Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 180
Văn bản gốc(Tây Tạng)
Trang 1 / 25 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། པྲ་མཱ་ཎ་བརྟི་ཀཱ་ལངྐ་ར་ཊཱི་ཀཱ། བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་ འཚལ་ལོ། །གང་ཞིག་སྤང་དཀའི་ཉེས་ཚོགས་འཇོམས་མཛད་གསལ་ཞིང་འབར་བའི་ཤེས་རབ་འབྱུང་གནས་གྱུར། །བརྩོན་འགྲུས་དྲག་པོས་འཇིག་རྟེན་རྨོངས་ཆེན་ལས་འདོན་ཐུགས་རྗེ་ བརྟན་པོ་རྒྱ་ཆེན་འཁྲུངས། །ཤེས་རབ་ནོར་གྱིས་རབ་ཏུ་ཕོངས་པས་མ་རྟོགས་ཕྱིར་ན་སྦས་ཏེ་གནས་པ་ལ། །མ་ནོར་ལམ་སྟོན་འགྲོ་རྣམས་བདེ་སྐྱོང་དེ་ནི་དཔལ་ལྡན་ཆོས་ཀྱི་གྲགས་པ་ཡིན། །འདི་ན་རི་ རབ་མཐོ་མིན་ནམ་ཅི་རྒྱ་མཚོ་ཆེན་པོ་ཟབ་པ་མིན་ནམ་ཅི། །མ་ཉམས་ས་གཞི་བརྟན་མིན་ནམ་ཅི་མཁའ་ཡི་དཀྱིལ་འཁོར་དང་བ་མིན་ནམ་ཅི། །དེ་འདྲ་དེ་རྣམས་དང་མཚུངས་ཁྲོ་བ་ཆེན་པོ་ཞི་བྱེད་རྨོངས་ཉིད་ སེལ་བྱེད་ཅིང་། །བྲང་འགྲོའི་རྒྱལ་བོས་འཁྱུད་མིན་ལེགས་པའི་བློ་ལའང་ལོག་པའི་ལམ་ཉིད་ཡིན་ཞེས་པར། །རྨོངས་པས་རབ་ཏུ་སྨོད་པར་བྱེད་པའང་ཅི་འདྲ་བ་ཡིས་ལེགས་པ་ཡིན་པ་སྨྲོས། །ཆེན་པོ་ རྣམས་ཀྱི་ལམ་ནི་ཆུང་ངུའང་ཆེན་པོ་ཡིན་ཕྱིར་ཤིན་ཏུ་བརླིང་བ་ཉིད། །ལེགས་པར་བསྟོད་པའི་བློ་ཅན་དེ་ཡི་ལམ་ལ་གོམས་བྱེད་རྩོམ་པའི་ལུས་ཅན་ནི། །འགྲོ་བའི་ནང་ན་མི་བསྔགས་བརྗོད་བྱ་མིན་ཕྱིར་འཆད་བྱེད་ བདག་ལའང་ཅི་ཕྱིར་སྨོད། །རྒྱལ་བྱེད་རིགས་པའི་དོན་རྟོགས་པ། །རྣམས་ཀྱིས་ཆ་ཙམ་བསྟན་པས་ཀྱང་། །ཀུན་དུ་རྨོངས་པ་ཆེན་པོ་ཡང་། །སེལ་བར་བྱེད་པ་ངོ་མཚར་ཞིང་། །ཚད་མ་རྣམ་འགྲེལ་མཛད་པ་པོ་དང་། དེའི་བཤད་སྦྱར་ རྩོམ་པར་འདོད་པ་བདག་ཉིད་ཀྱང་ཁ་ཅིག་དག་གི་ཕྱིན་ཅི་ལོག་ལ་ཞེན་པ་བསལ་བར་འདོད་ནས་ཚད་མར་གྱུར་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སྨོས་ཏེ། དེ་ལ་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ལོག་པའི་ཤེས་པ་ཅན་ལ་ ཡང་དག་པའི་ཤེས་པ་བསྟན་པ་དང་འདྲ་བར་སློབ་དཔོན་ལ་བརྙས་པའི་ཁ་ན་མ་ཐོ་བས་འཁྲུལ་པའི་སྐྱེ་བོ་ཡོངས་སུ་བསྐྱང་བར་འདོད་པའི་ཐུགས་རྗེས་དེའི་གཞུང་གིས་བཤད་པར་གྱུར་པ་ཚད་མ་རྣམ་འགྲེལ་མཛད་པ་ཡིན་ནོ་ཞེས་ཟེར་བ་དེ་ནི་མི་ རིགས་ཏེ། འདི་ལ་ཚད་མ་མེད་དོ། །གང་གི་ཕྱིར་དེའི་གཞུང་ལ་ཁོ་བོས་བཤད་ཅེས་བྱ་བའི་ཚིག་མེད་པའི་ཕྱིར་རོ། །དེའི་ལུགས་ཞེས་བྱ་བ་ལ་སོགས་པ་ཡང་། དེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་སམ་རྗེས་སུ་འཛིན་པ་པོ་ཞེས་བྱ་བའི་དོན་ཏོ། ། དེའི་ལུགས་ནི་འདིས་སྟོན་པ་མ་ཡིན་ཏེ། རྟོག་པ་དང་བྲལ་བ་ཉིད་ཅེས་བྱ་བ་ལ་སོགས་པའི་སྔོན་གྱི་སློབ་དཔོན་བརྒྱུད་པའི་ལུགས་ཀྱི་བཤད་བྱ་ཉིད་ཉེ་བར་བླངས་པའི་ཕྱིར་རོ། །གདམས་ངག་ཀྱང་ཐམས་ཅད་ཚད་མ་མ་ཡིན་གྱི་གནོད་པ་མེད་པ་ཅན་ཉིད་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེའི་ལུགས་ཀྱང་དོན་གྱིས་ བཤད་པའི་ཕྱིར་རོ་ཞེས་བྱ་བའི་གདམས་ངག་ཡིན་གྱི་དེའི་ལུགས་ཉིད་ནི་མ་ཡིན་ཏེ། ལུང་ནི་ལྷག་པར་དོར་ནས་ནི། །ཞེས་གང་བསྟན་པའོ། །དེའི་ལུགས་ནི་འགྲེལ་པ་བྱེད་པ་གཞན་གྱི་ལུང་ནི་མ་ཡིན་གྱི་དེའི་ལུགས་ནི་དེ་ཡིན་ནོ་ཞེས་བྱ་བའི་ངེས་པ་ཡང་མེད་པའི་ཕྱིར་རོ། །ཁྱེད་ཀྱི་ལ་ཡང་ངེས་ པ་ཅི་ཞིག་ཡོད་ཅེ་ན། གཟིགས་པ་པོ་ཡི་མདོ་ནི་ཁོ་བོས་རྣམ་པར་དབྱེ། །ཞེས་སྨོས་པའི་ཕྱིར་རོ། །སློབ་དཔོན་ཉིད་ནི་གཟིགས་པ་པོ་མ་ཡིན་ཏེ། རིགས་པ་སེམས་པའི་བདག་ཉིད་ཀྱི་ཤེས་པ་སྐྱེས་པའི་ཕྱིར་ལ་ས་ཐོབ་པ་ཡང་མཐོང་བ་ཡིན་ན་དེ་ཡང་བདག་ཉིད་ས་ཐོབ་པའི་བར་དུ་ཐུགས་ལ་དགོངས་ ཤིག་ཅེས་བྱ་བ་ལ་སོགས་པ་གསལ་བ་ཡིན་ནོ། །ཚད་མ་ལ་སོགས་པ་རྣམས་མཐོང་བ་ཡོད་ཀྱང་དོན་ཡོད་པ་ཡིན་ལ་ལུགས་ཀྱང་ཡིན་པ་དེའི་ཞེས། རྣམ་པ་ཐམས་ཅད་གཟིགས་པ་ནི་འདིར་དོན་མ་ཉམས་པ་གསུངས་པ་ཡིན་གྱི་ཕྱོགས་གཅིག་མཐོང་བ་ལ་ནི་མ་ཡིན་ནོ། །ཕྱོགས་གཅིག་ མཐོང་བ་ཉིད་ལ་འདི་ལྟར་བརྟགས་པ་ཡང་མ་ཡིན་ཏེ། དེ་ལྟར་བསྟན་པ་ལ་དགོས་པ་མེད་པའི་ཕྱིར་དང་། གཙོ་བོ་ཡོད་པ་ལ་ཡང་ཡིན་པ་ལ་ཉེ་བར་གདགས་པ་མི་རིགས་པའི་ཕྱིར་རོ། །རྟོག་པ་དང་ལྡན་པ་ནི། དེས་བསྟན་པའི་གཞུང་ལུགས་ལ། ལྟོས་པ་མེད་པ་ཡིན་ཏེ། བྱང་གྲོལ་ལ་སོགས་པ་ དོན་དུ་གཉེར་བ་ལ་དེའི་ཐབས་རིག་པ་ནི། ཕྱིན་ཅི་མ་ལོག་པའི་ཚད་མས་རྟོགས་པར་འདོད་པ་ཡིན་ནོ། །དེ་ཡང་རྗེས་སུ་བཟུང་བས་དེ་ལ་ལྟོས་པ་དང་བཅས་པ་ཡང་ཡིན་ཏེ། འཁྲུལ་པའི་སྐྱེ་བོས་རབ་ཏུ་སྦྱར་བ་སུན་འབྱིན་པ་ལྟར་སྣང་བ་གསལ་བའི་ཕྱིར་དང་། ཇི་ལྟ་བ་བཞིན་གྱི་སྒྲུབ་པ་ཉེ་བར་ བསྟན་པའི་ཕྱིར་དེ་སྒྲུབ་པར་རིགས་སོ། །དེ་ལ་ཡང་དེ་ལྟ་བུའི་ཤེས་པ་འགྲུབ་པའི་རྒྱུ་དང་འབྲས་བུ་ཡང་མེད་དོ་ཞེས་བྱ་བ་ལ་སོགས་པའི་ལོག་པར་རྟོག་པ་རྣམ་པ་མང་པོ་རིག་པ་ཡིན་ནོ། །ལྟོས་པ་མེད་པའི་སྟོན་པ་པོ་ཡང་ཉན་པ་པོ་སྦྱོང་བར་བྱེད་པ་མ་ཡིན་བཞིན་དུ་སྨྲ་བ་ཡིན་ན་ནི་ཇི་ལྟར་སྨྱོན་པ་མ་ཡིན། དེའི་གཞུང་ལུགས་བཤད་པའི་སྒོ་ནས་ལྟོས་པ་དང་བཅས་པར་སྒྲུབ་པར་བྱེད་པ་ནི་མ་ཡིན་ཏེ། འཆད་པ་དང་ཉན་པས་ཆེས་དུབ་པའི་ཕྱིར་ཡང་ངོ་། །འོན་ཏེ་དུབ་པ་ཉིད་བཟོད་དུ་ཟིན་ཡང་མི་ནུས་པས་སློབ་དཔོན་ལ་གུས་པ་མ་ཡིན་ཏེ། སློབ་དཔོན་རྣམས་ནི་མཐའ་ཡས་པའི་ ཕྱིར་དེ་རྣམས་ལ་མ་གུས་པ་ཡོངས་སུ་དོར་ནས་ཀུན་དུ་འདོད་པ་བླང་བར་ནི་མི་ནུས་ཀྱི་རང་ཉིད་ཀྱིའོ་ཞེ་ན་མ་ཡིན་ཏེ། ཐམས་ཅད་ཀྱི་འདོད་པ་ཉིད་ཀྱིས་རང་ཉིད་ཀྱི་ཡིན་པའི་ཕྱིར་རོ། །སློབ་དཔོན་ཕྱོགས་ཀྱི་གླང་པོས་རིགས་པ་གསལ་བར་མཛད་པ་ལ། ཕ་རོལ་པོ་དག་དེས་གསུངས་པ་ལ་སྐུར་བ་ འདེབས་པ་སྤོང་བར་བྱེད་དོ། །དེའི་འོག་ཏུ་ཕ་རོལ་པོའི་རྣམ་པར་འཁྲུལ་པ་སྤངས་པའི་རིགས་པའི་ལམ་སྐྱོན་གྱིས་མ་གོས་པའི་རྣམ་འགྲེལ་རང་དབང་དུ་མཛད་ན། དེའི་འོག་ཏུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མ་ཤེས་པར་གྱུར་ཏོ། །སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཚད་མ་ནི་འདི་ལྟ་བུ་ཞེས་བརྙས་པར་ གྱུར་ཏེ། དེའི་གཞུང་ལ་འདི་ལྟ་བུའི་རིགས་པ་མ་མཐོང་བའི་ཕྱིར་རོ། །སློབ་དཔོན་དབྱིག་གཉེན་ལ་སོགས་པ་སྔོན་བྱུང་བ་རྣམས་ལ་ནི་ཕ་རོལ་པོ་དག་ད་ལྟར་སྐུར་པ་མི་འདེབས་ཏེ། དེས་ན་དེའི་གཞུང་འཆད་པ་ལ་བརྙས་པ་སྤང་བར་མངོན་པར་འདོད་པ་མེད་དེ། མི་ནུས་པ་ནི་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། ། སློབ་དཔོན་གཞན་ལ་བརྙས་པ་ནི་མེད་དེ། མངོན་པར་ཞེན་པ་མེད་པས་སྤོང་བ་མེད་པའི་ཕྱིར་རོ། །མཐོ་རིས་ལ་སོགས་པའི་ལམ་མི་བསླུ་བ་ཅན་གྱི་ཚད་མ་ཉིད་ལ་ནི་རྟོག་པ་དང་ལྡན་པ་རྣམས་ལྟོས་པ་ཡིན་པའི་ཕྱིར་དེ་ཉིད་བརྗོད་བྱ་ཡིན་པར་གོང་དུ་བསྟན་པ་ཡིན་ནོ། །ཡང་འདི་ལྟར་དེ་ལྟ་བརྙས་པ་ཡོངས་སུ་ སྤང་བ་ཡང་དེའི་མངོན་པར་འདོད་པའི་ཚད་མ་སྒྲུབ་པ་ཉིད་ཀྱི་ཕྱིར་དེ་ཉིད་བསྟན་པར་བྱ་བ་ཡིན་ནོ། །བདེན་ཏེ། དེའི་འདོད་པ་འབའ་ཞིག་ནི་རང་དབང་དུ་ཚིག་ཉུང་ངུ་དག་གིས་བསྟན་པས་དོན་ལ་སྦྱར་བ་ལ་རེག་པར་དཀའ་བས་དེའི་གཞུང་ལ་བརྟེན་ནས་གཟུང་བར་མི་ནུས་པས་སྨོད་པར་བྱེད་པའི་ཕྱིར་དེའི་གཞུང་དུ་བཤད་པའི་ གདམས་ངག་གི་རྣམ་པས་ཚད་མས་གྲུབ་པའི་མངོན་པར་འདོད་པ་བསྟན་པ་ཡིན་ནོ། །དེ་ནི་དེའི་གཞུང་ལུགས་གང་ཡིན་པ་འདིས་བཤད་པ་མ་ཡིན་གྱི་སྔོན་གྱི་སློབ་དཔོན་བརྒྱུད་པ་ལས་འོངས་པ་རྟོག་པ་དང་བྲལ་བ་ཉིད་ཅེས་བྱ་བ་ལ་སོགས་པ་བཤད་པའི་ཕྱིར་སློབ་དཔོན་ཕྱོགས་ཀྱི་གླང་པོས་འདིར་ཡང་རྗེས་སུ་ བརྗོད་པ་ཡིན་ལ། དེ་ཡང་དེ་ཁོ་ན་བཞིན་དུ་བཤད་པའི་དོན་དུ་རྣམ་འགྲེལ་མཛད་པས་ཀྱང་རྗེས་སུ་བརྗོད་པ་ཡིན་ནོ། །དེའི་ཕྱིར་དེའི་གཞུང་གི་རྣམ་པར་བཤད་པ་ལ་བརྟེན་པ་མ་ཡིན་ལ། དེ་ལ་བརྙས་པའི་རྒྱུས་དེ་མངོན་པར་འདོད་པའི་ཚད་མ་རབ་ཏུ་སྒྲུབ་པའི་ཕྱིར་ཡང་མ་ཡིན་ནོ། །གང་ལ་ཡང་ཐུན་མོང་མ་ ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་དེ་ལྟ་ན་དེ་ཇི་ལྟར་དོན་འདི་འཆད་པ་ཡིན་དེ་ཡང་རང་ཉིད་དོན་དེ་བརྗོད་པས་དེའི་གདམས་ངག་དེ་ཉིད་རབ་ཏུ་བསྟན་པའི་ཕྱིར་ཀུན་དུ་དྲངས་པ་ཡིན་ནོ། །དོན་ནི་འདི་ནི་དེའི་མ་ཡིན་པ་ཁོ་ན་སྟེ། གདམས་ངག་བརྒྱུད་པ་ལས་འོངས་པའི་ཕྱིར་རོ། །ཕྱོགས་ཀྱི་མཚན་ཉིད་ ལ་སོགས་པ་གང་དུ་ཡང་བསྟན་པ་དེའི་གཞུང་ཉིད་ལ་ཡང་བརྗོད་པའི་ཕྱིར་དེའི་དོན་འཆད་པར་བྱེད་ལ། དེ་ཡང་དྲངས་པ་ཁོ་ནར་དགོངས་པའོ། །བསྟན་པར་སླ་བའི་ཕྱིར་དེ་ལྟར་བྱས་པ་ཡིན་གྱི་དེའི་གཞུང་བཤད་པའི་ཕྱིར་ནི་མ་ཡིན་ནོ། །འདི་ལྟར་ཡང་། དེས་བཅོལ་བས་ཀྱང་མ་ཡིན་ལ་རྣམ་པར་རིག་ པ་ཙམ་གྱི་ཡུལ་ལ་ཉེ་བར་བཀོད་པའི་གཏན་ཚིགས་ལྟར་སྣང་བ་ལ་སྡང་བ་ཡང་མ་ཡིན་པ་དེའི་ཕྱིར་ཡང་དང་ཡང་དུ་རྩོད་པ་ལ་དགོས་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་དེའི་གཞུང་བཤད་པའི་ཐབས་སུ་གྱུར་ནས་རྗེས་སུ་དཔག་པ་དང་པོར་བཤད་པ་ནི་མ་ཡིན་ནོ། །དེའི་དོན་དུ་ཚིགས་སུ་བཅད་པ་དང་པོ་ བཤད་པ་ཡིན་པར་ཡང་གོ་བར་མི་བྱའོ། །ཅི་ཞིག་བཤད་པས་མ་མཛད་ཅེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཆོས་དང་ཆོས་མ་ཡིན་པ་སྟོན་པར་མཛད་པ་རྣམ་པར་དཔྱད་པར་བྱ་བ་མ་ཡིན་པ་སྒྲུབ་པར་བྱེད་པ་ཡིན་ལ་དེ་ཉིད་ནི་ཐམས་ཅད་ཀྱིས་ལྟོས་པར་བྱ་བ་ཡིན་པའི་ ཕྱིར་དེ་ལ་ལྟོས་པ་མེད་པར་སྒྲུབ་པར་བྱེད་པ་ཡང་རིགས་པ་མ་ཡིན་ནོ། །བཅོམ་ལྡན་འདས་དེ་ཡང་ཡང་དག་པའི་ཐ་སྙད་ལ་ལྟོས་ནས་རྒྱུ་དང་འབྲས་བུའི་གནས་སྐབས་ཀྱི་དབྱེ་བས་རྣམ་པ་གཉིས་ཏེ། རྒྱུའི་གནས་སྐབས་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ཏེ། དེའི་དུས་སུ་ཡང་ཐམས་ཅད་ རྗེས་སུ་དཔག་པས་རྟོགས་པར་བྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྗེས་སུ་དཔག་པ་ཐོག་མར་གསུངས་སོ། །ལུང་རིགས་དག་གིས་རྣམ་དཔྱོད་པ། །ཞེས་རྗེས་སུ་དཔག་པའི་ལེའུར་གང་འཆད་པར་གྱུར་པ་བསྟན་པ་ནི། འགྲོ་ལ་ཕན་བཞེད་སྟོན་པ་ཞེས་བྱའོ། །དེ་བཞིན་དུ་འབྲས་བུའི་གནས་སྐབས་ ནི་རང་གི་དོན་དང་གཞན་གྱི་དོན་དག་ཕུལ་དུ་བྱུང་བའི་དབྱེ་བས་རྣམ་པ་གཉིས་སོ། །དེ་ལ་རང་གི་དོན་ཕུལ་དུ་བྱུང་བ་ནི་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་ཕྱིན་ཅི་མ་ལོག་པར་མངོན་དུ་མཛད་པའི་ཕྱིར་མངོན་སུམ་གྱི་རང་བཞིན་ནོ། །རྣམ་པ་དུ་མའི་ཐབས་མང་པོ་ཞེས་གང་འཆད་ པར་འགྱུར་བ་བསྟན་པ་ནི། བདེ་གཤེགས་སྐྱོབ་པ་ཞེས་བྱའོ། །གཞན་གྱི་དོན་ཕུལ་དུ་བྱུང་བ་ཡང་བཅོམ་ལྡན་འདས་ནི་དེ་ཇི་ལྟ་བ་བཞིན་དུ་མངོན་པར་འདོད་པའི་ལམ་གཞན་རྣམས་ལ་སྟོན་པར་མཛད་པའི་ཕྱིར་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་རང་བཞིན་ནོ། །དེ་ལ་རང་གི་དོན་ཕུལ་དུ་བྱུང་བ་རྩ་བ་ ཡིན་པའི་ཕྱིར་ཐོག་མར་མངོན་སུམ་མོ། །དེའི་དབང་དུ་གྱུར་པའི་རྗེས་སུ་དཔག་པ་ཡང་ཚད་མ་ཡིན་པས་བསྒྲུབ་བྱ་ཇི་ལྟ་བས་ཁྱབ་པའི་རྟགས་དྲན་པར་བྱེད་པ་ཉིད་ཁོ་ནས་ཚིག་གི་ཐ་སྙད་ལ་ཉེ་བར་སྦྱོར་བའི་ཕྱིར་རང་གི་དོན་གྱི་རྗེས་སུ་དཔག་པའི་འོག་ཏུ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་བསྒྲུབ་པར་འདོད་ ནས་དེ་བསྟན་པ་ནི་སྐྱོབ་ལ་ཞེས་བྱ་བའོ། །ཚད་མ་གསུམ་པོ་འདིའི་ཡང་སྤྱིའི་མཚན་ཉིད་མེད་ན། རིག་བྱེད་ལ་སོགས་པ་ཚད་མ་མ་ཡིན་པ་མཚན་ཉིད་དང་བྲལ་བ་ཅན་མི་རྟོགས་པའི་ཕྱིར་ཚད་མ་སྤྱིའི་མཚན་ཉིད་རབ་ཏུ་སྒྲུབ་པའི་ཕྱིར་ལེའུ་དང་པོས་ཏེ་དེ་བསྟན་པ་ནི་ཚད་མར་གྱུར་པ་ཞེས་བྱ་བའོ། །སྤྱིའི་ མཚན་ཉིད་ཀྱི་རྣམ་པར་དབྱེ་བའི་ཚིག་དག་གི་སྔ་མ་དང་ཕྱི་མའི་ངེས་པ་ནི་མེད་དོ། །རྣམ་པར་ཕྱེ་བ་དག་གིས་ཚད་མ་མ་ཡིན་པ་རྣམ་པར་བཅད་པ་ནི་ཚད་མ་རྣམ་པར་ངེས་པ་ཇི་ལྟ་བ་བཞིན་ནོ། །སྤྱིའི་མཚན་ཉིད་ཀྱིས་ཚད་མ་མ་ཡིན་པ་རྣམ་པར་བཅད་པའམ་རྣམ་པར་དབྱེ་བ་འདི་ཉིད་དུ་རྣམ་པར་གཅོད་པ་ནི། རྣམ་པ་གཉིས་ཞེས་བྱ་བ་ལ་སོགས་པས་རྣམ་པར་དབྱེ་བ་སྟོན་པར་འགྱུར་ཏེ། བྱེ་བྲག་གི་མཚན་ཉིད་ཀྱི་ཡན་ལག་ཡིན་པའི་ཕྱིར་རྣམ་པ་གཉིས་སོ། །དེས་ན་དང་པོ་ཉིད་ཅེས་བྱ་བ་ནི་ངེས་པའོ། །གང་གི་ཕྱིར་རྣམ་པར་དབྱེ་བས་བཞག་པ་དག་མེད་ན་ཤིན་ཏུ་ངེས་པའི་ངོ་བོ་རྟོགས་པར་འདོད་ཅིང་རྟོགས་པར་བྱེད་ པར་འདོད་པར་ཡང་མི་ནུས་སོ། །འདི་ལྟ་བུའི་ཚད་མ་དེ་ལ་ཕྱག་བཙལ་ནས་བཤད་པར་བྱ་ཞེས་བྱ་བར་སྦྱར་རོ། །གཞན་ཡང་བཅོམ་ལྡན་འདས་ཀུན་རྫོབ་དང་དོན་དམ་པའི་ངོ་བོ་གཞན་གྱི་འཁྲུལ་པ་སེལ་བ་འདིར་བསྒྲུབ་པར་བྱ་སྟེ། བག་ཆགས་དང་བཅས་པའི་དྲི་མ་ཐམས་ཅད་རབ་ཏུ་སྤངས་པའི་ཕྱིར་ཡོན་ཏན་ ཕུན་སུམ་ཚོགས་པ་བརྙེས་པས་ཕུལ་དུ་བྱུང་བ་དངོས་པོ་མ་ལུས་པ་གཉིས་སུ་མེད་པར་ཐུགས་སུ་ཆུད་པའི་ཕྱིར་མངོན་སུམ་པའི་བདག་ཉིད་ཅན་ནི་དོན་དམ་པར་རོ། །ཀུན་རྫོབ་ཏུ་ཡང་དེ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཚད་མ་ཡིན་པར་ཤེས་པའི་དོན་དུ་དེ་ལ་འཁྲུལ་པ་མེད་པའི་རྣམ་པར་རྟོག་པ་དང་ཚིག་གི་ངོ་བོ་ རང་གི་དོན་དང་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་དབྱེ་བས་བསྟན་ཏེ། དེས་ན་རྩིག་པ་ལ་སོགས་པ་ལས་བྱུང་བས་བསྟན་པ་རྣམས་ཉིད་ལ་ཡང་ཁོ་བོ་ཅག་ཡིད་ཆེས་པ་མེད་དོ་ཞེས་ཟེར་བའི་གཞན་གྱི་འཁྲུལ་པ་བསལ་བ་ཡིན་ནོ། །གང་གི་ཕྱིར་མངོན་དུ་མཛད་པ་དེར་ངེས་པའི་གཏན་ཚིགས་ངེས་པ་དེ་རྟོག་ པ་པོའམ་ཚིག་ལ་རྟོག་པ་དང་ལྡན་པ་རྣམས་ཡིད་མི་ཆེས་པར་མི་རིགས་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་འདི་ལ་ཡང་མཚུངས་སོ་ཞེས་བྱ་བ་ནི་ལེའུའི་གོ་རིམས་སོམོ། །དེ་ལ་ཚད་མར་གྱུར་པ་ལ་ཞེས་བྱ་བའི་དང་པོའི་ཕྱེད་ནི་བསྟོད་པའོ། །ཚད་མ་གྲུབ་པ་འཆད་པར་བྱེད་པ་ཡིན་གྱི་སློབ་དཔོན་གྱིས་གཞུང་ བཤད་པའི་ཕྱིར་མ་ཡིན་པ་ནི་རྣམ་འགྲེལ་མཛད་པའི་དགོངས་པ་བསྟན་པའོ། །དེ་ལ་ཡང་གཏན་ཚིགས་ནི་རྟོག་གེ་ངན་འཁྲུལ་ཞེས་བྱ་བའོ། །གཞན་ཡང་ཁ་ཅིག་བཅོམ་ལྡན་འདས་མར་མེ་བཞིན་དུ་མྱ་ངན་ལས་འདས་ཀྱང་ཚད་མ་ཉིད་དུ་སྒྲུབ་པའི་ཕྱིར་རོ་ཞེ་ན། དེ་ལ་ཚད་མར་གྱུར་ཞེས་བྱ་བ་ལ་སོགས་ པ་སྨོས་སོ། །སྐྱོན་མེད་པའི་དངོས་པོ་དོར་བར་རིགས་པ་མ་ཡིན་ཏེ་མྱ་ངན་ལས་འདས་པ་ལྟ་བུའོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་སྟེ་དེ་བསྟན་པ་ནི་བདེ་གཤེགས་ཞེས་བྱ་བའོ། །དེ་ལྟ་བུའི་རང་བཞིན་ཡིན་ཡང་དངོས་པོའི་རྒྱུན་གྱི་རྒྱུ་མེད་པའི་ཕྱིར་མར་ཁུ་ལ་སོགས་པ་ཟད་པའི་མར་ མེ་བཞིན་དུ་ཟད་པ་མ་ཡིན་ནམ་ཞེ་ན། ཕན་བཞེད་པ་སྟོན་པ་ཞེས་བྱ་བ་སྨོས་ཏེ། འདིས་ཀྱང་རྒྱུ་བརྟན་པོ་གཞལ་དུ་མེད་པར་བསྟན་པ་ཡིན་ནོ། །འོན་ཏེ་དེ་ལྟ་ན་ཡང་འགའ་ཞིག་ཉེ་བར་སྦྱོར་བར་མི་བྱེད་ཅིང་འདོར་ལ། འགལ་བ་འདུ་བའམ་རང་ཉིད་སྐྱེ་བ་ཡིན་ནོ་ཞེ་ན། ཚད་མར་གྱུར་པ་ཞེས་བྱ་བ་སྨོས་སོ། །སྐྱེ་བ་ ཐམས་ཅད་དུ་ཕན་པ་ཉེ་བར་བསྟན་པས་ཕན་བཏགས་པ་ཡིན་ན། དེ་དོན་མེད་པ་ཅན་མ་ཡིན་གྱི་ལན་ཅིག་བྱུང་བའི་ཕན་བཏགས་པ་བྱས་པ་དེས་ཀྱང་དགོས་པ་ཅི་ཞིག་ཡོད་ཅེ་ན། མི་རིགས་ཏེ་ཕན་གདགས་པར་བྱ་བ་མཐའ་མེད་པ་ལ་ཕན་གདགས་པ་ཡང་མཐའ་མེད་པའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་དོན་བྱའོ་ཞེས་ ཀྱང་དམ་བཅས་པའི་ཕྱིར་ལ། དེ་ཡང་མ་རྫོགས་པའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱང་ཡོངས་སུ་མ་རྫོགས་པ་ཡིན་ཏེ། དེ་བསྟན་པ་ནི་ཚད་མ་ཞེས་བྱའོ། །དེ་ལ་ཡང་འགལ་བ་མེད་པར་བསྟན་པ་ནི་ཡང་དག་ཅེས་བྱ་བའོ། །ཡང་དག་པ་ལ་ཡང་དག་པ་མ་ཡིན་པས་གནོད་པ་ མ་ཡིན་ཏེ། ཉ་ཕྱིས་ཀྱི་ཤེས་པ་ལ་དངུལ་གྱི་ཤེས་པས་གནོད་པ་མ་ཡིན་ནོ། །ཡང་དག་པ་ལ་གནོད་པར་བྱེད་པ་ཡང་དག་པ་ཡིན་པར་ནི་མཐོང་སྟེ་གྲང་བ་ལ་སྲེག་བྱེད་ལྟ་བུའོ། །དེ་བཞིན་དུ་འདིར་ཡང་སྙོམས་པར་འཇུག་པ་ལ་སོགས་པར་འགྱུར་རོ། །དེ་ནི་མ་ཡིན་ཏེ། གཏན་དུ་འགལ་བ་མ་ཡིན་ གྱི་སྐད་ཅིག་དེ་ལ་འགལ་བ་སླར་ཡང་འབྱུང་བའི་ཕྱིར་ཏེ། དེ་བསྟན་པ་ནི། སྐྱོབ་པ་ཞེས་བྱ་བ་སྟེ། རྒྱུན་གྱིས་གནས་པ་ཞེས་བྱ་བའི་དོན་ཏོ། །སྤྲུལ་པ་ཉེ་བར་བསྡུ་བ་ཙམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་ཀྱང་ཐམས་ཅད་དུ་རྣམ་པར་རྒྱལ་བ་པོ་བཅོམ་ལྡན་འདས་ནི་འཁོར་བ་ཇི་སྲིད་པར་ བཞུགས་པ་ཡིན་ནོ། །གང་ཡང་བཅོམ་ལྡན་འདས་ནི་རང་གི་རང་ཉིད་རྒྱུ་ལས་དབང་པོ་ལ་སོགས་པའི་མཚན་ཉིད་ཀྱི་ཚད་མ་ཉིད་ཀྱི་ཡེ་ཤེས་སྐྱེས་པ་ཡིན་གྱི། ཡོན་ཏན་ལ་སོགས་རྒྱུ་གཞན་ལས་ནི་མ་ཡིན་ནོ། །དེ་ཡོད་ན་ཡོད་པ་ཉིད་དུ་ངེས་པ་མེད་པ་ལས་ན་ཚད་མ་ཉིད་མ་ཡིན་ནོ། །དེ་ཙམ་ལ་མ་ཡིན་ ན་རྒྱུ་གཞན་གྱི་སྐྱོན་ཡིན་པར་ངེས་པར་བྱེད་པ་ཡིན་ནོ་ཞེས་གཞན་ལ་སྟོན་ཏོ། །ཅིའི་ཕྱིར་ཡོན་ཏན་དང་ལྡན་པའི་དབང་པོ་རྒྱུ་མ་ཡིན་པ་ནི་རྗེས་སུ་དཔག་པ་ལ་མི་སྣང་བའི་ཕྱིར་ཏེ་གང་གི་ཕྱིར་རྗེས་སུ་དཔག་པ་ན་ཚུལ་གསུམ་པ་ཉིད་དུ་ངེས་པ་ལས་སྐྱེ་བ་ཡིན་གྱི་ཡོན་ཏན་དེ་ལས་ནི་མ་ཡིན་ཏེ་ངེས་པ་མེད་པའི་ཕྱིར་ རོ། །མངོན་སུམ་ཡང་ཤེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ཚད་མ་ཉིད་ཀྱི་རྒྱུ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་ཟེར་བ་ནི་ཅིག་ཤོས་རྣམས་སོ། །གཞན་དག་ན་རེ་མིག་སྨན་ལ་སོགས་པས་ཡོན་ཏན་བསྐྱེད་པ་ཡིན་ཏེ། དེ་སྐྱེས་པ་ནས་བརྩམས་ནས་ཡོད་པ་ཡང་མ་ཡིན་ལ། དེའི་དབང་པོ་ཡང་ཚད་མ་སྐྱེད་པར་བྱེད་ པ་སྣང་ཡང་དེ་ལ་ཡོན་ཏན་རྣམས་ནི་མེད་དེ་རྒྱུ་མེད་པའི་ཕྱིར་རོ། །སྐྱེ་བས་ཐོབ་པའི་རབ་རིབ་ཅན་གྱི་ཤེས་པ་ཇི་ལྟར་ཡིན། དེ་ལ་མིག་སྨན་ལ་སོགས་པའི་སྦྱོར་བས་སྐྱོན་བསལ་བས་དབང་པོ་ཉིད་ཚད་མར་གྱུར་པ་ཡིན་ན། སྦྱོར་བས་སྐྱོན་བསལ་བས་ཡོན་ཏན་སྐྱེ་བར་བྱེད་པ་དེ་རྣམས་ལས་ཚད་མ་ཉིད་མ་ཡིན་ཏེ། འདི་ལ་ཚད་མ་མེད་པའི་ཕྱིར་དང་རབ་རིབ་འཇོམས་པའི་སྦྱོར་བ་ཞེས་ཀྱང་ཐོས་པའི་ཕྱིར་རོ། །རྟོག་པའི་ཉེས་པ་དུ་མ་དེ་རྣམས་ཀྱི་སྐྱོན་སེལ་བར་བྱེད་ཅིང་ཡོན་ཏན་ཡང་སྐྱེད་པར་བྱེད་ལ། དེའི་ཕྱིར་དབང་པོ་ཉིད་ཚད་མ་ཡིན་ཞིང་ཚད་མ་མ་ཡིན་པ་ཡང་ཡིན་པ་དེ་ལས་འབྱུང་བ་མ་ཡིན་ཞིང་། གཞན་ལ་ལྟོས་པ་ ཡིན་ཏེ། འདི་གཞན་ལ་ལྟོས་པར་ཡང་མཐོང་བ་ནི་ཡོན་ཏན་དམ་པ་དང་འབྲེལ་པའི་མིག་ལ་ཟླ་བ་གཉིས་ཀྱི་ཤེས་པ་ལྟ་བུ་སྟེ་དེར་ཡང་ཡོན་ཏན་ལ་མི་བརྟེན་པ་ཡང་མ་ཡིན་ལ། ཚད་མ་ཡང་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འཇིག་རྟེན་ཡང་གང་ཇི་ལྟར་རྟོགས་པ་དེ་དེ་བཞིན་དུ་རྗེས་སུ་བསྒྲུབ་སྟེ། དེར་ ཡང་གཞན་ལ་ལྟོས་པ་མ་ཡིན་ནོ། །གཞན་དུ་ཡང་འགྱུར་རོ་ཞེ་ན། གཞན་དུ་ཡང་དོགས་པ་དེ་ལྟ་ན་ཡང་གཞན་ལ་ལྟོས་པ་ཡིན་ནོ། །ཐ་སྙད་པ་ཡང་ཡུལ་ལ་ཡོངས་སུ་མི་གཅོད་ཅིང་རབ་ཏུ་འཇུག་པ་མ་ཡིན་ནོ། །ཡོངས་སུ་བཅད་པ་ལ་ཡང་གཞན་ལ་ལྟོས་པ་ཅི་ཞིག་དགོས། སླུ་བར་དོགས་པ་ གཞན་ལ་ལྟོས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་སླུ་བར་བྱེད་པའི་རྒྱུ་རྣམས་ཉིད་ནི་ལྟོས་པ་ཅན་ཡིན་ལ་མི་སླུ་བ་ཉིད་དུ་རྟོགས་པས་ངེས་པ་ཡིན་ནོ། །རིག་བྱེད་ནི་རང་ཉིད་ཚད་མ་ཡིན་ཏེ། དེ་ཡང་། རང་ཉིད་ཚད་མ་ཐམས་ཅད་ཀྱི། །ཚད་མ་ཉིད་དུ་ངེས་པ་སྟེ། །རང་ཉིད་ཡོད་པ་མིན་པ་སྟེ། །གང་ནའང་ ཡོད་པ་མ་ཡིན་ནོ། །ཞེས་བསྟན་པའོ། །གཞན་གྱི་ལ་ནི་དེ་འདྲ་བའི་ཤེས་པའི་རྒྱུ་མེད་པའི་ཕྱིར་མི་རིགས་ཏེ། མིག་གིས་ལན་ཅིག་གཟུགས་མངོན་དུ་བྱས་པས་མཐོང་བ་དུས་ཡང་གཞན་དུ་མི་འགྱུར་ཏེ། རྒྱུ་ངེས་པའི་ཕྱིར་རོ། །དེ་ཡང་། ཚད་མ་ཉིད་ནི་གཅིག་གིས་ཀྱང་། །ཐམས་ཅད་མཁྱེན་ པར་གང་གིས་བརྟགས། །ངེས་པའི་མིག་གིས་རོ་ལ་སོགས། །ཐམས་ཅད་ཤེས་པར་བྱ་བར་འགྱུར། །ཞེས་བསྟན་པའོ། །དེ་རྟོགས་པར་བྱེད་པའི་ཚད་མ་ཡང་ཡོད་པ་མ་ཡིན་ཏེ། གང་གིས་གཞན་དུ་མི་འཐད་པའི་རྒྱུར་བརྟག་པར་བྱ་སྟེ། དེ་ཡང་། རེ་ཞིག་ད་ལྟར་ཀུན་མཁྱེན་གྱི། །བདག་ལ་ སོགས་པ་མ་མཐོང་སྟེ། །ཕྱོགས་གཅིག་ན་ཡང་ཡོད་པར་ནི། །རྟགས་མེད་ཕྱིར་ན་དཔག་བྱ་མིན། །ཞེས་བསྟན་པའོ། །རིག་བྱེད་ཀྱང་ཚད་མར་མཐོང་བའི་ཕྱིར་ཅུང་ཟད་ཀྱང་བརྟག་པར་བྱ་བ་མ་ཡིན་པས། མི་མཐོང་བར་ཅུང་ཟད་ཀྱང་དཔྱད་པར་མི་བྱའོ་ཞེས་བྱ་བ་ནི་དཔྱོད་པ་པ་རྣམས་ཀྱི་ཡིན་ནོ། །འདི་ལ་ལན་ གདབ་པ་ནི་ཚད་མར་འགྱུར་བ་ལ་ཞེས་བྱ་བ་སྟེ། རེ་ཞིག་རྗེས་སུ་དཔག་པ་ནི་ཚུལ་གསུམ་པ་ཉིད་དུ་ངེས་པ་ལས་སྐྱེ་བ་ཡིན་གྱི་གཞན་ཡོན་ཏན་ལས་ནི་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་མི་རིགས་ཏེ། དེ་ཉིད་ཡོན་ཏན་ཡིན་པའི་ཕྱིར་དེ་མ་གཏོགས་པ་ཚུལ་གསུམ་པ་ཙམ་ནི་ཕྱིན་ཅི་ ལོག་ཏུ་འཛིན་པ་ཚད་མ་མ་ཡིན་པ་སྐྱེད་པར་བྱེད་པ་སྟེ། འདི་ལྟར། སྐུལ་བྱེད་སོགས་པར་སྐྱེས་པའི་བློ། །ཚད་མ་ཡིན་ཏེ་སྐྱོན་བྲལ་རྒྱུས། །བསྐྱེད་ཕྱིར་རྟགས་དང་ཡིད་ཆེས་པའི། །ཚིག་དང་དབང་པོའི་ཤེས་པ་བཞིན། །ཞེས་པ་ལྟ་བུའོ། །འདི་ལ་སྐྱོན་དང་བྲལ་བའི་རྒྱུས་བསྐྱེད་པ་ཉིད་ཀྱི་ངེས་པ་ མེད་ཀྱང་འདི་ལས་ཤེས་པ་སྐྱེ་བ་ཡིན་ནོ། །དེའི་ཕྱིར་ཕྱིན་ཅི་མ་ལོག་པའི་ཚུལ་གསུམ་པར་ངེས་པའི་རྗེས་སུ་དཔག་པའི་རྒྱུ་མ་ཡིན་ནོ། །འོན་ཀྱང་ཚད་མ་ཉིད་ཀྱི་རྒྱུ་མ་ཡིན་པ་དེའི་ཕྱིར་དབང་པོ་རྣམས་ལ་ཡང་ཡོན་ཏན་དུ་བརྟགས་པ་དེ་མ་ཉམས་པར་མཚུངས་པ་ཁོ་ན་ཡིན་ནོ། །ཡང་མིག་སྨན་ལ་སོགས་པའི་ སྦྱོར་བས་སྐྱོན་མེད་པ་ཡིན་གྱི་ཡོན་ཏན་ནི་མེད་དེ་ཞེས་གང་སྨྲས་པ་དེ་ཡང་མ་ཡིན་ཏེ། གལ་ཏེ་དབང་པོ་ཙམ་ཚད་མ་སྐྱེད་པར་བྱེད་ན་ནི་ཐམས་ཅད་དུ་སྐྱེད་པར་བྱེད་པར་འགྱུར་ཏེ་རྟག་ཏུ་ཡོད་པའི་ཕྱིར་རོ། །སྣང་བ་ལ་སོགས་པས་ཁྱད་པར་བསྐྱེད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་གཞན་ཉིད་ལས་ཚད་མར་འགྱུར་རོ། ། དེ་ཡང་། ཉི་མའི་ཟེར་གྱིས་ཟིལ་ནོན་ཕྱིར། །མིག་གི་ནུས་པ་འཆོར་བ་ནི། །རིམ་གྱིས་རིམ་གྱིས་དེ་བཞིན་དུ། །བལྟས་ནས་གསལ་བར་འགྱུར་བ་ཡིན། །ཞེས་བསྟན་པར་འགྱུར་བའོ། །ཤེས་པ་ཉིད་ནི་ཡོན་ཏན་དང་སྐྱོན་དག་གིས་བསྐྱེད་པར་བྱ་བ་མ་ཡིན་གྱི་ཡོན་ཏན་དང་ལྡན་པ་དང་སྐྱོན་དང་ལྡན་པ་ནི་ དབང་པོ་ཡིན་ཏེ། དེ་དག་མེད་ཀྱང་འབྱུང་བའི་ཕྱིར། །དབང་པོ་ཙམ་ལས་བྱུང་བ་སྐྱོན་དང་ལྡན་པ་ཡང་བྱ་བ་ལ་བྱེ་བྲག་མེད་པའི་ཕྱིར་ཤེས་པ་བཞིན་དུ་ཚད་མ་ཉིད་དུ་འགྱུར་རོ། །དབང་པོ་གོམས་པ་ལས་བྱུང་བའི་ཟིན་པོ་ནི་ལུགས་ལ་སོགས་པ་རྣམས་ལ་བྱ་བ་བྱེད་པ་ཡང་མཐོང་སྟེ། དེ་ཡང་། གོམས་པས་ཕྱིར་ ཞིང་ཟིན་པོར་གྱུར། །སྔོ་མ་རྣམས་ནི་མཇུག་སྡུད་ཅིང་། །ཡུལ་ཆོས་ཐ་དད་མིན་ཉིད་དང་། །ཐ་དད་ཉིད་ཀྱི་དབྱངས་དང་ནི། །ཐོས་པའི་ཕ་རོལ་སོན་དང་གང་། །དེ་ལ་ཤིན་ཏུ་མཁས་ཐོབ་འགྱུར། །ཞེས་གསུངས་པའོ། །ཡང་རབ་རིབ་འཇོམས་པའི་སྦྱོར་བ་ཞེས་ཀྱང་ཐོས་པ་ཞེས་གང་སྨྲས་པ་དེ་ཡང་མ་ ཡིན་ཏེ། ད་ལྟར་རབ་རིབ་མེད་པའི་སྒོ་ནས་ཡོན་ཏན་ཐོབ་པར་སྨྲ་བ་ནི་གཞན་དུ་ཡོན་ཏན་ཐོབ་པར་སྨྲས་པའི་ཕྱིར་ཏེ། འདི་ལྟར་ཡང་། བྱི་ལ་དང་། རྔ་མོ་དང་། སྤྱང་ཀི་ལ་སོགས་པའི་མིག་སྐམས་པའི་ཕྱེ་མས་མིག་བསྐུས་ན་མཚན་མོ་ཡང་ཉིན་མོ་བཞིན་དུ་མཐོང་ལ། འདི་ལ་ཡང་སྐྱོན་བསལ་ བས་མེད་པ་མ་ཡིན་པའི་ཕྱིར་རོ། །ཡང་སླུ་བར་དོགས་པས་གཞན་ལ་ལྟོས་པ་ཡིན་ནོ་ཞེས་བྱ་བ་དང་། མི་སླུ་བ་ཉིད་དུ་རྟོགས་པས་ངེས་པ་ཡིན་ནོ་ཞེས་གང་སྨྲས་པ་ཡང་། དེ་ལ་མི་སླུ་བ་དོན་དུ་གཉེར་བ་ཡང་ཚད་མ་ཉིད་ཚོལ་བ་ལ་བརྩོན་པ་ཡིན་ནོ་ཞེས་འོག་ནས་འཆད་པར་འགྱུར་རོ། །ཚད་མ་ནི་ བཅོམ་ལྡན་འདས་ཕན་པར་བཞེད་པ་ཉིད་སྟོན་པ་པོ་ཉིད་ཀྱི་ངོ་བོའི་རྒྱུ་ཚོགས་པ་ཉིད་ཀྱིས་བདེ་བར་གཤེགས་པ་ཉིད་ལ་སྦྱོར་བའི་ཕྱིར་ཏེ། དེ་ཉིད་ཀྱིས་ན་རྒྱུ་མི་དམིགས་པར་མ་གྲུབ་པ། །སྐྱོབ་པ་ཡིན་པའི་ཕྱིར་འབྲས་བུ་མི་དམིགས་པ་ཡང་ངོ་། །དེ་ལྟར་ཅི་ལས་ཤེས་ཤེ་ན། ཚད་མ་གྲུབ་པ་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་རྒྱུ་ནི་རྟོག་གེ་ངན་པ་ཞེས་བྱ་བའོ། །བསྟན་པ་ལས་ཕྱིན་ཅི་ལོག་པ་ནི་ཚད་མ་མ་ཡིན་ནོ་ཞེས་བྱ་བར་ཤུགས་ཀྱིས་བསྟན་པ་ཡིན་ནོ། །གང་ཡང་དང་པོའི་ཕྱེད་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། གཞན་གྱི་ཉན་པ་པོ་བསྟན་བཅོས་ལ་འཇུག་ པའི་དོན་དུ་བརྗོད་པར་བྱ་བ་དང་། དགོས་པ་ལ་སོགས་པ་རྒྱུ་དང་བཅས་པར་བསྟན་པའམ་ཀུན་གྱིས་ཀྱང་ངོ་། །དེ་ལ་བརྗོད་པར་བྱ་བ་ནི་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་ཚད་མ་འཇིག་རྟེན་ཕ་རོལ་པ་དོན་དམ་པར་རྟོགས་པའི་རྒྱུར་བཅོམ་ལྡན་འདས་ཉིད་འཇིག་རྟེན་པའི་ཚད་མ་ཉིད་ཡོངས་སུ་ རྟོགས་པ་ནི་འབྲས་བུ་དམན་པ་ཡིན་པའི་ཕྱིར། དེ་ཡང་ཆོས་དང་ཆོས་མ་ཡིན་པ་རྟོགས་པར་བྱ་བའི་ཕྱིར་དེའི་ངོ་བོ་དགོས་པ་ནི་ཤུགས་ཀྱིས་བསྟན་ཏོ། །ཡང་ན་ཚད་མའི་རྒྱུ་མཚན་གྲུབ་པའི་དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་ལ་ཉེ་བར་སྦྱོར་བ་གང་ཡིན་པ་སྟེ། འགྲུབ་པར་འགྱུར་བ་ནི་འགྲོ་བའི་ དོན་སྒྲུབ་པར་བྱེད་པ་ཅན་ཞེས་བྱ་བས་དེ་ཚད་མའི་སྒྲུབ་པའི་སྒོ་ནས་དེ་ཉིད་གྲུབ་པའི་ཕྱིར་ཚད་མ་གྲུབ་པ་བཤད་པར་བྱའོ། །ཡང་ན་འདིས་སྒྲུབ་པར་བྱེད་པ་སྟེ་སངས་རྒྱས་བཅོམ་ལྡན་འདས་ཚད་མ་ཡིན་ནོ་ཞེས་རྒྱུ་ཕུན་སུམ་ཚོགས་པ་སྟེ། དེ་རྟོགས་པའི་ཐབས་ཕུན་སུམ་ཚོགས་པ་གྲུབ་པ་ཡང་ཚད་མའི་ གྲུབ་པའོ། །ཇི་ལྟ་བ་བཞིན་དུ་སྒྲུབ་པར་བྱེད་པའོ་ཞེས་བྱ་བ་འདིས་ཉན་པ་པོ་དང་རྩོམ་པ་པོའི་བྱ་བའི་འབྲས་བུ་དང་། བསྟན་བཅོས་ཀྱི་དགོས་པ་དག་གི་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ནི་འབྲེལ་པའོ། །གཙོ་བོ་སྨོས་པའི་ཤུགས་ཀྱིས་བསྟན་ཏོ། །གཞན་དུ་ དོན་མེད་པའམ་མི་ནུས་པའམ་འདོད་པར་བྱ་བ་མ་ཡིན་པའི་ངོ་བོ་དོན་མེད་པར་དོགས་པ་ལ་ནི་འགའ་ཡང་འཇུག་པར་མི་འགྱུར་བ་དེས་ན།། བསྟན་བཅོས་བྱེད་པ་རྣམས་རང་ཉིད་ངག་དང་པོ་ལ་རབ་ཏུ་སྦྱོར་བ་ཡིན་ཏེ། གཞན་ལ་ཕན་པར་ཞུགས་པ་དེ་རྣམས་ལོག་པར་བརྗོད་པ་ལ་ནི་དགོས་པ་མེད་དོ། ། དེས་ན་ཡང་དག་གི་དོན་ལ་ཐེ་ཚོམ་དུ་འགྱུར་ལ་དེས་ནི་དོན་དུ་གཉེར་བ་རྣམས་འཇུག་པ་ཡིན་ནོ། །དོན་ལ་ཐེ་ཚོམ་ཟ་བ་ཡང་ངེས་པ་ཅན་བཞིན་དུ་ཞིང་གི་ལས་ལ་སོགས་པ་ལ་འཇུག་པར་འགྱུར་བ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཁ་ཅིག་གིས་འདོད་པའོ། །བསྟན་བཅོས་བྱེད་པ་ལོག་པར་སྨྲ་བ་མ་ ཡིན་པར་ཅི་ལས་ཤེས་ཤེ་ན། སྨྲས་པ། གཞན་བསླུ་བའི་ཆེད་དུ་ལོག་པར་བྱེད་པ་ནི་རྟོག་པ་དང་ལྡན་པ་རྣམས་ནི་རང་ཉིད་སླུ་བར་མི་བྱེད་པས་གཞན་བསླུ་བར་བྱ་བའི་ཕྱིར་བསྟན་བཅོས་ཀྱི་དང་པོར་ལོག་པར་བརྗོད་པ་ནི་མི་སྲིད་དོ། །མཁས་པ་ཉིད་དུ་རབ་ཏུ་གནས་པའི་ཆེད་དུ་དང་པོ་ཉིད་ནས་ བརྩམས་ནས་ལོག་པར་སྨྲ་བ་ནི་ཇི་ལྟར་འདོད་པ་ལ་རབ་ཏུ་གནས་པ་འཇིག་པ་ཡིན་པའི་ཕྱིར་གཞན་སླུ་བར་བྱེད་པར་འདོད་པ་ལས་རང་ཉིད་བསླུས་པ་ཁོ་ནར་འགྱུར་བར་རིག་པའི་ཕྱིར་ལོག་པར་བརྗོད་པ་མ་ཡིན་ནོ། །དེ་ལྟར་ན་ཡང་ཕྱིན་ཅི་ལོག་པར་དོན་མེད་པ་མ་ཡིན་ཏེ། རིགས་པས་ངེས་བཞིན་ པའི་དོན་ཉིད་ནི་ངེས་པ་ཡིན་པའི་ཕྱིར་ཇི་ལྟར་དོན་ལ་ཐེ་ཚོམ་དུ་འགྱུར་བ་མེད་པ་ནི་མེད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ནི་མ་ཡིན་ཏེ། ལམ་འདི་ན་སྲོག་ཆགས་གདུགས་པ་ལ་སོགས་པ་དོན་མེད་པར་འགྱུར་བ་མེད་པར་ངེས་ན་གསེར་ལ་སོགས་པའི་དོན་ཡོད་པར་ངེས་པར་འགྱུར་རམ་ཅི། སྲོག་ཆགས་གདུག་པ་ལ་སོགས་པ་མེད་པ་དང་གསེར་ལ་སོགས་པ་ནི་ཐ་དད་པའི་ཕྱིར་རོ། །འདི་ལ་ཡང་བྱ་རོག་གི་སོ་ལ་སོགས་པའི་བསྟན་བཅོས་གཞན་དུ་བརྗོད་པར་བྱ་བའི་དགོས་པ་མེད་པ་མ་ཡིན་པར་ངེས་ན་དོན་མེད་པ་ཉིད་ཀྱང་ངེས་པར་འགྱུར་ཏེ། དེ་མ་ཡིན་པ་ནི་དེ་ཉིད་ཡིན་པའི་ ཕྱིར་རོ། །བརྗོད་པར་བྱ་བ་ལ་སོགས་པའི་ཡུལ་ཚིག་ལས་རྣམ་པར་ཤེས་པ་ངེས་པ་མེད་པའི་རྒྱུ་མཚན་ལས་བྱུང་བའི་ངེས་པ་ཡང་ཕྱོགས་ཅན་ཡིན་པ་སེལ་བར་མི་བྱེད་པའི་བརྗོད་པར་བྱ་བ་ལ་སོགས་པ་ཉིད་ནི་ཡོད་དམ་མེད་པར་ཐེ་ཚོམ་ཟ་བ་ཡིན་གྱི། ཕྱིན་ཅི་ལོག་པ་ཡང་མ་ཡིན་ ལ་དེ་ཉིད་དུ་ངེས་པར་ཡང་མི་བྱེད་པ་མ་ཡིན་ནམ། ངེས་པ་མེད་པའི་ཕྱིར་དེ་ཉིད་དོན་མེད་པ་མ་ཡིན་པར་རིགས་པས་ངེས་དེའི་ངོ་བོའི་དོན་དུ་ངེས་པའི་ཕྱིར་དོན་མེད་པ་ལ་ཐེ་ཚོམ་ཟ་བ་མེད་པར་ངེས་པ་ནི་དོན་མེད་པ་མ་ཡིན་པ་མ་ཡིན་ནོ་ཞེ་ན། དེ་དེ་ལྟར་ན་ཡང་དོན་མེད་པ་ལ་ཐེ་ཚོམ་ཟ་བ་ མེད་པ་ངེས་པ་ཡིན་ཏེ། ཡོད་ཀྱང་རུང་མེད་ཀྱང་རུང་ཡོད་པ་ཡིན་ནོ་ཞེ་ན། ཚིག་ཙམ་ཀྱི་རིག་པ་ལ་ནི་མཁས་ན་དོན་མེད་པར་ངེས་པ་ཡང་ལྡོག་པའི་ཡུལ་མ་ཡིན་ནོ། །དོན་མེད་པ་ལ་མེད་པར་ངེས་པ་ཡང་དོན་ལ་ངེས་པ་ཉིད་ཅེས་བྱ་བར་རིགས་པས་ངེས་པ་ཉིད་དེ་ཐེ་ཚོམ་མེད་པར་དོན་ ལ་འཇུག་པ་ཡིན་ནོ། །བསྟན་བཅོས་ནི་རྣམ་པ་གཉིས་ཏེ་སྒྲ་དང་དོན་ཏོ་ཞེ་ན་ཡང་སྨྲས་པ་ལ། སྒྲའི་ཆ་ནི་རང་གི་དོན་རྟོགས་པར་བྱེད་པ་ཡིན་གྱི་དགོས་པ་གཞན་ནི་མེད་དོ། །དོན་ནི་དོན་མེད་པར་ཡང་སྣང་བའི་ཕྱིར་དེའི་དགོས་པ་བསྟན་པ་ནི། སྒྲ་ཡོད་ན་འབྱུང་བ་མ་ཡིན་ཏེ་བསྟན་ བཅོས་རྫོགས་པ་ལ་ཡང་མ་མཐོང་བའི་ཕྱིར་དང་། བརྗོད་པར་བྱ་བ་ཡོད་ན་འབྱུང་བའི་ཕྱིར་རོ། །དེས་ན་ཡང་བརྗོད་པར་བྱ་བ་ཉིད་དོ། །དེ་ནི་མ་ཡིན་ཏེ་སྒྲའི་ཆའི་བྱ་བ་ནི་རང་གི་དོན་རྟོགས་པར་བྱེད་པ་ཁོ་ན་མ་ཡིན་ཏེ། མངོན་པར་འདོད་པ་ཁོ་ན་ལ་གཏོད་པའི་ཕྱིར་རོ། །མངོན་པར་ འདོད་པ་ཉིད་ཀྱང་རྟོག་པར་བྱེད་པར་འདོད་པའི་ཚིག་རང་གི་དོན་བཞིན་དུ་བྱེད་པ་མ་ཡིན་གྱི་གང་ལ་གཏོད་པའི་སྒྲའོ། །དེ་ཉིད་ནི་སྒྲའི་དོན་གྱི་གཙོ་བོ་ཡིན་གྱི་རང་གི་དོན་ནི་མ་ཡིན་ཏེ། དེ་ལ་མི་གཏོད་པའི་ཕྱིར་རོ། །བུད་ཤིང་གི་འབར་བ་ཙམ་ནི་བྱ་བ་རྫོགས་པ་མ་ཡིན་ཏེ། དེ་ཉིད་ ཀྱི་རིམ་གྱིས་འཚེད་པ་ཉིད་ལ་འཇུག་པའི་ཕྱིར་ཚིག་ཉིད་ཀྱི་དགོས་པ་ནི་དེ་ཡིན་གྱི་ཀུན་ལས་བཏུས་པ་བཤད་པའི་ཕྱིར་ནི་མ་ཡིན་ཏེ། ཡང་དག་པའི་ཤེས་པ་ལ་དོན་གཞན་གྱི་བྱ་བ་མེད་ཀྱང་འབྱུང་བའི་ཕྱིར་རོ། །དེ་ལྟ་ཡིན་ན་འགྲེལ་པར་དང་པོའི་ཚིག་སྨོས་པར་ཇི་ལྟར་ཡིན་འཆད་པར་འགྱུར་ བའི་བསྟན་བཅོས་མ་ལུས་པའི་དོན་དུ་དམ་བཅས་པ་ཡིན་ལ། དེ་རྣམས་ཀྱང་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་པའི་ཕྱིར་སྒྲ་མི་རྟག་སྟེ་ཞེས་བྱ་བ་ལ་སོགས་པ་དང་འདྲ་བར་ཚད་མ་ཡིན་ཏེ། རྗེས་སུ་དཔག་པའི་ཡུལ་བསྟན་པར་དམ་བཅས་པའི་ཕྱིར་རྗེས་སུ་དཔག་པ་ཉིད་ ཡིན་པ་དེ་ལྟ་ན་ཅིའི་ཕྱིར་དགག །སྨྲས་པ། ཁྱབ་པར་བྱེད་པའི་གཏན་ཚིགས་ལ་མི་དགོས་པའི་ཕྱིར་ཞེས་འཆད་པར་འགྱུར་བའོ། །དེ་ཉིད་ཀྱི་རྒྱུན་ཕྱི་མ་རྣམས་ཀྱང་སྒྲུབ་པར་བྱེད་པར་བསྟན་པའི་ཕྱིར་རོ། །ཡང་དང་ཡང་དུ་ཤིན་ཏུ་སྤྲོས་པས་ཆོག་གོ། །ཁྱབ་པར་བྱེད་པ་དགོས་པ་མེད་ པའི་ཕྱིར་ཞེས་གཏན་ཚིགས་འཆད་པར་འགྱུར་བའོ། །ད་ནི་རང་ཉིད་ལ་ལོག་པར་སྒྲོ་འདོགས་པ་བསལ་བའི་ཕྱིར་སྨྲ་བ་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་སྒྲོ་འདོགས་པ་ནི་རྣམ་པ་གཉིས་ཏེ། ད་ལྟར་བ་དང་འདས་པའོ། །རེ་ཞིག་ད་ལྟར་བ་བཞིན་དུ་གསལ་བར་བྱེད་པའི་འགྲེལ་ པ་དང་འགྲེལ་བཤད་དེ། ཁྱེད་ཀྱི་དོན་དེ་འགྲེལ་པ་མེད་པས་དེ་ཡང་གཞག་གོ། །འོན་ཀྱང་གཞན་ཅུང་ཟད་ཉིད་རང་གི་ཤེས་རབ་ཀྱི་ཉམས་བཞིན་དུ་བི་ལ་སི་ཏ་བརྗོད་པར་བྱ་སྟེ། དེ་ལ་སུ་ཞིག་རྩི་བར་འགྱུར། །རྣལ་མའི་ལམ་ནི་དོར་ནས་ནི། །སུ་ཞིག་གོལ་བའི་ལམ་འགྲོར་རིགས། ། ཞེས་འབྲེལ་པ་ལ་མངོན་པར་ཞེན་པའི་འགྲོ་བ་སྒྲོ་འདོགས་ཤིང་གྲགས་པ་མ་ཡིན་པས་ཉན་པ་པོ་སེམས་འཇོམས་པར་བྱེད་དོ། །དེ་བསལ་བ་ཡང་འགྲེལ་པ་ལ་སོགས་པའི་སྐྱོན་བསྟན་པ་མ་ཡིན་ན་མི་འབྱུང་བའི་ཕྱིར་རིགས་པ་དང་འཇིག་རྟེན་དང་འགལ་བ་སྨྲ་བར་བྱ་བའི་ཚིག་མ་ཡིན་པ་གཞན་ རྗོད་པར་བྱེད་པ་དོན་ཆེན་པོ་ལ་དོན་མེད་པར་ངེས་པར་སྦྱོར་བ་ལ་སོགས་པ་དེའི་སྐྱོན་རྣམས་བསྟན་པ་ནི་ཕྱེད་སྔ་མས་སོ། །གཞན་དག་གིས་ནི་དེ་ལས་བཟློག་པས་རང་གི་གཞུང་ལུགས་སྟོན་པར་བྱེད་པ་ཡིན་ཏེ། བརྩམས་པའི་དངོས་པོ་རྒྱུན་དུ་བྱེད་པ་རྣམས་ཕལ་ཆེ་བས་མི་མཐོང་ཞེས་བྱ་བ་ནི་ སྨྲ་བར་བྱ་བའི་ཚིག་མ་ཡིན་པ་སྨྲ་བའི་སྨྲ་བ་པོ་རྣམས་ཀྱིས་ཆེན་པོའོ། །མི་གསལ་བར་རྗོད་པར་བྱེད་པས་སྐྱོན་དང་ལྡན་པ་ཉིད་སྦས་པ་ནི་ལྷད་ཅན་གྱི་དངུལ་དང་འདྲ་བར་རོ། །དེ་རྣམས་ཀྱང་ཕལ་ཆེར་འགྲེལ་བཤད་པ་ལ་ཡོད་པ་ནི་རིགས་པ་དང་འགྲེལ་པའོ། །དེ་ལྟར་འདི་དག་ཉིད་ཀྱིས་སྨྲ་ བར་བྱ་བའི་ཚིག་མ་ཡིན་པ་ནི་གནས་སྐབས་མ་ཡིན་པ་ནི་རྒྱུན་ལས་ཕྱི་རོལ་དུ་གྱུར་པ་དང་། མ་ཡིན་པ་ལ་སོགས་པ་རབ་ཏུ་སྒྲུབ་པར་བྱེད་པའི་ཚུལ་གྱིས་བདེ་བ་ལ་སོགས་པ་བཞིན་དུ་སྔོན་པོ་ལ་སོགས་པའི་བདག་ཉིད་རིག་པས་རྟོགས་པ་ཡིན་ནོ། །བདག་ཉིད་དང་མཚུངས་པར་སེར་པོ་ལ་སོགས་ པ་རྣམ་པར་གཅོད་པ་ཡིན་ཀྱི་མི་དམིགས་པའམ་གཞན་ཡང་རུང་བ་ལ་ལྟོས་པ་མ་ཡིན་ནོ། །དམིགས་བྱར་གྱུར་པ་མ་ཡིན་པའི་སེར་པོ་ཡོད་པ་ཡང་མི་དམིགས་པ་ལ་ལྟོས་པ་ཡིན་ལ། གཞན་ནི་བདེ་བ་ནི་ཡོད་ཀྱང་མི་སྣང་ལ། དེ་གཞན་ལ་མི་སྣང་བ་དེ་བཞིན་དུ་སེར་པོ་ཡང་ངོ་། །སེར་པོ་ལ་ སོགས་པ་རང་དང་གཞན་ལ་ཡང་སྣང་བ་མ་ཡིན་པ་ནི་བདེ་བ་ལ་སོགས་པ་དང་འདྲ་བ་ཁོ་ན་སྣང་བ་ལ་ཡང་ཁྱད་པར་དུ་གཞན་ལ་སྣང་བ་ནི་སེར་པོ་ལ་ལྟོས་པ་ཡིན་ལ་བདེ་བ་ཡང་མཚུངས་པ་ཡིན་ནོ། །དེ་ཇི་ལྟ་བ་བཞིན་དུ་བདེ་བ་ཡོད་པ་དེའི་རྒྱུད་ལ་སྡུག་བསྔལ་གྱི་ཚོར་བ་ཉིད་མི་མྱོང་བའི་ཕྱིར་མེད་པ་ ཡིན་ནོ། །གཞན་གྱི་རྒྱུད་ལ་ཡོད་པ་ལ་ནི་ཐེ་ཚོམ་ཟའོ། །དེ་བཞིན་དུ་སྔོན་པོ་ལ་ཡང་སེར་པོ་རིག་པའི་བདག་ཉིད་ཀྱི་ངོ་བོ་ལོག་པས་མེད་དེ། །རྒྱུད་གཞན་ལ་ཡོད་པ་ལ་ཡང་ཐེ་ཚོམ་ཟའོ། །དེའི་ཕྱིར་བདེ་བ་ལ་སོགས་པ་དང་། སྔོན་པོ་ལ་སོགས་པ་བདག་མེད་པ་མངོན་སུམ་གྱིས་གྲུབ་པའི་ ཕྱིར་བྱེ་བྲག་མེད་པ་ལ་ཡང་བྱེ་བྲག་ཏུ་བརྟག་པར་བྱ་བ་མངོན་སུམ་གྱིས་གྲུབ་པའི་སྒྲའོ། །མངོན་སུམ་གྱི་ཁོངས་སུ་གཏོགས་པའི་ཕྱིར་འཇིག་རྟེན་མ་ཡིན་པའི་དོན་དུ་བཤད་དོ། །དེ་བཞིན་དུ་ལྐོག་ཤལ་ལ་སོགས་པ་ཅན་ནི་བ་ལང་ངོ་ཞེས་བྱ་བའི་ཐ་སྙད་བཞིན་དུ་དགག་པ་དེའི་ངོ་བོ་ལ་མི་ དམིགས་པ་ཙམ་ལས་མེད་དོ་ཞེས་བྱ་བའི་ཐ་སྙད་ཙམ་བསྒྲུབ་པ་བསྟན་པ་ནི། དཔེར་ན་ལྐོག་ཤལ་ལ་སོགས་པ་ལས་བ་ལང་དུ་གཏོགས་པ་བཞིན་ནོ་ཞེས་རྣམ་འགྲེལ་ལས་བསྟན་ཏོ། །དེ་ལ་མི་དམིགས་པས་ཁྱད་པར་དུ་མེད་པའི་ཐ་སྙད་དུ་བྱ་བར་རྟོགས་པ་ནི་དམན་པའི་རང་འདོད་ཡིན་ནོ། ། ཆེན་པོའི་ཚིག་ཀྱང་འཇིག་རྟེན་དང་མི་འགལ་བ་ཡིན་ལ། དེ་འདི་ལ་མེད་པའི་ཕྱིར་འཇིག་རྟེན་དང་འགལ་བ་ཡང་མ་ཡིན་ནོ། །རིམ་པ་ཇི་ལྟ་བ་བཞིན་དུ་བསྟན་པ་དེ་བཞིན་དུ་སྒྲུབ་པ་ནི་གནས་སྐབས་སོ། །སྐད་ཅིག་མ་ཉིད་ལ་སོགས་པ་ཅན་ཐམས་ཅད་མཁྱེན་པའི་རྒྱུ་མཚན་གྱི་དོན་རྒྱས་ པ་ནི་ཁྱབ་པ་ལ་སོགས་པ་བསྟན་པ་ལ་ཐེ་ཚོམ་མེད་པ་ཡིན་ན་དེ་ནི་དེ་དག་གིས་མ་བྱས་སོ། །རིམ་དང་ཅིག་ཅར་དག་གི་བྱེད་པ་པོ་ཉིད་ལན་ཅིག་མཐོང་བ་དེའི་རྒྱུ་མཚན་ཉིད་ཁྱབ་པ་ཡིན་ལ། རྟག་པ་ལ་ཡང་རིམ་པ་དང་རིམ་པ་མ་ཡིན་པ་འགལ་བའི་ཕྱིར་མི་རྟག་པ་ཉིད་དུ་རྣམ་ པར་གནས་པ་ཡིན་ནོ། །བདེན་ཏེ་དེ་ལོག་པས་ལྡོག་པའི་བྱེད་པ་པོ་ཉིད་ལ་མི་རྟག་པ་ཉིད་ཀྱིས་ཁྱབ་པ་ཡིན་གྱི། སྐད་ཅིག་མ་ཉིད་ཀྱིས་ཀྱང་མ་ཡིན་ལ། མི་རྟག་པ་ཉིད་ནི་སྐད་ཅིག་མ་མ་ཡིན་ཏེ། ཟླ་བ་དང་ལོ་ལ་སོགས་པ་ཡང་མི་རྟག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་གནས་པ་ནི་རྟག་པ་བཞིན་ དུ་རིམ་དང་རིམ་པ་མ་ཡིན་པ་འགལ་བ་མ་ཡིན་ཏེ། ལྷན་ཅིག་ཏུ་མཐོང་བའི་ཕྱིར་རོ། །དེ་ལྟར་མཐོང་བ་མ་ཡིན་པ་གཞན་དུ་ཡང་མཐོང་བ་མེད་པའི་ཕྱིར། སྲོག་ཆགས་ལ་སོགས་པ་བཞིན་དུ་བྱེད་པ་པོ་བདག་ཉིད་ཀྱང་སྐད་ཅིག་མ་ཉིད་ཡིན་པས་རྗེས་སུ་འགྲོ་བ་མ་ཡིན་ཞིང་ལྡོག་པ་མ་ཡིན་ པའི་ཕྱིར་འགྲེལ་པ་བྱེད་པ་ནི་སྐབས་ཀྱི་དོན་རྒྱས་པར་བྱེད་པ་མ་ཡིན་ནོ། །སྐད་ཅིག་མ་གཉིས་པ་ལ་སོགས་པར་མི་གནས་པ་ཐ་མའི་སྐད་ཅིག་མ་ལ་དང་པོའི་སྐད་ཅིག་མ་ལྟོས་པ་ཡིན་གྱི། ཕྱི་མ་ནི་མ་ཡིན་པའི་ཕྱིར་སྐད་ཅིག་མ་ཉིད་ཇི་ལྟར་མི་རྟག་པ་ཡིན། རིམ་དང་ཅིག་ཅར་བདག་ཉིད་ཀྱིས་ དོན་བྱེད་པ་འགལ་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་འགྲེལ་གྱི་དགོངས་པ་ཡང་ཡིན་ནོ། །སྣང་དུ་མི་རུང་བ་རྟག་པར་དམ་འཆའ་བའམ་སྣང་བ་ལ་ཡང་རུང་བའི་དངོས་པོ་ལ་ཞེས་སྐབས་ཇི་ལྟ་བར་འཆད་པར་འགྱུར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དམ་པ་ནི་ཕྱིན་ཅི་མ་ལོག་པའི་ རང་གི་ངོ་བོ་རིག་པའི་མངོན་སུམ་མོ། །དེའི་བྱ་བའི་ཡུལ་ཇི་སྙེད་པའི་ཐ་དད་པ་དང་ཅིག་ཤོས་ཏེ། དོན་དེ་དེས་བསྡུས་པ་སྟེ་བསྟན་བཅོས་ཀྱི་དོན་ཐམས་ཅད་དེའི་མཐར་ཐུག་པ་ཉིད་དུ་རིགས་པས་གྲུབ་པའོ། །དམ་པའི་དོན་ལ་འདུས་པར་ཡང་རུང་སྟེ་ཉེ་བར་བསྡུ་བའོ། །བརྒྱུད་པས་སམ་ དངོས་སུ་ཡང་རུང་སྟེ། བསྟན་བཅོས་མ་ལུས་པ་དེའི་དོན་ཡིན་པའི་ཕྱིར་རོ། །དེ་ལ་བློ་ནི་རེ་རེའི་རྣམ་པར་འགྲེལ་པར་སྟོན་པ་ཡིན་ནོ། །དེ་རྣམས་ལ་ནི་དེ་མེད་དེ། བརྒྱུད་དེ་འོངས་པ་མི་ཤེས་པས་རིག་པ་ལ་མི་སྣང་བའི་ཕྱིར་རོ། །དོན་མེད་པ་ནི་སྙིང་པོ་མེད་པའི་རིམ་པ་སྟེ་སྤངས་པ་ནི་ བོར་བའོ། །ཆེན་པོའི་དོན་ལ་ཕྱིན་ཅི་ལོག་ཏུ་སྟོན་པའོ། །དེ་རྣམས་གང་ཡིན་པ་ལ་ནི་དེ་མེད་པ་དང་འབྲེལ་ཏོ། །འདིས་ཀྱང་སྒྲ་ལས་བྱུང་བ་ཡང་བསལ་བ་སྟོན་པའི་ཕྱིར་ཞེས་བྱ་བའི་རྣ་བ་ལ་སོགས་པའི་ཤེས་པ་ལ། རིགས་མི་མཐུན་པའི་ཤེས་པ་ནི་མི་སླུ་བ་མ་ཡིན་པའི་ཕྱིར་མ་ཁྱབ་པའི་ སྐྱོན་སེལ་བར་བྱེད་པའི་སྨྲ་བ་པོ་རྣམས་ཀྱི་བྱ་བ་ཞེས་བྱ་བ་ལ་སོགས་པའི་དོན་མཐུན་པ་ཉིད་དུ་ངེས་པར་སྦྱོར་བའོ། །རང་ལས་རང་གི་ངོ་བོ་ཞེས་བྱ་བ་འདིའི་ཡང་ཤེས་པའི་རང་གི་ངོ་བོ་ཁོ་ན་རང་ལས་རྟོགས་པ་ཡིན་གྱི། ཚད་མ་ཉིད་ནི་མ་ཡིན་པའི་ཕྱིར་སྐབས་ཀྱིས་གཞན་ལས་ཚད་མ་ཉིད་བསྒྲུབ་པར་ འདོད་པ་ཡིན་ལ། དེ་ལས་བཟློག་པ་རང་ལས་ཚད་མ་ཉིད་ཤེས་པར་བྱ་བའི་ཕྱིར་བཤད་པ་ཡིན་ནོ། །གྱུར་པ་སྨོས་པ་ནི་མ་གྱུར་པ་ཞེས་བྱ་བ་ལ་སོགས་པ་བསྟན་བཅོས་ཀྱི་བརྗོད་པར་བྱ་བའི་བཅོམ་ལྡན་འདས་ཡིན་པར་བསྒྲུབ་པར་བྱ་བའི་འབྲས་བུའི་གཏན་ཚིགས་བརྗོད་པར་འདོད་པ་ལ། སྐབས་མ་ཡིན་བཞིན་དུ་ཚིགས་བཅད་ཀྱི་གྱུར་པ་སྒྲ་བཤད་པར་འདོད་པ་ཉིད་ལ་འཇུག་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཆེན་པོའི་དོན་ལ་དོན་མེད་པར་ཞུགས་ནས་སྨྲ་བ་ཡིན་ན་རང་གི་གཞུང་དུ་ནི་ཇི་སྐད་སྨྲས་པའི་སྐྱོན་མེད་པར་དེས་ན་ཞེས་བསྟན་པ་ཡིན་ནོ། །རོ་ཉམས་ཞེས་བྱ་བ་ནི་ཇི་སྐད་སྨྲས་ པའི་སྐྱོན་མ་ལུས་པ་མེད་པར་མཚོན་པར་བྱེད་པ་ཡིན་ནོ། །ཤིན་དུ་ཞེས་བྱ་བ་ཡང་རིམ་པ་གཞན་ལ་གུས་པ་ནི་འབྲས་བུ་ཕུལ་དུ་བྱུང་བ་ཡིན། །སྐལ་བར་ལྡན་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་དབང་བྱེད་པའི་ཚིག་གོ། །སྐལ་བ་དང་ལྡན་པ་ཉིད་ནི་ངོ་བོ་ཉིད་ཀྱིས་བསྐྱེད་པའི་ཤེས་རབ་ཕུན་སུམ་ ཚོགས་པའོ། །མཐོང་གྱུར་ཅེས་བྱ་བ་ནི་མངོན་པར་སྦྱངས་པ་ལས་བྱུང་བ་ཅན་ཡིན་པའམ། སྐལ་བ་དང་ལྡན་པ་ཉིད་ནི་རིགས་ཕུན་སུམ་ཚོགས་པ་ཡིན་ལ། མཐོང་གྱུར་བློ་ཉིད་ནི་ངོ་བོ་ཉིད་ཅན་ནམ་སྦྱངས་པ་ཅན་གྱི་ཤེས་རབ་ཕུལ་དུ་བྱུང་བ་དང་སྦྱར་རོ། །ཡང་ན་སྔ་མས་ནི་རིགས་ཕུལ་དུ་ བྱུང་བ། ཕྱི་མས་ནི་སྦྱོར་བ་ཕུལ་དུ་བྱུང་བའོ། །གྲོགས་ཕུན་སུམ་ཚོགས་པ་དང་རིགས་ཕུན་སུམ་ཚོགས་པ་ཡང་རུང་། བསམ་པ་ཕུན་སུམ་ཚོགས་པ་དང་སྦྱོར་བ་ཕུན་སུམ་ཚོགས་པ་ཡང་རུང་བར་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །འདིར་ནི་དེ་ལྟ་བུའི་རྣམ་པ་ཉིད་ཀྱི་བྱེ་བྲག་འདོད་པ་འམ་ སྨྲས་པའི་སྐྱོན་རྣམས་དོར་བར་བྱ་བའི་ཆེད་ཀྱི་དབང་དུ་བྱས་པའོ། །ཤིན་དུ་དག་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་དྲི་མ་མེད་པའི་བློ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཉིས་སུ་མེད་པར་ཐུགས་སུ་ཆུད་པའི་ངོ་བོ་དེ་ བཞིན་གཤེགས་པའི་ཤེས་རབ་སྟེ་འབྲས་བུའི་རང་བཞིན་སྒྲུབ་པར་བྱེད་པ་རིགས་པ་སེམས་པའི་རང་བཞིན་ཅན་གྱི་བློས་སོ། །ཡང་དག་པ་སྟེ་སྔར་སྨྲས་པའི་སྐྱོན་ཡོངས་སུ་སྤངས་པས་སོ། །རབ་ཏུ་རྣམ་འབྱེད་ཀྱི་ཁྱད་པར་ཅན་དུ་བཤད་པར་བྱེད་པའོ། །ཁྱད་པར་ཅན་གྱི་དོན་ཡིན་པའི་ཕྱིར་ ཡོན་ཏན་མ་ལུས་པ་ཡོངས་སུ་བསྡུས་པ་བསྟན་པ་ཡིན་གྱི་འགྲེལ་པ་ལ་སོགས་པའི་བསྟན་པ་ཙམ་སྒྲུབ་པར་བྱེད་པ་ནི་མ་ཡིན་པས་དེ་ནི་ཅི་ཡང་མ་ཡིན་ཏེ། ཕྱིས་བྱ་བ་ཉམས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་འགྲེལ་མཛད་པ་སྐལ་ལྡན་བདག་ཉིད་ཀྱི་འདོད་པ་ཤིན་ཏུ་ཟབ་མོ་གང་ཡང་རུང་ བ་ལ་འཇུག་པ་སྤོང་བར་བྱེད་པ་ནི། ཤེས་རབ་ཁྱད་པར་ཅན་དང་ལྡན་པའི་སློབ་མ་རྣམས་ཀྱིས་ཀྱང་འཛིན་པར་མི་ནུས་པར་གཟིགས་ནས་ཡིད་མི་བདེ་བས་བློའི་ནུས་པ་ཆུང་བ་མིན་པ་དག་གིས་ཞེས་བྱ་བ་ལ་སོགས་པ་མཛད་དོ་ཞེས་གྲག་གོ། །དེ་ཡང་ད་དུང་དུ་ཡང་བདག་ལས་ལྷག་པ་གཞན་མ་རྙེད་པ་ རྣམས་ལ་བཤད་པར་བྱེད་པས་སྤོང་བར་བྱེད་པ་བསྟན་པའི་སྐབས་ཀྱི་དོན་ཞེས་བྱ་བ་ལ་སོགས་པ་ཡོན་ཏན་དང་ལྡན་པ་དེ་རྣམས་ཀྱིས་མ་མཐོང་བས་ཡིད་མི་བདེ་བ་གང་ཡིན་པ་དེ་ལྟར་ནི་མེད་དོ་ཞེས་དགག་པ་གཉིས་སྦྱར་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རྣམ་འགྲེལ་འདི་ལ་སྐྱོན་ཐམས་ཅད་ སྤངས་པའི་བཤད་པར་བྱེད་པའི་སྒོ་ནས། ཕྱིན་ཅི་མ་ལོག་པའི་ཚད་མ་ཡོངས་སུ་གསལ་བས་བློ་གྲོས་བཟང་པོ་ཅན་རྟོགས་པར་བྱེད་པ་ཁོ་བོས་བྱས་སོ་ཞེས་བྱ་བ་ནི་རྒྱུ་ཉེ་བར་དགོད་པའོ། །ཡང་ན་རང་ཉིད་ལའམ་ཡུལ་ལ་སྐྱོན་ཡོད་པ་སྲིད་པ་མི་འཇུག་པའི་ཡན་ལག་སྐྱོན་ཉེ་བར་བསྟན་བས་རྣམ་ འགྲེལ་དང་དེའི་བཤད་པ་ལ་ཡང་གོ་རིམས་བཞིན་དུ་ཚད་མར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་གསལ་བར་རྟོགས་པ་དང་ལྡན་པ་རྣམས་འཇུག་པའི་ཡན་ལག་ཏུ་བྱེད་པ་ཡིན་ནོ། །དེ་དག་ལས་ཚད་མར་གྱུར་པ་ཞེས་བྱ་བས་ནི་ཡུལ་ཏེ་རྣམ་འགྲེལ་ལ་སྐྱོན་ ཡོད་པ་སྲིད་པ་གསལ་བ་ཡིན་ནོ། །རྟོག་གེ་ངན་པ་ཞེས་བྱ་བ་ནི་རང་ཉིད་ལའོ། །དེ་ཉིད་ཀྱིས་ན་དེའི་བཤད་པའི་ཡུལ་ལ་ཡང་སྐྱོན་ཡོད་པ་སྲིད་པ་མ་ཡིན་ལ། རང་ཉིད་ལ་ཡང་མ་ཡིན་པར་བསྟན་པ་ནི། ཕལ་ཆེ་བ་ཞེས་བྱ་བའོ། །གཞན་ཡང་ཅིའི་ཕྱིར་རྣམ་འགྲེལ་མཛད་པས་ རིགས་བྱེད་ལ་སོགས་པ་རྣམ་པར་འགྲེལ་པར་མ་མཛད་ཀྱི། སངས་རྒྱས་པའི་མཛད་པ་ནི་གང་གི་ཕྱིར་ལོག་པའི་ཤེས་པར་བྱེ་བྲག་མེད་ཀྱང་། རིགས་བྱེད་ལ་སོགས་པ་གསལ་ནས་སངས་རྒྱས་པའི་ལྟ་བར་ཕྱོགས་གཅིག་ཏུ་ལྟུང་བར་མི་རིགས་སོ་སྙམ་དུ་སེམས་པ་ལ། དམ་པའི་དོན་ ལ་བསླུ་བ་དང་མི་སླུ་བར་བྱེད་པ་སངས་རྒྱས་དང་ཅིག་ཤོས་དག་ཕྱོགས་སུ་ལྟུང་བ་དང་མི་ལྟུང་བ་བསྟན་པ་ནི་ཚད་མར་གྱུར་པ་ཞེས་བྱ་བའོ། །དེ་ཉིད་ཀྱིས་ནི་ཡང་དེའི་རྣམ་འགྲེལ་མཉན་པ་དང་བཤད་པའི་ཕྱིར་བཤད་སྦྱར་གྱིས་ཉེ་བར་བཟུང་ཡང་རིགས་ཀྱི་དཔྱོད་པ་ལ་སོགས་པའི་ནི་མ་ཡིན་གྱི་ བསྟན་པ་ནི་ཕལ་ཆེར་ཞེས་བྱ་བའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཉིད་ཚད་མ་ཉིད་དུ་རབ་ཏུ་སྒྲུབ་པའི་གནས་སྐབས་སུ་ཕྱག་འཚལ་བ་བྱེད་པ་ནི་བགེགས་མེད་པར་བསམ་པ་མཐར་ཕྱིན་པའི་ཕྱིར་ཡིན་ནོ་ཞེས་ཁ་ཅིག་ཟེར་བ་དེ་ནི་མི་རིགས་ཏེ། ཕྱག་འཚལ་བ་ལུས་ བགེགས་མེད་པ་ཡིན་ཞེས་བྱ་བ་འདི་ལ་ཚད་མ་མེད་པའི་ཕྱིར་རོ། །ཡ་རབས་རྣམས་ཕྱག་འཚལ་བ་སྔོན་དུ་འགྲོ་བ་ཉིད་ཀྱིས་བསྟན་བཅོས་ལ་འཇུག་པ་ན་བགེགས་ཉེ་བར་ཞི་བར་འདོད་པར་མཐོང་བ་ཡིན་ལ། དེ་ལྟར་རྟོགས་པ་པོ་འདི་རྣམས་འཇུག་པ་ཡང་ཚད་མ་མེད་པར་མི་འབྱུང་བ་མ་ཡིན་ ནམ། འབྲས་བུ་ལས་རྒྱུ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་རྟོགས་པ་ཡིན་ལ། འབྲས་བུ་བགེགས་ཉེ་བར་ཞི་བ་ནི་ཕྱག་འཚལ་བའི་འབྲས་བུ་ཡིན་ནོ། །ཚད་མའི་འབྲས་བུ་མ་ཡིན་པར་ཡང་འཇུག་པ་ཡོད་དོ། །མི་རིགས་ཏེ་རྟོག་པ་དང་ལྡན་པ་རྣམས་ཀྱི་འཇུག་པ་ནི་ཚད་མའི་འབྲས་ བུ་ཡིན་པའི་ཕྱིར་རོ། །ཚད་མའི་འབྲས་བུ་ཉིད་ཤེས་པའི་རྟོག་པ་དང་ལྡན་པའི་འཇུག་པ་ཉིད་མི་ཤེས་པ་ལས་གཅིག་པ་ལས་གཅིག་ཉེན་པ་ཡིན་ནོ། །བདེན་ཏེ་ཚད་མ་གང་ཁོ་ན་ལས་བཅོམ་ལྡན་འདས་ཐམས་ཅད་གཟིགས་པར་གྲུབ་པ་དེ་ཁོ་ན་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ ཡང་ཡིན་ནོ། །དེས་ན་དེ་ལ་ཕྱག་འཚལ་བ་བསྒྲུབ་པར་འདོད་པས་དེ་ཉིད་ལ་གྲུབ་པ་ཡིན་ནོ། །དེ་ལྟ་ན་ཡང་ཚིགས་སུ་བཅད་པ་འདོན་པ་ལ་སོགས་པར་མ་གཏོགས་པར་ཡང་ཨ་ཐའི་སྒྲ་རྗེས་སུ་བསྟན་པ་ལ་སོགས་པ་བཞིན་དུ། དབེན་པར་ལུས་དང་ངག་ལ་སོགས་པ་རྣམས་ ཀྱིས་བཅོམ་ལྡན་འདས་མངོན་པར་མཆོད་ནས་འཇུག་པ་ཡང་འདོད་པ་འགྲུབ་པའི་ཕྱིར་རོ། །དེ་འདོན་པ་ནི་འབྲས་བུ་མེད་དོ། །དེ་ལྟ་ན་ཅིའི་དོན་དུ་ཚིགས་སུ་བཅད་པ་འདོན། གཞན་གྱི་དོན་དུ་སྟེ་གཞན་པོ་རྣམས་ཀྱང་བཅོམ་ལྡན་འདས་ལ་དད་པ་མེད་པར་ཡང་བལྟ་བར་འདོད་པས་བསྟན་ བཅོས་ལ་འཇུག་པ་ན། ཇི་ལྟ་བུའི་འདོད་པས་ཀྱང་དང་པོར་ཕྱག་འཚལ་བ་སྐྱོ་དུབ་མེད་པར་བསྙེན་པས་བསོད་ནམས་ཀྱི་སྣོད་དུ་འགྱུར་ཏེ། ཇི་སྐད་དུ། ཇི་ལྟར་འདོད་པའམ་དངོས་ཀུན་མིན་པས་སམ། །གཞན་རྗེས་སུ་འབྲངས་པའམ་ཡིད་གཉིས་ཀྱིས་ཀྱང་རུང་། །ཐུབ་དབང་ཟླ་བ་ཁྱོད་ལ་ གང་ཞིག་ཕྱག་བྱེད་པ། །དེས་ཀྱང་འཆི་མེད་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར། །ཞེས་བསྟན་པའོ། །དེ་ལྟར་གཞན་གྱི་དོན་དུ་ཕྱག་བྱས་པ་ལ་རང་གི་དོན་གྱི་བགེགས་མེད་པ་ཡང་ཞར་ལ་གྲུབ་པོ། །ཡང་ན་གང་ལས་འདི་ལྟ་བུའི་བསྟན་བཅོས་བྱ་བར་ནུས་པའི་བསོད་ནམས་ཀྱི་ ཚོགས་ཡིན་པ་དེ་ལས་བགེགས་མེད་པ་ཡང་ཡིན་པ་ནི་གཞན་གྱི་དོན་ཉིད་ཡིན་པར་བསྟན་པ་ནི། འདི་ལ་བསྟན་བཅོས་ཀྱི་དང་པོར་ཞེས་བྱ་བ་སྟེ། བསྟན་བཅོས་ཀྱི་དོན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བར་ཡང་བསྟན་བཅོས་ཀྱི་དོན་རྟོགས་པར་བྱ་བ་ནི་མ་ཡིན་ཏེ། དེ་ལ་མོད་ཀྱི་དགོས་པ་སྟེ་གཞན་ གྱི་དོན་ཡིན་ལ་དེ་བསྟན་བཅོས་ཀྱི་དོན་ཡིན་པའི་ཕྱིར་རོ། །གང་གི་བསྟོད་པ་ཡིན་པ་དེ་དེ་བཞིན་དུ་དེའི་བསྟན་བཅོས་ཡིན་པ་བཞིན་དུ་བསྟོད་པ་ཡང་གཞན་གྱི་དོན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཕྱག་བྱས་པ་ལས་བགེགས་མེད་པས་བསྟན་བཅོས་ཡོངས་སུ་རྫོགས་པ་ཡིན་ལ། དེས་ན་ ཕྱག་འཚལ་བ་བསྟན་བཅོས་ཀྱི་དོན་ཡིན་ནོ། །ཡང་ན་ཚིགས་སུ་བཅད་པ་འདོན་པ་ལ་སོགས་པ་མེད་པར་ཡང་དབེན་པར་བཅོམ་ལྡན་འདས་ལ་མཆོད་པ་ལ་སོགས་པས་རང་གི་དོན་འགྲུབ་པ་ཡིན་ལ། ཚིགས་སུ་བཅད་པ་འདོན་པ་ནི་བསྟན་བཅོས་ཀྱི་དོན་ཡིན་པས་གཞན་གྱི་དོན་ཡིན་ ནོ། །གཞན་རྣམས་ཀྱང་ཇི་ལྟར་འདོད་པས་ཀྱང་རུང་སྟེ་བཅོམ་ལྡན་འདས་ལ་ཕྱག་བྱེད་པ་ནི་རང་གི་དོན་ཐོབ་པར་འགྱུར་རོ། །གཞན་རྣམས་ཀྱང་དབང་བྱེད་པ་དང་དབང་མི་བྱེད་པ་དག་ལས་དབང་མི་བྱེད་པར་རྟོགས་པ་བསྐྱེད་པར་དཀའ་བའི་ཕྱིར། བསྟན་བཅོས་ཀྱི་དབང་དུ་བྱས་ནས་བཅོམ་ལྡན་ འདས་ལ་བསྟོད་པ་ཡིན་གྱི། གཞན་ནི་མ་ཡིན་ནོ། །དེ་ལ་བསྟོད་པའི་འབྲས་བུ་ཡང་སྔ་མ་ཉིད་ཡིན་ནོ་ཞེས་བྱ་བའི་བསམ་པས་བསྟན་བཅོས་ཀྱི་དོན་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྟན་བཅོས་ནི་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཡང་བསྟན་བཅོས་ཀྱི་དོན་ནི་དམ་བཅས་ པའི་ངོ་བོའི་ཚིགས་སུ་བཅད་པ་ཡིན་ཞེས་བྱ་བའི་དོན་ཏོ། །དད་པའི་ཡུལ་ཉིད་ལ་ཕྱག་བྱ་བར་བསྟན་པས་བཅོམ་ལྡན་འདས་ཉིད་ལ་ལྟོས་པར་རྟོག་པ་དང་ལྡན་པ་རྣམས་ཀྱིས་རྟོགས་པར་བྱ་བ་ཡིན་གྱི། སློབ་དཔོན་གྱི་གཞུང་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སློབ་དཔོན་གྱི་གཞུང་ བཤད་པའི་སྒོ་ནས་ཀྱང་བཅོམ་ལྡན་འདས་ཉིད་རྟོགས་པར་བྱ་བ་ཡིན་ནོ་སྙམ་ན། དེ་ལྟར་རྟོགས་པར་བྱེད་པ་ལ་དགོས་པ་མེད་པའི་ཕྱིར་རོ། །གཞུང་དེ་བཤད་པས་འཕངས་པ་ཉིད་ལས་ཚད་མ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་པ་ཉིད་དུ་མི་ནུས་སོ་ཞེས་བསྟན་པ་ནི། ཚུལ་བཞིན་ཞེས་ བྱ་བའོ། །ཡང་ན་ཕྱེད་སྔ་མས་བཅོམ་ལྡན་འདས་ཉིད་ལ་ལྟོས་པ་ཉིད་དོ། །ཕྱེད་ཕྱི་མས་ཀྱང་རྒྱུ་དང་བཅས་པར་བསྟན་ཏོ། །དེ་ཉིད་ཀྱིས་ན་ལྟོས་པ་དང་བཅས་པའི་ཕྱིར་ཚད་མ་གྲུབ་པ་ཉིད་སྒྲུབ་པར་འགྱུར་བ་ཡིན་གྱི། སློབ་དཔོན་གྱི་གཞུང་ནི་མ་ཡིན་ནོ། །ཕྱེད་སྔ་མས་ནི་གཏན་ཚིགས་སོ། ། ཕྱི་མས་ནི་དམ་བཅས་པའི་འདོད་པའོ། །དེ་ལྟར་ན་ཡང་ཕྱག་བྱས་པས་རང་གི་དོན་དང་གཞན་གྱི་དོན་ཉིད་ཞར་ལ་གྲུབ་པ་ཡིན་ནོ། །མངོན་སུམ་ལ་སོགས་པ་རྣམས་འཇིག་རྟེན་ལ་གྲུབ་པ་མ་ཡིན་ནམ། དེའི་ནང་དུ་འདུས་པ་བཅོམ་ལྡན་འདས་ཀྱང་གྲུབ་པ་ཉིད་ཡིན་པའི་ཕྱིར་བརྟག་པར་བྱ་བ་མ་ ཡིན་ནོ། །ལོག་པར་རྟོགས་པ་ལ་བརྟག་པ་ཡིན་ནོ། །མི་ནུས་པའི་ཕྱིར་མ་ཡིན་ནོ། །དེ་རྣམས་ཀྱིས་བརྟག་པ་ནི་ཕན་ཚུན་བརྟེན་པ་ཡིན་ནོ། །གལ་ཏེ་གཞན་རྣམས་ཀྱིས་ཡིན་ན་དེ་རྣམས་ཀྱིས་ཇི་ལྟར་ཡིན། གལ་ཏེ་དེ་ལས་ཀྱང་གཞན་པ་རྣམས་ཀྱིས་ཡིན་ན་ནི་ཐུབ་པ་མེད་པར་འགྱུར་ རོ། །རབ་ཏུ་གྲུབ་པ་རྣམས་ཀྱིས་མ་གྲུབ་པ་བརྟག་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ་ཞེས་མཚན་ཉིད་མཚུངས་པའི་ཕྱིར་དེ་ལྟ་བུ་ཉིད་བསྒྲུབ་པར་བྱ་བར་མི་ནུས་སོ་ཞེས་བསྟན་པ་ཡིན་ནོ། །འོ་ན་ཇི་ལྟར་དེ་ཡོད་པ་གསལ་བར་བྱས་ནས་ཡོད་པ་ལ་ཡང་དག་པར་སྦྱོར་བའི་སྐྱེས་བུའི་ཞེས་བྱ་བ་ལ་ སོགས་པ་སྨྲས་པ་ཇི་ལྟར་ཡིན། ཕྱིན་ཅི་མ་ལོག་པའི་མངོན་སུམ་གྱི་རང་གི་ངོ་བོ་བསྟན་པ་དེ་ཡོངས་སུ་བརྟག་པ་ནི་མ་ཡིན་ནོ། །ཡོངས་སུ་བརྟག་པ་ཉིད་དགག་པ་ཡིན་གྱི། ཡོངས་སུ་བརྟག་པ་བཞིན་དུ་མཚན་ཉིད་ཀྱང་མ་ཡིན་ནོ། །འཇིག་རྟེན་ལ་གྲུབ་པ་དེ་བཞིན་དུ་རྟོགས་པ་ལ་མི་ནུས་པ་ལ་དེ་སྐད་སྨྲ་བ་ཡིན་ན་ ནི། ཡོངས་སུ་བརྟག་པ་ཡང་དེ་བཞིན་དུ་མི་རིགས་ཏེ། རབ་ཏུ་གྲུབ་པས་མ་གྲུབ་པ་ཡོངས་སུ་བརྟག་པ་ཡིན་པར་བསྟན་པ་ནི། གཞལ་བྱ་རྟོགས་པ་ནི་ཚད་མ་ལ་རག་ལས་པ་ཡིན་ཞེས་བྱ་བ་སྟེ། ཚད་མ་མ་ཡིན་པ་ལ་རག་ལས་པ་ནི་མ་ཡིན་ཏེ། ཚད་མ་མ་ཡིན་པ་དང་མཚན་ཉིད་མི་འདྲེ་བ་ཉིད་ལ་ ཚད་མར་ཡོངས་སུ་བརྟག་པ་ཉིད་དུ་ཤེས་པར་བྱའོ། །མ་འཁྲུལ་པ་ཉེ་བར་བསྟན་པའི་མཚན་ཉིད་བརྗོད་པ་དེ་མ་ངེས་པའི་ཕྱིར་ལན་གྱི་ཚུལ་གྱིས་ཡོངས་སུ་བརྟག་པའི་ཤུགས་ཀྱིས་བསྟན་པས་བརྗོད་བྱ་མ་ཡིན་ནམ། མ་ཡིན་ཏེ། མཚན་ཉིད་བརྗོད་པ་ཉིད་ལོག་པར་རྟོགས་པ་བསལ་བའི་དོན་དུ་ ཡོངས་སུ་བརྟག་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཚད་མ་རྣམས་ལ་ཡོན་ཏན་དང་མི་སླུ་བའི་ཤེས་པ་ལ་ལྟོས་ནས་ཡོངས་སུ་བརྟག་པ་དེ་ནི་མི་རིགས་ཏེ། ཐུག་པ་མེད་པའི་ཕྱིར་རོ། །མ་ཡིན་ཏེ་དེ་བཀག་པས་ཚད་མ་ཉིད་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་མེད་པར་ཐལ་བར་འགྱུར་རོ་ཞེས་འཆད་པར་ འགྱུར་བའོ། །ཚད་མ་ལ་རག་ལས་པ་ཡིན་གྱི་ཤེས་པ་ལ་རག་ལས་པ་ནི་མ་ཡིན་ཏེ། མྱུ་གུ་ནི་ས་བོན་ལ་རག་ལས་པ་ཡིན་གྱི། ས་བོན་གྱི་ཤེས་པ་ལ་རག་ལས་པ་ནི་མ་ཡིན་ནོ། །དེའི་ཕྱིར་རྟོགས་པ་ཉིད་ལས་ཡིན་གྱི་ཚད་མ་ཉིད་དུ་མ་རྟོགས་པ་ལས་རྟོགས་པའི་ཡུལ་དོན་དུ་གཉེར་བ་རྣམས་འཇུག་པ་ཡིན་གྱི། རྟོགས་པ་ཙམ་ནི་འཇུག་པའི་ཡན་ལག་མ་ཡིན་ཏེ། རྨི་ལམ་ལ་སོགས་པ་དང་མཚུངས་པའི་ཕྱིར་རོ། །ཕྲད་པར་བྱ་བ་དང་འབྲེལ་པའི་ཕྱིར་རོ་ཞེ་ན། དེ་དང་འབྲེལ་བས་དེ་ཡིན་པ་དེ་ལྟ་ནའང་ཉིད་ལས་ཤེས་པ་མ་ཡིན་པའི་ཕྱིར། གཞན་ཉིད་ལས་ཡིན་པར་ཤེས་པར་བྱ་སྟེ། སྲེག་པ་ལ་སོགས་ པའི་ཤེས་པ་ཡང་སྲེག་པ་ལ་སོགས་པ་གྲུབ་པའི་ཆེད་ཀྱི་ཐབས་ཉིད་ཀྱིས་འདོད་པ་ཡིན་གྱི་རང་གི་ངོ་བོ་ནི་མ་ཡིན་ཏེ། སྐྱེས་བུའི་དོན་མ་ཡིན་པའི་ཕྱིར་དང་ཕྲད་པ་ཉིད་མི་འཇུག་པར་ཐལ་བར་འགྱུར་བའི་ཕྱིར་ཡང་ངོ་། །འཕྲད་པར་བྱ་བ་དང་འབྲེལ་བའི་ཤེས་པ་ཡང་མི་ཤེས་པ་ལ་ཕྲད་པ་མི་སྲིད་པའི་ ཕྱིར། འདིར་འདིའོ་ཞེས་ཕྲད་པར་བྱ་བ་དང་འབྲེལ་པ་རིག་པ་ཡིན་གྱི་གཅིག་པོ་ནི་མ་ཡིན་ནོ། །དེ་ཉིད་ཀྱིས་བསལ་བ་ཡིན་ནོ། །ཕྲད་པར་བྱ་བའི་ཤེས་པ་ཉིད་ལས་དེ་དོན་དུ་གཉེར་བ་པོ་འཇུག་པར་འགྱུར་བ་ཡིན་ན། དེའི་འབྲེལ་པ་ཤེས་པ་བར་གྱི་ཤ་ལྟག་གིས་ཅི་ཞིག་བྱ། ཕྲད་པར་བྱ་བ་རྟོགས་པ་ཡང་གཞལ་ བྱ་རྟོགས་པ་ཡིན་གྱི་རང་གི་ངོ་བོ་ཙམ་རྟོགས་པ་ནི་མ་ཡིན་ནོ། །ཕྲད་པར་བྱ་བ་དང་འབྲེལ་པའི་རང་གི་ངོ་བོ་རྟོགས་པ་དེ་ལས་དེ་རྟོགས་པ་ཁོ་ན་འབྲེལ་པ་རྟོགས་པ་ཡིན་ནོ་ཞེ་ན། གཅིག་རིག་པ་ལས་ནི་མ་ཡིན་གྱི་འབྲེལ་པ་རིག་པ་ལས་ཡིན་ཏེ། དུ་བ་ཙམ་རིག་པ་ལས་མེ་དང་འབྲེལ་པ་རིག་པ་མ་ཡིན་གྱི་ མེ་མཐོང་ནས་དུ་བ་མ་མཐོང་བ་ན་མཐོང་བའི་སྟོབས་དང་མ་མཐོང་བའི་སྟོབས་ལས་དེ་ལས་འདིའོ་ཞེས་ངེས་བཞིན་པའི་དུ་བ་ནི་འབྲེལ་པ་ཅན་ཉིད་དུ་ངེས་པ་ཡིན་ཏེ། མཐོང་བ་གོམས་པ་ཁོ་ན་ལས་སོ། །འདིར་ཡང་ཕྲད་པར་བྱ་བ་ལ་ལྟ་བ་པོ་རང་གི་ངོ་བོ་ལ་དམིགས་པ་ནི། དེ་ལས་འདིའོ་ཞེས་དེ་ཁོ་ན་བཞིན་དུ་རྟོགས་པ་པོ་གོམས་ པས་ཀྱང་རང་གི་ངོ་བོ་མཐོང་བ་ཁོ་ན་ལས་སོ། །གོམས་པ་མེད་པ་ལ་ནི་དེའི་འགྲེལ་པ་གཞན་ཉིད་ཁོ་ན་ལས་ཡིན་པར་ཤེས་པར་བྱ་བ་ཡིན་གྱི། རང་གི་ངོ་བོ་ཤེས་པ་ལས་ནི་མ་ཡིན་ནོ། །དེ་དག་ཙམ་ན་དུ་བ་ལས་རང་གི་ངོ་བོའི་བྱེ་བྲག་སྟེ། འབྲས་བུ་དུ་བ་ཉིད་ལས་གོམས་ཀྱང་རུང་མ་གོམས་ཀྱང་རུང་ བས་ཤེས་པ་ཡིན་ལ། རང་གི་ངོ་བོ་ནི་ཕྲད་པར་བྱ་བའི་འབྲས་བུ་དེ་ཉིད་ཀྱིས་སོ། །འབྲས་དང་རྒྱུ་ཉིད་ཀྱི་དེ་ཉིད་མཐོང་བ་ཡང་རྒྱུན་གཅིག་ཏུ་གནས་པའི་སྐད་ཅིག་མ་རྣམས་གཅིག་ཏུ་འདུས་པས་གནས་པའི་གཟུགས་ལ་སོགས་པ་མཐོང་བ་ཡང་ངོ་། །དེ་ལྟར་ཕྲད་པར་བྱ་བ་དང་འབྲེལ་པ་ ཅན་གྱི་རང་གི་ངོ་བོ་ཤེས་པ་དེ་ཉིད་ནི་ཕྲད་པར་བྱ་བའི་ཤེས་པ་སྟེ། དེ་ཉིད་ཀྱང་གཞལ་བྱ་རྟོགས་པ་ཡིན་པའི་ཕྱིར། ཚད་མའི་ཤེས་པ་ཉིད་ནི་གཞལ་བྱ་རྟོགས་པ་ཡིན་ནོ། །ཚད་མའི་ཤེས་པ་མེད་ན་གཞལ་བྱ་རྟོགས་པ་ག་ལ་ཡོད། ཡང་ན་མཚན་ཉིད་ནི་རང་གི་ངོ་བོ་བསྟན་པ་ཡིན་གྱི་ལོག་ པར་རྟོགས་པ་པོས་གོ་བ་དེ་ཙམ་ནི་མ་ཡིན་ནོ། །སྒྲུབ་པར་བྱེད་པར་རྟོགས་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ཡོངས་སུ་བརྟག་པ་ཞེས་བྱ་བའི་དོན་ལ་འོངས་པ་ཡིན་ནོ། །ཡང་ན་ཚད་མ་ཞེས་བྱ་བ་ནི་མེད་པ་ཁོ་ན་ཡིན་ཏེ། མ་འཁྲུལ་བ་ལ་སོགས་པ་མེད་པའི་ཕྱིར་རོ། ། དེས་ན་ཡོངས་སུ་བརྟག་པ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་དོ་ཞེས་ཚད་མ་ཐམས་ཅད་མེད་པར་སྨྲ་བའི་རྒོལ་བ་རྣམས་སེམས་པ་ལ་གཞལ་བྱ་རྟོགས་པ་ནི་ཚད་མ་ལ་རག་ལས་པ་ཡིན་ཞེས་བྱ་བ་སྨོས་ཏེ། ཚད་མ་ནི་ཡོད་པ་ཡིན་ཏེ་སླུ་བ་མེད་པར་མཐོང་བ་ལ་སོགས་པའི་ ཕྱིར་ཞེས་བྱ་བའི་དོན་ཏོ། །མངོན་སུམ་མ་ཡིན་པའི་ཚད་མ་ནི་མེད་ཅེས་བྱ་བས། རྗེས་སུ་དཔག་པ་མེད་པར་སྨྲ་བའི་རྒོལ་བ་པོའི་བྱེ་བྲག་གོ། །ཡང་ན་བདེ་བར་གཤེགས་པའི་གཞུང་ལུགས་སུ་རྣམ་པར་རིག་པ་ཙམ་ཡིན་ལ་དེ་ཉིད་དུ་དངོས་སུ་འམ་བརྒྱུད་པས་ཀྱང་རུང་ མཐར་ཐུག་པ་ཡིན་ལ། དེ་ལ་ཡང་གཞལ་བྱ་མེད་པའི་ཕྱིར་སླུ་བ་མེད་པ་ཉིད་དམ་གཞན་ཡང་རུང་བས་འདིས་དཔག་པར་བྱ་བ་ཡིན་ཞེས་དེ་ལ་དམིགས་པའི་ཚད་མ་ཉིད་མི་སྲིད་དོ། །རང་གི་ངོ་བོ་རིག་པས་ནི་ཚད་མ་ཉིད་མ་ཡིན་ལ་ཕྲད་པར་བྱ་བའི་དོན་རིག་པ་ནི་ཚད་མ་ཉིད་ཡིན་ ཏེ། ཇི་སྐད་དུ། ཚད་མ་ཉིད་དམ་ཚད་མ་མིན་ཉིད་དམ། །བསོད་ནམས་སྡིགས་པ་སོགས་དང་དེ་འབྲས་བུ། །ཞེས་བྱ་བ་ལ་སོགས་དེ་དག་ཐམས་ཅད་ཀྱང་། །དོན་གྱིས་སྟོང་པའི་བློ་ལ་མི་རིགས་འགྱུར། །ཞེས་བསྟན་ཏོ་ཞེས་ཟེར་བ་འདི་ལ། ཚད་མ་ལ་རག་ ལས་པ་ཡིན་ཞེས་བྱ་བ་སྨོས་ཏེ། ཕྲད་པར་བྱ་བ་དང་འབྲེལ་བ་ཉིད་ནི་འཇིག་རྟེན་པའི་ཚད་མ་ཡིན་ལ། དེ་རིག་པ་ཙམ་ཡང་ཁྱད་པར་ཅན་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཡིན་དུ་ཟིན་ཀྱང་རིག་བྱེད་ལ་སོགས་པ་ནི་འཇིག་རྟེན་ཕ་རོལ་ལ་སོགས་པ་ལ་ཚད་མ་ཡིན་པར་ འཇིག་རྟེན་དུ་གྲུབ་པོ་ཞེས་བྱ་བ་ནི་ཡོངས་སུ་བརྟག་པའི་གོ་སྐབས་མེད་པ་ཡིན་ཏེ། འདི་ལ་བཅོམ་ལྡན་འདས་ཉིད་ནི། །ཞེས་བྱ་བ་སྨོས་སོ། །དེ་ལ་ཞེས་བྱ་བ་ནི་སྐབས་ཀྱི་རྒྱུ་མཚན་གཉིས་སམ་བསྒྲུབ་པར་བྱ་བ་དེ་ལའོ། །དེ་ལ་ཡང་དབྱེ་བ་རྣམ་པ་བཞི་ཡོད་དེ། ། བཅོམ་ལྡན་འདས་ཉིད་ཆོས་ལ་ཚད་མ་ཡིན་པའམ་གཞན་ཉིད་དམ་གཉི་ག་འམ་གཉི་ག་མ་ཡིན་པ་ཞིག་ཅེས་ཡོངས་སུ་བརྟག་པ་ཚོལ་བ་ལ། འདིར་རྣམ་པ་འདི་བཞིར་བྱེད་པར་འགྱུར་བ་ནི། དེ་ལ་ཕྱོགས་གསུམ་པོ་བསལ་ནས་ཕྱོགས་དང་པོ་ཡོངས་སུ་བཟུང་བར་བསྟན་པ་ནི། ཚད་ མ་ཡང་བཅོམ་ལྡན་འདས་ཉིད་ཅེས་བྱ་བའོ། །གཞན་ཉིད་ལས་སྐྱེས་པའི་ཚད་མ་ཉིད་དེ་ཡང་རང་གི་འབྲས་བུ་ལ་མི་ལྟོས་པ་ཉིད་ཡིན་ལ། འབྲས་བུ་ཡང་དེའི་དོན་ཇི་ལྟ་བ་ལ་ངེས་པའམ་འཇུག་པ་མ་ཡིན་ནམ་དེ་ལ་སྔ་མ་ནི་འབྲས་བུའི་ཤེས་པ་བྱུང་བའི་དུས་ཉིད་ལ་བར་དུ་མཆོད་ པར་སྐྱེ་བར་མཐོང་བ་ལ་འཇུག་པར་བྱ་བ་ཡང་དོན་ཇི་ལྟ་བ་ལ་ངེས་པའི་རྒྱུ་མཚན་དེ་ཡོད་ན་འབྱུང་བ་ཉིད་ཡིན་ཏེ། ལྟོས་པ་གཞན་ཡང་རྒྱུའི་ཡོན་ཏན་གྱི་ཤེས་པ་ཉིད་ཡིན་ནོ་ཞེ་ན། དེ་ཡང་ཚད་མ་ཡིན་ན་ལྟོས་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ལ། དེས་ན་ཡང་དེའི་ཡང་ལྟོས་ པ་ཡོན་ཏན་གྱི་ཤེས་པ་གཞན་ཡིན་ལ། དེའི་ཡང་གཞན་ཡིན་པས་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་ལྟོས་པ་ལས་ལྟོས་བྱེད་ཚད་མ་ཡིན་ན་ལྟོས་བྱེད་ཀྱང་གཞན་ལས་ཞེས་པ་ལ་སྐྱོན་མེད་དོ། །མ་ཡིན་ཏེ་ཕན་ཚུན་བརྟེན་པར་ཐལ་བར་འགྱུར་རོ། །བདག་ ཉིད་ཐོབ་པ་ལ་ཡང་རྒྱུའི་ཡོན་ཏན་ལ་ལྟོས་པ་ཡིན་གྱི་རང་གི་འབྲས་བུ་ལ་ནི་མ་ཡིན་ཏེ། བུམ་པ་ལ་རྫ་མཁན་ལ་སོགས་པ་ལྟ་བུའོ། །མི་སླུ་བའི་ཤེས་པའི་ལྟོས་པ་ལ་ཡང་སྟེ། འདི་ཉིད་ཀྱང་སུན་འདོན་པ་གཉིས་དང་སྦྱར་བར་བྱའོ། །སྐད་ཅིག་མའི་ རྣམ་པར་ཤེས་པ་ནི་ཡོན་ཏན་མི་སླུ་བའི་ཤེས་པའི་དུས་སུ་གནས་པ་མ་ཡིན་ནོ། །དེའི་ཕྱིར་ཚད་མ་ཉིད་དུ་ཁས་བླངས་པའི་ཚད་མ་ཉིད་ལྟོས་པ་དང་བཅས་པར་འགལ་བས་ཁས་ལེན་པར་མི་རིགས་པའི་ཕྱིར་གྱི་ཤུགས་ཀྱིས་ལྟོས་པ་མེད་པ་ཉིད་དུ་གྲུབ་ པོ། །དེ་ཡང་། གཅིག་པུ་ལྟོས་མེད་ཁོ་ན་ཉིད། །མཚན་མ་ཉིད་ནི་རྒྱུ་མཚན་སྟེ། །ལྟོས་བཅས་ཉིད་ལ་ཡང་དག་པར། །གནས་ན་དེ་ཉིད་རྣམ་ཉམས་འགྱུར། །གང་ཕྱིར་རྩ་བའི་ཕྱོགས་དོར་ནས། །སུ་ཞིག་རིགས་པ་སྨྲ་འདོད་ འགྱུར། །གང་གིས་དེ་སྒྲུབ་པའི་ཐབས་ཀྱང་། །རང་གི་ཚིག་གིས་རྣམས་ཉམས་འགྱུར། །ལྟོས་བཅས་ཚད་མ་ཉིད་དུ་ནི། །རྣམ་པར་གཞག་པ་གང་ན་ཡང་མེད། །ཅེས་བྱ་བ་དང་། ཇི་སྟེ་མི་བསླུའི་སྔ་མ་ཡིན། །སླུ་བ་མེད་ཅན་གཉིས་ཚད་ནས། ། ཕན་ཚུན་ཡང་དག་བརྟེན་ཉིད་ཀྱིས། །ཚད་མར་བརྟག་བྱ་ཉིད་ཉམས་འགྱུར། །ཞེས་ཀྱང་བསྟན་པ་ཡིན་ནོ། །འདིར་དོན་ནི་འདི་ཡིན་ཏེ། མ་འཁྲུལ་བ་ཉིད་ནི་ཚད་མ་ཉིད་ཡིན་ལ། དེ་ཡང་ཤེས་པའི་དོན་དང་འབྲེལ་པ་ཡིན་གྱི། དེར་ངེས་པ་ཡང་ཤེས་པ་དེས་སམ་ཤེས་པ་གཞན་ གྱིས་ཡིན། དེས་ཡིན་ན་ནི་འབྲེལ་པ་ཅན་དུ་ངེས་པར་སྔོན་དུ་འགྲོ་བ་ཅན་དེ་ནི་ཤེས་པ་ཡིན་ཏེ། འབྲེལ་པ་ཅན་དུ་མ་ངེས་ན་འབྲེལ་པ་མི་ཤེས་པའི་ཕྱིར་རོ། །འབྲེལ་པ་ཅན་ཡིན་ན་ནི་དོན་ལ་ངེས་པས་སྔ་མ་ཉིད་ཁོ་ན་ལ་འཇུག་པར་འགྱུར་ན་འབྲེལ་པ་ཤེས་པས་ཅི་ཞིག་བྱ། འོན་ཏེ་འབྲེལ་ པ་ངེས་པ་ལས་འབྲེལ་པ་ཅན་དོན་ལ་ངེས་པ་ཡིན་ན་ཕན་ཚུན་བརྟེན་པར་འགྱུར་རོ། །འོན་ཏེ་དོན་བྱེད་པའི་ཤེས་པ་ལས་ཡིན་ན། དེ་ཡང་དོན་བྱེད་པར་འབྲེལ་པ་ཤེས་ན། དོན་བྱེད་པར་ངེས་པར་བྱེད་པ་ཡིན་ཏེ། རྨི་ལམ་ལ་སོགས་པ་དོན་གྱི་བྱེད་པ་དེ་ཉིད་ཤེས་པ་ཡིན་ན། དེ་ལ་ཡང་དེ་ ལས་དོན་བྱེད་པའི་ཤེས་པ་གཞན་བརྩལ་བར་བྱ་དགོས་ལ། དེ་ལ་ཡང་གཞན་ལས་ཡིན་པར་འགྱུར་རོ། །འོན་ཏེ་དོན་བྱེད་པའི་ཤེས་པ་གནོད་པ་མེད་པར་དོན་བྱེད་པར་རིག་པ་ནི་རང་ཉིད་ལས་ཚད་མ་ཡིན་ནོ། །སྔ་མ་ཡང་དེ་ཁོ་ན་བཞིན་དུ་རང་གི་འབྲས་བུ་ལ་ལྟོས་པ་མེད་པའི་ཚད་མའོ། ། དེ་ཡང་། དངོས་ཀུན་བདག་ཉིད་འཐོབ་དོན་དུ། །རྒྱུ་ལ་ལྟོས་པ་ཉིད་དུ་འགྱུར། །བདག་ཉིད་ཐོབ་པར་རང་འབྲས་ལ། །རང་ཉིད་འཇུག་པར་འགྱུར་བ་ཡིན། །གལ་ཏེ་རྣམ་ཤེས་སྐྱེས་གྱུར་ནའང་། །ཇི་སྲིད་རྒྱུ་ནི་བདག་ཉིད་དུ། །ཚད་མ་གཞན་གྱིས་མ་རྟོགས་པ། །ཇི་སྲིད་ དོན་མེད་པར་ངེས་འཛིན། །དེར་ནི་ཤེས་གཞན་སྐྱེ་བ་ཡིན། །རྒྱུ་གཞན་ལ་ནི་བཞེས་པ་ཡིན། །ཞེས་སྨོས་སོ། །དེའི་ཕྱིར་རིང་པོར་ལོན་པ་ཡང་དང་པོ་པ་བཞིན་དུ་ཡོངས་སུ་གཅོད་པ་ཙམ་ནི་ཚད་མ་ཉིད་ཀྱི་བྱ་བ་ཡིན་གྱི། ཚད་མ་ཉིད་ཀྱི་ཤེས་པ་ཕྱི་མ་གཞན་སྔ་མ་ལས་བྱེ་ བྲག་ཏུ་བྱེད་པ་མ་ཡིན་ནོ། །དོན་བྱེད་པ་ལ་གནོད་པ་མེད་པའི་ཤེས་པ་བཞིན་དུ་ངེས་པར་བྱེད་པའི་ཤེས་པ་ཡང་རང་ཉིད་ལས་ཁོ་ན་བཞིན་དུ་ཚད་མ་ཡིན་ཏེ་བྱེ་བྲག་མེད་པའི་ཕྱིར་རོ། །དེ་ཡང་། གང་ཚེ་རང་ལས་ཚད་མ་ཉིད། །དེ་ཚེ་གཞན་ཉིད་ཚོལ་མིན་ཏེ། །སྐྱོན་རིག་པ་ལས་བཅད་མེད་ པར། །བརྫུན་པ་ཉིད་ནི་རྟོག་པར་འགྱུར། །ཞེས་སྨོས་སོ། །ཉ་ཕྱིས་ལ་དངུལ་དུ་ཤེས་པ་ཡང་སྔ་མའི་རྣམ་པར་ཤེས་པ་དང་མཚན་ཉིད་མི་འདྲ་བ་ཚོགས་པ་གཞན་ལ་ལྟོས་པ་ལས་བྱུང་བ་ཕྱིན་ཅི་ལོག་པའི་ཡུལ་ཅན་ཡང་དེ་ཉིད་ལ་ངེས་པ་ཅན་གཞན་ལ་ལྟོས་པ་ཡིན་ལ། དེས་ན་ ལྡོག་པའི་ཡུལ་ཡིན་པའི་ཕྱིར་གཞན་ལས་ཡིན་པར་བསྟན་ཏེ། དེ་ཡང་། རང་དོན་ཚད་མ་མིན་པ་ཡང་། །ཚད་མ་བཞིན་དུ་བལྟ་བར་བྱ། །ཞེས་སྨོས་པའོ། །དཔེར་ན་ཡུལ་ཕྱི་མ་རྟོག་པ་ཙམ་དུ་བྱེད་པའི་ཚད་མ་བཞིན་དུ་སྔ་མ་ཡང་དེ་དང་འདྲ་བའོ། །ཅིག་ཤོས་ནི་རང་ལས་ངེས་པ་ མ་ཡིན་པའི་རང་གི་ངོ་བོ་ནི་གཞན་ལ་ལྟོས་པ་ཡིན་ཞེས་བྱ་བའི་དོན་ཏོ། །རིག་བྱེད་ལས་བྱུང་བའི་ཤེས་པ་ནི་དངུལ་གྱི་ཤེས་པ་བཞིན་དུ་འདི་ཡང་འགྱུར་བ་ནི་མ་ཡིན་ནོ། །བརྫུན་པ་སྐྱེད་པར་བྱེད་པ་ལས་དེ་བཞིན་པའི་དོན་ཉིད་ལ་ངེས་པའི་ཤེས་པ་བདེན་པ་གཞན་ཡོད་པ་མ་ཡིན་ཞིང་ སྐྱོན་གྱི་ཤེས་པ་ཡང་མ་ཡིན་ཏེ། སྐྱེས་བུས་བྱས་པ་མ་ཡིན་པའི་ཕྱིར་རོ། །རང་དུ་རྟོགས་པའི་སྒྲ་ཉིད་ནི་སོར་མོའི་རྩེ་མོ་ལ་སོགས་པའི་ངག་བཞིན་དུ་དོན་ཇི་ལྟ་བ་མ་ཡིན་པའི་ཤེས་པ་སྐྱེས་པའི་སྐྱོན་ཡང་མེད་དོ། །ལན་ཅིག་ཀྱང་དེའི་རང་བཞིན་ལས་དེའི་རང་བཞིན་མ་ཡིན་པ་ཤེས་པར་ མི་རིགས་ཏེ། དེ་ལས་རེས་འགའ་ཞིག་དོན་ཇི་ལྟ་བ་རྟོགས་པ་ཡིན་ནོ། །བདེན་ཡང་འབྱུང་ལ་དེ་ལྟ་མ་ཡིན་ཡང་འབྱུང་ཞེས་གང་སྨྲས་པ་ལ། བརྫུན་པ་སྐྱེད་པར་བྱེད་པ་ལས་བདེན་པ་མི་འབྱུང་ལ། འབྱུང་དུ་ཟིན་ཀྱང་དེ་ལས་སྒྲ་རང་ཉིད་སྐྱོན་ཅན་མ་ཡིན་ཏེ། འོན་ཀྱང་སྐྱེས་བུའི་འདུས་པ་ལ་ ཡིན་ལ། སྐྱེས་བུ་ཡང་བློ་སྔོན་དུ་འགྲོ་བའི་ཚིག་གི་རིམ་པ་གཞན་དུ་ཡང་བྱེད་པའི་ཕྱིར། གཅིག་པུ་སླུ་བར་བྱེད་པ་ཡིན་གྱི་སྒྲ་ནི་མ་ཡིན་ནོ། །རིག་བྱེད་ལ་ནི་སྐྱེས་བུ་མེད་པའི་ཕྱིར། དེས་བྱས་པའི་རིམ་པ་མ་ཡིན་པའི་ཕྱིར། སླུ་བར་དོགས་པར་མི་བྱ་སྟེ། དེ་ཡང་། རེ་ཞིག་སྒྲ་ ལས་སྐྱོན་བྱུང་བ། །སྨྲ་བ་པོ་ལ་ལྟོས་ནས་ཡིན། །ཞེས་སྨོས་པའོ། །དེ་ཉིད་ནི་གཞན་ལ་ལྟོས་པའི་ཚད་མ་ཉིད་ཡིན་གྱི། འཇིག་རྟེན་དང་རིག་བྱེད་དུ་ཡང་ཚད་མ་རྣམ་པར་གཞག་པར་འགྱུར་བ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ལ་ཚད་མའི་མཚན་ཉིད་སྤྱིར་སྟོན་པ་ ནི་ཞེས་བྱ་བ་སྨོས་ཏེ། འདིས་མཚོན་པར་བྱ་བ་ཡིན་པས་ན་མཚན་ཉིད་དེ་རང་ལས་སམ་གཞན་ལས་ཀྱང་རུང་བའི་ཚད་མར་བརྟག་པར་བྱ་བ་ནི་འདིའི་དོན་ཏོ། །ཚད་མ་ཉིད་ནི་ཡོན་ཏན་གྱིས་བསྐྱེད་པར་བྱ་བ་ཡིན་ཞེས་སྨྲས་པ་ལ། བུད་ཤིང་ལ་སོགས་པའི་གྲོགས་ལ་ལྟོས་པའི་མེ་ལ་སོགས་ པ་ནི་དུ་བ་ལ་སོགས་པ་སྐྱེད་པར་བྱེད་པར་སྣང་ལ། དེ་བཞིན་དུ་ཤེས་པ་ཡང་གྲོགས་ལ་ལྟོས་པ་ཡིན་དང་། སྐད་ཅིག་མ་ཇི་ལྟར་ལྟོས་པ་ཉིད་ཡིན། མེ་ལ་སོགས་པ་ཡང་མཚུངས་པའི་ཕྱིར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་གྱི། རྒྱུན་གྱི་དངོས་པོ་ལ་གཅིག་པ་ཉིད་དུ་ཞེན་པས་རྒྱུ་ཡིན་ནོ། ། གྲོགས་བྱེད་པའི་ཕྱིར་དང་ཕན་པ་བྱེད་པའི་ཕྱིར་མེའི་ལྟོས་པ་ཤིང་ཡིན་པར་རིགས་པ་མ་ཡིན་ནམ། ཤེས་པ་ཡང་ཡུལ་ངེས་པའི་ཕྱིར་གཞན་ཕན་པ་བྱེད་པ་ཅན་ཡིན་ནོ། །ཤེས་པ་ནི་ཡུལ་རྟོགས་པའི་ངོ་བོ་ཁོ་ན་མ་ཡིན་ནམ། དེ་ལྟ་ནི་མ་ཡིན་ཏེ། རང་གི་ངོ་བོ་རྟོགས་པའི་རང་བཞིན་ཡིན་ ལ། དེ་ཡང་རང་ཉིད་ལས་ཚད་མ་ཡིན་ཏེ། དེ་ཡང་ཤེས་པ་ཐམས་ཅད་ཀྱི་ཐུན་མོང་ཡིན་པའི་ཕྱིར། ཤེས་པ་ཐམས་ཅད་ཚད་མར་འགྱུར་ཏེ་གནོད་པ་མེད་པའི་ཕྱིར་རོ། །དེ་ཡང་སེར་པོའམ་དངུལ་དུ་མི་སྣང་བའི་ཕྱིར་གནོད་པར་འགྱུར་བ་ཡིན་ནོ། །འདི་ལྟ་བུའི་ཚད་མའི་དབང་དུ་ བྱས་པ་ནི་མ་ཡིན་ཏེ། དེའི་ཡང་ཕྲད་པར་བྱ་བའི་འབྲས་བུ་དང་འབྲེལ་པ་ནི་ཚད་མ་ཉིད་ཡིན་ལ། དེ་ཡང་རང་གི་ངོ་བོ་རྟོགས་པས་བཅས་པ་ནི་མ་ཡིན་ཏེ། གཞན་ཉིད་ལས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །གཅིག་ལ་གཅིག་བརྟེན་པ་ཡང་མ་ཡིན་ཏེ། འདི་ལ་འདིའོ་ཞེས་དོན་ རྟོགས་པ་ཁོ་ན་ཚད་མ་ཉིད་ཡིན་ཏེ་རྟོགས་པའི་ཕྱིར་རོ། །འདིས་ནི་དགོས་པ་མེད་པའི་ཕྱིར་གསལ་བ་ཡིན་ལ། ཕྲད་པར་བྱ་བའི་འབྲས་བུ་རྟོགས་པར་ཡང་རང་ཉིད་ལ་ཁོ་ན་ལས་ངོ་བོ་བཞིན་དུ་ཐེ་ཚོམ་མེད་པ་ཡིན་ནོ། །དེ་དང་འབྲེལ་པ་ནི་མ་རྟོགས་ཏེ། དམིགས་པ་དང་མ་དམིགས་དག་ ལས་ཁོང་དུ་ཆུད་པར་བྱའོ། །འབྲས་བུ་རྟོགས་པ་ཙམ་ཚད་མ་མ་ཡིན་ནམ། དེ་བཞིན་སྔ་མ་ལ་ཡང་ཅིས་མི་འགྱུར། །ཇི་ཙམ་དུ་རྟོགས་པ་དེ་ཙམ་དུ་རང་ཉིད་ཁོ་ན་ལས་ཡིན་པར་ནི་བདེན་ན། འབྲས་བུ་ལ་འབྲེལ་པ་ནི་མ་རྟོགས་པ་ཡིན་ནོ། །བསྐྱེད་བྱ་འམ་སྐྱེད་བྱེད་དུ་ཡང་ཅིས་མ་རྟོགས། བདེན་ཏེ། སྐྱེད་བྱེད་དམ་བསྐྱེད་བྱར་ནི་རྟོགས་ན། དེ་ཁོ་ན་ཉིད་ཀྱིས་ནི་མ་ཡིན་པའི་ཕྱིར་ཐུག་པ་མེད་པ་ལ་སོགས་པར་རྒལ་བ་ནི་ནམ་མཁའ་ལྟད་པ་དང་འདྲའོ། །ཚད་མ་ཉིད་ཀྱི་ཤེས་པ་ལས་ཕྱི་མ་ཡོངས་སུ་གཅོད་པ་ནི་སྔ་མ་ལས་བྱེ་བྲག་མེད་པ་ཡང་མ་ཡིན་ཏེ། དེའི་ཚེ་བྱེ་བྲག་མཐོང་ བ་ལས་དམིགས་པ་རྣམ་པར་གཞག་པའི་ཕྱིར་རོ། །དེ་ལྟ་ན་རིག་བྱེད་ལས་སྒྲུབ་བྱེད་མཆོད་སྦྱིན་ལས་བསྒྲུབ་བྱ་མཐོ་རིས་ཐོབ་པར་བྱ་བར་ཤེས་པ་ཉིད་ཡིན་པའི་ཕྱིར་ཚད་མ་ཡིན་ནོ། །འཕྲད་པའི་ཕྱིར་འཇུག་པར་མི་འགྱུར་རོ། །གོམས་པ་ལས་ཕྲད་པར་བྱ་བ་ངེས་པ་ཡིན་ན་མངོན་སུམ་ ལས་ཇི་ལྟར་འཇུག་པ་ཡིན། ངེས་པ་རྟོགས་པའི་དོན་དུ་འཇུག་པ་ཡིན་པའི་ཕྱིར་སྐྱོན་མེད་དོ། །ངེས་པ་ཙམ་འདི་ལ་ཡང་རྟོགས་པ་ཁོང་དུ་ཆུད་པ་མེད་དོ་ཞེ་ན་ངེས་པ་མེད་དོ། །ཁྱེད་ལ་ཡང་ཅི་ལས་ངེས། ཕྲད་པར་བྱ་བའི་འབྲས་བུ་ལ་རང་གི་ངོ་བོ་འཛིན་པ་ཡིན་པའི་ཕྱིར་རོ། ། ཕྲད་པར་བྱ་བའི་རང་གི་འབྲས་བུའི་རང་གི་ངོ་བོ་ནི་འདི་ལ་ཡང་ངོ་། །མ་ཡིན་ཏེ། ཐོབ་པར་བྱ་བ་ནི་དབང་པོ་ལས་འདས་པ་ཉིད་ཀྱིས་དེའི་འབྲས་བུ་ཉིད་ཤེས་པ་མེད་པའི་ཕྱིར་རོ། །ཐོབ་པར་བྱ་བའི་འབྲས་བུའི་ཤེས་པ་ནི་རབ་རིབ་ཅན་གྱི་ཤེས་པ་བཞིན་དུ་སྐྱོན་ལས་བྱུང་བ་ཡིན་ལ་རིག་བྱེད་ ལ་ནི་སྐྱོན་མེད་དེ། བྱེད་པ་པོ་མེད་པའི་ཕྱིར་རོ། །འོ་ན་རབ་རིབ་ཅན་ནམ། གཞན་ཡང་རུང་བའི་མི་བསླུ་བ་དང་། སླུ་བ་ཡང་ཉེ་བར་དམིགས་པས་ཐ་དད་པ་མ་ཡིན་ནམ། དེ་ནི་འདི་ལ་མེད་དེ་ཐོབ་པར་བྱ་བ་ནི་དབང་པོ་ལས་འདས་པ་ཉིད་ཀྱིས་དེ་གཉིས་མེད་པའི་ཕྱིར་རོ། །སླུ་ བ་ནི་སྐྱོན་གྱིས་བསྐྱེད་པ་མ་ཡིན་ནམ། དེ་དག་ཀྱང་སྐྱེས་བུ་དང་འབྲེལ་པ་ལས་ཡིན་གྱི། རང་ཉིད་ལས་ནི་མ་ཡིན་ཏེ། འབྲས་བུ་དང་རྒྱུའི་ངོ་བོར་ངེས་པའི་ཕྱིར་རོ། །དེ་མེད་ན་སྐྱེས་བུའི་བྱ་བ་ཚིག་གི་རིམ་པ་ཅི་ལྟར་རིགས། དེ་ལྟ་ཡིན་དུ་ཟད་མོད་ཅེ་ན། སྐྱོན་དང་དེས་ བྱས་པའི་སླུ་བ་ཡང་ཅིའི་ཕྱིར་གློ་བུར་དུ་མ་ཡིན་ཏེ་མཚུངས་སོ། །རིག་བྱེད་ཀྱི་རིམ་པ་གཞན་ཉིད་ཡིན་ཏེ། བྱེད་པ་པོ་མེད་པའི་ཕྱིར། དེའི་སྐྱོན་རྣམས་ཀྱང་ཡོད་པ་མ་ཡིན་ལ། ཤེས་པ་ཡང་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་སླུ་བ་མ་ཡིན་ཏེ་བྱེད་པ་མེད་པའི་ཕྱིར་རོ། ། ཐོབ་པར་བྱ་བའི་ཤེས་པ་ལ་ནི་མིག་གི་རྣམ་པར་ཤེས་པ་བཞིན་དུ་བྱེད་པའི་སྐྱོན་མེད་པར་ཤིན་ཏུ་ངེས་པ་ཡིན་ལ། གཞན་དུ་ཡང་བྱེད་པ་པོ་མེད་པ་ལ་ནི་སྒྲ་རང་ཉིད་ལ་སྐྱོན་ཡོད་པའམ་གཞན་ལས་སམ་ཞེས་བྱ་བའི་དོགས་པ་ལྡོག་པ་མ་ཡིན་ནོ། །རང་ཉིད་སྐྱོན་ཅན་ཡིན་ན་ནམ་དུ་ཡང་ཇི་ ལྟར་བདེན་པ་ཉིད་དུ་འགྱུར། སྐྱེས་བུས་བྱས་པ་ནི་དེའི་ཡོན་ཏན་ལས་བདེན་པ་ཉིད་ཡིན་ལ། ཡོན་ཏན་རྣམས་ལ་ནི་སྐྱོན་ཡོད་པ་མ་ཡིན་ཞེས་བྱ་བ་གཏམ་ཙམ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་ཕྱིན་ཅི་ལོག་པར་ཐལ་བར་འགྱུར་རོ། །གང་ཞིག་གང་ལས་བྱུང་བར་སྣང་བ་དེ་ལས་བྱུང་བ་ ཡིན་པ་དེའི་ཕྱིར་རོ། །ཡོན་ཏན་ལས་བདེན་པ་ཉིད་དང་། སྐྱོན་ལས་བརྫུན་པ་ཉིད་དུ་ནི་རིག་པ་ཡིན་ནོ། །དེ་ལྟར་ཡང་ཚད་མར་གྱུར་པ་ཞེས་བྱ་བ་ལ་སོགས་པ་དེར་རྒྱས་པར་བཤད་པ་ཡིན་ནོ། །རིག་བྱེད་ལ་ནི་སྐྱེས་བུ་མེད་པའི་ཕྱིར། ཡོན་ཏན་ལས་བྱུང་བ་མ་ཡིན་ལ། དེས་ན་བྱེད་པ་ མེད་པའི་ཕྱིར་བདེན་པ་ཉིད་མ་ཡིན་ནོ། །འདི་སྐད་བཤད་པར་འགྱུར་ཏེ། ཤེས་པ་ཕྱི་མ་ནི་རང་གི་ངོ་བོ་ཁོ་ན་འདོད་པ་ཡིན་གྱི། དེ་ལས་གཞན་པ་ནི་མ་ཡིན་པའི་ཕྱིར་ཐུག་པ་མེད་པ་མ་ཡིན་ལ། སྔ་མ་ནི་དེའི་ཐབས་ཡིན་པ་ཉིད་ཀྱིས་རང་གི་ངོ་བོ་ལས་མ་ཡིན་ཏེ། རང་ཉིད་ལས་རང་ གི་ངོ་བོ་ཤེས་པ་ཡིན་ཡང་། དེའི་ཐབས་ཉིད་ཡིན་པས་དུ་བ་བཞིན་དུ་གཞན་ལ་ངེས་པ་ཡིན་ནོ། །རིག་བྱེད་ནི་རང་གི་ངོ་བོ་རྟོགས་པ་ཡིན་ཡང་དེའི་འདོད་པ་རྟོགས་པ་ནི་མ་ཡིན་ནོ། །དེ་མ་རྟོགས་པ་ལས་ན་རང་གི་ངོ་བོ་ནི་དེའི་ཐབས་ཉིད་ཀྱིས་རྟོགས་པ་མ་ཡིན་ཏེ། དེ་ཉིད་སྐྱོན་མེད་པར་ངེས་ པ་ཡང་མེད་ལ་སོ་སོར་སྣང་བ་བཞིན་དུ་སྐྱེས་བུ་མེད་པའི་ངེས་པ་ཡང་མེད་དེ། རང་ཉིད་ཀྱི་སྐྱོན་ཡིན་པའི་ཕྱིར་རོ། །ཤེས་པའི་འབྲས་བུ་ནི་དོན་ལ་ངེས་པ་མ་ཡིན་ནམ། དེ་ནི་དེ་ཉིད་ཀྱི་ཚེ་ཡོད་པ་ཡིན་ལ། དོན་དུ་གཉེར་བ་པོ་རྣམས་ནི་དེའི་རྒྱུ་མཚན་ལ་འཇུག་པ་ཡིན་ནོ། །འོ་ན་ གཞན་དུ་ངེས་པས་ཅིའི་ཕྱིར་འཇུག་པ་ཡིན། ཐོབ་པར་བྱ་བའི་དོན་དུའོ། །ཐོབ་པ་ནི་ལག་པ་ལ་སོགས་པས་ཉེ་བར་ཐོབ་པ་ཉིད་དོ། །དེ་ནི་སྔ་མ་ངེས་པ་ཡིན་ནོ་ཞེ་ན། དེའི་ཆ་ཇི་ལྟར་ངེས་པ་ཡིན་ཞིང་འཇུག་པ་ཡང་ཡིན། ངེས་པ་ནི་ཡོད་ཀྱང་དེ་ཆེས་དོན་དུ་གཉེར་བ་མ་ཡིན་ ཏེ། ཐོབ་ཟིན་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་འདི་ནི་སྔ་ནས་ཐོབ་པར་བྱ་བ་དང་འབྲེལ་པ་ཅན་ཉིད་ཡིན་པར་ཤེས་པར་བྱའོ། །བདེན་ཏེ་ཕྲད་པར་བྱ་བ་ལ་སོགས་པའི་ཤེས་པ་ལ་ཐུག་པ་མེད་པ་ནི་མ་ཡིན་ཏེ། མངོན་པར་འདོད་པ་ཉིད་ཀྱི་ཚད་མ་ཉིད་ཡིན་པའི་ཕྱིར་རོ་ཞེས་འཆད་པར་ འགྱུར་བའོ། །དེ་ལྟར་འགྱུར་ན་ནི་ཤེས་པ་ཁོ་ན་ཚད་མ་ཡིན་པར་མི་རིགས་ཏེ། དབང་པོ་མ་ཚང་པ་ཉིད་དུ་གྱུར་བའི་ཕྱིར་རོ། །འོ་ན་ནི་དབང་པོ་ནི་ཡུལ་ཐམས་ཅད་ལ་ཐུན་མོང་ཡིན་པའི་ཕྱིར་ཐམས་ཅད་ལ་མཚུངས་པ་ཁོ་ནར་འབྲས་བུ་འབྱིན་པར་འགྱུར་ཏེ། ཤེས་པ་ནི་ གང་གི་རྣམ་པ་ཡིན་པ་དེའི་ཡུལ་ཅན་ཁོ་ནར་འགྱུར་རོ། །དེའི་ཕྱིར་དབང་པོ་ནི་ཚད་མ་མ་ཡིན་གྱི། འོན་ཀྱང་ཚད་མ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ནི་མ་ཡིན་ཏེ། དབང་པོ་ནི་འབྲས་བུ་སྐྱེད་པར་བྱེད་པ་ལ་བྱེ་བྲག་མེད་པར་ཁོ་བོ་ཅག་གི་ཕྱོགས་ལ་ཇི་ལྟར་འགྱུར་བ་དེ་བཞིན་དུ་ཁྱེད་ཀྱི་ ལ་ཡང་ཚད་མ་སྐྱེད་པར་བྱེད་པ་ཡིན་པར་བྱེ་བྲག་མེད་པ་ཁོ་ནར་འགྱུར་རོ། །དེ་ཡང་། ཇི་ལྟར་ཚད་མ་ཉིད་ཡིན་པ། །ཐམས་ཅད་ལ་འབྲས་འབྱིན་འགྱུར་བ། །ཚད་མ་སྐྱེད་བྱེད་ཉིད་ལ་ཡང་། །དེ་བཞིན་ཚད་མ་སྐྱེད་བྱེད་འགྱུར། །ཞེས་སྨོས་པའོ་ཞེས་ཟེར་བ་འདི་ལ། དེ་ཡོད་ན་ ཞེས་བྱ་བ་སྨོས་ཏེ། དབང་པོ་ཡོད་ན་ཡང་ཡུལ་ལ་འཇལ་བ་ཉིད་མ་ཡིན་གྱི། ཤེས་པ་ཡོད་ན་དེ་ལ་ངེས་པར་འགྱུར་བ་ཡིན་ནོ། །དེས་ན་ཤེས་པ་ཁོ་ན་སྒྲུབ་པར་བྱེད་པ་དམ་པ་ཡིན་གྱི་དབང་པོ་ནི་མ་ཡིན་ཏེ། བསྐལ་པ་ཡིན་པའི་ཕྱིར་ཁྱབ་ཆེས་པར་འགྱུར་བ་ཡང་མ་ཡིན་ནོ། །ཡང་ ན་ཚད་མ་ནི་རང་ལ་ཡོད་པ་བྱེ་བྲག་ཏུ་གཏོགས་པས་ཡུལ་བྱེ་བྲག་བྱེད་པ་ཡིན་གྱི། དབང་པོས་ནི་མ་ཡིན་ཏེ། དབང་པོ་ལས་འདས་པའི་ཕྱིར་རོ། །ཉེ་བ་ཙམ་གྱིས་ཀྱང་བྱེ་བྲག་ཏུ་བྱེད་པ་མ་ཡིན་ལ། བྱེ་བྲག་ཡོད་དུ་ཟིན་ཀྱང་བྱེ་བྲག་མེད་པར་འགྱུར་རོ། །སྐྱེད་པར་བྱེད་པ་ནི་བྱེ་ བྲག་མ་རྟོགས་པར་ཡང་ཉེ་བ་ཙམ་ལས་ངེས་པར་སྐྱེད་པར་བྱེད་པ་དེ་ལྟར་མཐོང་བའི་ཕྱིར་རོ། །དེས་མཚུངས་པ་མ་ཡིན་ནོ་ཞེ་ན། དེ་ཡོད་ན་ཞེས་བྱ་བ་སྨོས་ཏེ། ཤེས་པ་ཡོད་ན་ཡུལ་ཡོངས་སུ་གཅོད་པ་ཡིན་གྱི་དབང་པོ་ནི་མ་ཡིན་ཏེ། དེར་རྟོགས་པའི་བྱེ་ བྲག་མི་ཤེས་པའི་ཕྱིར་རོ། །ཤེས་པ་ལ་ལྟོས་པ་མེད་པར་ཡང་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དབང་པོ་ཡང་བརྒྱུད་པས་དེ་ཉིད་ལ་བྱ་བ་བྱེད་པའི་ཕྱིར་ཚད་མ་མ་ཡིན་ནམ། དེ་ནི་བདེན་ཏེ། དེ་ཉིད་ཀྱིས་ན་དེའི་ཉེ་བར་བཏགས་པ་ཙམ་ཡིན་པར་བསྟན་པ་ནི། དབང་པོ་ དང་དོན་ཞེས་བྱ་བའོ། །སླུ་བ་མེད་པ་ཅན་ཉིད་ནི་འདོད་པའི་དོན་ལ་མ་འཁྲུལ་པ་ཉིད་ཀྱི་ཤེས་པ་དང་དོན་དག་འབྲེལ་པ་མ་ཡིན་ནམ། དེ་ཡང་འབྲེལ་པ་ཅན་མ་བཟུང་ན་མི་འཛིན་པ་ཡིན་ཏ