏེ། ཚད་མར་མི་ནུས་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །རུང་བ་ཙམ་གྱི་ཐེ་ཚོམ་ཁོ་ན་ལས་འཇུག་པ་ཡིན་ནོ་ཞེ་ན། དེ་ལྟ་ན། འཇིག་རྟེན་ཕ་རོལ་ཐེ་ཚོམ་ཡང་། མཁས་རྣམས་མི་དགེ་ཉིད་སྤོང་སྟེ། །ཞེས་བྱ་བ་ནི་དེ་ཉིད་བརྗོད་བྱ་ཡིན་ནོ། །མཚམས་སྦྱོར་བར། །ནུས་ལྡན་མཐོང་བ་གང་དེ་ལ། །ཞེས་བྱ་བ་ལ་སོགས་པ་ཅིའི་ཕྱིར་བརྗོད། ཚད་མ་ཅན་རྣམས་ཐེ་ཚོམ་ལ་འཇུག་པ་ཡིན་ཞེས་བྱ་བ་ནི་ལེགས་པར་བྱེད་པ་ མ་ཡིན་ནོ། །དེའི་ཕྱིར་འདི་དང་ཕ་རོལ་ལ་ཡང་རྗེས་སུ་དཔག་པ་ལས་འཇུག་པའི་ཡུལ་ལ་ཐེ་ཚོམ་ཟ་བ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ནི། འབྲས་བུ་ལས་རྒྱུ་གྲུབ་མོད་ཅེས་བྱ་བའོ། །ལན་ནི་དེ་བཤད་པ་ནི་ཞེས་བྱ་བ་ལ་སོགས་པའོ། །སྔ་མ་སྔ་མ་ནི་ཞེས་བྱ་བ་ལ་སོགས་པ་ནས། མི་བདེན་ སོགས་པ་འཐད་པར་དཀའ། །ཞེས་བྱ་བའི་བར་གྱིས། མཚམས་སྦྱོར་བར་ནུས་པ་དང་ལྡན་པར་མཐོང་བ་གང་ཞེས་བྱ་བ་དེ་ཙམ་རྗེས་སུ་བརྗོད་པར་བྱ་བ་ཉིད་གྲུབ་པའི་དོན་དུ། སྐྱེ་བའི་དང་པོར་དེ་བཞིན་གནས། །ཞེས་བྱ་བ་ལ་སོགས་པས་བསྒྲུབས་པ་ཉིད་སྤྲོས་པར་བྱེད་པ་སྟེ། གནས་སྐབས་ གྲུབ་པའི་དེ་མ་ཐག་པ་ཡིན་པའི་ཕྱིར་རྒྱུ་མ་ཚང་པ་མེད་པ་ནི་མངོན་སུམ་མམ་རྗེས་སུ་དཔག་པ་ལས་རྟོགས་པ་ནི། འཇིག་པར་བྱེད་པ་མ་བྱུང་གི་བར་དུ་གནས་པ་ཡིན་པར་རྟོགས་པ་ནི་བུམ་པ་བཞིན་དུ་སྟེ། བུམ་པར་བྱུང་བ་ནི་རྒྱུན་ཡོད་པ་ཡིན་ལ། དེ་བཞིན་དུ་བདག་དུ་བྱེད་པ་དང་ བཅས་པའི་སེམས་ལ་སོགས་པ་ལ་ཡོད་པ་ཡང་རྒྱུན་ཉིད་དུ་དམིགས་པ་ཡིན་ནོ། །བུམ་པ་ནི་ཇི་སྲིད་དུ་འཇིག་པའི་རྒྱུ་མ་བྱུང་བ་དེ་སྲིད་དུ་རྒྱུན་གནས་པ་ཡིན་ནོ་ཞེ་ན། འདི་ལ་ནི་འཇིག་པར་བྱེད་པ་མེད་པའི་ཕྱིར་ཕྱི་མར་ཡང་ཡིན་ནོ། །ཤི་བ་འཇིག་པར་བྱེད་པ་ཡིན་ནོ་ཞེ་ན། ཤི་བའི་འཇིག་བྱེད་ མཐོང་བ་ནི། དེ་ཉིད་ལས་འདིར་འདས་པ་ལའོ། །མཐོང་བ་ལ་སོགས་པ་མེད་ཀྱང་ཇི་ལྟར་ལན་ཚྭ་ལ་སོགས་པའི་གནོད་པས་བུམ་པ་རང་ཉིད་རྒྱུན་ཆད་པར་འགྱུར་བ་ནི་མ་ཡིན་ནམ། དེ་བཞིན་དུ་སེམས་ལ་སོགས་པ་ཡང་ངོ་། །དེ་ལ་ཕན་པར་བྱེད་པའི་ང་རྒྱལ་ལ་སོགས་པ་བདག་མེད་ བ་མཐོང་བས་ཉེ་བར་མཐོང་བ་ཡིན་ནོ་དེ་ལྟར་འགྱུར་བ་ཞིག་ན་ནི། སོ་སོའི་སྐྱེ་བོ་ནི་དེ་ལྟར་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་དེ་ནི་རང་ཉིད་རྒྱུན་ཆད་པ་མ་ཡིན་ནོ། །བུམ་པ་ཞེས་བྱ་བའམ་སྔོན་པོ་ཞེས་བྱ་བ་ནི་མཐོང་བའི་རྗེས་སུ་འབྲང་བའི་རྣམ་པར་རྟོག་པ་ཡིན་ཏེ། ཐོབ་པར་བྱ་བའི་འབྲས་བུར་ མཐོང་བ་ལ་དེ་ཉིད་ཀྱིས་ངེས་པར་བྱེད་པ་ཡིན་ཞེས། ཚད་མ་ཉིད་སེམས་པ་ཞེས་བྱ་བར་རྣམ་པར་དཔྱད་པར་བྱ་བ་ཡིན་ནོ། །ཇི་སྐད་དུ་དངུལ་དུ་འཛིན་པ་ནི་ཡུན་རིང་པོར་གནས་པར་འཛིན་པ་ཡིན་ཏེ། ཇི་སྲིད་དུ་མ་འོངས་པའི་ཉ་ཕྱིས་ཀྱི་ཤེས་པའི་དུས་ཀྱི་བར་དུ་ཁྱབ་པ་ཡིན་ལ། དེ་བཞིན་དུ་དེ་ལྟ་བུའི་ དུ་བ་ལས་ཀྱང་མེ་ཤེས་པ་ལ་ཡང་འཇུག་པའི་དུས་ན་ཡོད་པ་ཁྱབ་པ་ཉིད་ཡིན་ནོ། །དེའི་བར་དུ་འཇིག་པར་བྱེད་པ་ཉེ་བར་འོངས་པ་ཐེ་ཚོམ་ཟ་བ་མ་ཡིན་ནམ། ཇི་ལྟར་ཚད་མ་ཉིད་ཡིན། འཇོག་པར་བྱེད་པ་ཡིན་དུ་ཟིན་ཀྱང་། ཡོད་པ་ཉིད་ཅེས་ད་ལྟར་བ་བཞིན་དུ་ཚད་མ་ཉིད་མ་ཉམས་པ་ཉིད་ཡིན་ཏེ། ཐོབ་པར་བྱེད་པའི་ནུས་པས་ཚད་མ་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་ཤེས་པ་གང་ལ་བར་དུ་ཆོད་པ་དེ་མེད་པར་ངེས་པའི་ཤེས་པ་དེ་ནི་ཐོབ་པར་བྱེད་པ་ཡིན་གྱི། གཞན་ནི་མ་ཡིན་ནོ། །འདི་འདྲ་བའི་ངེས་པ་ནི་འཇིག་རྟེན་དུ་རྙེད་བླ་བ་ཡིན་གྱི་ཡང་དག་པར་གསུངས་པ་ལས། ཐམས་ཅད་མཁྱེན་པ་ བརྟེན་པ་ཉིད་དུ་རྟོགས་པ་ལ། འདི་འདྲ་བའི་ཐེ་ཚོམ་ཡང་མེད་དོ། །དེ་ནི་དེ་འདྲ་བའི་གསུང་ལས་མཛད་པ་ཆེན་པོ་ལས་འགྲོ་བ་མ་ལུས་པའི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས། འགྲོ་བའི་བྱ་བ་མི་ཟད་པ་དང་བསོད་ནམས་ལ་སོགས་པའི་ཚོགས་ཆེན་པོ་རྫོགས་པ་རྣམས་རྒྱུན་ཆད་པའི་རྒྱུ་མེད་པའི་ཕྱིར། ཤིན་དུ་རྒྱུན་མི་འཆད་པའི་ཆོས་ཅན་དུ་ངེས་པ། ད་ལྟར་ཡང་བསྙེན་བཀུར་བྱ་བ་ཁོ་ན་ཡིན་ལ། དེ་བཞིན་དུ་འཇིག་རྟེན་ཕ་རོལ་ཏུ་རྒྱུན་དུ་ཡང་ཡིན་ནོ། །འཇིག་རྟེན་འདི་པའི་རྗེས་སུ་དཔག་པར་ཡོད་དུ་ཟིན་ཀྱང་། འཇིག་རྟེན་ཕ་རོལ་པོ་ནི་ངེས་པའི་འབྲས་བུ་ཅན་མ་ཡིན་ཏེ། མ་མཐོང་བའི་ཡུལ་ ཡིན་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་བསལ་བ་ཡིན་ཏེ། རྒྱུན་གྱི་རྒྱུ་རྟོག་པ་མ་ཡིན་པ་ངེས་པའི་ཕྱིར་རོ། །མཚམས་སྦྱོར་བར། ནུས་ལྡན་མཐོང་བ་གང་དེ་ལ། །ཅི་ཞིག་ཡོད་ཅེས་བྱ་བས། རྒྱུ་ནི་གདོན་མི་ཟ་བར་འབྱུང་བའི་འབྲས་བུ་ཅན་ཉིད་དུ་བསྟན་པ་ཡིན་ཞིང་། དེ་ཡང་དེ་མེད་ན་མི་འབྱུང་བའི་ འབྲས་བུ་ཁོ་ན་ཡིན་པར་ཡང་ངོ་། །དེ་ནི་དེའི་ཚེ་མཚམས་སྦྱོར་བར་ནུས་པ་དང་ལྡན་པ་གང་ཡིན་པ་ནི་སྔ་མ་སྔ་མ་ནི་ཞེས་བྱ་བ་ལ་སོགས་པ་ནས། མིག་ལ་སོགས་པ་བདེན་པ་ཉིད་དམ། ཕྱི་རོལ་གྱི་དོན་ཡིན་པ་དེ་ལྟ་ན་ཡང་། །རང་བཞིན་འདི་ཐོག་མ་མེད་པ་ཡིན་པའི་ཕྱིར། འཁོར་བ་ཐོག་མཐའ་ མེད་པ་ཉིད་ཡིན་ནོ་ཞེས་བྱ་བའི་བར་གྱིས་བསྟན་པ་ཡིན་ནོ། །དེ་ཡོད་པ་ཉིད་ནི་འབྱུང་བའི་ཕྱིར། འབྲས་བུ་ནི་ངེས་པ་ཅན་ཡིན་ལ། རྒྱུ་ནི་ངེས་པར་བྱེད་པ་ཡིན་པར་བསྟན་པ་ཡིན་གྱི། འབྱུང་བ་ཁོ་ན་ཞེས་བྱ་བ་གང་དུ་དགོས་པ་ཡིན་ཏེ། ངེས་པར་བྱེད་པ་ཡིན་པ་ལ་ནི་དེ་བཞིན་དུ་འགྱུར་གྱི། དེ་ ལྟ་བུ་ཉིད་རྟོགས་པའི་ཡན་ལག་ཀྱང་མ་ཡིན་ལ། ངེས་པ་ཅན་ཉིད་གཞན་དུ་མི་འགྱུར་བ་ཡང་མ་ཡིན་ཏེ། དེ་ཡོད་ན་རེས་འགའ་འབྱུང་བས་ངེས་པ་ཅན་ཉིད་དུ་རྟོགས་པའི་ཕྱིར་རོ། །མི་རིགས་ཏེ་ཐལ་ཆེས་པའི་ཕྱིར་རོ། །རྒྱུ་མ་ཡིན་པ་ལ་ཡང་རེས་འགའ་འབྱུང་བ་ཡོད་པ་ཡིན་ནོ། །དེ་ལ་ནི་དེ་ ཡོད་པ་ཉིད་ན་ཞེས་བྱ་བ་མེད་པ་ཡིན་ནོ་ཞེ་ན། །དེ་ཡོད་པ་ཉིད་ན་ཞེས་བྱ་བ་འདི་ཡང་འབྲས་བུ་ནི་དེའི་དབང་ཉིད་ཡིན་པར་བརྗོད་པ་ཡིན་ནོ། །གང་གི་ཚེ་མ་ཚང་བ་མེད་པའི་རྒྱུ་མཚན་དེ་ཡོད་ཀྱང་། རང་ཉིད་ཁོ་ན་མི་འབྱུང་བ་ཡིན་ནོ། །དེའི་ཚེ་དེའི་དབང་དུ་འགྱུར་བ་མ་ཡིན་ནོ། །གང་གི་ཕྱིར་དེ་ཡོད་པ་ལ་དབང་ བ་ནི་དེ་ཡོད་ན་མི་འབྱུང་བ་མ་ཡིན་ལ། དེའི་ཚེ་རྒྱུ་མེད་པ་ཉིད་དུ་ཤེས་པ་ཡིན་ནོ། འབྲས་བུའི་དུས་སུ་ཡང་དེ་ཉིད་ཡིན་པའི་ཕྱིར་རྒྱུ་མ་ཡིན་པ་ཉིད་དུ་འགྱུར་ཞིང་། འབྲས་བུ་ནི་རང་དབང་དུ་འགྱུར་ཏེ། རང་ཉིད་ཁོ་ན་རེས་འགའ་འབྱུང་བའམ་མི་འབྱུང་བ་ཡིན་ནོ། །གལ་ཏེ་རང་དབང་ཡིན་ན་དེ་མེད་ ཀྱང་ཅི་སྟེ་འབྱུང་བར་མི་འགྱུར་ཇི་ལྟར་མཐོང་བ་དེ་ཁོ་ན་བཞིན་དུ་འགྱུར་བ་ཡིན་ལ། ངེས་པ་ཅན་དུ་མཐོང་བ་དང་རང་དབང་ཉིད་ནི་འགལ་བ་ཡིན་ནོ། །དེའི་ཕྱིར་ངེས་པ་ཅན་མཐོང་བ་ལས་དེའི་དབང་དུ་འགྱུར་བ་ཡིན་ནོ། །དེ་ལ་ཡང་རེས་འགའ་མི་འབྱུང་ན་གཞན་ལ་ནི་སྨོས་ཀྱང་ཅི་དགོས། དེ་མེད་པ་ནི་རང་ དབང་ཡིན་པ་ནི་དེ་མེད་ཀྱང་ཡོད་ལ། ཡོད་ཀྱང་རེས་འགའ་ཡོད་པའི་ཐམས་ཅད་དུ་ཅིས་མེད་པ་ཡིན་ཞེ་ན། འབྲས་བུས་གེགས་བྱས་པའི་ཕྱིར་རོ། །དེ་ཡང་ཡོད་ན་གེགས་བྱེད་ཀྱི་མེད་ན་ནི་མ་ཡིན་ནོ། །མེད་པ་ཉིད་ལ་ཅིའི་ཕྱིར་མ་ཡིན་ཞེ་ན་རྒྱུ་མེད་ན་དེ་མེད་པའི་ཕྱིར་ཞེས་བྱ་བ་ཡིན་གྱི་ཡོད་ན་ནི་མ་ཡིན་ ནོ། །སྔ་ན་ཡོད་པ་མེད་པས་བར་དུ་བཅད་པའི་ཕྱིར་ཞེས་བསྟན་པ་ཡིན་ནོ་ཞེ་ན། དེ་ལྟ་ན་གང་གི་ཚེ་འབྲས་བུ་ཡིན་པ་དེའི་ཚེ་ཡང་རྒྱུ་ཙམ་གྱི་གནས་སྐབས་ན་དེ་མེད་པ་ཡོད་པའི་ཕྱིར་བར་དུ་ཆོད་པར་འགྱུར་རོ། །རྒྱུ་ནི་མེད་པས་བསྒྲིབས་ནས་ནན་གྱིས་འབྲས་བུ་བསྐྱེད་པ་ཡིན་ཞེ་ན། གཞན་གྱི་ཚེ་ ཡང་དེ་དང་འདྲ་བ་ལ་ནན་གྱིས་སྐྱེད་པར་བྱེད་པར་འགྱུར་བའི་ཕྱིར་མེད་པས་བར་དུ་བཅད་པ་ནི་མ་ཡིན་ནོ། །འབྲས་བུ་ནི་རང་ཉིད་ཁོ་ན་མི་འབྱུང་བ་ཡིན་ནོ་ཞེ་ན། རང་ཉིད་ཁོ་ན་འབྱུང་བར་ཡང་འགྱུར་རོ། །གཞན་དབང་ཉིད་དུ་རྟོགས་པ་ཡིན་ནོ་ཞེ་ན། གདོན་མི་ཟ་བར་འབྱུང་བ་ཡང་དེའི་ཁྱབ་བྱེད་དུ་ འགྱུར་ལ། རྒྱུ་རྣམས་ནི་གདོན་མི་ཟ་བར་དེ་དང་ལྡན་པར་མི་འགྱུར་རོ་ཞེས་མ་ཚང་བའི་གནས་སྐབས་ལ་ལྟོས་ནས་ཡིན་ལ། གདོན་མི་ཟ་བར་འབྱུང་བ་ཡང་ཡོད་པ་ཙམ་ལས་ནི་མ་ཡིན་གྱི། འོན་ཀྱང་ངེས་པ་ཅན་ཉིད་ནི་རྒྱུ་མཚན་ཡིན་ལ། དེ་མེད་ན་རང་དབང་ཉིད་ཀྱིས་ངེས་པ་ཅན་མེད་པ་ཉིད་ དུ་འགྱུར་རོ། །ངེས་པ་ཅན་ཉིད་ནི་འབྲས་བུ་ཉིད་མ་ཡིན་པ་མ་ཡིན་ནམ། ཤིང་ཤ་པ་ཡང་ཤིང་གི་དེ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ལྡོག་པ་ངེས་པ་ཉིད་ཁོ་ན་འབྲས་བུ་ཉིད་ཡིན་ཏེ། དེ་ལས་མི་སྐྱེ་ན་དེ་ལ་མི་འཁྲུལ་པར་ངེས་པ་མེད་པའི་ཕྱིར་རོ། །སྨིན་དྲུག་ཤར་བ་ལ་སོགས་པ་ལས་ སྣར་མ་ཡང་ཉེ་བ་ལ་སོགས་པ་ཡིན་པར་འདིས་བཤད་པ་ཡིན་ནོ། །དེ་མེད་ན་མི་འབྱུང་བར་ངེས་པ་ཡིན་གྱི། གདོན་མི་ཟ་བར་འབྱུང་བ་ནི་མ་ཡིན་ནོ། །དེ་དང་འདྲ་བ་ཁོ་ན་ཡིན་པ་དེ་ལས་མི་འབྱུང་ན་དེ་ཇི་ལྟར་ངེས་པར་བྱེད་པ་ཡིན་ཞིང་། དེ་ངེས་པར་བྱེད་པ་མ་ཡིན་ན་དེ་ལ་ཇི་ལྟར་ངེས་པ་ཞེས་བྱ་བ་ ཡིན། ཤིང་ནི་ཤིང་ཤ་པ་གདོན་མི་ཟ་བར་ཡོད་པ་ཁོ་ནར་ངེས་པར་བྱེད་པ་ཁོ་ན་ཡིན་ཏེ། དེ་དང་ལྡན་པ་མ་ཡིན་པ་དེ་ནི་དེའི་ངེས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཤིང་མ་ཡིན་པ་རྣམ་པར་གཅོད་པ་འབའ་ཞིག་གིས་སམ། མེ་མ་ཡིན་པ་རྣམ་པར་གཅོད་པས་ངེས་བཞིན་པ་ན། དེ་དང་དེ་མ་ ཡིན་པ་རྒྱུད་ཀྱིས་སོ་སོར་སྣང་བ་ཡིན་ཏེ། གཞན་དུ་ན་ངེས་པར་བྱ་བར་མི་ནུས་པའི་ཕྱིར་རོ། །དུ་བ་ལ་སོགས་པ་ནི་ངེས་པ་ལ་ཡང་ངེས་པ་ཅན་ཁོ་ན་ཡིན་ཏེ། ངེས་པ་ཅན་དེ་ཁོ་ན་རྗེས་སུ་འབྲངས་བ་རྣམས་ནི་དེ་ཡོད་པ་ཉིད་ན་འབྱུང་ལ། དེ་མེད་ན་མི་འབྱུང་བ་ཁོ་ན་ཡིན་ཞེས་བྱ་བ་ལ་སོགས་པར་ཐ་ སྙད་དུ་བྱེད་ཀྱི། དེ་མེད་ན་མི་འབྱུང་བ་ནི་དེ་ལ་ངེས་པར་བྱེད་པ་མ་ཡིན་ནོ། །དེ་དག་ཙམ་ནི་ངེས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །འབྲས་བུ་བཞིན་དུ་རྒྱུ་ཡང་དེ་མེད་ན་མི་འབྱུང་བའི་ཕྱིར་ཁྱད་པར་མེད་པས་རྟོགས་པར་བྱེད་པར་འགྱུར་རོ། །དེའི་ཕྱིར་འབྲས་བུའམ་རང་བཞིན་གྱི་གཏན་ཚིགས་ ཡིན་ཞེས་བྱ་བའི་ཕྱག་རྒྱ་ཆད་པར་འགྱུར་རོ། །དེ་ལྟར་རྟོགས་པ་ཡིན་ན་དེ་ཡང་འབྲས་བུ་ཉིད་ཡིན་པས་ཁྱད་པར་མེད་པ་ཁོ་ན་ཡིན་པའི་ཕྱིར་ཕྱག་རྒྱ་གཅད་པ་མ་ཡིན་ནོ། །དེ་ལྟ་ཡིན་ན་ད་ལྟར་རྒྱུ་ཉིད་བོར་བ་ཡིན་པ་ལ་མ་བོར་ན་ནི་དེ་ཡང་གོ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་དེ་དང་འདྲ་བར་ཕྱག་ རྒྱ་གཅད་པ་ཡིན་ནོ། །བདེན་ཏེ་འབའ་ཞིག་དེ་བཞིན་ན་འབྱུང་བ་ཁོ་ན་ཡིན་ཞེ་ན་དེ་ཉིད་ཁོ་ན་ངེས་པར་བྱ་བ་ཡིན་ནོ། །འབྱུང་བར་བྱེད་པ་ཁོ་ན་བདག་ཉིད་ཀྱི་ཡང་དེ་དང་བྲལ་བའི་གནས་སྐབས་ལ་གནོད་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་ཁོངས་སུ་གཏོགས་པའི་བསྐྱེད་བྱ་ཉིད་ཁོ་ན་སྐྱེད་པར་བྱེད་པ་ ཉིད་ཡིན་པའི་ཕྱིར་སྐྱོན་མེད་དོ། །རེ་ཞིག་འབྲས་བུ་དེ་ལྟར་རྟོགས་པ་ནི་གོ་བྱེད་ཡིན་ལ། རྒྱུ་ཡང་དེ་ཉིད་དུ་རྟོགས་བཞིན་པ་ནི་འབྲས་བུ་ཁོ་ན་ཡིན་གྱི། འབའ་ཞིག་ནི་མ་ཡིན་ཏེ་གང་གིས་གཏན་ཚིགས་གསུམ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་གོམས་པ་ལས་བྱུང་བ་ཡིན་ན་དེའི་ ཁྱད་པར་ཅན་དུ་བྱས་པའི་དབུགས་ལ་སོགས་པ་ལུས་སམ། འབྱུང་བ་རྣམས་ཡོངས་སུ་གྱུར་པའི་ཁྱད་པར་ཡང་རུང་བ། དབྱེ་བ་དུ་མ་ལས་ཅིས་ལྟོས་པ་ཡིན། །དེའི་ཕྱིར་ཡོངས་སུ་གྱུར་པའམ་ཁྱད་པར་ལས་འབྱུང་བ་གོམས་པས་ཁྱད་པར་དུ་བྱེད་པ་ཡིན་ཏེ། མེ་ལ་སོགས་པ་དང་ ཕྲད་པས་གཟུགས་ལ་སོགས་པ་ལྟ་བུ་ཡིན་གྱི། གོམས་པའི་བསྐྱེད་བྱ་ཡང་ཁྱད་པར་ལས་སམ། ཡོངས་སུ་གྱུར་པ་ལས་གཅིག་གི་རྣམ་པར་འགྱུར་བ་ཅན་མ་ཡིན་ཏེ། སྣ་ཚོགས་ཉིད་དུ་མཐོང་བའི་ཕྱིར་རོ། །སྣ་ཚོགས་པ་དེ་ཉིད་ཡོངས་སུ་གྱུར་པའམ། གཞན་ཡང་འགྲོ་བ་སྣ་ཚོགས་བ་ ཉིད་ཀྱི་རྒྱུ་ཡོད་པ་ཡིན་ན། ཅིས་རང་གི་རིགས་ཀྱི་རྒྱུར་རྟོག་པ་ཡིན། འབྲས་བུ་དང་རྒྱུ་ཉིད་མེད་པ་ཡང་མ་ཡིན་ཏེ། ཡོངས་སུ་གྱུར་པ་ལ་སོགས་པ་སྣ་ཚོགས་པ་ཉིད་རྒྱུ་ཉིད་དུ་མཐོང་བའི་ཕྱིར་རོ། །ད་ལྟར་ནི་གོམས་པ་ལས་ཡོངས་སུ་གྱུར་པ་ལ་སོགས་པ་ལས་འབྱུང་བའི་ཕྱིར་སྐྱེ་བ་དང་པོ་ལ་དེ་བཞིན་དུ་ བསྟན་པ་ཡིན་ན། །ཞེ་ན་ཡང་། མེ་དང་ཕྲད་པ་ལས་སྔ་རོལ་དུ་ཡང་གཟུགས་ལ་སོགས་པ་ཁོ་ན་ཡིན་པའི་ཕྱིར་ཕྱིས་ཀྱི་བཞིན་དུ་དེ་ལས་འབྱུང་བ་ཉིད་དུ་འགྱུར་རོ། །སྔོན་པོ་ཉིད་དང་དམར་པོ་ལ་སོགས་པའི་དབྱེ་བ་ཡིན་ན་ནི་མཚུངས་པ་ཡིན་ཏེ། འདི་ལ་ཡང་ཇི་ལྟར་ཡང་དབྱེ་བ་མཐོང་བའི་ཕྱིར་རོ། ། དེའི་ཕྱིར་དང་པོ་ཡོངས་སུ་གྱུར་པའི་བྱེ་བྲག་ལས་འབྱུང་བ་ནི་དབུགས་ལ་སོགས་པ་ཡིན་ལ་ཡོངས་སུ་གྱུར་པ་ལ་སོགས་པ་ཡང་སྣང་བའམ། གཞན་ཡང་མ་ཡིན་ཏེ། ཁྱད་པར་དུ་རྟོགས་པ་དོགས་པ་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། གང་དུ་དྲོད་གཤེར་ལ་སོགས་སྐྱེ་བའི་ཞེས་བྱ་བ་སྨོས་ ཏེ། རེ་ཞིག་འབྱུང་བ་རྣམས་ཀྱི་སེམས་པ་དང་། ཅིག་ཤོས་ལ་སོགས་པ་རྣམས་ཀྱིས་འདི་རྣམ་པར་དབྱེ་བ་ནི་མ་ཡིན་ཏེ། ཐམས་ཅད་ལ་སྲོག་ཆགས་སྐྱེ་བ་མཐོང་བས་སྲ་བ་ལ་སོགས་པའི་ཁྱད་པར་ནི་ངེས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཁྱད་པར་ཅན་ཡོངས་སུ་གྱུར་པ་ཡང་མ་ཡིན་ཏེ། འབྱུང་ བ་རྣམས་ཀྱི་ཁྱད་པར་དུ་མི་འཐད་པའི་ཕྱིར་རོ། །འཕེལ་བ་དང་འགྲིབ་པ་དག་འདྲེས་པའི་ཁྱད་པར་ཅན་དུ་གྱུར་པ་ཡིན་ནོ་ཞེ་ན། འབྱུང་བ་ལས་ཁྱད་པར་མེད་ན་འདྲེས་པའི་འཕེལ་བ་དང་འགྲིབ་པ་དག་གི་གཞན་སེམས་པ་ཅན་ལ་སོགས་པ་ཡོངས་སུ་གྱུར་པ་ནི་མི་རིགས་ཏེ། བ་གླང་དང་རྟ་ལ་སོགས་པ་ པའི་འདྲེས་པའི་ཁྱད་པར་གྱིས། དེའི་རང་བཞིན་མ་ཡིན་པའི་དངོས་པོ་སྐྱེ་བར་མཐོང་བ་མ་ཡིན་ནོ། །ཆང་ལ་སོགས་པ་ནི་དེ་མ་ཡིན་པའི་ངོ་བོ་ཡིན་ནོ་ཞེ་ན། མ་ཡིན་ཏེ་དེ་ལ་ཡང་ལོག་པར་རྟོགས་པའི་ཕྱིར་རོ། །གང་གི་ཕྱིར་འགྲོ་བ་ཡོངས་སུ་གྱུར་པ་ཐམས་ཅད་ཁོ་ན་རྩོད་པའི་གཞི་ཡིན་ལ། དེའི་ཕྱིར་ ཡོངས་སུ་གྱུར་པ་ཡང་སེམས་པ་དང་ཅིག་ཤོས་ཉིད་ལས་རྣམ་པར་དབྱེ་བ་མ་ཡིན་ཏེ། ས་ལ་སོགས་པའི་ཆ་ཤས་ཡོངས་སུ་གྱུར་པ་འགའ་ཡང་མེད་དེ། གང་དུ་དྲོད་གཤེར་སོགས་སྐྱེ་བའི་སྐྱེ་བོ་ཞེས་བྱ་བ་ལ་སོགས་པའི་དབྱེ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ཤིང་ དང་ཆང་ལ་སོགས་པའི་དབྱེ་བ་མེད་པར་ཡང་འབྱུང་བ་ལ་སོགས་པའི་སེམས་པ་དང་། ཅིག་ཤོས་ལ་སོགས་པའི་རྣམ་པར་དབྱེ་བའི་རྒྱུ་མེད་ན་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །དེ་འགའ་ཡང་མེད་ཅེས་བྱ་བས་ནི་རྣམ་པར་དབྱེ་བ་མེད་པའི་འབྱུང་བ་རྣམས་བསྟན་པ་ཡིན་ནོ། །རྒྱུའི་རྣམ་པར་དབྱེ་བ་མེད་ན་ འབྲས་བུའི་རྣམ་པར་དབྱེ་བ་ལེགས་པ་མ་ཡིན་ཏེ། དེ་དངོས་ས་བོན་ལས་ཞེས་བྱ་བ་ནི་ཐ་མི་དད་པ་ལས་སོ། །མ་ངེས་པ་ནི་ཐ་དད་པའོ། །ངེས་པ་མེད་པ་ནི་ངེས་པ་ཅན་གྱི་ངེས་པར་བྱེད་པ་མ་ཡིན་པར་ནི་བདེན་མོད་ཀྱི་ངེས་པ་ཅན་ལ་ངེས་པར་བྱེད་པར་བརྟགས་པ་ཡིན་ནོ། །དེ་ཡང་འབྱུང་བ་ལ་ཡོད་པ་ ཉིད་ཀྱི་སྣ་ཚོགས་པ་ལ་ལས་རྣམས་ངེས་པར་བྱེད་པ་ཡིན་ཞེས་ཅི་ལས་ཡིན། ཆོས་ཅན་གྱི་རྣམ་པར་རྟོག་པ་བས་ཆོས་སུ་རྣམ་པར་རྟོག་པ་སྤང་བའི་ཕྱིར་མཆོག་ཡིན་ནོ། །ཆོས་ཅན་དུ་བརྟོགས་པའི་ནུས་པ་སྣ་ཚོགས་པ་ཙམ་ནི་ཆོས་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ཕྱིར་དབང་སོགས་རང་རིག་ལ། །ལྟོས་ པ་མེད་པར་ནི་ཞེས་བྱ་བ་སྨོས་ཏེ། གང་དག་ཁོ་ན་གོམས་པ་ལས་བྱུང་བའི་ཤེས་རབ་དང་། མི་བརྗོད་པ་ལ་སོགས་པ་རྣམས་དང་དབུགས་ལ་སོགས་པ་རྣམས་ཀྱང་མཐོང་བ་དེ་རྣམས་ཁོ་ན་སྐྱེ་བའི་དབང་པོ་ལ་ཡང་དམིགས་པ་ཡིན་གྱི་མེ་དང་ཕྲད་པ་ལས་བྱུང་བའི་ཚོགས་པ་ལས་ནི་མ་ཡིན་གྱི། སྔ་རོལ་ དུ་ཡང་རིགས་ཀྱི་དབྱེ་བ་ཡོངས་སུ་གསལ་བའི་ཕྱིར་རོ། །དེ་དེ་བཞིན་དུ་སྐྱེ་པའི་དང་པོའི་དབུགས་ལ་སོགས་པ་ནི་རང་གི་རིགས་ཀྱི་གོམས་པ་སྔོན་དུ་འགྲོ་བ་ཅན་ཉིད་ཀྱིས་སྐྱེ་བ་སྔ་མར་གྲུབ་པ་ཡིན་ལ། འགྲོ་བའི་སྣ་ཚོགས་པའི་རྒྱུ་འབྱུང་བའི་ཆོས་ཉིད་ཀྱི་རྟོགས་པའི་ཁྱད་པར་བྱེད་པའི་དགོས་ པ་ནི་འཇིག་རྟེན་ཕ་རོལ་མེད་པ་ནི་དེ་དང་འགལ་བའི་ཕྱིར་བཀག་པ་ཡིན་ནོ། །རང་གི་རིགས་ཀྱི་གོམས་པ་ལས་བྱུང་བ་ཉིད་ལ་ཐལ་ཆེས་པའི་སྒོ་ནས་འཇིག་རྟེན་ཕ་རོལ་ཡོད་པས་ཁྱབ་པ་ཡིན་ཏེ། ཁྱབ་པར་བྱེད་པ་འགལ་བས་ཁྱབ་པ་ཡིན་པར་བསྟན་པ་ཡིན་ནོ་ཞེས་བྱ་ བའི་དོན་ཏོ། །འབྲས་བུ་མེད་པའི་རྟོགས་པ་ནི། །འཐད་པར་བྱ་བ་མ་ཡིན་ཏེ། །ནུས་པ་དུ་མ་ཅན་གྱི་འབྱུང་བ་འབྲས་བུ་གཅིག་བྱེད་པ་ཅན་ཡིན་ན། ནུས་པ་གཞན་གྱི་བསྐྱེད་བྱའི་འབྲས་བུ་གཞན་དུ་ཡང་དེའི་ཚེ་ཁོ་ནར་འགྱུར་རོ། །དེ་བཞིན་དུ་སྐྱེད་བྱེད་མ་ཡིན་ན་རིམ་གྱིས་ཀྱང་མི་འགྱུར་ཏེ། ལྟོས་ པ་མེད་པའི་ཕྱིར་རོ། །ལས་སུ་སྨྲ་བ་ལ་ནི་དེ་ལས་གཞན་བྱས་པ་ཡིན་ལ་ལྟོས་པ་གཞན་ཡང་ཡོད་པ་དེའི་ཕྱིར་སྐྱོན་མེད་དོ། །དེའི་ཕྱིར་འགྲོ་བ་སྣ་ཚོགས་པའི་རྒྱུ་འབྱུང་བའི་ཆོས་རྣམས་ཉིད་ནུས་པའི་ཁྱད་པར་དུ་བརྟག་པ་མ་ཡིན་ཏེ། གང་གི་ཕྱིར་ཤེས་རབ་དང་མི་བརྗེད་པའི་བློ་ལ་སོགས་པ་ རྣམས་སྐྱེ་བའི་དང་པོ་ལ་རང་གི་རིགས་ལ་མི་ལྟོས་པ་རྣམས་འབྱུང་བར་ཁས་ལེན་པ་ཡིན་ན། ཇི་ལྟར་སྐྱེ་བའི་དང་པོར་འབྱུང་པ་ཤེས་རབ་དང་མི་བརྗེད་པའི་བློ་ལ་སོགས་པ་དང་ལྡན་པའི་ཡོངས་སུ་གྱུར་པ་རང་གི་རིགས་ལ་ལྟོས་པ་མེད་པ་དེ་ཁོ་ན་བཞིན་དུ། དེ་ལས་གཞན་ཡང་འགྱུར་བ་ལ་ ཅི་ལས་ཡིན་ཞེ་ན། །བྱང་པར་མེད་པས་སྐྱེ་བའི་དངོས་པོ་ལས་འབྱུང་བ་རྣམས་དང་གོམས་པ་ལས་བྱུང་བ་རྣམས་ཀྱང་ཐ་དད་པར་ཉེ་བར་མ་མཚོན་པའི་ཕྱིར་རོ། །འདི་ལ་ཡང་ཡོད་པ་མ་ཡིན་ཏེ། དེའི་བསྐྱེད་བ་ནི། གོམས་པ་ལ་རག་ལས་པར་མཐོང་བའི་ཕྱིར། དེའི་ནུས་པ་མཐོང་བ་ཡིན་གྱི་ འབྱུང་བའི་ནུས་པ་ནི་དེ་ལྟ་མ་ཡིན་ཏེ། གཞན་ལས་བྱུང་བ་ཡང་རི་ལ་དུ་བ་བཞིན་དུ་དེ་ལ་མཐོང་བ་འགལ་བ་མེད་པའི་ཕྱིར་རོ། །བུམ་པ་ནི་མེ་དང་ཕྲད་པའི་སྔོན་རོལ་དུ་ཁྱད་པར་ཅན་ཡོངས་སུ་གྱུར་པ་ནི་དེ་ལྟ་མ་ཡིན་ཏེ། སྔོན་པོ་དང་དམར་པོ་ལ་སོགས་པ་ཐ་དད་པར་ཡོངས་སུ་གསལ་བ་ཡིན་ནོ་ཞེས་ གཞུང་དང་སྦྱར་རོ། །ཡང་ན་འབྱུང་བ་རྣམས་ཀྱི་ཐ་མི་དད་པའམ་ཡོངས་སུ་གྱུར་པའམ། ཡོངས་སུ་གྱུར་པ་ཡང་ཁྱད་པར་མེད་པའི་ཕྱིར། ཁྱད་པར་མེད་པས་དམིགས་ལ་སོགས་པ་དང་ལྡན་པའི་ཡོངས་སུ་གྱུར་པ་བོང་བ་དང་རྩིག་པ་ལ་སོགས་པ་དང་འགྱུར་ཏེ། སྣ་ཚོགས་པ་གཅིག་གི་ངོ་བོར་ འགྱུར་གྱི་སྣ་ཚོགས་པ་ཉིད་དུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དབང་རྣམས་རེ་རེ་ལ་གནོད་ཀྱང་། །ཞེས་བྱ་བའི་ཚིགས་སུ་བཅད་པའི། །སྐྱེ་བ་ཡོངས་སུ་ལེན་པ་ན། །ཞེས་བྱ་བ་འདི་བཤད་པས་དེ་ལ་གཏད་པས་བཤད་པ་ཡིན་ནོ། །ད་ནི་དེའི་འགྲེལ་པ་བཤད་པར་བྱ་སྟེ། དེ་ལ་བུམ་པ་མེ་དང་ཕྲད་ པའི་བསྐྱེད་བྱ་རྣམ་པར་འགྱུར་བ་ཡང་དེ་ཁོ་ན་ལས་སྐྱེ་བ་མ་ཡིན་ཏེ། རྫ་མཁན་ལས་སྐྱེ་བར་མཐོང་བའི་ཕྱིར་རོ། །དབང་པོ་རྣམས་ནི་ཡིད་ཀྱི་བསྒྱུར་བྱ་ཡིན་ལ། དེ་གསལ་བ་ཡིན་ན་དབང་པོ་རྣམས་གསལ་བ་ཡིན་ཏེ། བཟློག་པ་ཡིན་ན་ལོག་པ་ཡིན་གྱི་གཞན་ལས་སྐྱེ་བར་མཐོང་བ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་ཁོ་ ན་ལས་སྐྱེ་བ་ཡིན་པར་ཤེས་པར་བྱའོ། །བུམ་པ་ལ་སོགས་པ་མེས་བྱས་པའི་རྣམ་པར་འགྱུར་བ་ཁོ་ན་ཡིན་པའི་ཕྱིར་དཔེ་མ་ཡིན་པར་མི་རིགས་ཏེ། སྐྱེ་བའི་དང་པོའི་དབང་པོ་ཡང་ཡིད་ཀྱི་རྣམ་པར་འགྱུར་བ་ཉིད་ལས་མ་མཐོང་བ་ཡིན་པར་འགྱུར་བའི་ཕྱིར་རོ། །ཕྱོགས་ལ་འཁྲུལ་པ་ཡིན་ཞེས་ བྱ་བ་ཡང་མ་ཡིན་ནོ། །དེ་ལྟ་ན་ནི་གང་ཡང་མ་ངེས་པ་ཞེས་བྱ་བར་མི་འགྱུར་བ་ནི་བུམ་པ་ལ་སོགས་པ་ཡང་རྫ་མཁན་གྱི་བསྐྱེད་བྱར་མི་འགྱུར་ཏེ། དེ་ཡང་ཕྱོགས་སུ་ཕྱེད་པའི་ཕྱིར་རོ། །དེ་ལ་ནི་རྫ་མཁན་གྱི་བསྐྱེད་བྱར་མཐོང་བ་ཡིན་ལ། དེས་ན་མེའི་བསྐྱེད་བྱ་ཉིད་མ་ཡིན་ནོ། །དེའི་ཕྱིར་མེ་ནི་རྣམ་པར་འགྱུར་བ་ སྐྱེད་པ་ཡིན་གྱི། རང་གི་ངོ་བོ་ནི་སྐྱེད་བྱེད་མ་ཡིན་ནོ། །དབང་པོ་ཡང་སྐྱེ་བའི་དང་པོ་འབྱུང་བའི་བསྐྱེད་བྱ་ཡིན་ཏེ། དེ་ལྟར་མ་མཐོང་བའི་ཕྱིར་རོ། །དེའི་ཚེ་ཡིད་ཀྱི་བསྐྱེད་བྱ་ཉིད་དུ་ཉེ་བར་མཚོན་པ་ནི་མ་ཡིན་ཏེ། གཞན་གྱི་ཚེའི་ཡིད་ཀྱི་བསྒྱུར་བྱ་ལྟ་བུའོ། །དེའི་ཚེ་ཡང་དེའི་བསྐྱེད་བྱ་ཉིད་མ་ཡིན་ ཏེ། གཞན་དུ་དེའི་བསྒྱུར་བྱ་ཡིན་པའི་ཕྱིར་རོ། །གཞན་མེད་ཀྱང་མེས་བུམ་པ་བཞིན་དུ་ཡིན་ལ། དེའི་ཕྱིར་མཐོང་བ་ཁོ་ན་དེའི་འབྲས་བུ་ཉིད་ཡིན་གྱི་དེ་བཞིན་དུ་དུ་བ་ཡང་དེའི་བསྐྱེད་བྱ་ཉིད་དུ་འགྱུར་བ་མ་ཡིན་ཏེ། མེའི་བསྐྱེད་བྱ་ཉིད་དུ་ཚང་བ་ལ་སོགས་པར་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་ དབང་པོ་ཡིད་ཀྱི་བསྐྱེད་བྱ་ཉིད་ཡིན་པར་འགར་ཡང་མཐོང་བ་མ་ཡིན་ཏེ། རྣམ་པར་རྟོག་པ་ཐམས་ཅད་བསྡུས་ཀྱང་དབང་པོ་ཡོད་པས་མཐོང་བ་ཡོད་པར་བརྗོད་པའི་ཕྱིར་རོ། །འོན་ཏེ་སྔ་རོལ་དུ་ཡོད་པ་ལས་སྐྱེས་པའི་དབང་པོ་ནི་རྫ་མཁན་ལས་བུམ་པ་བཞིན་དུ་ཕྱིས་རྒྱུན་དུ་བྱེད་པ་ཡིན་ནོ། །དེའི་གནས་སྐབས་ ཀྱང་རྣམ་པར་རྟོག་པ་གཞན་མེད་ཀྱང་བདག་གོ་ཞེས་བྱ་བའི་བློ་མེད་པ་མ་ཡིན་ཏེ། ང་རྒྱལ་དང་བཅས་པའི་རྒྱུ་ཡིན་པའི་ཕྱིར་རམ། དེའི་བག་ཆགས་རྗེས་སུ་འཇུག་པའི་ཕྱིར་ཏེ། དེས་ན་སྐྱོན་མེད་དོ། །གཉིད་མཐུག་པོས་ནོན་ན་སེམས་ཉིད་ཆད་པའི་ཕྱིར་དབང་པོ་ཡང་ཆད་པ་ཡིན་ལ། སད་པའི་དུས་སུ་ནི་གཉིད་རྩོམ་པའི་སེམས་ཁོ་ན་ལས་སེམས་དང་། དབང་པོ་ཡང་འབྱུང་བ་ཡིན་ནོ། །དེ་འདི་ཡིད་ཀྱི་རྣམ་པར་ཤེས་པའི་འབྲས་བུ་ཉིད་དུ་གྲུབ་ན་རྟོག་པར་བྱེད་པར་རིགས་ཀྱི་གཞན་དུ་ཉེ་བར་རྟོགས་པ་ཙམ་ནི་རྟོག་པ་དང་ལྡན་པ་རྣམས་ཀྱི་བཏང་སྙོམས་སུ་བྱ་བ་ཡིན་ནོ། །དེ་གྲུབ་པ་ནི་མ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་མཐོང་བའི་ཕྱིར་རོ། །དེ་ལྟར་བསྟན་པ་ནི་འོན་ཏེ་དེའི་རྣམ་པར་བསྒྱུར་བྱ་ཉིད་ཅེས་བརྗོད་པས། དེའི་བསྐྱེད་བྱ་ཉིད་ཁོ་ན་ཡིན་པར་བསམས་པ་ཡིན་ན། དེ་མ་གྲུབ་པ་ཡིན་ཏེ་མེས་བུམ་པ་ལྟ་བུའོ། །རྣམ་པར་བསྒྱུར་བྱ་ཉིད་ཙམ་ལ་རྒྱུན་ནི་དེའི་འབྲས་བུ་ཉིད་དུ་བརྗོད་པ་མ་ཡིན་ཏེ། ལུས་དང་དབང་པོ་ལ་སོགས་པ་སྲིད་པར་རྟོགས་པ་ཐམས་ཅད་ཡིད་ཀྱི་རྣམ་པར་འགྱུར་བའི་རྗེས་སུ་བྱེད་པའི་རྣམ་པར་འགྱུར་བ་ཉིད་དུ་མཐོང་བ་ཡིན་ལ། སྐྱེ་བའི་དབང་པོ་ལ་ཡང་དེའི་རྣམ་པར་འགྱུར་བ་དང་ལྡན་པ་དེ་སྔོན་དུ་འགྲོ་བ་ཅན་དུ་རྟོགས་པ་ཡིན་ནོ། །རྒྱུན་ནི་དེའི་བསྐྱེད་བྱའམ་གཞན་ གྱིས་བསྐྱེད་བྱ་ཡིན་ཞེས་བྱ་བ་གང་དུ་དགོས་པ་ཡིན། རྣམ་པར་འགྱུར་བ་རྣམས་གཞན་ཉིད་ཀྱང་མ་ཡིན་ཏེ། དེ་ཉིད་ངོ་ཤེས་པའི་ཕྱིར་རོ། །དེ་དག་ཙམ་ལས་ཀྱང་སྐྱེ་བ་གཞན་གྲུབ་པ་ཡིན་ཏེ། རྣམ་པར་འགྱུར་བ་ལ་བརྟེན་པ་ཉིད་ཀྱིས་ཐམས་ཅད་དུ་ཡང་ཉེ་བར་གནས་པ་ཡིན་ལ། དེའི་སྒོ་ནས་རྒྱུན་ ཡང་ཡིན་པའི་ཕྱིར་དེ་རྟེན་ཉིད་དུ་བརྗོད་པ་ཡིན་པར་ཤེས་པར་བྱའོ། །དབང་པོ་རྣམས་ནི་སྐྱེ་བའི་དང་པོ་རྣམས་ལས་བྱུང་བ་རྣམས་སོ། །ཡིད་ཀྱི་ཤེས་པ་ལས་ཏེ་འདས་པའི་སྐྱེ་བ་ལས་བྱུང་བ་ལས་འབྱུང་བའི་ཕྱིར། ཐོག་མ་མེད་པ་ཉིད་ཡིན་ལ་དེ་ལས་ཀྱང་ཞེས་བྱ་བ་སྐྱེ་བའི་དང་པོར་ལས་བྱུང་བའི་དབང་ པོ་ལས་བྱུང་བ་རྣམས་ལས། རང་གི་ཤེས་པ་ལྔ་པོའི་རིམ་གྱིས་ཡིད་ཀྱི་རྣམ་ཤེས་འབྱུང་བ་ཡིན་ལ། སྐྱེ་བ་ལ་ནི་དེ་ལས་ཀྱང་ཡང་གཞན་ཡིན་ལ་དེ་ལས་ཀྱང་གཞན་རྣམས་ཏེ། མ་འོངས་པའི་སྲིད་པ་ལས་བྱུང་བ་རྣམས་འབྱུང་བ་ཡིན་ཏེ། ང་རྒྱལ་དང་བཅས་པ་ཉིད་ཀྱིས་གདོན་མི་ཟ་བར་འབྱུང་བའི་ འབྲས་བུ་དང་ལྡན་པ་ཉིད་འཕེན་བྱེད་ཡིན་པའི་ཕྱིར་རོ། །གཉེན་པོ་བསྒོམས་པ་མེད་པ་ལས་ནི་མཐའ་མེད་པ་ཡིན་པ་དེ་ལྟ་བུ་ནི་འགྲེལ་པའི་དགོས་པ་ཡིན་ནོ། །ལྷག་མ་ནི་ཚིགས་སུ་བཅད་པའི་ཕྱི་མའི་ཕྱེད་སྔ་མས་གཏན་ཚིགས་གཞན་དང་། ཕྱེད་ཕྱི་མས་གཏན་ཚིགས་མ་ངེས་པ་ཉིད་ཀྱིས་ ལན་བཏབ་པས་བཤད་ནས་ཚིག་གི་དོན་བཤད་པས་ཀྱང་། དོན་འདི་ཁོ་ན་འཆད་པ་ནི་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །ཕྱེད་སྔ་མ་འཆད་པ་ནི་དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཞེས་བྱ་བ་སྟེ། གོམས་པའི་བསྐྱེད་བྱའི་ཁྱད་པར་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ལ། དབང་པོ་བསྟན་པ་ ལུས་ལ་བརྟན་པ་ཇི་ལྟར་ཡིན། ཡིད་ཀྱི་རྣམ་པར་ཤེས་པས་བསྒྱུར་ཞེས་བྱ་བ་ནི་གཏན་ཚིགས་སོ། །གང་ཁོ་ན་ལས་ཡིན་པ་དེ་ལས་དེའི་ཚོགས་པ་ནི་དེའི་རྟེན་མ་ཡིན་ཏེ། དབང་པོ་ལྔ་ཚོགས་པ་ནི་དེའི་འབྲས་བུ་ལ། གཟུགས་དང་རོ་ལ་སོགས་པའི་རྣམ་ཤེས་ལྔ་པོ་དེ་ལ་བརྟེན་པ་ཡིན་ལ། དེའི་རང་ རིག་པའི་བྱ་བའི་རྗེས་སུ་འབྲང་བར་བྱེད་པ་བདག་གོ་ཞེས་བྱ་བའི་རྣམ་པ་ཞེས་གང་སྨྲས་པ་དེ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཡིད་ཀྱི་རྣམ་ཤེས་ནི་དབང་པོའི་ཤེས་པའི་རྗེས་སུ་འབྲང་བ་མ་ཡིན་ནོ། །དེ་ལྟ་ཡིན་ན་འཇིག་རྟེན་ཕྱི་མའི་ཡིད་ཀྱི་རྒྱལ་སྲིད་བྱེད་པའི་ང་རྒྱལ་དང་བཅས་པ་ཡང་ཡིན་པའི་ ཕྱིར་རོ། །དེ་ཡང་དབང་པོ་ལ་བརྟན་པ་མ་ཡིན་ཏེ། དབང་པོའི་བྱ་བ་འཕེལ་བ་ཡིན་ན་འདིའི་འགྲིབ་བར་འགྱུར་བའི་ཕྱིར་དང་། དེ་འགྲིབ་ན་འཕེལ་བར་འགྱུར་བའི་ཕྱིར་བསྟན་པ་ཡིན་ནོ། །ཡིད་ཀྱི་བློར་འགྱུར་ན་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་གཞན་འཆད་པར་བྱེད་པས་དབང་པོ་རྣམས་ཀྱི་འགྱུར་བར་བྱེད་པ་པོ་ཡིན་པའི་ ཕྱིར། ཡིད་ཀྱི་རྣམ་པར་ཤེས་པ་བྱེད་པ་པོ་ཡིན་ཞེས་བྱ་བར་མི་རིགས་ཏེ། མེ་ནི་བུམ་པའི་རྣམ་པར་འགྱུར་བར་བྱེད་པ་ཡིན་ཡང་བྱེད་པ་པོར་འགྱུར་བ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི་གལ་ཏེ་མིག་ལ་སོགས་པ་ཞེས་བྱ་བའོ། །བུམ་པ་ནི་མེའི་བསྐྱེད་བྱའི་རྣམ་པར་འགྱུར་བ་ཁོ་ན་མ་ཡིན་གྱི།། དབང་པོ་ནི་ཡིད་ཀྱི་ རྣམ་ཤེས་ཀྱི་བསྐྱེད་བྱའི་རྣམ་པར་འགྱུར་བ་ཁོ་ན་ཡིན་ནོ་ཞེས་བྱ་བར་བྱེ་བྲག་ཏུ་བསྟན་པ་ནི། བུམ་པ་ལ་སོགས་གཞན་དུ་མཐོང་བ་ཡིན་པ་ཞེས་བྱ་བའོ། །སྐྱེ་བའི་དང་པོ་ལ་འཇིག་པ་དང་མྱ་ངན་ལ་སོགས་པ་རྣམ་པར་འགྱུར་བའི་ཡིད་ཀྱི་རྣམ་ཤེས་ཀྱི་བསྒྱུར་བྱ་ཉིད་དབང་པོ་རྣམས་མ་ཡིན་པ་མ་ཡིན་ ནམ། དང་པོ་ཉིད་ལ་སོགས་པར་མཐོང་བའི་ཕྱིར་རོ་སྙམ་དུ་སེམས་པས། དང་པོ་ཉིད་ཀྱང་ཉིད་ཀྱི་རྣམ་པར་འགྱུར་བ་ཡིན་པར་བསྟན་པ་ནི། དང་པོ་ལ་སོགས་པའི་ཞེས་བྱ་བའོ། །གལ་ཏེ་སྐྱེ་བའི་དང་པོ་ལ་དབང་པོ་རྣམས་ཡིད་ཀྱི་བསྒྱུར་བྱ་ཡིན་ན་དེ་བཞིན་དུ་རང་ཉིད་ཀྱིའམ། གཞན་གྱི་མངོན་སུམ་གྱི་ངེས་པར་ཅི་སྟེ་མི་འགྱུར་མེའི་བསྐྱེད་བྱ་དུ་བ་ནི་རྗེས་སུ་དཔག་བྱ་ཐམས་ཅད་དུ་དེ་ཉིད་ཀྱིས་མངོན་སུམ་མ་ཡིན་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི་འོན་ཏེ། གལ་ཏེ་ཡང་ཞེས་བྱ་བའོ། །ལན་ནི། གལ་ཏེ་མེ་ལས་ཞེས་བྱ་བ་སྟེ། དུ་བ་ནི་རྗེས་སུ་དཔག་པར་བྱ་བ་ལ་མེ་ལས་བྱུང་བ་ཉིད་དུ་མངོན་ སུམ་ཡིན་པའི་ཕྱིར་དང་གོ་བྱེད་མ་ཡིན་ནོ། །འོན་ཀྱང་དེའི་འབྲས་བུ་ཉིད་ཀྱི་མངོན་སུམ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་མ་ཡིན་པ་ལས་ལོག་པས་དུ་བའི་ངོ་བོར་ངེས་པ་ཁོ་ན་དེའི་འབྲས་བུ་ཉིད་དུ་ངེས་པ་ཡིན་གྱི་མེའི་ངེས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རིགས་པ་བརྗོད་ནས་རྣལ་མ་ལ་སྦྱོར་བ་ནི་ དེའི་ཕྱིར། དཔེར་ན་ཞེས་བྱ་བ་སྟེ་སྐྱེ་བའི་དང་པོ་ལ་ཡང་། དབང་པོ་རྣམས་ལ་རྗེས་སུ་དཔག་པའི་ཡན་ལག་ནི། དེའི་འབྲས་བུ་ཉིད་དུ་ངེས་པ་ཡོད་པ་ཡིན་གྱི། དེ་ལྟ་མོད་ཀྱི་མངོན་སུམ་ཉིད་ཀྱིས་ཡིན་ཞེས་བྱ་བའི་དོན་ཏོ། །ད་སྔོན་དུ་འགྲོ་བ་ཅན་ཉིད་དུ་ཞེས་བྱ་བ་ནི་མཚུངས་པས་སོ། ། གཞན་དུ་ཞེས་བྱ་བ་ནི་ཁྱད་པར་ལས་ཏེ། དུས་དང་ཡུལ་འདི་ནི་དུས་དང་ཡུལ་གཞན་གྱི་དངོས་པོས་བསྐྱེད་བྱ་མ་ཡིན་པའི་ཕྱིར་ཁྱད་པར་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྐྱེ་བའི་དང་པོ་འདི་ལ་དབང་པོ་ནི་སྐྱེ་བ་སྔ་མ་ལས་བྱུང་བའི་ཡིད་དུ་གོ་བར་བྱེད་པ་དེ་བཞིན་དུ་སྐྱེ་བ་གཞན་ལ་ཡང་། སྐྱེ་བ་གཞན་ལས་བྱུང་བའི་ཡིད་དུ་གོ་བར་བྱེད་པ་ཡིན་ནོ་ཞེས་སླར་ཡང་བཤད་པ་ཡིན་ནོ། །དབང་པོ་རྣམས་ཞེས་བྱ་བ་ནི་འདི་ཡང་དབང་པོ་དང་ཡིད་ཀྱི་རྣམ་པར་ཤེས་པ་དག་གི་འབྲས་བུ་ཉིད་དུ་བརྗོད་པའི་ཤུགས་ཀྱིས་གོ་བྱ་གོ་བྱེད་དུ་བསྟན་པ་ཡིན་ཏེ། འདི་ནི་དེའི་རྒྱུ་མཚན་ཡིན་པའི་ཕྱིར། དེ་ལས་ཞེས་བྱ་བ་ནི་དབང་པོ་རྣམས་ལས་སོ། །དབང་པོའི་བསྐྱེད་བྱ་ནི་ཡིད་མ་ཡིན་ལ། ཡིད་ཀྱི་བསྐྱེད་བྱ་ནི་ཡིན་ཞེས་འདས་མ་ཐག་ཁོ་ན་སྨྲས་པ་མ་ཡིན་ནམ། བདེན་ཏེ་ཡིད་ཀྱི་རྣམ་ཤེས་ཉིད་དབང་པོ་ལ་སྲེད་པ་དང་བཅས་པ་ཉིད་ཀྱི་དེ་ལས་ཡིན་ཞེས་བརྗོད་པ་ཡིན་ནོ། །དེ་ལས་ཀྱང་ཞེས་བྱ་ བ་ཡིད་ཀྱི་རྣམ་ཤེས་ལས་ཞེས་བྱ་བ་འདིས་ཐོག་མ་མེད་པ་དང་ཐ་མ་མེད་པ་ཞེས་བསྟན་པ་ནི། ཡིད་ཀྱི་ཤེས་བ་ལས་ཞེས་བྱ་བ་སྟེ། སྐྱེ་བ་གཞན་ལས་བྱུང་བ་ལས་དབང་པོ་ལ་སྲེད་པ་དང་བཅས་པ་ཉིད་ཀྱིས་དེ་བཞིན་སྐྱེད་པར་བྱེད་པའི་ངོ་བོར་ཤེས་པའི་ཕྱིར་རོ། །དེ་ལས་ཞེས་བྱ་བ་རྗེས་སུ་དཔག་ པའི་དབང་པོ་རྣམས་ལས། དབང་པོ་ལ་སྲེད་པ་ལ་སོགས་པར་རྗེས་སུ་དཔག་པ་ལས་གྲུབ་པ་ཡིན་པར་བསྟན་པ་ནི། དེ་ལས་ཀྱང་ཡང་ཞེས་བྱ་བ་སྟེ། ཡིད་ཀྱི་རྣམ་ཤེས་ལས་དབང་པོ་རྣམས་ཞེས་བྱ་བའི་དོན་ཏོ། །དེའི་རྣམ་པར་འགྱུར་བས་བསྒྱུར་བྱ་ཡིན་པའི་ཕྱིར། དེའི་བསྐྱེད་བྱ་ཉིད་དུ་བསྒྲུབ་པར་བྱ་བ་ ཡིན་ན་དེའི་བསྐྱེད་བྱ་ཉིད་མ་ཡིན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཡོད་པའི་ཕྱིར། མ་ངེས་པ་ཡིན་ནམ་སྙམ་དུ་སེམས་པ་ནི། གལ་ཏེ་ཡིད་ཀྱི་བློ་ཡང་ཞེས་བྱ་བའོ། །རྣམ་པར་འགྱུར་བ་གང་གིས་བསྒྱུར་བར་བྱ་བ་གང་ཡིན་པ་དེ་ཁོ་ན་དེའི་འབྲས་བུ་མ་ཡིན་ནམ། ཇི་ལྟར་དབང་པོ་ནི་ཡིད་ཀྱི་རྣམ་ཤེས་ཀྱི་ འབྲས་བུ་ཡིན་པ་དེ་བཞིན་དུ། བུམ་པ་ནི་མེའི་མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་རོ་ཞེས་བསྟན་པས་དེ་ལྟ་བུའི་རིགས་ཅན་ཐམས་ཅད་གསལ་བ་ཁོ་ན་ཡིན་ལ། ཅིའི་ཕྱིར་ཡང་ཐེ་ཚོམ་བྱེད་ཅེས་བསྟན་པ་ནི་བསྒྱུར་བྱ་ཉིད་ཅེས་བྱ་བར་ངེས་པར་ཁོ་ན་བསྒྱུར་བྱ་ཉིད་ཡིན་ནོ། །མ་ངེས་པ་ཡིན་ནོ་ སྙམ་དུ་སེམས་པ་ནི་ཡིད་ཀྱི་རྣམ་ཤེས་ཀྱི་རྣམ་པར་འགྱུར་བ་ཁོ་ན་དབང་པོ་ཡིན་ཏེ། དང་པོ་ལ་སོགས་པ་ལ་ཡང་དེའི་རྣམ་པར་འགྱུར་བའི་ཕྱིར་ལ། དེ་བཞིན་དུ་ཡིད་ཀྱི་རྣམ་ཤེས་ཀྱང་མིག་ལ་སོགས་པར་འགྱུར་བ་ཁོ་ན་ཡིན་ཏེ། དང་བ་ལ་སོགས་པ་ཡང་དེ་རྣམ་པར་འགྱུར་བའི་ཕྱིར་རོ་ཞེས་ བྱ་བ་ནི་ཐེ་ཚོམ་གྱི་དོན་ཡིན་ནོ། །ལན་གྱི་དོན་ནི་ངེས་པ་མེད་པ་ཡིན་ཏེ། དེ་སྐད་དུ་ཡང་། ངེས་པ་གཉི་ག་ཡང་མེད་ཅེས་བསྟན་ཏོ། །གལ་ཏེ་དབང་པོ་རྣམས་བློ་ལ་བརྟེན་པ་ཡིན་ན། དེ་ལྟ་མ་ཡིན་ན་བརྟེན་པ་དང་རྟེན་ལྟོས་པ་མེད་པ་ཡིན་པའི་ཕྱིར། དེའི་རང་བཞིན་ཐོབ་པ་མེད་པས་ལན་ ཅིག་སྐྱེས་པའི་སྣ་ཚོགས་པ་ནི་མི་འཇིགས་པ་ཐོབ་པར་འགྱུར་བ་མ་ཡིན་ནམ། དེའི་ཕྱིར་སྐྱེ་བ་དང་འཆི་བའི་རྒྱུན་མཐོང་བ་ནུབ་པར་འགྱུར་རོ། །འོན་ཏེ་འདིའི་རྒྱུ་མཚན་དེ་དང་འདྲ་བ་གཞན་དུ་རྟོག་པར་བྱེད་པ་དེ་ལྟ་ཡིན་ན་དེ་འཇིག་རྟེན་ཕ་རོལ་པ་མ་ཡིན་ན་དེའི་འབྱུང་བའི་ཆོས་འོངས་པ་ཡིན་ནོ། ། སྙམ་དུ་སེམས་པ་ལ། དེ་ཕྱིར་བློ་གནས་བའི་རྟེན་ཞེས་བྱ་བ་སྨོས་ཏེ། འགྲེལ་པར་ནི་ཡིད་རྟེན་མེད་པར་ཐལ་ལོ་ཞེས་བྱ་བ་ལ་སོགས་པ་ཁོ་ན་ལ་ཡིད་ཀྱི་འབྲས་བུ་ནི་རྟེན་མེད་པ་ཉིད་ཀྱིས་འཇིག་པ་མེད་པ་ཉིད་དུ་མཚོན་པར་བྱེད་པ་ཡིན་ཏེ། འབྲས་བུ་དབང་པོ་ལ་སོགས་པ་འཇིག་ པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡིད་ཀྱི་རྣམ་ཤེས་ཀྱི་བསྐྱེད་བྱ་དབང་པོ་ལ་སོགས་པ་རྣམས་ཀྱི་ཁྱད་པར་ནི་ཡིད་ཀྱི་རྣམ་ཤེས་ཀྱི་བསྐྱེད་བྱའམ་རང་གི་རིགས་གོམས་པའི་བསྐྱེད་བྱ་ཡིན་ལ། ཡིད་ཀྱི་རྣམ་ཤེས་ནི་རང་གི་རིགས་གོ་བར་བྱེད་པ་ཡིན་པའི་ཕྱིར་འབྱུང་བའི་ཆོས་ནི་དབང་པོ་རྣམས་ཀྱི་ རྒྱུ་མཚན་མ་ཡིན་ཏེ། འོན་ཀྱང་བློ་ཁོ་ན་ལ་བརྟེན་པའི་བློའི་ཆོས་ཡིན་ནོ། །དབང་པོ་ལ་སྲེད་པ་དང་བཅས་པའི་ལས་སེམས་པའི་ངོ་བོ་སེམས་པ་ཡིད་ཀྱི་ཡང་ཞེས་བྱ་བ་དེ་ཡང་། དབང་པོ་རྣམས་ཀྱི་རྒྱུ་མཚན་ནི་དེ་ལ་བརྟེན་པའི་བློ་འཕེན་པའི་སྒོ་ནས་ཡིན་པས། བློ་ཡང་བརྟེན་པའི་གནས་སུ་ འགྱུར་རོ། །འབྱུང་བའི་ཆོས་ཉིད་ཡིན་ན་རྟེན་དང་ལྡན་པའི་དབང་པོ་རྣམས་ཀྱི་རྣམ་པར་འགྱུར་བ་ནི་ཡིད་ཀྱི་བསྐྱེད་བྱའམ། ། རང་གི་རིགས་ཀྱི་བསྐྱེད་བྱར་མི་འགྱུར་རོ། །བློའི་རྟེན་གང་ཡིན་བའི་རྒྱུ་མཚན་མ་ཉམས་པ་ཡིན་པར་བཤད་པ་ནི་གནས་སྐབས་འདིར་དགོས་པ་མེད་དོ། །བློའི་རྟེན་ནི་ འབྱུང་བའི་ཆོས་ཉིད་དུ་གྲུབ་པ་ཡང་མ་ཡིན་ལ། གང་གི་འབྱུང་བའི་ཆོས་མ་ཡིན་པའི་རྒྱུ་མཚན་ཡིན་པ་དེ་ལྟ་བུར་ཚིག་ཉིད་ལས་འགྲུབ་པར་འགྱུར་རོ། །གནས་སྐབས་ཀྱི་དབང་པོའི་རྒྱུ་མཚན་གྱི་ཆོས་ཉིད་སྒྲུབ་པར་བྱེད་པ་ཡིན་ན། བློ་རྟེན་དུ་གྲུབ་པ་ཡིན་ན་གནས་སྐབས་ལ་མི་དགོས་པའི་ སྐྱོན་མེད་པ་ཡིན་ཏེ། དབང་པོ་ལ་སྲེད་པ་དང་བཅས་པའི་ལས་བརྗོད་པའི་ཕྱིར་རོ། །བློ་རྟེན་ཡིན་པས་གདོན་མི་ཟ་བར་འབྱུང་བར་འགྱུར་པ་ཡང་མ་ཡིན་ཏེ། གཟུགས་མེད་པའི་ཁམས་པ་རྣམས་ལ་མེད་པའི་ཕྱིར་རོ། །གང་གི་ཕྱིར་བློའི་ཆོས་རྒྱུ་མཚན་ཡིན་པ་དེའི་ཕྱིར་ཏེ། བློའི་བསྐྱེད་བྱ་རྣམ་པར་འགྱུར་བ་ཡིན་པའི་ཕྱིར། དེ་ཕྱིར་བློ་ལས་དབང་པོ་ཡིན། །ཞེས་བྱ་བ་སྐྱེ་བ་སྔ་མ་ལས་བྱུང་བའི་བློ་ལས་སོ། །མཚམས་སྦྱོར་བར། ནུས་ལྡན་མཐོང་བ་གང་དེ་ལ། །ཞེས་བྱ་བ་ལ་སོགས་པ་དབུགས་ལ་སོགས་པ་འབྱུང་བར་འགྱུར་བའི་སྐྱེ་བ་ལ་མཚམས་སྦྱོར་ བའི་རིགས་པ་ཉིད་བློ་ཡང་ཞེས་བྱ་བ་རྗེས་སུ་བསྟན་པ་ནི། དེ་ཅི་འདྲ་ཞིག་འཕེན་བྱེད་འགྱུར། །ཞེས་བྱ་བ་སྟེ། སྐྱེ་བ་སྔ་མ་ལས་བྱུང་བའི་ཇི་སྐད་གསུངས་པའི་ཚད་མས་གྲུབ་པ་ཡིན་པ། དེ་འདྲ་ཕྱིས་ཀྱང་འགྱུར་བ་ཡིན་ཏེ། ང་རྒྱལ་དང་བཅས་པ་ཉིད་ཀྱིས་གདོན་མི་ཟ་བར་འབྱུང་བའི་ འབྲས་བུ་ཉིད་ཡིན་པའི་ཕྱིར་རོ། །རིགས་པ་བསྟན་ནས། ལུང་གི་རྗེས་སུ་འབྲང་བའི་འགྲོ་བ་རྣམས་ཚིམ་པར་བྱ་བའི་དོན་དུ། དེ་དང་མི་འགལ་བར་བསྟན་པ་ནི་དེའི་ཤེས་པས་ཏེ། དབང་པོའི་ངོ་བོའི་འབྲས་བུའི་ཤེས་པ་དམིགས་པའི་ངོ་བོས་བདག་གོ་ཞེས་པའི་བློ་ལ་ཕན་འདོགས་པར་ བྱེད་པ་སྟེ། སྔོན་པོས་དེའི་ཤེས་པ་ལ་བཞིན་དུ་ཚིམ་པ་ལ་སོགས་པ་དང་ལྡན་པ་རྣམས་ཀྱིས་ཀྱང་ཡིན་པའི་ཕྱིར། དེ་ལ་བརྟེན་པ་སྟེ་ལུས་དང་སེམས་དག་ཕན་ཚུན་རྗེས་སུ་བྱེད་པ་ཅན་ཉིད་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །བདག་གོ་ཞེས་བྱ་བ་ནི་དེའི་བསྐྱེད་བྱ་ཡིན་པའི་ཕྱིར། ཤེས་ པ་རྣམས་ཀྱི་རང་རིག་པའི་རྗེས་སུ་འབྲང་བར་བྱེད་པ་མ་ཡིན་ནམ། དེས་ན་དེ་ལ་དམིགས་པ་ཡིན་ཏེ། ལུས་མེད་ན་དེའི་ཤེས་པ་མེད་པའི་ཕྱིར་གཟུགས་མེད་པའི་ཁམས་ན་ཆོས་ལ་དམིགས་པའི་ཤེས་པའི་རྗེས་སུ་འབྲངས་ནས་བྱུང་བ་ཡིན་པར་ཁས་བླངས་པའི་ཕྱིར་དང་། ང་རྒྱལ་དང་བཅས་པའི་ཡིད་ ཀྱི་རྣམ་ཤེས་ལུས་དང་ལྷན་ཅིག་པ་ཉིད་དུ་མཐོང་བའི་ཕྱིར་དང་། དེ་དང་བྲལ་བའི་གནས་སྐབས་མ་མཐོང་བས། ཡོད་པར་མི་རིགས་པའི་ཕྱིར་དེའི་འབྲས་བུ་ཉིད་ཡིན་ནོ། །དེ་ལྟ་ན་འོ་ན་དབང་པོ་དང་བཅས་པའི་ལུས་ཀྱང་ཡིད་ཀྱི་བསྐྱེད་བྱའི་ཁྱད་པར་དུ་མཐོང་བས་དེའི་བསྐྱེད་བྱ་ཉིད་ཡིན་ ནོ། །དེ་ལྟར་ན་དེ་ཡང་ལུས་གཞན་གྱི་བསྐྱེད་བྱ་ཉིད་ཡིན་ལ། དེ་ཡང་སེམས་གཞན་གྱི་བསྐྱེད་བྱ་ཉིད་ཡིན་པའི་ཕྱིར། སྐྱེ་བ་ཐོག་མ་མེད་པར་བརྒྱུད་པ་ཡིན་པར་གྲུབ་པ་ཁོ་ན་ཡིན་པར་བསྟན་པ་ནི། གལ་ཏེ་དབང་པོ་མེད་པར་བློ་མ་ཡིན། །ཞེས་བྱ་བས་སྐྱེ་བ་འདིའི་གནས་སྐབས་དང་། དེ་ཡང་དེ་མེད་པར་ ཞེས་བྱ་བ་དང་འབྲེལ་པས་སྐྱེ་བ་སྔ་མའི་གནས་སྐབས་དང་། དེའི་ཡང་འོག་ཏུ་ཡིད་ཀྱི་རྣམ་ཤེས་དང་དབང་པོ་དག་ཕན་ཚུན་རྒྱུ་ཅན་ཡིན་ནོ་ཞེས་བྱ་བས། འབྱུང་བར་འགྱུར་པའི་སྐྱེ་བའི་གནས་སྐབས་བསྟན་པ་ཡིན་ནོ། །དེ་ལས་ཅི་གྲུབ་ཅེ་ན། དེ་ལྟར་ཕན་ཚུན་རྒྱུ་མཚན་ཉིད་ཡིན་ གྱི་ལུས་ཙམ་ནི་རྒྱུ་ཉིད་མ་ཡིན་ན། །དེ་བསྟན་པ་ནི། དབང་པོ་མེད་པར་བློ་མི་འབྱུང་མོད་ཅེས་བྱ་བ་ལ་སོགས་པ་སྟེ། རེ་ཞིག་དབང་པ་དང་བཅས་པའི་ལུས་ནི་དབང་པོའི་ཤེས་པ་བཞིན་དུ་ཡིད་ཀྱི་རྣམ་ཤེས་ཀྱི་རྒྱུ་མ་ཡིན་གྱི་འོན་ཀྱང་རང་གི་རྒྱུ་ལས་བྱུང་བའི་རྟེན་ཡིན་ཏེ། དེ་མེད་ ན་འདམ་བུའི་བམ་པོ་བཞིན་དུ་དེ་ལས་གཞན་མེད་ན་གནས་བར་མི་འགྱུར་ཞེས་པ་དེའི་ཡིད་ཀྱི་རྣམ་ཤེས་མེད་ན། ལུས་ཀྱང་རུལ་བར་འགྱུར་བར་གནས་པ་མ་ཡིན་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་དག་རྟེན་ཉིད་དུ་མཚུངས་པ་ཡིན་ཏེ། གོམས་པའི་ཡིད་ཀྱི་རྣམ་ཤེས་ཀྱི་བསྐྱེད་བྱ་ཡིན་པའི་ཕྱིར་ འཇིག་རྟེན་ཕ་རོལ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གྱུར་ན་དབང་པོའི་ཤེས་པ་ནི་དབང་པོ་ལས་སྐྱེས་པ་ཁོ་ན་གོམས་པས་ཁྱད་པར་དུ་འགྱུར་བ་ཡིན་ལ། དེ་བཞིན་དུ་ཡིད་ཀྱི་རྣམ་ཤེས་དབང་པོ་ལས་སམ་དེའི་ཤེས་པ་ལས་འབྱུང་བ་ནི་ཁྱད་པར་ཅན་དུ་འགྱུར་རོ། །དེ་བཞིན་དུ་དབང་པོ་ཡང་ འབྱུང་བ་རྣམས་ལས་ཀུན་ནས་ལྡང་བཞིན་པ་ཤེས་པས་ཁྱད་པར་ཅན་དུ་འགྱུར་རོ། །དེའི་ཕྱིར་དབང་པོ་དང་བཅས་པའི་ལུས་ཉིད་ཀྱི་རྣམ་ཤེས་སམ་ཅིག་ཤོས་ཀྱི་རྒྱུ་ཡིན་གྱི་དེ་ནི་ལུས་ཀྱི་མ་ཡིན་ནོ། །འདི་ལ་བརྗོད་པ་དབང་པོའི་ཤེས་པ་རྣམས་དང་པོའི་གོམས་པ་བསྐྱེད་བྱ་མ་ཡིན་ཏེ། གླུར་བླངས་པ་ ལ་སོགས་པའི་ཤེས་པ་བཞིན་དུ་དེའི་བསྐྱེད་བྱའི་ཁྱད་པར་དུ་མ་མཐོང་བའི་ཕྱིར་རོ། །མཐོང་བ་ཡིན་ནོ་དེའི་བསྐྱེད་བྱ་ཉིད་ཡིན་པ་ལ་སུ་ཞིག་འགོག་པར་བྱེད། དབང་པོ་དང་ཡིད་ཀྱི་རྣམ་ཤེས་དག་ཡིད་ཀྱི་བསྐྱེད་བྱའམ། གོམས་པའི་བསྐྱེད་བྱ་ཡང་རུང་བའི་ཁྱད་པར་ཡིན་ན་ནི། དེའི་ཚེ་ཡང་དེ་ བཞིན་དུ་ཡོད་པའི་ཕྱིར་ཇི་ལྟར་འཇིག་རྟེན་ཕ་རོལ་མེད་པ་ཡིན་ན། འདི་ལྟར་རེ་ཞིག་རྟག་པའི་ལུས་ཀྱང་རྒྱུ་མ་ཡིན་ཏེ། ཚད་མ་དང་འགལ་པའི་ཕྱིར་རོ། །མི་རྟག་པ་ཉིད་ཡིན་ན་དེ་ཉིད་ཕན་ཚུན་རྒྱུ་ཉིད་དུ་འགྱུར་རོ་སྙམ་པའི་དགོངས་པས། རིམ་བཞིན་སྐྱེ་བ་ཅན་དག་ནི། །རྟག་ལས་སྐྱེ་བ་མི་ འཐད་ཕྱིར། །ལྟོས་པར་མི་རུང་བ་ཡི་ཕྱིར། །ཞེས་བྱ་བ་ནི་རྟག་པ་ཚད་མ་ཡིན་པའི་རིགས་པ་སྟེ། ཡིད་རྟག་པའི་ལུས་ཀྱི་བསྐྱེད་བྱ་ཉིད་ཡིན་པ་དགག་པ་ལ་ཡང་རྗེས་སུ་བསྟན་པ་ནི། རིམ་ཅན་མིན་ལས་རིམ་ཅན་མིན། ཞེས་བྱ་བ་སྟེ། རྟག་པ་ཉིད་ཀྱང་ཡུལ་དང་དུས་མ་ཆད་པའི་ཡོད་པ་ཅན་ གྱི་དངོས་པོ་ཡིན་ཞེས་བྱ་བའི་རིགས་པས། དུས་གསུམ་མ་ཆད་པ་དང་། ཡུལ་མ་ཆད་པ་ལས་ཀྱང་མངོན་སུམ་ལ་སོགས་པ་རྣམས་ཀྱི་ངེས་ན་ངེས་པས་རྗེས་སུ་དཔོག་པར་བྱེད་པའི་བྱ་བ་ཅན་མཐོང་བ་ནི། མ་བཅད་པ་ཁོ་ན་ཡུལ་དུ་བྱེད་པའི་ཕྱིར་རིམ་པ་མ་ཡིན་པ་སྟེ། དུས་ཆད་པ་པོ་ཡོད་པ་མ་ཡིན་པ་ ཉེ་བར་མཚོན་པའི་ཕྱིར། ཡུལ་ཡང་མ་བཅད་པའི་དངོས་པོ་རྒྱུ་ཉིད་དུ་བརྟགས་པ་དེ་སེལ་བར་བྱེད་པ་ནི། རིམ་ཅན་མིན་ལས་ཞེས་བྱ་བ་སྟེ། རིམ་ཅན་ཞེས་བྱ་བ་རིམ་པ་ཅན་གྱི་འབྲས་བུ་ཉིད་ནི་རྒྱུའི་དུས་ན་མེད་པ་ཡིན་གྱི། རྒྱུ་བཞིན་དུ་ཡུལ་དང་དུས་ཀྱི་ངེས་པ་མེད་པ་ནི་འབྲས་བུ་ཞེས་བྱ་བ་མ་ཡིན་ ལ། ལུས་ལ་དེ་བཞིན་དུ་ངེས་པ་ཡང་མ་ཡིན་ཞིང་དེ་བཞིན་དུ་དེ་ལྟ་བུའི་རྒྱུ་ཉིད་མ་ཡིན་ཏེ། རང་ཡོད་པས་གཞན་གང་དུ་ཡང་ནམ་ཡང་ཡོད་པ་མ་ཡིན་པར་བྱེད་ན། དེ་ལྟ་བུ་ཉིད་དུ་སྨྲ་བ་ཡིན་ལ་དེ་དེ་ལྟར་ཁས་ལེན་པ་ཡིན་ན། རྒྱུ་མ་ཡིན་ཞིང་། འབྲས་བུ་ཡང་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་ ཕྱིར་འགྲོ་བ་རྣམས་ལེན་པ་དང་འདོར་བ་མེད་པར་འགྱུར་ཏེ། དེའི་ཕྱིར། ཇི་ལྟར་བློ་ལུས་ལ་རྟེན་པར་འགྱུར། དེ་ལྟ་ཡིན་དུ་ཟད་མོད་ཅེས་བྱ་བར་ཡང་ཚངས་པ་རིགས་པ་མ་ཡིན་པར་བརྗོད་བྱར་བྱེད་པ་མ་ཡིན་ནོ། །དེ་ལྟར་རྟོགས་པ་ཡང་མ་ཡིན་ཏེ། མཐོང་བའི་རྗེས་སུ་འབྲང་བའི་ངེས་པ་ལས་ཡུལ་ ངེས་པ་ལ་སོགས་པའི་དངོས་པོ་ཁོ་ནར་ངེས་པའི་ཕྱིར་རོ། །མ་བཅད་པའི་རྟོགས་པས་ཡང་ཁྱབ་པ་ཡང་མ་ཡིན་ཏེ། དེ་ལ་ཡང་གཞན་ལ་ཡང་རྟོགས་པ་ནི་ཁྱབ་པ་ཡིན་པའི་ཕྱིར་རོ། །སོ་སོར་སྣང་བ་ངེས་པ་ཉིད་ཀྱང་མཐོང་བ་ལས་འབྱུང་བར་ངེས་པ་ནི། དེ་ཁོ་ན་བཞིན་ཡིན་ལ། དེ་ཁོ་ན་ལས་ཁྱབ་པར་ངེས་ པ་ཡིན་ཏེ། གཞན་དུ་མི་རིགས་པའི་ཕྱིར་རོ། །དེ་བཞིན་དུ་དུས་དུ་མ་ལ་སོགས་པ་ཉིད་དུ་མ་ངེས་པ་ཉིད་དུ་སྣང་བ་ནི་རྟག་པ་ཉིད་ཡིན་ལ། དེ་ཁས་ལེན་པ་ཡང་རྗེས་སུ་དཔག་པ་ལ་སོགས་པར་སྨྲ་བ་ཁྱབ་པ་ངེས་ལ་སོགས་པ་ཁས་ལེན་པ་དང་འགལ་བ་ཡིན་པའི་ཕྱིར། དགག་པ་ནི། ཁྱད་པར་ཅན་མིན་ ལྟོས་པའང་མེད། །ཅེས་བྱ་བའོ། །དེ་དེ་ལྟ་ཡིན་ན་ཡུལ་ལམ་དུས་གཅིག་ལ་ཁྱད་པར་ཅན་མ་ཡིན་པ་རྟོགས་པ་སྟེ། ཆ་དང་བྲལ་བ་ཡིན་ན་ཇི་ལྟར་དུས་དང་ཡུལ་གཞན་ལ་སོགས་པ་ལ་ལྟོས་པ་ཡིན་རྟོགས་པའི་འབྲས་བུའི་ཁྱད་པར་ཉིད་ཀྱིས་རྟོགས་པའི་མཐར་ཐུག་པའི་ཕྱིར། རྟོགས་པའི་ མཐར་ཐུག་པ་མ་ཡིན་ན། ཇི་སྲིད་རྟོགས་པ་དེ་སྲིད་དུ་ཡོད་པ་ཡིན་ནོ། །དེ་སྲིད་དུ་ནི་མ་ཡིན་ཏེ། གཞན་དུ་དེ་ཉིད་ངེས་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་དེ་ཉིད་ཀྱི་ངེས་པ་ནི་དེའི་འབྲས་བུ་མ་ཡིན་པ་རྣམ་པར་གཅོད་པ་ཡུལ་ཡིན་པའི་ཕྱིར་ལ། དེ་ལྟ་བུའི་དགོངས་པས་ཀྱང་རྗེས་སུ་ དཔག་པའི་ཁྱབ་པ་བརྗོད་པ་ཡིན་ནོ། །དེ་བཞིན་དུ་འགྲེལ་པར་ཡང་དེའི་ཚེ་མ་རྟོགས་པ་ནི་དེའི་རྒྱུ་མ་ཡིན་ནོ། །གལ་ཏེ་རྟོགས་ན་ནི་དེ་དང་གཅིག་ཡིན་པའི་ཕྱིར། འཇིག་པའི་མཐར་ཐུག་པ་རྟོགས་པའི་ཕྱིར་དེ་ཉིད་ཀྱི་ཚེ་ཞིག་པར་འགྱུར་ཏེ་ཞེས་བཤད་པ་ཡིན་ནོ། །ངེས་པ་རྣམ་པར་གཅོད་པ་ མེད་ན་འབྲས་བུ་ཉིད་ལ་སོགས་པ་ཁྱབ་པ་ངེས་པ་མེད་པའི་ཕྱིར་དང་། གཞན་གྱིས་རྟོགས་པའི་ཕྱིར་རམ། དེ་སྲིད་དང་དེ་སྲིད་མ་ཡིན་པ་ཞེས་འཛིན་པར་འགྱུར་བ་ཡང་མ་ཡིན་ཏེ། རྣམ་པར་ཤེས་པ་ནི་གཞན་རིག་པ་མ་ཡིན་པ་ཉིད་ཀྱིས་ནི་མ་ཡིན་ཏེ། མ་རྟོགས་པ་ཐམས་ཅད་ཀྱིས་དོགས་པ་རིང་ དུ་ནུས་པའི་ཕྱིར་དང་། རིམ་པ་ངེས་པའི་ཕྱིར། རྒྱུའི་རིམ་པ་ངེས་པ་ཁོ་ནར་ཡིན་པར་བསྟན་པ་ནི། རིམ་གྱིས་བློ་འབྱུང་ན་ཞེས་བྱ་བའོ། །རིག་པ་ནི་ཉེ་བ་ཉིད་ཡིན་ལ་རིག་པ་མ་ཡིན་པ་ན་དེ་དང་ཐ་དད་པ་ཡིན་ཏེ། དེ་དང་ཐ་མི་དད་པ་ཡིན་ན་དེའི་རིག་པས་དེ་རིག་པ་མ་ཡིན་པར་མི་རིགས་པའི་ཕྱིར་རོ་ ཞེས་བསྟན་པ་ནི། ཡིད་ཀྱི་བློ་འདི་ནི་རིམ་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པའོ། །ཐ་མི་དད་པ་ཉིད་ནི་འདྲ་བ་ཉིད་ཡིན་ལ་དེའི་ཚེ་ཡང་ཡོད་པ་ཡིན་ན་གཞན་གྱི་ཚེ་ཡང་ཇི་ལྟར་ཡིན། གཞན་གྱི་ཚེ་ནི་དེ་མེད་ཉིད། །ཅེས་བྱ་བ་ཅི་ལས་ཡིན་ཞེ་ན། དེ་ལྟ་ན་དེ་འབྲས་བུ་བྱེད་པར་འགྱུར་རོ་ཞེས་ བྱ་བ་སྨོས་ཏེ་སྲིད་པ་ནི་ཇི་ལྟར་རྟོགས་པ་བཞིན་འབྱུང་བའི་ཕྱིར། རྟོགས་པ་ཡང་མཐོང་བའི་ངོ་བོ་ཡིན་ཏེ། རང་གི་དུས་ཙམ་ཡུལ་ཡིན་པའི་ཕྱིར་རོ། །དེ་ཉིད་ངོ་ཤེས་པ་ཡང་མཐོང་བ་དང་འགལ་བས་དོན་བྱེད་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །རིམ་པ་མེད་པ་ཁོ་ན་རྟག་པ་ཉིད་རྒྱུ་ཡིན་ནོ། །དེའི་ ཕྱིར་དེའི་འབྲས་བུ་ཡང་དེའི་ཚེ་ཁོ་ན་འབྱུང་གི། དུས་གཞན་གྱི་ཚེ་ནི་མ་ཡིན་ཏེ། རྒྱུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གང་གི་འབྲས་བུ་གང་ཡིན་པ་དེ་དེ་དང་ཉེ་བ་ཡིན་ན། འབྲས་བུ་གཞན་བཞིན་དུ་འབྱུང་བ་ཁོ་ན་ཡིན་ཏེ། གཞན་དུ་ན་རྗེས་སུ་འགྲོ་བ་མེད་ན་ལྡོག་པ་ཡང་མེད་པས་རྒྱུ་མ་ཡིན་པ་ ཉིད་ཐོབ་པ་ཡིན་པར་བསྟན་པ་ནི། ཡང་ན་རྒྱུ་ལས་འབྲས་བུ་དེའི་ཞེས་བྱ་བ་སྟེ། འགྲེལ་པ་མཛད་པའི་བཤད་པ་ནི། རེ་ཞིག་རིམ་པ་ཅན་མི་རྟག་པ་ནི། འབྲས་བུའི་རྒྱུ་ཉིད་ཁོ་ན་མ་ཡིན་ཏེ། ཕན་ཚུན་རྒྱུ་ཉིད་དུ་ཐལ་བའི་ཕྱིར་རོ། །འབྲས་བུ་མ་ཡིན་པའི་ཕྱིར་རྟག་པ་ཉིད་དུ་འགྱུར་གྲང་ན། རྟག་པ་ནི་དུས་གཅིག་པའི་ མཐར་ཐུག་པས་རིམ་པ་མ་ཡིན་པ་དུས་གཞན་ན་འབྱུང་བའི་འབྲས་བུའི་རྒྱུ་ནི་མ་ཡིན་ཏེ། དེའི་ཚེ་མེད་པར་འགྱུར་རོ་ཞེས་བསྟན་པ་ནི། གལ་ཏེ་ལུས་ཉིད་ཅེས་བྱ་བའོ། །ཡིད་ཀྱི་རྣམ་ཤེས་ནི་རིམ་པ་མ་ཡིན་པ་མ་ཡིན་ཏེ། དུས་གཞན་དུ་རྗེས་སུ་འཇུག་པའི་ཕྱིར་རོ། །དང་པོ་འདས་པ་ཉིད་དུས་ ཕྱི་མ་ལ་རྟོགས་པ་ཡང་མ་ཡིན་ཏེ། དང་པོ་རྟོགས་པ་ལ་ཉེ་བ་མ་ཡིན་པའི་ཕྱིར། ཡིད་ཀྱི་རྣམ་ཤེས་གཞན་དང་རིམ་པ་དང་ལྡན་པ་ཁོ་ན་ཡིན་པར་བསྟན་པ་ནི། ཡིད་ཀྱི་བློ་འདི་ནི་ཞེས་བྱ་བའོ། །ཉེ་བ་ལ་སྐྱོན་བསྟན་པ་ནི། དེ་ལྟ་མ་ཡིན་ན་ཞེས་བྱ་བའོ། །གནས་སྐབས་ཀྱི་ཉེ་བར་བསྒྱུར་བའི་ ངོ་བོའི་གནས་སྐབས་མི་འཛིན་པས་གནས་སྐབས་བཟུང་བ་ཁོ་ན་ཡིན་ལ། དེ་ཉིད་ཐམས་ཅད་ལ་ཡང་ཡོད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། འོན་ཏེ་གནས་སྐབས་མི་འཛིན་པས་ཞེས་བྱ་བའོ། །གནས་སྐབས་ཀྱིས་ཉེ་བར་བསྒྱུར་བའི་ངོ་བོ་ནི་གནས་སྐབས་ཅན་ཡིན་ལ། དེ་མི་འཛིན་ན་མ་བཟུང་ བ་ཡིན་ཞེས་བྱ་བའི་དོན་བསྟན་པ་ནི། གནས་སྐབས་བཟུང་བ་མ་ཡིན་ན་ཞེས་བྱའོ། །གནས་སྐབས་ཀྱི་ཉེ་བར་བསྒྱུར་བ་ནི་རྗེས་སུ་བྱེད་པ་མ་ཡིན་ཏེ། འོན་ཀྱང་དེ་དང་འབྲེལ་བའི་ངོ་བོ་ཡིན་ནོ་སྙམ་དུ་སེམས་པ་ལ། རང་གི་ངོ་བོ་ཙམ་ནི་འབྲེལ་པ་མ་ཡིན་པར་བསྟན་པ་ནི། གལ་ཏེ་བྱུང་བ་དང་ཞེས་བྱ་ བའོ། །གལ་ཏེ་རྟོགས་པའི་ནུས་པ་མེད་པའི་ཕྱིར་དེ་ལྟར་མ་རྟོགས་པ་ཡིན་ན། དངོས་སུ་བའི་ངོ་བོ་ཡང་དེ་ཁོ་ན་བཞིན་དུ་འགྱུར་རོ་སྙམ་དུ་སེམས་པ་ལ། རྟོགས་པས་མཐོང་བ་མངོན་སུམ་པའམ། ཅིག་ཤོས་དངོས་སུམ་ཡིན་པ་སྟེ། གཞན་ལ་ཚད་མ་མེད་དོ་ཞེས་བསྟན་པ་ནི། རྟོགས་པ་ ཉིད་ཡིན་ནོ་ཞེས་བྱ་བའོ། །གཞན་རྟོགས་པ་ནི་ཤེས་པ་གཞན་ནོ། །དངོས་པོ་ནི་དངོས་པོ་གཞན་ལས་སྐྱེ་བ་ཡིན་ལ། དུས་ལ་སོགས་པའི་དངོས་པོ་གཞན་གྱིས་ཉེ་བར་བསྒྱུར་བ་དང་། ཅིག་ཤོས་དག་གི་རིམ་པ་ཅན་ནམ། ཅིག་ཤོས་སུ་ཡང་འགྱུར་བ་ཡིན་གྱི་དེ་དག་ཙམ་གྱི་ཁྱད་པར་ གྱིས་འབྲས་བུ་ཉིད་དམ་ཅིག་ཤོས་ནི་མ་ཡིན་ཏེ། རང་བཞིན་ཐ་མི་དད་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། གལ་ཏེ་རྒྱུའི་རིམ་པ་ཅན་མ་ཡིན་མོད་ཅེས་བྱ་བའོ། །རིམ་པའམ་གཞན་དུ་དུས་ལ་སོགས་པས་ཉེ་བར་བསྒྱུར་བ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། དངོས་པོ་རྣམས་ ཉིད་ཀྱི་རང་བཞིན་གྱི་ཁྱད་པར་ཉེ་བ་རིམ་པ་མ་ཡིན་པ་ཡིན་ལ། ཉེ་བ་དང་ཉེ་བ་མ་ཡིན་པ་ནི་རིམ་པ་ཡིན་ནོ། །དེ་བསྟན་པ་ནི། གལ་ཏེ་རིམ་མིན་ཞེས་བྱ་བའོ། །འབྲས་བུ་ནི་ཉེ་བ་མ་ཡིན་པ་མ་ཡིན་ནམ། དེ་ཁོ་ནའི་ཚེ་ཇི་ལྟར་འབྱུང་བ་ཡིན་དེའི་ངོ་བོ་གཞན་གྱི་ངོ་བོར་འགྱུར་བ་ནི་མ་ཡིན་ནོ་དེ་ལྟ་ ཡིན་ན་རྒྱུ་ཡང་ཉེ་བ་གཅིག་པུའི་རང་བཞིན་ཡིན་ལ། ཉེ་བ་མ་ཡིན་པའི་རང་བཞིན་གྱིས་ཉེ་བ་མ་ཡིན་པའི་འབྲས་བུར་མི་འགྱུར་བ་ཁོ་ནར་བསྟན་པ་ནི། གཞན་གྱི་ཚེ་ནི་ཞེས་བྱ་བའོ། །རྒྱུ་ཡང་ཉེ་བ་དང་མི་ཉེ་བ་མ་ཡིན་ནམ། དེ་ལྟ་བུའི་ངོ་བོ་འབྲས་བུ་ནི་ཐ་དད་པ་ཡིན་གྱི་རྒྱུ་ནི་མ་ཡིན་ པའི་ཕྱིར་དེ་དག་དེའི་ངོ་བོས་འབྲེལ་པ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ལྟ་ན་དེ་འབྲས་བུ་བྱེད་པར་འགྱུར་ཞེས་བྱ་བ་སྟེ། ཉེ་བར་དམིགས་པའི་རྒྱུ་དང་ཉེ་བར་དམིགས་པ་དག་གིས་དེ་ཉིད་རྟོགས་པའི་དམིགས་པ་ཡང་ཉེ་བའི་དངོས་པོ་ཁོ་ན་ཡིན་གྱི། ཅིག་ཤོས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ ཁོ་ན་ཉེ་བ་ཡིན་པར་རྟོགས་པ་དེ་རྟོགས་པ་གཞན་གྱིས་རྟོགས་བཞིན་པ་ནི་ཉེ་བ་མ་ཡིན་ཞེས་བྱ་བ་འདི་ལ་འགལ་བ་མེད་པ་མ་ཡིན་ནམ་སྙམ་དུ་སེམས་པ་ལ་འོན་ཏེ་རིམ་གྱིས་ཞེས་བྱ་བ་སྟེ། རྒྱུ་གཞན་དང་གཞན་ཡོད་པས་གཞན་དང་གཞན་དུ་རྟོགས་པའི་ཡུལ་ཉིད་ནི་གཅིག་པུ་ལ་སྐྱེས་བུའི་དབྱེ་བ་བཞིན་དུ་ འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་གཞན་ཉེ་བ་མ་ཡིན་པར་དམིགས་པས་ཇི་ལྟ་བ་ཁོ་ནར་རྟོགས་པ་དེ་བཞིན་དུ་རྟོགས་བཞིན་པ་ཡང་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེ་ལྟ་ན་རིམ་པ་མེད་པ་མ་ཡིན་ནོ་ཞེས་བྱ་བ་སྟེ། དེ་ལྟར་རེས་འགའ་བའི་རྒྱུ་ལས་རེས་འགའ་བ་ མ་ཡིན་པའི་འབྲས་བུ་མི་འབྱུང་ཞེས་བྱ་བའི་དོན་བཤད་ནས། རེས་འགའ་མ་ཡིན་པ་ལས་རེས་འགའ་མི་འབྱུང་བའི་དོན་འཆད་པ་ནི། ཡང་ན་རྒྱུ་ལས་འབྲས་བུ་ཞེས་བྱ་བ་སྟེ། རིམ་པ་མ་ཡིན་ཏེ། རྟག་པ་ལས་ཏེ་རེས་འགའ་མ་ཡིན་པའི་རྒྱུ་ལ། རེས་འགའ་བའི་འབྲས་བུ་རྗེས་སུ་འགྲོ་བ་ནི་མ་ཡིན་ཏེ། དེ་ཡོད་ཀྱང་རེས་འགའ་མི་འབྱུང་བའི་ཕྱིར་རོ་ཞེས་བསྟན་པ་ནི། རྒྱུ་དང་མི་འདྲ་བ་ཡང་ཞེས་བྱ་བའོ། །རེས་འགའ་དེ་ལས་འབྱུང་བའི་ཕྱིར། དེའི་རྗེས་སུ་འགྲོ་བ་ཡོད་པ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། གང་ཡང་དེ་ལྟ་བུ་ཞེས་བྱ་བ་སྨོས་ཏེ། རེས་འགའ་འབྱུང་བའི་རྗེས་སུ་འགྲོ་བ་མ་ཡིན་ཏེ། འོན་ཏེ་དེ་ཡོད་ན་ཡང་ཡང་དུ་འབྱུང་བས་རྗེས་སུ་བྱེད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །རྗེས་སུ་བྱེད་པ་རྗེས་སུ་འགྲོ་བ་མ་ཡིན་ནམ། མེད་ན་མི་འབྱུང་ཞེས་བྱ་བར་ཡང་འགྱུར་ལ། དེ་ལྟར་ཡོད་ན་འབྱུང་བ་ཞེས་བྱ་བ་འདི་མེད་ན་མི་འབྱུང་བ་ཞེས་བྱ་བ་ཁོ་ནར་རྟོགས་པ་ཡིན་ལ། དེ་བཞིན་དུ་ཁྱབ་བྱ་མེད་ པ་ནི་ཁྱབ་བྱེད་ཡིན་ལ། དེ་བཟློག་པ་ཡིན་ན་ཁྱབ་བྱ་ཡོད་ཅིང་། ཁྱབ་བྱེད་ཡོད་པ་ཁོ་ནར་གྲུབ་པ་ཡིན་གྱི། ཡོད་པ་གདོན་མི་ཟ་བར་འབྱུང་ཞེས་བྱ་བར་རྟོགས་པ་མ་ཡིན་ཞིང་རྗེས་སུ་དཔག་པའི་ཡན་ལག་ཀྱང་མ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་དེ་མེད་ན་མི་འབྱུང་བ་ཞེས་བྱ་བའོ། །འབྱུང་བ་ནི་དེའི་ངོ་བོས་ རབ་ཏུ་སྦྱར་བ་ཡིན་ཏེ། དེ་མེད་ན་མི་འབྱུང་ཞེས་བྱ་བ་ཡིན་ལ། དེའི་ངོ་བོས་རབ་ཏུ་སྦྱར་བ་ཉིད་ཀྱང་། དེའི་ངོ་བོ་ཡོད་ན་འབྱུང་བའི་ཕྱིར། རེས་འགའ་འབྱུང་བ་མ་ཡིན་པར་བསྟན་པ་ནི། གལ་ཏེ་དེ་ཡོད་ཀྱང་མེད་ན་ཞེས་བྱ་བ་སྟེ། གལ་ཏེ་ཡང་མེད་པ་དག་རྟོགས་ན་སྦྱར་བྱ་དང་སྦྱོར་བྱེད་ཉིད་རྟོགས་ པ་མ་ཡིན་ལ། འབྱུང་བ་དང་འབྲེལ་པ་སྔོན་དུ་འགྲོ་བ་ཅན་ཉིད་མེད་པ་དང་འབྲེལ་བ་ཡིན་ཏེ། དེ་མེད་ན་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེ་མེད་པ་འདི་དེ་མེད་པས། །ཞེས་བྱ་བའོ། །ཇི་ལྟར་ཡོད་པ་དག་གི་དངོས་པོ་དག་གི་རང་ཉིད་ཁོ་ན་འབྲེལ་པ་ཇི་ལྟ་བ་དེ་བཞིན་དུ། མེད་པ་དག་ གིས་མ་ཡིན་ནམ། གང་གཞན་ལ་ཡང་ལྟོས་པ་ཡིན་ཏེ། རྒྱུ་མེད་པ་ལ་འབྲེལ་པ་ཅན་གྱི་འབྲས་བུ་མེད་པར་ཅིས་མི་འགྱུར་ལ། རྒྱུ་འབྲས་བུ་དང་འབྲེལ་པ་ཅན་དུ་ཅིས་མི་འགྱུར་ཏེ། རྟོགས་པ་མེད་པར་ཁྱད་པར་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། མེད་པ་དག་རང་ཉིད་ཀྱི་འབྲེལ་པ་ཡིན་ ན། ཡོད་པ་དག་ཀྱང་ཡིན་པའི་ཕྱིར་གནས་སྐབས་པའི་རྒྱུ་ཉིད་དམ་ཅིག་ཤོས་དག་ཀྱང་དོར་བར་འགྱུར་ལ། དེ་ཡང་ཁས་བླངས་པས་ངེས་བྱས་པས་མེད་པ་དང་འབྲེལ་པ་ཉིད་བརྗོད་བྱ་ཡིན་པར་བསྟན་པ་ནི། གལ་ཏེ་འདི་ཞེས་བྱ་བ་སྟེ་དེའི་ངོ་བོ་ཡོད་ཀྱང་མི་འབྱུང་ན་འབྱུང་བ་ཡང་དེ་ལས་མི་འགྲུབ་ པོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཅིར་འགྱུར་ཞེ་ན། ཇི་ལྟ་བ་དེའི་གནས་སྐབས་ཞེས་བྱ་བ་སྨོས་ཏེ། དེ་མེད་ཀྱང་རང་ཉིད་ཁོ་ན་འབྱུང་བར་འགྱུར་བ་ནི་དེ་མེད་ན་མི་འབྱུང་ངོ་ཞེས་བྱ་བ་མི་འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །མེད་པ་ནི་རྒྱུ་མ་ཡིན་པ་ཡིན་ན། རང་ཉིད་ཁོ་ན་མི་འབྱུང་ ཞེས་བྱ་བ་འདི་རིགས་པ་ཡིན་པར་བསྟན་པ་ནི། དོན་རྣམས་དངོས་པོ་མེད་པ་ནི། ཞེས་བྱ་བ་སྟེ། མེད་པ་ནི་རང་དབང་ཉིད་ཀྱི་ཕྱིར། དེ་ཡང་བར་དུ་གཅོད་པ་མེད་ན་དེས་བྱས་པའི་ཡོད་པ་ལ་བར་དུ་གཅོད་པ་མེད་དོ་ཞེས་བྱའི་དོན་ཏོ། །འབྱུང་བ་ནི་གཞན་དབང་ཉིད་ཀྱི་ཕྱིར། རང་ཉིད་ཁོ་ན་ འབྱུང་བར་མི་རིགས་པའི་ཕྱིར་མེད་པས་གེགས་བྱས་པ་ཡིན་པ་ནི་དེའི་ངོ་བོ་ཡོད་ཀྱང་མི་འབྱུང་བའི་ཕྱིར་མི་རིགས་པ་ཡིན་པར་བསྟན་པ་ནི། ཡོད་པ་ནི་རྒྱུའི་གཞན་གྱི་དབང་ཡིན་པའི་ཕྱིར་ཞེས་བྱ་བའོ། །ཡོད་པ་ཡིན་ན་འབྱུང་བའི་མེད་པ་ནི་རྒྱུ་མེད་པ་ཅན་དུ་མི་རིགས་པ་མ་ཡིན་ནམ། གཞན་དུ་ན་ ཡོད་པའི་གནས་སུ་ཡང་འགྱུར་བའི་ཕྱིར་སྣ་ཚོགས་པ་རྟོགས་པ་མེད་པ་ཁོ་ནར་འགྱུར་རོ་སྙམ་དུ་སེམས་པ་ལ། དངོས་པོའི་ཡུལ་གཞན་ལ་སོགས་པ་མ་དམིགས་པ་ཉིད་ནི་མ་ཡིན་ལ། དེ་ལྟར་ན་འདི་ཐལ་བར་འགྱུར་བ་མ་ཡིན་པར་བསྟན་པ་ནི། མེད་པ་ནི་ཞེས་བྱ་བའོ། །གལ་ཏེ་མ་དམིགས་པ་ ཁོ་ན་མེད་པ་ཡིན་ན། དེ་ཡང་རྒྱུ་མེད་པ་ཡིན་ལ་རྒྱུ་ནུས་པ་ཅན་ཡོད་ཀྱང་དམིགས་པའི་ངོ་བོར་མི་འགྱུར་བའི་ཕྱིར་ཇི་ལྟར་འབྱུང་བ་ལ་གེགས་བྱེད་པ་ཡང་ཡིན་སྙམ་དུ་སེམས་པ་ནི། གལ་ཏེ་འབྲས་བུ་མེད་པ་ཞེས་བྱ་བའོ། །གལ་ཏེ་རྒྱུ་ནུས་པ་ཅན་ཡོད་ཀྱང་མེད་པ་ཡིན་ན། རྒྱུ་མེད་པས་འབྲས་བུ་ མེད་པ་ཡིན་ཞེས་བྱ་བར་མི་འགྱུར་རོ། །དེས་ན་མེད་པས་བར་དུ་བཅད་པ་མ་ཡིན་པའི་ཕྱིར། ཡོད་པ་དང་འབྲེལ་པ་ཡིན་པར་མི་འགྱུར་བར་བསྟན་པ་ནི། དེ་ལྟ་ན་འོ་ན་ཞེས་བྱ་བ་སྟེ། རང་ཉིད་མི་འབྱུང་བ་ཞེས་བྱ་བས་མེད་པ་ལ་བར་དུ་གཅོད་པ་མེད་པར་བསྟན་པ་ཡིན་ནོ། །དེས་ངེས་པར་བྱས་པ་ མ་ཡིན་པ་ཞེས་བྱ་བས་དེ་སྔོན་དུ་འགྲོ་བ་ཅན་གྱི་ཡོད་པ་ལ་བར་དུ་གཅོད་པ་མེད་པར་བསྟན་ཏོ། །ངེས་པ་མེད་པ་ཉིད་རྣམ་གྲངས་ཀྱིས་བསྟན་པ་ནི། དེས་ན་འབྲས་བུ་མ་ཡིན་ནོ་ཞེས་བ་སྟེ། ཡོད་པའི་བར་དུ་གཅོད་པ་རང་དབང་ཡིན་ན། དངོས་པོས་ནན་གྱིས་དངོས་པོ་བསྐྱེད་པ་ཡིན་ན་རྒྱུ་མེད་པ་ཅན་གྱི། མེད་པ་ཡང་ཡོད་པའི་འོག་ཏུ་འབྱུང་བ་ཡིན་པར་བསྟན་པ་ནི། གང་གི་ཚེ་རྒྱུ་ཡོད་ན་འབྱུང་བ་ཞེས་བྱ་བ་སྟེ། རང་གི་ངང་གིས་འགག་པ་ཡིན་ཡང་འབྱུང་བ་ཡིན་ནོ་ཞེས་སྐབས་དང་སྦྱར་རོ། །ཅི་ལས་ཤེས་ཤེ་ན། གཞན་དང་གཞན་ཞེས་བྱ་བའོ། །གལ་ཏེ་འབྱུང་བ་རང་གི་ངང་གིས་འགག་པ་མེད་པ་ ཡིན་ན། འདི་དེ་མེད་པར་རབ་ཏུ་སྦྱར་བ་མ་ཡིན་ཏེ། དེ་མེད་ཀྱང་ཡོད་པའི་ཕྱིར་རོ། །རང་གི་ངང་གིས་འགག་པ་དེའི་མེད་པས་རབ་ཏུ་སྦྱར་བ་ཡིན་ཞེས་དེ་སྐད་དུ་ཟེར། འོན་ཀྱང་རྒྱུའི་རྒྱུན་མེད་ན་འབྲས་བུའི་རྒྱུན་མེད་པ་ཡིན་པར་རྟོགས་པ་བསྟན་པ་ནི། དེ་མེད་པ་ཉིད་ན་ཞེས་བྱ་བའོ། །དེ་ལྟར་ཡང་རྒྱུ་ཡོད་ན་ འབྱུང་བ་ཁོ་ནའི་ཕྱིར། འབྲས་བུ་ཁྱབ་པར་བ