Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 180
Văn bản gốc(Tây Tạng)
Trang 6 / 25 (50.000 ký tự/trang)
། ཕྱི་རོལ་ཉིད་ནི་གང་ ལས་དེའི་བྱེད་པོ་ཉིད་ཡོད་པ་ཡིན་ཞེས་བྱ་བར་མི་འགྱུར་བའི་ཕྱིར་རོ། །གང་ལས་རང་གི་ངོ་བོ་རིག་པ་ལས་གཞན་པ་དེ་ལ་དོན་བྱེད་པ་གང་ཡིན་པ་དེའི་དོན་དུ་ཐ་སྙད་འདོགས་པ་པོ་རྟོགས་པ་ཡང་འཇུག་པ་ཡིན་ལ། དེ་ལ་ལྟོས་པའི་བྱེད་པ་པོ་ཉིད་ཡིན་པ་ནི་རིག་པར་བྱེད་པའི་བྱེད་པོ་ལས་གཞན་ ཉིད་ཡིན་པའི་ཕྱིར་བདེ་བ་དང་མཚན་ཉིད་མི་མཐུན་པ་གཟུང་བྱ་སྔོན་པོའི་ངོ་བོ་བཞིན་དུ་རྟོགས་པ་མེད་པ་དོན་དམ་པ་པ་ཉིད་ཡིན་ནོ་སྙམ་དུ་སེམས་པ་ལ། རང་ལས་ནི་རང་གི་ངོ་བོ་ཉིད་རྟོགས་ཀྱི་ཞེས་བྱ་བ་སྨོས་ཏེ། བདེ་བ་བཞིན་དུ་སྔོན་པོ་ཡང་རང་རིག་པ་ཁོ་ན་ཡིན་ཏེ། བྱེ་བྲག་མེད་པའི་ཕྱིར་རོ། ། ཕན་ཚུན་པའི་བྱ་བ་མེད་པའི་ཕྱིར་རང་རིག་པ་ཉིད་ལས་མི་གཞན་པའི་དོན་བྱེད་པ་ནི་བདེ་བ་བཞིན་དུ་རང་གི་རྒྱུད་ཀྱི་དོན་བྱེད་པ་ལ་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཅི་ལས་ཤེས་ཤེ་ན། དབང་པོ་ལ་བརྟེན་པ་ནི་མངོན་སུམ་མོ་ཞེས་བྱ་བའི་དོན་ནི་བརྟེན་པ་ཉིད་ཡིན་པར་བསྒྲུབས་པ་ཡིན་ཡང་མངོན་ སུམ་གྱི་སྒྲ་ནི་མངོན་དུ་བྱེད་པའི་མཚན་ཉིད་དུ་སྟོན་པ་ཡིན་ལ། མངོན་དུ་བྱེད་པ་ཡང་ལྐོག་ཏུ་གྱུར་པ་མ་ཡིན་པ་ཉིད་ཡིན་གྱི། ཡང་དག་པར་རིག་པ་ལས་གཞན་པ་དང་། དུས་གཞན་པ་ཡང་ཕྱི་རོལ་ནི་ལྐོག་ཏུ་མ་གྱུར་པ་མི་སྲིད་པར་བསྟན་པ་ནི། མངོན་སུམ་ནི་མངོན་དུ་རྟོགས་པ་ཡིན་ནོ་ཞེས་ ཞེས་བྱ་བའོ། །སྐད་ཅིག་མ་ཉིད་ཀྱི་ཤེས་པ་ཙམ་ལ་སོགས་པ་བཞིན་དུ་ཐོབ་བྱ་དང་འབྲེལ་པ་ཅན་ཉིད་ཀྱང་ཤེས་པའི་རང་གི་ངོ་བོ་ཉིད་ཡིན་པ་དེས་ན། ཇི་ལྟར་མངོན་དུ་མི་བྱེད་པ་ཞེས་བྱ་བ་ཡིན་སྙམ་དུ་སེམས་པ་ལ། ཐོབ་པར་བྱ་བའི་དོན་མ་བཟུང་བར་ནི་ཞེས་བྱ་བ་སྨོས་སོ། ། ཡུལ་ལ་སོགས་པ་ལ་མེ་དང་འབྲེལ་པ་ཅན་ཉིད་བཞིན་དུ་ཤེས་པ་ཡང་ཕྲད་བྱ་དང་འབྲེལ་པ་ཅན་ཉིད་ནི་གཞན་ལ་ལྟོས་པའི་ཕྱིར་རང་གི་ངོ་བོ་མ་ཡིན་ལ། དེ་ཉིད་རིག་པ་མ་ཡིན་ལ། རིག་པར་བྱེད་པར་མི་འགྱུར་བ་ཉིད་ཀྱིས་རང་ལས་སམ་གཞན་ལས་ཀྱང་རུང་ཚད་མ་ཉིད་ཡིན་པ་མི་སྲིད་དོ། ། འདི་སྐད་བསྟན་པར་འགྱུར་ཏེ། གང་ཞིག་གང་གི་ཚེ་ཡོད་པ་དེའི་ཚེ་དེ་ཡོད་པར་ངེས་པ་ཡིན་གྱི། གཞན་གྱི་ཚེ་ནི་མ་ཡིན་ནོ། །ལྐོག་ཏུ་གྱུར་པ་རྣམས་ནི་ཡོད་པར་ངེས་པ་མ་ཡིན་ཏེ། འབྱུང་བར་འགྱུར་བའི་ཐོབ་བྱ་ལ་གནོད་པར་བྱེད་པ་དེའི་མེད་པ་ཡང་། དུས་དེ་ཉིད་ཀྱི་ཚེ་ཡིན་པ་དེས་ན་ སྔར་ནི་གནོད་པ་མེད་པ་ཉིད་ཀྱིས་མཚན་ཉིད་ཅན་གྱི་ཚད་མ་ཉིད་དང་། ཅིག་ཤོས་ཀྱང་རང་ལས་རྟོགས་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་རང་གི་ངོ་བོ་ཉིད་ཅེས་བྱ་བ་ཡིན་ནོ། །ཐོབ་བྱའི་དོན་འཛིན་པ་མེད་ན་དེ་དང་འབྲེལ་པ་འཛིན་པ་ཡང་མེད་པའི་ཕྱིར་ལ། དེས་ན་དེ་ལ་ཐོབ་བྱ་དང་འབྲེལ་པ་ཡིན་ལ། ཐོབ་བྱ་ཡང་དེར་ཉེ་བ་ཡིན་པར་བསྟན་ཏོ། །འོན་ཏེ་ཚད་མ་ཉིད་རང་གི་ངོ་བོ་ཡིན་ན། འབྲེལ་པ་ཅན་གྱི་ངོ་བོ་ཉིད་དུ་བརྗོད་དོ། །འབྲེལ་པ་ཅན་ཙམ་ནི་འབྲེལ་པ་ཡིན་ཞེས་བྱ་བ་ནི་ཟློས་པ་ཉིད་མ་ཡིན་པ་མ་ཡིན་ནོ། །ལན་ནི། ཐོབ་བྱའི་རང་བཞིན་དང་འབྲེལ་པའི། །ཤེས་པའི་ངོ་བོ་ཞེས་བྱ་ བ་སྟེ། གང་ལ་འབྲེལ་པ་ཡོད་པ་དེ་ནི་འབྲེལ་པ་ཅན་ཡིན་ཏེ། གཞན་གྱིས་ཉེ་བར་བྱས་པའི་དངོས་པོ་ཡིན་གྱི། དངོས་པོ་ཙམ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་ཉེ་བར་བྱས་པ་མེད་ན་ཤེས་པ་ཙམ་ནི་ཚད་མས་རྣམ་པར་གཞག་པ་མི་ཐོབ་པ་ཡིན་པར་བསྟན་པ་ནི། རང་གི་ངོ་བོ་ ཙམ་ཞིག་ནི་ཞེས་བྱ་བ་སྟེ། དེ་ཞེས་བྱ་བ་ནི་ཚད་མ་ཉིད་དོ། །ཐོབ་བྱ་ཉེ་བར་བྱས་པ་མ་ཡིན་ན་ཤེས་པའི་ངོ་བོ་ཉིད་དུ་ཡང་མི་རིགས་པ་མ་ཡིན་ནམ། འདི་ཤེས་པས་ཤེས་པའམ། འདི་ཤེས་པར་བྱེད་པས་ཤེས་པ་ཞེས་ཤེས་བྱ་ལ་གནས་པ་ཉིད་ཡིན་ཞེས་རྗོད་པར་བྱེད་པའི་ཕྱིར་ཇི་ལྟར་ རང་གི་ངོ་བོ་ཉིད་ཚད་མ་ཡིན་ཞིང་། ཇི་ལྟར་དེའི་ངོ་བོ་ཉིད་ཚད་མ་མ་ཡིན་སྙམ་དུ་སེམས་པ་ལ། ཤེས་པའི་རང་གི་ངོ་བོ་ནི་ཚད་མ་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། ཤེས་པ་ནི་རང་ཉིད་དམ། རང་གི་ཡུལ་ཡང་རུང་། དེ་དག་ཙམ་གྱིས་ནི་མ་ཡིན་ཏེ། དེ་ཙམ་ནི་ཐམས་ཅད་ལ་ཡོད་པས་ཚད་མ་དང་ ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་མེད་པའི་ཕྱིར་ལ། ཐོབ་བྱ་ཡོད་པ་དང་མེད་པ་དག་གིས་རྣམ་པར་དབྱེ་བ་ལས་དེ་དང་འབྲེལ་པ་ཉིད་ཚད་མ་ཉིད་ཡིན་ལ། གཞན་ནི་གཞན་དུ་ཡིན་ཞེས་རྣམ་པར་གཞག་པར་བྱེད་པ་ཡིན་ཏེ། དེར་ཡང་བཤད་ཟིན་ཏོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཐར་པའི་དོན་དུ་ཚད་མ་ལ་ སོགས་པའི་རྣམ་པར་དབྱེ་བ་ཅིའི་དོན་དུ་འབད་ནས་སྤོང་བར་བྱེད་ཅེ་ན། དེ་ལས་འཇུག་པ་དང་ལྡོག་པ་ཞེས་བྱ་བ་སྨོས་སོ། །གཞན་ཡང་གནོད་པ་མེད་པ་ཉིད་ནི་ཚད་མ་ཉིད་མ་ཡིན་ཏེ། འཇིག་རྟེན་པ་མ་ཡིན་པའི་ཕྱིར་ལ། མི་བསླུ་བ་ཅན་ཉིད་ནི་ཐ་སྙད་པ་ཡིན་པའི་ཕྱིར་འགྱུར་བ་ཡིན་པར་ནི། ཚད་མ་མི་སླུ་བ་ཅན་ཞེས་བྱ་བ་འདིས་བསྟན་པ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། མི་སླུ་བ་ཅན་ཉིད་ནི་ཕྱི་རོལ་གྱི་དོན་ལ་མ་ཡིན་ཏེ། ཐེ་ཚོམ་ཡིན་པས་རྣམ་པར་གཞག་པ་མེད་པའི་ཕྱིར་རོ། །རྣམ་པར་རིག་པ་ཙམ་དུ་སྨྲ་བ་ལ་ཡང་མ་ཡིན་ཏེ། སྔ་མ་དང་ཕྱི་མ་དག་གི་ཤེས་པ་དག་གི་འབྲེལ་པ་ནི་དེ་ དག་གིས་སམ་གཞན་གྱིས་ཀྱང་ཤེས་པར་མི་ནུས་པའི་ཕྱིར་རོ། །གནོད་པ་མེད་པ་ཉིད་ཀྱི་ཤེས་པ་ནི་རང་ཉིད་ཁོ་ན་ལས་ངེས་པ་ཡིན་གྱི། གཞན་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །སྔོན་པོའི་ཞེས་བྱ་བར་འཛིན་པའི་བདག་ཉིད་ལ་ནང་དུ་འཇུག་པ་ཡིན་པའི་ཕྱིར་གཞན་ལ་གནས་པ་མ་ཡིན་ སྔོན་པོར་རྟོགས་པར་བྱེད་པ་ཡིན་ནོ། །དབང་པོའི་བྱ་བ་ལས་སྔ་མ་ནི་ཕྱིས་འབྱུང་བའི་དངོས་པོ་ལས་མཚན་ཉིད་མི་མཐུན་པ་མ་ཡིན་ནམ། དེས་ན་བར་དུ་འབྱུང་བའི་ངོ་བོ་ལྐོག་ཏུ་མ་གྱུར་པ་ནི་འདིའོ་ཞེས་བརྗོད་དོ། །བདེན་ཏེ། གལ་ཏེ་དེ་ཡང་དེ་དང་འདྲ་བའི་ང་རྒྱལ་མེད་ན། དེ་ཙམ་གྱི་ང་ རྒྱལ་བྱེད་པ་གཉིས་ཀྱི་ངོ་བོ་ལས་འདི་ལ་གཉིས་དག་ཏུ་རྗོད་པར་བྱེད་པ་མ་ཡིན་ཏེ། དེ་ཡང་གང་གི་ཕྱིར་དེ་ནི་སྤྱིའི་ཡུལ་དང་འབྲེལ་པ་ཅན་སྔོན་མངོན་སུམ་དུ་དམིགས་པར་བྱེད་པ་ཡིན་ལ། ཕྱིའི་ཡུལ་ཡང་འཛིན་པར་བྱེད་པ་ལ་ལྟོས་ནས་ཡིན་ཏེ། དེའི་ཕྱིར་ཕྱི་རོལ་ཞེས་འདིར་འདི། །འཛིན་བྱེད་ ཆ་ལས་ཕྱེ་བ་ཡིན། །རིག་བྱ་སྔོན་པོ་སེར་པོ་སོགས། །མངོན་སུམ་ལ་སོགས་པར་བསྟན་ཡིན། །ཞེས་སྨོས་པའོ། །ཕྱི་རོལ་ཉིད་ནི་འཛིན་པར་བྱེད་པ་ལ་ལྟོས་ནས་ཡིན་ལ། དེ་འཛིན་པ་མེད་ན་ཇི་ལྟར་གཟུང་བྱར་འགྱུར། ཕྱི་རོལ་ཉིད་ཀྱིས་ཡིན་ནོ་ཞེ་ན། མི་རིགས་ ཏེ། ཕྱི་རོལ་ཉིད་རིག་པ་ནི་འཛིན་པ་པོའི་ཉམས་སུ་མྱོང་བ་ལ་ལྟོས་པ་ཡིན་ལ། དེའི་ཉམས་སུ་མྱོང་བ་ཡང་དེའི་རིག་པ་ལས་ཡིན་པའི་ཕྱིར་རོ། །དེ་ལྟ་ནི་མ་ཡིན་ཏེ། སྔོན་པོ་བཞིན་དུ་བདག་གོ་ཞེས་འཛིན་པར་བྱེད་པ་ནི་རྟོགས་པ་ཉིད་ཡིན་ཏེ། སྔོན་པོར་བདག་གིས་ཤེས་སོ་ཞེས་ཉམས་སུ་ མྱོང་བ་པོའི་ཉམས་སུ་མྱོང་བར་བྱ་བ་ལས་གཞན་པ་ཉིད་ཁོ་ནར་ཡོད་པ་ཡིན་ནོ། །ཅི་ལས་ཤེས་ཞེ་ན། རེ་ཞིག་གཉི་ག་རིག་པར་བྱེད་པ་ཡིན་ཏེ། རྒྱུ་ཡང་དེའི་ཤུགས་ཀྱིས་རྟོགས་པར་བྱེད་པ་ཡིན་ལ། དེ་བཞིན་དུ་སྔོན་པོར་ཉམས་སུ་མྱོང་བའི་མཚན་ཉིད་ནི་དུ་བ་ནི་མེའི་བྱ་བ་ཡིན་པ་བཞིན་དུ་གོམས་ པ་ཡིན་ན་མཐོང་བ་ཁོ་ན་ལས་ངེས་པ་ཡིན་ཏེ། བསྙོན་པར་འོས་པ་མ་ཡིན་ནོ། །འདི་ཉམས་སུ་མྱོང་བའི་བདག་ཉིད་ཁོ་ན་མ་རིག་པའི་དབང་གིས་ཕྱི་རོལ་བཞིན་དུ་འཇོག་པར་བྱེད་པ་ཡིན་ཞེས་བྱ་བ་འདི་ཡང་མནའ་སྐྱེལ་བས་བསྒྲུབ་པར་བྱ་བ་ཡིན་ཏེ། གཉིས་ཉིད་ཉམས་སུ་མྱོང་བའི་ཕྱིར་རོ། ། ཉམས་སུ་མྱོང་བ་མེད་ན་ཡང་། བག་ཆགས་མེད་ན་མ་རིག་པ་མི་འབྱུང་བའི་ཕྱིར་རོ། །ཐ་དད་པའི་དེ་ལྟ་བུའི་བག་ཆགས་ཀྱིས་བསྐྱེད་བྱ་ནི་རྣམ་པར་རྟོག་པ་མ་ཡིན་ནམ། དེ་ཡང་དེས་བསྐྱེད་བྱ་ཡིན་ཞེས་ཕན་ཚུན་རྒྱུ་ཉིད་ཡིན་ཏེ། ས་བོན་དང་མྱུ་གུ་ལྟ་བུའོ། །དེ་ལྟར་ཡང་མཐོང་བ་ནི་དངུལ་མ་ཡིན་ པ་ལ་དངུལ་དུ་ཤེས་པ་ལའོ། །དངུལ་གྱི་རྣམ་པ་ནི་དེ་ལ་དོན་མེད་པའི་ཕྱིར་དང་གཉི་ག་མ་ཡིན་པ་མེད་པའི་ཕྱིར་ཤེས་པའི་བག་ཆགས་ཡོད་པའི་དབང་གིས་ཕྱི་རོལ་བཞིན་དུ་ཞེས་བྱ་བ་ནི་མི་རིགས་ཏེ། བདེན་པའི་དངུལ་གྱི་རྣམ་པ་བཞིན་དུ་འདིའི་ཡང་ཤེས་པ་ལས་ཕྱི་རོལ་ཉིད་དུ་རྟོགས་པའི་ཕྱིར་བདེན་ པ་དང་མི་བདེན་པའི་རྣམ་པར་དབྱེ་བ་ཉིད་ཉེ་བ་དང་ཉེ་བ་མ་ཡིན་པ་དག་གིས་དེ་བསྟན་པ་ཡིན་ཏེ། དབང་པོས་འཐོབ་མིན་པར་བདག་འདོད། །ཅེས་བྱ་བ་ཡིན་ཏེ། ཉེ་བ་མ་ཡིན་པ་ཇི་ལྟར་དམིགས་པ་ཡིན། གལ་ཏེ་དོན་ཉེ་བ་མ་ཡིན་པ་དེ་ལྟ་ན་ཁོ་བོ་ཅག་གི་ཕྱོགས་ལ་ཅིའི་ཕྱིར་ལྡོག་པར་འགྱུར། བདེན་པའི་ཤེས་པ་ལ་ནི་སོ་སོར་སྣང་བ་ཉེ་བ་དགོས་པ་ཅན་ཡིན་གྱི། རང་གི་ངོ་བོས་ཉེ་བ་མ་ཡིན་ནོ། །བདེན་པའི་རྒྱུ་དམིགས་པ་ནི་མི་བདེན་པར་མངོན་པར་འདོད་པ་ལ་ཡང་དེ་མ་ཉམས་པའི་ཕྱིར་བག་ཆགས་ཀྱི་ནུས་པ་ཤེས་པ་མ་ཡིན་ནོ། །དེ་ལྟ་ན་ཤེས་པ་ལས་སྔ་བའི་དངོས་པོ་ཡོད་པ་ལས་ཚད་མ་ ཡོད་པ་མ་ཡིན་ཏེ། ཤེས་པའི་དུས་ཙམ་ན་བྱུང་བ་ནི་ཤེས་པ་ཁོ་ན་བཞིན་དུ་འགྱུར་རོ། །མ་ཡིན་ཏེ། གང་གི་ཕྱིར་སྔོན་པོའི་དངོས་པོ་ནི་རེས་འགའ་ཞིག་རྟོགས་པར་བྱེད་པ་ཡིན་གྱི། དེ་དབང་པོ་ཙམ་ལས་བྱུང་བ་ནི་མ་ཡིན་ཏེ། དེ་ཡོད་ཀྱང་རེས་འགའ་མེད་པའི་ཕྱིར་དང་། དེ་ཉིད་ཀྱིས་ན་ཡུལ་ གཞན་པ་ཙམ་ལས་བྱུང་བ་ཡང་མ་ཡིན་ནོ། །དེས་ན་དེ་བཞིན་དུ་དབང་པོ་དང་། ཡུལ་གཞན་མཚན་ཉིད་མི་མཐུན་པ་དང་། བག་ཆགས་དང་མཚན་ཉིད་མི་མཐུན་པས་སྔོན་པོ་སྒྲུབ་པར་བྱེད་པ་རྟོགས་པ་ཡིན་ན། སྔོན་པོ་རྟོགས་པ་ཡིན་གྱི་དེ་མེད་པ་ལས་ཐལ་ཆེས་པ་ནི་མ་ཡིན་ཏེ། དེའི་ ཡང་ཡུལ་གཞན་ཉིད་ཡིན་པས་མ་ཡིན་པ་དགག་པ་ཡིན་པའི་ཕྱིར་རོ། །དེ་བཞིན་ཉེ་བའི་དངོས་པོ་མ་རྟོགས་པ་ཡང་དབང་པོའི་དབང་གིས་རྟོགས་པར་འགྱུར་ལ། བག་ཆགས་ཀྱི་དབང་གིས་ཉེ་བ་མ་ཡིན་པ་ཡང་ངོ་ཞེས་བྱ་བ་ནི་རྣམ་པར་དབྱེ་བའོ། །དེ་ཡང་། དོན་དང་ཤེས་པ་དག་གིས་ འདིར། །གང་ཞིག་ཚད་མ་དང་འབྲེལ་པ། །རྒྱུ་དང་འབྲས་བུའི་ངོ་བོ་འདི། །གཞན་དུ་དེ་ལྟར་མཐོང་བ་མིན། །འདི་སྐད་བསྟན་པར་འགྱུར་ཏེ། བག་ཆགས་དང་དབང་པོ་ལ་སོགས་པ་ཚོགས་པའི་དབང་གིས་དོན་རྟོགས་པ་ཉིད་ཀྱི་མཚན་ཉིད་ནི་ཁྱད་པར་ཅན་དུ་འགྱུར་བ་ཡིན་ནོ། །དེ་ལས་གཞན་ དུ་མི་འཐད་པའི་བདག་ཉིད་ཀྱང་ཤེས་པ་པོའི་ངོ་བོ་དབང་པོ་ལ་སོགས་པའི་བྱ་བའི་ངོ་བོ་ནི་ཤེས་པར་བྱེད་པ་ཡིན་ལ། དེ་ནི་བློ་ཡིན་པར་བརྗོད་དོ། །སོ་སོར་སྣང་བ་ཉེ་བ་ཡང་དེའི་ཀུན་ཏུ་སྦྱོར་བ་ལས་སྐྱེས་པ་ནི་མངོན་སུམ་ཡིན་ལ། ཅིག་ཤོས་ནི་མངོན་སུམ་ལྟར་སྣང་བའམ་ཚད་མ་གཞན་ཡིན་པ་ནི་ གནོད་པ་ཅན་མེད་པ་དང་ཡོད་པ་དག་ལས་རྟོགས་པར་བྱེད་པ་ཡིན་ནོ། །གནོད་པ་ཅན་གྱི་ཤེས་པ་ཐོབ་པ་ནི་སྔར་གནོད་པ་མེད་པ་ཡིན་ན་མི་སྲིད་དོ། །དེ་ཡོད་པའི་ཕྱིར་ཚད་མ་མ་ཡིན་པར་རྟོགས་པ་ཡིན་ན་ཕན་ཚུན་རྟེན་པ་མ་ཡིན་ནོ། །བག་ཆགས་ལས་སྐྱེས་པའི་ཤེས་པས་ནི་ཉེ་བ་ལ་དངུལ་དུ་ རྟོགས་པར་བྱེད་པ་ཡིན་ན་ཉེ་བ་མ་ཡིན་པ་ཇི་ལྟར་ཡུལ་ཉིད་ཡིན། དེ་ཉིད་ཀྱིས་ན་ཕྱིན་ཅི་ལོག་ཡིན་པར་གསལ་བ་ཡིན་ལ། དེ་ལྟ་ཡིན་པར་གནོད་པ་ཅན་གྱིས་རྟོགས་པར་བྱེད་པ་ཡིན་ནོ། །སྔར་དངུལ་ཡོད་པ་ཉིད་ལ་དེ་ལྟར་རྟོགས་ལ། དུས་ཕྱིས་དེ་ལྟ་མ་ཡིན་པའི་ ཤེས་པས་དེ་བཞིན་དུ་མཐོང་ན་མེད་པར་འགྱུར་རོ། །དེ་མཐོང་བ་ལ་ནི་མི་རིགས་པ་མ་ཡིན་ན། །དེ་མ་ཡིན་པ་ལ་ཡང་དེའི་ངོ་བོར་རྟོགས་པའི་ཕྱིར་དང་། དེའི་མེད་པ་རྟོགས་པའི་ཕྱིར་དྲན་པ་མེད་པ་ལས་འཇིག་རྟེན་པའི་རྣམ་པར་རྟོག་པ་ནི་མི་རིགས་སོ། །དེ་ཡང་། འགལ་བ་རྣམས་ནི་རིགས་པ་ལ་ ཡང་གཅིག་པ་ཡང་མི་སྲིད་དེ། གཅིག་གི་རྣམ་པར་གཅིག་འགྱུར་ཞེས། །དབང་ཕྱུག་གིས་ནི་བསྟན་པ་མིན། །ཞེས་སྨོས་པའོ།། །གང་ཞིག་ཇི་ལྟ་བ་ཉིད་དུ་དམིགས་པར་བྱ་བ་དེ་ལྟ་དེ་ལྟར་ཁས་བླངས་བར་བྱ་བ་ཡིན་ནོ། །དེའི་ཕྱིར་སྔོན་པོ་ནི་ཤེས་པའི་ངོ་བོ་མ་ཡིན་ཏེ། ཉམས་སུ་མྱོང་བར་བྱ་བ་ཉིད་ལས་རྟོགས་པའི་ཕྱིར་ དང་། ཤེས་པ་མི་འཛིན་པ་ལ་འཛིན་པའི་ཕྱིར་དང་། དེ་མི་འཛིན་པ་ལ་ཤེས་པ་འཛིན་པའི་ཕྱིར་རོ། །དེའི་ཚེ་བདག་གི་དོན་ཅུང་ཟད་ཀྱང་བཟུང་བར་དྲན་པ་མེད་དོ་ཞེས་བྱ་བ་ནི། གཟུང་བྱའི་ངོ་བོ་མ་རྟོགས་པའི་འཛིན་བྱེད་སྐྱེས་པར་དྲན་པའོ། །བཟུང་བའི་དོན་ཅུང་ཟད་ཀྱང་ཞེས་བྱ་བས་དོན་ཉིད་ཀྱི་ སྤྱི་དྲན་པ་ཡིན་ཞེས་བྱ་བར་ཡང་མི་རིགས་ཏེ། དོན་ལ་ཐེ་ཚོམ་ཟ་བའི་ཕྱིར་དང་། ངེས་པ་མེད་པའི་ཕྱིར་དང་། འཛིན་པར་བྱེད་པ་ལ་ཕྱིན་ཅི་ལོག་པ་ཡིན་པའི་ཕྱིར་རོ། །དེའི་རྣམ་པ་མ་ཡིན་པ་ཇི་ལྟར་འཛིན་པར་བྱེད་པ་ཡིན་ཞེ་ན། དེའི་རྣམ་པ་ཉིད་ཀྱང་ཅིའི་ཕྱིར་ཡིན་ཞེས་མཚུངས་པ་ཡིན་ནོ། །དེ་ ལས་སྐྱེ་བའི་ཕྱིར་རོ་ཞེ་ན། དབང་པོའི་རྣམ་པ་ཉིད་ཀྱང་ཡིན་པར་འགྱུར་རོ། །དེ་ལས་སྐྱེ་བར་བྱེ་བྲག་མེད་ཀྱང་དོན་གྱི་རྣམ་པ་ཉིད་ཡིན་ཏེ། ཉེ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་དེ་ཉིད་ཀྱི་ཉེ་བ་ཡིན་པས་འགའ་ཞིག་ཁོ་ན་འཛིན་པར་བྱེད་པ་ཡིན་གྱི། ཐམས་ཅད་ཀྱི་ནི་མ་ཡིན་ཞེས་རྣམ་པར་གཞག་པ་ འགྲུབ་པའི་ཕྱིར་དེའི་རྣམ་པ་ཉིད་ནི་མ་ཡིན་ནོ། །དེའི་རྣམ་པ་ཉིད་ཁོ་ན་ཉེ་བ་ཡིན་ནམ། དབང་པོ་ལ་སོགས་པ་ལ་ནི་དེ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཉམས་སུ་མྱོང་བ་ལྐོག་ཏུ་གྱུར་པ་ཉིད་དམ། དེ་མ་ཡིན་པའི་རྣམ་པ་ཉིད་ཡིན་ན། ཇི་ལྟར་དོན་ལྐོག་ཏུ་མ་གྱུར་པ་ཡིན། དེ་ཉིད་ལ་ཡང་ཤེས་པ་དེ་ཉིད་ཡིན་ པའི་ཕྱིར་ཇི་ལྟར་ཕྱིན་ཅི་ལོག་ཡིན། འདི་ལ་སྨྲས་པ། དབང་པོ་འམ་བདག་ཉིད་ཀྱི་ཡུལ་དུ་བྱུང་བ་ནི་བློ་དེའི་སྟོབས་ཀྱིས་ཉམས་སུ་མྱོང་བའི་མིང་ནི་གནས་སྐབས་ཀྱི་བྱེ་བྲག་ཏུ་བྱུང་བ་ཡིན་པའི་ཕྱིར་ཤེས་པ་ནི་དེའི་རྣམ་པ་ཉིད་མ་ཡིན་ལ་མངོན་སུམ་ཉིད་ཀྱང་ངོ་། །དོན་ཤེས་པ་ཉིད་ཡིན་ན་ཐག་རིང་བ་དང་ཉེ་བ་དག་གི་རྟོགས་པ་པོ་ དག་ལ་ཐག་རིང་བ་དང་ཉེ་བ་ཉིད་ལྐོག་ཏུ་གྱུར་པ་དང་། ལྐོག་ཏུ་མ་གྱུར་པ་ཉིད་དུ་མི་འགྱུར་རོ། །དེ་ཉིད་ཀྱིས་ན་དོན་དང་ཤེས་པ་དག་གིས་རྣམ་པའི་དབྱེ་བ་རང་ཉིད་ལས་གྲུབ་པ་ཡིན་ལ། ཡུལ་གྱི་ཤེས་པ་བཞིན་དུ་ཡུལ་གྱི་ཤེས་པ་དེ་ཉིད་ཤེས་པ་དག་གི་བྱེ་བྲག་ཏུ་ཡང་འགྱུར་རོ། །རྟོགས་པའི་དོན་ཞེས་བྱ་བ་ནི་ཉམས་སུ་ མྱོང་བ་དྲན་པའི་གནས་སྐབས་ཀྱི་དོན་ཉིད་ཡིན་གྱི་ཤེས་པའི་མ་ཡིན་ཏེ། དོན་དང་ཤེས་པ་དག་གི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་ཕྱིར་རོ། །དེ་ཡང་གཞན་དང་རྗེས་སུ་མི་མཐུན་པ་མ་ཡིན་པ་ལ་ཡང་། དེའི་རྗེས་སུ་མི་མཐུན་པ་ཡིན་ན་མེད་པའི་ཕྱིར་གྲུབ་པ་ཡིན་ནོ། །དེས་ན་སྐྱེས་ནས་འཇིག་པ་ ཡིན་པའི་ཕྱིར་རྩོད་པ་མེད་དོ། །སྐད་ཅིག་མ་ཡང་ཞེས་བྱ་བ་ལ་སོགས་པ་ནི་སྐད་ཅིག་མ་ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་མེད་པར་བསམས་པ་ཡིན་གྱི། སྐད་ཅིག་མ་ཉིད་དུ་ཁས་བླངས་ནས་འབྲས་བུ་དང་རྒྱུའི་ངོ་བོ་མེད་པར་བསམས་པ་ནི་མ་ཡིན་ནོ། །རྟག་ཏུ་ཡོད་པའམ་མེད་པའང་རུང་རྒྱུ་མེད་པ་ ཞེས་བྱ་བའི་རིགས་པས་སྐྱེ་བའི་དུས་ཉིད་ན་འཇིག་པའམ་ཅིས་མ་ཡིན་ཏེ། འཇིག་པའི་རྒྱུ་མེད་པའི་ཕྱིར་ཞེས་བྱ་བ་ལ་མ་མཐོང་བ་ཙམ་ལ་འཇིག་པར་སེམས་པའི་ཕྱིར་རོ། །མཐོང་བ་ལ་སོགས་པ་ཉིད་ལས་མ་མཐོང་བ་ནི་མ་ཡིན་ཏེ། དུས་གཞན་ན་ཡང་ཡོད་པའི་ཕྱིར་རོ། །དེའི་ཕྱིར་དམིགས་པ་ ནི་ཡོད་པ་ཡིན་ལ། མི་དམིགས་པ་ནི་མེད་པ་ཡིན་ནོ་ཞེས་བྱ་བའི་རྒྱུ་ཞིག་ན་འབྲས་བུ་འབྱུང་བ་ཞེས་བྱ་བ་སྟེ། རྒྱུ་མི་དམིགས་པ་ཡིན་ན་འབྲས་བུར་འགྱུར་ཞེས་པའི་དོན་ཏོ། །དེས་ན་རྒྱུའི་ཞིག་པ་ནི་རྒྱུ་ལས་ཐ་དད་པའི་ཕྱིར་དེས་ན་དེའི་དུས་སུ་འབྱུང་བའི་འབྲས་བུ་ནི་རྒྱུའི་དུས་སུ་ཡིན་པར་འགྱུར་ཞེས་བྱ་བ་ ཡང་སེལ་བར་འགྱུར་བ་ཡིན་ནོ། །དེས་ན་སྐད་ཅིག་མ་ཉིད་ལ་སྔ་མ་དང་ཕྱི་མའི་སྐད་ཅིག་མ་རྣམས་ཀྱི་འབྲས་བུ་དང་། རྒྱུ་ཉིད་ཀྱི་ངོ་བོའི་བག་ཆགས་བསལ་བར་བྱེད་པར་མི་ནུས་སོ། །འབྲས་བུ་ནི་མེད་པའི་བདག་ཉིད་ཐོབ་པའི་དོན་ནི་རྒྱུ་ལ་ལྟོས་པ་ཡིན་ལ། དེ་ལ་ལྟོས་པའི་དུས་སུ་རྒྱུའི་ ཡོད་པ་ནི་རྒྱུ་ཉིད་ཡིན་གྱི་འབྲས་བུའི་དུས་སུ་ནི་མ་ཡིན་ཏེ། ལྟོས་པ་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །གཟུང་བ་དང་འཛིན་པ་དག་གཅིག་པ་ཉིད་དུ་གང་སྨྲས་པ་ཡང་། དེ་ཡང་གཅིག་འཛིན་པ་ནི་གཉིས་ཀྱི་རྣམ་པ་འཛིན་པ་ནི་སྐྱེ་བ་དང་འཇིག་པ་དག་ལ་རུང་བ་དང་མི་རུང་བ་ཉིད་ནི་ འཛིན་པར་བྱེད་པ་ལས་གཞན་པ་ཡོད་པ་དང་མེད་པ་ལ་སོགས་པའི་རྒོལ་བ་ལ། །དེའི་ལན་ནི། ཤེས་པའི་ཆ་ཐ་དད་པ་དང་། སྔ་མ་དང་ཕྱི་མའི་ཤེས་པ་ཐ་དད་པས་ཀྱང་གཟུང་བ་དང་འཛིན་བྱེད་ཉིད་ཀྱི་ཉེ་བར་བླངས་པས། དེ་གཤའ་མར་བྱེད་པའི་བློའི་རྒྱུ་ནི་གཟུང་བྱ་དང་འཛིན་བྱེད་གཅིག་པར་ འདོད་པ་ཡིན་ན། གཅིག་པ་ཉིད་ཀྱི་བདག་ཉིད་ལ་དཔེ་ནི་ཁྱེད་ལ་གང་ན་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་གཞན་གྱི་འདོད་པ་ཉེ་བར་བརྗོད་ནས། དེ་ལ་ནུས་པ་ཅན་དང་། དཔེ་མེད་པར་ངེས་པར་བསྟན་པ་ཞེས་བྱ་བ་ལ་སོགས་པ་ཡང་རྣལ་འབྱོར་སྤྱོད་པའི་ཐེག་པ་དང་རྗེས་སུ་མཐུན་པ་མ་ཡིན་ཏེ། ངེས་བཟུང་མེད་པས་ངེས་འཛིན་མེད། །ཅེས་བྱ་བ་ནི། གཟུང་འཛིན་གྱིས་སྟོང་པའི་ཤེས་པ་ནི་དེ་ཁོ་ན་ཉིད་གཅིག་པུ་ཡིན་ནོ་ཞེས་བྱ་བ་ནི་དེ་རྣམས་ཀྱི་ལྟ་བ་ཡིན་པའི་ཕྱིར་རོ། །དམིགས་པ་དང་བཅས་པར་ངེས་ལ། །སྔོ་དང་དེ་བློ་ཐ་དད་མིན། །ཞེས་བྱ་བ་དང་། གཟུང་འཛིན་གྱི་རྣམ་པ་ཐ་དད་པས་ སྟོང་པ་ནི་དེ་ཁོ་ན་ཉིད་ཡིན་ཏེ། ཐ་མི་དད་པར་ཉེ་བར་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་དུ་གང་བཤད་པ་ཇི་ལྟར་ཡིན། ཁོ་བོ་ཅག་གིས་རྣམ་པའི་དབྱེ་བ་མ་མཐོང་བའི་ཕྱིར་གཟུང་བ་དང་འཛིན་པའི་བདག་ཉིད་གང་ཡིན་པ་རྣམ་པར་དབྱེ་བ་ཁས་བླངས་པ་དེ་ནི་མེད་པ་ཡིན་ནོ་ཞེས་བྱ་བའི་ དོན་ཏོ། །དེའི་ཕྱིར་ཉམས་སུ་མྱོང་བ་ཉིད་ཁོ་ན་ས་སྔོན་པོ་ལ་སོགས་པ་དེ་ལས་ལྡོག་པ་ཡང་དེའི་རྣམ་པ་དང་བྲལ་བར་མཐོང་བའི་ཕྱིར་ཐ་མི་དད་པར་སྒྲུབ་པར་བྱེད་པ་ནི་མངོན་སུམ་དང་འགལ་བ་ཡིན་ནོ། །བསྒྲུབ་བྱ་དང་འབྲེལ་པར་མ་མཐོང་ན་སྒྲུབ་བྱེད་ཀྱི་རྗེས་སུ་དཔག་པ་ལ་འཇུག་པ་ཡིན་པའི་ཕྱིར་རྟགས་ ལ་སོགས་པ་འཛིན་པར་བྱེད་པའི་མངོན་སུམ་ལ་རྗེས་སུ་དཔག་པ་ལྟོས་པ་ཡིན་ཏེ། དེས་ན་དེ་དང་འགལ་བ་ཡིན་གྱི་མངོན་སུམ་ནི་དེ་ལྟ་མ་ཡིན་ནོ། །དེ་ནི་བདག་ཉིད་དོན་གྱི་དེ་མ་ཐག་པར་ངེས་པར་བྱེད་ན། རང་གི་ཡུལ་ལ་རྣམ་པར་གཞག་པར་བྱེད་པ་མ་ཡིན་ཏེ། གང་གིས་དེ་ལམ་འགྲུབ་པར་ཐེ་ཚོམ་ཟ་བ་ ཡིན་ན། རྗེས་སུ་དཔག་པ་ལ་ལྟོས་པར་འགྱུར་རོ། །འོ་ན་ཅི་ཞེ་ན། སོ་སོར་སྣང་བ་ཉིད་ལས་སོ། །འདི་སྔོན་པོའི་ཞེས་བྱ་བ་ནི་སོ་སོར་སྣང་བ་ལ་ཐེ་ཚོམ་ཟ་བ་མ་ཡིན་ནོ། །དེ་ཡང་ཀ་བའོ་ཞེས་བྱ་བའམ་རྩིག་པའོ་ཞེས་བྱ་བར་ཤིན་ཏུ་ངེས་པའི་བློ་ཇི་ལྟར་ཕྱིན་ཅི་ལོག་པར་འགྱུར་ཞེས་སྨོས་པའོ། །དང་ པོ་ལ་ནི་ལེགས་པར་དཔྱད་པས་ལན་ཐེབས་པ་ཡིན་ནོ། །གང་ལས་འགྲོ་བ་ཐམས་ཅད་ཀྱི་ཉམས་སུ་མྱོང་བར་བྱ་བ་ཉིད་དུ་སྣང་བ་ཡིན་ལ། དེས་ན། བུད་མེད་ཅིག་གི་ལུས་ལ་ཡང་། །དཀའ་ཐུབ་པ་དང་འདོད་ལྡན་ཁྱིའི། །རོ་དང་འདོད་བྱ་བཟའ་བ་སྟེ། །རྣམ་པར་རྟོག་པ་རྣམ་གསུམ་འབྱུང་། ། རྣམ་པ་ཐམས་ཅད་པའི་དངོས་པོ་ལ་ངེས་པའི་བག་ཆགས་ཀྱི་དབང་གིས་ཐམས་ཅད་དོན་ཐམས་ཅད་འཛིན་པ་ནི་མ་ཡིན་ནོ། །དེ་བཞིན་དུ། སྐར་མ་རྒྱུ་སྐར་ཚེས་གྲངས་རྣམས། །ཞེས་བྱ་བ་ལ་སོགས་པའི་རྟགས་ཀྱི་བྱེ་བྲག་འཛིན་པ་ནི། སྒྲའི་དབྱེ་བའི་ཐབས་ཅན་དང་། དབྱིབས་དང་། སྐྱེ་ གནས་ཀྱིས་ཀྱང་འགྲིབ་པ་དང་འཕེལ་བ་དང་དེ་གཉི་གའི་དངོས་པོའི་ཚུལ་གྱི་རྟགས་རྣམས་ཀྱིས་བརྗོད་པར་འདོད་པའི་དབང་གིས་སྦྱོར་བ་ཇི་ལྟ་བ་བཞིན་དུ་ངེས་པ་ཉིད་འཛིན་པ་ཡིན་གྱི། ཐམས་ཅད་ཀྱིས་ཐམས་ཅད་ནི་མ་ཡིན་ནོ། །དེས་ན་དེ་ལྟར་ངེས་པའི་ངོ་བོ་གཞན་འཛིན་པ་ནི་གཞན་སྒྲུབ་པར་བྱེད་ པ་མ་ཡིན་པ་གནོད་པ་མེད་པ་དོན་དམ་པ་པ་ནི་གཞན་ལ་མི་ལྟོས་པའི་ཕྱིར་རོ། །མི་བསླུ་བ་ཅན་ཉིད་ནི་དེ་ལྟ་མ་ཡིན་ཏེ། འཇིག་རྟེན་པ་ཉིད་མ་ཡིན་པ་ལ་ཡང་སྐྱོན་མེད་དེ་ཚད་མ་ཅན་ཉིད་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། རང་ལས་རང་གི་ངོ་བོས་རྟོགས། །ཞེས་བསྟན་པ་ཡིན་ཏེ། སྔོན་པོ་རང་ གི་ངོ་བོ་ཉིད་ནི་རང་ཉིད་ལས་རྟོགས་པར་བྱ་བ་ཡིན་གྱི། དེའི་གཟུང་བ་ཉིད་དམ་འཛིན་པ་ཉིད་ལས་ནི་མ་ཡིན་ནོ། །བདེ་བ་ལ་སོགས་པ་བཞིན་དུ་འདི་ནི་སྔོན་པོའི་ཤེས་གཞན་ཉིད་ལས་རྟོགས་པ་ཡིན་ནོ་ཞེ་ན། བདེན་ཏེ། མཐོང་བ་ནི་གཞན་ཉིད་ལས་གོ་བ་མ་ཡིན་ལ། རྣམ་པར་རྟོག་པ་ནི་སྔོན་པོ་དེ་ ལ་སྔོན་པོ་མ་ཡིན་པར་རྣམ་པར་གཅོད་པས་སམ་མི་ཤེས་པ་རྣམ་པར་གཅོད་པས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་གཅིག་བཟུང་ནས་ཐ་དད་པའམ་གཞན་དུ་ཡང་སྣང་བར་བྱེད་པ་ནི་བག་ཆགས་ཀྱི་སྟོབས་ཡིན་པར་བརྗོད་དེ། ཐ་དད་པར་ཡང་འཛིན་པར་བྱེད་པ་ཡིན་ནོ། །དེ་ནི་དོན་ཡང་དག་ པར་རིག་པར་བྱེད་པ་ཡིན་ལ། བདག་ཉིད་དང་སྲེ་བར་བྱེད་པ་ནི་བདག་ཉིད་དོན་དུ་སོ་སོར་སྣང་བའི་སྟོབས་ཀྱིས་དོན་བཞིན་དུ་བདག་ཉིད་ཀྱང་དེའི་བྱ་བའི་རྗེས་སུ་འབྲངས་ནས། བདག་གིས་འདི་རིག་གོ་ཞེས་བྱ་བར་འགྱུར་རོ། །ཉམས་སུ་མྱོང་བའི་མྱོང་བ་ནི་དོན་ཉམས་སུ་མྱོང་བ་ཡིན་ནོ། ། ཉམས་སུ་མྱོང་བ་ལ་མི་ལྟོས་པ་ཡིན་ན་ཐུག་པ་མེད་པའི་ཕྱིར་དོན་ཉམས་སུ་མྱོང་བར་མི་འགྱུར་རོ། །ལྐོག་ཏུ་མ་གྱུར་པ་ཡང་དག་པར་རིག་པ་ནི་ང་རྒྱལ་གྱི་ཡུལ་ཡིན་ལ། དེའི་རྒྱུ་ཡང་དབང་པོ་ལ་སོགས་པ་ཡིན་པའི་ཕྱིར་དེ་དག་ཙམ་ནི་བདག་གི་དངོས་པོ་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ཏེ། མི་རྟོགས་པའི་ཕྱིར། དེ་ ཡང་སྐད་ཅིག་མ་རེ་རེ་ལ་གཞན་དང་གཞན་ཡིན་ཏེ། རྒྱུ་ཉེ་བར་དམིགས་བཞིན་པ་ལ་འཁྲུལ་པས་འདི་ཉིད་ནི་ཕྱི་རོལ་ལོ། །འདི་ཉིད་ནི་ཕྱི་རོལ་ལོ་ཞེས་ཉེ་བར་རྟོགས་པ་ཡིན་གྱི། དེས་ཕྱི་རོལ་གྱི་ཕྱོགས་སུ་འཇོག་པ་ཡིན་ཡང་ཕྱི་རོལ་བར་སོ་སོར་སྣང་བ་ནི་མ་ཡིན་ཏེ། མཐོང་བ་ལ་དེ་ལྟ་བུ་མི་སྣང་བའི་ཕྱིར་ རོ། །སྔོན་པོར་མཐོང་བ་ནི་ཕྱི་རོལ་རིག་པ་མ་ཡིན་ཏེ། ཐ་མི་དད་པར་རྟོགས་པའི་ཕྱིར་རོ། །སྔོན་པོ་ཉིད་ནི་ཤེས་པ་མ་ཡིན་ཏེ། དེ་མེད་ན་ཡང་སེར་པོ་ལ་སོགས་པ་ཡོད་པའི་ཕྱིར་རོ། །མ་ཡིན་ཏེ། དེ་དག་ཐ་དད་པ་ཡིན་ན་དེ་ལས་ལྡོག་པ་མ་ཡིན་པའི་ཤེས་པ་ཁྱད་པར་ཅན་ཡང་ཐ་དད་པར་འགྱུར་རོ། ། ཁྱད་པར་ཅན་ཡང་སྔར་ནི་དེ་དང་བྲལ་བ་ཡིན་ལ། དབང་པོ་ལ་སོགས་པའི་སྟོབས་ཀྱིས་འགྱུར་བ་ཡིན་ནོ། །མ་ཡིན་ཏེ། གནས་སྐབས་དེ་ནི་གང་ནས་ཀྱང་རྙེད་པ་མ་ཡིན་ཏེ། ཁྱད་པར་ཅན་གྱི་ཕྱི་རོལ་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། གཅིག་ལ་གཅིག་བརྟེན་པར་འགྱུར་བའི་ཕྱིར་ཏེ་འདིར་ཕྱི་རོལ་ཡིན་པའི་ཕྱིར་ཁྱད་ པར་ཅན་ཉིད་དུ་གྲུབ་པ་ཡིན་ལ། གྲུབ་པ་དེ་ཡང་འདིའི་ཕྱི་རོལ་ཉིད་ཡིན་ནོ། །དབང་པོ་དང་ཡུལ་ལས་གཞན་པ་ཡོད་པར་གྱུར་ཀྱང་གང་མེད་ན་སོ་སོར་སྣང་བ་མི་འབྱུང་བ་ཡིན་ལ། དེ་ནི་འདིའི་ཡིན་གྱི་ཤེས་པའི་ནི་མ་ཡིན་ཏེ། དེ་མ་ཡིན་པས་དྲངས་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། མི་རིགས་ཏེ། དེ་མ་ཐག་པའི་ཤེས་ པ་ལས་གཞན་པ་དེ་ལས་གཞན་རྟོགས་པ་མེད་པའི་ཕྱིར་རོ། །སྔོན་པོའི་ཤེས་པའི་དེ་མ་ཐག་པའི་སེར་པོའི་ཤེས་པ་ཇི་ལྟར་ཡིན། མ་ཡིན་ཏེ། དེ་ལ་ཡང་སེར་པོའི་ཤེས་པ་ཉིད་དེ་མ་ཐག་པ་ཡིན་པའི་ཕྱིར་འབའ་ཞིག་པོ་དེ་ནི་ཉེ་བ་མ་ཡིན་ཏེ། འདས་པ་ཡིན་ནོ། །དེ་ཡང་མཚུངས་པ་ནི་ཡོད་པ་མ་ཡིན་ལ། དེ་མ་ཐག་པ་ནི་བར་ཆོད་པ་མེད་པ་ཡིན་ཏེ། འདི་ནི་རིགས་མཚུངས་པའི་དེ་མ་ཐག་པ་ཡིན་ནོ། །དེ་ལྟ་བུ་ལས་བྱུང་བ་ནི་བག་ཆགས་ལས་བྱུང་བ་ཡིན་པར་བརྗོད་དེ། སྔ་མ་དང་ཕྱི་མའི་སྐད་ཅིག་མ་རྣམས་ཀྱི་འབྲས་བུ་དང་། རྒྱུ་ཉིད་བག་ཆགས་ཡིན་ལ། སྐད་ཅིག་མ་ཉིད་ཡིན་པར་ཡང་སྒྲུབ་པར་བྱེད་ པར་འགྱུར་རོ། །དྲན་པ་ནི་འདས་པའི་ཉམས་སུ་མྱོང་བ་ལས་འབྱུང་བ་སྟེ་བག་ཆགས་ལས་འབྱུང་བ་ཞེས་བརྗོད་དོ། །སད་པ་པོ་མེད་ན་ཇི་ལྟར་བག་ཆགས་ལས་བྱུང་བ་ཡིན་ཁྱེད་ལ་ཡང་མཚུངས་སོ། །ཁོ་བོ་ནི་ཡུལ་དང་དུས་ལ་སོགས་པའི་རྒྱུ་མཚན་དུ་འདོད་དོ་ཞེ་ན། ཁོ་བོ་ཡང་དེར་སྣང་བའི་ཤེས་ པ་རྒྱུ་མཚན་ཡིན་ནོ། །དེ་ཅི་ལས་ཡིན། ཁྱེད་ཀྱི་ཡང་ཅི་ལས་ཡིན། རང་གི་རྒྱུ་ལས་སོ། །ཁོ་བོའི་རང་གི་བག་ཆགས་ཡིན་ནོ། །སྨོན་ལམ་ལ་སོགས་པ་འཇིག་རྟེན་པ་ཉིད་ཀྱིས་སད་པའི་རྒྱུ་ནི་རྙེད་པར་དཀའ་བ་ཡིན་ནོ། །དེ་སྐད་དུ་ཡང་། གལ་ཏེ་མཚུངས་པ་དེ་མ་ཐག །རྐྱེན་ལས་ངེས་ པར་མི་སྨྲ་ནའོ། །ཞེས་གསུངས་པའོ། །མཐོང་བ་ནི་གཟུང་བྱ་ཉིད་ཀྱི་ས་རྣམ་པར་རྟོག་པ་ལས་དེའི་ཡུལ་ལ་སྔོན་པོའི་རྣམ་པར་རྟོག་པ་ལས་བཞིན་དུ་རྟོགས་པར་འགྱུར་གྱི། རྟག་པའི་རྣམ་པར་རྟོག་པ་ལས་ནི་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །དེ་ལ་གཞན་དུ་མཐོང་བ་ནི་གནས་པ་ཅན་ཡིན་ནོ། ། གཟུང་བྱ་འཛིན་པ་ཞེས་བྱ་བ་འདི་ལ་ཡང་མཚུངས་སོ། །ཉམས་སུ་མྱོང་བ་ནི་རྗེས་སུ་དཔག་པའི་བསྒྲུབ་བྱ་མ་ཡིན་ནོ། །དེ་ལྟ་ཡིན་ན་ཤེས་པ་ལ་ཐ་དད་པ་ཉམས་སུ་མྱོང་བ་མེད་པའི་ཕྱིར་དེའི་བག་ཆགས་སམ། རྣམ་པར་རྟོག་པ་ཡང་མེད་དོ། །མ་ཡིན་ཏེ། རྣམ་པར་རྟོག་པ་གཞན་གྱིས་ཉམས་སུ་ མྱོང་བའི་ཕྱིར་ལ། དེ་ཡང་བག་ཆགས་གཞན་ལས་ཡིན་ཞིང་། དེ་ཡང་རྣམ་པར་རྟོག་པ་གཞན་ལས་ཡིན་ཏེ་ཐོག་མ་མེད་དོ། །མཐོང་བ་ནི་རང་གི་བག་ཆགས་ལས་འབྱུང་བ་མ་ཡིན་ལ། དེ་བཞིན་དུ་རྣམ་པར་རྟོག་པ་ཡང་ངོ་ཞེས་སྟོབས་མཚུངས་པའི་ཕྱིར་གང་གིས་གང་ལ་གནོད་པ་ཡིན། གཉི་ ག་དག་གིས་གཉི་ག་འགྲུབ་པ་ཡིན་ན། གཉིས་མེད་པ་ཉིད་དམ་ཅིག་ཤོས་སུ་འགྱུར་རོ། །མ་ཡིན་ཏེ། དངུལ་གྱི་རྣམ་པར་རྟོག་པ་བཞིན་དུ་མཐོང་བའི་ཡུལ་ལ་རྟོགས་པར་བྱེད་པ་ཡིན་ལ། གཉིས་མེད་པར་མཐོང་བ་ནི་ཉ་ཕྱིས་བཞིན་དུ་གནོད་པ་ཅན་ཡིན་ནོ། །དེ་བཞིན་དུ་བཟློག་པ་དེ་དང་འདྲ་བའི་ ངོ་བོ་ནི་རྣམ་པར་རྟོག་པ་ཉིད་ཀྱིས་རྟོགས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། མཐོང་བའི་ཡུལ་ཡང་དེ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །བྱ་བ་ལས་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་རྣམ་པར་རྟོག་པ་བྱེད་པ་པོར་གྱུར་བའི་ཕྱིར་གཅིག་པ་ཅན་ཆེན་པོ་ཉིད་དུ་གསལ་བར་བྱས་པ་ཡིན་ནོ། ། གཅིག་དངོས་གཅིག་གི་རྣམ་པ་ཞེས། །དབང་ཕྱུག་གིས་ནི་བསྟན་པ་མིན། །ཞེས་བྱ་བ་ཡིན་ནོ། །མ་ཡིན་ཏེ། ཚད་མས་གྲུབ་པའི་ཕྱིར་རོ། །གཉི་ག་ཤེས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རང་དབང་དུ་མི་རྟོགས་པའི་ཕྱིར་རོ། །རྒྱབ་རྟེན་གང་གིས་མཐོང་བ་གནོད་པར་བྱེད་པ་ཡིན། རེ་ཞིག་དོན་ ནི་མེད་པ་ཡིན་ལ། བག་ཆགས་ཀྱང་གཉི་ག་ལ་མཚུངས་པ་ཡིན་ནོ། །མཐོང་བས་རང་གི་ཡུལ་ལ་རྣམ་པར་འཇོག་པར་བྱེད་ན་བཟློག་པ་སེལ་བར་བྱེད་པའི་ཕྱིར་དང་། མ་གསལ་བ་ཡིན་ན་རྣམ་པར་འཇོག་པ་མེད་པ་ཡིན་ནོ། །མཐོང་བས་ངོ་བོ་གཞན་མ་མཐོང་བ་ཉིད་ནི་རྣམ་པར་རྟོག་པའི་ཡུལ་ཡིན་ གྱི། རང་དབང་ནི་མ་ཡིན་ཏེ། དེ་ཉིད་ནི་ངོ་བོ་གཞན་ལ་རྟོགས་པར་བྱེད་པའི་ཕྱིར་རོ། །མ་ཡིན་ཏེ། ངོ་བོ་གཉིས་ཕན་ཚུན་རྗེས་སུ་འཇུག་པ་མ་ཡིན་པས་གཅིག་མ་ཡིན་པའི་ཕྱིར་དེས་རྟོགས་པ་ཞེས་བྱ་བ་ནི་རང་དབང་མ་ཡིན་པའི་ཕྱིར་གནོད་བྱ་ཉིད་ཡིན་ནོ། །རྣམ་པར་བརྟག་བྱའི་བཟློག་པ་ནི་མཐོང་བ་ ལས་གཞན་པ་ཉིད་དུ་རྟོགས་པ་མ་ཡིན་པའི་ཕྱིར་མི་འགྱུར་རོ། །མཐོང་བའི་བྱ་བའི་རྗེས་སུ་འཇུག་པ་ཅན་ནི་སྔོན་པོའི་རྣམ་པར་རྟོག་པ་ལས་ཡིན་པ་བཞིན་དུ། དེ་མ་ཡིན་པ་ཡོངས་སུ་སྤངས་ནས་འཇུག་པ་ནི་འགལ་བ་མ་ཡིན་ནོ། །དེ་ཉིད་ནི་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་རྣམ་ པར་རྟོག་པས་ཕྱི་རོལ་ཉིད་དུ་སྒྲོ་བཏགས་པ་ན་མཐོང་བ་ན་མེད་དོ་ཞེས་ཟེར་བ་ནི། བྱེ་བྲག་ཏུ་རབ་ཏུ་མ་གྲུབ་པ་ལ་སོགས་པ་རྣམས་ཀྱིས་དམིགས་པར་བྱ་བ་མ་ཡིན་ནོ། །འདིར་སྨྲས་པ། དེ་ནི་རྟོགས་བྱེད་བརྗོད་བྱ་ཉིད། །ཚད་མ་པ་ལ་རིགས་མ་ཡིན། །ཚད་མ་ལ་ལྟོས་མི་དེ་ཉིད། །དེ་ལ་ལྟོས་ པ་མེད་པར་གནས། །ཞེས་བྱ་བ་དེ་ཡོངས་སུ་རྟོགས་པར་བྱེད་པའི་སློབ་མ་རྣམས་ལ་གཏན་ཚིགས་ཀྱིས་སྟོན་པར་བྱེད་པ་ཡིན་ནོ། །བློ་ལ་བརྟེན་ནས་ཉེ་བར་དམིགས་པ་ནི་སྒྲུབ་བྱེད་བཞིན་དུ་འཇུག་པར་བྱེད་པ་མ་ཡིན་ཏེ། མངོན་སུམ་དང་འགལ་བའི་ཕྱིར་རོ། །སྒྲུབ་བྱེད་ཀྱིས་ནི་བསྒྲུབ་བྱ་ལ་ དམིགས་པ་ལས་བྱེ་བྲག་མེད་པས་དམིགས་པ་མེད་པར་དམ་འཆའ་བ་ལ་གནོད་པར་བྱེད་པ་མ་ཡིན་ཏེ། དེ་མ་ཡིན་པའི་ངོ་བོ་ཡོངས་སུ་སྤངས་པས་རྣམ་པར་རྟོག་པ་རྣམས་འཇུག་པར་མཐོང་བའི་ཕྱིར་དང་། ཕྱི་རོལ་སྣང་བ་མ་ཡིན་པའི་ཕྱིར་དང་། མངོན་པར་འདོད་པ་ཙམ་གྱིས་དེའི་ཡུལ་ ཉིད་དུ་ཁས་བླངས་པ་དང་མི་འགལ་བའི་ཕྱིར་ཏེ། རང་ཉིད་ལ་དམིགས་པ་མ་ཡིན་པ་ཉིད་ཡིན་ན་ཁས་བླངས་པ་ཉམས་པ་ཡང་མ་ཡིན་ནོ། །རང་ཉིད་ལ་བྱེད་པ་འགལ་བས་སུ་ཡང་དེ་ལྟར་ཁས་མི་ལེན་པའི་ཕྱིར་རོ། །དེ་ཉིད་གསལ་བའི་ངོ་བོ་གཞན་ལ་མི་ལྟོས་པ་མི་དམིགས་པ་མེད་པའི་ཕྱིར་ མི་དམིགས་པར་འདོད་དོ། །དེ་ལྟར་ན་ཆོས་དང་ཆོས་ཅན་དང་གཏན་ཚིགས་དང་དཔེ་ལ་སོགས་པའི་དབྱེ་བ་ནི་རྣམ་རྟོག་གི་སྤྲུལ་པ་ནི་དོར་བྱ་མ་ཡིན་ཏེ། འགལ་བ་མེད་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་ནི་འཛིན་བྱེད་ཡིན་ལ། གཟུང་བྱ་ནི་སྔོན་པོ་ལ་སོགས་པ་ཡིན་ནོ་ཞེ་ན། མ་ཡིན་ ཏེ། རྣམ་པར་རྟོག་པ་མེད་པ་དེ་དག་གི་དེ་ལྟ་བུ་ཉིད་ཉམས་སུ་མི་མྱོང་བའི་ཕྱིར་གཉིས་པོ་ཞེས་བྱ་བ་ནི་འདི་ལྟར་སྔོན་པོ་དང་སེར་པོ་བཞིན་དུ་གཟུང་བྱ་དང་འཛིན་བྱེད་མ་ཡིན་ལ། རྣམ་པར་རྟོག་པ་ནི་མི་སླུ་བས་ཚད་མ་ཡིན་ནོ། །དེ་དག་ཉིད་ལ་མི་སླུ་བ་ནི་མ་ཡིན་ལ། བཟློག་པ་ལ་ནི་མཐོང་བའི་ ཕྱིར་མི་སླུ་བ་ཡིན་ནོ། །དེ་ལྟར་ན་ཕྱི་རོལ་ཉིད་མ་གྲུབ་པའི་ཕྱིར་དོན་གྱི་ཤུགས་ཀྱིས་འཛིན་པར་བྱེད་པའི་རྣམ་པར་རྟོག་པ་སྤངས་པ་ཡིན་ནོ། །རྒྱུར་བརྟགས་པ་ལས་ནི་དབང་པོ་འམ་བག་ཆགས་ཀྱང་རུང་རྒྱུ་ཡིན་ནོ་ཞེས་བྱར་བར་ཡང་བཟུང་བ་ཅི་ཡང་ཞེས་བྱ་བས་བཤད་ཟིན་ཏོ། །ཐེ་ཚོམ་ མ་ངེས་པ་མ་ཡིན་པ་ཡིན་ན། ཤེས་པའི་ངོ་བོའི་ངེས་པ་ལས་དོན་གྱི་དབྱེ་བ་ནི་མི་རིགས་ཏེ། གཟུང་བ་ཞེས་བྱ་བའི་སྤྱི་ཙམ་དུ་ངེས་པ་ཡིན་ལ། ཅི་ཡང་ཞེས་བྱ་བ་ནི་ཁྱད་པར་གྱི་ངོ་བོར་མ་ངེས་པ་ཡིན་པའི་ཕྱིར་རོ། །སྤྱི་ཙམ་དུ་ངེས་པ་ཡིན་ཡང་གདོན་མི་ཟ་བར་ཁྱད་པར་དུ་ངེས་པ་ནི་ མ་ཡིན་ནོ། །ཐག་རིང་པོར་ཤིང་དུ་ངེས་པ་ཡིན་ཡང་། ཤིང་དྷ་བ་ལ་སོགས་པར་ངེས་པ་མ་ཡིན་ནོ། །ཤེས་པ་ཡང་ཤེས་བྱ་རྣམས་ཀྱི་ཐུན་མིན་ལ། སྤྱི་ནི་དེ་མ་ཡིན་པ་ལ་ས་ལོག་པའི་ཕྱིར་དེ་དང་ལྡན་པ་ལས་གཞན་མ་ཡིན་ནོ། །གལ་ཏེ་མི་ཤེས་པ་ལས་ལོག་པ་ནི་ཤེས་པ་ལས་གཞན་མེད་ ན་ཇི་ལྟར་ཡིན། མ་ཡིན་ཏེ། རྟོག་པའི་ཉམས་སུ་མྱང་བྱ་ཡོད་པའི་ཕྱིར་རོ། །མེད་པའི་རྟོག་པ་ཅི་འདྲ་ཞིག །རྟོག་པ་ཡོད་ན་དངོས་པོར་འགྱུར། །ཞེས་བྱ་བ་ཡིན་ནོ་ཞེ་ན། འདི་ལ་སྨྲས་པ། རྟག་པ་དང་དབང་ཕྱུག་ལ་སོགས་པའི་རྣམ་པར་རྟོག་པ་བཞིན་དུ་མེད་པ་ལ་ ཡང་རྟོག་བ་སྐྱེ་བ་ཡིན་ནོ། །དེ་བཞིན་དུ་རོ་དང་འདོད་པ་བྱ་བ་དང་བཟའ་བ་དང་བུད་མེད་དང་སྐྱེས་པ་དང་མ་ནིང་ལ་སོགས་པའི་ཐ་སྙད་རྣམས་ཇི་ལྟར་གོམས་པས་དེ་མ་ཡིན་པའི་ངོ་བོ་སྤངས་ནས་འཇུག་པ་ཡིན་པར་བཤད་པར་བྱའོ། །ཚོགས་པ་སྔ་མ་ཅན་ཉིད་ནི། །ཤེས་བཅས་ཡུལ་གྱི་སྐད་ཅིག་མ། ། སྣང་བར་བཅས་པའི་གཟུགས་བཞིན་བྱེད། །དེས་ན་ལྷན་ཅིག་རིག་པར་འགྱུར། །ཞེས་བྱ་བ་ཡིན་ནོ་ཞེ་ན། དེ་ལས་ཅིར་འགྱུར། གཟུང་བྱ་ལ་སོགས་པའི་རྣམ་པར་རྟོག་པ་བཀག་པ་ཡིན་ལ། རྣམ་པར་རྟོག་པ་མེད་པ་ནི་གཉིས་ལས་སྐྱེས་པ་བཞིན་དུ། ཕན་ཚུན་བྱེད་པ་མ་ཡིན་པའི་ཕྱིར་ དེ་ནི་གཉིས་མེད་པར་འགྱུར་རོ། །རྣམ་པར་རྟོག་པའི་གཟུང་བྱ་ནི། ཕྱི་རོལ་ཡང་ཡིན། ནང་ཡང་མ་ཡིན་པ་མ་ཡིན་ནམ། དེ་བཞིན་དུ་རྟོག་པ་མེད་པ་ལ་ཡང་ཡིན་ནོ། །དེའི་འདི་ནི་གོང་དུ་རྐུན་པོ་བྱེད་པ་ལས་དགོན་པར་སྐྱོབས་སུ་རེ་བ་ལྟ་བུ་ཡིན་ཏེ། རྟོག་པ་མེད་པའི་གཟུང་བྱ་ལ་བསྙོན་པར་བྱེད་ ན་རྣམ་པར་རྟོག་པ་ལ་ཅི་ཞིག་ཁུར་ཆེན་པོ་ཡིན། མངོན་པར་འདོད་པ་ཙམ་ནི་མངོན་པར་འདོད་བཞིན་པའི་ཡུལ་ཉིད་ཡིན་པ་ལ་བར་ཆད་ཡོད་པ་ཡིན་ཏེ། བར་ཆད་ཡོད་པའི་ཡུལ་གཞན་མི་དམིགས་པའི་ཕྱིར་རོ། །དེ་ལྟར་ན་ཤེས་པ་ཉིད་ཀྱང་བདེ་བ་ལ་སོགས་པ་བཞིན་དུ་གཅིག་གི་ལྐོག་ཏུ་མ་གྱུར་ཀྱང་ གཞན་གྱི་ལྐོག་ཏུ་གྱུར་པ་ཡིན་ཏེ། དེ་མ་ཡིན་པའི་རྒྱུད་ལ་ཡོད་པའི་ཕྱིར་རོ། །ཐག་རིང་བ་དང་ཉེ་བ་གནས་པ་དག་གི་གསལ་བ་དང་ཅིག་ཤོས་སུ་སྣང་བ་དུ་མ་ཉིད་ཡིན་ལ། གཅིག་ཏུ་མངོན་པར་འདོད་ཀྱང་དེའི་བྱ་བ་མི་བྱེད་པ་རྣམ་པར་བཅད་པས། སྐྱེས་བུ་ཉིད་ཀྱི་བདེ་བ་ཡིན་པ་ལ་སྐྱོན་མེད་དོ། ། དེ་ཉིད་ཀྱིས་ན་རང་ལས་གཞན་གྱི་ཉམས་སུ་མྱོང་བ་མ་ཡིན་པའི་ཕྱིར་རམ། ཉམས་སུ་མྱོང་བ་ལ་ཡང་རུང་ཤེས་པའི་དུས་ཀྱི་ཤེས་པ་ཐམས་ཅད་ཐུན་མོང་བ་ཉིད་ཡིན་པས། འཇུག་པའི་ཡུལ་མ་ཡིན་པས། ཕྲད་བྱ་མ་མཐོང་བ་ལས་ཐེ་ཚོམ་ཡིན་པའི་ཕྱིར་གནོད་པ་མེད་པ་ཉིད་མེད་པས་དེ་དང་ འབྲེལ་པ་ཅན་ཉིད་ཁོ་ན་འཇུག་པའི་ཡན་ལག་གི་ཚད་མ་ཉིད་ཡིན་ཏེ། ཚད་མས་གྲུབ་པ་ཡིན་སྙམ་དུ་དགོངས་པའོ། །ཡང་ན་ཚད་མ་མི་སླུ་བ་ཅན་ཞེས་བྱ་བ་སྟེ། གཞན་ལས་ཚད་མ་ཉིད་ཡིན་པ་རབ་ཏུ་བསྒྲུབས་ནས། རང་ལས་ཚད་མ་ཐམས་ཅད་ཀྱི། །ཚད་མ་ཉིད་ཅེས་གཟུང་བར་བྱ། ། ཞེས་པ་སེལ་བར་བྱེད་པ་བསྟན་པ་ནི་རང་ལས་རང་གི་ངོ་བོ་རྟོགས་ཞེས་བྱ་བ་ཡིན་ཏེ། ཚད་མ་ཉིད་ཀྱིས་ནི་མ་ཡིན་ནོ། །སྔར་བདག་ཉིད་རིག་པ་ནི་དུས་ཕྱིས་འབྲེལ་པ་ཅན་ཉིད་མི་རིགས་པ་ཡིན་ན་ཕྱི་མ་ཡང་དེ་བཞིན་དུ་མ་ཡིན་ནམ། གཞན་ལས་ཡིན་ནོ་ཞེ་ན་ཡང་། དེ་ཡང་དེ་འདྲ་བ་ཁོ་ན་ཡིན་ནོ། ། དེ་འདྲ་བ་མ་ཡིན་ན་དེ་དང་འདྲ་བ་སྔ་མ་ཡང་ཡིན་པའི་ཕྱིར་གནོད་པ་མེད་པ་ཉིད་ཇི་ལྟར་ཚད་མ་ཉིད་མ་ཡིན། ཕྱི་མ་དང་འབྲེལ་པ་ཅན་ཉིད་སྔ་མའི་རང་གི་ངོ་བོ་ཡིན་པའི་ཕྱིར་དེ་རིག་པ་ཉིད་ཀྱིས་རིག་པ་མ་ཡིན་ནམ། དེའི་ཚེ་འདིའི་ངེས་པ་འབའ་ཞིག་ནི་མེད་པའི་ཕྱིར་ཤེས་པ་ཕྱི་མས་ངེས་པར་བྱེད་པ་ ཡིན་གྱི་འཛིན་པར་བྱེད་པ་ནི་མ་ཡིན་ནོ། །དོན་གྱིས་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་འཆད་པར་འགྱུར་ བའོ། །དེས་ན་འདི་ལྟར་གོམས་པ་ཡོད་ན་རྟོགས་པར་ངེས་པ་ནི། རང་ཉིད་ཁོ་ན་ལས་ཡིན་པའི་ཕྱིར་དེ་ལ་ངེས་པའི་དོན་དུ་ཡང་གཞན་ལ་ལྟོས་པ་མ་ཡིན་ལ། གང་དུ་གཟུང་བ་ལ་ཡང་ཕྱིན་ཅི་ལོག་ཏུ་ངེས་པས་བསྒྲིབས་པ་ནི་ཉ་ཕྱིས་ལ་དངུལ་གྱི་ཤེས་པ་བཞིན་དང་། མི་རྟག་པ་ལ་རྟག་པའི་ ཤེས་པ་བཞིན་དུ་དེ་ལས་གཞན་པ་ཉིད་ཚད་མ་ཡིན་གྱི་སྔ་མ་ནི་མ་ཡིན་ཏེ། བྱ་བ་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །འདི་ཡང་། གཟུགས་ཆོས་མཐུན་པ་མཐོང་བ་ལས། །ཉ་ཕྱིས་ལ་དངུལ་རྣམ་པ་ལྟར། །གལ་ཏེ་འཁྲུལ་པའི་རྒྱུ་མཚན་གྱིས། །ཡོན་ཏན་གཞན་སྦྱོར་མི་བྱེད་ན། །འཁྲུལ་ པས་ངེས་པར་མི་བྱེད་པས། །སྒྲུབ་པ་རབ་ཏུ་འཇུག་པ་ཡིན། །ཞེས་ཀྱང་འཆད་པར་འགྱུར་བའི་ཐེ་ཚོམ་ནི་ཚད་མའི་བྱ་བ་ལ་གནོད་པར་བྱེད་པ་མ་ཡིན་ནོ། །དེ་ལྟ་ཡིན་ན་དུ་བ་དང་ལྡན་པ་ལས་མེ་དང་ལྡན་པ་ཉིད་ལ་མེར་མི་རིག་པ་ནི་རང་ཉིད་ལས་ཤེས་པ་ཡིན་པར་འགྱུར་རོ། །འོན་ཏེ་མེ་ལ་ལྟོས་ནས་ དེ་དང་ལྡན་པ་ཉིད་ཡིན་ལ། དེ་མི་འཛིན་པ་ཉིད་ཡིན་ན་འཛིན་པར་བྱེད་པ་མ་ཡིན་ཏེ། གཞན་ལ་ལྟོས་པའི་རིག་པ་ནི་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པས་བར་དུ་བསྒྲིབས་པ་ཡིན་ནོ། །དེ་ལྟ་ཡིན་ན་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པས་བར་དུ་ཆོད་པས་དེ་དང་ལྡན་པ་ཉིད་རིག་པ་ཇི་ ལྟར་མ་བསྒྲིབས་པ་ཞེས་བྱ་བ་ཡིན། ཐག་རིང་བ་ལ་ནི་ཤིན་ཏུ་འཛིན་པ་ཡིན་ཡང་དེའི་བྱེ་བྲག་ཤིང་དྷ་བ་དང་ཤིང་པ་ལ་ཤ་ཡིན་ཞེས་བྱ་བ་ལ་ནི། ཐེ་ཚོམ་གྱིས་ནོན་པས་གཞན་ལ་ལྟོས་པ་ཉིད་ཀྱི་ཐེ་ཚོམ་ཙམ་མམ། དེ་ལས་གཞན་གྱིས་སྤོང་བར་བྱེད་པ་མ་ཡིན་ཏེ། ཤིང་དྷ་བ་ལ་ སོགས་པར་སྔར་མ་རིག་པའི་ཕྱིར་རོ། །དེ་ཉིད་ཤིང་དྷ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ཉིད་དུ་ཞེན་པ་མེད་པའི་ཕྱིར་རོ། །ཕྱིས་ཞེན་པ་ཡིན་ནོ་ཞེ་ན། གང་མཐོང་བ་ལས་དེ་བཞིན་དུ་ཞེན་པ་ཡིན་ལ། དེ་ནི་བྱེ་བྲག་གཞན་ཡིན་ཏེ། མཐོང་བ་ཉིད་མཐོང་བ་ལས་ལག་པ་ལ་སོགས་པ་ ལྟ་བུའོ། །མཐོང་བ་ཉིད་དུ་རིག་པ་ནི་ལག་པ་ལ་སོགས་པ་རིག་པ་མ་ཡིན་ཏེ། ཐེ་ཚོམ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཅིག་ཉིད་ལ་ནི་དེ་བཞིན་དུ་འགྱུར་ལ། འདི་ནི་ཉ་ཕྱིས་ཀྱི་ཤེས་པ་བཞིན་དུ་འགྱུར་ཏེ། ཉ་ཕྱིས་ལ་ཡང་དངུལ་ལས་བྱེ་བྲག་ཡིན་ལ། དངུལ་ལའམ་ དེ་ལས་བྱེ་བྲག་ཏུ་བཟུང་བ་ཡིན་ན། གནོད་པ་ཅན་གྱི་ཤེས་པ་བཞིན་དུ་སྒྲོ་བཏགས་པ་མེད་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་གང་ལས་ཕྱིས་འབྱུང་བ་ནི་བྱེ་བྲག་འཛིན་པ་ལ་ངེས་པ་ཡིན་གྱི། དེ་ལ་སྔར་ནི་དེ་འཛིན་པ་མེད་པ་ཡིན་ཏེ། དྲུག་ལྡན་ལ་སོགས་པ་འཛིན་པ་ལྟ་བུ་སྟེ། མ་གོམས་ པ་ན་རྡུལ་ལྡན་ལ་སོགས་པའི་བྱེ་བྲག་རིག་པ་མ་ཡིན་ནོ། །དེའི་ཚེ་རིག་པ་མ་ཡིན་ན་དབང་པོའི་བྱ་བ་ཡོད་ཀྱང་ཕྱིས་ཇི་ལྟར་རིག་པར་བྱེད་པ་ཡིན་ཏེ། བྱེ་བྲག་མེད་པའི་ཕྱིར་རོ། །དབང་པོའི་བྱ་བ་བྱེ་བྲག་ཏུ་མི་འགྱུར་དུ་ཟིན་ཀྱང་ཡིད་ནི་གོམས་པ་ཡིན་ན། བྱེ་བྲག་ཆེན་པོར་འགྱུར་རོ། །དབང་ པོ་ལས་སྐྱེས་པ་ནི་མངོན་དུ་བྱེད་པ་ཡིན་ན། ཇི་ལྟར་ཡིད་ཀྱིས་བྱེད་པ་ཡིན། མཐོང་བའི་ཕྱིར་སྤངས་པ་མ་ཡིན་ནོ། །དབང་པོ་མེད་ཀྱང་འབྱུང་བ་ནི་གཞན་གྱི་ཚེ་ཡང་ཡིན་ན་དེས་བསྐྱེད་པར་ཇི་ལྟར་འགྱུར། བདེན་ཏེ། འདིའི་ཚེ་ཡང་ཡིད་ཉིད་དངོས་ཀྱི་རྒྱུ་ཡིན་ལ། དབང་པོ་ནི་རྗེས་སུ་ འཇུག་པ་ཡིན་ནོ། །དེ་ནི་དེས་ཆོག་གོ། །དེ་སྐད་དུ་ཡང་། ཚད་མ་རྣམ་པར་ངེས་པ་ལས། དེ་ལྟར་རབ་ཏུ་བསྒྲུབས་པ་ནི་རྗེས་སུ་དཔག་པ་ཉིད་འདོར་བ་མ་ཡིན་ཏེ་ཞེས་སྨོས་པ་ལ། མི་སླུ་བ་ལ་སོགས་པའི་ཁྱད་པར་ཡོད་པའི་སྒོ་ནས་ཐོབ་པར་བྱ་བ་ལ་ཚད་མ་ཉིད་ནི་རྗེས་སུ་དཔག་པར་ བྱ་བ་ཡིན་གྱི། མངོན་སུམ་དུ་ནི་མ་ཡིན་ཏེ། གཞན་ལ་ལྟོས་པའི་ཕྱིར་རོ། །གོང་དུ་ཡང་མི་སླུ་བ་དང་། སླུ་བ་ལ་སོགས་པས་དམིགས་པ་ནི་གཞན་གྱི་དབང་ཡིན་པར་བསྟན་པ་དེ་ལ་ཡང་སྐྱོན་ཡོད་པར་བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ན་བྱེ་བྲག་དེ་སྔར་ཤིན་ཏུ་མ་ བཟུང་བ་ཡིན་ནོ། །དེ་ལྟ་ནི་ཅི་ཞིག་བཟུང་བ་ཡིན། སྤྱི་ཡིན་ནོ། །ཅི་ད་ལྟར་གྱི་ཁས་ལེན་པ་ཡིན་ནམ། བདེན་ཏེ། དེ་ཉིད་ཤེས་པའི་སོ་སོར་སྣང་བ་ཁྱད་པར་དུ་བའི་ཐུན་མོང་བའི་སྤྱི་ཡིན་ཏེ། ཐག་རིང་པོར་ཡལ་ག་ལ་སོགས་པ་ཅན་དུ་སྣང་བ་ལྟ་བུའོ། །དེ་ཡང་། རྟགས་ནི་སྤྱི་ཡི་ ཡུལ་ཅན་དུ། །སྔར་བསྟན་ཐ་དད་མིན་གནས་ཕྱིར། །ཞེས་བྱ་བ་དང་། གཟུགས་ཆོས་མཐུན་པ་མཐོང་བ་ལས་ཞེས་ཀྱང་གསུངས་པའོ། །གང་དུ་རིག་པར་བྱེད་པ་ནི་གཞན་ལ་ལྟོས་པ་མ་ཡིན་ཏེ། སྐད་ཅིག་མ་ཉིད་ཀྱི་ཤེས་པ་ཙམ་ལ་སོགས་པ་ལའོ། །དེ་ལ་ནི་མངོན་སུམ་ཉིད་ལས་ ཚད་མ་ཡིན་ལ། ཐོག་མ་མེད་པ་ལ་སོགས་པའི་དུས་ཀྱི་མ་རིག་པའི་ས་བོན་གྱི་རྗེས་སུ་འབྲངས་ནས་ཐ་སྙད་འདོགས་པ་པོ་ཡུལ་མཐོང་ནས་ཡུལ་ཅན་ལ་འཇུག་པར་བྱེད་པ་ནི་སྐྱེད་བྱེད་ཉིད་དུ་རྗོད་པར་བྱེད་པ་ཉིད་ལ་འཇུག་པ་ལྟ་བུ་ཡིན་པའི་ཕྱིར་སྔ་ན་མེད་པ་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །འདི་ལ་ ཡང་ཚད་མ་རྣམ་པར་ངེས་པ་ལས། གཞན་ཉམས་སུ་མྱོང་བའི་ཡུལ་རྣམས་ལས་ཞེས་སྨོས་པ་སྟེ། ཡུལ་རིག་པར་བྱེད་པ་ལ་གཞན་ལ་ལྟོས་པ་མེད་པ་རྣམས་ལས་ཞེས་བྱ་བའི་དོན་ཏོ། །ཡུལ་ཡང་རང་གི་ངོ་བོ་ཉིད་ཡིན་ནོ། །དེ་ཉིད་ནི། དོན་གྱི་རང་གི་ངོ་བོ་གཅིག་ཅེས་བྱ་བ་ལ་སོགས་པ་ཡང་ དོན་འདི་ཉིད་ཡིན་པར་ཤེས་པར་བྱ་བའི་རང་དབང་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། འདིར་འདིའི་དོན་ཡིན་ཞེས་བྱ་བའི་དོན་ཏེ། གཅིག་སྟེ་གཞན་ལ་མི་ལྟོས་པའི་དོན་གྱི་རང་བཞིན་ཏེ་རང་གི་ངོ་བོའི་ཁོངས་སུ་གཏོགས་པ་ནི་མངོན་སུམ་སྟེ། རབ་ཏུ་གསལ་བའི་ངོ་བོ་ལ་སྐད་ཅིག་མ་ཉིད་ལ་ སོགས་པར་རྟོགས་པ་ཡིན་ན། གཞན་ཏེ། ངོ་བོ་གཞན་མ་རྟོགས་པའི་རྒྱུ་མཚན་ཡོད་པ་མ་ཡིན་པ་ནི་གང་ཤེས་པར་བྱེད་པའི་མཚན་མ་གཞན་བཙལ་དགོས་པའོ། །དེ་ལྟ་ཡིན་ན་སུ་ཞིག་ཚད་མ་གཞན་ཚོལ་བར་བྱེད་པ་ཡིན་པ་ལྡོག་པའི་སྒོ་ནས་བསྟན་པ་ནི། མི་ བྱེད་ན་ཞེས་བྱ་བ་ལ་འཁྲུལ་པའི་རྒྱུ་མཚན་གྱི་ཏེ། མེ་ལ་སོགས་པ་དང་བྲལ་བའི་རི་ལ་སོགས་པ་མཐོང་བ་ལས་སམ། ཐག་རིང་བར་ཤིང་དྷ་བ་ལ་སོགས་པའི་ཁྱད་པར་དང་བྲལ་བའི་ཤིང་ཙམ་དུ་མཐོང་བས་སམ། ཕྱི་མ་དང་འབྲེལ་པ་དང་བྲལ་བའི་སྔ་མ་མཐོང་བས་ཀྱང་རུང་སྟེ། དེ་ལས་ གཞན་པས་མི་གནོད་པས་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་ཡིན་ན་ཁྱད་པར་དུ་འདོད་པ་བསྒྲུབ་པའི་དོན་དུ་ཚད་མ་གཞན་ཚོལ་བར་བྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །གང་དུ་ཡང་གཞན་ལ་མི་ལྟོས་པ་དེར་ཡང་ཐོག་མ་མེད་པའི་ཕྱིན་ཅི་ལོག་གི་བག་ཆགས་ལས་བྱུང་བའི་མངོན་པར་འདོད་པས་བསླུས་ པ་ཡིན་པས་ཐ་དད་དུ་མི་བྱེད་པ་ཐ་སྙད་ལ་འཇུག་པར་བྱེད་པ་ཡིན་པར་བསྟན་པ་ནི། དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་ཐ་དད་མཐོང་བ་ཉིད། །འཁྲུལ་པས་ངེས་པར་མི་བྱེད་པས། །བསྒྲུབ་པ་རབ་ཏུ་འཇུག་པ་ཡིན། །ཞེས་གསུངས་པའོ། །དེའི་ཕྱིར་ཕྱི་མ་དང་འབྲེལ་བ་ ཅན་ཉིད་ནི་སྔ་མའི་རང་གི་ངོ་བོ་མ་ཡིན་ཞིང་རང་ལས་ནི་མི་རིགས་པས་རིག་པར་བྱེད་པ་ལ་ལྟོས་པ་ཡིན་གྱི། དེ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཚད་མ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་ནུས་པར་འགྱུར་རོ་སྙམ་དུ་སེམས་པས། འོ་ན་ཇི་ལྟར་ཚད་མ་ཉིད་ཅེས་བྱ་བ་ལ་སྨྲས་པ་ལ། ལན་དུ། ཐ་ སྙད་ལས་ནི་ཚད་མ་ཉིད། །ཅེས་བྱ་བ་སྨོས་ཏེ། འཇིག་རྟེན་པའི་ཐ་སྙད་ནི་འཁོར་བ་བཞིན་དུ་ཡོད་པ་ཡིན་ལ། ཚད་མ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་ཡང་ཡོད་པའི་ཕྱིར་དེ་ནི་དེ་ལས་འགྲུབ་པར་བརྗོད་པ་ཡིན་ནོ། །མངོན་སུམ་ལ་སོགས་པ་ནི་ཐ་སྙད་ཀྱི་གཞི་མ་ཡིན་ཏེ། དེས་གྲུབ་ པ་ནི་ཚད་མས་རིག་པ་མ་ཡིན་པའི་ཕྱིར་བག་ཆགས་ཉིད་ནི་གཞི་ཡིན་ནོ། །དེ་ཡང་རྣམ་པར་རྟོག་པའི་བག་ཆགས་ཀྱིས་གཞག་པ་ཡིན་ཞེས་བསྟན་ཟིན་ཏོ། །བག་ཆགས་ལས་བྱུང་བ་ཡིན་ཡང་ཉམས་སུ་མྱོང་བ་ཉིད་ནི་སྔ་མ་ཉིད་དམ། ཕྱི་མ་ཉིད་ཀྱིས་ཨུ་ལེ་ཁ་ཏི་སྲེ་བར་བྱེད་བའམ། འབྱེད་པར་བྱེད་པ་ཡང་རུང་སྟེ། བག་ཆགས་དང་ཉམས་སུ་མྱོང་བ་དང་འབྲེལ་བའི་ཕྱིར་རོ། །ཉམས་སུ་མྱོང་བ་དང་འབྲེལ་པར་ཅི་ལས་ཡིན་ཞེས་བཤད་ཟིན་ཏོ། །ཉམས་སུ་མྱོང་བ་དང་འབྲེལ་པའི་བག་ཆགས་ལས་བྱུང་བ་ནི་ཇི་ལྟར་ཉམས་སུ་མྱོང་བ་འཛིན་པ་ཡིན་གྱི་རྣམ་པར་རྟོག་པའི་ བག་ཆགས་ལས་ནི་མ་ཡིན་ཏེ། བརྫུན་པ་འཛིན་པའི་ནུས་པ་ལས་སོ། །རང་གི་ངོ་བོ་མ་འདྲེས་པ། །དེ་རྣམས་རྟོགས་པས་འདྲེས་པར་བྱེད། །ཅེས་བསྟན་པ་ཡིན་ནོ། །དེ་ལྟ་བུ་དེ་ནི་ཕྱི་མ་དང་འབྲེལ་པ་ཅན་གྱི་སྔ་མ་ཉིད་ཀྱིའམ། དེ་དང་བྲལ་བ་ཉིད་ཀྱང་རུང་སྟེ། ཐ་སྙད་ཀྱི་རྣམ་ པར་རྟོག་པས་གྲུབ་པ་ཡིན་གྱི། ཚད་མས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་གི་ངོ་བོ་ཞེས་བྱ་བ་ཤེས་པའི་ཡིན་གྱི་ཚད་མ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་རིགས་པ་གང་ལས་ཤེས་པ་ཡིན་ཞེ་ན། དེའི་ཚེ་ཚད་མ་ཉིད་ཀྱི་རང་གི་ངོ་བོ་རྗོད་པར་བྱེད་པ་ཉིད་ཁོ་ན་རིགས་པ་དང་འགལ་ བ་ཉིད་དུ་འགྱུར་གྱི། ཤེས་པའི་རང་གི་ངོ་བོ་རྗོད་པར་བྱེད་པ་ནི་མ་ཡིན་པར་བསྟན་པ་ནི། གཞན་ཡང་ཐ་སྙད་པའི་ཚད་མ་ཞེས་བྱ་བ་སྟེ། ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་བྱ་བ་འདིས་ནི་ཚད་མ་ཉིད་ཀྱི་རང་གི་ངོ་བོ་ཉིད་ནི་ཐ་སྙད་ལས་གྲུབ་པར་བསྟན་པ་ཡིན་ནོ། །དེ་མ་ཡིན་ན་དེ་རྗོད་པར་བྱེད་པ་དོན་མེད་པ་ཅན་དུ་འགྱུར་རོ། །དེ་ ལྟར་རྗོད་པར་བྱེད་པ་ཉིད་ལས་ཚད་མ་ཉིད་ནི་རང་གི་ངོ་བོ་ལས་གཞན་པ་ཡིན་ནོ། །རང་གི་ངོ་བོ་རྟོགས་བཞིན་པ་དེ་དང་འབྲེལ་པ་ཅན་ཆོས་ཅན་གྱི་ཤེས་པའི་ངོ་བོ་ཉིད་དུ་བསྟན་པ་ཡིན་ནོ། །གཞན་ནི་དབང་བྱེད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ངེས་པར་བཟུང་བ་གཉིས་པ་བསྟན་པ་ནི། འདི་ ལྟར་གལ་ཏེ་ཚད་མ་ཉིད་ཅེས་བྱ་བའོ། །གང་གིས་དེ་མ་ཐག་ཏུ་དོན་བྱེད་པ་ཉམས་སུ་མྱོང་བ་དེའི་ཤེས་པ་ནི། དེ་དང་འབྲེལ་པ་ཅན་ཉིད་ཚད་མ་ཉིད་ཡིན་པར་ཐ་སྙད་ཅེས་བྱ་བར་རྣམ་པར་རྟོག་པ་གང་ཡིན་པ་ལས་གྲུབ་པ་ཡིན་ལ། གང་ལ་དེ་མེད་པ་དེ་ལ་ཇི་ལྟར་ཐ་སྙད་ཀྱིས་གྲུབ་པ་ཡིན་སྙམ་ དུ་སེམས་པ་ལ། དེ་ཕྱིར་ཐ་སྙད་ཙམ་དུ་ཞེས་བྱ་བ་སྨོས་ཏེ། དེ་ཡང་ཐ་སྙད་ཙམ་སྟེ། དོན་བྱེད་པ་དང་འབྲེལ་པ་འཛིན་པར་བྱེད་པའི་རྣམ་པར་རྟོག་པས་རབ་ཏུ་གྲུབ་པ་སྟེ། བསྐྱེད་པ་ནི་དེ་དང་འདྲ་བར་མཐོང་བའི་རྟགས་ལས་བྱུང་བ་རྗེས་སུ་དཔག་པའི་ཚད་མ་གང་ཡིན་པ་དེ་ལ་བརྟེན་ནས་ གྲུབ་པ་ནི་དོན་བྱེད་པ་འབྲེལ་པ་སྟེ། གཞལ་བྱ་ལ་བརྟེན་ནས་འཇུག་པ་ཡིན་ཞེས་བྱ་བར་སྦྱར་རོ། །དེ་ནི་འདི་ཡིན་ནོ་ཞེས་བྱ་བ་ནི་ཚད་མའི་ངོ་བོ་བསྟན་པ་ཡིན་ལ། མཐོང་བས་ཞེས་བྱ་བ་ནི་གཞལ་བྱ་བསྟན་པ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་ལ་སྣང་བ་འདས་པའི་ དོན་བྱེད་པ་ལ་དམིགས་ནས་ས་ཕྱོགས་དེ་ཉིད་ཀྱི་དེ་སྒྲུབ་པར་བྱེད་པ་ཉིད་དུ་རྗེས་སུ་དཔོག་པ་ཡིན་ན་འཇུག་པའི་ཡུལ་དུ་གྱུར་པ་ཡིན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྣང་བའི་དོན་བྱེད་པར་སྒྲུབ་པར་བྱེད་པ་ཉིད་དུ་རྟོགས་ནས་འཇུག་པ་ཡིན་ཞེས་བྱ་བར་ནི་མི་རིགས་སོ། །འོ་ན་ཅི་ཞེ་ན། དེ་ཉིད་ མཐོང་བ་དེ་ཉིད་ཕྲད་བྱ་ཡིན་ནོ་ཞེས་ངེས་པས་འཇུག་པར་བྱེད་པ་ཡིན་པའི་ཕྱིར་རོ། །འོན་ཏེ་མཐོང་བའི་བྱ་བའི་རྗེས་སུ་འབྲངས་ནས་ཐ་དད་པར་རྣམ་པར་དཔྱོད་པས་བསྒྲུབ་བྱ་ཉིད་དང་། སྒྲུབ་བྱེད་ཉིད་དུ་བརྗོད་དོ། །དེ་ལྟ་ན་ཡང་མཐོང་བ་ནི་རང་གི་ངོ་བོའི་མཐར་ཐུག་པ་ཡིན་ པའི་ཕྱིར་སྒྲུབ་པར་བྱེད་པ་ཉིད་ནི་མ་ཡིན་ཏེ། དེས་རྟོགས་པར་བྱ་བའི་ཚད་མ་ནི་སྒྲུབ་བྱེད་ཉིད་ཀྱི་ཤེས་པ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་མཐོང་བས་ནི་ཞེས་བྱ་བའོ། །གཞན་ཡང་ཐ་སྙད་དུ་ནི་གཅིག་པའི་ཕྱིར་ཞེས་བྱ་བའོ། །གལ་ཏེ་ཡང་མཐོང་བས་ནི་དེ་སྒྲུབ་པར་བྱེད་ པའམ་ཅིག་ཤོས་ཀྱང་རུང་རྟོགས་པར་བྱེད་པ་མ་ཡིན་ཡང་མཐོང་བ་དང་ལྷན་ཅིག་བྱེད་པའི་བག་ཆགས་ལས་བྱུང་བ་ཉིད་ནི་མེ་དང་དུ་བ་བཞིན་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་ཡིན་པར་རྟོགས་པར་བྱེད་པ་ཡིན་ལ། དེ་ཉིད་ནི་དེ་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་དང་ཚོགས་པ་གཅིག་པའི་སྒྲུབ་བྱེད་ཉིད་དམ་ དེ་དང་ཡུལ་གཅིག་པ་ལ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་དེ་དང་གཅིག་པར་ཐ་སྙད་འདོགས་པ་པོ་སེམས་པ་ཡིན་ལ། དེའི་བསམ་པས་མཐོང་བ་དེ་ཉིད། འཐོབ་བྱ་དེ་ཉིད་ཡིན་པར་བརྗོད་དོ། །རྟོག་གེ་བའི་རྣམ་པར་རྟོག་པ་ཙམ་གྱི་ཡུལ་ནི་རྗེས་སུ་འགྲོ་ལྡོག་ལས་བྱུང་བ་དེ་སྒྲུབ་པར་བྱེད་པ་ཡིན་ ལ། ཕ་རོལ་པོས་བརྟགས་པའི་ཡན་ལག་ཅན་ལ་སོགས་པ་འགེགས་པར་བྱེད་པ་ཡང་ཡིན་གྱི། གང་དུ་འདི་ལྟ་བུའི་རྒྱུ་མཚན་དང་བྲལ་བ་རྣམ་པར་རྟོག་པ་ཙམ་ནི། མེའི་སྦྱིན་སྲེག་ལས་མཐོ་རིས་ཐོབ་པ་ཡིན་ཞེས་ཟེར་བ་བཞིན་དུ། དེ་ནི་ཚད་མ་མ་ཡིན་ཞེས་བྱ་བའི་དོན་ཏོ། །མངོན་ སུམ་ལ་སོགས་པ་ཚད་མར་མངོན་པར་འདོད་པའི་རང་གི་ངོ་བོ་ཉམས་སུ་མྱོང་བ་ཡིན་ན། དོན་བྱེད་པ་ཉམས་སུ་མྱོང་བ་ནི། རིག་བྱེད་ལ་སོགས་པའི་རྣམ་པར་རྟོག་པ་ལས་བྱེ་བྲག་ཏུ་བསྟན་པ་མ་ཡིན་ནམ། དེ་ཡང་རེས་འགའ་བ་ཉིད་ཡིན་པས་རྣམ་པར་རྟོག་པ་ཙམ་ལས་མི་སྲིད་དོ། །ཁྱབ་པས་ཚད་མར་མངོན་ པར་འདོད་པ་དེ་ལ་ཡང་། དེ་ཡོད་པ་མ་ཡིན་པའི་ཕྱིར་བྱེ་བྲག་མེད་པ་ཡིན་ནོ་སྙམ་དུ་སེམས་པས་ཟེར་བ་ནི། གལ་ཏེ་དོན་བྱེད་པ་ཐོབ་པར་བྱེད་པ་ཉིད་ཀྱིས་ཤེས་པར་བྱ་བའོ། །ཚད་མའི་ཐོབ་པར་བྱེད་པ་ཉིད་ནི་ཤེས་པར་བྱེད་པ་ཉིད་མ་ཡིན་ནམ། དེ་ཇི་ལྟར་བྱེད་པ་པོ་ཉིད་ཡིན་པར་སེམས་པ་ནི། དོན་མེད་ན་ནི་མེད་པའི་ཕྱིར་ཞེས་བྱ་བས་དོན་མེད་ན་མི་འབྱུང་བ་ཅན་ཉིད་ཡིན་པར་སེམས་པས་དེ་ལྟ་ན་ཡང་དོན་གྱི་འབྲས་བུ་ཞེས་བྱ་བར་སྨྲ་བར་རིགས་པ་ཡིན་ལ། ཇི་ལྟར་དོན་གྱི་བྱེད་པ་པོ་ཡིན་ཞེས་བྱ་བའོ། །གདོན་མི་ཟ་བར་འབྱུང་བར་འགྱུར་བའི་འབྲས་བུ་ནི་རྒྱུ་ཉིད་ཡིན་ནོ་ཞེས་བྱ་བའི་བསམ་པ་ ཡིན་པས་སྐྱོན་མེད་དོ། །དེའི་ཕྱིར་དོན་མེད་ན་མི་འབྱུང་བ་ཉིད་ཤེས་པའམ། དོན་མེད་ན་མི་འབྱུང་བ་ཉིད་ཀྱང་ངོ་ཞེས་བྱ་བའི་དགོངས་པས། ཤེས་པར་བྱེད་པ་པོ་དང་། དོན་བྱེད་པ་པོ་ཞེས་བྱ་བའི་རྣམ་པར་དབྱེ་བ་མེད་དོ། །གཅིག་གིས་འདོད་པའི་ལན་ནི། འབྲས་ལ་ཐེ་ཚོམ་ཡོད་ ཅེས་ཏེ། །ཞེས་བྱ་བ་ཡིན་ནོ། །འདི་ནི་ཆུ་ཡིན་ནོ་ཞེས་བྱ་བ་ཙམ་ནི་ཐ་སྙད་མ་ཡིན་ཏེ། ཁྲུས་ཙམ་མམ། བཏུང་བའམ་ཞེས་བྱ་བར་ཡང་མཐོང་བའི་ཕྱིར་རོ། །དེ་ལྟ་ཡིན་ན་དེ་ཉིད་དུ། དེ་དང་འབྲེལ་པ་ཅན་ཉིད་རིག་པར་འགྱུར་གྱི། ཆུ་བོ་ཞེས་བྱ་བ་ནི་མ་ཡིན་ནོ། །མ་ཡིན་ཏེ། ཁྲུས་ ལ་སོགས་པ་ལ་ནུས་པ་ཅན་དུ་བརྗོད་པའི་ཕྱིར་དང་། གཞན་འདོད་པ་མ་ཡིན་པའི་ཕྱིར་རོ། །མི་འདོད་པ་ནི་རྒན་པོ་རྣམས་ཀྱི་ཡང་ཐ་སྙད་ཀྱི་ཡུལ་མ་ཡིན་ནོ། །དེ་ཡང་། དེ་རྣམས་ཐར་པ་སྒྲུབ་བྱེད་པར། །རྟག་པར་རིག་བྱེད་ལས་རྟོགས་ཏེ། །དེ་དང་འདྲ་བས་ཆོས་ཉིད་ཡིན། །ཞེས་ ཀྱང་སྨོས་པའོ། །དེ་ལྟ་ཡིན་ན་འདི་ནི་ཆུའོ་ཞེས་བྱ་བ་ལ་སོགས་པའི་ཤེས་པའི་ཡུལ་ནི་དོན་བྱེད་ནུས་པའི་དངོས་པོ་ཡིན་གྱི་དོན་བྱེད་པ་ནི་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་དེ་དང་འབྲེལ་པའི་ཚད་མ་ཉིད་ཡིན། དངུལ་གྱི་ཤེས་པ་ནི་ཉ་ཕྱིས་ལ་མི་སླུ་བ་ཅན་མ་ཡིན་ལ། ནོར་བུའི་འོད་ལ་ནོར་བུའི་ཤེས་ པ་ནི་དོན་བྱེད་པ་ལ་མི་སླུ་བ་ཡིན་པའི་ཕྱིར་ཚད་མ་ཉིད་དུ་འགྱུར་རོ། །འོན་ཏེ་དོན་ནི་སྲེག་པ་ལ་སོགས་པ་ཡིན་ལ་བྱེད་པ་ནི་བྱ་བ་བྱེད་པ་ཡིན་ནོ། །བྱེད་པ་པོ་ཉིད་ནི་མེའི་ངོ་བོ་ཡིན་ལ། དེ་ལ་ཡང་མངོན་སུམ་ལ་སོགས་པ་མི་སླུ་བ་ཅན་ཉིད་ཡིན་ཏེ་ཐལ་ཆེས་པ་ནི་མ་ཡིན་ནོ། ། ལན་ནི། འབྲས་ལ་ཐེ་ཚོམ་ཡོད་ཅེས་ཏེ། །ཞེས་བྱ་བ་སྟེ། འདོད་པས་ཐབས་ཉིད་ཤེས་པ་ནི་འཇུག་པའི་ཡན་ལག་ཡིན་ཏེ། ཐབས་ལས་བྱུང་བ་ལས་ཐེ་ཚོམ་ཟ་བ་ཡིན་ཡང་ཐབས་ཉིད་ལ་མ་ངེས་པ་ཉིད་མ་ཡིན་ཏེ། མཐོང་བ་གཉིས་ལ་སོགས་པའི་དེའི་ངོ་བོ་ཉིད་ལ་ངེས་པ་ཡིན་པའི་ཕྱིར་རོ། །ཐེ་ཚོམ་ལ་ནི་ཚད་མ་ཉིད་དུ་ཁས་མི་ལེན་ པ་ཡིན་ནོ། །འདིར་སྨྲས་པ། སྐྱེས་བུ་འཇུག་དང་ལྡོག་བྱེད་ཀུན། །ཞེས་བྱ་བ་སྟེ། ཐབས་ཉིད་ལ་ངེས་པ་ལས་ཚད་མ་ཉིད་ཡིན་ན་ནི་རིག་བྱེད་ལས་བྱུང་བ་ལ་ཡང་འགྱུར་རོ། །མངོན་སུམ་ལ་སྣང་བ་ཉིད་ཀྱིས་ཚད་མ་ཡིན་ལ། རྗེས་སུ་དཔག་པ་ཅན་མཐོང་བ་ལས་སྒྲུབ་བྱེད་དུ་ངེས་པ་ ལས་སོ། །རིག་བྱེད་ལས་བྱུང་བ་ནི་དངོས་སུ་མཐོང་བ་ལས་མ་ཡིན་ལ། ངེས་པ་ཅན་མཐོང་བ་ལས་ངེས་པ་ཡང་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མེའི་ཕུང་པོ་ལ་སོགས་པ་མཐོ་རིས་ཀྱི་ཐབས་ཉིད་དུ་ངེས་པའི་ཕྱིར་དེའི་ངེས་པ་ཡང་ཁ་ཅིག་ཏུ་མཐོང་བ་ལས་ངེས་པ་མཐོང་བ་ཡིན་པའམ། ཁ་ཅིག་ཏུ་རྒྱུ་སྐྱོན་ཅན་མ་ཡིན་པའི་ཕྱིར་རྒྱུའི་སྐྱོན་མེད་པ་ནི་རིག་བྱེད་སྐྱེས་བུས་བྱས་པ་མ་ཡིན་པའི་ཕྱིར་རོ། །ངེས་པ་ཅན་མཐོང་བ་ཁོ་ན་ལས་ངེས་པ་ནི་མ་ཡིན་ཏེ། གཞན་དུ་ཡང་མཐོང་བའི་ཕྱིར་རོ། །མཐོང་བ་ཡང་ཚད་མ་ཡིན་པ་ནི་ཐབས་ལས་བྱུང་བ་ལ་ཐེ་ཚོམ་ཡིན་ཡང་དེ་ནི་དོན་གྱིས་ ཐབས་ཉིད་རིག་པ་ཡིན་ནོ། །ཇི་ལྟར་ངེས་པར་བྱེད་ཅེ་ན། དེ་ནི་ཅིག་ཤོས་ལ་ཡང་མཚུངས་སོ། །དེ་ལ་ཐབས་ལས་བྱུང་བ་ཁ་ཅིག་ཏུ་མཐོང་བ་ཡིན་ལ། གཞན་དུ་ནི་དེ་དང་འདྲ་བ་མཐོང་བ་ལས་ངེས་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ལ་ཐབས་ལས་བྱུང་བ་ངེས་པ་ཉིད་ལས་ཚད་ མ་ཉིད་དུ་གྱུར་པ་ཡིན་ལ། རིག་བྱེད་ལས་ནི་ཐབས་ལས་བྱུང་བ་མ་མཐོང་བ་ལས་ན་ཐམས་ཅད་ཇི་ལྟར་ངེས་པར་བྱེད་པ་ཡིན། འོན་ཏེ་གཉི་ག་ཡང་རིག་བྱེད་ཉིད་ལས་ངེས་པ་ཡིན་ལ། རྒྱུའི་སྐྱོན་མེད་པས་རྗེས་སུ་དཔག་པ་བཞིན་དུ་ཚད་མ་ཡིན་ནོ། །མ་ཡིན་ཏེ། རྗེས་སུ་དཔག་པ་ནི་ མཐོང་བ་དང་ཆོས་མཐུན་པ་ཉིད་ཀྱིས་ཚད་མ་ཡིན་པའི་ཕྱིར་རོ། །རིག་བྱེད་ལ་ནི་མཐོང་བ་དཔེར་བྱ་བ་གང་ན་ཡང་མེད་དོ། །སྔར་མཐོང་བ་ཁོ་ན་མཐོང་བ་ཉིད་ཡིན་ནོ་ཞེ་ན། མ་ཡིན་ཏེ། རང་གི་ངོ་བོ་མ་མཐོང་བའི་ཕྱིར་རོ། །མངོན་སུམ་ལ་ཡང་དོན་བྱེད་པའི་ངོ་བོ་མཐོང་བ་མ་ཡིན་ནོ། །དེ་དང་ འབྲེལ་པ་ངེས་པར་བྱེད་པ་ཡིན་ནོ་ཞེས་སྔར་བསྟན་པ་ཡིན་ཏེ། འབྲེལ་པ་ནི་དོན་བྱེད་པའི་ངོ་བོ་ཉེ་བ་ཡིན་ལ། དེ་ཉིད་ཀྱིས་ན་ཐ་སྙད་གྲུབ་པ་ཡིན་ནོ། །དེ་ལྟ་ཡིན་ན་རིག་བྱེད་ལ་ཡང་དེའི་ངོ་བོར་ཐ་སྙད་ལས་གྲུབ་པའི་ཕྱིར་མི་མཐུན་པ་མེད་དོ། །རྒྱུའི་སྐྱོན་མེད་པར་ཇི་ལྟར་ངེས་པ་ཡིན། སྐྱེས་བུས་བྱས་པ་མ་ཡིན་པ་ཉིད་ཀྱིས་དེའི་སྐྱོན་འཕོ་བ་ནི་མི་སྲིད་པའི་ཕྱིར་རོ། །རབ་རིབ་ཅན་གྱི་ཤེས་པ་ལ་ཡང་སྐྱོན་འཕོ་བ་མེད་པའི་ཕྱིར་ཚད་མར་འགྱུར་རོ། སྒྲ་ལ་ནི་རིག་པ་འདི་ཡིན་ཏེ། འདི་ལྟར་སྐྱེས་བུའི་སྐྱོན་ཡོད་པ་དང་མེད་པ་དག་གིས་ཚད་མ་དང་ཅིག་ཤོས་ཉིད་ཡིན་ལ། བདག་ཉིད་ལ་ནི་གཞན་དུ་ཡིན་ནོ་ཞེ་ན། དེ་ལྟ་ནི་མ་ཡིན་ཏེ། སྐྱེས་བུས་བྱས་པ་ལ་ནི་དེའི་སྐྱོན་མེད་པ་དང་ཡོད་པ་དག་གིས་ཚད་མ་དང་། ཅིག་ཤོས་དག་རིགས་པ་ཡིན་ན། སྐྱེས་བུས་མ་བྱས་པའི་རིག་བྱེད་ལས་བྱུང་བའི་མངོན་སུམ་ལ་སོགས་པ་ལ་ནི་རང་ལ་སྐྱོན་མེད་པ་དང་ཡོད་པ་དག་ཁོ་ ནས་ཚད་མ་དང་ཅིག་ཤོས་ཉིད་ཡིན་པའི་ཕྱིར་སྐྱེས་བུས་མ་བྱས་པ་ཉིད་ལ་ཡང་རང་ལ་ཡོད་པའི་སྐྱོན་མེད་པར་མ་ངེས་པ་མ་ཡིན་ནོ། །སྒྲ་ལས་བྱུང་བ་ཉིད་ཀྱིས་མཚུངས་པ་ཡིན་ཡང་སྐྱེས་བུས་བྱས་པ་མ་ཡིན་པ་ལས་ནི་མ་ཡིན་ནོ་ཞེ་ན། ཤེས་པ་ཉིད་ཀྱིས་ཡིན་པར་ནི་མཚུངས་པ་ཡིན་ལ། རབ་རིབ་ཅན་ལས་ཤེས་པ་ནི་མ་ཡིན་ཏེ། རིག་བྱེད་ཀྱིས་རིགས་པ་རབ་རིབ་ཅན་ལ་ཡང་ཡིན་པར་འགྱུར་རོ། །ཐབས་ཀྱི་ངེས་པ་ཅན་ཉིད་ཀྱིས་འཇུག་པའི་ཡན་ལག་མ་ཡིན་པ་ནི་རྟོགས་པའི་མཚན་ཉིད་ཀྱིས་ངེས་པར་རྟོགས་པ་ལ་ཡང་འཇུག་པ་མ་ཡིན་ཏེ། འཇུག་པར་མི་འདོད་པ་མེད་པར་ ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་དོན་བྱེད་པའི་ངོ་བོ་མི་རྟོགས་པའི་ཕྱིར་དེའི་དོན་དུ་འཇུག་པ་ཡིན་ནོ་ཞེ་ན། ཇི་ལྟར་གཞན་དུ་རྟོགས་པ་ལ་གཞན་ལ་འཇུག་པ་ཡིན། དེས་ན་དེའི་ངེས་པ་ཉིད་ནི་འཇུག་པ་ལ་སྦྱོར་བར་བྱེད་པ་ཡིན་གྱི། ཐབས་རྟོགས་པ་ནི་མ་ཡིན་ནོ། །འདི་ནི་ཡོད་པ་ མ་ཡིན་པའི་ཕྱིར་འཇུག་པ་ལ་སྦྱོར་བར་བྱེད་པ་མ་ཡིན་ལ། སྦྱོར་བར་བྱེད་པ་མ་ཡིན་པ་ཐབས་དེ་མ་ཡིན་པ་ཉིད་ཀྱི་ངེས་པ་གཞན་དག་ཡོད་ཀྱང་དགོས་པ་ཅི་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དོན་བྱེད་པ་སྒྲུབ་པར་བྱེད་པའི་ཤེས་པ་ལས་དུས་ཕྱིས་འབྱུང་བར་འགྱུར་བ་ཚོགས་ པ་གཞན་ལ་ལྟོས་པ་ནི་རེས་འགའ་ཡིན་གྱི། སྒྲུབ་པར་བྱེད་པའི་ཤེས་པས་ངེས་པར་བྱེད་པ་ནི་མི་ནུས་པ་མ་ཡིན་ནམ། ནུས་པ་ཡིན་ན་ནི་སྒྲུབ་པར་བྱེད་པ་ངེས་པས་དོན་བྱེད་པ་ལ་འཇུག་པར་བྱེད་པ་ཡིན་གྱི། གཞན་དུ་ངེས་ལ་གཞན་ལ་ཇི་ལྟར་འཇུག་པ་ཡིན་ཞེས་བྱ་བ་བརྗོད་བྱ་མ་ཡིན་ཏེ། དྲན་པ་དང་མངོན་པར་འདོད་པ་དག་གི་སྐྱེད་བྱེད་ཡིན་ན་འཇུག་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་ཐ་སྙད་འདི་ནི་སྲོག་དང་བཅས་པ་ཙམ་ཡིན་ནོ་ཞེས་སྨོས་པའོ། །སྒྲུབ་པར་བྱེད་པ་དམིགས་པ་ཡིན་ན་དེ་ལས་དྲན་ནོ། །དེ་ལས་འདོད་པ་དང་འཇུག་པ་དང་ཕྲད་པ་ཡང་ཡིན་ནོ་སྙམ་དུ་ སེམས་པས་ཚད་མས་ནི་དོན་ཤེས་པར་བྱ་བ་ཡིན་གྱི་ཞེས་ཟེར་བ་ལ་ལན་དུ། གང་གི་དོན་དུ་འདི་རྩོམ་པ། །ཞེས་བྱ་བའོ། །གལ་ཏེ་ཉམས་སུ་མྱོང་བ་ལ་དྲན་པ་ཡིན་ན། ཇི་ལྟར་དེ་ལ་འདོད་པའམ་འཇུག་པ་ཡིན། དེ་སྒྲུབ་པར་བྱེད་པར་འདོད་པ་ཡིན་ནོ་ཞེ་ན། དེ་ཡང་ཐོབ་པ་ མ་ཡིན་ནོ། །འོན་ཏེ་དེས་བསྒྲུབ་པར་བྱ་བ་དོན་བྱེད་པ་ལ་ཡིན་ན། དེའི་ངེས་པ་ཅན་མ་ཡིན་ན་དེ་ལ་དྲན་པའམ་འདོད་པ་ཇི་ལྟ་ཡིན་པ་བསམ་དགོས་སོ། །མ་གྲུབ་པ་དེ་མ་ངེས་པས། །བསྒྲུབ་བྱ་སྟེ་དོན་བྱེད་པའི་ངོ་བོ་དང་འབྲེལ་པ་གང་གི་ཡིན་པ་དེ་ལྟར་རོ། །སྒྲུབ་པར་བྱེད་པ་ངེས་པ་ ཡིན་ཡང་དོན་བྱེད་པ་ལ་ཐེ་ཚོམ་ཟ་བ་ལས་ནི་འཇུག་པ་ཉིད་མ་ཡིན་ཏེ། ཐོབ་བྱ་དོན་བྱེད་པ་ལ་སྒྲུབ་པར་བྱེད་པ་ཉིད་དུ་མ་ངེས་པའི་ཕྱིར་དང་། རིག་བྱེད་ཀྱི་ཤེས་པ་ལས་ཀྱང་མེའི་སྦྱིན་སྲེག་སྒྲུབ་བྱེད་ཉིད་དུ་ངེས་པ་ཡིན་ན། འབྱུང་བར་འགྱུར་པ་མཐོ་རིས་ཀྱི་དོན་བྱེད་པ་ལ་ཐེ་ཚོམ་ཟ་ བཞིན་དུ་འཇུག་པར་ཐལ་བར་འགྱུར་རོ། །དེ་དང་འདྲ་བའི་རྗེས་སུ་དཔག་པ་ལས་འཇུག་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། འདས་པའི་དོན་བྱེད་པ་སྒྲུབ་པར་བྱེད་པ་ཉིད་ནི་མངོན་སུམ་ཡིན་པའི་ཕྱིར་རོ། །གང་ལ་འཇུག་པ་དེ་ལ་ཚད་མ་མ་ཡིན་པའི་ཕྱིར་ཐབས་ཀྱིས་ངེས་པ་ནི་འཇུག་པ་ལ་ སྦྱོར་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དགོངས་པས། གལ་ཏེ་གསལ་བར་བྱས་པའི་ཞེས་བྱ་བ་སྨོས་སོ། །འོན་ཏེ་བྱུང་བར་གྱུར་པའི་རྗེས་སུ་འབྲངས་ནས་འབྱུང་བར་འགྱུར་བའི་དོན་བྱེད་པ་སྒྲུབ་པར་བྱེད་པ་ཉིད་ཁོ་ན་སྒྲུབ་བྱེད་ཀྱི་ཤེས་པས་ངེས་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་ དོན་བྱ་བ་བྱེད་པ་ཞེས་བྱ་བའོ། །དོན་སྒྲུབ་པར་བྱེད་པའི་དངོས་པོ་ནི་འབྱུང་བར་འགྱུར་བའི་དོན་བྱེད་པ་སྒྲུབ་པར་བྱེད་པའོ། །དོན་བྱེད་པ་ནི་སྔོན་པོ་ལ་སོགས་ངོ་བོ་མཐོང་བ་ལས་འབྱུང་བར་འགྱུར་བའི་དངོས་པོ་གཞན་ཡིན་ནམ། མེ་ལ་སོགས་པ་ལ་ནི་རེག་པ་ཡིན་ལ། ཆུ་ལ་སོགས་པ་ལ་ ནི་བཏུང་བ་དང་། ཀུན་དུ་རེག་པ་དག་ཡིན་ཏེ། དེ་ལྟ་བུ་ཐམས་ཅད་སྒྲུབ་པར་བྱེད་པའི་ཤེས་པ་ཉིད་ཀྱིས་སྟོན་པ་ཡིན་ནོ། །དེ་ལྟ་མོད་ཀྱི་དེ་ནི་སྣང་བཞིན་པའི་དོན་ངེས་པར་བྱེད་པ་ཉིད་ཀྱིས་ཚད་མ་ཡིན་ལ། མ་ངེས་པ་ལ་ནི་སྐད་ཅིག་མ་ཉིད་བཞིན་དུ་འཇུག་པར་བྱེད་པ་མ་ཡིན་པའི་ ཕྱིར་ཚད་མ་ཡིན་ནོ། །ངེས་པ་ཡང་འདི་ནི་སྔོན་པོའི་ཞེས་སྐད་ཅིག་མ་གང་ལ་མཐོང་བ་དེའི་རྒྱུན་ཡུལ་ཡིན་པའམ། དེ་དང་ཚོགས་པ་གཅིག་པ་ཅན་གྱི་བསྐྱེད་བྱའི་རྒྱུན་ཡུལ་ཡིན་པའོ། །མཐོང་བ་ནི་དེ་སྐྱེད་པར་བྱེད་པ་ལས་དེ་དང་མཚུངས་པའི་ཡུལ་ལ་ཚད་མར་འགྱུར་བ་ཡིན་གྱི། དེ་ནི་ བདག་ཉིད་དམ་ཡུལ་ཡང་རུང་སྟེ་རྗེས་སུ་དཔག་པ་བཞིན་དུ་ཐོབ་བྱའི་དེ་མ་ཐག་པར་ངེས་པར་བྱེད་པ་ལས་ནི་ཚད་མ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སོ་སོར་སྣང་བཞིན་པའི་དོན་ལ་ངེས་པར་བྱེད་པ་ཉིད་ཀྱིས་ཡིན་ནོ། །དེ་ཉིད་ཀྱིས་ན་མངོན་སུམ་ནི་རྗེས་སུ་དཔག་པ་ལས་ཐ་དད་པ་ཡིན་ནོ་སྙམ་ དུ་སེམས་པ་ལ། གང་གིས་འཇལ་བར་བྱེད་ཅིང་ཞེས་བྱ་བ་སྨོས་ཏེ། བདེན་ཏེ། འདི་ནི་སྔོན་པོའོ་ཞེས་བྱ་བ་ནི་སྔོན་པོ་མ་ཡིན་པ་ལས་ལོག་པ་མ་ཡིན་ཡང་སྔོན་པོ་ནི་སྔོན་པོ་གཞན་ལས་ཀྱང་ལོག་པར་ངེས་པར་བྱེད་པ་ཡིན་ནོ། །འདི་ནི་དུང་ལ་སེར་པོ་ལ་སོགས་པའི་ཤེས་པ་ལ་ཡང་མཚུངས་ སོ། །འོན་ཏེ་དེ་ནི་གནོད་བྱ་ཡིན་ལ། གནོད་བྱ་མ་ཡིན་པ་ནི་ཚད་མ་ཡིན་ཏེ། གནོད་པ་ཅན་མེད་པ་ལས་འཁྲུལ་པར་མ་གྲུབ་པའི་ཕྱིར་རོ། །འབྱུང་བར་འགྱུར་བའི་ཡུལ་མི་འཛིན་པ་ཁོ་ན་འདིའི་གནོད་བྱ་ཉིད་མ་ཡིན་ནམ། དེ་འདི་ཚད་མར་མངོན་པར་འདོད་པ་ལ་ཡང་མཚུངས་སོ། ། འོན་ཏེ་འཛིན་པ་ཡིན་ཡང་གནོད་བྱ་ཉིད་དུ་ནི་མི་བདེན་པ་ཡིན་ལ། གནོད་བྱ་མ་ཡིན་པ་ཉིད་དུ་ནི་བདེན་པ་ཉིད་ཡིན་ནོ། །གལ་ཏེ་དེའི་ཚེ་ཉིད་ཐོབ་བྱ་རྟོགས་པ་ཡིན་ན་ཅིའི་དོན་དུ་འཇུག་པར་བྱེད། འོན་ཏེ་ཐོབ་བྱ་མ་རྟོགས་པ་ཡིན་ན་དེ་ལྟ་མོད་ཀྱི་ངེས་པ་ཡིན་པ་མ་རྟོགས་པ་དེ་ ལྟ་ན་ཡང་ངེས་པ་ཡིན་པའི་ཕྱིར་ཇི་ལྟར་འདོད་པ་དང་ངེས་པ་དག་གི་ཡུལ་གཅིག་ཉིད་ཡིན། འོན་ཏེ་རྟོགས་པའི་རྣམ་པར་དཔྱོད་པའི་ངེས་པ་རྗེས་སུ་དྲན་པ་ལས་དེ་ལྟ་བུར་ངེས་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་དུ་ཟིན་ཀྱང་རྣམ་པར་དཔྱད་པའི་ཡུལ་ལ་རྟོགས་པའི་བྱ་བ་ལ་དེ་ནི་རྟོག་པ་མེད་པ་ལས་ འབྱུང་བ་ཡིན་གྱི། ངེས་པ་རྟོགས་པ་དང་ལྷན་ཅིག་ཡུལ་གཅིག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱེད་པར་ངེས་པ་མ་ཡིན་ཡང་དོན་ཙམ་ལས་ངེས་པ་ཡིན་ན་འཇུག་པ་ཡིན་ལ། རིག་བྱེད་ལས་ཀྱང་མཐོ་རིས་ལ་མ་ངེས་པ་ཡིན་ཡང་། མེའི་སྦྱིན་སྲེག་ལ་ངེས་པ་ཡིན་ན་བྱེ་བྲག་མེད་པ་ལས་ འཇུག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ན་མངོན་སུམ་བཞིན་དུ་རིག་བྱེད་ལས་བྱུང་བ་ཡང་ཚད་མར་འགྱུར་རོ། །དོན་བྱེད་པའི་ངོ་བོར་སྔར་མངོན་སུམ་གྱིས་མཐོང་བ་ཡིན་ན་དེ་དང་འདྲ་བར་མཐོང་བ་ལས་སྲིད་པ་ནི་དེའི་རང་གི་ངོ་བོ་ཡིན་པའི་ཕྱིར་དེའི་རིགས་སུ་འགྱུར་གྱི། རིག་བྱེད་ལ་ ནི་དེ་ལྟར་མཐོང་བའམ། དེའི་རིགས་ཡིན་པའམ། སྲིད་པར་བྱེད་པ་མ་ཡིན་ཏེ། མཐོང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་མེད་པ་ལ་དེ་སྲིད་པ་ནི་རི་རབ་ཀྱི་སྟེང་ན་རི་བོང་གི་རྭ་སྲིད་པ་བཞིན་དུ་ཐེ་ཚོམ་ཡོད་པའི་ཕྱིར་ཚད་མ་མ་ཡིན་ནོ། །དེ་བསྟན་པ་ནི། རང་གི་ངོ་བོ་དོན་བྱེད་པའི། །ངེས་པ་རིག་ པ་མ་ཡིན་ཕྱིར། །ཞེས་བྱ་བའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ་རྣམ་པར་ཤེས་པ་ལ་ནི་ཐམས་ཅད་དུ་དོན་བྱེད་པ་དང་འབྲེལ་པ་ཁོ་ན་ཡིན་པར་རྟོགས་པར་བྱེད་པ་ཡིན་ནོ། །འདི་སྔོན་པོའོ་ཞེས་བྱ་བ་ནི་དོན་བྱེད་པར་ནུས་པའི་ངོ་བོ་ཡིན་གྱི་དངོས་པོ་ཙམ་ནི་མ་ཡིན་ཏེ། ནུས་པ་ཉིད་ཀྱང་འབྲེལ་པ་ཁོ་ ན་ཡིན་ལ། དེ་ཉིད་ནི་དེ་ཁོ་ན་ཉིད་ཀྱིས་ཤེས་པའི་ཡུལ་ཡིན་ཞེས་བྱ་བ་ཡང་དེ་དང་དེར་བསྟན་ཟིན་ཏོ། །ཤེས་པ་ལ་ནི་གང་ལ་ངེས་པ་ཅན་གྱི་དོན་བྱེད་པ་ཐོབ་པ་དེ་ལ་དེའི་འབྲས་བུ་ཉིད་དམ། དེའི་རྒྱུ་ཉིད་དམ། དེའི་རང་བཞིན་ཉིད་ལས་ཚད་མ་ཉིད་ཡིན་ནོ། །དེ་ལྟ་ཡིན་ན་གང་ལ་དེའི་ ཚེ་ཁོ་ན་དོན་བྱེད་པ་མེད་པའི་ཤེས་པ་དེ་ཇི་ལྟར་ཚད་མ་ཡིན། ཇི་ལྟར་ཡང་མ་ཡིན་ཏེ། དེ་ཡང་དོན་གྱི་བྱ་བ་བྱེད་པ་གལ་ཏེ་དོན་གསལ་བར་བྱེད་པ་མ་ཡིན་ན། དེ་དང་རབ་རིབ་ཅན་གྱིས་མཐོང་བའི་སྐྲ་ཤད་ལ་སོགས་པ་དོན་མེད་པ་དང་ཁྱད་པར་ཅི་ཞིག་ཡོད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ ནོ། །དེའི་ཕྱིར་རིག་བྱེད་ལ་དོན་བྱེད་པ་ཉིད་ལ་མི་སླུ་བ་མེད་དོ། །མངོན་སུམ་ལ་སོགས་པ་ལ་ནི་དོན་བྱེད་པ་ལ་སླུ་བར་བྱེད་པ་མེད་དོ། །དེ་ལྟ་བར་བསྟན་པ་ནི། མི་སླུ་བ་མེད་པའི་རིག་བྱེད་ལ་སོགས་པ་ལས་རྗེས་སུ་དཔག་པ་ལ་སོགས་པའི་ཁྱད་པར་དང་ཚད་མ་ཐམས་ཅད་ལ་སྐུར་པ་འདེབས་པ་ སེལ་བར་བྱེད་པ་ཡང་བསྟན་པ་ཡིན་ནོ། །དོན་དེ་སྲེག་པ་ལ་སོགས་པར་བྱེད་པ་སྟེ། བྱེད་པ་པོ་ཉིད་ཡིན་པར་བཤད་པ་ཡིན་ན། ཁྱད་པར་མ་བསྟན་པར་འགྱུར་རོ། །དོན་ཡོངས་སུ་བཅད་ནས་ཞེས་བྱ་བས་དོན་རྟོགས་པའི་ཕྱིར་རོ། །དོན་ཞེས་བྱ་བས་ཀྱང་ནུས་པའི་ངོ་བོ་བསྟན་པ་ནི། དོན་ བྱེད་ནུས་པ་གང་ཡིན་པ། །དེའི་འདིར་དོན་དམ་ཡོད་པ་ཡིན། །ཞེས་བྱ་བའི་ཚིག་གིས་སོ། །དེའི་ཕྱིར་དོན་བྱེད་པ་ལ་མི་སླུ་བ་ཉིད་ནི་ཐམས་ཅད་དུ་རྟོགས་པས་གྲུབ་པ་ཡིན་ལ། དེ་ཡང་། ཁ་ཅིག་ཏུ་དེ་བདེན་པ་དེར་ནི་ཚད་མ་ཉིད་ཡིན་ལ། གཞན་དུ་ནི་མི་བདེན་པ་ཡིན་པའི་ཕྱིར་ཚད་མ་ ཉིད་མ་ཡིན་ནོ། །དེ་ཡང་གཞན་ཉིད་ལས་དེ་ཐ་སྙད་ཀྱི་མིང་ཅན་ལས་གྲུབ་པ་ཡིན་པའི་ཕྱིར་གཞན་ལས་ཞེས་བརྗོད་ལ། དོན་རྟོགས་པ་ཉིད་དུ་ནི་རང་རིག་གི་ངོ་བོ་རིག་པ་ཁོ་ན་ཡིན་པར་ངེས་པའོ། །དེའི་ཕྱིར་རིག་བྱེད་བཞིན་དུ་དོན་བྱེད་པ་ལ་ཚད་མ་མ་ཡིན་ཏེ། རྩོད་པའི་གཞིར་གྱུར་པ་ཡིན་པར་ བསྟན་ཏོ། །སླུ་བར་བྱེད་པ་མ་ཡིན་པ་ཞེས་བྱ་བ་ནི་ད་ལྟ་བར་ཉེ་བར་བསྟན་པ་ཁོ་ནས་ཡིན་ཞེས་དགོངས་པའོ། །མི་སླུ་བར་ངེས་པ་ཅན་ཡང་རྒྱུན་དུ་འབྱུང་བའི་ཤེས་པ་རྒྱུ་མཚན་འགའ་ཞིག་གིས་ནི་ཚད་མ་མ་ཡིན་ན། མི་སླུ་བ་མ་ཡིན་པ་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །དོན་ཡོངས་ སུ་བཅད་ནས་ཞེས་བྱ་བ་ནི་དོན་བྱེད་པ་དང་འབྲེལ་པ་རྟོགས་པ་ཡིན་པར་བསྟན་པ་ཡིན་ནོ། །དོན་བྱེད་པ་ལ་སླུ་བར་བྱེད་པ་མ་ཡིན་པ་ཞེས་བྱ་བ་ནི་དེ་དང་འབྲེལ་པར་བདེན་པ་ཉིད་ཀྱི་ཚད་མ་ཉིད་དུ་བསྟན་པ་ཡིན་ནོ། །གཞན་གྱིས་བཤད་པ་ཡང་མི་བདེན་པའི་དོན་དུ་འགྱུར་བ་མ་ཡིན་ནམ། དེ་ལྟ་ན་འབྲེལ་པ་ཅན་དག་གི་གཉིས་པོ་དག་ཀྱང་ཡོད་པས་འབྲེལ་པ་བདེན་པ་ཉིད་དུ་བསྟན་པ་ཡིན་གྱི། རབ་རིབ་ཅན་གྱིས་མཐོང་བའི་སྐྲ་ཤད་ལ་སོགས་པ་དང་བྱེ་བྲག་མེད་པའི་ཕྱིར་གཞན་གང་ཡང་རུང་བ་ནི་མ་ཡིན་ནོ། །དོན་ཡོངས་སུ་བཅད་ན་ཞེས་བྱ་བ་སྒྲུབ་ བྱེད་དང་དོན་བྱེད་པའི་ཞེས་བྱ་བ་བསྒྲུབ་བྱ་དང་། འཇུག་བཞིན་པ་ཞེས་བྱ་བས་ནི་མི་སླུ་བའི་རྒྱུ་མཚན་བསྟན་པ་ཡིན། འཇུག་པ་ཙམ་གྱི་འབྲས་བུ་ལ་ཚད་མ་མ་ཡིན་ལ། རིག་བྱེད་ལས་བྱུང་བ་ནི་འཇུག་པ་ཙམ་འབྲས་བུ་ཡིན་ལ། དེ་ནི་སྐྱེ་བ་འདི་འམ། །སྐྱེ་བ་གཞན་ཉིད་དུ་དོན་བྱེད་པ་ འཐོབ་པའི་རྒྱུ་མ་ཡིན་ཏེ། མ་མཐོང་བའི་ཕྱིར་དང་། ཐེ་ཚོམ་ཟ་བའི་ཕྱིར་ཡང་ངོ་། །རྟོགས་པར་བྱེད་པ་ཉིད་ཚད་མ་ཉིད་ཡིན་ཡང་། དེ་ཡང་འབྱུང་བར་འགྱུར་བའི་སྐྱེས་བུའི་དོན་ཏེ། ཡུལ་ལ་མངོན་སུམ་དང་རྗེས་སུ་དཔག་པ་དག་ལ་ཡོད་པ་ཡིན་གྱི། རིག་བྱེད་ལ་སོགས་པ་ལ་ནི་མ་ ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་དག་གིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མེ་ལ་ངེས་པ་ཉིད་ཀྱི་དུ་བའི་ཤེས་པ་ལས་མེ་ལ་ངེས་པ་ནི་མེ་མ་ཡིན་པ་དགག་པ་མེད་ན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐབས་ལས་བྱུང་བ་ལ་འཇུག་པ་ལ་སྦྱོར་བར་བྱེད་པ་ཉིད་ནི་ངེས་པ་ཡིན་པར་བསྟན་པ་ནི། དོན་བྱེད་ པའི་ཤེས་པ་གང་ཡིན་པ་ཞེས་བྱ་བ་སྟེ། དེ་དོན་བྱེད་པ་ཞེས་བྱ་བ་ནི་འདི་ཉིད་དོན་བྱེད་པ་ཡིན་ལ། སྒྲུབ་པར་བྱེད་པ་ཡང་དེ་ཡིན་ལ་ཤེས་པར་བྱེད་པ་ཡང་དེ་ཡིན་ནོ། །ཐབས་ལས་བྱུང་བ་ནི་འབྱུང་བར་འགྱུར་བ་ཉིད་ཡིན་པའི་ཕྱིར་སྔར་མེད་པ་ཉིད་མ་ཡིན་ནམ། དེའི་ཚེ་དེ་ཇི་ལྟར་ཤེས་ པ་ཡིན་སྙམ་དུ་སེམས་པ་ལ། སྔར་གྱི་སྒྲུབ་པར་བྱེད་པའི་ཤེས་པ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་འདི་ལྟ་བུར་དམིགས་ནས་དེ་དང་ཕྲད་པའི་དུས་སུ་འབྱུང་བར་མཐོང་བ་ཡིན་ན། དེས་ན་འདིར་ཡང་ཕྲད་པའི་དུས་སུ་འབྱུང་བ་ཡིན་ལ། གལ་ཏེ་དོན་དེ་བསྟན་པ་ཉིད་དུ་ངེས་པར་འགྱུར་བར་ བྱེད་པ་མ་ཡིན་ན། སྔར་གྱི་སྒྲུབ་པར་བྱེད་པ་དོན་ཡིན་ཏེ། ཐ་དད་པའམ་ཅིག་ཤོས་ཀྱི་ཤེས་པར་དེའི་ཚེ་འགྱུར་ཞེས་བྱ་བར་སྦྱར་རོ། །ངེས་པར་གཟུང་བ་ནི་ངེས་པ་མ་ཡིན་ནམ། མངོན་སུམ་ནི་འབྱུང་བར་འགྱུར་བ་ལ་སྔ་མ་རང་བཞིན་དུ་ངེས་པར་གཟུང་བར་འགྱུར་བར་བྱེད་པ་ མ་ཡིན་ཏེ། ཉེ་བའི་སྣང་བ་ཡིན་པའི་ཕྱིར་རོ་ཞེ་ན། སྔ་མའི་རང་བཞིན་ནི་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སྔོན་པོའི་ཤེས་པ་ནི་དེ་ཡོད་ན་གདོན་མི་ཟ་བར་ཡོད་པ་ནི་དེའི་རང་བཞིན་ཡིན་ལ། དེ་བཞིན་དུ་འབྱུང་བར་འགྱུར་བ་ཡང་སྔ་མ་ཡོད་ན་གདོན་མི་ཟ་བར་ཡོད་པས་རང་བཞིན་ཁོ་ན་ཡིན་ཏེ། རང་ བཞིན་གྱི་ཐ་སྙད་ནི་དེ་དག་ཙམ་གྱི་རྒྱུ་མཚན་ལས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་སུ་ན་ཞེས་བྱ་བ་ནི་དེ་ཡོད་ན་གདོན་མི་ཟ་བར་ཡོད་པ་ཁོ་ན་རང་བཞིན་ཐ་སྙད་ཀྱི་རྒྱུ་མཚན་ཡིན་ཏེ། གཅིག་པ་ཉིད་ལ་སོགས་པ་མེད་པའི་ཕྱིར་རོ། །གཅིག་ཅེས་བྱ་བ་ནི་ཅུང་ཟད་ཀྱང་མེད་དེ་རྒྱ་ཆེ་བར་མཐོང་ བ་ལས་སྟེང་དང་འོག་གི་ཆ་ལ་སོགས་པ་རྣམས་ཀྱི་ཡུལ་དང་ཕྱོགས་ལ་སོགས་པའི་གཅིག་ལས་གཅིག་གི་དབྱེ་བས་རང་བཞིན་ཐ་དད་པར་རིག་པ་ཡིན་ན། གཅིག་ཉིད་ཀྱི་ཐ་སྙད་ཀྱི་ཡུལ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལས་འབྱུང་བའི་མཐུ་ཡིས་ནི། །ཞེས་བྱ་བས་བཤད་ པར་འདོད་ནས། ཡང་ན་གདོན་མི་ཟ་བར་འབྱུང་བ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སྣང་བ་ནི་སྔ་མ་དང་ཕྱི་མ་དག་གིས་ཐ་དད་པ་ཡིན་གྱི་གཅིག་ཉིད་ནི་མ་ཡིན་ནོ། །དེ་ལྟ་མོད་ཀྱི་སྔ་ན་ཡོད་ན་འབྱུང་བའི་ཕྱིར་ཕྱི་མ་ནི་འབྲས་བུ་ཉིད་ཡིན་ནོ། །དེ་ལྟ་ཡིན་ན་འཛིན་པ་དང་མི་འཛིན་པ་ལ་ གཅིག་པ་དང་དུ་མའི་ཐ་སྙད་གང་ལ་ཡིན། གང་ལ་འཛིན་པ་ན་གང་ཞིག་གདོན་མི་ཟ་བར་འཛིན་པར་བྱེད་པ་དེ་ནི་དེ་ལས་ཐ་མི་དད་པ་ཡིན་ལ་གཞན་ནི་ཐ་དད་པ་ཡིན་ནོ། །འཛིན་པ་ཡིན་ཡང་ཡུལ་དང་རྣམ་པ་ལ་སོགས་པའི་དབྱེ་བ་ནི་ཐ་དད་པར་བྱེད་པ་མ་ཡིན་ཏེ། འཛིན་པ་དང་མི་ འཛིན་པའི་གོ་སྐབས་མེད་པ་ཉིད་ཀྱིས་དོན་མེད་པ་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འབྱུང་བར་འགྱུར་བ་ནི་སྔ་མ་བཟུང་བ་ཡིན་ཡང་མི་འཛིན་པའི་ཕྱིར་དེའི་རང་བཞིན་མ་ཡིན་ནོ། །དེ་ལྟ་མོད་ཀྱི་དེ་ལ་མ་འཁྲུལ་པའི་ཕྱིར་འབྲས་བུ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་རྒྱུ་ལས་ འབྲས་བུ་རྟོགས་པར་འགྱུར་བ་ཞིག་ན། དེ་ནི་མི་རིགས་ཏེ་རྒྱུ་རྣམས་ནི་གདོན་མི་ཟ་བར་དེ་དང་ལྡན་པ་མ་ཡིན་ཞེས་བྱ་བ་ནི་འཁྲུལ་པ་ཡིན་པར་ཁས་བླངས་པའི་ཕྱིར་རོ། །བྱེ་བྲག་ཅན་གྱི་རྒྱུ་ནི་འབྲས་བུ་ལ་མི་འཁྲུལ་པ་ཅན་ཡིན་ནོ་ཞེ་ན། དེ་ལྟ་མ་ཡིན་ན་རྒྱུའི་བྱེ་བྲག་དེ་འབྲས་བུ་བཞིན་ དུ་མ་འཁྲུལ་པ་ཅན་ཡིན་པས་འབྲས་བུ་ཉིད་ཡིན་ནོ། །གཞན་གྱིས་གཞན་ལས་མ་འཁྲུལ་བ་ནི་དེ་ལས་བྱུང་བ་ལས་གཞན་མ་ཡིན་ནོ་ཞེས་རྗེས་སུ་དཔག་པ་ལ་རྟོགས་པར་བྱ་བ་ཡིན་པར་ནི། གཞན་དུ་གཞན་ནི་གཞན་དག་དང་། །ངེས་པར་ཡོད་པའི་ངེས་པ་གང་། ། ཞེས་བྱ་བ་དང་། རྒྱུ་དང་འབྲས་བུའི་དངོས་པོ་ལས་སམ་ཞེས་བྱ་བས་བསྟན་པ་ཡིན་ནོ། །ཁྱབ་པའི་ཕྱིར་ཞེས་བྱ་བ་ནི་དེ་ཉིད་ལ་ཡོད་ན་ཡོད་པའི་ཕྱིར་འབྲས་བུ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འབྱུང་བར་འགྱུར་བའི་ངོ་བོ་ངེས་པར་འབྱུང་ཞེས་བྱ་བ་ཅི་ལས་ཡིན། ཡུལ་མཚུངས་ པ་ལ་དེ་ལྟར་ངེས་པ་ཡང་ཇི་ལྟར་ཡིན། འདི་མངོན་སུམ་ནི་ཡུལ་ནི་མ་ཡིན་པས་མངོན་སུམ་གྱི་ཡུལ་རིང་པོར་གནས་པའི་འཛིན་བྱེད་ཀྱང་ཇི་ལྟར་ཡིན་སྙམ་པའི་དགོངས་པས། ཐ་དད་པའི་ཁྱབ་པར་བྱེད་པ་གང་ཡིན་པ་ཞེས་བྱ་བ་སྨོས་ཏེ། ཁྱབ་པར་བྱེད་པ་ནི་འདི་འབྱུང་བའི་ཕྱིར་རོ། ། འབྱུང་བར་འགྱུར་བའི་ཡོད་པ་ནི་གཉི་ག་དག་གིས་ཀྱང་ཁས་བླངས་པ་ཡིན་ཡང་དེ་ཇི་ལྟར་རྟོགས་པ་ཡིན་ཏེ་འདི་ཉིད་ལ་ལོག་པར་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་འབྱུང་བར་འགྱུར་བ་བསྐྱེད་བྱ་ཡིན་པ་དེའི་ཚེ་སྔ་མ་ཡོད་པ་མ་ཡིན་ནམ། དེ་ནི་ཐམས་ཅད་ལ་འདོད་པ་མ་ ཡིན་པའི་ཕྱིར་གང་གིས་ཀྱང་བསྐྱེད་བྱ་ཇི་ལྟར་ཡིན། གང་གི་ཚེ་ཇི་ལྟར་འབྱུང་བར་འགྱུར་བ་བསྐྱེད་པ་ཡིན་ན། དེའི་ཚེ་ཡང་སྔ་མ་ཞིག་ཡིན་ན་ཇི་ལྟར་སྐྱེད་བྱེད་ཡིན། འོན་ཏེ་གང་གི་ཚེ་དེ་ཉིད་བསྐྱེད་བྱ་ཡིན་པ་དེ་ལྟ་ན་གཉི་ག་ཡང་མེད་ལ། གང་ཞིག་གང་གིས་བསྐྱེད་བྱ་ཡིན་སྙམ་དུ་ སེམས་པས། མ་སྐྱེས་པ་ཇི་ལྟར་རྒྱུ་ཡིན་ཞེས་ཟེར་བ་ལ། ལན་ནི། སྐྱེས་པ་ཡང་ཞེས་བྱ་བ་སྟེ། སྔ་མ་ནི་རང་གི་རྒྱུ་ལས་སྐྱེས་བཞིན་པ་ན་འབྱུང་བར་འགྱུར་བའི་དངོས་པོ་ལ་ལྟོས་པ་ཡིན་ཏེ། གཞན་དུ་ན་འདི་དེ་ཉིད་ལ་ཇི་ལྟར་འབྱུང་བ་ཡིན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ཡོད་ ན་འབྱུང་བ་ཞེས་བྱ་བ་དེ་དག་ཙམ་ནི་རྒྱུ་མཚན་ཉིད་མ་ཡིན་ནོ། །དེ་ལྟ་མོད་ཀྱི་གང་གིས་ཡོད་པ་དང་། སྐྱེ་བ་དང་། སྒྲུབ་པར་བྱེད་པ་དང་བྱ་བ་ཡང་རུང་བ་གཙོ་བོར་བྱས་ནས་འབྱུང་བ་དེས་དྲངས་པ་ལྟ་བུར་གང་འགྱུར་བ་དེའི་རྒྱུ་དེ་ཡིན་ནོ་སྙམ་དུ་སེམས་པས། འདི་ཡོད་ན་འདི་འབྱུང་ཞེས་ པ་ལ། དེ་ཡོད་ན་འབྱུང་བ་ཉིད་ཅེས་བྱ་བ་འདི་ནི་རྒྱུའི་མཚན་ཉིད་ཀྱི་ཡོད་པ་ཉིད་བྱེ་བྲག་ཡིན་ཏེ། སྐྱེ་བ་ལ་སོགས་པ་རྣམས་ནི་འདི་ཉིད་ཀྱི་ཁོངས་སུ་གཏོགས་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཡོད་དང་སྐྱེ་སོགས་དངོས་པོ་ཡི། །ཞེས་བྱ་བ་སྟེ། ཇི་ལྟར་འདི་རྣམས་ཀྱི་བྱེ་བྲག་རྟོགས་པར་ གྲུབ་པ་ཡིན་པ་དེ་བཞིན་དུ་ཁོངས་སུ་གཏོགས་པ་ལ་ཡང་ཞེས་བྱ་བའི་དོན་ཏོ། །གཉིད་སྟུག་པོས་ནོན་པའི་ཡང་། རྨི་ལམ་རྩོམ་པ་ན་འབྱུང་བའི་སེམས་བྱེ་བྲག་མ་ལུས་པ་དང་བྲལ་བས་ཉེ་བར་མཚོན་པ་འགྲོ་བའི་ཚེ་རྩྭ་ལ་ཀུན་དུ་རིག་པའི་རྣམ་པར་ཤེས་པ་བཞིན་དུ་བསམ་པ་ཙམ་སྐྱེ་བ་ ཡིན་ལ། དེ་ལས་སད་པ་ནི་སེམས་སྐྱེ་བ་ཡིན་ནོ་སྙམ་པའི་དགོངས་པས་ལུས་ལ་སོགས་པའང་ཞེས་